Derge Tengyur

- Annotations   ·   No Other Contributors   ·   Out of copyright

[1a] [1b] [1b.1]{T4099}༄༅༅། །རྒྱ་གར་སྐད་དུ། ཨུ་དཱན་བརྒ། བོད་སྐད་དུ། ཆེད་དུ་བརྗོད་པའི་ཚོམས། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་པར་གྱུར་ [1b.2]ཅིག །རྒྱལ་བས་ཆེད་དུ་བརྗོད་གསུངས་པ། །བདག་གིས་རབ་ཏུ་བཤད་པར་བྱ། །གཉིད་དང་རྨུགས་པ་རྣམས་སོལ་ལ། །ཡིད་ལ་དགའ་བ་བསྐྱེད་དེ་ཉོན། །ཐམས་ཅད་མཁྱེན་པ་སྐྱོབ་ [1b.3]པ་པོ། །ཐུབ་པ་ཆེན་པོ་ཐུགས་བརྩེ་བ། །སྐུ་ཡི་ཐ་མ་འཛིན་པའི་ཚེ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ [1b.4]ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །དེ་ལྟར་རབ་ཏུ་འབར་བ་ལ། །ཅི་ཞིག་དགར་ཡོད་མགུར་ཅི་ཡོད། །མུན་པའི་ནང་ཞུགས་གནས་པ་དག ། [1b.5]ཅི་ཕྱིར་སྒྲོན་མ་ཚོལ་མི་བྱེད། །རུས་པ་ཐི་བའི་མདོག་འདྲ་བ། །བོར་བ་གང་ཡིན་འདི་དག་ནི། །ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བ། །དེ་མཐོང་འདི་ལ་ཅི་ཞིག་དགའ། །གང་གི་ནུབ་མོ་ [2a] [2a.1]ཁོ་ན་ནས། །མངལ་དུ་དང་པོར་ཞུགས་པའི་མི། །དེ་ནི་སྡོད་མེད་འགྲོར་འགྱུར་ཞིང་། །སོང་བ་ལས་ཀྱང་ལྡོག་པ་མེད། །སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་ [2a.2]མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དང་། །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་ [2a.3]འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ལ། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། ། [2a.4]འབྲས་བུ་སྨིན་པ་ལྟུང་འགྱུར་བཞིན། །དཔེར་ན་འབྲས་བུ་སྨིན་པ་རྣམས། །ལྷུང་བས་རྟག་ཏུ་འཇིགས་པ་ལྟར། །དེ་བཞིན་སྐྱེས་པར་གྱུར་པའི་མི། །རྟག་ཏུ་འཆི་བས་འཇིགས་པར་འགྱུར། །དཔེར་ན་རྫ་མའི་ [2a.5]མཁན་པོ་ཡིས། །འཇིམ་པ་ལས་ནི་སྣོད་བྱས་པ། །ཐམས་ཅད་ཐ་མར་འཇིག་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ཐགས་ནི་བརྐྱང་བ་ལ། །སྤུན་ནི་གང་དང་གང་བཅུག་པའི། །སྤུན་གྱིས་ [2b] [2b.1]རྟིང་ལ་གཏུགས་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ངེས་པར་གསད་པ་དག །གོམ་པ་གང་དང་གང་བོར་བས། །བསད་སའི་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཆུ་ཀླུང་བྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པ་ཇི་ལྟ་བར། །དེ་བཞིན་ [2b.2]མི་ཡི་ཚེ་འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །དཀའ་བ་ཉིད་དང་ཐུང་བ་དང་། །དེ་ཡང་སྡུག་བསྔལ་ལྡན་པ་དག །མྱུར་བ་ཁོ་ནར་འཇིག་འགྱུར་ཏེ། །ཆུ་ལ་དབྱུ་གུས་བྲིས་པ་བཞིན། །དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས། །ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར། །དེ་ [2b.3]བཞིན་ནད་དང་རྒ་བ་ཡིས། །མི་རྣམས་འཆི་བདག་དྲུང་དུ་སྐྱེལ། །ཆུ་བྲན་གྱི་ནི་ཆུ་ལྟ་བུར། །ཉིན་དང་མཚན་མོ་འདས་པ་ཡིས། །མི་རྣམས་ཚེ་ཡང་ཟད་འགྱུར་ཞིང་། །སྲོག་ཀྱང་ཉེ་བར་འཇིག་པར་འགྱུར། །མེལ་ཚེ་བྱེད་ལ་མཚན་མོ་རིང་། །ལམ་གྱིས་དུ་བ་ལ་རྒྱང་གྲགས་རིང་། ། [2b.4]དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་རྣམས་ལ་འཁོར་བ་རིང་། །བདག་ལ་བུ་ཡོད་དེ་བཞིན་དུ། །ནོར་ཡོད་ཅེས་པས་བྱིས་པ་བརླག །ཕྱི་རོལ་ནང་ན་བདག་མེད་ན། །སུ་ཡི་བུ་ཡིན་ཅི་ཞིག་ནོར། །སྐྱེས་པ་བུད་མེད་རྣམས་ཀྱི་རིགས། །བརྒྱ་དང་སྟོང་ཕྲག་མང་པོ་དང་། །ལོངས་ [2b.5]སྤྱོད་ལེགས་པར་བསྒྲུབས་པ་ཡང་། །འཆི་བདག་དབང་དུ་འགྲོ་བར་འགྱུར། །བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །བསླང་བའི་མཐའ་ནི་འགྱེལ་བར་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །གསོན་མཐའ་འཆི་བ་ཡིན་པས་ན། ། [2b.6]སེམས་ཅན་ཐམས་ཅད་འཆི་འགྱུར་ཞིང་། །དགེ་སྡིག་འབྲས་བུར་ཉེར་འགྲོ་བའི། །ཇི་བཞིན་ལས་ཀྱི་རྗེས་སུ་འབྲང་། །སྡིག་པའི་ལས་ཀྱིས་དམྱལ་བ་དང་། །བསོད་ནམས་བྱས་པས་བདེ་འགྲོ་སྟེ། །གཞན་དག་གིས་ནི་ལམ་བསྒོམས་པས། །ཟག་མེད་མྱ་ངན་འདས་པར་འགྱུར། ། [2b.7]གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ [3a] [3a.1]ཀྱི་གསེབ་ཏུ་ཞུགས་ནའང་མིན། །བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པར་མཁས་པས་རྟོགས་གྱིས་ཏེ། །ཆོས་ལ་གནས་ཀྱིས་ཚངས་པར་སྤྱད་པ་སྤྱོད། །རྒ་བ་མཐོང་ཞིང་ནད་ཀྱི་སྡུག་བསྔལ་དང་། ། [3a.2]སེམས་དང་བྲལ་བའི་ཤི་བ་མཐོང་ནས་ནི། །སྟོན་པས་བཙོན་ར་འདྲ་བའི་ཁྱིམ་སྤངས་ཀྱི། །འཇིག་རྟེན་ཕལ་པས་འདོད་སྤོང་ནུས་རེ་སྐན། །རྒྱལ་པོའི་ཤིང་རྟ་ཤིན་ཏུ་བཀྲ་བའང་འཇིག །དེ་བཞིན་ལུས་ཀྱང་ཉེ་བར་རྒ་བར་འགྱུར། །དམ་པ་རྣམས་ཀྱི་ཆོས་འདི་དམ་པ་སྟེ། །མི་མཆོག་ [3a.3]གཞན་རྟོགས་བྱེད་ཅིང་རྒ་མི་འགྱུར། །རྒ་བ་ཁྱོད་ནི་བླུན་ཞིང་ངན། །ཁྱོད་ནི་མི་རིགས་བྱེད་པ་སྟེ། །ཡིད་དུ་འོང་བའི་གཟུགས་འདི་ཡང་། །ཁྱོད་ཀྱིས་མངོན་པར་བཅོམ་པར་འགྱུར། །གང་ཞིག་ལོ་ནི་བརྒྱར་འཚོ་བ། །དེ་ཡང་འཆི་བདག་ཉིད་ཀྱིས་ཁྲིད། །འདི་དག་དགའ་བར་ [3a.4]འགྱུར་བའམ། །ཡང་ན་ན་བའམ་འཆི་བས་འཇོམས། །རྟག་ཏུ་ལྡོག་པ་མེད་པར་འགྲོ་འགྱུར་ཞིང་། །ཉིན་དང་མཚན་དུ་རབ་ཏུ་འཇིག་པ་དང་། །སྐྱེ་དང་འཆི་བའི་འཇིགས་པ་དང་ལྡན་པ། །ཆུ་ཚན་ནང་དུ་གདུངས་པའི་ཉ་དང་འདྲ། །ཚེ་འདི་ཉིན་དང་མཚན་མོ་དང་། །འགྲོ་བ་དང་ [3a.5]ནི་འདུག་པ་ན། །ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ། །ཕྱིར་མི་ལྡོག་པར་འགྲོ་བར་འགྱུར། །ཆུ་ཆུང་ནང་གི་ཉ་ལྟ་བུར། །གང་ཞིག་ཉིན་མཚན་འདའ་བ་ཡིས། །ཚེ་འདི་ཤིན་ཏུ་ཐུང་འགྱུར་ན། །དེ་ལ་དགའ་བར་བྱར་མི་ཡོད། །གསོན་མཐའ་འཆི་བ་ཡིན་པའི་ཕྱིར། །ལུས་འདི་ཡོངས་སུ་ [3a.6]རྒ་བ་དང་། །ནད་ཀྱི་ཚང་འདི་མྱུར་འཇིག་ཅིང་། །རྣག་གི་ཚོགས་ཀྱང་འཇིག་པར་འགྱུར། །ཀྱེ་མ་ལུས་འདི་མི་ཐོགས་པར། །སྟོང་ཞིང་རྣམ་ཤེས་དང་བྲལ་ན། །དུར་ཁྲོད་བོར་བའི་མགལ་དུམ་ལྟར། །ས་ཡི་སྟེང་དུ་འགྱེལ་བར་འགྱུར། །རྒྱུན་དུ་ནད་ཀྱིས་མངོན་གདུངས་ཤིང་། ། [3a.7]རྟག་ཏུ་མི་གཙང་འཛག་པ་དང་། །རྒ་དང་འཆི་བས་ཚེར་འགྲིབ་པའི། །ལུས་འདི་དོར་བ་ཅིར་མི་རུང་། །མྱུར་དུ་འཇིག་ཅིང་ན་བ་དང་། །རྣག་དང་ལྡན་པའི་ལུས་འདི་ཡིས། །གྲུབ་དང་བདེ་བ་བླ་མེད་པ། །ཞི་མཆོག་དོན་དུ་གཉེར་བར་གྱིས། །དགུན་ཀ་དང་ནི་དཔྱིད་ཀ་དང་། །དབྱར་ [3b] [3b.1]ཀ་འདི་དག་བྱའོ་ཞེས། །བྱིས་པ་རྣམ་པར་སེམས་བྱེད་པས། །བར་ཆད་མཐོང་བར་མ་གྱུར་ཏོ། །བུ་དང་ནོར་ཕྱུགས་འབྱོར་པ་ལ། །མི་ཡི་ཡིད་ནི་རྣམ་ཆགས་པ། །འཆི་བདག་གིས་ནི་བླངས་ནས་འགྲོ། །ཉལ་གྲོང་ཆུ་བོས་བདས་པ་བཞིན། །འཆི་བའི་དུས་ལ་བབ་པ་ན། །བུ་ [3b.2]རྣམས་སྐྱབས་སུ་མི་འགྱུར་ཞིང་། །ཕ་ཡང་མ་ཡིན་གཉེན་འདུན་མིན། །ཁྱོད་ལ་སྐྱབས་སུ་འགྱུར་བ་མེད། །འདི་ནི་བྱ་བ་བྱས་ཟིན་དོན་འདི་བྱ། །དེ་དག་བྱས་ནས་བདག་གིས་འདི་བྱ་ཞེས། །དེ་ལྟར་མི་འདི་ཡོངས་སུ་ཤོམ་པ་ན། །རྒ་དང་ནད་བཅས་འཆི་བས་མངོན་དུ་བཅོམ། ། [3b.3]དེ་ལྟར་རྟག་ཏུ་ཏིང་འཛིན་ལ་དགའ་མཉམ་པར་ཞོག །བརྩོན་པ་བསྐྱེད་ལ་སྐྱེ་དང་རྒ་བའི་མཐའ་མ་ལྟོས། །བདུད་རྣམས་སྡེ་དང་བཅས་པ་མངོན་པར་ཟིལ་གནོན་ལ། །དགེ་སློང་དག་གོ་སྐྱེ་ཤིའི་ཕ་རོལ་འགྲོ་བར་གྱིས། །མི་རྟག་པའི་ཚོམས་ཏེ་དང་པོའོ།། །།ཀུན་རྟོག་ [3b.4]ལས་ནི་འདོད་སྐྱེས་པས། །འདོད་པའི་རྩ་བར་ཤེས་གྱིས་ལ། །ཁྱོད་ནི་ཀུན་རྟོག་མ་བྱེད་དང་། །དེས་ན་ཁྱོད་ལ་འབྱུང་མི་འགྱུར། །འདོད་པ་རྣམས་ལས་མྱ་ངན་སྐྱེ། །འདོད་པ་རྣམས་ལས་འཇིགས་པ་འབྱུང་། །འདོད་པ་དག་ནི་རྣམ་སྤངས་ན། །མྱ་ངན་མེད་ཅིང་འཇིགས་པ་ [3b.5]མེད། །དགའ་བ་རྣམས་ལས་མྱ་ངན་སྐྱེ། །དགའ་བ་རྣམས་ལས་འཇིགས་པ་འབྱུང་། །དགའ་བ་དག་ནི་རྣམ་སྤངས་ན། །མྱ་ངན་མེད་ཅིང་འཇིགས་པ་མེད། །འདོད་དགའི་རྣམ་སྨིན་སྡུག་བསྔལ་དེ། །དང་པོ་མངར་ལ་འབྲས་བུ་ཚ། །མེ་སྒྲོན་ལག་ནས་མ་བོར་བ། །མཇུག་ཏུ་ [3b.6]བྱིས་པ་སྲེག་བྱེད་བཞིན། །ནོར་བུའི་རྣ་ཆ་བུ་དང་བུ་མོ་ལ། །ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན། །ལྕགས་ཤིང་གྲེས་མ་ལས་བྱས་ཆིང་མ་གང་། །དེ་དག་དམ་པོ་མིན་ཞེས་འཕགས་པས་གསུངས། །འདོད་པའི་ཆིང་མ་གང་ཡིན་དེ་ལྷོད་ཀྱང་། །རབ་ཏུ་དགྲོལ་བར་ [3b.7]དཀའ་ཞེས་འཕགས་པས་གསུངས། །བརྟན་རྣམས་འདོད་པའི་བདེ་ལ་མི་ལྟ་བར། །དེ་དག་གཏུབས་ནས་མྱུར་དུ་འགྲོ་བར་བྱེད། །འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི། །སྐྱེས་བུའི་ཀུན་རྟོག་གང་ཡིན་འདོད་པ་ཡིན། །འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ཀྱང་ [4a] [4a.1]ནི། །འོན་ཀྱང་བརྟན་རྣམས་འདི་ལ་འདུན་པ་འདུལ། །མི་རྣམས་ལ་ནི་རྟག་པའི་འདོད་པ་མེད། །འདོད་ཅན་གང་ལ་ཆགས་དེ་མི་རྟག་པས། །ཡང་སྲིད་མེད་ཕྱིར་སེམས་ཀྱིས་རབ་སྤོངས་ལ། །འཆི་བའི་གནས་མི་འགྱུར་བར་བྱོས་ཞེས་གསུངས། ། [4a.2]འདུན་པ་སྐྱེས་ཤིང་ཟད་པར་མི་བྱེད་དམ། །སེམས་ལ་སྐྱོན་མེད་པ་དང་དྲན་པ་དང་། །འདོད་པ་རྣམས་ལ་སོ་སོར་མ་ཆགས་གང་། །དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུངས། །མགར་བ་ཡིས་ནི་དངུལ་བཞིན་དུ། །བློ་གྲོས་ལྡན་པས་རིམ་པ་བཞིན། །སྐད་ཅིག་སྐད་ཅིག་ཅུང་ཟད་ཙམ། ། [4a.3]རང་གི་དྲི་མ་བསལ་བར་བྱ། །ལྷམ་མཁན་གྱིས་ནི་ཀོ་བ་དང་། །ཡོངས་སུ་སྦྱངས་ནས་ལྷམ་བྱེད་ལྟར། །འདོད་པ་གང་དང་གང་སྤངས་པ། །དེ་དེ་བདེ་བ་ཕུན་སུམ་ལྡན། །གལ་ཏེ་བདེ་བ་ཀུན་འདོད་ན། །འདོད་པ་ཐམས་ཅད་ཡོངས་སུ་སྤོངས། །འདོད་པ་ཐམས་ཅད་ཡོངས་ [4a.4]སྤངས་པས། །མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཇི་སྲིད་འདོད་པའི་རྗེས་འབྲང་བ། །དེ་སྲིད་བར་དུ་ངོམས་མི་འགྱུར། །དེ་ལས་གང་དག་ཤེས་རབ་ཀྱིས། །ལྡོག་བྱེད་དེ་དག་ཚིམ་པ་ཐོབ། །འདོད་པས་ངོམས་པར་མི་འགྱུར་བས། །ཤེས་རབ་ཀྱིས་ནི་ངོམས་པ་བསྐྱེད། ། [4a.5]ཤེས་རབ་ཀྱིས་ནི་ངོམས་པའི་མི། །སྲིད་པའི་དབང་དུ་མི་འགྱུར་རོ། །འདོད་ལ་ཆགས་པའི་མི་གང་ཡིན། །དེ་དག་ཀྱེ་མ་ཆོས་མིན་དགའ། །ཅུང་ཟད་གསོན་པོར་འདུག་པ་ན། །བར་ཆད་མཐོང་བར་མི་འགྱུར་རོ། །བློ་ངན་ལོངས་སྤྱོད་ཀྱིས་བཅོམ་པ། །ཕ་རོལ་ཚོལ་བར་མི་ [4a.6]བྱེད་ཅིང་། །བསམ་བརླག་འདོད་ལ་སྲེད་པ་ཡིས། །བདག་དང་གཞན་ཡང་ཕུང་བར་བྱེད། །ཀཱར་ཥཱ་པ་ཎའི་ཆར་བབ་ཀྱང་། །འདོད་པ་རྣམས་ཀྱིས་ངོམས་མི་འགྱུར། །འདོད་པ་མནོག་ཆུང་ཉེས་མང་བར། །མཁས་པ་རྣམས་ཀྱིས་ཁོང་དུ་ཆུད། །ལྷ་ཡི་འདོད་པ་རྣམས་ [4a.7]ལ་ཡང་། །ལྷག་པར་དགའ་བར་མི་འགྱུར་གྱི། །རྫོགས་སངས་རྒྱས་དང་ཉན་ཐོས་རྣམས། །སྲེད་པ་ཟད་པས་དགྱེས་པར་འགྱུར། །གངས་ཅན་དང་ནི་མཉམ་པ་ཡི། །གསེར་གྱི་རི་བོ་ཡོད་གྱུར་ཀྱང་། །ནོར་དེས་གཅིག་ཀྱང་མི་ཚིམ་པར། །རྟོགས་པར་གྱིས་ལ་ལེགས་པར་ [4b] [4b.1]སྤྱོད། །གང་དག་སྡུག་བསྔལ་དེ་ཡི་རྒྱུར་ཤེས་པ། །དེ་དག་ནམ་ཡང་འདོད་ལ་དགའ་མི་འགྱུར། །འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་ཤེས་ནས། །དེ་དག་གདུལ་ཕྱིར་བསྟན་པ་སློབ་པར་བྱེད། །འདོད་པའི་ཚོམས་ཏེ་གཉིས་པའོ།། །།ལུས་ཅན་རྣམ་པར་རྟོག་པས་ [4b.2]རབ་བཅོམ་ནས། །འདོད་ཆགས་མི་བཟད་གཙང་བར་རྗེས་ལྟ་བས། །འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་འགྱུར་ཏེ། །རང་གི་འཆིང་བ་དེ་ཡིས་དམ་པོར་བྱེད། །གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང་། །མི་སྡུག་སྒོམ་པ་རྟག་ཏུ་དྲན་བྱེད་དེ། །དེ་ཡི་སྲེད་པ་རབ་ཏུ་ [4b.3]སྤངས་པ་ཡིས། །རང་གི་འཆིང་བ་དེ་དག་འདྲུལ་བར་བྱེད། །འདོད་པ་མུན་ནག་དྲ་བས་གཡོགས། །སྲེད་པའི་དགབ་པས་བཀབ་པ་དང་། །བག་མེད་འཆིང་བས་བཅིངས་པ་དག །ཚེད་མར་ཆུད་པའི་ཉ་དང་འདྲ། །སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ། །འཁྲི་ཤིང་ [4b.4]བཞིན་དུ་སྲེད་པ་འཕེལ་འགྱུར་ཞིང་། །རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ། །མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ། །མི་དག་དྲན་པར་བྱེད་དང་ཆགས་བྱེད་དང་། །ཡིད་བདེ་བ་ལ་རྟོག་པར་བྱེད་པ་དག །དེ་ཡིས་ཡང་དང་ཡང་དུ་འཁོར་བར་འཁྱམ། །ཚལ་ནང་འབྲས་བུ་འདོད་ [4b.5]པའི་སྤྲེའུ་དང་མཚུངས། །མི་གང་རྟག་ཏུ་བདེ་བར་འདོད་བྱེད་པ། །སྐྱེ་དང་རྒ་བར་ཉེ་བར་འགྲོ་འགྱུར་ཞིང་། །སྐྱེ་དགུ་སྲེད་པ་རྣམས་ཀྱིས་མདུན་དུ་བདར། །རྒྱ་ནང་རི་བོང་ཡོངས་སུ་རྒྱུག་པ་བཞིན། །སྲེད་པ་རྣམས་ཀྱིས་འདུད་པའི་སེམས་ཅན་དག །སྲིད་དང་སྲིད་མིན་དག་ལ་སེམས་ [4b.6]ཆགས་ཤིང་། །ཀུན་སྦྱོར་རོ་ལ་དགའ་བའི་བྱིས་པ་རྣམས། །ཡང་དང་ཡང་དུ་སྡུག་བསྔལ་ཐོབ་པར་འགྱུར། །སྐྱེ་བོ་གྲུབ་དང་བདེ་བ་དང་བྲལ་ཞིང་། །བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ། །རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ། །མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ། ། [4b.7]འདི་ན་སྲེད་པ་དེ་འདྲ་སྤོང་བྱེད་པ། །སྲིད་དང་སྲིད་མིན་དག་ལ་སྲེད་བྲལ་ཞིང་། །དགེ་སློང་སྲིད་པ་ཟིལ་གྱིས་གནོན་བྱེད་པ། །ལྷག་མ་མེད་པར་ཡོངས་སུ་མྱ་ངན་འདའ། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲེད་པའི་བུད་མེད་འདིས་བཀོལ་བ། །དེ་ཡི་མྱ་ངན་འཕེལ་འགྱུར་ཏེ། ། [5a] [5a.1]རྩྭ་ལ་ཆར་པ་བབ་པ་བཞིན། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲེད་པའི་བུད་མེད་འདི་སྤོང་བ། །དེ་ཡི་མྱ་ངན་ལྡོག་འགྱུར་ཏེ། །པདྨ་ལས་ནི་ཆུ་ཐིགས་བཞིན། །དེ་ཕྱིར་ཇི་སྙེད་འདིར་ལྷགས་པ། །ཁྱེད་ལ་སྨྲ་ཡིས་ཁྱེད་བདེ་ཤོག །ཨུ་ཤིར་ [5a.2]ཕྱིར་ནི་རྩྭ་བཞིན་དུ། །སྲེད་པ་རྩར་བཅས་དྲུངས་ནས་ཕྱུང་། །སྐྱེས་བུ་སྲེད་པ་དང་འགྲོགས་ན། །ཡུན་རིངས་དུས་སུ་འཁྱམ་འགྱུར་བས། །སྲེད་པ་དྲུངས་ནས་ཕྱུང་ཤིག་དང་། །མྱ་ངན་མེད་ཅིང་འཇིགས་པ་མེད། །ཡང་དང་ཡང་དུ་ཉེར་ལེན་ཅིང་། །ཡང་དང་ཡང་དུ་ [5a.3]མངལ་དུ་འཇུག །གནས་སྐབས་འགྱུར་དང་གཞན་འགྱུར་བས། །སེམས་ཅན་འོང་དང་འགྲོ་བར་བྱེད། །འདིར་ནི་སྤང་དཀའི་སྲེད་པ་དེ། །སྤོངས་ལ་ས་བོན་ཆོད་ཅིག་དང་། །དེ་ལ་སྲེད་པ་མེད་འགྱུར་ཞིང་། །དེ་ནི་ཡང་དུ་འཁོར་མི་འགྱུར། །དལ་འབྱོར་ཆུད་ནི་མ་ [5a.4]གཟན་པར། །གང་གིས་ལྷ་དང་མི་རྣམས་སུ། །དོན་གཉེར་བཅིངས་ནས་འཇོག་བྱེད་པ། །ཡུལ་ལ་སྲེད་པ་དེ་ལས་རྒོལ། །སེམས་ཅན་དམྱལ་བར་སྐྱེས་ན་ཡང་། །དལ་འབྱོར་ཐལ་བས་འགྱོད་པར་འོང་། །གང་ཚེ་སྲིད་མཚོའི་རྒྱུར་འགྱུར་བ། །ཡུལ་ལ་སྲེད་པ་འབྲས་ཀྱི་ [5a.5]གཞི། །འཁྲི་ཤིང་དྲ་བས་ཁེབས་བྱེད་པ། །གདུང་བར་བྱེད་པ་མ་བཏུལ་ན། །སྡུག་བསྔལ་འདི་ནི་ཡང་དང་ཡང་། །རྣམ་པ་ཀུན་དུ་ལྡོག་མི་འགྱུར། །དཔེར་ན་ལྗོན་ཤིང་རྩད་ནས་མ་བཏོན་ན། །བཅད་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད། །དེ་བཞིན་སྲེད་པའི་ཕྲ་རྒྱས་མ་བཏོན་ [5a.6]ན། །ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག །དཔེར་ན་བདག་ཉིད་ཀྱིས་ནི་བྱས་པའི་མཚོན། །དེ་ཡིས་རྐུན་པོའི་མཐུ་ཡིས་བདག་གསོད་ལྟར། །དེ་བཞིན་ནང་གི་སེམས་ལས་བྱུང་བ་ཡི། །སྲེད་པས་ལུས་ཅན་ཉེ་བར་གསོད་པར་བྱེད། །དེ་ལྟར་སྲེད་ལས་སྡུག་བསྔལ་ [5a.7]དག །འབྱུང་བའི་ཉེས་དམིགས་ཤེས་གྱིས་ཏེ། །སྲེད་སྤོངས་ཉེ་བར་ལེན་མེད་དང་། །དྲན་ལྡན་དགེ་སློང་ཀུན་དུ་རྒྱུས། །སྲེད་པའི་ཚོམས་ཏེ་གསུམ་པའོ།། །།བག་ཡོད་འཆི་མེད་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ [5b] [5b.1]ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །དེ་ཡི་ཁྱད་པར་དེ་རིག་པས། །མཁས་པ་རྣམས་ནི་བག་དང་ལྡན། །བག་ཡོད་པ་ལ་རབ་དགའ་བ། །འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན། །དེ་ལ་རྒྱུན་དུ་སྒོམ་པ་དང་། །རྟག་ཏུ་ཕ་རོལ་གནོན་བརྟན་པའི། །བརྟན་པས་གྲུབ་བདེ་ [5b.2]བླ་མེད་པའི། །མྱ་ངན་འདས་ལ་རེག་པ་ཡིན། །གང་ཚེ་མཁས་པས་བག་ཡོད་པས། །བག་མེད་བཅོམ་པ་དེ་ཡི་ཚེ། །ཤེས་རབ་ཁང་བཟངས་སྟེང་འཛེགས་ནས། །མྱ་ངན་མེད་པས་གདུང་བཅས་དང་། །བརྟན་རྣམས་རི་བོའི་སྤོ་དག་ལ། །ས་སྟེངས་བྱིས་པ་རྣམས་ལ་ [5b.3]ལྟ། །བརྩོན་འགྲུས་དང་ནི་བག་ཡོད་དང་། །ཡང་དག་སྡོམ་དང་དུལ་བ་ཡིས། །མཁས་པས་གླིང་དུ་བྱས་ནས་ནི། །ཆུ་བོ་ཆེན་པོ་མངོན་དུ་བཟློག །བརྩོན་འགྲུས་ལྡན་ཞིང་དྲན་དང་ལྡན་པ་དང་། །སྤྱོད་པ་གཙང་ཞིང་བརྟགས་ནས་བྱེད་པ་དང་། །ཡང་དག་སྡོམ་དང་ [5b.4]ཆོས་ཀྱིས་འཚོ་བ་དང་། །བག་ཡོད་རྣམས་ཀྱི་གྲགས་པ་མངོན་པར་འཕེལ། །ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །དམན་པའི་ཆོས་ལ་མི་རྟེན་ཅིང་། །བག་མེད་ [5b.5]པ་ལ་བརྟན་མི་བྱ། །ལོག་པར་ལྟ་ལ་འདོད་མེད་དང་། །འཇིག་རྟེན་འཕེལ་བར་མི་བྱའོ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །བག་མེད་པ་ལ་སྦྱོར་བྱེད་པ། །སྐྱེ་བོ་བྱིས་པ་བསམ་ [5b.6]བརླག་ཡིན། །ཚོང་དཔོན་ནོར་རྣམས་སྲུང་བ་ལྟར། །མཁས་པས་བག་དང་ལྡན་པར་བྱ། །བག་མེད་པ་ལ་མི་སྦྱོར་ཞིང་། །འདོད་ལ་དགའ་བ་མི་སྩོགས་དང་། །རྟག་ཏུ་བག་ཡོད་སེམས་བྱེད་པ། །ཟག་པ་ཟད་པ་ཐོབ་པར་འགྱུར། །ཟག་པ་ཟད་པ་མ་ཐོབ་ཀྱང་། །དུས་འདིར་ [5b.7]བག་མེད་མི་བྱ་སྟེ། །རི་དྭགས་མ་ཡིས་སེང་གེ་ལྟར། །བག་མེད་པ་དག་བསད་པར་འགྱུར། །བག་མེད་ཕ་རོལ་བུད་མེད་སྟེན་བྱེད་པའི། །མི་གང་ཡིན་ལ་གནས་སྐབས་འདི་བཞི་འབྱུང་། །བསོད་ནམས་མི་ཐོབ་བདེ་བར་མི་ཉལ་དང་། །གསུམ་པ་སྨད་འགྱུར་བཞི་པ་དམྱལ་བར་འགྱུར། ། [6a] [6a.1]བསོད་ནམས་མ་ཐོབ་སྡིག་པའི་འགྲོ་བ་དང་། །འཇིགས་དང་བག་ཚ་ལྷན་ཅིག་བདེ་བ་ཆུང་། །རྒྱལ་པོའི་ཆད་པ་ཆེན་པོས་གཅོད་འགྱུར་ཞིང་། །ལུས་ཞིག་སེམས་ཅན་དམྱལ་བ་རྣམས་སུ་འཚེད། །གང་ཞིག་བདག་བདེ་ལྟ་འདོད་པ། །དེས་ནི་གོང་མ་བཞིན་དུ་ [6a.2]བྱ། །བྱིས་པའི་ཤིང་རྟ་བཞིན་འགྱུར་བས། །བརྟན་པས་བརྩོན་འགྲུས་ཞན་མི་བྱ། །དཔེར་ན་བྱིས་པའི་ཤིང་རྟ་དག །ལམ་ཆེན་བཟང་པོ་བོར་ནས་སུ། །ལམ་ངན་དག་ཏུ་འགྲོ་བྱེད་པས། །མིག་ཆགས་སེམས་ཁོང་ཆུད་པ་ལྟར། །དེ་བཞིན་ཆོས་ནི་སྤངས་ནས་ཀྱང་། ། [6a.3]ཆོས་མིན་རྗེས་སུ་འཇུག་བྱེད་པའི། །བྱིས་པ་འཆི་བདག་དབང་འགྲོ་ཞིང་། །མིག་ཆགས་བཞིན་དུ་བཅོམ་པ་འཐོབ། །གང་ཞིག་བྱ་བ་རྣམས་སྤངས་ནས། །མི་བྱ་བ་དག་བྱེད་པ་དང་། །བག་མེད་པ་ཡིས་རློམ་བྱེད་པ། །དེ་དག་རྣམས་ཀྱི་ཟག་པ་འཕེལ། །གང་གིས་ཟག་པ་ [6a.4]འཕེལ་འགྱུར་བ། །དེ་ཡི་ཟག་མེད་རྒྱང་མ་ན། །གང་ཞིག་ལུས་གཏོགས་དྲན་པ་དག །རྟག་ཏུ་ལེགས་པར་བརྩམས་པ་དང་། །བྱ་བ་མ་ཡིན་མི་བྱེད་ཅིང་། །རྒྱུན་དུ་བྱ་བ་བྱེད་པ་དང་། །དྲན་དང་ཤེས་བཞིན་ལྡན་པ་དེའི། །ཟག་པ་རྣམས་ནི་ཟད་པར་འགྱུར། །གང་གི་ཟག་པ་ [6a.5]ཟད་གྱུར་པ། །དེས་ནི་ཟག་མེད་ཐོབ་པར་འགྱུར། །ཇི་ཙམ་མང་དུ་སྨྲ་བྱེད་པ། །དེ་དག་དམ་ཆོས་འཛིན་མ་ཡིན། །གང་དག་འདི་ན་ཐོས་ཉུང་ཡང་། །ལུས་ཀྱིས་ཆོས་དག་མངོན་སུམ་བྱས། །གང་དག་ཆོས་ལ་བག་བྱེད་པ། །དེ་དག་དམ་ཆོས་འཛིན་པ་ཡིན། །གལ་ཏེ་རིགས་ [6a.6]བཅས་མང་དུ་སྨྲས་ཀྱང་ནི། །བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར། །དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲངས་ལྟར། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་མ་ཡིན། །གལ་ཏེ་རིགས་བཅས་ཉུང་དུ་སྨྲ་བྱེད་ཀྱང་། །ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དང་། །འདོད་ཆགས་ཞེ་སྡང་ [6a.7]གཏི་མུག་སྤོང་བྱེད་པ། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན། །བག་ཡོད་བསྔགས་པ་རྗོད་བྱེད་ཅིང་། །རྟག་ཏུ་བག་མེད་ལ་སྨོད་པས། །བག་ཡོད་མཆོད་སྦྱིན་བརྒྱ་པ་ཡང་། །ལྷ་རྣམས་ནང་ན་གཙོ་བོར་གྱུར། །བྱ་བ་བྱས་རུང་མ་བྱས་རུང་། །མཁས་པ་བག་ཡོད་བསྔགས་པ་ [6b] [6b.1]བརྗོད། །བག་དང་བཅས་པའི་མཁས་པ་ཡིས། །དོན་གཉིས་རབ་ཏུ་ལེན་པར་བྱེད། །ཚེ་འདིའི་དོན་ནི་གང་ཡིན་དང་། །ཕྱི་མའི་དོན་ནི་གང་ཡིན་པ། །དེ་དག་བརྟན་པས་རྟོགས་པས་ན། །མཁས་པ་ཞེས་ནི་བརྗོད་པ་ཡིན། །དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་ [6b.2]པ་ལ་འཇིགས་ལྟ་བས། །བདག་ཉིད་ངན་འགྲོ་ལས་འདྲེན་ཏེ། །འདམ་རྫབ་ལས་ནི་གླང་ཆེན་བཞིན། །དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་པ་ལ་འཇིགས་ལྟ་བས། །སྡིག་པའི་ཆོས་རྣམས་སྤྲུལ་པར་བྱེད། །རླུང་གིས་ལྗོན་ཤིང་ལོ་མ་བཞིན། །དགེ་སློང་བག་ [6b.3]ཡོད་ལ་དགའ་ཞིང་། །བག་མེད་པ་ལ་འཇིགས་ལྟ་བས། །ཀུན་དུ་སྦྱོར་བ་ཕྲ་སྦོམ་དག །མེ་ཡིས་བསྲེགས་པ་བཞིན་དུ་འགྲོ། །དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་པ་ལ་འཇིགས་ལྟ་བས། །ཀུན་དུ་སྦྱོར་བ་ཀུན་ཟད་པ། །རིམ་གྱིས་ཉམས་སུ་མྱོང་བར་འགྱུར། ། [6b.4]དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་པ་ལ་འཇིགས་ལྟ་བས། །འདུ་བྱེད་ཉེར་ཞི་ཞི་བ་ཡི། །ཞི་བའི་གོ་འཕང་སོ་སོར་རྟོགས། །དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་པ་ལ་འཇིགས་ལྟ་བ། །མྱ་ངན་འདས་དང་ཉེ་བའི་ཕྱིར། །ཡོངས་སུ་ཉམས་ [6b.5]འགྱུར་མི་སྲིད་དོ། །བརྩོན་འགྲུས་ལྡན་ཞིང་བག་ཡོད་དང་། །ཆོས་སྤྱོད་ལེགས་པར་སྤྱོད་བྱེད་པ། །འཇིག་རྟེན་འདི་དང་ཕ་རོལ་དུ། །ཆོས་སྤྱད་པ་ཡིས་བདེ་བ་ཐོབ། །ཞི་ཕྱིར་བསླབ་པ་ལ་བརྟེན་དང་། །རྩོལ་བ་དང་ནི་བརྩོན་འགྲུས་སྐྱེད། །མི་དྲན་པ་དང་བག་མེད་དང་། ། [6b.6]བརྩོན་འགྲུས་ཆུང་དང་ཀུན་སྡོམ་མེད། །གཉིད་དང་སྙོམ་དང་གཡེང་བ་སྟེ། །འདི་དག་བསླབ་པའི་བར་ཆད་པས། །ཁྱེད་ཀྱིས་ཡན་ལག་དེ་རྟོགས་ལ། །དྲན་པ་ཆུད་ནི་མ་གཟན་ཅིག །དགེ་སློང་ཚུལ་ཁྲིམས་བཟང་བ་དང་། །བག་ཡོད་པ་ལ་དགའ་བ་ཡིས། །ཀུན་རྟོག་ [6b.7]ལེགས་པར་མཉམ་ཞོག་སྟེ། །རང་གི་སེམས་ནི་རྗེས་སུ་སྲུངས། །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་དང་ལྡན་པར་ [7a] [7a.1]སྤྱོད་བྱེད་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །བག་ཡོད་པའི་ཚེམས་ཏེ་བཞི་པའོ།། །།སྡུག་པ་རྣམས་ལས་མྱ་ངན་སྐྱེ། །སྡུག་པ་རྣམས་ལས་འཇིགས་པ་སྐྱེ། །སྡུག་པ་དག་ནི་རྣམ་སྤངས་ན། ། [7a.2]མྱ་ངན་མེད་ཅིང་འཇིགས་པ་མེད། །སྡུག་གུ་མ་ལས་མྱ་ངན་སྐྱེ། །སྡུག་ལས་སྡུག་བསྔལ་སྡུག་ལས་འཇིགས། །སྡུག་གུ་མ་དག་གཞན་གྱུར་ན། །ཡི་མུག་འགྱུར་བ་ཐོབ་པར་བྱེད། །འཇིག་རྟེན་སྡུག་བསྔལ་རྣམ་པ་དུ་མ་དང་། །མྱ་ངན་སྨྲེ་སྔགས་འདོན་པ་ཇི་སྙེད་པ། །དེ་དག་ [7a.3]སྡུག་པ་དག་ལས་རྟེན་ཏེ་འབྱུང་། །སྡུག་པ་སྤངས་ན་དེ་དག་ཡོད་མི་འགྱུར། །གང་ཕྱིར་འཇིག་རྟེན་འགའ་ནའང་སྡུག་མེད་པ། །གང་ཡིན་དེ་དག་བདེ་ཞིང་མྱ་ངན་མེད། །དེ་བས་གདུང་མེད་རྡུལ་བྲལ་དོན་གཉེར་བས། །ནམ་ཡང་སྡུག་པར་བྱེད་པ་མི་བྱའོ། །སྡུག་པ་མ་མཐོང་སྡུག་ [7a.4]བསྔལ་ལ། །མི་སྡུག་མཐོང་ནའང་དེ་བཞིན་པས། །ནམ་ཡང་སྡུག་དང་ཕྲད་མི་བྱ། །མི་སྡུག་དང་ཡང་ཕྲད་མི་བྱ། །སྡུག་པ་དང་ནི་བྱེ་བྲལ་དང་། །མི་སྡུག་པ་དང་ཕྲད་པ་ཡིས། །གང་གིས་མི་དག་རྒས་བྱེད་པའི། །མྱ་ངན་མི་བཟད་སྐྱེ་བར་འགྱུར། །སྡུག་པ་ཤི་བར་གྱུར་པ་ན། །གཉེན་ [7a.5]འདུན་མཛའ་བཤེས་མང་པོ་དག །ཡུན་རིངས་དུས་སུ་མྱ་ངན་དང་། །སྡུག་དང་བྲལ་བས་སྡུག་བསྔལ་འགྱུར། །གང་ལ་སྡུག་དང་སྡུག་མིན་མེད། །དེ་ལ་མདུད་པ་ཡོད་མིན་པས། །དེ་ལྟས་སྡུག་ཉིད་སྡིག་ཅན་ལ། །སྡུག་པར་བྱེད་པ་མི་བྱའོ། །སྡུག་ལ་བལྟས་ཏེ་དོན་བཏང་ [7a.6]ནས། །བདེ་སྦྱོར་རྣམས་ལ་མི་འཇུག་ཅིང་། །བདག་ཉིད་མི་བདེའི་སྦྱོར་ལྡན་དག །བདེ་སྦྱོར་དོན་ལྡན་རྣམས་ལ་སྨོན། །གཟུགས་སྡུག་བདེ་བས་བསྡམས་པ་དག །ལྷ་མི་སོ་སོའི་རིས་དག་ཏུ། །སྡིག་པ་བྱེད་ཅིང་ཡོངས་ཉམས་ནས། །རྒ་དང་འཆི་བའི་དབང་དུ་འགྲོ། །གང་ [7a.7]ཞིག་ཉིན་དང་མཚན་རྣམས་སུ། །བག་ཡོད་གཟུགས་སྡུག་སྤོང་བྱེད་པ། །དེས་ནི་སྤང་དཀའ་བདུད་ཟས་དང་། །སྡིག་པའི་རྩ་བའང་དྲུངས་ནས་ཕྱུང་། །ལེགས་མིན་ལེགས་པའི་ཚུལ་དང་ནི། །སྡུག་མིན་སྡུག་པའི་ཚུལ་གྱིས་དང་། །སྡུག་བསྔལ་བདེ་བའི་ཚུལ་གྱིས་སུ། །བག་ [7b] [7b.1]མེད་རྣམས་ནི་མངོན་དུ་འཇོམས། །གལ་ཏེ་བདག་ལ་དགའ་བྱེད་ན། །ཉེས་པར་བྱེད་པས་བདེ་བ་དག །བདེ་བླག་ཁོ་ནར་མི་འཐོབ་པས། །འདི་ནི་སྡིག་ལ་གཞུག་མི་བྱ། །གལ་ཏེ་བདག་ལ་དགའ་བྱེད་ན། །ལེགས་པར་བྱེད་པས་བདེ་བ་དག །བདེ་བླག་ཁོ་ནར་ཐོབ་འགྱུར་བས། ། [7b.2]འདི་ནི་སྡིག་ལ་གཞུག་མི་བྱ། །དཔེར་ན་དགོན་པའི་གྲོང་ཁྱེར་དག །བརྟན་པའི་འོབས་ཀྱིས་བསྐོར་བ་དག །གལ་ཏེ་བདག་ལ་དགའ་བྱེད་ན། །འདི་ནི་བསྲུང་བས་ལེགས་པར་བསྲུང་། །གལ་ཏེ་བདག་ལ་དགའ་བྱེད་ན། །ཐུན་གསུམ་གང་ཡང་རུང་བ་ལ། །མཁས་པས་ [7b.3]མེལ་ཚེ་བྱ་བ་ཡིས། །འདི་ནི་སྦ་བས་ལེགས་པར་སྦ། །དཔེར་ན་དགོན་པའི་གྲོང་ཁྱེར་དག །ཕྱི་ནང་སྲུང་བར་བྱེད་པ་ལྟར། །དལ་འབྱོར་ཆུད་ནི་མི་ཟོས་པ། །དེ་ལྟར་བདག་ནི་བསྲུང་བར་བྱ། །སེམས་ཅན་དམྱལ་བར་སྐྱེས་ན་ཡང་། །དལ་འབྱོར་ཐལ་བས་འགྱོད་པར་ [7b.4]འོང་། །ཕྱོགས་རྣམས་ཀུན་དུ་སེམས་ཀྱིས་ཡོངས་བརྟགས་ཀྱང་། །བདག་ལས་ཆེས་སྡུག་འགའ་ཡང་མ་མཐོང་བ། །དེ་ལྟར་སོ་སོར་གཞན་ལའང་རང་སྡུག་པས། །དེ་ཕྱིར་བདག་དགས་གཞན་ལ་གནོད་མི་བྱ། །ཐམས་ཅད་ལ་ཡང་སྲོག་ནི་སྡུག །ཐམས་ཅད་ཆད་པས་ [7b.5]འཇིགས་པ་ན། །རང་གི་ཉམས་ལས་དཔག་གྱིས་ཏེ། །བརྡེག་པར་མི་བྱ་གསད་མི་བྱ། །རྒྱང་ཐག་བཅད་པར་སྤྱུགས་པའི་མི། །རིང་ནས་ཉེ་ཞོ་མེད་འོངས་ནས། །གཉེན་བཤེས་མཛའ་བོ་ལྷགས་ནས་སུ། །ཨ་ལ་ལ་ཞེས་མངོན་པར་དགའ། །དེ་བཞིན་བསོད་ནམས་བྱས་ [7b.6]པའི་མི། །འཇིག་རྟེན་འདི་ནས་ཕ་རོལ་དུ། །ཕྱིན་ཚེ་གཉེན་བཞིན་བསོད་ནམས་དག །འོངས་ནས་མངོན་པར་དགའ་བར་བྱེད། །དེ་བས་འཇིག་རྟེན་ཕ་རོལ་གྱི། །ཆེད་དུ་བསོད་ནམས་བསགས་པར་གྱིས། །བསོད་ནམས་འཇིག་རྟེན་ཕ་རོལ་དུ། །ལུས་ཅན་རྣམས་ཀྱི་ [7b.7]གནས་སུ་འགྱུར། །གང་ཞིག་ལེགས་སྤྱད་སྤྱོད་བྱེད་པའི། །དགེ་ལ་ལྷ་རྣམས་སྟོད་པར་བྱེད། །འདི་ནའང་སྨད་པར་མི་འགྱུར་ལ། །མཐོ་རིས་སུ་ཡང་དགའ་བ་འཐོབ། །ཆོས་གནས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ངོ་ཚ་ཤེས་ཤིང་བདེན་པར་སྨྲ། །རང་གི་བྱ་བ་བྱེད་ [8a] [8a.1]པ་ལ། །སྐྱེ་བོ་གཞན་རྣམས་དགའ་བར་བྱེད། །རང་གི་དོན་ནི་བྱེད་པ་ལ། །འདི་ལྟར་གཞན་རྣམས་དགའ་འགྱུར་ཞིང་། །མཐོང་བའི་ཆོས་ལ་བསྔགས་པ་དང་། །ཕ་རོལ་དུ་ཡང་བདེ་འགྲོར་འགྱུར། །གཏམ་ན་གནང་བའི་ཚིག་སྨྲ་དང་། །མི་རིགས་སྤྱོད་ [8a.2]ལས་བཟློག་པ་ལ། །དམ་པ་རྣམས་ནི་དགའ་བར་བྱེད། །དམ་པ་མ་ཡིན་དགའ་མི་འགྱུར། །དེ་བས་མཆོག་དང་མཆོག་མིན་པ། །ཤི་འཕོས་བྲལ་བར་གྱུར་པ་ན། །དམ་པ་མ་ཡིན་དམྱལ་བར་འགྲོ། །དམ་པ་མཐོ་རིས་འགྲོ་བར་འགྱུར། །སྡུག་པའི་ཚོམས་ཏེ་ལྔ་བའོ།། །། [8a.3]བསྔགས་པར་འགྱུར་དང་ནོར་འཐོབ་དང་། །ཕ་རོལ་བདེ་འགྲོར་དགའ་འགྱུར་བའི། །བདེ་བ་གསུམ་པོ་དོན་གཉེར་བའི། །མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ། །འཕགས་དང་མཐོང་བ་ཕུན་ཚོགས་དང་། །འཇིག་རྟེན་ཞི་བ་རྟེན་འགྱུར་བའི། །གནས་གཞན་འདི་དག་མཐོང་ [8a.4]བ་ཡི། །མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ། །ལུས་ལ་ཡོངས་སུ་གདུང་མེད་པར། །ཚུལ་ཁྲིམས་ཀྱིས་ནི་བདེ་བ་འཐོབ། །མཚན་མོ་བདེ་བར་ཉལ་བ་དང་། །སད་པ་ན་ཡང་དགའ་བར་འགྱུར། །སྦྱིན་པ་ཚུལ་ཁྲིམས་ལྡན་པ་དག །མཁས་པས་བྱས་པའི་བསོད་ [8a.5]ནམས་ཀྱིས། །འདི་དང་ཕ་རོལ་དག་ཏུ་ཡང་། །རྟག་ཏུ་བདེ་བ་འཐོབ་པར་འགྱུར། །རྒན་པའི་བར་ལ་ཚུལ་ཁྲིམས་དགེ། །དད་ལ་རབ་ཏུ་གནས་ན་ལེགས། །མི་ཡི་རིན་ཆེན་ཤེས་རབ་སྟེ། །བསོད་ནམས་ཆོམ་པོས་དབྲོག་པར་དཀའ། །དགེ་སློང་ཚུལ་ཁྲིམས་ལ་གནས་ [8a.6]ཤིང་། །དབང་པོ་རྣམས་ཀྱང་བསྡམས་པ་དང་། །ཟས་ཀྱི་ཚོད་ནི་རིག་པ་དང་། །མི་ཉལ་བ་ལ་འབད་པ་སྟེ། །དེ་ལྟར་གནས་པར་བརྩོན་པ་དང་། །ཉིན་མཚན་སྙོམ་ལས་མི་བྱེད་པ། །མྱ་ངན་འདས་དང་ཉེ་བའི་ཕྱིར། །ཡོངས་སུ་ཉམས་འགྱུར་མི་སྲིད་དོ། །མི་ནི་ཚུལ་ཁྲིམས་ [8a.7]ལ་གནས་ནས། །སེམས་དང་ཤེས་རབ་སྒོམ་པ་ལ། །བརྩོན་ཞིང་ངེས་གནས་དགེ་སློང་གིས། །སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། །དེ་ཕྱིར་རྟག་ཏུ་ཚུལ་ཁྲིམས་དང་། །ཏིང་འཛིན་རྗེས་སུ་བསྲུང་བ་དང་། །ལྷག་མཐོང་ལ་ནི་བསླབ་པ་དང་། །ཤེས་བཞིན་སོ་སོར་དྲན་པར་ [8b] [8b.1]བྱ། །དེས་ནི་ཀུན་སྦྱོར་ཟད་བྱས་ནས། །ཡིད་བྲལ་ལྷག་མ་མེད་འགྱུར་ཏེ། །ལུས་ཞིག་ཤེས་རབ་ལྡན་པ་ཡིས། །བགྲང་དུ་མེད་པའི་མྱ་ངན་འདས། །གང་ཞིག་ཚུལ་ཁྲིམས་ཏིང་འཛིན་དང་། །ཤེས་རབ་འདི་གསུམ་ལེགས་བསྒོམས་ཏེ། །ཤིན་ཏུ་དྲི་མེད་མཐར་ཕྱིན་ཅིང་། ། [8b.2]གདུང་མེད་ཡང་སྲིད་ཟད་འགྱུར་དང་། །ཆགས་པའི་འཆིང་ལས་རྣམ་གྲོལ་ཞིང་། །ལུས་སྤངས་ཤེས་རབ་ལྡན་པ་དང་། །བདུད་ཀྱི་ཡུལ་ལས་འདས་པ་དག །ཉི་མ་བཞིན་དུ་ལམ་མེར་འབར། །དགེ་སློང་ཕྱི་དང་ནང་ཉིད་ལ། །བག་མེད་རློམ་པར་བྱེད་པ་ཡི། །ཚུལ་ [8b.3]ཁྲིམས་ཏིང་འཛིན་ཤེས་རབ་རྣམས། །ཡོངས་སུ་རྫོགས་པར་མི་འགྱུར་རོ། །སྤྲིན་གྱིས་ཁེབས་ལས་ཆར་འབབ་ཅིང་། །ནམ་ཐང་བ་ལས་ཆར་མི་འབབ། །དེ་བས་ཁེབས་པ་སོལ་ཅིག་དང་། །འདི་ལྟར་ཆར་པ་འབབ་མི་འགྱུར། །དེ་ལྟར་རྟག་ཏུ་མཐོང་བ་དང་། །དགེ་ [8b.4]སློང་ཚུལ་ཁྲིམས་སྡོམ་པ་ཡིས། །མྱ་ངན་འདས་པར་འགྲོ་བའི་ལམ། །མྱུར་བ་ཁོ་ནར་རྣམ་པར་འདག །མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །རྩ་བ་རྒྱ་སྤོས་ཙནྡན་རྣམས་ཀྱང་མིན། །དམ་པའི་དྲི་ནི་རྫི་ཕྱོགས་མི་འགྲོ་སྟེ། །ཕྱོགས་རྣམས་ཀུན་དུ་མི་མཆོག་དྲི་ཡིས་ཁྱབ། ། [8b.5]རྒྱ་སྤོས་དང་ནི་ཙནྡན་དང་། །ཨུཏྤ་ལ་དང་མ་ལི་ཀ ། སྤོས་ཀྱི་རིགས་ནི་འདི་དག་པས། །ཚུལ་ཁྲིམས་དྲི་བསུང་ཕུལ་དུ་ཕྱིན། །རྒྱ་སྤོས་ཙནྡན་གང་ཡིན་པའི། །དྲི་བསུང་འདི་ནི་ཆུང་ངུ་ན། །ཚུལ་ཁྲིམས་ལྡན་པའི་དྲི་བསུང་གང་། །དེས་ནི་འདི་དང་མཐོ་རིས་ཁྱབ། ། [8b.6]དེ་ལྟར་བག་ཡོད་གནས་བྱ་ཞིང་། །ཚུལ་ཁྲིམས་རྣམ་པར་དག་པར་བྱ། །ཡང་དག་ཤེས་པས་རྣམ་གྲོལ་ན། །བདུད་ཀྱི་ལམ་ནི་རྙེད་མི་འགྱུར། །འདི་ནི་བདེ་བར་འགྲོ་ལམ་སྟེ། །རྣམ་པར་དག་བྱེད་ལམ་འདི་ལ། །རབ་ཏུ་ཞུགས་ཏེ་བསྒོམས་ནས་ཀྱང་། །བདུད་ཀྱི་འཆིང་ [8b.7]བ་སྤང་བར་གྱིས། །ཚུལ་ཁྲིམས་ཀྱི་ཚོམས་ཏེ་དྲུག་པའོ།། །།ལུས་ཀྱིས་ཉེས་པར་སྤྱོད་སྤང་ཞིང་། །ལུས་ཀྱིས་ལེགས་སྤྱད་སྤྱད་པའི་ཕྱིར། །ལུས་ཀྱི་ཉེས་ཆེན་ལས་བསྲུངས་ན། །ལུས་ནི་བསྡམ་པ་བྱས་པར་འགྱུར། །ངག་གིས་ཉེས་པར་སྤྱོད་སྤང་ཞིང་། ། [9a] [9a.1]ངག་གིས་ལེགས་སྤྱད་སྤྱད་པའི་ཕྱིར། །ངག་གི་ཉེས་ཆེན་ལས་བསྲུངས་ན། །ངགནི་བསྡམ་པ་བྱས་པར་འགྱུར། །ཡིད་ཀྱིས་ཉེས་པར་སྤྱོད་སྤང་ཞིང་། །ཡིད་ཀྱིས་ལེགས་སྤྱད་སྤྱོད་པའི་ཕྱིར། །ཡིད་ཀྱི་ཉེས་ཆེན་ལས་བསྲུངས་ན། །ཡིད་ནི་བསྡམས་ [9a.2]པ་བྱས་པར་འགྱུར། །ལུས་ཀྱིས་ཉེས་པར་སྤྱོད་སྤང་ཞིང་། །ངག་གིས་ཉེས་པར་སྤྱོད་པ་སྤང་། །ཡིད་ཀྱིས་ཉེས་པར་སྤྱོད་སྤང་ཞིང་། །སྐྱོན་གཞན་ལྡན་པ་གང་ཡིན་སྤང་། །ལུས་ཀྱིས་དགེ་བ་རྣམས་བྱ་ཞིང་། །ངག་གིས་དགེ་བ་ཕལ་ཆེན་བྱ། །ཡིད་ཀྱིས་དགེ་བ་རྣམས་བྱ་ཞིང་། ། [9a.3]ཚད་མེད་བཞི་དང་ལྡན་པར་བྱ། །ལུས་ཀྱིས་དགེ་བ་རྣམས་བྱ་ཞིང་། །ངག་དང་ཡིད་ཀྱིས་བྱས་ན་ནི། །འདི་དང་ཕ་རོལ་དག་ཏུ་ཡང་། །རྟག་ཏུ་བདེ་བ་ཐོབ་པར་འགྱུར། །རྟག་ཏུ་ལུས་ནི་བསྡམས་པའི་ཕྱིར། །ཐུབ་པ་འཚེ་བ་མེད་པ་ཡིན། །དེ་ནི་འཆི་མེད་གནས་འགྲོ་ཞིང་། ། [9a.4]གང་དུ་སོང་ནའང་མྱ་ངན་མེད། །རྟག་ཏུ་ངག་ནི་བསྡམས་པའི་ཕྱིར། །ཐུབ་པ་འཚེ་བ་མེད་པ་ཡིན། །དེ་ནི་འཆི་མེད་གནས་འགྲོ་ཞིང་། །གང་དུ་སོང་ནའང་མྱ་ངན་མེད། །རྟག་ཏུ་ཡིད་ནི་བསྡམས་པའི་ཕྱིར། །ཐུབ་པ་འཚེ་བ་མེད་པ་ཡིན། །དེ་ནི་འཆི་མེད་གནས་ [9a.5]འགྲོ་ཞིང་། །གང་དུ་སོང་ནའང་མྱ་ངན་མེད། །བརྟན་པ་རྣམས་ཀྱིས་ལུས་བསྡམ་ཞིང་། །བརྟན་པ་རྣམས་ཀྱིས་ངག་ཀྱང་བསྡམ། །བརྟན་པ་རྣམས་ཀྱིས་ཡིད་བསྡམ་ཞིང་། །བརྟན་པས་ཀུན་དུ་བསྡམས་བྱས་ན། །དེ་དག་འཆི་མེད་གནས་འགྲོ་ཞིང་། །གང་དུ་ [9a.6]སོང་ནའང་མྱ་ངན་མེད། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རྣམ་པར་འགྲོལ། །ངག་རྣམས་བསྲུང་ཞིང་ [9a.7]ཡིད་རྣམས་ལེགས་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་སྤྱད་མི་བྱ། །ལས་ལམ་གསུམ་པོ་འདི་དག་རྣམ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ལེགས་པར་སྤྱད་པའི་ཚོམས་ཏེ་བདུན་པའོ།། །།གང་དག་བྱས་བཞིན་མ་བྱས་ཟེར་བ་ [9b] [9b.1]དང་། །བརྫུན་དུ་སྨྲ་བ་དམྱལ་བར་འགྲོ་བར་འགྱུར། །མི་དེ་གཉིས་ཀ་འདྲ་བ་ཕ་རོལ་དུ། །སོང་ནས་དམན་པའི་ཆོས་དང་ལྡན་པར་འགྱུར། །སྐྱེས་བུ་སྐྱེས་པའི་ཁ་ནས་ནི། །ཚིག་ངན་སྨྲ་བར་བྱེད་པ་ཡི། །ཚིག་གི་སྟ་རེ་སྐྱེས་གྱུར་ནས། །བདག་ཉིད་གཅོད་པར་བྱེད་པར་འགྱུར། ། [9b.2]གང་ཞིག་སྨད་འོས་སྐྱེ་བོ་སྟོད་བྱེད་དང་། །བསྟོད་འོས་སྐྱེ་བོ་རྣམ་པར་སྨོད་བྱེད་པ། །དེ་ནི་ཁ་ཡིས་འཐབ་ཀྲོལ་ཀུན་སྩོགས་ཤིང་། །འཐབ་ཀྲོལ་ཅན་གང་དེས་ནི་བདེ་མི་འཐོབ། །གང་འདིར་ཆོ་ལོས་རང་ནོར་འཕམ་བྱེད་པ། །འཐབ་ཀྲོལ་དེ་ནི་ཆུང་ཟད་ཙམ་དུ་ཟད། །གང་ཞིག་ [9b.3]བདེ་བར་གཤེགས་ལ་ཡིད་འཁྲུག་པ། །དེ་འདིར་འཐབ་ཀྲོལ་ཤིན་ཏུ་ཆེན་པོ་ཡིན། །ངག་ཡིད་འཕགས་པས་སྨད་པའི་སྡིག་བསྟེན་ན། །བྱེ་བར་ཆུ་བུར་ཅན་དང་སྟོང་ཕྲག་ནི། །བཞི་བཅུ་གཅིག་ཏུ་ཆུ་བུར་རྡོལ་བ་ཡི། །སེམས་ཅན་དམྱལ་བ་རྣམས་སུ་འགྲོ་བར་འགྱུར། །སྡིག་ [9b.4]པའི་སེམས་ཀྱིས་མ་ཉེས་སྐྱོན་བརྗོད་པ། །བདག་ཉིད་གསད་ཕྱིར་དམྱལ་བ་སྤེལ་བར་ཟད། །སྟོབས་ལྡན་ཉེས་པ་དག་ནི་བཟོད་བྱེད་ཅིང་། །དེ་ལ་སེམས་ཀྱང་འཁྲུག་པར་མི་བྱེད་དོ། །བསམ་བརླག་གང་ཞིག་སྡིག་ཅན་གྱི། །ལྟ་ལ་བརྟེན་ནས་འཕགས་པ་ནི། །དགྲ་ [9b.5]བཅོམ་ཆོས་ཀྱིས་འཚོ་བ་དང་། །བསྟན་པ་སྤོང་བར་བྱེད་པ་དག །སྨྱིག་མ་འབྲུ་ཆགས་ལྟ་བུར་ནི། །དེ་ནི་རང་གི་འབྲས་བུས་གསོད། །ཚིག་བཟང་ཁོ་ན་སྨྲ་བྱ་ཡི། །སྡིག་པ་ཅན་དག་སྨྲ་མི་བྱ། །སྡིག་ཅན་གདུང་བྱེད་སྨྲ་བ་བས། །ཚིག་བཟང་སྨྲ་བར་བྱེད་པ་རུང་། ། [9b.6]བྱིས་པ་སྡིག་ཅན་སྨྲ་བྱེད་པ། །སྨྲ་བའི་ཚེ་ན་འཆིང་འགྱུར་ལ། །གལ་ཏེ་སྨྲ་ན་གཞན་སྤོང་བ། །དེ་དག་འཕགས་པ་མི་གསུང་ངོ་། །དགེ་སློང་དག་ནི་བསྡམས་པ་དང་། །དལ་བུས་སྨྲ་ཞིང་རློམ་པ་མེད། །གང་ཞིག་ཆོས་ལྡན་དོན་སྟོན་པ། །དེ་ནི་སྙན་པར་སྨྲ་བ་ཡིན། ། [9b.7]ལེགས་པར་སྨྲ་བ་མཆོག་ཅེས་འཕགས་པ་གསུངས། །སྙན་སྨྲ་མི་སྙན་མ་ཡིན་དེ་གཉིས་པ། །བདེན་སྨྲ་བ་རྫུན་པ་མ་ཡིན་དེ་གསུམ་པ། །ཆོས་སྨྲ་ཕལ་པ་མ་ཡིན་བཞི་པ་དེའོ། །ཚིག་དེ་རྣམས་ནི་སྨྲ་བྱ་ཞིང་། །གང་གིས་བདག་ཀྱང་མི་གདུང་ལ། །ཕ་རོལ་ལ་ཡང་གནོད་མེད་ [10a] [10a.1]པའི། །ཚིག་དེ་ལེགས་པར་སྨྲ་བར་བྱ། །གང་གིས་མངོན་པར་དགའ་འགྱུར་ཞིང་། །གང་གིས་སྡིག་པ་མི་སྐྱེད་དང་། །སྨྲས་པས་ཕ་རོལ་དགའ་འགྱུར་བའི། །སྙན་ཚིག་ཁོ་ན་སྨྲ་བར་བྱ། །བདེན་པའི་ཚིག་ནི་བདུད་རྩི་སྟེ། །བདེན་པའི་ [10a.2]ཚིག་ནི་བླ་མེད་ཡིན། །དོན་དང་ཆོས་ལ་རབ་གནས་པ། །བདེན་པ་ཡིན་ཞེས་དམ་པ་གསུངས། །སྡུག་བསྔལ་ཐམས་ཅད་སྤང་བའི་ཕྱིར། །སངས་རྒྱས་ཀྱི་ས་ནི་གསུངས་ཚིག་གང་། །བདེན་པ་མྱ་ངན་འདས་འགྲོ་བའི། །ཚིག་དེ་བླ་ན་མེད་པ་ཡིན། །ཚིག་གི་ཚོམས་ [10a.3]ཏེ་བརྒྱད་པའོ།། །།ཆོས་གཅིག་ལས་ནི་རབ་འདས་ཤིང་། །འཇིག་རྟེན་ཕ་རོལ་བཅོམ་པ་ཡི། །ལུས་ཅན་བརྫུན་དུ་སྨྲ་བ་ཡིས། །སྡིག་པ་མི་བྱ་ཅི་ཡང་མེད། །ལྕགས་སྒོང་མེ་ལྕེ་འབར་འདྲ་བ། །ཟོས་པར་གྱུར་པ་ཆེས་བླ་ཡི། །ཚུལ་འཆལ་ལེགས་པར་མི་ [10a.4]སྡོམ་པས། །ཡུལ་འཁོར་བསོད་སྙོམས་བཟར་མི་རུང་། །ཁྱོད་ནི་སྡུག་བསྔལ་གྱིས་འཇིགས་ཤིང་། །ཁྱོད་ལ་སྡུག་བསྔལ་མི་སྡུག་ན། །མངོན་སུམ་དག་གམ་ལྐོག་ཏུའང་རུང་། །སྡིག་པ་ཅན་གྱི་ལས་མི་བྱ། །གལ་ཏེ་སྡིག་པའི་ལས་བྱས་སམ། །བྱེད་ཀྱང་རུང་སྟེ་ཁྱོད་ [10a.5]ཀྱིས་ནི། །ཀོག་ཅེས་ལངས་ཏེ་བྲོས་བྱས་ཀྱང་། །སྡུག་བསྔལ་ལས་ནི་ཐར་མི་འགྱུར། །གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །ཕ་རོལ་པོ་ [10a.6]ལ་བརྟགས་ནས་གང་། །སྡིག་པ་ཅན་གྱི་ལས་མཐོང་བ། །དེ་དག་བདག་གིས་མི་བྱ་སྟེ། །སྡིག་བྱས་ལས་ནི་རྗེས་སུ་འབྲང་། །ལས་གང་ཤིན་ཏུ་མི་བཟད་དང་། །ཟོལ་བྱེད་གཞལ་ལུགས་འཆོས་པ་དང་། །མི་ལ་འཚེ་བར་བྱེད་པ་དང་། །གཞན་ལ་བྱེད་དུ་འཇུག་པ་ཡི། ། [10a.7]ལས་དེ་མི་ཡི་རྗེས་འབྲང་བས། །དེ་ཡིས་གཡང་སར་ལྟུང་བར་བྱེད། །མི་ཡིས་དགེ་བའམ་སྡིག་པ་ཡི། །ལས་ནི་གང་དང་གང་བྱས་པའི། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །དེ་ལྟ་དེ་ལྟར་འབྲས་བུར་འགྱུར། །དེ་ཡི་ཚོགས་པ་ཇི་སྲིད་པར། །དེ་སྲིད་འདི་ནི་གདུང་བར་བྱེད། ། [10b] [10b.1]དེ་ལ་གཞན་དག་གདུང་བྱེད་དེ། །གདུང་བྱེད་དེ་ནི་རྟག་པར་འགྱུར། །འདི་ནི་བདག་རྗེས་མི་འབྲང་ཞེས། །བྱིས་པས་མ་བརྟགས་བྱས་པ་ཡི། །སྡིག་པའི་ལས་ཀྱིས་འགྲོ་བ་དག །ཕ་རོལ་དུ་ནི་ཤེས་པར་འགྱུར། །གལ་ཏེ་བྱིས་པས་མི་ཤེས་པར། །སྡིག་པའི་ལས་ [10b.2]ནི་བྱས་པ་དག །ནམ་ཞིག་ན་ནི་དེ་ཉིད་ཀྱིས། །རྣམ་སྨིན་ཚ་བ་སོ་སོར་བསྟེན། །རང་གི་ལས་ཀྱིས་དེ་འོག་ཏུ། །མེ་ཡིས་བསྲེགས་པ་བཞིན་དུ་གདུངས། །བྱིས་པ་ཤེས་རབ་ཆུང་ངུ་དག །བདག་ལ་དགྲ་བཞིན་བྱེད་པ་ཡིས། །གང་ཞིག་འབྲས་བུ་ཆེར་འགྱུར་བའི། །སྡིག་ཅན་ [10b.3]ལས་ནི་སྤྱོད་པར་བྱེད། །གང་ཞིག་བྱས་པས་གདུང་འགྱུར་ཞིང་། །མཆི་མས་གདོང་གཡོགས་ངུ་བཞིན་དུ། །རྣམ་སྨིན་སོ་སོར་བསྟེན་པ་ཡིས། །ལས་དེ་དག་ནི་མ་བྱས་ལེགས། །གང་ཞིག་བྱས་ན་མི་གདུང་ཞིང་། །དགའ་ཞིང་ཡིད་ནི་བདེ་བ་ཡིས། །རྣམ་སྨིན་སོ་སོར་བསྟེན་ [10b.4]པ་ཡིན། །ལས་དེ་དག་ནི་བྱས་ན་ལེགས། །བདག་ཉིད་བདེ་བ་འདོད་པའི་ཕྱིར། །རྒོད་བཞིན་སྡིག་པའི་ལས་བྱས་པའི། །སྡིག་པའི་ལས་དེའི་རྣམ་སྨིན་དག །ངུ་བཞིན་ཉམས་སུ་མྱོང་བར་འགྱུར། །ངེས་པར་སྡིག་ལས་འཕྲལ་དུ་ནི། །འོ་མ་ལྟ་བུར་འགྱུར་མི་བྱེད། །ཐལ་བས་ [10b.5]གཡོགས་པའི་མེ་ལྟ་བུ། །དེས་ནི་བྱིས་པ་སྲེག་པར་བྱེད། །སྡིག་ལས་འཕྲལ་དུ་ངེས་པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཀྱང་། །སྡིག་པའི་ལས་ཀྱིས་འགྲོ་བ་དག །ཕ་རོལ་དུ་ནི་མངོན་པར་འགྱུར། །གང་དུ་དེ་དག་རྣམ་སྨིན་ནི། །ཚ་བ་སོ་སོར་བསྟེན་པ་ཡི། །སྡིག་པའི་ [10b.6]ལས་ཀྱིས་འགྲོ་བ་དག །ཕ་རོལ་དུ་ནི་ཤེས་པར་འགྱུར། །ལྕགས་ལས་གཡའ་ནི་ལངས་གྱུར་པ། །ལངས་པ་དེས་ནི་དེ་ཉིད་ཟ། །དེ་བཞིན་མ་བརྟགས་བྱས་པ་ཡི། །རང་གི་ལས་ཀྱིས་ངན་འགྲོར་འགྲོ། །ལས་ཀྱི་ཚོམས་ཏེ་དགུ་པའོ།། །།དད་དང་ངོ་ཚ་ཚུལ་ [10b.7]ཁྲིམས་སྦྱིན་པ་སྟེ། །ཆོས་འདི་རྣམས་ནི་སྐྱེས་བུ་དམ་པས་བསྔགས། །འདི་ཡིས་ལྷ་ཡི་འཇིག་རྟེན་འགྲོ་འགྱུར་ཞིང་། །ལམ་འདི་ཉིད་ཀྱིས་ལྷ་ཡུལ་འགྲོ་ཞེས་གསུངས། །འཇུངས་རྣམས་ལྷ་ཡི་འཇིག་རྟེན་མི་འགྲོ་ཞིང་། །དེ་ཡིས་བྱིས་པ་སྦྱིན་པའི་བསྔགས་མི་བརྗོད། །བརྟན་ [11a] [11a.1]རྣམས་སྦྱིན་ལ་རྗེས་སུ་ཡི་རང་བ། །དེས་ནི་དེ་དག་གཞན་དུ་བདེ་བ་མྱོང་། །འདི་ན་སྐྱེས་བུའི་ནོར་མཆོག་དད་པ་སྟེ། །འདི་ན་ཆོས་ལ་ལེགས་སྤྱོད་བདེ་བ་འཐོབ། །བདེན་པ་ཁོ་ན་རོ་བྲོ་རྣམས་ཀྱི་ཕུལ། །ཤེས་རབ་ཀྱིས་འཚོ་འཚོ་བའི་མཆོག་ཅེས་གསུངས། ། [11a.2]མྱ་ངན་འདས་པར་འགྲོ་བ་ཡི། །དགྲ་བཅོམ་ཆོས་ལ་དད་བསྐྱེད་དེ། །མཁས་པས་གུས་པར་མཉན་ན་ནི། །དེ་དང་དེ་ཡི་ཤེས་རབ་འཐོབ། །བག་ཅན་གྱིས་ནི་རྒྱ་མཚོ་དང་། །དད་པས་ཆུ་བོ་རྣམས་ལས་སྒྲོལ། །བརྩོན་འགྲུས་ཀྱིས་ནི་སྡུག་བསྔལ་སྤོང་། །ཤེས་རབ་ཀྱིས་ནི་ཡང་དག་ [11a.3]འགྱུར། །དགེ་སློང་དད་པའི་གྲོགས་ལྡན་ཞིང་། །ཤེས་རབ་ཀྱིས་ནི་གཏམས་པ་དང་། །མྱ་ངན་འདས་ལ་མངོན་དགའ་བས། །འཆིང་བ་ཐམས་ཅད་གཅོད་པར་འགྱུར། །གང་གིས་དད་དང་ཚུལ་ཁྲིམས་དང་། །ཤེས་རབ་ཉིད་ནི་ལེགས་བསྒོམས་ཤིང་། །མཁས་པས་སྐྱོན་རྣམས་ [11a.4]སྤོང་བ་དེའི། །ལེགས་པའི་ངང་ཚུལ་ཅན་ཞེས་བརྗོད། །དད་དང་ཚུལ་ཁྲིམས་ཕུན་སུམ་ཚོགས། །གཏོང་ལྡན་འཇུངས་པ་རྣམ་སྤངས་པ། །དེ་ནི་གང་དང་གར་སོང་བ། །དེ་དང་དེ་ནི་མཆོད་པར་འགྱུར། །མཁས་གང་འཚོ་བའི་འཇིག་རྟེན་ན། །དད་དང་ཤེས་རབ་སྟེན་བྱེད་པ། །དེ་དག་ [11a.5]དེ་ཡི་ནོར་མཆོག་སྟེ། །དེ་ཡི་ནོར་གཞན་ཕལ་པར་ཟད། །འཕགས་པ་ལྟ་བར་འདོད་པ་དང་། །དམ་ཆོས་ཉན་པར་དགའ་བ་དང་། །སེར་སྣའི་དྲི་མ་རྣམ་སྤངས་པ། །དེ་ནི་དད་པ་ཅན་ཞེས་བྱ། །དད་པའི་ལམ་བརྒྱགས་བསྐུར་བར་བྱ། །བསོད་ནམས་ཆོམ་པོས་དབྲོག་མི་ནུས། ། [11a.6]ཆོམ་རྐུན་འཕྲོག་པར་བྱེད་པ་བཟློག །དགེ་སྦྱོང་རྣམས་ཀྱིས་བླངས་ན་དགའ། །མཁས་པས་དགེ་སྦྱོང་འོངས་པ་ལ། །མངོན་པར་དགའ་བར་བྱེད་འགྱུར་ཞིང་། །སྐྱེ་བོ་རྣམས་ནི་ཅི་རིགས་པར། །དད་པ་ཇི་བཞིན་སྦྱིན་བྱེད་ཅིང་། །གཞན་གྱི་ཟས་དང་སྐོམ་དེ་ལ། །གང་ཞིག་ཡིད་ནི་མི་ [11a.7]བདེ་བ། །དེས་ནི་ཉིན་དང་མཚན་རྣམས་སུ། །ཏིང་འཛིན་ཐོབ་པར་མི་འགྱུར་རོ། །གང་གིས་ཏ་ལའི་མགོ་བཅད་ལྟར། །དེ་འདྲ་ཀུན་དུ་གཅོད་བྱེད་པ། །དེས་ནི་ཉིན་དང་མཚན་རྣམས་སུ། །ཏིང་ངེ་འཛིན་དག་ཐོབ་པར་འགྱུར། །ཁྲོན་པ་སྐམ་པོ་ཇི་ལྟ་བར། །དད་པ་མེད་པ་བསྟེན་ [11b] [11b.1]མི་བྱ། །ཇི་སྟེ་དེ་ལ་ཡོངས་བརྐོས་ཀྱང་། །འདམ་ཆུ་དྲི་ང་འབྱུང་བར་ཟད། །ཆུ་མང་རྣམ་པར་དང་བ་དང་། །བསིལ་བར་གྱུར་ཅིང་རྙོག་མེད་པའི། །མཚོ་ལ་ཆུ་འདོང་ཇི་ལྟ་བར། །ཤེས་རབ་ཅན་གྱིས་དད་ལྡན་བསྟེན། །ཆགས་སམ་མ་ཆགས་ཀྱང་རུང་སྟེ། །དེ་ཡིས་ཐུབ་སྐུ་མི་ངས་ [11b.2]པས། །མ་དད་པ་དག་སྤང་བར་བྱ། །དད་པ་རྣམས་ནི་ཉེ་བར་བསྟེན། །དད་པའི་ཚོམས་ཏེ་བཅུ་པའོ། །སྡོམ་ལ། མི་རྟག་འདོད་དང་སྲེད་པ་དང་། །བག་ཡོད་དེ་བཞིན་དགའ་བ་དང་། །ཚུལ་ཁྲིམས་ལེགས་སྤྱོད་ཚིག་དག་དང་། །ལས་དང་དད་པ་དེ་དག་བཅུ།། །། [11b.3]བྲམ་ཟེས་འདོད་པ་རབ་སྤང་ཞིང་། །བརྩོན་འགྲུས་ཀྱིས་ནི་རྒྱུན་ཆོད་ཅིག །འདོད་པ་རབ་ཏུ་མ་སྤངས་པར། །ཐུབ་པ་གཅིག་གིས་མ་ཐོབ་བོ། །ཀུན་དུ་རྒྱུ་བ་ཞན་པ་དག །ཉོན་མོངས་ཕྱིར་ཡང་ཀུན་སྩོགས་པས། །བརྩོན་འགྲུས་བརྟན་པོ་ཁོ་ན་ཡིས། །བྱ་བ་དེ་ཉིད་བྱེད་ལ་ [11b.4]རག །ཞན་པའི་ལས་ནི་ཇི་སྙེད་དང་། །ཀུན་ནས་ཉོན་མོངས་དཀའ་ཐུབ་དང་། །ཚངས་སྤྱོད་ཡོངས་སུ་མ་དག་དེ། །དོན་ཆེན་འགྱུར་སྙམ་མི་བྱེད་དོ། །ཇི་ལྟར་མདའ་ནི་བཟུང་ཉེས་པས། །ལག་པ་ཆོད་པར་གྱུར་པ་ལྟར། །དགེ་སྦྱོང་བསྲུང་བ་བྱ་ཉེས་པས། །དམྱལ་བར་ཉེ་བར་ཁྲིད་པར་ [11b.5]བྱེད། །ཇི་ལྟར་མདའ་ནི་བཟུང་ལེགས་པས། །ལག་པ་ཆོད་པར་མི་འགྱུར་ལྟར། །དགེ་སྦྱོང་བསྲུང་བ་བྱ་ལེགས་ན། །མྱ་ངན་འདས་པར་ཉེ་བར་འདྲེན། །དགེ་སྦྱོང་རྣམ་པར་མ་ཤེས་དང་། །རྒལ་བར་དཀའ་དང་བཟོད་དཀའ་དང་། །གང་དག་ཞན་པ་འགྱོད་འགྱུར་བའི། །སྡུག་ [11b.6]བསྔལ་མང་པོ་དེ་དག་འབྱུང་། །ཡང་དང་ཡང་དུ་འགྱོད་པ་ཡི། །ཀུན་རྟོག་དབང་དུ་འགྲོ་བ་ཡི། །སེམས་ནི་བཟློག་པར་མ་བྱས་པར། །དགེ་སྦྱོང་སྤྱོད་པ་ཇི་ལྟར་བྱ། །ཉེས་པར་རབ་བྱུང་ཉེས་དགའ་བ། །ཁྱིམ་འདུག་ཉེས་རྩོམ་བྱེད་པ་དག །སྡུག་བསྔལ་མཉམ་མེད་བསྟེན་པ་དང་། ། [11b.7]ཡང་སྲིད་སྡུག་བསྔལ་སྩོགས་པར་ཟད། །ཚེམ་བུ་ངུར་སྨྲིག་གྱོན་པ་དང་། །ཕལ་ཆེར་ཡང་དག་མི་སྡོམ་ཞིང་། །སྡིག་པའི་ཆོས་ཅན་སྡིག་ལ་དགའ། །སྡིག་ཅན་དེ་དག་ངན་འགྲོར་འགྲོ། །སཱ་ལའི་ཤིང་ལ་འཁྲི་ཤིང་ལྟར། །གང་ཞིག་ཤིན་ཏུ་ཁྲིམས་འཆལ་ཏེ། །ཇི་ལྟར་རང་ལ་ [12a] [12a.1]དགྲ་བཞིན་དུ། །དེ་ནི་དེ་ལྟར་བྱེད་པར་འདོད། །མགོ་བོ་སྐྱ་བོར་གྱུར་བར་དུ། །ད་དུང་རྒན་རབས་མ་ཆུད་པ། །དེ་ནི་ལང་ཚོ་གཏུགས་པ་སྟེ། །དེ་ནི་རྒན་བླུན་ཞེས་བྱའོ། །གང་ཞིག་དགེ་དང་སྡིག་པ་དག །སྤངས་ཤིང་ཚངས་པར་སྤྱོད་པ་དང་། །སྡེ་ཚོགས་སྤངས་ [12a.2]ནས་སྤྱོད་བྱེད་པ། །དེ་ནི་རྒན་རབས་ཞེས་བྱའོ། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །རྨོངས་པ་འདོད་ལ་ཞུགས་པ་དག །ཇི་ག་དགེ་སྦྱོང་ཡིན་ནམ་ཀྱེ། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །གང་ [12a.3]ཞིག་སྡིག་པ་ཞི་གྱུར་ཏེ། །མཁས་པས་དགེ་སྦྱོང་ཡིན་པར་ཤེས། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །གང་དག་སྡིག་པ་ཆེ་ཕྲ་དག །ཀུན་ལ་བརྟགས་ནས་བྱེད་པ་དང་། །སྡིག་པ་ཞི་བ་དེ་དག་ནི། །དགེ་སྦྱོང་ཉིད་ཅེས་བརྗོད་པར་བྱ། །སྡིག་པ་ [12a.4]སྤངས་པ་བྲམ་ཟེ་སྟེ། །ཞི་བར་སྤྱོད་པ་དགེ་སྦྱོང་ཡིན། །བདག་གི་དྲི་མ་རབ་སྤངས་པ། །དེས་ན་རབ་ཏུ་བྱུང་ཞེས་བརྗོད། །དགེ་སྦྱོང་གི་ཚོམས་ཏེ་བཅུ་གཅིག་པའོ།། །།གང་ཚེ་འཕགས་པའི་བདེན་པ་བཞི། །ཤེས་རབ་ཀྱིས་ནི་མཐོང་བ་དང་། །ལམ་འདིར་རབ་ཏུ་ཤེས་ [12a.5]པ་ཡིས། །སྲིད་པའི་སྲེད་པ་རབ་ཏུ་འདྲལ། །དཔེར་ན་རླུང་གིས་རྡུལ་བསླང་བ། །ཆར་པ་འབབ་པས་ཞི་བྱེད་ལྟར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་ཀུན་རྟོག་ཞི་བར་འགྱུར། །གང་ཞིག་ལེགས་པར་རྟོགས་པ་ཡིས། །སྐྱེ་ཤི་ལེགས་པར་ཟད་འགྱུར་ཞིང་། །འཇིག་རྟེན་ངེས་ [12a.6]འབྱེད་འགྱུར་བ་ཡི། །ཤེས་རབ་དེ་ནི་གཙོ་བོ་ཡིན། །བདེན་པའི་ནང་ན་བདེན་བཞི་དང་། །ལམ་ནང་ཡན་ལག་བརྒྱད་པ་མཆོག །རྐང་གཉིས་ནང་ན་མིག་ཅན་དང་། །ཆོས་ཀྱི་ནང་ན་ཆགས་བྲལ་མཆོག །འདུ་བྱེད་ཐམས་ཅད་མི་རྟག་པར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ [12a.7]ཚེ་སྡུག་བསྔལ་ལས་ཡིད་འབྱུང་། །ལམ་འདི་རྣམ་པར་དག་པར་འགྱུར། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་། །ལམ་འདི་རྣམ་པར་དག་པར་འགྱུར། །འདུ་བྱེད་ཐམས་ཅད་སྟོང་ཉིད་དུ། །གང་ [12b] [12b.1]ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་། །ལམ་འདི་རྣམ་པར་དག་པར་འགྱུར། །འདུ་བྱེད་ཐམས་ཅད་བདག་མེད་པར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་། །ལམ་འདི་རྣམ་པར་དག་པར་འགྱུར། །སྲེད་པའི་ཟུག་ [12b.2]རྔུ་གཅོད་བྱེད་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་སྟོན་པ་སྟེ། །ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། །སྲེད་པའི་ཟུག་རྔུ་སེལ་བའི་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་སྟོན་པ་སྟེ། །ཁྱེད་ཅག་རྣམས་ཀྱིས་བྱ་ [12b.3]དགོས་སོ། །ལྟ་བ་རྣམ་པར་དག་བྱེད་པ། །ལམ་འདི་མ་གཏོགས་གཞན་མེད་པས། །ཏིང་ངེ་འཛིན་ལ་རབ་གནས་ཏེ། །བདུད་ཀྱི་འཆིང་བ་སྤང་བར་གྱིས། །འདི་ནི་དྲང་ལམ་འདི་ནི་ཕ་རོལ་གནོན། །མཚོ་ལ་ངང་པའི་སྲང་ལྟར་བགྲོད་པ་གཅིག །ཤཱཀྱ་ཐུབ་པས་མཉམ་བཞག་གང་ [12b.4]རྟོགས་ནས། །ཚོགས་ལ་ཡང་དང་ཡང་དུ་བཤད་པ་འདི། །སྐྱེ་ཤིའི་མཐའ་རྟོགས་ཕན་མཛད་ཐུགས་བརྩེ་བས། །བགྲོད་པ་གཅིག་ལམ་རབ་ཏུ་བསྟན་མཛད་པའི། །ལམ་འདིས་ཆུ་བོ་རྣམས་ལས་སྔོན་རྒལ་ཞིང་། །དེ་བཞིན་རྒལ་བར་འགྱུར་ཞིང་རྒལ་བར་མཛད། །ཤིན་ཏུ་མཐར་ [12b.5]ཐུག་གདུལ་བྱ་དག་བྱ་དང་། །འཁོར་བའི་སྐྱེ་ཤི་ཟད་པར་བྱ་བ་དང་། །ཁམས་རྣམས་དུ་མ་སོ་སོར་རྟོགས་བྱའི་ཕྱིར། །སྤྱན་དང་ལྡན་པས་ལམ་འདི་རབ་ཏུ་བསྟན། །ཇི་ལྟར་ཆུ་ཀླུང་གང་གཱའི་ཆུ་རྒྱུན་ཞུགས། །རྒྱ་མཚོའི་ནང་དུ་འབབ་པར་འགྱུར་བ་ལྟར། །དེ་བཞིན་ཤེས་རབ་ཡངས་ [12b.6]པས་བསྟན་པའི་ལམ། །འདི་ནི་འཆི་མེད་ཐོབ་པར་བྱ་ཕྱིར་འཇུག །གང་ཞིག་འབྱུང་པོ་ཀུན་ལ་ཐུགས་བརྩེ་བས། །སྔོན་ཆད་མ་ཐོས་ཆོས་ཀྱི་འཁོར་ལོ་བསྐོར། །སྐྱོབ་པ་ལྷ་དང་མི་རྣམས་འདུལ་མཛད་པ། །སྲིད་པའི་མཐར་ཕྱིན་དེ་ལ་ཕྱག་འཚལ་ལོ། །རྣམ་རྟོག་དགེ་བ་ [12b.7]གསུམ་ནི་བརྟག་བྱ་ཞིང་། །དགེ་བ་མ་ཡིན་གསུམ་ཡང་རྣམ་པར་སྤངས། །ཀུན་ནས་རྡུལ་ལངས་ཆར་གྱིས་མནན་པ་ལྟར། །དེ་ནས་རྟོག་དང་དཔྱོད་པ་ཞི་བར་བྱ། །དེ་ནས་སེམས་ལ་རྣམ་རྟོག་ཉེར་ཞི་ནས། །བླ་མེད་བྱང་ཆུབ་བདེ་ལ་རེག་པར་འགྱུར། །ཏིང་འཛིན་གསུམ་པོ་རྣམས་ [13a] [13a.1]ལ་ཡིད་གཏད་ཅིང་། །བདེན་པ་ལས་སྐྱེས་ཚད་མེད་བསྒོམ་པར་བྱ། །དྲན་ལྡན་མཁས་པས་མདུད་པ་ཞི་བྱ་ཞིང་། །གསུམ་པ་རྣམས་ཀྱིས་གནས་གསུམ་རབ་ཏུ་དྲལ། །ཤེས་རབ་མཚོན་དང་བརྩོན་འགྲུས་སྟོབས་དང་ལྡན། །དྲན་ལྡན་མཉམ་བཞག་ཏིང་འཛིན་ [13a.2]ལ་དགའ་བས། །འཇིག་རྟེན་སྐྱེ་དང་འཇིག་པར་རྟོགས་ནས་ནི། །ཀུན་ལས་རབ་ཏུ་རྣམ་གྲོལ་དེ་རིག་ཡིན། །འཇིག་རྟེན་མཐའ་མ་ལེགས་པར་རྟོགས་གྱུར་ནས། །འཇིག་རྟེན་མཐར་སོན་ཕ་རོལ་ཕྱིན་ཞེས་བརྗོད། །གང་གིས་ཞི་བ་འཕགས་ལམ་ཡན་ལག་བརྒྱད། །ལམ་དྲང་ [13a.3]བསྒོམས་པ་དེས་ནི་བདུད་རྩི་རྙེད། །དེ་ལྟར་སྤྱོད་པས་བདེ་འདོད་བདེ་བ་འཐོབ། །སྙན་པ་འཐོབ་ཅིང་གྲགས་པ་འཕེལ་བར་འགྱུར། །ལམ་གྱི་ཚོམས་ཏེ་བཅུ་གཉིས་པའོ།། །།ཆེད་དུ་བརྗོད་པའི་ཚོམས། བམ་པོ་གཉིས་པ། དྲེའུ་མོ་རང་གི་མངལ་གྱིས་དང་། ། [13a.4]འདམ་བུ་སྨྱིག་མ་འབྲས་བུས་དང་། །ཆུ་ཤིང་འབྲས་བུས་བུང་བ་ལྟར། །ཕོ་བཤལ་བཀུར་སྟིས་ཕུང་བར་འགྱུར། །ཇི་སྲིད་བླུན་པོ་མཆོད་བྱས་པ། །དེ་སྲིད་རབ་ཏུ་བརླག་པར་འགྱུར། །བྱིས་པའི་དཀར་པོའི་ཆ་འགྲིབ་ཅིང་། །དེ་ཡི་སྤྱི་བོའང་ངེས་པར་ཉམས། །ངན་པ་རྙེད་པ་ [13a.5]འདོད་པ་དང་། །དགེ་སློང་འཁོར་ནི་འདོད་པ་དང་། །གནས་ལ་སེར་སྣ་བྱེད་པ་དང་། །རིགས་གཞན་དག་གིས་མཆོད་པ་དང་། །རབ་ཏུ་བྱུང་དང་ཁྱིམ་པ་དག །གང་ཡང་རུང་བས་བདག་འཕྲིགས་ཏེ། །བྱ་བ་བྱས་རུང་མ་བྱས་རུང་། །བདག་དབང་གྱུར་ན་རེ་སྟེས་ཞེས། །དེ་ལྟར་ [13a.6]བྱིས་པ་ཀུན་རྟོག་ན། །སེམས་ལ་འདོད་ཆེན་འཕེལ་བར་འགྱུར། །རྙེད་པའི་ཐབས་ནི་གཞན་ཡིན་ལ། །མྱ་ངན་འདས་འགྲོའི་གཞན་ཡིན་ཞེས། །དེ་ལྟར་ཅི་རིགས་ཤེས་ནས་སུ། །བཀུར་སྟི་དག་ལ་མི་དགའ་ཞིང་། །དབེན་པ་རིམ་གྱིས་འཕེལ་བྱེད་པའི། །དགེ་སློང་སངས་ [13a.7]རྒྱས་ཉན་ཐོས་ཡིན། །ཐམས་ཅད་ལ་ནི་མི་རྩོལ་ཞིང་། །མི་ཡིས་འཕྲིགས་པར་མ་གྱུར་དང་། །འཚོ་བ་གཞན་ལ་མི་རྟེན་ཅིང་། །ཆོས་ལ་ཚོང་བ་བཞིན་མི་སྤྱད། །རང་གི་རྙེད་པ་བླང་བྱ་ཞིང་། །གཞན་གྱི་ལ་ནི་འདོད་མི་སྐྱེད། །དགེ་སློང་གཞན་གྱི་འདོད་བྱེད་པས། །ཏིང་འཛིན་ [13b] [13b.1]ཐོབ་པར་མི་འགྱུར་རོ། །གལ་ཏེ་བདེ་བར་འཚོ་འདོད་ཅིང་། །དགེ་སྦྱོང་འདི་ལ་ལྟ་འདོད་ན། །དགེ་འདུན་གྱིས་ནི་ཆོས་གོས་དང་། །བཟའ་བཏུང་བྱིན་པར་གྱུར་ན་བླང་། །གལ་ཏེ་བདེ་བར་འཚོ་འདོད་ཅིང་། །དགེ་སྦྱོང་འདི་ལ་ལྟ་འདོད་ན། །བྱི་བའི་ཁུང་ནས་སྦྲུལ་ལྟ་བུར། ། [13b.2]གནས་མལ་དག་ལ་བསྟེན་པར་གྱིས། །གལ་ཏེ་བདེ་བར་འཚོ་འདོད་ཅིང་། །དགེ་སྦྱོང་འདི་ལ་ལྟ་འདོད་ན། །ངན་ངོན་ཙམ་གྱིས་ཆོག་ཤེས་ཤིང་། །ཆོས་གཅིག་པོ་ཡང་བསྒོམ་པར་བྱ། །གལ་ཏེ་མང་པོ་མི་ཤེས་ཤིང་། །ཚུལ་ཁྲིམས་ལེགས་པར་མཉམ་བཞག་ན། །དེ་ཤེས་ [13b.3]པ་དག་འཚོ་དག་ཅིང་། །སྙོམ་ལས་མེད་ཅེས་སྟོད་པར་བྱེད། །གལ་ཏེ་འཆི་བདག་ཉམས་བྱེད་པའི། །ཟག་མེད་རིག་པ་གསུམ་ལྡན་ན། །བླུན་པོས་ཅི་ཡང་མི་ཤེས་ཞེས། །བསམས་ནས་དེ་ལ་འཕྱ་ཡང་སླ། །གང་ཟག་སྡིག་པའི་ཆོས་ཅན་ལ། །གལ་ཏེ་བཟའ་དང་བཏུང་བ་ [13b.4]ཡི། །རྙེད་པ་དག་དང་ལྡན་གྱུར་ན། །དེ་ལ་དེ་དག་མཆོད་པ་བྱེད། །མགོ་བྲེགས་ངུར་སྨྲིག་བྱིས་པ་ཡི། །བཟའ་བ་དང་ནི་བཏུང་བ་དང་། །གོས་དང་མལ་ཆ་རྙེད་པ་སྟེ། །དགྲ་བྱེད་མང་བ་ཁོ་ནར་ཟད། །དེ་ལྟར་བཀུར་སྟི་འཇིགས་ཆེན་གྱི། །སྐྱོན་རྣམས་ཁོང་དུ་ཆུད་བྱས་ནས། ། [13b.5]འཕྲིགས་ཉུང་སེམས་ཁྲལ་བསྐྱུངས་ནས་སུ། །དྲན་ལྡན་དགེ་སློང་ཀུན་དུ་རྒྱུས། །ཁམ་གྱི་ཟས་ཀྱིས་སེམས་ཞིར་མི་འགྱུར་ཡང་། །འཚོ་བ་འདི་ཕྱིར་མི་བཟའ་མི་བྱ་སྟེ། །ཁ་ཟས་ཀྱིས་ནི་ལུས་དག་གནས་འགྱུར་བ། །དེ་ལྟར་རྟོགས་ལ་བསོད་སྙོམས་དག་ལ་རྒྱུས། །རིགས་ཀྱིས་ཕྱག་ [13b.6]བྱས་མཆོད་པ་གང་ཡིན་འདི། །ཟུག་རྔུ་ཕྲ་མ་དབྱུང་བར་དཀའ་བ་སྟེ། །མི་ཡིས་བཟོད་དཀའ་བཀུར་སྟི་གང་ཡིན་འདི། །འདམ་དང་འདྲ་བར་རབ་ཏུ་རྟོགས་པར་གྱིས། །བཀུར་སྟིའི་ཚོམས་ཏེ་བཅུ་གསུམ་པའོ།། །།སྡིག་པའི་ལས་ནི་མི་བྱེད་པ། །འཁུ་བྱ་མིན་ལ་གང་ [13b.7]འཁུ་བ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །དེ་ཉིད་སྡིག་པ་རྣམས་ཀྱིས་གོས། །དང་པར་བདག་ནི་ཕུང་བྱེད་ཅིང་། །ཕྱི་ནས་གཞན་ཡང་ཕུང་བྱེད་པ། །ཁྲ་ཡི་གཟན་མའི་བྱ་ལྟ་བུར། །ཕུང་ཞིང་གཞན་ཡང་ཕུང་བར་བྱེད། །རྡེག་པར་བྱེད་པས་རྡེག་པ་འཐོབ། །འཁོན་དུ་ [14a] [14a.1]འཛིན་པས་འཁོན་ཅན་མཐོང་། །དེ་བཞིན་གཤེ་བས་གཤེ་བ་སྟེ། །ཁྲོ་བར་བྱེད་ལ་ཁྲོ་བ་འབྱུང་། །འདི་གཞན་དགེ་སྦྱོང་བྱིས་པ་སྟེ། །དམ་པའི་ཆོས་ལ་མི་མཁས་པ། །ཡོངས་སུ་ཚེ་ཐུང་འདི་ལ་ཡང་། །གྱི་ནའི་ཕྱིར་ནི་འཁོན་པར་བྱེད། །འདི་ནི་མཆོག་ [14a.2]ཅེས་བསམས་ནས་སུ། །སོ་སོར་སྨྲ་ཞིང་མཐུན་འཇུག་པས། །འདི་ན་དགེ་འདུན་འབྱེད་པའི་ཚེ། །ཅི་ཕྱིར་སྟོབས་མེད་སེམས་མི་བྱེད། །རུས་པ་གཅོག་ཅིང་སྲོག་གཅོད་ལ། །རྟ་ཕྱུགས་ནོར་ནི་འཕྲོག་པ་དང་། །ཡུལ་འཁོར་འཇོམས་པར་བྱེད་པ་ཡང་། །ཕྱི་ནས་འཇལ་ [14a.3]དུམ་བྱེད་པ་ལྟར། །མཁས་པས་བརྟགས་ཤིང་གསུངས་པའི་ཚིག །སྤྱོད་ཡུལ་སྟོན་པར་བྱེད་པ་ཡི། །ཆོས་འདི་རྣམ་པར་ཤེས་ན་གོ། །ཁྱེད་ཅག་ཅི་ཕྱིར་བྱེད་མི་འགྱུར། །ཁྱོད་ནི་མི་མཁས་ལུགས་ཅན་ཏེ། །ཁ་བྱ་ཡིས་ནི་རྩོལ་བྱེད་པ། །ཕ་རོལ་པོ་དག་མི་ཤེས་པས། ། [14a.4]བདག་ནི་འདི་ལ་བརྩོན་པར་བྱེད། །འདི་ན་མཁས་པ་གང་ཡིན་པ། །དེ་དག་བཞམས་པའི་ཚིག་གིས་ཞི། །བདག་ལ་ཁ་ཟེར་བདག་ལ་གཤེ། །བདག་ཕམ་བདག་ཕམ་བྱེད་པའོ་ཞེས། །འདི་གང་སེམས་ལ་འཛིན་བྱེད་པ། །དེ་ཡི་འཁོན་ནི་ཞི་མི་འགྱུར། །བདག་ལ་ཁ་ཟེར་ [14a.5]བདག་ལ་གཤེ། །བདག་ཕམ་བདག་ཕམ་བྱེད་པའོ་ཞེས། །འདི་གང་སེམས་ལ་མི་འཛིན་པ། །དེ་ཡི་འཁོན་ནི་ཞི་བར་འགྱུར། །འདི་ན་འཁོན་གྱིས་འཁོན་ཅན་དག །ནམ་ཡང་ཞི་བར་འགྱུར་བ་མེད། །བཟོད་པས་འཁོན་ནི་ཞི་འགྱུར་བ། །འདི་ནི་ཆོས་ཀྱི་རང་བཞིན་ [14a.6]ཡིན། །འཁོན་གྱིས་འཁོན་ཅན་ནམ་ཡང་ཞི་མི་འགྱུར། །འཁོན་མེད་རྣམས་ཀྱིས་འཁོན་ནི་ཞི་བར་བྱེད། །ཤ་ཁོན་ཞུགས་པ་ལུས་ཅན་ལ་གནོད་པས། །དེ་ཕྱིར་མཁས་པས་འཁོན་པར་མི་བྱའོ། །བརྟན་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི། །གྲོགས་པོ་མཁས་ [14a.7]པ་གལ་ཏེ་རྙེད་ན་ནི། །ཉོན་མོངས་ཐམས་ཅད་མངོན་པར་ཟིལ་མནན་ནས། །དྲན་ལྡན་དགའ་བའི་ཡིད་ཀྱིས་དེ་དང་སྤྱད། །བརྟན་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི། །གྲོགས་པོ་མཁས་པ་གལ་ཏེ་མ་རྙེད་ན། །ཡུལ་འཁོར་ཡངས་པ་སྤངས་པའི་རྒྱལ་པོ་ལྟར། ། [14b] [14b.1]གཅིག་པུས་སྤྱད་བྱ་སྡིག་པ་མི་བྱའོ། །བདག་དང་མཐུན་པར་སྤྱོད་པ་ཡི། །གྲོགས་བཟང་རྙེད་པར་མ་གྱུར་ན། །བྱིས་པ་གྲོགས་སུ་མི་འགྱུར་བས། །གཅིག་པུས་སྤྱོད་པ་བརྟན་པར་བྱ། །བྱིས་པ་གྲོགས་སུ་མི་འགྱུར་བས། །གཅིག་པུ་སྤྱོད་པར་བྱེད་སླ་བས། །མ་ཏང་ [14b.2]དགོན་པའི་གླང་པོ་ལྟར། །སེམས་ཁྲལ་བསྐྱུངས་ཏེ་གཅིག་པུ་སྤྱད། །འཁུ་བའི་ཚོམས་ཏེ་བཅུ་བཞི་པའོ།། །།སངས་རྒྱས་ཀྱིས་ནི་བསྟན་པ་བཞིན། །གང་གི་དབུགས་དབྱུང་རྔུབ་དྲན་པ། །ཡོངས་སུ་རྫོགས་པར་ལེགས་བསྒོམས་པས། །རིམ་གྱིས་ཡོངས་ [14b.3]སུ་བྱང་གྱུར་ཏེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ནས་གསལ། །འགྲེང་དང་འདུག་དང་དེ་བཞིན་ཉལ་བ་དང་། །ལུས་དང་དེ་བཞིན་སེམས་ནི་འཇོག་བྱེད་ཅིང་། །དགེ་སློང་དྲན་པ་དེ་ལེགས་འཇོག་པ་ན། །སྔ་ཕྱིའི་ཁྱད་པར་རྣམས་ནི་འཐོབ་པར་འགྱུར། ། [14b.4]སྔ་ཕྱིའི་ཁྱད་པར་རྣམས་ནི་ཐོབ་གྱུར་ན། །འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། །ལུས་རྟོགས་དྲན་པ་ཉེ་བར་བཞག་ནས་སུ། །རེག་པའི་སྐྱེ་མཆེད་དྲུག་ནི་བསྡམས་བྱས་ཏེ། །གང་ཞིག་རྟག་ཏུ་མཉམ་པར་འཇོག་བྱེད་པ། །དེ་བདག་ཉིད་ཀྱིས་མྱ་ངན་འདས་པ་རྟོགས། ། [14b.5]གང་ཞིག་རྟག་ཏུ་རྣམ་པ་ཐམས་ཅད་དུ། །ལུས་རྟོགས་དྲན་པ་ཉེ་བར་འཇོག་བྱེད་པ། །བདག་ཉིད་མེད་ཅིང་བདག་གིར་འཛིན་པ་མེད། །བདག་ཏུ་མི་འགྱུར་བདག་གིར་འཛིན་མི་འགྱུར། །དེ་ལྟར་དགེ་སློང་མཉམ་འཇོག་མྱུར་དུ་ནི། །ཡུལ་ལ་སྲེད་པ་དག་ལས་རྒལ་བར་འགྱུར། ། [14b.6]གང་ཞིག་དྲན་དང་ཤེས་བཞིན་མཉམ་འཇོག་དང་། །དགའ་དང་རབ་ཏུ་དང་བས་དུས་དུས་སུ། །ཆོས་འདི་ལ་སྤྱོད་མེལ་ཙེ་བྱེད་པ་དེ། །སྐྱེ་རྒ་རྣམས་ལས་རྒལ་བར་འགྱུར་ཞེས་གསུང་། །དེ་ལྟས་རྟག་ཏུ་མེལ་ཙེ་བྱེད་སྟེན་ཅིང་། །དགེ་སློང་མཁས་པ་དྲན་ལྡན་བརྩོན་པ་ཡིས། ། [14b.7]སྐྱེ་བ་ཀུན་དུ་སྦྱོར་བ་སྤངས་ནས་སུ། །དེས་ནི་འདི་ལ་མྱ་ངན་འདས་པ་འཐོབ། །གཉིད་ལོག་དེ་དག་སད་པར་བྱེད་པ་ཡི། །མེལ་ཙེ་བདག་ལས་ཁྱོད་ཉོན་ཅིག །ཉལ་བས་མེལ་ཙེ་བྱེད་སླ་སྟེ། །མེལ་ཙེ་བྱེད་ལ་འཇིགས་པ་མེད། །མེལ་ཙེ་བྱེད་པར་བརྩོན་པ་དང་། །ཉིན་མཚན་ [15a] [15a.1]རྗེས་སུ་སློབ་བྱེད་ཅིང་། །འཆི་བ་མེད་ལ་ལྷག་མོས་པའི། །ཟག་པ་རྣམས་ནི་ཟད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་ཅིང་། །གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་མི་ཡི་རྙེད་པ་ཡིན། །གང་ཞིག་ [15a.2]ཉིན་དང་མཚན་རྣམས་སུ། །ཆོས་རྣམས་རྗེས་སུ་དྲན་བྱེད་ཅིང་། །གང་དག་ཆོས་ལ་སྐྱབས་སོང་བ། །དེ་དག་མི་ཡི་རྙེད་པ་ཡིན། །གང་ཞིག་ཉིན་དང་མཚན་རྣམས་སུ། །དགེ་འདུན་རྗེས་སུ་དྲན་བྱེད་ཅིང་། །གང་དག་དགེ་འདུན་སྐྱབས་སོང་བ། །དེ་དག་མི་ཡི་རྙེད་པ་ཡིན། ། [15a.3]གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །ཆོས་རྣམས་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་ [15a.4]པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །དགེ་འདུན་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །ཚུལ་ཁྲིམས་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་ [15a.5]པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །གཏོང་བ་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །ལྷ་ནི་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། ། [15a.6]ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་ལུས་རྟོགས་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་ཏིང་འཛིན་བཞི་དྲན་པ། །གཽ་ཏ་མ་ཡི་ [15a.7]ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །འཚེ་བ་མེད་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །གནོད་སེམས་མེད་ལ་ཡིད་ [15b] [15b.1]དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །བསྒོམ་པ་ལ་ནི་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །སྟོང་ [15b.2]པ་ཉིད་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །མཚན་མ་མེད་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་ [15b.3]རྣམས་སུ། །དབེན་པ་ལ་ནི་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །ངེས་པར་འབྱུང་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། ། [15b.4]གང་ཞིག་ཉིན་དང་མཚན་རྣམས་སུ། །ཅི་ཡང་མེད་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །མྱ་ངན་འདས་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་ [15b.5]སད་པར་འགྱུར། །དྲན་པའི་ཚོམས་ཏེ་བཅྭ་ལྔ་པའོ།། །།བདག་གི་བྱ་བ་བྱ་བའི་དུས་གཡོ་བས། །དང་པོ་ཁོ་ནར་བྱ་བའི་མེལ་ཙེ་གྱིས། །བདག་གིས་དང་པོ་དེ་ལྟར་བྱས་ན་ནི། །བྱ་བ་བྱ་བའི་དུས་ལྟར་ཟད་འདོད་ཅིང་། །ཇི་ལྟར་འདོད་པ་དེ་བཞིན་འབྱོར་འགྱུར་ [15b.6]བར། །དེ་ཡི་རང་བཞིན་ང་ཡིས་མཐོང་བས་ན། །ཇི་སྲིད་དོན་ནི་ཕུན་སུམ་ཚོགས་འགྱུར་བ། །དེ་སྲིད་བར་དུ་མི་ཡིས་བསྒྲིམ་པར་གྱིས། །བསྒྲིམ་ཞིང་བརྩོན་པར་བྱ་བ་ཡིས། །བདག་ཉིད་གླིང་དུ་འགྱུར་བར་བྱ། །མགར་བ་ཡིས་ནི་དངུལ་བཞིན་དུ། །རང་གི་དྲི་མ་སྦྱང་བར་ [15b.7]གྱིས། །དྲི་མ་སྦྱངས་པ་སྐྱོན་མི་འབྱུང་། །ཕྱི་ནས་སྐྱེ་དང་རྒ་མི་འཐོབ། །ངོ་ཚ་མིན་ལ་ངོ་ཚ་ཞིང་། །ངོ་ཚ་བ་ལ་ངོ་མི་ཚ། །མི་འཇིགས་པ་ལ་འཇིགས་ལྟ་དང་། །འཇིགས་ལ་མི་འཇིགས་ལྟ་བ་ཡི། །ལོག་པར་ལྟ་བ་བླངས་པ་ཡིས། །སེམས་ཅན་ངན་འགྲོར་འགྲོ་བར་འགྱུར། ། [16a] [16a.1]འདི་ན་གང་སྔོན་བག་མེད་ལས། །ཕྱི་ནས་བག་དང་ལྡན་གྱུར་ཏེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ནས་གསལ། །འདི་ན་གང་སྔོན་བག་མེད་ལས། །ཕྱི་ནས་བག་དང་ལྡན་གྱུར་ཏེ། །འཇིག་རྟེན་འདི་ན་སྲེད་པ་ལས། །དྲན་པ་ [16a.2]ལེགས་པར་འདའ་བར་འགྱུར། །གང་ཞིག་གཞོན་ནུར་རབ་བྱུང་ནས། །སངས་རྒྱས་བསྟན་ལ་འཇུག་པ་དེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ནས་གསལ། །གང་ཞིག་གཞོན་ནུར་རབ་བྱུང་ནས། །སངས་རྒྱས་བསྟན་ལ་འཇུག་པ་དེ། །འཇིག་རྟེན་འདི་ན་ [16a.3]སྲེད་པ་ལས། །དྲན་པས་ལེགས་པར་འདའ་བར་འགྱུར། །གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བས་འགེབས་པར་བྱེད་པ་དེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ནས་གསལ། །གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བས་འགེབས་པར་བྱེད་པ་དེ། ། [16a.4]འཇིག་རྟེན་འདི་ན་སྲེད་པ་ལས། །དྲན་པས་ལེགས་པར་འདའ་བར་འགྱུར། །གང་ཞིག་གསོན་ལ་མི་དགའ་བ། །དེ་ནི་ཤི་ནའང་མྱ་ངན་མེད། །བརྟན་པ་གོ་འཕང་མཐོང་བ་དེ། །མྱ་ངན་དབུས་ནའང་གདུང་མི་འགྱུར། །གང་ཞིག་གསོན་ལ་མི་དགའ་བ། །དེ་ནི་ཤི་ནའང་ [16a.5]མྱ་ངན་མེད། །བརྟན་པ་གོ་འཕང་མཐོང་བ་དེ། །གཉེན་འདུན་དབུས་ན་ལམ་མེར་འདུག །དགེ་སློང་དཀར་པོ་བསྒོམ་གྱིས་ལ། །ནག་པོའི་ཆོས་ནི་རྣམ་པར་སྤོངས། །ཁྱིམ་ནས་ཁྱིམ་མེད་སོང་ནས་སུ། །སྤྱོད་ཡུལ་དབེེན་པ་གང་ཡིན་པ། །དེ་ལ་མངོན་པར་དགའ་ [16a.6]བསླབ་ཅིང་། །འདོད་པ་ཅི་ཡང་མེད་པར་སྤོངས། །རྟག་ཏུ་སྙིང་པོ་དག་པ་དང་། །རྟག་ཏུ་གསོ་སྦྱོང་དག་པ་དང་། །གཙང་མའི་ལས་ནི་དག་པ་དེའི། །བརྟུལ་ཞུགས་ཕུན་སུམ་ཚོགས་པར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་འདོད་ཆགས་སྐྱོན། །དེ་བས་ [16a.7]འདོད་ཆགས་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་ཞེ་སྡང་སྐྱོན། །དེ་བས་ཞེ་སྡང་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་གཏི་མུག་སྐྱོན། །དེ་ [16b] [16b.1]བས་གཏི་མུག་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་ང་རྒྱལ་སྐྱོན། །དེ་བས་ང་རྒྱལ་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་ཆགས་པ་སྐྱོན། ། [16b.2]དེ་བས་ཆགས་དང་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་སྲེད་པ་སྐྱོན། །དེ་བས་སྲེད་དང་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །དྲུག་པ་བདག་པོ་རྒྱལ་པོ་སྟེ། །ཆགས་པར་གྱུར་ན་ཆགས་ [16b.3]ཅན་ཡིན། །མ་ཆགས་གྱུར་ན་མ་ཆགས་ཡིན། །ཆགས་པ་བྱིས་པ་ཞེས་བརྗོད་དོ། །འདོད་ཆགས་ཞེ་སྡང་ང་རྒྱལ་དང་། །འཆབ་པ་གང་དུ་གནས་པ་ཡི། །གྲོང་ཁྱེར་རུས་པའི་ར་བ་ཅན། །ཤ་དང་ཁྲག་གིས་ཞལ་ཞལ་བྱས། །རྒྱུ་ཡིས་ཀུན་ནས་བསླང་བ་ལས་བྱུང་ [16b.4]སྡུག་བསྔལ་ཅན། །དེ་མ་མཐོང་ན་དེར་ནི་དེ་དག་འཆིང་འགྱུར་ཞིང་། །དེ་དག་རྟོགས་ན་ཆུ་བོ་རྣམས་ནི་རབ་ཏུ་སྤོང་། །ཕྱི་རོལ་པ་ལ་ཆགས་པ་དེ་དག་སྤོང་བ་མེད། །སིལ་བུའི་ཚོམས་ཏེ་བཅུ་དྲུག་པའོ།། །།དེ་དག་ཁྱིམ་ལ་མི་དགའ་བར། །དྲན་དང་ལྡན་པ་ [16b.5]འབད་པ་ཡིས། །ངང་པས་མཚོ་ངན་སྤོང་བ་ལྟར། །དེ་དག་ཁྱིམ་སྤངས་ཆུ་བོ་རྒལ། །བརྟན་པ་འཇིག་རྟེན་ངེས་བྱུང་ནས། །བདུད་ཀྱི་སྡེ་རྣམས་རབ་བཅོམ་སྟེ། །ཉི་མའི་ལམ་ནས་ངང་པ་ལྟར། །རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། །ཚངས་པར་སྤྱོད་པ་མ་སྤྱད་ཅིང་། ། [16b.6]གཞོན་ནུར་ནོར་ནི་མ་རྙེད་པ། །མཚོ་ངན་ཉ་ཉུང་ངོགས་དག་ན། །ཆུ་སྐྱར་རྒན་སེམས་བཞིན་དུ་འགྱུར། །ཚངས་པར་སྤྱོད་པ་མ་སྤྱད་ཅིང་། །གཞོན་ནུར་ནོར་ནི་མ་རྙེད་པ། །སྔོན་ཆད་བྱས་པ་རྗེས་དྲན་ཞིང་། །ལུས་བསྐུམས་ནས་ནི་ཉལ་བར་འགྱུར། །སྡིག་པ་ཆུང་བྱས་ [16b.7]བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག །ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་དུ། །ཆུང་ཟད་ཆུང་ཟད་བསགས་པ་ཡི། །སྡིག་པས་བྱིས་པ་གང་བར་འགྱུར། །དགེ་བ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འང་མ་སེམས་ཤིག ། [17a] [17a.1]ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་དུ། །ཆུང་ཟད་ཆུང་ཟད་བསགས་པ་ཡི། །དགེ་བས་བརྟན་པ་གང་བར་འགྱུར། །གང་ཞིག་རགས་བརྩིགས་མཚོ་ངན་སྤངས། །རྒྱ་མཚོའི་ཆུ་བོ་རྒལ་འདོད་པ། །སྐྱེ་བོས་གཟིངས་ནི་བཅས་ [17a.2]ནས་ཀྱང་། །སྐྱེ་བོ་མཁས་པ་རྒལ་བར་བྱེད། །རྒལ་ནས་སངས་རྒྱས་བཅོམ་ལྡན་འདས། །བྲམ་ཟེ་སྐམ་སར་གནས་པར་མཛད། །དེ་ལ་དགེ་སློང་ཁྲུས་བྱེད་ཅིང་། །ཉན་ཐོས་རྣམས་ཀྱིས་གཟིངས་ཀྱང་བཅས། །ཇི་ལྟར་མཚོ་ཆེན་ཟབ་མོ་དག །རབ་ཏུ་མནམ་དང་རྙོག་མེད་ [17a.3]ལྟར། །དེ་བཞིན་མཁས་པ་རབ་དང་པས། །འདི་ནི་ཆོས་ནི་ཉན་པར་བྱེད། །འདི་ལྟར་ཀུན་ན་ཆུ་ཡོད་པས། །སུ་ཞིག་ཚོལ་ཞིང་རྒྱུ་བྱེད་དེ། །ཁྲོན་པའི་ཆུ་ལྟ་ཅི་ཞིག་དགོས། །སྲེད་པ་རྩ་ནས་གཅད་པར་གྱིས། །བཙོ་བླག་མཁན་དག་ཆུས་འཁྲུ་ཞིང་། །མདའ་མཁན་མེས་ནི་ [17a.4]སྲོང་བ་དང་། །ཤིང་མཁན་ཤིང་ལ་འཇོག་སྦྱོང་ལྟར། །མཁས་པས་བདག་ཉིད་གདུལ་བར་བྱ། །ནམ་མཁའ་ལྟ་བུར་ཆགས་མེད་ཅིང་། །སྒོ་ཐེམ་ལྟ་བུར་གཡོ་བ་མེད། །རྙོག་པ་ཅན་གྱི་མཚོ་ལྟ་བུར། །མཁས་པ་འཁོར་བ་ལ་མི་དགའ། །ཆུའི་ཚོམས་ཏེ་བཅུ་བདུན་ [17a.5]པའོ།། །།ལྷར་བཅས་གཤིན་རྗེའི་འཇིག་རྟེན་འདི། །ས་སྟེངས་ལས་རྒྱལ་གང་ཞིང་ལགས། །མེ་ཏོག་ལྟ་བུར་རབ་འདོད་པའི། །ཆོས་བཞི་ལེགས་པར་སྟོན་མཁས་གང་། །ལྷར་བཅས་གཤིན་རྗེའི་འཇིག་རྟེན་འདི། །ས་སྟེངས་ལས་རྒྱལ་སློབ་པ་ཡི། །མེ་ [17a.6]ཏོག་ལྟ་བུར་རབ་འདོད་པའི། །ཆོས་བཞི་ལེགས་པར་སྟོན་མཁས་ཏེ། །ནགས་ཚལ་ལས་ནི་འཇིགས་སྐྱེས་ཕྱིར། །ནགས་ཚལ་གཅད་ཀྱི་ཤིང་མ་ཡིན། །ནགས་དང་ནགས་སྦྱོར་ཆོད་ཅིག་དང་། །དགེ་སྦྱོང་མྱ་ངན་འདའ་བར་འགྱུར། །གལ་ཏེ་ནགས་སྦྱོར་མ་བཅད་ན། ། [17a.7]ཕྲ་རབ་ཀྱིས་ཀྱང་མི་རྣམས་སྐྱེ། །མ་དྲུང་ནུ་ཞོ་འདོད་བེེའུ་ལྟར། །དེ་ཡིས་ཡིད་ནི་རབ་ཏུ་འཆིང་། །ལག་པས་སྟོན་ཀའི་པདྨ་ལྟར། །བདག་ལ་དགའ་བ་བཅད་ནས་སུ། །རྒྱལ་གསུངས་མྱ་ངན་འདས་པའི་ཕྱིར། །ཞི་བའི་ལམ་ཉིད་བསྐྱེད་པར་གྱིས། །ཇི་ལྟར་མེ་ཏོག་ཡིད་འོང་བ། ། [17b] [17b.1]ཁ་དོག་བཟང་ཡང་དྲི་མེད་ལྟར། །དེ་བཞིན་ལེགས་པར་གསུངས་པའི་ཚིག །འབྲས་བུ་མེད་པར་མ་བྱེད་ཅིག །ཇི་ལྟར་བུང་བ་མེ་ཏོག་གི །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །གཞན་གྱི་སྐྱོན་ལ་མི་བརྟག་ཅིང་། ། [17b.2]གཞན་གྱིས་བྱས་དང་མ་བྱས་མིན། །བདག་ཉིད་ཀྱིས་ནི་རིགས་པ་དང་། །མི་རིགས་བྱ་ལ་བརྟག་པར་བྱ། །ཇི་ལྟར་ཕྱག་དར་ཕུང་པོ་དག །མི་གཙང་ཆུ་ནི་མེད་འདི་ལས། །པདྨ་ཁ་བྱེ་གཙང་བ་དང་། །དྲི་ཞིམ་ཡིད་འོང་རབ་སྐྱེས་ལྟར། །དེ་ [17b.3]བཞིན་སོ་སོ་སྐྱེ་བོ་དག །ལྡོངས་གྱུར་ཕྱག་དར་ཕུང་འདི་ལས། །རྫོགས་སངས་རྒྱས་ཀྱི་ཉན་ཐོས་དག །ཤེས་རབ་ཀྱིས་ནི་གསལ་བ་འབྱུང་། །ཇི་ལྟར་མེ་ཏོག་ཕུང་པོ་ལས། །མེ་ཏོག་ཕྲེང་རྒྱུད་མང་བྱེད་ལྟར། །དེ་བཞིན་མིར་ནི་སྐྱེས་པ་ཡིས། །དགེ་བ་ཕལ་ཆེན་རྣམས་ [17b.4]ཀྱང་བྱ། །ཇི་ལྟར་དབྱར་ཀ་བ་ཀུ་ལའི། །མེ་ཏོག་རབ་ཏུ་རྣམ་འབྲུལ་ལྟར། །དེ་བཞིན་དགེ་སློང་འདོད་ཆགས་དང་། །ཞེ་སྡང་གཏི་མུག་སྤང་བར་གྱིས། །མི་ཡི་ཡིད་ལ་རྣམ་ཆགས་དང་། །མེ་ཏོག་བཞིན་དུ་རབ་བསགས་པ། །འཆི་བདག་གིས་ནི་བླངས་ནས་འགྲོ། ། [17b.5]ཉལ་གྲོང་ཆུ་བོས་བདས་པ་བཞིན། །མི་ཡི་ཡིད་ལ་རྣམ་ཆགས་དག །མེ་ཏོག་བཞིན་དུ་རབ་བསགས་པ། །འདོད་པ་རྣམས་ཀྱིས་མི་ངོམས་ཤིང་། །འཆི་བདག་གིས་ནི་དབང་དུ་བྱེད། །མི་ཡི་ཡིད་ལ་རྣམ་ཆགས་དག །མེ་ཏོག་བཞིན་དུ་རབ་བསགས་པ། །ལོངས་ [17b.6]སྤྱོད་སྐྱེ་བར་མི་འགྱུར་ཞིང་། །འཆི་བདག་གིས་ནི་དབང་དུ་བྱེད། །མི་ཡི་ཡིད་ལ་རྣམ་ཆགས་དག །མེ་ཏོག་བཞིན་དུ་རབ་བསགས་པ། །བྱ་བ་མཐར་ནི་མ་ཕྱིན་པར། །འཆི་བདག་གིས་ནི་དབང་དུ་བྱེད། །ལུས་འདི་བུམ་པ་འདྲ་བར་རྟོགས་བྱས་ཤིང་། །དེ་བཞིན་ཆོས་ [17b.7]རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ། །འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། །འཇིག་རྟེན་འདི་དག་བུམ་པ་འདྲར་རྟོགས་ཤིང་། །དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ། ། [18a] [18a.1]འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། །ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་། །དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ། །འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། ། [18a.2]འཇིག་རྟེན་འདི་དག་དབུ་བ་འདྲར་རྟོགས་ཤིང་། །དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ། །འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། །སྲིད་པ་ཨུ་དུམ་བཱ་རའི་མེ་ཏོག་ལྟར། །སྙིང་པོ་མེད་པར་སེམས་པའི་དགེ་སློང་ [18a.3]གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། །འདོད་ཆགས་མ་ལུས་གཅོད་བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་ [18a.4]བའི་མེ་ཏོག་ཆུ་གནས་ལྟའི། །ཞེ་སྡང་མ་ལུས་གཅོད་བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། །གཏི་མུག་མ་ལུས་གཅོད་བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ [18a.5]ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། །ང་རྒྱལ་མ་ལུས་གཅོད་བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། །ཆགས་ [18a.6]པ་མ་ལུས་གཅོད་བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། །སྲེད་པ་མ་ལུས་གཅོད་བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་ [18a.7]རྙིང་རྗེ་བ་བཞིན། །མེ་ཏོག་གི་ཚོམས་ཏེ་བཅོ་བརྒྱད་པའོ།། །།ཇི་ལྟར་རྟ་བཟངས་ལྕག་གིས་གཞུས་པ་ན། །སྐྲག་ཅིང་ཤུགས་དྲག་འགྲོ་བྱེད་ཇི་བཞིན་དུ། །དད་པ་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་། །ཆོས་རྣམས་རྣམ་པར་གཏན་ལ་འབེེབས་ལྡན་ཞིང་། །དབང་ [18b] [18b.1]པོ་མཉམ་གཞག་བཟོད་ལྡན་འགྲོགས་བདེ་བ། །སྐྱོབ་པ་དེ་རྣམས་སྲིད་པ་མ་ལུས་སྤོང་། །ཇི་ལྟར་རྟ་བཟངས་ལྕག་གིས་གཞུས་པ་ན། །སྐྲག་ཅིང་ཤུགས་དྲག་འགྲོ་བྱེད་ཇི་བཞིན་དུ། །དད་པ་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་། །ཆོས་རྣམས་རྣམ་པར་གཏན་ལ་འབེབས་ལྡན་ཞིང་། །རིག་ [18b.2]དང་རྐང་པར་ལྡན་ཞིང་དྲན་ལྡན་པའི། །སྐྱོབ་རྣམས་སྡུག་བསྔལ་མ་ལུས་སྤོང་བར་མཛད། །འདུལ་སྦྱོང་བྱེད་པས་ལེགས་བཏུལ་རྟ་ལྟ་བུར། །གང་ཞིག་དབང་པོ་ལེགས་པར་སྡོམ་པ་ཡིས། །ཁྲོ་བ་སྤོང་ཞིང་ཟག་པ་ཟད་བྱེད་པ། །ཐུབ་དེ་རྣམས་ཀྱིས་ལྷ་ཡི་བར་དུ་མྱོང་། །བག་ཡོད་པ་ [18b.3]ཡིས་བག་མེད་དང་། །མི་ཉལ་མང་པོས་གཉིད་ལོག་དང་། །རྟ་བཟངས་ཀྱིས་ནི་རྟ་རྒོད་ལྟར། །ཤིན་ཏུ་མཁས་པས་སྤངས་ནས་འགྲོ། །རྟ་བཟངས་ལ་ནི་ལྕག་བཞིན་དུ། །གང་ཞིག་ངོ་ཚ་ཤེས་སྟེན་ཅིང་། །ཤེས་རབ་ལེགས་པར་མཉམ་གཞག་པ། །དེས་ནི་སྡིག་པ་སེལ་བར་ [18b.4]བྱེད། །དུལ་བ་འདུན་སར་འགྲོ་བྱེད་ཅིང་། །དུལ་བ་རྒྱལ་པོ་ལྷག་པར་ཞོན། །གང་ཞིག་ཚིག་ངན་བཟོད་བྱེད་པ། །དུལ་བ་མི་ཡི་ནང་ན་མཆོག །གླང་པོའི་ནང་ན་གླང་ཆེན་དང་། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག ། [18b.5]བདག་ཉིད་ལེགས་འདུལ་གང་ཡིན་པའི། །མཁས་དེས་ཞི་བ་ཐོབ་འགྱུར་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གླང་པོའི་ནང་ན་གླང་ཆེན་དང་། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་ [18b.6]མཆོག །བདག་ཉིད་ལེགས་འདུལ་དྲན་ལྡན་གང་། །དེས་ནི་སྡུག་བསྔལ་མཐར་ཕྱིན་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གླང་པོའི་ནང་ན་གླང་ཆེན་དང་། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་ [18b.7]འདུལ་བ་མཆོག །བདག་ཉིད་ལེགས་འདུལ་དྲན་ལྡན་གང་། །དེས་ནི་འགྲོ་རྣམས་སྤོང་འགྱུར་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གླང་པོའི་ནང་ན་གླང་ཆེན་དང་། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་ [19a] [19a.1]བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་གང་ཡིན་དེས། །འཆིང་བ་བཅད་ནས་འགྲོ་འགྱུར་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །འདུལ་སྦྱོང་བྱེད་པས་རྟ་བཟངས་ལྟར། །བདག་ཉིད་ཁོ་ན་གདུལ་ [19a.2]བར་བྱ། །བདག་ཉིད་ལེགས་པར་འདུལ་བ་ཡིས། །སྡུག་བསྔལ་རྣམས་ཀྱི་ཕ་མཐར་ཕྱིན། །བདག་ཉིད་ཁོ་ན་བདག་གི་མགོན། །བདག་ཉིད་བདག་གི་སྐྱབས་ཡིན་པས། །འདུལ་སྦྱོང་བྱེད་པས་རྟ་བཟངས་ལྟར། །དེ་བས་བདག་ཉིད་གདུལ་བར་བྱ། །རྟའི་ཚོམས་ཏེ་བཅུ་དགུ་ [19a.3]པའོ།། །།ཁྲོ་བ་སྤངས་ཤིང་ང་རྒྱལ་རྣམ་སྤངས་ན། །ཀུན་སྦྱོར་ཀུན་ལས་ཤིན་ཏུ་འདའ་འགྱུར་ཞིང་། །མིང་དང་གཟུགས་ལ་ཆགས་པ་མེད་དེ་དག །ཅི་ཡང་མེད་པས་ཆགས་པའི་རྗེས་མི་ལྟུང་། །སྐྱེས་མ་ཐག་ཏུ་ཁྲོ་བ་སྤོངས། །སྐྱེས་ནས་འདོད་ཆགས་སྤང་བར་གྱིས། ། [19a.4]བརྟན་པས་མ་རིག་རབ་ཏུ་སྤང་། །བདེན་པ་མཐོང་ན་བདེ་བར་འགྱུར། །ཁྲོ་བ་སྤངས་ན་བདེ་བར་ཉལ། །ཁྲོ་བ་སྤངས་ན་གདུང་མི་འགྱུར། །དགེ་སློང་ཁྲོ་བ་བདེ་འཇོམས་པའི། །དུག་གི་རྩ་བ་ཆོམ་ཤིག་དང་། །འཕགས་པ་རྣམས་ཀྱིས་བསྔགས་འགྱུར་ཞིང་། །དེ་བཅོམ་པ་ཡིས་མྱ་ངན་ [19a.5]མེད། །གང་ཁྲོས་བདག་གིས་ལེགས་བྱས་ཀྱི། །མ་ལེགས་མིན་ཞེས་རབ་སྨྲ་བ། །དེ་ནི་ཁྲོ་བ་ཞི་འོག་ཏུ། །མེ་ཡིས་བསྲེགས་བཞིན་གདུང་བར་འགྱུར། །ངོ་ཚ་མེད་ཅིང་ཁྲེལ་མེད་པ། །ཁྲོ་བ་ཅན་ལ་བརྟུལ་ཞུགས་མེད། །ཁྲོ་བས་མངོན་པར་ཟིལ་གནོན་པ། །དེ་ལ་སུ་ཡང་རྟེན་ [19a.6]མི་བྱེད། །གང་ཞིག་བྱིས་པའི་མཐུ་སྟོབས་ཅན། །དེ་ཡི་སྟོབས་ནི་སྟོབས་མེད་ཡིན། །བྱིས་པ་ཆོས་དང་བྲལ་བ་ལ། །བསྒྲུབ་པར་བྱ་བ་ཡོད་རེ་སྐན། །གང་ཞིག་སྟོབས་དང་ལྡན་གྱུར་ཡང་། །སྟོབས་ཆུང་རྣམས་ཀྱི་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཉམ་ [19a.7]ཆུང་བ་ལྟ་རྟག་ཏུ་སྒུར། །གང་ཞིག་གཞན་གྱི་དཔོན་གྱུར་ཀྱང་། །སྟོབས་ཆུང་རྣམས་ཀྱི་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །གཞན་གྱིས་ལྷག་པར་བརྒྱད་བཀག་ཀྱང་། །སྟོབས་ལྡན་གང་ཞིག་བཟོད་བྱེད་པ། །དེ་ནི་ [19b] [19b.1]བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །གཞན་གྱིས་ལྷག་པར་སྨད་བྱས་ཀྱང་། །སྟོབས་ལྡན་གང་ཞིག་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །གང་ཞིག་ཕ་རོལ་ཁྲོས་རིག་ནས། །བདག་ཉིད་ཉེ་བར་ཞི་བྱེད་ [19b.2]པ། །དེ་ནི་བདག་དང་གཞན་དག་གི ། འཇིགས་ཆེན་དག་ལས་སྐྱོབ་པ་ཡིན། །གང་ཞིག་ཕ་རོལ་ཁྲོས་རིག་ནས། །བདག་ཉིད་ཉེ་བར་ཞི་བྱེད་པ། །དེ་ནི་བདག་དང་གཞན་དག་གི། །གཉི་གའི་དོན་ནི་སྤྱོད་པ་ཡིན། །བདག་ཉིད་དང་ནི་གཞན་དག་དང་། །གཉི་གའི་དོན་ནི་སྤྱོད་དེ་ལ། ། [19b.3]སྐྱེ་བོ་ཆོས་ལ་མི་མཁས་རྣམས། །བྱིས་པ་ཡིན་ཞེས་སེམས་ཀྱང་སླ། །གཙོ་བོའི་ཚིག་ནི་འཇིགས་ཕྱིར་བཟོད་བྱེད་དང་། །ཐབ་ཟླའི་ཚིག་ནི་འཐབ་གཅུགས་རྒྱུ་བཟོད་པས། །གང་ཞིག་དམན་པའི་ཚིག་ལ་བཟོད་བྱེད་དེ། །བཟོད་པའི་མཆོག་ཅེས་དམ་པས་རབ་ཏུ་གསུངས། །བྱིས་ [19b.4]པ་ཁྲོས་ནས་ཚིག་རྩུབ་དག །སྨྲས་ན་རྒྱལ་བར་འགྱུར་སྙམ་སེམས། །གང་ཞིག་ཚིག་དག་བཟོད་བྱེད་པ། །དེ་ནི་རྟག་ཏུ་རྒྱལ་བ་ཡིན། །བདེན་པར་སྨྲ་བྱ་ཁྲོ་མི་བྱ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །རྣམ་པ་འདི་གསུམ་གནས་ཀྱིས་ནི། །ལྷ་ཡི་གནས་སུ་འགྲོ་བར་འགྱུར། །ཁྲོ་བའི་ [19b.5]ཟིལ་གྱིས་ནོན་པའི་མིས། །རང་གི་དོན་ཀྱང་མི་རྟོགས་པས། །འཁོར་གྱི་ནང་དུ་བག་རྐྱོང་ལ། །ཁྲོ་བ་མེད་པའི་ཚིག་སྨྲོས་ཤིག །གང་ཞིག་ཁྲོས་ལ་སླར་ཁྲོ་བ། །དེ་ནི་སྡིག་པ་ཅན་འགྱུར་བས། །ཁྲོས་ལ་སླར་ནི་མ་ཁྲོ་དང་། །ཐུབ་པར་དཀའ་བའི་གཡུལ་ལས་རྒྱལ། །ཁྲོ་བ་ [19b.6]མེད་པས་ཁྲོ་བ་ཐུབ། །ལེགས་པས་ལེགས་པ་མ་ཡིན་ཐུབ། །སྦྱིན་པ་ཡིས་ནི་འཇུངས་པ་ཐུབ། །བདེན་པས་བདེན་པ་མ་ཡིན་ཐུབ། །དུལ་ཞིང་རིགས་པས་འཚོ་བ་དང་། །ཁྲོ་བ་མེད་པ་ག་ལ་ཁྲོ། །ཡང་དག་ཤེས་པས་རྣམ་གྲོལ་བའི། །མཁས་པ་རྣམས་ལ་ཁྲོ་བ་མེད། ། [19b.7]ཁྲོ་བ་མེད་ལ་འཚེ་མེད་ལ། །འཕགས་པའི་སྐྱེ་བོས་རྟག་བསྟེན་ཀྱང་། །སྐྱེ་བོ་སྡིག་ཅན་ཁྲོ་བ་དག །རི་བོ་བཞིན་དུ་སྒུར་བར་བྱེད། །གང་ཞིག་ཁྲོ་བ་བྱུང་བ་དང་། །ཤིང་རྟ་འཁྱམས་ལས་འཛིན་བྱེད་དེ། །འདུལ་སྦྱོང་མཁན་དུ་ངས་གསུངས་ཀྱི། །ཞགས་འདེགས་སྐྱེ་ [20a] [20a.1]བོ་ཕལ་བ་ཡིན། །ཁྲོ་བའི་ཚོམས་ཏེ་ཉི་ཤུ་པའོ། །སྡོམ་ལ། དགེ་སྦྱོང་ལམ་དང་བཀུར་སྟི་དང་། །འཁུ་དང་ལྔ་པ་དྲན་པ་སྟེ། །སིལ་བུ་ཆུ་དང་མེ་ཏོག་དང་། །རྟ་དང་ཁྲོ་བ་བཅུ་པའོ།། །།འཇིག་རྟེན་འདི་ན་ཀུན་རིག་ཀུན་ཟིལ་གནོན། ། [20a.2]འདི་ན་ཆོས་རྣམས་ཀུན་གྱིས་མ་གོས་ཤིང་། །ཀུན་སྤངས་སྲེད་ཟད་རབ་ཏུ་རྣམ་གྲོལ་བ། །ཉིད་ཀྱིས་མངོན་མཁྱེན་པ་ལ་སུ་ཡིས་བསྟན། །དེ་བཞིན་གཤེགས་པ་ལྷ་མིའི་སྟོན་པ་སྟེ། །སྟོབས་རྣམས་ཀུན་ལྡན་ཐམས་ཅད་མཁྱེན་པ་ང་། །བྱང་ཆུབ་བརྙེས་ནས་ཉིད་ཀྱིས་རབ་སྟོན་ [20a.3]པ། །མཚུངས་མེད་མཉམ་མེད་ང་ལ་སུ་ཡིས་བསྟན། །ང་ནི་འཇིག་རྟེན་དགྲ་བཅོམ་སྟེ། །འཇིག་རྟེན་དག་ན་བླ་མེད་ང་། །ལྷ་དང་བཅས་པའི་འཇིག་རྟེན་ན། །བདུད་རྣམས་ཟིལ་གནོན་རྒྱལ་བ་ང་། །ང་དང་འདྲ་བ་མེད་པས་ན། །ང་ལ་སློབ་དཔོན་སུ་ཡང་མེད། །འཇིག་རྟེན་ [20a.4]འདི་ན་གཅིག་པུ་ཡིས། །རྫོགས་པའི་བྱང་ཆུབ་བླ་མེད་བརྙེས། །གང་ཞིག་ཟག་པ་ཟད་བརྙེས་པ། །རྒྱལ་བ་ང་འདྲར་ཤེས་པར་གྱིས། །སྡིག་པའི་ཆོས་ལས་ང་རྒྱལ་བས། །དེ་བས་ཉི་འགྲོ་ང་རྒྱལ་བ། །འཇིག་རྟེན་ཡུལ་སྲེད་རྒལ་བ་ཡི། །ཀུན་མཁྱེན་སངས་རྒྱས་མྱ་ངན་ [20a.5]འདས། །འཇིག་རྟེན་པ་ལ་མ་བསྟན་པར། །ཀུན་ནས་འབྱུང་བ་མི་ཤེས་པས། །བཱ་རཱ་ཎ་སཱིར་སོང་ནས་སུ། །ངས་ནི་ཆོས་ཀྱི་རྔ་བརྡུང་ཞིང་། །འཇིག་རྟེན་སུས་ཀྱང་མ་བསྐོར་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱས། །དཔའ་བོ་དེ་བཞིན་གཤེགས་པ་རྣམས། །འདི་ན་ [20a.6]ཆོས་ཀྱིས་འདུལ་བར་མཛད། །དེ་དག་ཆོས་ཀྱིས་བཏུལ་བ་ལ། །མཁས་པ་སུ་ཡང་སྨོད་མི་བྱེད། །བརྟན་གང་ཏིང་འཛིན་ལ་ཞུགས་ཤིང་། །ངེས་འབྱུང་ཞི་ལ་དགའ་བ་དང་། །སྐུ་ཡི་ཐ་མ་འཛིན་པ་ཡི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །ཤེས་རབ་མྱུར་ [20a.7]བ་དེ་དག་ལ། །ལྷ་དང་མི་རྣམས་དགའ་བར་བྱེད། །གང་དག་འདས་པའི་སངས་རྒྱས་དང་། །གང་དག་མ་བྱོན་སངས་རྒྱས་དང་། །གང་དག་ད་ལྟར་རྫོགས་སངས་རྒྱས། །མང་པོའི་མྱ་ངན་སེལ་མཛད་པ། །བཞུགས་པར་གྱུར་ཅིང་བཞུགས་པ་དང་། །དེ་བཞིན་བཞུགས་ [20b] [20b.1]པར་འགྱུར་ཀུན་གྱིས། །དམ་ཆོས་བླ་མར་མཛད་པ་འདི། །རྫོགས་སངས་རྒྱས་ཀྱི་ཆོས་ཉིད་ཡིན། །དེ་བས་འདི་ན་བདག་དགའ་ཞིང་། །བདག་ཉིད་ཆེན་པོ་མདོན་འདོད་པས། །སངས་རྒྱས་བསྟན་པ་དྲན་བྱས་ཏེ། །དམ་པའི་ཆོས་ལ་བླ་མར་བྱ། །མི་གང་སངས་ [20b.2]རྒྱས་བསྟན་པ་ལ། །དད་པ་མ་བསྐྱེད་བྱིས་པ་དེ། །རྒུད་པའི་གནས་སུ་འགྲོ་འགྱུར་ཏེ། །སྲིན་མོ་རྣམས་ཀྱིས་ཚོང་པ་བཞིན། །མི་གང་སངས་རྒྱས་བསྟན་པ་ལ། །དད་པ་བསྐྱེད་པ་ཤེས་རབ་ཅན། །དེ་ནི་བདེ་བར་ཕ་རོལ་འགྲོ། །སྤྲིན་ཤུགས་ལྡན་པས་ཚོང་པ་བཞིན། ། [20b.3]དེ་བཞིན་གཤེགས་པ་མཉམ་མེད་མཚུངས་པ་མེད། །བདེ་བར་རྣམ་རྟོག་དེ་བཞིན་རབ་དབེན་པའི། །རྣམ་རྟོག་གཉིས་པོ་སྤྱོད་པའི་སངས་རྒྱས་རྣམས། །མུན་བསལ་ཕ་རོལ་གཤེགས་ཤིང་གྲགས་དང་ལྡན། །དེས་ནི་བརྙེས་བྱ་བརྙེས་ཤིང་ཡིད་དབང་གྱུར། །ཀུན་གྲོལ་ [20b.4]ཟག་ཟད་རབ་ཏུ་རྣམ་པར་གྲོལ། །རྣམ་གྲོལ་ཐུགས་ལྡན་ཐ་བ་ཟག་མེད་རྣམས། །ལུས་ཅན་འཇིག་རྟེན་རྣམས་ལ་ཕན་ཕྱིར་གཟིགས། །འགའ་ཞིག་རི་བོའི་སྤོ་ལ་འདུག་ནས་སུ། །འགྲོ་བ་རྣམས་ལ་ཀུན་དུ་ལྟ་བ་ལྟར། །དེ་བཞིན་བློ་བཟང་མྱ་ངན་བྲལ་བ་དག །ཆོས་ལས་བྱུང་བའི་ [20b.5]ཁང་བཟངས་སྟེང་གཤེགས་ནས། །སྐྱེ་བོ་སྐྱེ་རྒས་ཟིལ་གནོན་མྱ་ངན་གྱིས། །གདུངས་པ་རྣམས་ལ་ཀུན་དུ་སྤྱན་གཟིགས་ནས། །འཆི་བ་མེད་པའི་སྒོ་མོ་འབྱེད་མཛད་ཀྱིས། །གང་དག་ཉན་འདོད་ཐེ་ཙོམ་བསལ་བར་གྱིས། །དེ་བཞིན་གཤེགས་པའི་ཚོམས་ཏེ་ཉི་ཤུ་གཅིག་པའོ།། །། [20b.6]ལེགས་པར་ཐོས་དང་ལེགས་སྤྱོད་དང་། །ཁྱིམ་ནས་ལེགས་པར་བྱུང་བ་དང་། །སྤོང་བར་བྱེད་པས་རབ་བསྐོར་ཅིང་། །དགེ་སྦྱོང་གི་ནི་རྗེས་མཐུན་ལེགས། །བྱིས་པ་མི་མཁས་པ་དག་ནི། །འཆི་བ་མེད་པ་ལྟ་བུར་སྤྱོད། །མཁས་པ་དམ་པའི་ཆོས་དག་ལ། །མཚན་མོའི་ནད་པ་བཞིན་ [20b.7]དུ་བྱེད། །ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ། །མུན་པས་ཁེབས་པའི་ནང་ཞུགས་ན། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་བཞིན་དུ་མི་མཐོང་བ། །དེ་བཞིན་འདི་ན་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་ [21a] [21a.1]བར་དུ་ཤེས་མི་འགྱུར། །མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཐོས་པས་སྡིག་ལས་ལྡོག་པར་ [21a.2]འགྱུར། །ཐོས་པས་དོན་མེད་སྤོང་བར་བྱེད། །ཐོས་པས་མྱ་ངན་འདས་པ་འཐོབ། །གལ་ཏེ་ཐོས་པ་མང་གྱུར་ཀྱང་། །ཚུལ་ཁྲིམས་ལེགས་པར་མི་སྡོམ་ན། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་། །དེ་ཡི་ཐོས་པ་ཕུན་སུམ་མིན། །གལ་ཏེ་ཐོས་པ་ཉུང་གྱུར་ཀྱང་། །ཚུལ་ཁྲིམས་ [21a.3]ལེགས་པར་སྡོམ་བྱེད་ན། །དེ་ནི་ཚུལ་ཁྲིམས་ཕྱིར་བསྔགས་ཤིང་། །དེ་ཡི་ཐོས་པ་ཕུན་སུམ་འགྱུར། །གང་ཞིག་ཐོས་པ་ཉུང་བ་དང་། །ཚུལ་ཁྲིམས་ལེགས་པར་མི་སྡོམ་པ། །དེ་ནི་གཉི་གའི་ཕྱིར་སྨད་ཅིང་། །དེ་ཡིས་བརྟུལ་ཞུགས་ཕུན་སུམ་མིན། །གང་ཞིག་མང་དུ་ཐོས་ [21a.4]པ་དང་། །ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་པ། །དེ་ནི་གཉི་གའི་ཕྱིར་བསྔགས་ཤིང་། །དེ་ཡིས་བརྟུལ་ཞུགས་ཕུན་སུམ་འགྱུར། །ཐོས་པ་མང་ཞིང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་མཉམ་གཞག་པ། །དེ་དག་སུས་ཀྱང་སྨད་འོས་མིན། །འཛམ་བུའི་གླིང་གི་གསེར་ [21a.5]རྒྱན་བཞིན། །གང་ཞིག་གཟུགས་ཀྱིས་རྗེས་དཔོག་ཅིང་། །ང་ལ་སྒྲ་ཡིས་འཇལ་བྱེད་པ། །འདུན་པའི་འདོད་ཆགས་ལྡན་པ་ཡི། །སྐྱེ་བོ་དེ་ཡིས་ང་མི་ཤེས། །གལ་ཏེ་ནང་ནི་རྣམ་ཤེས་ཤིང་། །ཕྱི་རོལ་མཐོང་བར་མ་གྱུར་ན། །ནང་གི་འབྲས་བུ་མཐོང་བ་གང་། །དེ་ནི་སྒྲ་ཡིས་ [21a.6]དྲང་དུ་རུང་། །གལ་ཏེ་ཕྱི་རོལ་མཐོང་གྱུར་ཅིང་། །ནང་ནི་ཤེས་པར་མ་གྱུར་ན། །ཕྱི་རོལ་འབྲས་བུ་མཐོང་བ་གང་། །དེ་ནི་སྒྲ་ཡིས་དྲང་དུ་རུང་། །གལ་ཏེ་ནང་ཡང་མི་ཤེས་ཤིང་། །ཕྱི་རོལ་མཐོང་བར་མ་གྱུར་ན། །བྱིས་པ་ཀུན་ནས་བསྒྲིབས་པ་དག །དེ་ནི་སྒྲ་ཡིས་དྲང་དུ་རུང་། ། [21a.7]གལ་ཏེ་ནང་ནི་རྣམ་ཤེས་ཤིང་། །ཕྱི་རོལ་དག་ཀྱང་མཐོང་གྱུར་པ། །བསྟན་པ་ངེས་འབྱུང་ཤེས་རབ་ཅན། །དེ་ནི་སྒྲ་ཡིས་དྲང་དུ་རུང་། །རྣ་བས་ཕལ་ཆེན་ཐོས་པ་དང་། །མིག་གིས་མང་པོ་མཐོང་ན་ཡང་། །བསྟན་པ་མཐོང་ཐོས་དེ་ཀུན་གྱིས། །ཡིད་ཆེས་བྱ་བའི་མི་རིགས་སོ། ། [21b] [21b.1]ལེགས་གསུངས་ཐོས་པ་སྙིང་པོར་ཤེས་པ་དང་། །ཏིང་ངེ་འཛིན་དག་སྙིང་པོར་ཤེས་གྱུར་ཀྱང་། །གང་ཞིག་བག་མེད་རླང་པོར་བྱེད་པ་དེའི། །ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ། །གང་ཞིག་འཕགས་པས་བསྟན་པའི་ཆོས་དགའ་ཞིང་། །དེ་བཞིན་ལུས་དང་ངག་གིས་སྤྱོད་བྱེད་པ། ། [21b.2]དེ་དག་བཟོད་ལྡན་འགྲོགས་དགའ་དབང་པོ་བསྡམས། །ཐོས་དང་ཤེས་པའི་ཕ་རོལ་ཕྱིན་པ་འཐོབ། །ཐོས་པའི་ཚོམས་ཏེ་ཉི་ཤུ་གཉིས་པའོ།། །།ལེགས་པར་གསུངས་ལ་བསླབ་བྱ་ཞིང་། །དགེ་སྦྱོང་ལ་ནི་བསྙེན་བཀུར་དང་། །དབེན་པ་དང་ནི་སྟན་གཅིག་དང་། ། [21b.3]སེམས་ནི་ཉེ་བར་ཞི་བར་བྱ། །སྟན་གཅིག་མལ་སྟན་གཅིག་པ་དང་། །གཅིག་པུ་སྙོམ་ལས་མེད་སྤྱོད་ཅིང་། །གཅིག་པུ་ནགས་ཚལ་གནས་པ་དང་། །གཅིག་པུས་བདག་ཉིད་གདུལ་བར་བྱ། །གང་ཞིག་སྟོང་ཕྲག་སྟོང་དག་གི །མི་ཡི་གཡུལ་ལས་རྒྱལ་བ་བས། །གང་ [21b.4]ཞིག་བདག་ལས་རྒྱལ་བྱེད་པ། །དེ་ནི་མི་ཡི་གཡུལ་ལས་རྒྱལ། །རྟག་ཏུ་སྡོམ་པ་སྤྱོད་པ་ཡི། །མི་ཡིས་བདག་བརྟུལ་གཅིག་པུ་ཡིས། །བདག་ཉིད་ལས་རྒྱལ་མཆོག་ཡིན་གྱི། །སྐྱེ་དགུ་གཞན་ལྟ་ཕལ་བར་ཟད། །ཤེས་རབ་ཀྱིས་གནས་དགེ་སློང་གིས། །རྒྱལ་བར་བྱས་ [21b.5]ལ་བདུད་དང་ནི། །ཚངས་པར་བཅས་པས་ཕམ་མི་ནུས། །ལྷ་ཡིས་མ་ཡིན་དྲི་ཟས་མིན། །བདག་ཉིད་དང་པོར་རིགས་པར་གནས་བྱས་ནས། །ཕྱི་ནས་གཞན་དག་བདག་བཞིན་གདུལ་བར་བྱ། །བདག་ཉིད་དང་པོར་རིགས་པར་གནས་བྱས་ནས། །ཕྱི་དུས་འདུལ་ཚེ་མཁས་པ་ [21b.6]ཉོན་མི་མོངས། །བདག་ལ་ཇི་ལྟར་བྱས་པ་བཞིན། །གཞན་དག་ལ་ཡང་དེ་ལྟར་བྱ། །བདག་ཉིད་དུལ་ཞིང་ཞི་བ་ཡིས། །གཞན་དག་བདེ་བར་གདུལ་བར་བྱ། །བདག་ལ་ཇི་ལྟར་བྱས་པ་བཞིན། །གཞན་དག་ལ་ཡང་དེ་ལྟར་བྱ། །ཀྱེ་མ་བདག་རང་ལེགས་དུལ་བ། །བདག་ [21b.7]ཉིད་དུལ་བས་དགའ་བར་འགྱུར། །བདག་གི་དོན་ཕྱིར་གཞན་དོན་ནི། །མང་པོ་དག་ཀྱང་གཏང་བར་བྱ། །བདག་དོན་ཆེད་ཆེར་ཤེས་གྱུར་ན། །རང་གི་དོན་གྱི་མཆོག་ཏུ་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་ [22a] [22a.1]མགོན་གྱུར་པའི། །མཁས་པས་དོན་རྣམས་འཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་བའི། །མཁས་པས་ཆོས་རྣམས་འཐོབ་པར་འགྱུར། །བདག་ཉིད་བདག་གི་ [22a.2]མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་གྲགས་པ་འཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་ [22a.3]བདེ་བ་འཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་བདེ་འགྲོ་འཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ [22a.4]ཉིད་བདག་གི་མགོན་གྱུར་པས། །ཡུན་རིང་མཐོ་རིས་དགའ་བར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པ། །གཉེན་གྱི་ནང་ན་ལམ་མེར་འབར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ [22a.5]ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པ། །མྱ་ངན་ནང་ན་གདུང་མི་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །འཆིང་བ་ཐམས་ཅད་གཅོད་པར་འགྱུར། །བདག་ [22a.6]ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །ངན་འགྲོ་ཐམས་ཅད་སྤོང་བར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། ། [22a.7]སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །བདག་ཉིད་མགོན་དུ་འགྱུར་བ་འཐོབ། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། ། [22b] [22b.1]བདག་ཉིད་བདག་གི་མགོན་ཡིན་གྱི། །མྱ་ངན་འདས་ཉིད་ཉེ་བར་འགྱུར། །བདག་གི་ཚོམས་ཏེ་ཉི་ཤུ་གསུམ་པའོ།། །།གང་དག་དོན་དང་མི་ལྡན་ཚིག །ཚིགས་བཅད་བརྒྱ་དག་སྨྲ་བ་བས། །གང་དག་ཉེ་བར་ཞི་འགྱུར་བའི། །དོན་ལྡན་ཚིག་གཅིག་ཐོས་པ་རུང་། ། [22b.2]གང་དག་ཆོས་དང་མི་ལྡན་ཚིག །ཚིགས་བཅད་བརྒྱ་དག་སྨྲ་བ་བས། །གང་དག་ཉེ་བར་ཞི་འགྱུར་བའི། །ཆོས་ལྡན་ཚིག་གཅིག་ཐོས་པ་རུང་། །ཚུལ་འཆལ་མཉམ་པར་མ་བཞག་པ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཚུལ་ཁྲིམས་ལྡན་ཞིང་མཉམ་བཞག་པ། །ཉིན་ [22b.3]ཞག་འགའ་ཞིག་གསོན་པ་རུང་། །བརྩོན་མེད་ལེ་ལོ་ལྡན་པ་དག །ལོ་བརྒྱར་གསོན་པ་གང་ཡིན་པས། །བརྩོན་འགྲུས་བརྟན་པ་བརྩམས་པ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །ཤེས་འཆལ་མཉམ་པར་མ་བཞག་པ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཤེས་ [22b.4]རབ་ཆེན་པོ་མཉམ་བཞག་པ། །ཉིན་ཞག་འགའ་ཞིག་གསོན་པ་རུང་། །སྐྱེ་དང་འཇིག་པ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །སྐྱེ་དང་འཇིག་པ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །ཚོར་བ་ཟད་པ་མ་མཐོང་བ། །ལོ་བརྒྱར་གསོན་ [22b.5]པ་གང་ཡིན་པས། །ཚོར་བ་ཟད་པ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །ཟག་པ་ཟད་པ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཟག་པ་ཟད་པ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །གོ་འཕང་མི་གཡོ་མ་མཐོང་བ། །ལོ་ [22b.6]བརྒྱར་གསོན་པ་གང་ཡིན་པས། །གོ་འཕང་མི་གཡོ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །གོ་འཕང་བལྟ་དཀའ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །གོ་འཕང་བལྟ་དཀའ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །གོ་འཕང་ [22b.7]མཐོན་པོ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །གོ་འཕང་མཐོན་པོ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །གོ་འཕང་དམ་པ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །གོ་འཕང་དམ་པ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། ། [23a] [23a.1]འཆི་མེད་གོ་འཕང་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །འཆི་མེད་གོ་འཕང་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །བདུད་རྩིའི་གོ་འཕང་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །བདུད་རྩིའི་གོ་འཕང་མཐོང་བ་ [23a.2]དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །རྡུལ་མེད་གོ་འཕང་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །རྡུལ་མེད་གོ་འཕང་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །རྡུལ་བྲལ་གོ་འཕང་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །རྡུལ་བྲལ་ [23a.3]གོ་འཕང་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །མི་ནི་ལོ་བརྒྱར་ནགས་ཚལ་ན། །མེ་ལ་ཡོངས་སྟེན་གང་ཡིན་དང་། །བདག་ཉིད་བསྒོམ་ལ་ཡུད་ཙམ་ཞིག །མཆོད་པ་བྱེད་པ་གང་ཡིན་པ། །མཆོད་བྱེད་དེ་ཉིད་ཆེས་རུང་གི །ལོ་བརྒྱར་སྦྱིན་སྲེག་བྱེད་མི་རུང་། །ཟླ་ [23a.4]བ་རེ་རེར་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །སངས་རྒྱས་ལ་ནི་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །དམ་པའི་ཆོས་ལ་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་ཀུ་ཤའི་རྩེས། །ཁ་ཟས་ [23a.5]ཟ་བ་གང་ཡིན་དེས། །དགེ་འདུན་ལ་ནི་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །སེམས་ཅན་རྣམས་ལ་སྙིང་བརྩེ་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། ། [23a.6]སྲོག་ཆགས་རྣམས་ལ་སྙིང་བརྩེ་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །འབྱུང་པོ་རྣམས་ལ་སྙིང་བརྩེ་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །བྱམས་ [23a.7]པར་སེམས་པར་བྱེད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །ལེགས་པར་གསུངས་པའི་དམ་ཆོས་ཀྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །སངས་རྒྱས་ལ་ [23b] [23b.1]ནི་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །དམ་པའི་ཆོས་ལ་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །དགེ་འདུན་ལ་ནི་དད་པ་ཡི། །བཅུ་ [23b.2]དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །སེམས་ཅན་རྣམས་ལ་སྙིང་བརྩེ་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །སྲོག་ཆགས་རྣམས་ལ་སྙིང་བརྩེ་བའི། །བཅུ་ [23b.3]དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །འབྱུང་པོ་རྣམས་ལ་སྙིང་བརྩེ་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །བྱམས་པར་སེམས་པར་བྱེད་པ་ཡི། །བཅུ་དྲུག་ཆར་ [23b.4]ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །ལེགས་པར་གསུངས་པའི་དམ་ཆོས་ཀྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །བསོད་ནམས་འདོད་པའི་མི་ཡིས་འཇིག་རྟེན་དུ། །སྦྱིན་སྲེག་མཆོད་སྦྱིན་ཆུང་ཟད་ཅི་བྱས་དེས། །གང་ཞིག་དྲང་པོའི་ [23b.5]སེམས་ཀྱིས་ཕྱག་འཚལ་བ། །དེ་ཡི་བཞི་ཆར་ཡང་ནི་མི་ཕོད་དོ། །བསྒྲེ་བའི་ཚོམས་ཏེ་ཉི་ཤུ་རྩ་བཞི་པའོ།། །།ཆེད་དུ་བརྗོད་པའི་ཚོམས། བམ་པོ་གསུམ་པ། དད་པ་མེད་ཅིང་འཇུངས་པ་དང་། །དབྱེན་བྱེད་ཕྲ་མ་ཅན་དག་དང་། །མཁས་པས་བཤེས་པར་མི་བྱ་ [23b.6]ཞིང་། །སྡིག་ཅན་མི་དང་འགྲོགས་མི་བྱ། །དད་ལྡན་སྙན་པར་སྨྲ་བ་དང་། །ཐོས་མང་ཚུལ་ཁྲིམས་ལྡན་པ་དང་། །མཁས་པ་ཡིས་ནི་མཛའ་བྱ་ཞིང་། །མི་མཆོག་དག་དང་འགྲོགས་པར་བྱ། །སྡིག་པའི་གྲོགས་པོ་མི་བསྟེན་ཅིང་། །སྐྱེས་བུ་ངན་པ་བསྟེན་མི་བྱ། །དགེ་བའི་བཤེས་ [23b.7]གཉེན་བསྟེན་བྱ་ཞིང་། །སྐྱེས་བུ་དམ་པ་བསྟེན་པར་བྱ། །དེ་ལྟ་བུ་དག་བསྟེན་བྱས་ན། །སྡིག་པར་མི་འགྱུར་ལེགས་པར་འགྱུར། །གང་དག་ཐོས་མང་གནས་མང་སེམས་པ་དང་། །དད་དང་ཤེས་རབ་ལྡན་དེ་མི་ཡིས་བསྟེན། །འདིར་ནི་དེ་ཡིས་ལེགས་སྨྲས་མཉན་བྱས་ན། །རིང་ [24a] [24a.1]པོ་ནས་ཀྱང་ཁྱད་པར་ཐོབ་པར་འགྱུར། །དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང་། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་འཐོབ་འགྱུར་བས། །དེ་ཕྱིར་བདག་པས་གཙོར་གྱུར་བསྟེན་པར་བྱ། །ཚུལ་ཁྲིམས་ཉེ་བར་ཞི་ [24a.2]བ་དང་། །ཤེས་རབ་ཆེས་མཆོག་ལྡན་པ་ཡི། །གཙོ་བོ་གང་ཡིན་དེ་བསྟེན་ན། །གཙོ་བོ་བས་ཀྱང་ཆེས་གཙོར་འགྱུར། །མི་ཡིས་འདི་ན་ཉ་རུལ་ལ། །ཀུ་ཤའི་གཙང་བྱེད་བཅིངས་པ་གང་། །ཀུ་ཤ་ཉིད་ཀྱང་རུལ་འགྱུར་བ། །སྡིག་པ་བསྟེན་པའང་དེ་བཞིན་འགྱུར། །མི་ཡིས་ [24a.3]རྒྱ་སྤོས་པ་ལ་ཤའི། །ལོ་མར་ཕུར་མ་བྱས་པ་གང་། །ལོ་མ་ཉིད་ཀྱང་དྲི་ཞིམ་པ། །དམ་པ་བསྟེན་པའང་དེ་བཞིན་འགྱུར། །གལ་ཏེ་སྡིག་པ་བྱེད་པ་དག །སྡིག་མི་བྱེད་པས་བསྟེན་ན་ཡང་། །སྡིག་པ་བྱེད་པར་དོགས་སྐྱེ་ཞིང་། །མི་སྙན་པ་ཡང་འཕེལ་བར་འགྱུར། །བསྟེན་བྱ་མ་ [24a.4]ཡིན་བསྟེན་པའི་མི། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར། །དོང་པར་དུག་བསྐུས་མདའ་བཅུག་པས། །དུག་མ་བསྐུས་པའང་གོས་པ་བཞིན། །བརྟེན་པ་སྐྱོན་གོས་འཇིགས་པ་དག །སྡིག་པ་ཅན་དང་བཤེས་མི་བྱ། །ཇི་ལྟར་གྲོགས་པོ་བསྟེན་པ་དང་། །ཇི་ལྟར་ཉེ་བར་བསྟེན་བྱས་ [24a.5]པ། །བསྟེན་བྱ་དེ་ནི་ཅི་འདྲ་བར། །རིང་པོ་མི་ཐོགས་དེ་འདྲར་འགྱུར། །དེ་བས་འབྲས་བུའི་སྣོད་བཞིན་དུ། །བདག་གིས་བསྟེན་པ་ཤེས་པ་ཡིས། །དམ་པ་མ་ཡིན་མི་བསྟེན་ཅིང་། །མཁས་པས་དམ་པ་བསྟེན་བྱས་ལ། །དགེ་སློང་དེའི་ལམ་རྗེས་འབྲང་ན། །སྡུག་བསྔལ་ [24a.6]ཟད་པ་ཐོབ་པར་འགྱུར། །བྱིས་པས་ཇི་སྲིད་གསོན་པར་དུ། །གལ་ཏེ་མཁས་པ་བསྟེན་བྱས་ཀྱང་། །དེ་ཡིས་ཆོས་ཤེས་མི་འགྱུར་ཏེ། །གཟར་བུས་ཚོད་མའི་རོ་བཞིན་ནོ། །ཤེས་རབ་ལྡན་པས་ཡུད་ཙམ་ཞིག །མཁས་པ་ཉེ་བར་བསྟེན་པས་ཀྱང་། །དེ་ཡིས་ཆོས་རྣམས་ཤེས་ [24a.7]འགྱུར་ཏེ། །ལྕེ་ཡིས་ཚོད་མའི་རོ་བཞིན་ནོ། །བྱིས་པས་ཇི་སྲིད་གསོན་པར་དུ། །གལ་ཏེ་མཁས་པ་བསྟེན་བྱས་ཀྱང་། །དེ་ལ་མིག་ནི་མེད་པའི་ཕྱིར། །ཆོས་རྣམས་ཤེས་པར་མི་འགྱུར་རོ། །ཤེས་རབ་ལྡན་པས་ཡུད་ཙམ་ཞིག །མཁས་པ་ཉེ་བར་བསྟེན་པས་ཀྱང་། །དེ་ལ་ [24b] [24b.1]མིག་ནི་ཡོད་པའི་ཕྱིར། །ཆོས་རྣམས་རབ་ཏུ་ཤེས་པར་འགྱུར། །བྱིས་པས་ཇི་སྲིད་གསོན་བར་དུ། །གལ་ཏེ་མཁས་པ་བསྟེན་བྱས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡི། །ཆོས་རྣམས་དེ་ཡིས་ཤེས་མི་འགྱུར། །ཤེས་རབ་ལྡན་པས་ཡུད་ཙམ་ཞིག །མཁས་པ་ཉེ་ [24b.2]བར་བསྟེན་པས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡི། །ཆོས་རྣམས་དེ་ཡིས་ཤེས་པར་འགྱུར། །དོན་ལྡན་ཚིག་ནི་གཅིག་གིས་ཀྱང་། །མཁས་པ་ཡི་ནི་བྱ་བ་བྱེད། །སངས་རྒྱས་ཀུན་གྱི་གསུང་གིས་ཀྱང་། །བྱིས་པའི་བྱ་བ་བྱེད་མི་འགྱུར། །བློ་དང་ལྡན་པ་ཚིག་གཅིག་ [24b.3]གིས། །ཚིག་བརྒྱ་དག་ནི་ཤེས་པར་འགྱུར། །བྱིས་པ་ལ་ནི་ཚིག་སྟོང་གིས། །ཚིག་གཅིག་ཤེས་པར་མི་འགྱུར་རོ། །ཉིས་ན་མཁས་དང་མི་མཛའ་སླའི། །བྱིས་པ་རྣམས་དང་མཛའ་མི་རུང་། །བྱིས་པ་རྣམས་དང་མཛའ་བྱེད་པ། །སེམས་ཅན་དམྱལ་བར་ཁྲིད་པར་བྱེད། །བྱིས་པ་ [24b.4]གང་ཞིག་བྱིས་པའོ་ཞེས། །ཤེས་པ་དེ་འདིར་མཁས་པ་ཡིན། །བྱིས་པ་གང་ཞིག་མཁས་སེམས་པ། །དེ་ནི་བྱིས་པ་ཞེས་བརྗོད་དོ། །བྱིས་པས་བསྟོད་པ་གང་ཡིན་དང་། །མཁས་པས་སྨད་པ་གང་ཡིན་ལས། །མཁས་པས་སྨད་པ་ཆེས་རུང་གིས། །བྱིས་པས་བསྟོད་པ་མི་རུང་ [24b.5]ངོ་། །བྱིས་པ་བསྟེན་པ་སྡུག་བསྔལ་ཞིང་། །རྣམ་པ་ཀུན་དུ་དགྲ་འདྲ་བས། །བྱིས་པ་མི་ཐོས་མི་མཐོང་ཞིང་། །མ་བསྟེན་གྱུར་པ་ཉིད་རུང་ངོ་། །གཉེན་དང་ཕྲད་པ་ཇི་ལྟ་བར། །བརྟན་པ་བསྟེན་ན་བདེ་བར་འགྱུར། །དེ་བས་རྒྱུ་སྐར་ལམ་དུ་ཟླ་བ་ལྟར། །བརྟན་ཞིང་ཐོས་མང་མཆོག་ [24b.6]འདྲེན་བྱེད་པ་དང་། །ཚུལ་ཁྲིམས་ལྡན་དང་འཕགས་པའི་བརྟུལ་ཞུགས་ཅན། །མི་མཆོག་བརྩེ་ལྡན་བློ་བཟངས་བསྟེན་པར་གྱིས། །མཛའ་བཤེས་ཀྱི་ཚོམས་ཏེ་ཉི་ཤུ་རྩ་ལྔ་པའོ།། །།རུས་སྦལ་རང་གི་ཁོག་པར་ཡན་ལག་ལྟར། །དགེ་སློང་ཡིད་ཀྱི་རྣམ་རྟོག་ནང་ [24b.7]བསྡུས་ནས། །རྟེན་པ་མེད་ཅིང་གཞན་ལ་འཚེ་མེད་པར། །མྱ་ངན་འདས་ལ་སུ་ཡང་སྨོད་མི་བྱེད། །བཟོད་པ་དཀའ་ཐུབ་མཆོག་སྟེ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་། །རབ་ཏུ་བྱུང་བ་གཞན་ལ་འཚེ་བ་དང་། །གཞན་ལ་གནོད་པས་དགེ་སྦྱོང་མ་ཡིན་ [25a] [25a.1]ནོ། །ཚིག་རྩུབ་ཅི་ཡང་སྨྲ་མི་བྱ། །སྨྲས་ན་སླར་ཡང་སྨྲ་བར་བྱེད། །འཐབ་གཅུགས་ཚིག་གིས་སྡུག་བསྔལ་ཞིང་། །དེ་ལ་ཕྱིར་ཡང་ཆད་པས་གཅོད། །གལ་ཏེ་བདག་གིས་ཕར་བྱས་ན། །འཁར་བའི་སྣོད་ལ་བརྡུངས་པ་བཞིན། །འཁོར་བར་སྐྱེ་དང་རྒ་བ་དག ། [25a.2]ཡུན་རིང་ཉམས་སུ་མྱོང་བར་འགྱུར། །བདག་གིས་ཕར་ནི་མ་བྱས་དང་། །འཁར་བའི་སྣོད་ལ་མ་བརྡུངས་ལྟར། །འདི་ལྟར་འཐབ་མོ་མི་འབྱུང་ཞིང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ནད་མེད་རྙེད་པའི་དམ་པ་སྟེ། །ཆོག་ཤེས་པ་ནི་ནོར་གྱི་དབྱིག །ཡིད་གཅུགས་བཤེས་ [25a.3]པའི་མཆོག་ཡིན་ཏེ། །མྱ་ངན་འདས་པ་བདེ་བའི་ཕུལ། །འདུ་བྱེད་སྡུག་བསྔལ་མ་རུངས་པ། །ནད་ཀྱི་ནང་ན་བཀྲེས་མི་བཟད། །དེ་ལྟར་ཇི་བཞིན་ཤེས་ན་ནི། །མྱ་ངན་འདས་པ་མཆོག་ཏུ་འགྱུར། །བདེ་འགྲོར་འགྲོ་བ་ཉུང་ཟད་དེ། །ངན་འགྲོར་འགྲོ་བ་བསམ་ཡས་ཤིག །དེ་ལྟའི་ [25a.4]ཉེས་དམིགས་རྟོགས་གྱུར་ན། །མྱུར་དུ་མྱ་ངན་འདས་པ་འཐོབ། །བདེ་འགྲོར་འགྲོ་བ་རྒྱུ་དང་བཅས། །ངན་འགྲོར་འགྲོ་བ་རྒྱུ་དང་ལྡན། །མྱ་ངན་འདས་འགྲོ་རྒྱུ་ཅན་ཏེ། །དེ་དག་ཐམས་ཅད་རྒྱུ་དང་བཅས། །ནགས་ཚལ་མཆོག་ཏུ་རི་དྭགས་འགྲོ། །མཁའ་ལ་བྱ་རྣམས་འགྲོ་བར་བྱེད། ། [25a.5]ཆོས་ལ་རྣམ་པར་བསྒོམས་འགྲོ་སྟེ། །དགྲ་བཅོམ་མྱ་ངན་འདས་པར་འགྲོ། །འདི་ན་བརྩོན་འགྲུས་ཞན་པ་དང་། །བློ་ཆུང་ཤེས་པ་མེད་པ་ཡིས། །མདུད་པ་ཐམས་ཅད་རབ་གཏུབས་པའི། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཁྱོད་ཀྱིས་གྲུ་འདིའི་ཆུ་ཕྱགས་དང་། །འདི་ནི་ཡང་བར་འགྱུར་བ་ [25a.6]ལྟར། །དེ་བཞིན་ཞེ་སྡང་འདོད་ཆགས་སྤོངས། །དེ་ནས་མྱ་ངན་འདས་པ་འཐོབ། །སྔོན་ཆད་བྱུང་བ་མི་འབྱུང་ཞིང་། །མ་བྱུང་བ་དག་འབྱུང་བར་འགྱུར། །མ་བྱུང་འབྱུང་བར་མི་འགྱུར་ལ། །ད་ལྟར་བྱུང་བའང་ཡོད་མ་ཡིན། །བལྟ་དཀའ་མཐའ་མེད་དེར་མི་མཐོང་། །བདེན་པ་རབ་ [25a.7]རྟོགས་ཤེས་པ་དང་། །སྲེད་དང་དགའ་བ་མེད་མཐོང་བ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །སྲེད་པ་རྣམས་ནི་བཅད་པ་དང་། །འདོད་ཆགས་རབ་ཏུ་སྤངས་པ་དང་། །མཚོ་བསྐམས་ནས་ནི་མི་འབབ་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ལུས་ཞིག་ཚོར་བ་བསིལ་བར་ [25b] [25b.1]གྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ལྟ་བས་མཐོང་བར་གྱུར་ཙམ་དང་། །ཉན་པས་ཐོས་པར་གྱུར་པ་ཙམ། །རྟོགས་པར་བྱེད་པས་རྟོགས་ཙམ་དང་། །རྣམ་པར་ཤེས་པས་རྣམ་ཤེས་ཙམ། །འདི་ [25b.2]འདྲ་འདི་ནི་སྡུག་བསྔལ་མཐའ། །འདི་དང་མ་དང་གདུངས་རབ་གདུངས། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །མ་རེ་མ་དགའ་རབ་ཞི་དང་། །ཀུན་དུ་འདོད་ཆགས་བྲལ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །རྟེན་པ་ཡོད་པས་སྤྱོད་པར་འགྱུར་རོ། །སྤྱོད་པ་ཡོད་ [25b.3]པས་གཞོལ་བར་འགྱུར་རོ། །གཞོལ་བ་ཡོད་པས་ཤིན་ཏུ་མ་སྦྱངས་པར་འགྱུར་རོ། །ཤིན་ཏུ་མ་སྦྱངས་པ་ཡོད་པས་འགྲོ་བ་དང་འོང་བར་འགྱུར་རོ། །འགྲོ་བ་དང་འོང་བ་ཡོད་པས་གཞན་དུ་ཤི་འཕོ་ལེན་པར་འགྱུར་རོ། །གཞན་དུ་ཤི་འཕོ་བླངས་པས་འདི་ལྟར་གཞན་དུ་སྐྱེ་བ་དང་། [25b.4]རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་འབྱུང་ཞིང་འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །རྟེན་པ་མེད་པས་སྤྱོད་པ་མེད་པར་འགྱུར་རོ། །སྤྱོད་ [25b.5]པ་མེད་པས་གཞོལ་བར་མི་འགྱུར་རོ། །གཞོལ་བར་མ་གྱུར་པས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ཤིན་ཏུ་སྦྱངས་པས་འགྲོ་བ་དང་འོང་བར་མི་འགྱུར་རོ། །འགྲོ་བ་དང་འོང་བ་མེད་པས་གཞན་དུ་འཆི་འཕོ་ལེན་པ་མེད་པར་འགྱུར་རོ། །གཞན་དུ་འཆི་འཕོ་ལེན་པ་མེད་པས་འདི་ལྟར་གཞན་ [25b.6]དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཞིང་། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་ [25b.7]མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་པ་དང་། མི་འབྱུང་བ་ཡོད་དོ། །སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། སེམས་པས་བྱས་པ་དང་། འདུས་བྱས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་དོ། །དགེ་སློང་དག་གལ་ཏེ་མ་སྐྱེས་པ་དང་། མ་ [26a] [26a.1]བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་པ་དང་། མི་འབྱུང་བ་མེད་དུ་ཟིན་ན། སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། འདུས་བྱས་དང་། སེམས་པས་བྱས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ངེས་པར་འབྱུང་བ་ཡོད་དོ་ཞེས་ང་མི་སྨྲའོ། །དགེ་སློང་ [26a.2]དག་གང་གི་ཕྱིར་འདི་ན་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་པ་དང་། མི་འབྱུང་བ་ཡོད་པ་དེའི་ཕྱིར། སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། འདུས་བྱས་དང་། སེམས་པས་བྱས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་ [26a.3]བའི་ངེས་པར་འབྱུང་བ་ཡོད་དོ་ཞེས་ང་སྨྲའོ། །སྐྱེས་དང་བྱུང་དང་འབྱུང་བ་དང་། །བཅོས་དང་འདུས་བྱས་མི་བརྟན་ཞིང་། །རྒ་དང་འཆི་དང་རྨོངས་པ་ཡི། །ཆོས་ཅན་རབ་ཏུ་འཇིག་འགྱུར་བ། །ཟས་ཀྱི་རྒྱུད་ལས་བྱུང་བ་ཡི། །འཇིག་འགྱུར་འདི་ལ་དགའ་མི་བྱ། །དེ་ཡི་ངེས་པར་ [26a.4]འབྱུང་བའི་གཞི། །རྟོག་དང་དཔྱོད་དང་ཞི་བ་དང་། །སྡུག་བསྔལ་ཆོས་རྣམས་འགགས་པ་སྟེ། །འདུ་བྱེད་ཉེ་བར་ཞི་བ་བདེ། །དགེ་སློང་དག་དེ་ནི་གང་དུ་ཡང་གནས་པར་མི་འགྱུར་ཏེ། ས་ལ་གནས་པར་མི་འགྱུར། ཆུ་ལ་མ་ཡིན། མེ་ལ་མ་ཡིན། རླུང་ལ་མ་ཡིན། ནམ་མཁའ་ [26a.5]མཐའ་ཡས་སྐྱེ་མཆེད་ལ་མ་ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མ་ཡིན། ཅི་ཡང་མེད་པའི་སྐྱེ་མཆེད་ལ་མ་ཡིན། འདུ་ཤེས་ཡོད་མིན་མེད་མིན་སྐྱེ་མཆེད་ལ་མ་ཡིན། འཇིག་རྟེན་འདི་ལ་མ་ཡིན། འཇིག་རྟེན་ཕ་རོལ་ལ་མ་ཡིན། ཉི་མ་དང་ཟླ་བ་གཉིས་ལ་གནས་པ་ [26a.6]མ་ཡིན་ཏེ། འདི་ལ་དམིགས་པ་མེད་པར་ངས་མངོན་པར་ཤེས་སོ། །དགེ་སློང་དག་དེ་ལ་འགྲོ་བ་དང་འོང་བ་ཡོད་པར་ང་མི་སྨྲ་སྟེ། གནས་པར་མ་ཡིན་ནོ། །འཆི་འཕོ་ཡོད་པར་ང་མི་སྨྲ་སྟེ། སྐྱེ་བར་མ་ཡིན། འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །ས་དང་ཆུ་དང་མེ་ [26a.7]དང་རླུང་། །གང་ལའང་གནས་པ་མ་ཡིན་པ། །དེ་ལ་དཀར་པོས་གསལ་མི་བྱེད། །དེ་ལ་མུན་པའང་ཡོད་མ་ཡིན། །དེ་ལ་ཟླ་བས་སྣང་མི་བྱེད། །དེ་ལ་ཉི་མས་མངོན་མི་བྱེད། །ཐུབ་པ་བྲམ་ཟེ་གང་ཡིན་པ། །དེས་ནི་རང་གིས་རིག་པ་ཡིན། །དེ་ནི་གཟུགས་དང་གཟུགས་མེད་དང་། ། [26b] [26b.1]སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །མཐར་ཕྱིན་འཇིགས་པ་མེད་པ་སྟེ། །རློམ་མེད་འགྱོད་པ་མེད་པ་ཡིན། །སྲིད་པའི་ཟུག་རྔུ་གཏུབས་པ་སྟེ། །ལུས་ཀྱི་ཐ་མར་གྱུར་པ་ཡིན། །འདི་ནི་མཐར་ཕྱིན་རྣམས་ཀྱི་མཆོག །ཞི་བའི་གོ་འཕང་བླ་མེད་པ། །མཚན་མ་ཐམས་ཅད་ཟད་ [26b.2]པ་སྟེ། །བྱང་གྲོལ་གོ་འཕང་འཆི་མེད་ཡིན། །མཚུངས་དང་མི་མཚུངས་འབྱུང་བ་ཡི། །འདུ་བྱེད་ཐུབ་པས་རབ་ཏུ་སྤངས། །ནང་དུ་མཉམ་བཞག་དགའ་བ་ཡིས། །སྒོ་ངའི་སྦུབས་ནི་དྲལ་ནས་བྱུང་། །སྦྱིན་ཀུན་ཆོས་ཀྱི་སྦྱིན་པས་ཐུབ། །དགའ་ཀུན་ཆོས་ཀྱི་དགའ་བས་ཐུབ། ། [26b.3]སྟོབས་ཀུན་བཟོད་པའི་སྟོབས་ཀྱིས་ཐུབ། །བདེ་ཀུན་སྲེད་པ་ཟད་པས་ཐུབ། །མྱ་ངན་ལས་འདས་པའི་ཚོམས་ཏེ་ཉི་ཤུ་རྩ་དྲུག་པའོ།། །།བདག་ལས་གཞན་པའི་སྐྱོན་དག་ནི། །ཕུབ་མ་གཏོར་བ་ཇི་བཞིན་དུ། །གཞན་གྱི་སྐྱོན་མཐོང་སླ་བ་སྟེ། །རང་གི་སྐྱོན་ནི་ [26b.4]མཐོང་བར་དཀའ། །གཡོ་ཅན་ཆོ་ལོ་འཇོ་བ་ལྟར། །རང་གི་དེ་ནི་སྦེད་པ་དང་། །གཞན་གྱི་སྐྱོན་ལ་ལྟ་བྱེད་ཅིང་། །རྟག་ཏུ་འཕྱས་ལང་འདུ་ཤེས་ཅན། །དེ་ཡིས་རིང་དུ་ཆོས་མི་མཐོང་། །གཡོན་ཕྱོགས་ཆོས་ནི་རབ་ཏུ་འཕེལ། །སྤྱི་རྡོལ་བྱེད་ཅིང་འཕྲོག་རློམ་ཅན། །མི་གཙང་ [26b.5]ལས་ལྡན་ཁཱ་ལྟ་བུར། །ཤིན་ཏུ་ཉོན་མོངས་འཚོ་བ་ཅན། །ངོ་ཚ་མེད་པའི་འཚོ་བ་སླ། །རྟག་ཏུ་གཙང་མ་ཚོལ་བ་དང་། །ཐུབ་ཆོད་མི་བྱེད་འཛེམ་བག་ཅན། །འཚོ་བ་དག་པ་ལྟ་བ་ཡི། །ངོ་ཚ་ཤེས་པའི་འཚོ་བ་དཀའ། །འཇིག་རྟེན་མུན་པར་གྱུར་འདི་སྟེ། །དེ་ལས་ [26b.6]ལྷག་མཐོང་ལྡན་པ་ཉུང་། །རྒྱ་ལས་ཤོར་བའི་བྱ་ལྟ་བུར། །མཐོ་རིས་ལ་དགའ་ཤས་ཙམ་ཞིག །བྱིས་པ་ལུས་ཀྱིས་བཅིངས་གྱུར་པ། །མུན་པའི་འཁོར་གྱིས་བསྐོར་བ་ཡིན། །འཇིག་རྟེན་ནོར་ལ་ཆགས་པ་དག །གཞན་རྫས་ལྟ་བུར་ལྟ་བར་བྱེད། །བདག་གིས་སྐྱེ་དགུ་ [26b.7]འདི་ཕྱུང་ཞིང་། །གཞན་གྱིས་བྱས་སོ་སྙམ་སེམས་པ། །བདེན་པ་མིན་ལ་བདེན་ལྟ་བས། །ཅི་ཡང་མཐོང་བར་མི་འགྱུར་རོ། །དེ་ནི་འགས་ཀྱང་མི་མཐོང་ཞིང་། །ཟུག་རྔུ་མཐོང་བར་མི་འགྱུར་རོ། །ཡུལ་སྲེད་གང་ལ་སྐྱེ་བོ་ཆགས་པ་ཡི། །ཟུག་རྔུ་དེ་དག་སྔོན་ཆད་མཐོང་བ་དང་། ། [27a] [27a.1]དེ་ནི་བདག་གིས་བྱས་སྙམ་མི་འཛིན་ཅིང་། །དེ་ནི་གཞན་གྱིས་བྱས་སྙམ་མི་འཛིན་ཏོ། །སྐྱེ་དགུ་འདི་དག་ང་རྒྱལ་ལྡན། །ང་རྒྱལ་ལ་ཆགས་ང་རྒྱལ་བཅིངས། །རྩོད་པར་གྱུར་པའི་ལྟ་བ་ཅན། །འཁོར་བ་ལྡོག་པར་མི་འགྱུར་རོ། །ཐོབ་པར་གྱུར་པ་གང་ཡིན་དང་། ། [27a.2]ཐོབ་པར་བྱ་བ་གང་ཡིན་པ། །དེ་དག་གཉི་ག་རྡུལ་གྱིས་ཡོག །རྗེས་སུ་ནད་པ་སློབ་པར་བྱེད། །གང་ཞིག་ཚུལ་ཁྲིམས་དང་། བསླབ་པ་དང་། བརྟུལ་ཞུགས་དང་། ཚངས་པར་སྤྱོད་པ་དང་། དཀའ་ཐུབ་དང་། ཉེ་བར་གནས་པ་སྙིང་པོར་བྱེད་པ་དེ་ནི་མཐའ་གཅིག་གོ། །གང་ཞིག་དེ་ [27a.3]ལྟར་ལྟ་ཞིང་འདི་སྐད་ཅེས་འདོད་པ་ནི་གཙང་བའོ། །འདོད་པ་ནི་བསོད་ཉམས་ཅན་ནོ། །འདོད་པ་ནི་ལོངས་སྤྱོད་པར་བྱ་བའོ། །འདོད་པ་ནི་སྐྱོན་མེད་པ་ཡིན་ནོ་ཞེས་སྨྲ་ཞིང་དེ་དག་ལྷག་པར་འདོད་པ་རྣམས་སུ་ལྷུང་བར་བྱེད་པའི་བརྟུལ་ཞུགས་ལེན་པ་འདི་ཡང་མཐའ་གཅིག་གོ། །མཐའ་ [27a.4]གཉིས་པོ་འདི་དག་ནི་དུར་ཁྲོད་འཕེལ་བར་བྱེད་པ་སྟེ། འདི་དག་གིས་དུར་ཁྲོད་འཕེལ་བར་བྱས་སོ། །མཐའ་གཉིས་པོ་འདི་དག་མ་མཐོང་བ་ཁ་ཅིག་ཞེན་པར་བྱེད་ཅིང་། ཁ་ཅིག་མངོན་པར་རྒྱུག་པར་བྱེད་ལ། དེ་དག་ལྷག་པར་ཞེན་པར་བྱེད་ཅིང་ལྷག་པར་རྒྱུག་པར་བྱེད་པ་དག་མིག་ [27a.5]དང་ལྡན་པས་མཐོང་ངོ་། །མཐའ་གཉིས་པོ་འདི་དག་མཐོང་བ་ན་ཞེན་པར་མི་བྱེད་རྒྱུག་པར་མི་བྱེད་ལ། དེ་དག་ལྷག་པར་ཞེན་པར་མི་བྱེད་ཅིང་ལྷག་པར་རྒྱུག་པར་མི་བྱེད་པ་ཡང་མིག་དང་ལྡན་པས་མཐོང་ངོ་། །དེ་དག་དེ་ལྟར་མི་བྱེད་ཅིང་དེ་དག་དེ་ལྟར་མི་སེམས་ན། དེ་དག་གི་ལམ་དུ་ [27a.6]མི་གདགས་པ་འདི་ལྟ་སྟེ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །ཇི་ལྟར་ཆུ་བུར་མཐོང་བ་དང་། །ཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར། །དེ་བཞིན་འཇིག་རྟེན་ལྟ་བྱེད་པ། །འཆི་བདག་རྒྱལ་པོས་མཐོང་མི་འགྱུར། །ཇི་ལྟར་ཆུ་བུར་མཐོང་བ་དང་། །ཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར། །དེ་བཞིན་ [27a.7]ལུས་ལ་ལྟ་བྱེད་པ། །འཆི་བདག་རྒྱལ་པོས་མཐོང་མི་འགྱུར། །གང་ལ་བྱིས་པ་མངོན་ཆགས་པ། །དེ་ལ་མཁས་པ་ཆགས་མི་འགྱུར། །རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར། །ལུས་འདི་རྟག་ཏུ་བལྟ་བར་གྱིས། །གང་ལ་བྱིས་པ་རྨོངས་འགྱུར་བ། །དེ་ལ་མཁས་པ་རྨོངས་མི་འགྱུར། ། [27b] [27b.1]རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར། །ལུས་འདི་རྟག་ཏུ་བལྟ་བར་གྱིས། །གང་དུ་བྱིས་པ་ཉམས་གྱུར་པ། །གླང་རྒན་རྫབ་ཏུ་ཆུད་པ་བཞིན། །རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར། །ལུས་འདི་རྟག་ཏུ་བལྟ་བར་གྱིས། །ནད་པ་ལྟ་བུར་འཇིག་ཆོས་ཅན། །རྨ་བྱུང་བ་དང་འདྲ་བ་སྟེ། །གང་ཡང་ [27b.2]བརྟན་པར་མི་གནས་པ། །ལུས་འདི་རྟག་ཏུ་བལྟ་བར་གྱིས། །ནད་པ་འཇིག་པའི་ཆོས་ཅན་ལྟར། །གང་ཡང་བརྟན་པར་མི་གནས་པར། །ནོར་བུའི་རྣ་ཆ་གདུབ་འཁོར་གྱིས། །བརྒྱན་པའི་ལུས་ལ་བལྟ་བར་གྱིས། །སྐྲ་ནི་ལན་བུ་བརྒྱད་བྱས་ཤིང་། །མིག་སྨན་གྱིས་ནི་བསྐུས་པའི་ [27b.3]མིག །བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་། །ཕ་རོལ་ཚོལ་བར་མི་བྱེད་དོ། །མིག་སྨན་གྱིས་ནི་གསར་བྲིས་ཤིང་། །རྣག་ཅན་ལུས་ནི་བརྒྱན་པ་ཡིས། །བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་། །ཕ་རོལ་ཚོལ་བར་མི་བྱེད་དོ། །ལུས་ནི་དྲི་ཞིམ་གྱིས་བསྐུས་ནས། །རྐང་པ་བཙག་ [27b.4]གིས་བྱུགས་པ་དག །བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་། །ཕ་རོལ་ཚོལ་བར་མི་བྱེད་དོ། །གང་ཞིག་འདོད་པར་ཀུན་སྦྱོར་འབྲེལ་ཆགས་ཤིང་། །ཀུན་དུ་སྦྱོར་བའི་སྐྱོན་རྣམས་མ་མཐོང་བ། །འདོད་པར་འབྲེལ་ལ་ཆགས་པའི་མི་དེ་ཡིས། །ཆུ་བོ་མཐའ་ཡས་ཡངས་པ་རྒལ་མི་ [27b.5]འགྱུར། །ཆགས་བྲལ་མཆོག་དང་ཐ་མ་ཐམས་ཅད་དག །འདི་ལ་བདག་དང་བདག་གིར་མི་ལྟ་ཞིང་། །དེ་ལྟར་རྣམ་གྲོལ་སྔོན་ཆད་མ་རྒལ་བའི། །ཆུ་བོ་རབ་རྒལ་ཡང་སྲིད་མེད་པར་འགྱུར། །གང་ཞིག་ཚལ་སྤངས་ཚལ་མེད་པ། །ནགས་ཚལ་སྤངས་ནས་ནགས་སུ་རྒྱུག །གྲོལ་བ་ [27b.6]འཆིང་བར་གཅེན་པ་ཡིན། །གང་ཟག་འདི་ལ་ལྟོས་ཤིག་ཚུར། །ཤིང་རྟ་མཐུན་པའི་རྩིབས་ལྡན་པ། །ཡན་ལག་ཡིད་འོང་གོས་དཀར་གཡོགས། །སྡིག་མེད་འགྲོ་བ་ལ་ལྟོས་ལ། །ཆིང་མའི་རྒྱུན་རྣམས་བཅད་པར་གྱིས། །འཇིགས་པས་སྐྲག་པའི་མི་དག་ནི། །ཕལ་ཆེར་རི་དང་ [27b.7]ནགས་ཚལ་དང་། །སྐྱེད་མོས་ཚལ་དང་མཆོད་གནས་དང་། །ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་ཏུ་གྱུར་པ་མིན། །དེ་ལ་སྐྱབས་སུ་སོང་བ་ཡིས། །སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར། །གང་ཞིག་སངས་རྒྱས་ཆོས་དང་ནི། ། [28a] [28a.1]དགེ་འདུན་ལ་ནི་སྐྱབས་སོང་ཞིང་། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །བདེ་བ་མྱ་ངན་འདས་འགྲོ་བའི། །འཕགས་ལམ་ཡན་ལག་བརྒྱད་པ་སྟེ། །འཕགས་པའི་བདེན་པ་བཞི་པོ་དག །གང་ཚེ་ཤེས་རབ་ [28a.2]ཀྱིས་མཐོང་བ། །དེ་ནི་སྐྱབས་ཀྱི་མཆོག་ཡིན་ཞིང་། །དེ་ནི་སྐྱབས་ཀྱི་དམ་པ་ཡིན། །དེ་ལ་སྐྱབས་སུ་སོང་བ་ཡིས། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །མཐོང་བས་མཐོང་ཞིང་མཐོང་བས་མ་མཐོང་མཐོང་། །མ་མཐོང་མི་མཐོང་མཐོང་བྱ་མཐོང་མི་འགྱུར། །འདྲ་ [28a.3]མཐོང་ལྷག་མཐོང་ཐ་དད་དངོས་པོར་བརྗོད། །ཉིན་མཚན་ནམ་ཡང་ལྷན་ཅིག་མི་གནས་བཞིན། །འདྲ་བ་མཐོང་བས་མཐོང་མི་འགྱུར། །གལ་ཏེ་མཐོང་ན་འདྲ་མི་མཐོང་། །མཐོང་འདིས་འདྲ་བ་མི་མཐོང་སྟེ། །འདྲ་མཐོང་མི་ཡིས་མཐོང་བ་མེད། །མི་ཡིས་ཅི་མ་མཐོང་ན་ [28a.4]འདྲ་བ་མཐོང་། །ཅི་ཞིག་མཐོང་ན་འདྲ་བ་མཐོང་མི་འགྱུར། །ཇི་ལྟར་འདི་ན་འདྲ་བ་མཐོང་བ་དག །གང་ཞིག་མེད་ན་འདྲ་བར་མཐོང་དང་བྲལ། །གང་ཚེ་འདི་ཡིས་སྡུག་བསྔལ་མ་མཐོང་བ། །དེ་ཡི་ཚེ་ན་བདག་ཏུ་མཐོང་བར་འགྱུར། །ཇི་ལྟ་ཇི་ལྟར་སྡུག་བསྔལ་རྟོགས་གྱུར་པ། ། [28a.5]དེས་ནི་བདག་འདི་འདྲ་བ་མཐོང་མི་འགྱུར། །གང་གིས་སོ་སོའི་སྐྱེ་བསྒྲིབས་ན། །འདུ་བྱེད་སྡུག་བསྔལ་མ་མཐོང་བ། །དེ་ཕྱིར་འདི་ན་འདྲ་མཐོང་སྟེ། །དེ་མེད་འདྲ་བ་མི་མཐོང་ངོ་། །མཐོང་བའི་ཚོམས་ཏེ་ཉི་ཤུ་རྩ་བདུན་པའོ།། །།སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་ [28a.6]སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོང་། །ཉོན་མོངས་ཟད་པས་མྱ་ངན་འདའ། །མཁས་དང་འདྲེ་དང་ [28a.7]བྱིས་པའི་སྐྱེ་བོ་དང་། །ལྷན་ཅིག་སྤྱོད་དང་གཅིག་པུ་གནས་ཀྱང་རུང་། །ངང་པས་ཆུ་ལ་འོ་མ་འཐུང་བ་ལྟར། །མཁས་པས་སྡིག་པ་ཅན་རྣམས་རབ་ཏུ་སྤང་། །འཇིག་རྟེན་ཉེས་དམིགས་མཐོང་བ་དང་། །འགོག་པར་འགྱུར་པའི་ཆོས་མཐོང་བས། །འཕགས་པ་སྡིག་ལ་དགའ་མི་བྱེད། ། [28b] [28b.1]སྡིག་ཅན་དགེ་ལ་དགའ་མི་འགྱུར། །ལེགས་པར་ཉེར་ཞིའི་རོ་དང་ནི། །རབ་ཏུ་དབེན་པའི་རོ་ཤེས་པ། །རིམས་ནད་མེད་ཅིང་སྡིག་མེད་ལ། །ཆོས་ལ་དགའ་བའི་རོ་དག་འཐུང་། །སེམས་ཀྱི་ཟག་པ་མེད་པ་དང་། །སེམས་ནི་འཆིང་བས་མ་བཅོམ་ལ། །དགེ་དང་སྡིག་པ་རབ་སྤངས་པ། ། [28b.2]ངན་འགྲོ་རྣམས་ཀྱིས་འཇིགས་པ་མེད། །གནས་མིན་ཟློག་དང་ལེགས་སྨྲ་དང་། །ཉེས་དམིགས་སྟོན་པར་བྱེད་པ་དང་། །མཁས་པས་ཚར་གཅོད་སྨྲ་བྱེད་པ། །དེ་ལྟའི་སྐྱེ་དགུ་བསྟེན་པར་བྱ། །དེ་ལྟ་བུ་དག་བསྟེན་བྱས་ན། །སྡིག་པར་མི་འགྱུར་ལེགས་པར་འགྱུར། །ཉེ་བར་ཞི་ཞིང་ [28b.3]རབ་ཞི་ལ། །དལ་བུས་སྨྲ་ཞིང་ཁེངས་མེད་པ། །སྡིག་པའི་ཆོས་རྣམས་སྤྲུག་བྱེད་དེ། །རླུང་གིས་ལྗོན་ཤིང་ལོ་མ་བཞིན། །གང་ཞིག་སྐྱེས་བུ་དག་ཅིང་ཉོན་མོངས་མེད། །རབ་ཏུ་སྡང་མེད་མི་ལ་ཁྲོ་བྱེད་པའི། །བྱིས་པ་དེ་ལ་སྡིག་པ་ཕྱིར་འགོག་སྟེ། །རྫི་ཕྱོགས་སུ་ནི་རྡུལ་རྣམས་གཏོར་ [28b.4]བ་བཞིན། །དགེ་བ་བྱེད་པས་དགེ་བ་དང་། །སྡིག་པ་བྱེད་པས་སྡིག་པ་སྟེ། །མི་ཡིས་གང་དང་གང་བྱས་པ། །དེ་དེ་རང་གིས་མཐོང་བར་འགྱུར། །བདག་གིས་སྡིག་པ་བྱས་ན་ནི། །དེ་བདག་ཁོ་ན་ཀུན་ཉོན་མོངས། །བདག་གིས་སྡིག་པ་མ་བྱས་ན། །བདག་ཉིད་ཁོ་ན་རྣམ་པར་དག ། [28b.5]གཞན་གྱིས་གཞན་སྤྱོད་མི་བྱེད་ཀྱི། །དག་དང་མ་དག་རང་རང་བྱེད། །བདག་ཉིད་ཀྱིས་ནི་སྡིག་པ་དག །བྱས་ཤིང་ཉེ་བར་བསགས་པ་ཡིས། །བསམ་བརླག་མངོན་དུ་འཇོམས་པར་བྱེད། །རྡོ་རྗེས་ནོར་བུ་འབིགས་པ་བཞིན། །མིག་ལྡན་འགྲོ་བར་བྱེད་པ་ཡིས། །ཉམ་ངའི་ལམ་དག་ [28b.6]ཇི་ལྟ་བར། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང་། །ནོར་ཆེན་གྱིས་ནི་གྲོགས་ཉུང་དང་། །ཚོང་པས་འཇིགས་བཅས་ལམ་དང་ནི། །གསོན་པར་འདོད་པས་དུག་ལྟ་བུར། །མཁས་པས་སྡིག་ཅན་ཡོངས་སུ་སྤང་། །གལ་ཏེ་ལག་མཐིལ་རྨ་མེད་ན། ། [28b.7]ལག་པས་དུག་ནི་བཟུང་བྱས་ཀྱང་། །རྨ་མེད་དུག་ནི་མི་འཇེན་ལྟར། །མ་བྱས་པ་ལ་སྡིག་པ་མེད། །བདག་ལ་མི་ཕན་བྱ་བ་དང་། །ལེགས་པ་མ་ཡིན་བྱ་བར་སླ། །གང་དག་ཕན་ཞིང་བདེར་འགྱུར་བ། །དེ་ནི་མཆོག་ཏུ་བྱ་བར་དཀའ། །དམ་པས་ལེགས་པ་བྱ་སླ་ཡི། །དམ་པས་ [29a] [29a.1]སྡིག་པ་བྱ་བར་དཀའ། །ངན་པས་སྡིག་པ་བྱ་སླ་ཡི། །འཕགས་པས་སྡིག་པ་བྱ་བར་དཀའ། །ཇི་སྲིད་སྡིག་པ་མ་སྨིན་པ། །དེ་སྲིད་བྱིས་པ་མངར་བར་སེམས། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་དེ་ནི་ཚ་བར་སེམས། །ཇི་སྲིད་སྡིག་པ་མ་སྨིན་པ། །དེ་སྲིད་སྡིག་པ་ [29a.2]རུང་བར་ལྟ། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་སྡིག་པ་མཐོང་བར་འགྱུར། །ཇི་སྲིད་བཟང་པོ་མ་སྨིན་པ། །དེ་སྲིད་བཟང་པོ་སྡིག་པར་མཐོང་། །གང་ཚེ་བཟང་པོ་སྨིན་གྱུར་པ། །དེ་ཚེ་བཟང་པོར་མཐོང་བར་འགྱུར། །སྡིག་པ་སྡུག་བསྔལ་སོགས་པས་ན། །དེ་ལ་དགའ་བར་མི་ [29a.3]བྱའོ། །བརྒྱ་ལ་སྡིག་པ་བྱས་ན་ཡང་། །ཡང་དང་ཡང་དུ་དེ་མི་བྱ། །བསོད་ནམས་བདེ་བ་སོགས་པས་ན། །དེ་ཉིད་ལ་ནི་དགའ་བར་བྱ། །གལ་ཏེ་བསོད་ནམས་བྱས་ན་ཡང་། །དེ་ནི་ཡང་དང་ཡང་དུ་བྱ། །སྡིག་ལ་ཡིད་ནི་མངོན་དགའ་བ། །བསོད་ནམས་དལ་བུས་བྱེད་འགྱུར་བས། ། [29a.4]སྡིག་པ་ལས་ནི་སེམས་བཟློག་ཅིང་། །བསོད་ནམས་མངོན་པར་སྨྱུར་ཏེ་བྱ། །སྡིག་པ་ཆུང་དུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིག་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་དུ་བྱས་པས་ཀྱང་། །འཇིག་རྟེན་ཕ་ [29a.5]རོལ་བདེ་བར་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་སུམ་འབྱོར་པ་བཞིན། །གང་ཞིག་ཉེས་མེད་ཆད་པས་གཅོད། །སྔར་བ་མིན་ལ་རབ་སྡང་བ། །གནས་གཞན་གང་ཡང་རུང་བ་བཅུ། །མྱུར་དུ་ཐོབ་པ་ཁོ་ནར་འགྱུར། །ཚོར་བ་མི་བཟད་པ་དག་གམ། །ཡང་ [29a.6]ན་ལུས་ནི་འདྲལ་བའམ། །གནོད་པའི་ཚོར་བ་ཚ་བའང་རུང་། །ཡང་ན་སེམས་འཁྲུགས་ཐོབ་པར་འགྱུར། །གཉེན་འདུན་རྣམས་དང་བྲལ་བའམ། །ལོངས་སྤྱོད་ཟད་པར་འགྱུར་བའམ། །རྒྱལ་པོའི་གནོད་པ་འབྱུང་བའམ། །མི་སྙན་ཤིན་ཏུ་མི་བཟད་དམ། །ཡང་ན་ཁྱིམ་ནི་ [29a.7]མེ་ཆེན་པོས། །ངེས་པར་སྲེག་པར་བྱེད་པར་འགྱུར། །ཤེས་རབ་འཆལ་བ་ལུས་ཞིག་ནས། །བཅུ་པ་ངན་འགྲོར་འགྲོ་བར་འགྱུར། །སྡིག་པ་བྱས་པས་བག་དབབ་མི་བྱ་སྟེ། །རིང་བྱས་རྒྱང་མར་བྱས་ཀྱང་བག་མི་དབབ། །དབེན་པར་བྱས་ཀྱང་བག་དབབ་མི་བྱ་སྟེ། །དེ་ཡི་ [29b] [29b.1]རྣམ་སྨིན་ཡོད་པས་བག་མི་དབབ། །བསོད་ནམས་བྱས་པས་བག་ནི་དབབ་བྱ་སྟེ། །རིང་བྱས་རྒྱང་རིང་བྱས་ཀྱང་བག་དབབ་ཅིང་། །དབེན་པར་བྱས་ཀྱང་བག་ནི་དབབ་པར་བྱ། །དེ་ཡི་རྣམ་སྨིན་ཡོད་པས་བག་དབབ་པོ། །བདག་གིས་སྡིག་པ་བྱས་པས་མྱ་ངན་བྱེད། །རིང་དང་རྒྱང་ [29b.2]རིང་བྱས་པས་མྱ་ངན་བྱེད། །བདག་གིས་དབེེན་པར་བྱས་པས་མྱ་ངན་བྱེད། །དེ་ཡི་རྣམ་སྨིན་ཡོད་པས་མྱ་ངན་བྱེད། །བདག་ཉིད་ནག་པོའི་ལས་དང་ལྡན་མཐོང་ནས། །འདིར་ཡང་མྱ་ངན་གཞན་དུའང་མྱ་ངན་བྱེད། །སྡིག་པ་བྱས་པས་གཉི་གར་མྱ་ངན་བྱེད། །དེ་ནི་མྱ་ངན་དེ་རབ་ [29b.3]མྱ་ངན་བྱེད། །བདག་གིས་བསོད་ནམས་བྱས་པས་དགའ་བར་འགྱུར། །རིང་དང་རྒྱང་རིང་བྱས་པས་དགའ་བར་འགྱུར། །བདག་གིས་དབེན་པར་བྱས་པས་དགའ་བར་འགྱུར། །དེ་ཡི་རྣམ་སྨིན་ཡོད་པས་དགའ་བར་འགྱུར། །བདག་ཉིད་རྣམ་དག་ལས་དང་ལྡན་མཐོང་ནས། །འདི་ [29b.4]ན་དགའ་འགྱུར་གཞན་དུའང་དགའ་བར་འགྱུར། །བསོད་ནམས་བྱས་པས་གཉི་གར་དགའ་འགྱུར་ཞིང་། །དེ་ནི་དགའ་འགྱུར་དེ་རབ་དགའ་བར་འགྱུར། །བདག་གིས་སྡིག་པ་བྱས་པས་གདུང་འགྱུར་ཞིང་། །རིང་བྱས་རྒྱང་རིང་བྱས་པས་གདུང་བར་འགྱུར། །བདག་གིས་དབེན་ [29b.5]པར་བྱས་པས་གདུང་འགྱུར་ཞིང་། །དེ་ཡི་རྣམ་སྨིན་ཡོད་པས་གདུང་བར་འགྱུར། །བདག་ཉིད་ནག་པོའི་ལས་དང་ལྡན་མཐོང་ནས། །འདི་ན་གདུང་འགྱུར་ཕ་རོལ་གདུང་བར་འགྱུར། །སྡིག་པ་བྱས་པས་གཉི་གར་གདུང་འགྱུར་ཞིང་། །དེ་ནི་གདུང་འགྱུར་དེ་རབ་གདུང་བར་འགྱུར། ། [29b.6]བདག་གིས་བསོད་ནམས་བྱས་པས་དགའ་འགྱུར་ཞིང་། །རིང་བྱས་རྒྱང་རིང་བྱས་པས་དགའ་བར་འགྱུར། །བདག་གིས་དབེེན་པར་བྱས་པས་དགའ་འགྱུར་ཞིང་། །དེ་ཡི་རྣམ་སྨིན་ཡོད་པས་དགའ་བར་འགྱུར། །བདག་ཉིད་དཀར་པོའི་ལས་དང་ལྡན་མཐོང་ནས། །འདི་ན་དགའ་ [29b.7]འགྱུར་ཕ་རོལ་དགའ་བར་འགྱུར། །བསོད་ནམས་བྱས་པས་གཉི་གར་འགའ་འགྱུར་ཞིང་། །དེ་ནི་དགའ་འགྱུར་དེ་རབ་དགའ་བར་འགྱུར། །སྡིག་པ་བྱས་ཤིང་བསོད་ནམས་མ་བྱས་ལ། །ཆོས་དང་གོལ་ཞིང་ཆོས་མིན་ཐོབ་པའི་མི། །སྡིག་པའི་ལས་ཅན་འཆི་བས་འཇིགས་འགྱུར་ [30a] [30a.1]ཏེ། །ཆུ་ཆེན་ནང་དུ་གྲུ་ངན་ཞིག་པ་བཞིན། །བསོད་ནམས་བྱས་ཤིང་སྡིག་པ་མ་བྱས་ལ། །དམ་པ་རྣམས་ཀྱི་སྔོན་གྱི་ཆོས་སྤྱོད་པས། །ད་ནི་ནམས་ཀྱང་འཆི་བས་འཇིགས་མེད་དེ། །བརྟན་པའི་གྲུ་ཡིས་ཕ་རོལ་འགྲོ་བ་བཞིན། །སྡིག་པའི་ཚོམས་ཏེ་ཉི་ཤུ་ [30a.2]རྩ་བརྒྱད་པའོ།། །།ཇི་སྲིད་ཉི་མ་མ་ཤར་བ། །དེ་སྲིད་སྲིན་བུ་མེ་ཁྱེར་སྣང་། །ཉི་མ་ཤར་བར་གྱུར་པ་ན། །སྣང་བ་མེད་ཅིང་སྔོན་པོར་འགྱུར། །ཇི་སྲིད་དེ་བཞིན་གཤེགས་མ་ཤར། །དེ་སྲིད་རྟོག་གེ་པ་རྣམས་སྣང་། །འཇིག་རྟེན་རྫོགས་སངས་རྒྱས་ཤར་བ། །རྟོག་ཅན་ [30a.3]ཉན་ཐོས་བཅས་མི་སྣང་། །གཅེས་མིན་གཅེས་པར་བློས་འཛིན་ཅིང་། །གཅེས་ལ་གཅེས་པ་མིན་རྟོག་པ། །ལོག་པར་ཀུན་རྟོག་སྤྱོད་ཡུལ་ཅན། །དེས་ནི་གཅེས་པ་ཐོབ་མི་འགྱུར། །གཅེས་པ་མིན་ལ་གཅེས་མིན་དང་། །གཅེས་ལ་གཅེས་པར་འདུ་ཤེས་པ། །ལེགས་པར་ [30a.4]ཀུན་རྟོག་སྤྱོད་ཡུལ་ཅན། །དེས་ནི་གཅེས་པ་འཐོབ་པར་འགྱུར། །འདི་ན་ལྟ་དང་ཉན་ལ་མངོན་ཞེན་པའི། །ཆིངས་མ་གསར་དང་གསར་དུ་འཕེལ་བ་དག །འཁོར་བར་རྒྱུག་ཅིང་འགྲོ་དང་སྡོད་འགྱུར་ཏེ། །མེ་ནང་ལྷུང་བའི་ཕྱེ་མ་ལེབ་དང་འདྲ། །འདི་ལ་མྱོང་འགྱུར་གཞན་ལ་མྱོང་འགྱུར་ [30a.5]བའམ། །འདི་ན་ཐེ་ཚོམ་ཐ་དད་ཇི་སྙེད་པ། །དེ་དག་ཚངས་པར་སྤྱད་སྤྱོད་འབད་པ་དང་། །སེམས་པར་བྱེད་པས་རབ་ཏུ་རྣམ་པར་སྤོང་། །གང་ཞིག་སྙིགས་མ་ཡོད་བཞིན་དུ། །ངུར་སྨྲིག་གོས་ནི་གྱོན་བྱེད་པ། །དུལ་དང་དེས་པ་མེད་པ་དེ། །ངུར་སྨྲིག་གྱོན་པའི་འོས་མ་ཡིན། །གང་ [30a.6]ཞིག་སྙིགས་མ་རྣམས་སྤངས་ནས། །ཚུལ་ཁྲིམས་ལེགས་པར་མཉམ་བཞག་པ། །དུལ་དང་དེས་པར་ལྡན་པ་དེ། །ངུར་སྨྲིག་གྱོན་པའི་འོས་ཡིན་ནོ། །གཡོ་སྒྱུ་འཇུངས་དང་ལྡན་པའི་མི། །ཁ་དོག་དང་ནི་གཟུགས་ལྡན་པའམ། །ཡང་ན་སྨྲ་བར་བྱེད་ཙམ་གྱིས། །ཕོ་མཆོག་ [30a.7]ཡིན་པར་མི་ཆུད་དོ། །གང་ཞིག་ཆོས་གསུམ་དེ་དག་རྣམས། །ཏ་ལའི་མགོ་བོ་བཞིན་བཅད་ནས། །བློ་ལྡན་སྐྱོན་ནི་བསལ་བ་དེ། །ཕོ་མཆོག་ཡིན་པར་བརྗོད་པར་བྱ། །འཇིག་རྟེན་འདི་ན་ལེགས་པར་མ་བསྡམས་པ། །ཕལ་ཆེར་ལེགས་བསྡམས་རྟགས་ཀྱིས་སྒྱུ་བྱེད་པས། ། [30b] [30b.1]ལེགས་པར་མ་བརྟགས་བར་དུ་མི་དག་གི། །མདོག་གཟུགས་ལན་འགའ་མཐོང་བས་ཡིད་མ་རྟོན། །ར་གན་ཁ་བསྒྱུར་ལྟ་བུར་མི་འཚམ་ཞིང་། །ལྕགས་ཕྱེད་གསེར་གྱིས་གཡོགས་པ་ཇི་ལྟ་བུར། །ཁོང་པ་རབ་གདུག་ཕྱི་རོལ་འཕགས་ཚུལ་གྱིས། །འཇིག་རྟེན་འདི་ན་འཁོར་ [30b.2]དང་བཅས་པར་རྒྱུ། །གང་ཞིག་རྡེ་འགེངས་གཉིད་ནི་ལོག་པ་དང་། །ཉིན་དང་མཚན་དུ་འགྲེ་ལྡོག་ཉལ་བྱེད་པ། །རྫབ་ནང་ཕག་ཆེན་ལུས་རྒྱས་ཇི་ལྟ་བར། །ཡང་དང་ཡང་དུ་སྨད་པའི་མངལ་དུ་འཇུག །མི་ནི་རྟག་ཏུ་དྲན་པ་ལྡན་པ་དང་། །རྟག་ཏུ་ཁ་ཟས་ཀྱི་ནི་ཚོད་ཤེས་པ། ། [30b.3]དེ་ཡི་སྡུག་བསྔལ་ཆུང་བར་འགྱུར་བ་དང་། །དལ་བུས་འཇུ་བས་ཚེ་ཡང་རིང་བར་བྱེད། །གང་ཞིག་དབང་པོ་མ་བསྡམས་ཤིང་། །ཟས་ཀྱི་ཚོད་ནི་མི་ཤེས་ལ། །དྲན་པ་ཉམས་དང་ལེ་ལོ་ཅན། །གཙང་བར་ལྟ་ཞིང་གནས་བྱེད་པ། །དེ་ནི་འདོད་ཆགས་རྣམས་ཀྱིས་བཅོམ། །རླུང་ [30b.4]གིས་མི་བརྟན་ལྗོན་ཤིང་བཞིན། །གང་ཞིག་དབང་པོ་ལེགས་བསྡམས་ཤིང་། །ཟས་ཀྱི་ཚོད་ནི་ཤེས་པ་དང་། །སོ་སོར་དྲན་ཞིང་བརྩོན་འགྲུས་ལྡན། །མི་གཙང་ལྟ་བས་གནས་བྱེད་པ། །དེ་ནི་འདོད་ཆགས་ཀྱིས་མི་ཆོམས། །རླུང་གིས་རི་བོ་མི་གཡོས་བཞིན། །དགོན་པ་དགའ་ [30b.5]བར་བྱ་འོས་པ། །དེ་ལ་སྐྱེ་བོ་མི་དགའ་ཡང་། །དེ་ལ་འདོད་ཆགས་བྲལ་བ་དགའ། །འདོད་པ་ཚོལ་བར་བྱེད་རྣམས་མིན། །དགོན་པའམ་ཡང་ན་གྲོང་དག་གམ། །གཤང་ངམ་ཐང་བུ་དག་ཀྱང་རུང་། །གང་ན་འཕགས་པ་བཞུགས་པ་ཡི། །ས་དེ་ཡིད་དུ་འོང་བ་ཡིན། །དམ་པ་རིང་ [30b.6]ནས་སྣང་གྱུར་ཏེ། །གངས་ཅན་གྱི་ནི་རི་བོ་བཞིན། །ངན་པ་ཉེ་ཡང་མི་སྣང་སྟེ། །མུན་ཁྲོད་མདའ་ནི་འཕངས་པ་བཞིན། །མཁས་པ་དོན་སེམས་བྱེད་པ་ཡི། །དམ་པ་ཉིད་དང་འགྲོགས་ན་ནི། །དོན་ཆེན་འགྱུར་ཞིང་ཟབ་མོ་ཡི། །ཤེས་རབ་སོ་སོར་རྟོགས་པར་འགྱུར། །གཞུ་ཡིས་ [30b.7]མདའ་འཕངས་བསྣུན་པ་ཡི། །གཡུལ་ངོའི་གླང་ཆེན་ཇི་བཞིན་དུ། །ཚུལ་འཆལ་སྐྱེ་བོ་མང་པོ་ཡི། །མི་སྙན་སྨྲས་པ་བཟོད་པར་བྱ། །མི་གང་ཁྱིམ་འབིགས་བྱེད་པ་དང་། །དད་པ་མེད་ཅིང་བྱས་མི་གཟོ། །གོ་སྐབས་བཅོམ་དང་སྐྱུགས་པ་ཟ། །དེ་ནི་སྐྱེས་བུ་དམ་པ་ཡིན། ། [31a] [31a.1]ཕ་མ་དག་ནི་བསད་བྱས་ཤིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་ནི་དག་པར་འགྱུར་ཞེས་བྱ། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་ [31a.2]དང་། །དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་རྗེས་ [31a.3]ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། །དེ་དག་འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། ། [31a.4]གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། །དེ་དག་རྗེས་ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ [31a.5]ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་ [31a.6]དང་། །དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་རྗེས་ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་ [31a.7]འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །དབེེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་རྗེས་ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་ [31b] [31b.1]རྗེས་བཞིན། །གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྤོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། །དེ་དག་འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ [31b.2]ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། །དེ་དག་རྗེས་ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་ [31b.3]དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། །དེ་དག་འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། ། [31b.4]དེ་དག་རྗེས་ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །སྐྱེ་དགུ་ཕལ་པ་འདི་དག་ནི། །ཕ་མཐའ་ཉིད་དུ་རྒྱུག་བྱེད་པས། །གང་དག་ཕ་རོལ་འགྲོ་བྱེད་པའི། །མི་ཡི་སྐྱེ་བོ་དེ་དག་ཉུང་། །གང་དག་ལེགས་པར་གསུངས་པ་ཡི། །ཆོས་ལ་ཆོས་ཀྱི་རྗེས་ལྟ་བས། ། [31b.5]སྐྱེ་བོ་དེ་དག་སྐྱེ་ཤི་ཡི། །མཚོ་ཆེན་རྒལ་དཀའི་ཕ་རོལ་འགྲོ། །སྐྱོབ་པ་རབ་ཏུ་རྣམ་གྲོལ་ཞིང་། །དུས་འདས་མྱ་ངན་བྲལ་བ་དང་། །མདུད་པ་ཐམས་ཅད་སྤངས་པ་ལ། །ཡོངས་སུ་གདུང་བ་ཡོད་མི་འགྱུར། །འཇིགས་དང་བཅས་པའི་ལམ་རྒལ་ཅིང་། །གཡང་ས་ཡོངས་ [31b.6]སུ་སྤོངས་པ་དང་། །སྦྱོར་དང་མདུད་པ་ལས་གྲོལ་བས། །འདོད་ཆགས་ཀྱི་ནི་དུག་ཀུན་བཅོམ། །འདོད་པ་ལྟ་བུའི་འདམ་རྫབ་མེད། །ཞེ་སྡང་ལྟ་བུའི་གནོད་མེད་དོ། །གཏི་མུག་ལྟ་བུའི་རྒྱ་མེད་དེ། །སྲེད་པ་ལྟ་བུའི་ཆུ་ཀླུང་མེད། །ནམ་མཁའ་ལ་ནི་རྗེས་ལྟ་བུར། །ཕྱི་རོལ་པ་ལ་ [31b.7]དགེ་སྦྱོང་མེད། །བྱིས་པ་སྤྲོས་ལ་མངོན་པར་དགའ། །དེ་བཞིན་གཤེགས་ལ་སྤྲོས་མི་མངའ། །སྦྱོར་བས་བྱིས་པ་ཁྲིད་པའི་ཕྱིར། །མཁས་པ་སྦྱོར་བ་འཇོམས་པར་བྱེད། །མཁས་པ་ལྷ་དང་མི་དག་གི། །སྦྱོར་བ་གང་ཡིན་འཇོམས་བྱེད་པ། །སྦྱོར་བ་ཀུན་དང་བྲལ་བའི་ཕྱིར། ། [32a] [32a.1]སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །སྦྱོར་བ་ལས་ནི་སྲིད་པ་འབྱུང་། །སྦྱོར་བ་མེད་པས་སྲིད་པ་ཟད། །སྲིད་པ་དང་ནི་སྲིད་མེད་པའི། །ལམ་འདི་གཉིས་ནི་ཤེས་གྱིས་ལ། །སྦྱོར་ལས་རབ་ཏུ་འདའ་བྱའི་ཕྱིར། །མཁས་པས་དེ་ལ་བསླབ་པར་གྱིས། །ཉེས་པར་ [32a.2]སྤྱད་པ་བྱས་པས་གདུང་འགྱུར་ཞིང་། །ངན་འགྲོར་སོང་བའི་འོག་ཏུའང་གདུང་བར་འགྱུར། །ལེགས་པར་སྤྱད་པ་བྱས་པས་དགའ་འགྱུར་ཞིང་། །བདེ་འགྲོར་སོང་བའི་འོག་ཏུའང་དགའ་བར་འགྱུར། །ཕྱི་ནས་གདུང་འགྱུར་དེ་བྱེད་པས། །གཉིས་ན་ཉེས་སྤྱད་མ་བྱས་བླ། །གདུང་བར་མི་ [32a.3]འགྱུར་དེ་བྱ་སྟེ། །ལེགས་པར་སྤྱད་པ་བྱས་ན་རུང་། །མཁས་དང་བྱིས་པ་འདྲེས་པ་ལས། །མ་སྨྲས་ཤེས་པར་མི་འགྱུར་བས། །ཞི་བའི་གོ་འཕང་སྨྲོས་ཤིག་དང་། །སྨྲས་པ་ཡིས་ནི་ཤེས་པར་འགྱུར། །ལེགས་བཤད་དྲང་སྲོང་རྒྱལ་མཚན་ཏེ། །དྲང་སྲོང་རྒྱལ་མཚན་ཆོས་ཡིན་ [32a.4]པས། །ཆོས་ནི་བཤད་པས་གསལ་བྱ་ཞིང་། །དྲང་སྲོང་རྒྱལ་མཚན་བསྒྲེང་བར་གྱིས། །མ་སྨྲས་ན་ཡང་སྨོད་བྱེད་ཅིང་། །མང་དུ་སྨྲས་ན་སྨོད་པར་བྱེད། །དལ་བུས་སྨྲས་ཀྱང་སྨོད་བྱེད་དེ། །འཇིག་རྟེན་ན་ནི་མི་སྨད་མེད། །གཅིག་ཏུ་སྨད་པར་བྱ་བ་དང་། །གཅིག་ཏུ་བསྟོད་ [32a.5]པར་བྱ་བའི་མི། །ད་ལྟར་ཡོད་པ་མ་ཡིན་ཏེ། །བྱུང་བར་མ་གྱུར་འབྱུང་མི་འགྱུར། །གང་དག་ལ་ནི་གནས་པའི་སྤྲོས་མེད་ཅིང་། །གང་དག་ཀུན་སྦྱོར་གདུང་ལས་རབ་ལོག་པ། །ཐུབ་པ་སྲེད་བྲལ་དེ་དག་རྒྱུ་མཛད་ཀྱང་། །ལྷར་བཅས་འཇིག་རྟེན་རྣམས་ཀྱིས་མི་ཤེས་སོ། །གང་གིས་ [32a.6]དད་དང་ཚུལ་ཁྲིམས་དང་། །བློ་ལ་ཕན་ནི་མ་བྱུང་བར། །ཇི་ལྟ་ཇི་ལྟར་རྟོགས་གྱུར་པའི། །ཤེས་པ་ཅན་དག་སྟོད་བྱེད་དེ། །དེ་དག་སུས་ཀྱང་སྨད་འོས་མིན། །འཛམ་བུའི་གླིང་གི་གསེར་རྒྱན་བཞིན། །ཇི་ལྟར་རི་དང་བྲག་དག་ནི། །རླུང་གིས་གཡོས་པར་མི་འགྱུར་ལྟར། །དེ་བཞིན་ [32a.7]བསྟོད་དང་སྨད་པ་ཡིས། །མཁས་པ་རབ་ཏུ་གཡོ་བ་མེད། །ས་ལ་གང་གི་རྩྭ་མེད་པ། །ལོ་མེད་ལྕུག་ཕྲན་ག་ལ་ཡོད། །འཆིང་བ་ལས་གྲོལ་བརྟན་པ་དེའི། །ཇིག་སུས་ཀྱང་སྨད་འོས་མིན། །གང་ཞིག་རྒྱལ་ལས་མི་ཉམས་ཤིང་། །འཇིག་རྟེན་མ་རྒྱལ་ཆུང་ཟད་མེད། །སངས་རྒྱས་ [32b] [32b.1]སྤྱོད་ཡུལ་མཐའ་ཡས་དེ། །འགྲོ་མེད་གོམ་པ་གང་གིས་བཀྲི། །གང་ཞིག་རྒྱལ་ལས་མི་ཉམས་ཤིང་། །འཇིག་རྟེན་མ་རྒྱལ་ཆུང་ཟད་མེད། །སངས་རྒྱས་མཐུ་རྩལ་མཐའ་ཡས་དེ། །འགྲོ་མེད་གོམ་པ་གང་གིས་བཀྲི། །གང་ལ་འཁྲིད་བྱེད་སྲིད་པ་ནི། །ཡུལ་སྲེད་འདྲ་བ་ [32b.2]འགའ་མེད་པ། །སངས་རྒྱས་སྤྱོད་ཡུལ་མཐའ་ཡས་དེ། །འགྲོ་མེད་གོམ་པ་གང་གིས་བཀྲི། །གང་ལ་འཁྲིད་བྱེད་སྲིད་པ་ནི། །ཡུལ་སྲེད་འདྲ་བ་འགའ་མེད་པ། །སངས་རྒྱས་མཐུ་རྩལ་མཐའ་ཡས་དེ། །འགྲོ་མེད་གོམ་པ་གང་གིས་བཀྲི། །གང་ཞིག་རྣམ་པར་རྟོག་པ་རྣམ་བསལ་ [32b.3]ཅིང་། །ནང་གི་ཀུན་ལ་རྣམ་པར་རྟོག་མེད་པ། །ཀུན་དུ་སྦྱོར་དང་གཟུགས་དང་འདུ་ཤེས་འདས། །རྣལ་འབྱོར་བཞི་དང་བྲལ་ལ་སྐྱེ་བ་མེད། །སྔོན་བྲལ་ཕྱི་མ་དང་བྲལ་ཞིང་། །དབུས་བྲལ་སྲིད་པའི་ཕ་རོལ་ཕྱིན། །རྣམ་པ་ཀུན་ལས་སེམས་གྲོལ་བ། །སྐྱེ་རྒ་ཕྱི་མ་འདྲེན་མི་འགྱུར། །ཕྲུགས་ [32b.4]ཀྱི་ཚོམས་ཏེ་ཉི་ཤུ་དགུ་པའོ།། །།རྒྱལ་བ་ལས་ནི་འཁོན་འབྱུང་ཞིང་། །ཕ་རོལ་ཕམ་པ་སྡུག་བསྔལ་འཐོབ། །རྒྱལ་དང་ཕ་རོལ་ཕམ་སྤངས་ན། །ཉེ་བར་ཞི་བའི་བདེ་བ་འཐོབ། །གཞན་ལ་སྡུག་བསྔལ་བསྐྱེད་པ་ཡིས། །གང་ཞིག་བདག་ནི་བདེ་འདོད་པ། །དགྲ་དང་ [32b.5]མི་འབྲལ་འགྲོགས་པ་དང་། །དེ་ནི་སྡུག་བསྔལ་ལས་མི་འགྲོལ། །བདེ་བ་འདོད་ཕྱིར་འབྱུང་པོ་ལ། །གང་ཞིག་འཚེ་ཞིང་ཆད་པས་གཅོད། །བདག་གི་བདེ་བ་འདོད་པ་དེ། །ཕ་རོལ་དུ་ནི་བདེ་མི་འགྱུར། །གང་ཞིག་བདེ་བ་འདོད་པ་དག །འབྱུང་པོ་ལ་ནི་མི་འཚེ་ཞིང་། །ཆད་ [32b.6]པས་མི་གཅོད་བདེ་འདོད་པ། །དེ་དག་ཕ་རོལ་བདེ་བ་འཐོབ། །ཆོས་སྤྱོད་ལེགས་པར་སྤྱད་བྱ་ཞིང་། །ཉེས་པར་སྤྱད་པ་དེ་མི་སྤྱད། །འཇིག་རྟེན་འདི་དང་ཕ་རོལ་དུ། །ཆོས་སྤྱད་པས་ནི་བདེ་བ་འཐོབ། །ཆོས་ལ་ལེགས་སྤྱད་བདེ་སྐྱེད་པས། །ཆོས་སྤྱོད་ཆོས་ཀྱིས་བསྲུང་ [32b.7]བར་བྱ། །ཆོས་སྤྱོད་ངན་འགྲོར་མི་འགྲོ་བ། །ཆོས་ལ་ལེགས་སྤྱོད་ཕན་ཡོན་དེའོ། །ཡངས་པའི་གདུགས་ཀྱིས་དབྱར་ཀ་ལྟར། །ཆོས་སྤྱོད་ཆོས་ཀྱིས་བསྲུང་བར་བྱ། །ཆོས་སྤྱོད་ངན་འགྲོར་མི་འགྲོ་བ། །ཆོས་ལ་ལེགས་སྤྱོད་ཕན་ཡོན་དེའོ། །བག་མེད་མི་ཡིས་ཆོས་ [33a] [33a.1]མིན་སྤྱད་ན་ནི། །འགྲོ་བ་གང་ཡང་རུང་བ་ངན་འགྲོར་འགྲོ། །འདི་ན་སྦྲུལ་ནག་རྐེད་ནས་བཟུང་བ་ལྟར། །ཆོས་མིན་སྤྱོད་པ་དེ་དག་རླག་པར་འགྱུར། །ཆོས་དང་ཆོས་མིན་གཉི་ག་ཡི། །རྣམ་སྨིན་འདྲ་བར་མི་འགྱུར་ཏེ། །ཆོས་མ་ཡིན་པས་དམྱལ་བར་ [33a.2]འགྲོ། །ཆོས་ཀྱིས་བདེ་འགྲོ་ཐོབ་པར་བྱེད། །སྦྱིན་པ་བྱེད་པའི་དུས་དང་གཡུལ་འགྱེད་དུས། །རྒྱུ་ཡིས་ཡོངས་སུ་བཟུང་བར་འདྲ་བས་ན། །སྦྱིན་པ་བྱེད་དང་གཡུལ་འགྱེད་འདྲ་ཞེས་གསུངས། །ཡོན་ཏན་དེ་གཉིས་མི་ངན་རྟེན་མི་བྱེད། །ཤིན་ཏུ་ལེགས་པར་ཆས་པ་གཅིག་པུས་ [33a.3]ཀྱང་། །ལེགས་པར་མ་ཆས་འཕྱིས་ལས་རྒྱལ་བྱེད་ལྟར། །གལ་ཏེ་དད་བསྐྱེད་ཆུང་ངུ་བྱིན་པས་ཀྱང་། །དེས་ནི་དེ་དག་གཞན་དུ་བདེ་བར་འགྱུར། །འདི་ན་ལན་བརྒྱར་གཡུལ་ཟློག་དཔའ་བོ་བས། །སེར་སྣ་དགྲར་གྱུར་ཟིལ་གྱིས་མནན་ནས་སུ། །གང་ཞིག་ཆགས་མེད་ [33a.4]སེམས་ཀྱིས་སྦྱིན་བྱེད་པ། །དེ་དག་ཆེས་དཔའ་ཡིན་པར་ངས་གསུངས་སོ། །བསོད་ནམས་རྣམ་སྨིན་བདེ་བ་སྟེ། །མངོན་པར་བསམས་པ་འབྱོར་བར་བྱེད། །མྱུར་དུ་ཞི་བ་དམ་པ་ཡི། །མྱ་ངན་འདས་པ་ཐོབ་པར་འགྱུར། །བསོད་ནམས་བྱེད་པ་རྣམས་ལ་ནི། །གཞན་ [33a.5]ལས་བྱུང་བའི་གནོད་པ་དང་། །ལྷ་དང་བདུད་ཀྱི་རིས་རྣམས་ཀྱིས། །བར་ཆད་བྱ་བར་མི་ནུས་སོ། །གལ་ཏེ་སྡུག་བསྔལ་ཟད་བྱའི་ཕྱིར། །འཕགས་དང་ཤེས་རབ་གཏོང་ལྡན་ལ། །དེ་ཡིས་འབད་རྩོལ་བྱས་ན་ནི། །ལྷག་མཐོང་གིས་ནི་རེག་པར་འགྱུར། །སེམས་ནི་ [33a.6]རབ་ཏུ་རྣམ་དང་བས། །ཆོས་ལ་དགའ་བྱེད་བདེ་བ་འཐོབ། །འཕགས་པས་གསུངས་པའི་ཆོས་དག་ལ། །མཁས་པ་རྟག་ཏུ་དགའ་བར་བྱེད། །གང་དག་སེམས་ནི་བསམ་གཏན་དགའ། །གང་ཞིག་སྐྱེ་མེད་དགའ་བ་དང་། །དྲན་པ་ཉེ་བར་གཞག་བཞི་དང་། །བྱང་ [33a.7]ཆུབ་ཡན་ལག་བདུན་དག་དང་། །རྫུ་འཕྲུལ་རྐང་པ་བཞི་རྣམས་དང་། །ཡན་ལག་བརྒྱད་ལམ་གང་དགའ་བ། །དེ་དག་ཆོས་གོས་འཆང་བ་དང་། །བསོད་སྙོམས་བདེ་བར་ཟ་བར་བྱེད། །དེ་དག་རི་དང་ནགས་ཚལ་ན། །བདེ་བར་འཆག་པར་བྱེད་པ་དང་། །དེ་དག་བདེ་ [33b] [33b.1]འཐོབ་བདེ་བར་ནི། །མཐོང་བའི་ཆོས་ལ་མྱ་ངན་འདའ། །འཁོན་དང་འཇིགས་པ་ཀུན་འདས་ཤིང་། །འཇིག་རྟེན་ཡུལ་གྱི་སྲེད་ལས་རྒལ། །ཆོས་ཐོས་པ་དང་མཐོང་བ་དང་། །དབེེན་པར་དགའ་བ་བདེ་བ་སྟེ། །འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ། །འཚེ་མེད་ཡང་ [33b.2]དག་སྡོམ་པ་བདེ། །འདོད་པ་རྣམས་ལས་རབ་འདས་ཤིང་། །འཇིག་རྟེན་འདོད་ཆགས་བྲལ་བ་བདེ། །ངའོ་སྙམ་པའི་ང་རྒྱལ་དག །བཏུལ་བ་དེ་དག་མཆོག་ཏུ་བདེ། །རྒས་ཁར་ཚུལ་ཁྲིམས་ལྡན་པ་བདེ། །དད་ལ་རབ་ཏུ་གནས་པ་བདེ། །དོན་ལྡན་ཚིག་ལ་དགའ་བ་ [33b.3]བདེ། །སྡིག་པ་མི་བྱེད་པ་དག་བདེ། །འཇིག་རྟེན་ན་ནི་ཕར་འཛིན་བདེ། །དེ་བཞིན་མར་ཡང་འཛིན་པ་བདེ། །འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ། །དེ་བཞིན་བྲམ་ཟེར་འཛིན་པ་བདེ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །དེ་བཞིན་ཆོས་རྣམས་བསྟན་པ་བདེ། །དགེ་འདུན་ [33b.4]རྣམས་ནི་མཐུན་པ་བདེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ཀྱིས་རྒྱལ་བའི་ [33b.5]སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །རྣམ་པ་ཀུན་དུ་དགྲ་འདྲ་བའི། །བྱིས་དང་འགྲོགས་ [33b.6]པ་སྡུག་བསྔལ་ཞིང་། །བྱིས་པ་དག་དང་འགྲོགས་བྱེད་པ། །ཡུན་རིང་རྗེས་སུ་འགྱོད་པར་འགྱུར། །སྐྱེས་བུ་ཅང་ཤེས་དཀོན་པ་སྟེ། །དེ་དག་ཀུན་དུ་འབྱུང་མ་ཡིན། །བརྟན་པ་རྣམས་དང་འགྲོགས་པ་དག །གཉེན་དང་ཕྲད་པ་ལྟ་བུར་བདེ། །གང་དུ་བརྟན་པ་ [33b.7]དེ་སྐྱེས་པ། །དེ་ཡི་རིགས་ཀྱིས་བདེ་བ་འཐོབ། །བྲམ་ཟེ་མྱ་ངན་འདས་པ་དག །རྣམ་པ་ཀུན་དུ་བདེ་བར་འཇུག །གང་ཞིག་འདོད་པས་མ་གོས་ཤིང་། །ཟག་མེད་རབ་ཏུ་རྣམ་གྲོལ་བ། །སྲེད་པ་ཐམས་ཅད་གཏུབས་པ་དག །སྙིང་ལས་རིམས་ནད་རྣམ་པར་བསལ། ། [34a] [34a.1]སེམས་ཀྱིས་ཞི་བ་ཐོབ་པ་རྣམས། །ཉེ་བར་ཞི་ཞིང་བདེ་བར་འཇུག། །གང་ཞིག་བདེ་བ་ཡངས་འདོད་ཅིང་། །བདེ་བ་ཆུང་དུ་གཏོང་འདོད་པའི། །བརྟན་པས་བདེ་ཆུང་སྤང་བྱས་ན། །བདེ་བ་ཡངས་པ་ལེགས་པར་མཐོང་། །འཇིག་རྟེན་འདོད་བདེ་ [34a.2]གང་ཡིན་དང་། །ལྷ་ཡུལ་བདེ་བ་གང་ཡིན་པས། །སྲེད་པ་ཟད་པའི་བདེ་བ་དེའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁུར་གྱིས་སྡུག་བསྔལ་བླངས་པས་ན། །ཁུར་བོར་ན་ནི་བདེ་བར་འགྱུར། །ལྕི་བའི་ཁུར་དག་ངེས་བོར་ན། །ཕྱི་ནས་གཞན་དག་ལེན་མི་འགྱུར། ། [34a.3]ཀུན་སྦྱོར་ཐམས་ཅད་ཟད་བྱའི་ཕྱིར། །སྲེད་པ་ཐམས་ཅད་རབ་ཏུ་སྤོངས། །ཕུང་པོ་ཐམས་ཅད་ཡོངས་ཤེས་ན། །སྲིད་པ་ཕྱི་མར་འགྲོ་བ་མེད། །དོན་རྣམས་བཀྲུན་པ་ལ་ནི་གྲོགས་ལྡན་བདེ། །སྲོག་དག་རབ་ཏུ་གཏུགས་ལ་བསོད་ནམས་བདེ། །ངན་ངོན་ཙམ་གྱིས་ [34a.4]ལེགས་པར་ཆོག་ཤེས་བདེ། །སྡུག་བསྔལ་ཐམས་ཅད་ངེས་པར་ནུབ་པ་བདེ། །འདི་ན་མེ་ནི་འབར་བ་ལ། །ལྕགས་ཀྱི་ཐོ་བས་བརྒྱབ་པ་ཡིས། །རིམ་གྱིས་ཉེ་བར་ཞི་འགྱུར་ཏེ། །ཇི་ལྟར་སོང་བ་མི་ཤེས་ལྟར། །འདོད་པའི་འདམ་རྫབ་ཆུ་རྒལ་ཅིང་། །གོ་འཕང་མི་ [34a.5]གཡོ་ཐོབ་པ་དང་། །ལེགས་པར་རྣམ་པར་གྲོལ་རྣམས་ཀྱི། །འགྲོ་བ་གདགས་སུ་མེད་པ་ཡིན། །གང་ཞིག་ཁོང་ན་འཁྲུག་པ་མེད་པ་དང་། །གང་ཞིག་སྲེད་དང་སྲེད་མིན་ལས་ལོག་པ། །དེ་དག་འཇིགས་བྲལ་བདེ་ཞིང་མྱ་ངན་མེད། །ལྷས་ཀྱང་བལྟ་ཞིང་བསམ་དུ་ [34a.6]མེད་པར་འགྱུར། །འདི་ན་གང་དག་ཆོས་མང་ཐོས་པ་དང་། །རྟོགས་ཤིང་ཅི་ཡང་མེད་པ་ཀྱེ་རེ་བདེ། །སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ཆགས་ཤིང་། །ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས། །འདི་ན་གང་དག་ཆོས་མང་ཐོས་པ་དང་། །རྟོགས་ཤིང་ཅི་ཡང་མེད་པ་ཀྱེ་རེ་ [34a.7]བདེ། །སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ཆགས་ཤིང་། །ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས། །སྐྱེ་བོ་ཅི་མེད་ཡོན་ཏན་རྟོགས་པ་དང་། །སྐྱེ་བོ་ཅི་ཡང་མེད་པར་གྱུར་པ་བདེ། །སྐྱེ་བོ་སྐྱེ་བོའི་སེམས་ལ་རབ་ཆགས་ཤིང་། །ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས། །སྐྱེ་ [34b] [34b.1]བོ་ཅི་མེད་ཡོན་ཏན་རྟོགས་པ་དང་། །སྐྱེ་བོ་ཅི་ཡང་མེད་པར་གྱུར་པ་བདེ། །སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ཆགས་ཤིང་། །ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས། །གཞན་གྱི་དབང་གྱུར་ཀུན་སྡུག་སྟེ། །རང་དབང་ཡོད་པ་ཐམས་ཅད་བདེ། །སྦྱོར་བ་ཤིན་ཏུ་སྤང་དཀའ་བ། ། [34b.2]ཐུན་མོང་གྱུར་པས་བརླག་པར་ཟད། །ཞེན་པར་གྱུར་པའི་མི་ནང་ན། །ཞེན་པ་མེད་པར་གནས་པ་དང་། །ཞེན་པའི་ནང་ན་མ་ཞེན་པ། །ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ། །ནད་ཀྱིས་ཐེབས་པའི་མི་ནང་ན། །ནད་མེད་པར་ནི་གནས་པ་དང་། །ནད་པའི་ནང་ན་ནད་མེད་པ། ། [34b.3]ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ། །འཚེ་བ་ཅན་གྱི་མི་ནང་ན། །འཚེ་བ་མེད་པར་གནས་པ་དང་། །འཚེ་བའི་ནང་ན་འཚེ་མེད་པ། །ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ། །གནོད་སེམས་ཅན་གྱི་མི་ནང་ན། །གནོད་སེམས་མེད་པར་གནས་པ་དང་། །གནོད་སེམས་ཅན་ནང་ [34b.4]གནོད་མེད་པ། །ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ། །ཤ་ཁོན་ཅན་གྱི་མི་ནང་ན། །ཤ་ཁོན་མེད་པར་གནས་པ་དང་། །ཤ་ཁོན་ཅན་ནང་འཁོན་མེད་པ། །ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ། །མི་ཐི་ལ་དག་རབ་བསྲེགས་ཀྱང་། །ང་ལ་ཅི་ཡང་ཚིག་པ་མེད། །ང་ལ་གང་ [34b.5]དག་ཅི་མེད་པས། །ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ། །ང་ལ་ཅི་ཡང་མེད་མོད་ཀྱི། །དགའ་བ་ཟ་བར་བྱེད་པས་ན། །འོད་གསལ་གྱི་ནི་ལྷ་བཞིན་དུ། །ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ། །འཇིག་ཚོགས་ལ་ནི་མི་རྟེན་པས། །ང་ལ་ཅི་ཡང་མེད་མོད་ཀྱི། །དགའ་ [34b.6]བ་ཟ་བར་བྱེད་པས་ན། །ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ། །ལེན་པའི་རྐྱེན་གྱིས་ཕྲད་ཅིང་རེག་འགྱུར་གྱི། །ལེན་མེད་ཅི་དང་ཕྲད་ཅིང་རེག་མེད་པས། །བདག་དང་གཞན་གྱིས་བསྐྱེད་པའི་བདེ་སྡུག་གིས། །དགོན་པའམ་འགྲོང་དུ་རེག་པར་མི་འགྱུར་རོ། །འཇིག་རྟེན་ [34b.7]འདི་ན་བདེ་དང་སྡུག་བསྔལ་གྱིས། །སྐྱེས་བུ་དམ་པ་མཐོ་དམན་མི་འགྱུར་ཞིང་། །བརྟན་རྣམས་འདོད་པའི་རྒྱུ་ཡིས་མི་འཁྱལ་བར། །སྐྱེས་བུ་དམ་པ་ཀུན་དུ་འགྲོ་བར་བྱེད། །བདེ་བའི་ཚོམས་ཏེ་སུམ་ཅུ་པའོ།། །།ཆེད་དུ་བརྗོད་པའི་ཚོམས། [35a] [35a.1]བམ་པོ་བཞི་པ་སྟེ་ཐ་མ། གཟུང་བར་དཀའ་ཞིང་ཡང་བ་དང་། །གང་དུ་དགའ་བར་འགྲོ་བ་ཡི། །སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བ་ཡིས་བདེ་བ་འདྲེན། །བདུད་ཀྱི་གཞི་དག་སྤོང་བ་ན། །ཆུ་བོའི་གནས་ནས་རབ་བཏོན་ཏེ། ། [35a.2]ཐང་ལ་བོར་བའི་ཉ་ལྟ་བུར། །བདག་གི་སེམས་ནི་ཡོངས་སུ་གཡོ། །ཉི་མ་ལས་ནི་འོད་ཟེར་ལྟར། །བདག་གི་སེམས་ནི་སོ་སོར་རྒྱུག །དེ་དག་མཁས་པས་ངེས་བཟློག་སྟེ། །ལྕགས་ཀྱུ་ཡིས་ནི་གླང་ཆེན་བཞིན། །ང་ལ་དོན་མེད་སྤྱོད་པ་དང་། །བལྟར་མེད་སྙིང་ [35a.3]པོ་མེད་པ་དེ། །རྟག་ཏུ་གདུལ་བར་བྱ་བའི་ཕྱིར། །སེམས་དེ་ལ་ནི་ང་སྨྲའོ། །སེམས་འདི་སྔོན་ཆད་ཇི་ལྟར་འདོད་པ་དང་། །དགའ་དགུར་སྤྱོད་ཅིང་རྒྱུ་བར་བྱེད་པ་དག །གླང་ཆེན་མྱོས་ལ་མི་ཡིས་ལྕགས་ཀྱུ་ལྟར། །དེ་ནི་ཚུལ་བཞིན་བྱ་བས་དེ་བཟུང་ངོ་། །ཁང་ཁྱིམ་ [35a.4]བྱེད་པ་འདི་ཡིས་ནི། །ཡང་ཡང་སྐྱེ་བའི་སྡུག་བསྔལ་ཅན། །སྐྱེ་བའི་འཁོར་བ་དུ་མ་ཞིག །ད་ལྟར་ཕན་ཅད་ཁྱོད་ཀྱིས་ཕྱུང་། །ཁང་ཁྱིམ་བྱེད་པ་ཁྱོད་མཐོང་བས། །ཁྱིམ་གྱི་གདུང་ཆེན་རྣམ་བཅོམ་ལ། །ཕྱམ་རྣམས་ཐམས་ཅད་བཅག་ནས་སུ། །ཕྱིན་ཅད་ [35a.5]ཁྱིམ་བྱེད་མི་གཞུག་གོ། །སེམས་ནི་འདུ་བྱེད་དང་ཕྲལ་ནས། །འདི་ཉིད་ལ་ནི་ཟད་པར་འདོད། །སེམས་ནི་གཡོ་ཞིང་བརྫུན་པ་སྟེ། །རིང་དུ་འགྲོ་ཞིང་བཟློག་དཀའ་བ། །མདའ་མཁན་མེ་ཡིས་སྲོང་བ་ལྟར། །ཡིད་གཞུངས་པ་ཡིས་བསྲང་བར་བྱ། །གང་ [35a.6]ཞིག་ལུས་མེད་ཕུག་ན་གནས། །གཅིག་པུ་རྒྱུ་ཞིང་རིང་འགྲོ་བའི། །སེམས་དེ་འདུལ་བར་བྱེད་པ་ནི། །འཇིགས་པ་ཆེ་ལས་ཐར་བར་འགྱུར། །ལོག་པའི་སྨོན་ལྡན་སེམས་གང་གིས། །བདག་ཉིད་སྡུག་བསྔལ་བྱེད་འགྱུར་པའི། །དེ་ལྟར་འཁོན་གྱིས་འཁོན་ [35a.7]ཅན་དང་། །དགྲ་བོས་དགྲ་ལའང་བྱེད་མི་འགྱུར། །ཡང་དག་སྨོན་ལྡན་སེམས་གང་གིས། །བདག་ཉིད་བདེ་བར་བྱེད་འགྱུར་བ། །དེ་ལྟར་ཕ་དང་མ་དག་དང་། །གཉེན་གཞན་གྱིས་ཀྱང་བྱེད་མི་འགྱུར། །ཇི་ལྟར་ཁོང་སྟེང་གཡོགས་ཉེས་ན། །ཆར་པ་ཡོངས་སུ་ [35b] [35b.1]འཛག་པ་ལྟར། །དེ་བཞིན་སེམས་ནི་མ་བསྒོམས་པ། །འདོད་ཆགས་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །ཆར་པ་རྣམ་པར་མི་འཛག་པ། །དེ་བཞིན་ལེགས་པར་བསྒོམས་པའི་སེམས། །འདོད་ཆགས་རྣམས་ཀྱིས་ཡོང་མི་ཆོམས། ། [35b.2]ཇི་ལྟར་ཁང་སྟེང་གཡོགས་ཉེས་ན། །ཆར་པ་ཡོངས་སུ་འཛག་པ་ལྟར། །དེ་བཞིན་སེམས་ནི་མ་བསྒོམས་པ། །ཞེ་སྡང་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །ཆར་པ་རྣམ་པར་མི་འཛག་པ། །དེ་བཞིན་ལེགས་པར་བསྒོམས་པའི་ [35b.3]སེམས། །ཞེ་སྡང་རྣམས་ཀྱིས་ཡོང་མི་ཆོམས། །ཇི་ལྟར་ཁང་སྟེང་གཡོགས་ཉེས་ན། །ཆར་པ་ཡོངས་སུ་འཛག་པ་ལྟར། །དེ་བཞིན་སེམས་ནི་མ་བསྒོམས་པ། །གཏི་མུག་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །ཆར་པ་རྣམ་པར་མི་འཛག་ [35b.4]པ། །དེ་བཞིན་ལེགས་པར་བསྒོམས་པའི་སེམས། །གཏི་མུག་རྣམས་ཀྱིས་ཡོང་མི་ཆོམས། །ཇི་ལྟར་ཁང་སྟེང་གཡོགས་ཉེས་ན། །ཆར་པ་ཡོངས་སུ་འཛག་པ་ལྟར། །དེ་བཞིན་སེམས་ནི་མ་བསྒོམས་པ། །ང་རྒྱལ་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་ [35b.5]གཡོགས་ལེགས་ན། །ཆར་པ་རྣམ་པར་མི་འཛག་པ། །དེ་བཞིན་ལེགས་པར་བསྒོམས་པའི་སེམས། །ང་རྒྱལ་རྣམས་ཀྱིས་ཡོང་མི་ཆོམས། །ཇི་ལྟར་ཁང་སྟེང་གཡོགས་ཉེས་ན། །ཆར་པ་ཡོངས་སུ་འཛག་པ་ལྟར། །དེ་བཞིན་སེམས་ནི་མ་བསྒོམས་པ། །ཆགས་ [35b.6]པ་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །ཆར་པ་རྣམ་པར་མི་འཛག་པ། །དེ་བཞིན་ལེགས་པར་བསྒོམས་པའི་སེམས། །ཆགས་པ་རྣམས་ཀྱིས་ཡོང་མི་ཆོམས། །ཇི་ལྟར་ཁང་སྟེང་གཡོགས་ཉེས་ན། །ཆར་པ་ཡོངས་སུ་འཛག་པ་ [35b.7]ལྟར། །དེ་བཞིན་སེམས་ནི་མ་བསྒོམས་པ། །སྲེད་པ་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །ཆར་པ་རྣམ་པར་མི་འཛག་པ། །དེ་བཞིན་ལེགས་པར་བསྒོམས་པའི་སེམས། །སྲེད་པ་རྣམས་ཀྱིས་ཡོང་མི་ཆོམས། །ཆོས་ཀྱི་ [36a] [36a.1]སྔོན་དུ་ཡིད་འགྲོ་སྟེ། །ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། །གལ་ཏེ་ཡིད་རབ་གདུག་པ་ཡིས། །སྨྲས་སམ་ཡང་ན་བྱས་ཀྱང་རུང་། །དེ་ཡིས་དེ་ནི་སྡུག་བསྔལ་འཐོབ། །འཁོར་ལོས་མགོ་བོ་བཅད་པ་བཞིན། །ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །ཡིད་ [36a.2]མགྱོགས་ཡིད་ནི་གཙོ་བོ་ཡིན། །གལ་ཏེ་ཡིད་རབ་དང་བ་ཡིས། །སྨྲས་སམ་ཡང་ན་བྱས་ཀྱང་རུང་། །དེ་ཡིས་དེ་ནི་བདེ་བ་འཐོབ། །གྲིབ་མ་རྗེས་སུ་འབྲང་བ་བཞིན། །བརྩད་པ་ཆེད་ཆེར་འཛིན་པ་དང་། །སེམས་ནི་ཉོན་མོངས་གྱུར་པ་ཡིས། །གླགས་སྐབས་ཚོལ་ [36a.3]བར་བྱེད་པ་ཡིས། །ལེགས་བཤད་ལེགས་པར་མི་ཤེས་སོ། །སྡང་བའམ་ཡང་ན་འཁྲུག་པའམ། །དད་པ་མེད་པའི་སེམས་དག་གིས། །རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡི། །དམ་ཆོས་ཀུན་ཤེས་མི་ནུས་སོ། །གང་གིས་བག་མེད་སེམས་དང་ནི། །ཁྲོ་བ་རྣམ་པར་ [36a.4]བཏུལ་བ་དང་། །འདི་ན་གནོད་སེམས་རབ་སྤངས་པ། །དེས་ནི་ལེགས་པར་བཤད་པ་ཤེས། །སེམས་ཀྱི་བརྟན་པ་མེད་པ་ཡིས། །དམ་ཆོས་རྣམ་པར་ཤེས་མི་འགྱུར། །དད་པ་འགྱུར་ལྡོག་བྱེད་པ་ཡི། །ཤེས་རབ་ཡོངས་སུ་རྫོགས་མི་འགྱུར། །ཀུན་རྟོག་ལ་ཆུམས་རྟེན་པ་ [36a.5]ཡི། །ལྟ་ངན་སུམ་ཅུ་རྩ་དྲུག་གི། །ཆུ་བོའི་རྒྱུན་ནི་གང་ཡིན་པ། །ཡིད་ཀྱི་རྒྱུན་ལས་རབ་ཏུ་འབབ། །དགའ་སེམས་དབང་པོ་ཕལ་པ་དང་། །སེམས་ཀྱི་རྗེས་འབྲང་ཞན་པ་ཡི། །མི་དེའི་གྲགས་འགྲིབ་འབྲས་ལྷགས་པའི། །ལྗོན་ཤིང་ལ་ནི་བྱ་བཞིན་ནོ། །སེམས་ཁྱོད་ [36a.6]ཕུང་ཁྲོལ་འདོད་ལ་དགའ་མ་བྱེད། །བརྩོན་སེམས་བག་ཡོད་པ་ལ་གནས་པར་གྱིས། །བག་མེད་བྱས་པས་དམྱལ་བར་བཙོས་པ་དང་། །ལྕགས་གོང་མིད་པས་ཁྱོད་ནི་མ་ངུ་ཤིག །ལྡང་བའི་དུས་ཚེ་འདུག་པར་བྱེད་པ་དང་། །ལང་ཚོ་སྟོབས་ལྡན་མི་འབད་ཁྱིམ་འདུག་ [36a.7]དང་། །བསམ་པ་རྫོགས་ཚེ་ལེ་ལོ་བྱེད་པ་ཡི། །མི་ཡིས་ཤེས་རབ་ལམ་རྟོགས་མི་འགྱུར་རོ། །ཕྲན་ཚེགས་རྣམ་རྟོགས་ཞིབ་མོར་རྣམ་རྟོག་པས། །ནང་ན་གནས་པའི་ཡིད་ནི་གཡེན་ཡང་སྤྱོ། །ཡིད་ཀྱི་རྣམ་རྟོག་དེ་དག་མ་ཤེས་ན། །འཁྲུལ་སེམས་ཡང་དང་ཡང་དུ་རྒྱུག་པར་ [36b] [36b.1]བྱེད། །གང་ཞིག་དྲན་ལྡན་རྣམ་འབྱེད་བརྩོན་པ་དང་། །རྣམ་པར་རྟོག་ལ་མཁས་པས་དེ་ཤེས་ན། །ནང་ན་གནས་པའི་ཡིད་ནི་གཡན་སྤྱོ་བ། །ཐམས་ཅད་མ་ལུས་བློ་ཡིས་རབ་ཏུ་སྤོང་། །ལུས་འདི་བུམ་པ་འདྲ་བར་རྟོགས་བྱས་ཤིང་། །གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་ [36b.2]བཙུགས་ནས། །ཤེས་རབ་མཚོན་གྱིས་བདུད་དང་གཡུལ་སྤྲད་དེ། །བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །འཇིག་རྟེན་འདི་དག་བུམ་པ་འདྲར་རྟོགས་ཤིང་། །དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །ཤེས་རབ་མཚོན་གྱིས་བདུད་དང་གཡུལ་སྤྲད་ [36b.3]དེ། །བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་། །གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས། །ཤེས་རབ་མཚོན་གྱིས་བདུད་དང་གཡུལ་སྤྲད་དེ། །བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །འཇིག་ [36b.4]རྟེན་འདི་དག་དབུ་བ་འདྲར་རྟོགས་ཤིང་། །གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས། །ཤེས་རབ་མཚོན་གྱིས་བདུད་དང་གཡུལ་སྤྲད་དེ། །བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །གང་གིས་བྱང་ཆུབ་ཡན་ལག་བདུན། །སེམས་ཀྱིས་ལེགས་པར་ [36b.5]བསྒོམས་པ་དང་། །གང་ཞིག་ལེན་ལ་མི་དགའ་ཞིང་། །ལེན་པ་རབ་ཏུ་སྤངས་པ་དང་། །ཟག་ཟད་སྐྱོན་རྣམས་བསལ་བ་དེ། །འཇིག་རྟེན་དག་ན་མྱ་ངན་འདས། །གང་ཞིག་གཡག་རྔའི་རྩེ་མོ་ལྟར། །རང་གི་སེམས་ནི་རྗེས་སྲུང་ཞིང་། །འབྱུང་པོ་རྣམས་ལ་བརྩེར་ [36b.6]ལྡན་པ། །དེ་ཡི་བདེ་བ་ཡོང་མི་ཉམས། །གང་ཕྱིར་གླང་པོའི་གླང་པོ་ཆེ། །མཆེ་བ་བཟང་པོའི་གླང་ཆེན་དང་། །སེམས་དང་སེམས་ནི་མཉམ་པས་ན། །དེ་ཕྱིར་གཅིག་པུ་ནགས་སུ་དགྱེས། །གང་གི་ཡིད་ལ་གནོད་མེད་ཅིང་། །འབྱུང་པོ་ཀུན་ལ་བརྩེ་བ་དང་། ། [36b.7]འབྱུང་པོ་རྣམས་ལ་བྱམས་བྱེད་པ། །དེ་ལ་ནམས་ཀྱང་འཁོན་མི་འབྱུང་། །གང་ལ་གནོད་པའི་སེམས་མེད་ཅིང་། །འབྱུང་པོ་ཀུན་ལ་བརྩེ་བ་དང་། །སྲོག་ཆགས་ཀུན་ལ་བྱམས་བྱེད་པ། །དེ་ལ་ནམས་ཀྱང་འཁོན་མི་འབྱུང་། །གང་ལ་གནོད་པའི་སེམས་མེད་ [37a] [37a.1]ཅིང་། །འབྱུང་པོ་རྣམས་ལ་བརྩེ་བ་དང་། །སེམས་ཅན་ཀུན་ལ་བྱམས་བྱེད་པ། །དེ་ལ་ནམས་ཀྱང་འཁོན་མི་འགྱུར། །མཛའ་བཤེས་ཀུན་དང་གྲོགས་ཀུན་དང་། །འབྱུང་པོ་ཀུན་ལ་བརྩེ་བ་དང་། །བྱམས་པའི་སེམས་ནི་བསྒོམས་བྱས་ན། ། [37a.2]བདེ་བ་ཤིན་ཏུ་འཕེལ་བར་འགྱུར། །གལ་ཏེ་གང་ཞིག་སྲོག་ཆགས་འགའ་ལའང་སྡང་མེད་སེམས། །བྱམས་པར་བྱེད་ན་དེ་ཡིས་དེ་ནི་དགེ་བ་ཡིན། །སེམས་ཅན་ཐམས་ཅད་ལ་ནི་ཡིད་ཀྱིས་བརྩེ་བྱས་ན། །བསོད་ནམས་ཕལ་ཆེན་འཕགས་པས་རབ་ཏུ་བསྒྲུབ་པར་ [37a.3]འགྱུར། །མི་གང་དགའ་བའི་སེམས་དང་ནི། །ཞུམ་པ་མེད་པའི་ཡིད་ཀྱིས་སུ། །དགེ་བའི་ཆོས་ལ་སྒོམ་བྱེད་པ། །གྲུབ་པ་དང་ནི་བདེ་བ་འཐོབ། །ཡང་དག་ཤེས་པས་རྣམ་གྲོལ་ཞིང་། །སྐྱོ་བ་ཉེ་བར་ཞི་གྱུར་པ། །དེ་ཡིས་ཡིད་ནི་ཞི་གྱུར་ཅིང་། །ལུས་དང་ [37a.4]ངག་གི་ལས་ཀྱང་ཞི། །ཇི་ལྟར་རྩེ་གཅིག་སེམས་ཀྱིས་ནི། །ཆོས་རྣམས་ལེགས་པར་མཐོང་བ་ལྟར། །སིལ་སྙན་ཡན་ལག་ལྔ་པས་ཀྱང་། །དེ་ལྟར་དགའ་བར་བྱེད་མི་འགྱུར། །གང་ཡིད་ཏིང་འཛིན་ལ་དགའ་བ། །དེ་དག་འདོད་པས་རྩེ་མི་བྱེད། །གང་ [37a.5]ཞིག་ཅུང་ཟད་གདུང་མེད་པའི། །སྐྱོབ་པ་བདེ་བར་ཉལ་བར་འགྱུར། །གང་ཡིད་ཏིང་འཛིན་ལ་དགའ་བ། །དེ་དག་འདོད་པས་རྩེན་མི་བྱེད། །གང་ཞིག་ཅུང་ཟད་གདུང་མེད་པའི། །ཐུབ་པ་ཀྱེ་མའོ་དགའ་བར་འགྱུར། །གང་གི་སེམས་ནི་བྲག་ལྟ་བུར། །རབ་ [37a.6]ཏུ་གཡོ་བ་མེད་འདུག་པ། །ཆགས་པའི་གནས་ལ་མི་ཆགས་ཏེ། །ཁྲོ་བའི་གནས་ལ་འཁྲུག་མེད་པར། །གང་ཡིད་དེ་ལྟར་གྱུར་པ་དེ། །སྡུག་བསྔལ་ཐོབ་པར་ག་ལ་འགྱུར། །སྐུར་པ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པས་བསྡམ་པར་བྱ། །ཟས་ཀྱི་ཚོད་ [37a.7]ཀྱང་ཤེས་པར་བྱ། །བས་མཐའ་དགོན་པར་གནས་བྱ་ཞིང་། །ལྷག་པའི་སེམས་ལ་རྣལ་འབྱོར་བྱ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སེམས་ཀྱི་རྟགས་ལ་མཁས་པ་དང་། །རབ་ཏུ་དབེན་པའི་རོ་རྙེད་དང་། །རབ་དྲང་སེམས་པའི་འགྲུས་སྐྱོང་ཅན། ། [37b] [37b.1]ཟང་ཟིང་མེད་པའི་དགའ་བ་མྱོང་། །གང་ཞིག་ཡིད་གཞུངས་དབེེན་དགའ་དབེན་གནས་པས། །རྟག་ཏུ་རང་གི་ལུས་ཀྱིས་སྤྱོད་ལམ་དང་། །སྨྲ་དང་ཡིད་ནི་སྲུང་བར་བྱེད་པ་དེ། །མྱ་ངན་སྤོང་ཞིང་སྡུག་བསྔལ་འཐོབ་མི་འགྱུར། །མ་བསྲུངས་པ་ཡི་སེམས་དག་ནི། ། [37b.2]ལོག་པར་ལྟ་བས་བཅོམ་པ་དང་། །གཉིད་དང་རྨུགས་པས་ཟིལ་ནོན་པ། །བདུད་ཀྱི་དབང་དུ་འགྲོ་བར་འགྱུར། །དེ་བས་སེམས་ནི་བསྲུང་བྱས་ཏེ། །ཡང་དག་ལྟ་བས་མདུན་བདར་ཅིང་། །ཡང་དག་ཀུན་རྟོག་སྤྱོད་ཡུལ་ཅན། །ཡང་དག་སྐྱེ་དང་འཇིག་པ་ཤེས། ། [37b.3]གཉིད་དང་རྨུགས་པ་ཟིལ་གནོན་པའི། །དགེ་སློང་སྡུག་བསྔལ་ཟད་པ་འཐོབ། །བག་ཡོད་སེམས་ནི་བསྲུང་བ་དང་། །སེམས་དུལ་ཡང་དག་སྡོམ་པ་བདེ། །སྐྱེ་དགུ་སེམས་ཀྱིས་བསླུས་པ་དག །གཅིག་ཏུ་སེམས་ཅན་དམྱལ་བར་འཚེད། །བག་ཡོད་སེམས་ [37b.4]ནི་བསྲུང་བ་དང་། །སེམས་དུལ་ཡང་དག་སྡོམ་པ་བདེ། །སྐྱེ་དགུ་སེམས་ཀྱིས་བསླུས་པ་དག །གཅིག་ཏུ་དུད་འགྲོ་རྣམས་སུ་འཚེད། །བག་ཡོད་སེམས་ནི་བསྲུང་བ་དང་། །སེམས་དུལ་ཡང་དག་སྡོམ་པ་བདེ། །སྐྱེ་དགུ་སེམས་ཀྱིས་བསླུས་པ་དག །གཅིག་ [37b.5]ཏུ་ཡི་དྭགས་རྣམས་སུ་འཚེད། །བག་ཡོད་སེམས་ནི་བསྲུང་བ་དང་། །སེམས་དུལ་ཡང་དག་སྡོམ་པ་བདེ། །སྐྱེ་དགུ་སེམས་ནི་བསྲུང་བ་དག །གཅིག་ཏུ་མི་ཡི་ནང་དུ་དགའ། །བག་ཡོད་སེམས་ནི་བསྲུང་བ་དང་། །སེམས་དུལ་ཡང་དག་སྡོམ་པ་བདེ། །སྐྱེ་དགུ་ [37b.6]སེམས་ནི་བསྲུང་བ་དག །གཅིག་ཏུ་མཐོ་རིས་རྣམས་སུ་དགའ། །བག་ཡོད་སེམས་ནི་བསྲུང་བ་དང་། །སེམས་དུལ་ཡང་དག་སྡོམ་པ་བདེ། །སྐྱེ་དགུ་སེམས་ནི་བསྲུང་བ་དག །གཅིག་ཏུ་མྱ་ངན་འདས་པ་འཐོབ། །སེམས་ཀྱི་ཚོམས་ཏེ་སུམ་ཅུ་རྩ་གཅིག་པའོ།། །། [37b.7]དགེ་སློང་བསོད་སྙོམས་བྱེད་པ་བདག་རང་ཙམ། །འགྲངས་པར་བྱེད་ཀྱི་གཞན་དག་མི་གསོ་བ། །རྟག་ཏུ་ཉེར་ཞི་དྲན་དང་ལྡན་པ་ཡི། །སྐྱོབ་པ་དེ་ལ་ལྷ་རྣམས་དགའ་བར་བྱེད། །དགེ་སློང་བསོད་སྙོམས་བྱེད་པ་བདག་རང་ཙམ། །འགྲངས་པར་བྱེད་ཀྱི་གཞན་དག་མི་གསོ་བ། ། [38a] [38a.1]སྐྱོབ་པ་དེ་ལ་ལྷ་རྣམས་དགའ་བྱེད་ཀྱི། །བཀུར་སྟི་ནོར་དང་གྲགས་འདོད་རྣམས་ལ་མིན། །དགེ་སློང་འདོད་པ་ཀུན་སྤངས་ཤིང་། །མདུན་ན་གནས་པའི་རྡུལ་བསལ་བ། །བདག་མེད་ཐུབ་པ་བརྟེན་པ་ཡིས། །གཞན་ལ་སྨྲ་བར་བྱ་མི་དགོས། །སྐྱེ་བོ་མ་ [38a.2]བསྡམས་ཚིག་གིས་གནོད་བྱེད་པ། །མི་བཟད་རྗོད་པའི་ཚིག་དེ་ཐོས་གྱུར་ཀྱང་། །དགེ་སློང་སྡང་སེམས་བྲལ་ལ་ཅི་མི་སྙམ། །གཡུལ་ངོར་གླང་ཆེན་མདའ་ཡིས་བསྣུན་པ་བཞིན། །སྐྱེ་བོ་མ་བསྡམས་ཚིག་གིས་གནོད་བྱེད་པ། །མི་བཟད་རྗོད་པའི་ཚིག་དེ་ཐོས་གྱུར་ཀྱང་། ། [38a.3]དགེ་སློང་ཡིད་ལེགས་བཞག་ལ་ཇི་མི་སྙམ། །གཡུལ་ངོར་གླང་ཆེན་མདའ་ཡིས་བསྣུན་པ་བཞིན། །བཟོ་ཡིས་མི་འཚོ་ཡང་ཞིང་བདག་ལ་དགའ། །དབང་པོ་དུལ་ཞིང་ཀུན་ལས་རྣམ་གྲོལ་ཞིང་། །ཁྱིམ་ལ་མ་ཆགས་བག་མེད་འདོད་སྲེད་སྤངས། །གཅིག་པུ་སྤྱོད་བྱེད་དེ་ནི་ [38a.4]དགེ་སློང་ཡིན། །འཚོ་གཙང་སྙོམ་ལས་མེད་པ་ཡི། །གྲོགས་པོ་མཐུན་པ་བསྟེན་བྱ་ཞིང་། །སོ་སོར་བགོ་བཤའ་བྱ་བ་དང་། །སྤྱོད་ཡུལ་ཆོ་ག་མཁས་པར་བྱ། །ལག་པ་ལེགས་བསྡམས་རྐང་པ་ལེགས་བསྡམས་དང་། །ཚིག་རྣམས་ལེགས་བསྡམས་དབང་པོ་ལེགས་ [38a.5]བསྡམས་ཤིང་། །གཅིག་པུ་ནང་དུ་མཉམ་པར་འཇོག་ལ་དགའ། །ཆོག་ཤེས་དེ་ནི་དགེ་སློང་ཡིན་ཞེས་གསུང་། །དགེ་སློང་ཆོས་ལ་ཀུན་དགའ་ཞིང་། །ཆོས་དགའ་ཆོས་ལ་སེམས་པ་དང་། །ཆོས་ལ་རྗེས་སུ་དྲན་པ་དང་། །ཆོས་ལས་ཡོངས་སུ་ཉམས་མི་འགྱུར། ། [38a.6]དགེ་སློང་ཁང་སྟོང་ཞུགས་ནས་སུ། །ནང་ལ་ལྟ་བར་བྱེད་པ་དང་། །ཆོས་རྣམས་ལེགས་པར་མཐོང་བ་དག །ལྷ་ཡི་དགའ་དང་ལྡན་པར་འགྱུར། །ཇི་ལྟ་ཇི་ལྟར་ཕུང་པོ་ལ། །སྐྱེ་དང་འཇིག་པར་ལེགས་རྟོགས་པ། །དེ་ལྟ་དེ་ལྟར་དེ་ཡིས་ནི། །དགའ་དང་མགུ་བ་ཉིད་ཀྱང་ [38a.7]འཐོབ། །དགེ་སློང་དགའ་བ་མང་པོ་ཡིས། །སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་གཡོས་ལྟར། །དེ་བཞིན་དགེ་སློང་འདོད་ཆགས་དག །ཟད་པ་ཀུན་དུ་རབ་མི་གཡོ། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་ [38b] [38b.1]གཡོས་ལྟར། །དེ་བཞིན་དགེ་སློང་ཞེ་སྡང་དག །ཟད་པ་ཀུན་དུ་རབ་མི་གཡོ། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་གཡོས་ལྟར། །དེ་བཞིན་དགེ་སློང་གཏི་མུག་དག །ཟད་པ་ཀུན་དུ་རབ་མི་གཡོ། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་ [38b.2]གཡོས་ལྟར། །དེ་བཞིན་དགེ་སློང་ང་རྒྱལ་དག །ཟད་པ་ཀུན་དུ་རབ་མི་གཡོ། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་གཡོས་ལྟར། །དེ་བཞིན་དགེ་སློང་ཆགས་པ་དང་། །ཟད་པ་ཀུན་དུ་རབ་མི་གཡོ། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་གཡོས་ལྟར། ། [38b.3]དེ་བཞིན་དགེ་སློང་སྲེད་པ་དག །ཟད་པ་ཀུན་དུ་རབ་མི་གཡོ། །གང་ལ་ཀུན་དུ་སོགས་མེད་ཅིང་། །གང་ལ་བདག་གིར་བྱེད་མེད་པ། །གང་དག་མེད་ནའང་མི་གདུང་བ། །དེ་ནི་དགེ་སློང་ཞེས་བརྗོད་དོ། །རེ་ཞིག་གཞན་ལ་སློང་བ་ཙམ། །ཇི་ག་དགེ་སློང་མིན་པ་སྙམ། །གྲོང་བའི་ [38b.4]ཆོས་ནི་འཛིན་བྱེད་པ། །ཇི་ག་དགེ་སློང་མིན་པ་སྙམ། །གང་ཞིག་དགེ་དང་སྡིག་པ་དག །རབ་སྤངས་ཚངས་པར་སྤྱོད་ལྡན་ཞིང་། །སྡེ་ཚོགས་སྤངས་ནས་སྤྱོད་བྱེད་པ། །དེ་ནི་དགེ་སློང་ཞེས་བརྗོད་དོ། །དགེ་སློང་གང་ཞིག་བྱམས་གནས་ཤིང་། །སངས་རྒྱས་བསྟན་ལ་རང་ [38b.5]དང་བ། །དེས་ནི་བལྟ་བས་མི་ངོམས་པའི། །ཞི་བའི་གོ་འཕང་ཐོབ་པར་འགྱུར། །དགེ་སློང་གང་ཞིག་བྱམས་གནས་ཤིང་། །སངས་རྒྱས་བསྟན་ལ་རབ་དང་དེས། །འདུ་བྱེད་ཉེར་ཞི་ཞི་བ་ཡི། །ཞི་བའི་གོ་འཕང་ཐོབ་པར་འགྱུར། །དགེ་སློང་གང་ཞིག་བྱམས་གནས་ཤིང་། །སངས་རྒྱས་ [38b.6]བསྟན་ལ་རབ་དང་བ། །དེས་ནི་ཀུན་སྦྱོར་ཀུན་ཟད་པ། །རིམ་གྱིས་མངོན་སུམ་བྱེད་པར་འགྱུར། །དགེ་སློང་གང་ཞིག་བྱམས་གནས་ཤིང་། །སངས་རྒྱས་བསྟན་ལ་རབ་དང་བས། །བདག་ཉིད་ངན་འགྲོ་ལས་འདྲེན་ཏེ། །འདམ་རྫབ་ལས་ནི་གླང་ཆེན་བཞིན། །དགེ་སློང་གང་ཞིག་ [38b.7]བྱམས་གནས་ཤིང་། །སངས་རྒྱས་བསྟན་ལ་རབ་དང་བས། །སྡིག་པའི་ཆོས་རྣམས་སྤྲུག་བྱེད་དེ། །རླུང་གིས་ལྗོན་ཤིང་ལོ་མ་བཞིན། །དགེ་སློང་གང་ཞིག་བྱམས་གནས་ཤིང་། །སངས་རྒྱས་བསྟན་ལ་རབ་དང་བས། །མྱ་ངན་འདས་དང་ཉེ་བའི་ཕྱིར། །ཡོངས་སུ་ཉམས་འགྱུར་མི་ [39a] [39a.1]སྲིད་དོ། །སེམས་དགའ་ཡིད་ནི་བཟང་བ་དང་། །དགའ་དང་མི་དགའ་ཟིལ་གནོན་པའི། །དགེ་སློང་དགའ་བ་མང་པོ་ཡིས། །སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། །ལུས་ཞི་ངག་ནི་ཞི་བ་དང་། །སེམས་ཞི་ལེགས་པར་མཉམ་བཞག་ཅིང་། །འཇིག་རྟེན་ཟང་ [39a.2]ཟིང་སྤངས་པ་ཡི། །དགེ་སློང་ཉེར་ཞི་ཡིན་ཞེས་བརྗོད། །ཏིང་འཛིན་མེད་ལ་ཤེས་རབ་མེད། །ཤེས་རབ་མེད་ལ་ཏིང་འཛིན་མེད། །ཤེས་རབ་ཏིང་འཛིན་ལྡན་པ་དེ། །དགེ་སློང་ཡིན་ཞེས་བརྗོད་པར་བྱ། །དེ་བས་ཏིང་འཛིན་ཤེས་རབ་ལ། །མཁས་པ་རྣམས་ཀྱིས་འཇུག་བྱ་ [39a.3]སྟེ། །དེ་བཞིན་ཤེས་རབ་དགེ་སློང་དེའི། །དང་པོར་བྱ་བ་འདི་ཡིན་ནོ། །ཆོག་ཤེས་དབང་པོ་བསྡམ་བྱ་ཞིང་། །སོ་སོར་ཐར་པས་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་ཤེས་པར་བྱ། །བས་མཐའ་དགོན་པར་གནས་བྱ་ཞིང་། །ལྷག་པའི་སེམས་ལ་རྣལ་འབྱོར་བྱ། །འདི་ནི་ [39a.4]སངས་རྒྱས་བསྟན་པ་ཡིན། །གང་གི་ལུས་དང་ངག་དང་ནི། །ཡིད་ལ་ཉེས་བྱས་མེད་གྱུར་པ། །དེ་ནི་དགེ་བའི་ཚུལ་ཁྲིམས་ཅན། །ངོ་ཚའི་ཡིད་ལྡན་དགེ་སློང་ཡིན། །གང་གིས་རྫོགས་པའི་བྱང་ཆུབ་ཀྱི། །ཕྱོགས་ཀྱི་ཆོས་བདུན་ལེགས་བསྒོམས་པ། །དེ་ནི་དགེ་བའི་ [39a.5]ཆོས་ཅན་དེ། །མཉམ་བཞག་དགེ་སློང་ཡིན་ཞེས་གསུང་། །འདི་ན་གང་ཞིག་བདག་ཉིད་ཀྱི། །སྡུག་བསྔལ་ཟད་པ་རབ་ཤེས་ལ། །དགེ་ཞིང་ཤེས་རབ་ལྡན་པ་དེ། །ཟག་མེད་དགེ་སློང་ཡིན་ཞེས་གསུང་། །ཟག་པ་ཟད་པ་མ་ཐོབ་ན། །ཚུལ་ཁྲིམས་བརྟུལ་ [39a.6]ཞུགས་ཙམ་དག་གམ། །ཡང་ན་ཐོས་པ་མང་པོའམ། །དབེན་པ་དག་ཏུ་གནས་ཀྱང་རུང་། །ཏིང་འཛིན་ཐོབ་པར་གྱུར་ཀྱང་ངལ། །རྡེད་དྲོད་ཆོད་པའི་དགེ་སློང་མིན། །ཕུང་པོ་ལ་ནི་བདག་ཟེར་བའི། །འཇིག་རྟེན་འདི་དག་གདུང་བ་སྐྱེ། །རྫོགས་པའི་བྱང་ཆུབ་ [39a.7]བདེ་བ་ནི། །འཕགས་པས་བསྟན་པ་མངོན་དུ་བྱ། །ཇི་ལྟ་ཇི་ལྟར་བསམ་བྱས་པ། །དེ་ལྟ་དེ་ལྟར་གཞན་དུ་འགྱུར། །གཞན་དུ་འགྱུར་བའི་འཇིག་རྟེན་འདི། །སྲིད་པ་ལ་ཆགས་སྲིད་ལ་དགའ། །སྲིད་ལ་མངོན་ཆགས་སྲིད་ལ་དགའ། །སྲིད་པ་ཉིད་ལ་མངོན་པར་ [39b] [39b.1]དགའ། །དགའ་བྱ་གང་ཡིན་དེ་སྡུག་བསྔལ། །སྐྱི་གཡའ་གང་ཡིན་དེ་བདེ་བས། །སྲིད་པ་རབ་ཏུ་སྤང་བའི་ཕྱིར། །འདི་ན་ཚངས་པར་སྤྱོད་པ་སྟེ། །དགེ་སྦྱོང་བྲམ་ཟེ་ཇི་སྙེད་པ། །སྲིད་པས་སྲིད་ལས་ངེས་འབྱུང་ཟེར། །དེ་དག་ཐམས་ཅད་སྲིད་པ་ལས། །ངེས་འབྱུང་མིན་ [39b.2]ཞེས་བརྗོད་པར་བྱ། །དགེ་སྦྱོང་བྲམ་ཟེ་ཇི་སྙེད་པ། །སྲིད་པས་སྲིད་ལས་ངེས་འབྱུང་ཟེར། །དེ་དག་ཐམས་ཅད་སྲིད་པ་ལས། །རྣམ་གྲོལ་མིན་ཞེས་བརྗོད་པར་བྱ། །ལེན་པའི་རྒྱན་ལས་སྡུག་བསྔལ་བྱུང་། །སྡུག་བསྔལ་ལས་ནི་ལེན་པ་བྱུང་། །ལེན་པ་ཐམས་ཅད་ཡོངས་ཟད་ [39b.3]ན། །སྡུག་བསྔལ་རབ་ཏུ་འབྱུང་བ་མེད། །ལེན་པ་ཐམས་ཅད་ན་སྲིད་པའི་རྣམ་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ནི་མི་རྟག་པ། སྡུག་བསྔལ་བ། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་དེ་ལྟར་དེ་དག་ལ་ཡང་དགེ་བའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་མཐོང་ན། སྲིད་ [39b.4]པའི་སྲེད་པ་རབ་ཏུ་སྤོང་བར་འགྱུར་ཞིང་། །སྲིད་པ་མེད་པས་མངོན་པར་མི་དགའ་བར་འགྱུར་རོ། །དེ་ལྟར་མྱ་ངན་ལས་འདས་པའི་དགེ་སློང་སྐྱོབ་པ་ནི་གཞན་དུ་ལེན་པ་མེད་ཅིང་ཡང་སྲིད་མེད་པར་འགྱུར་ཏེ། བདུད་ཟིལ་གྱིས་ནོན་པ་དང་། གཡུལ་ལས་རྒྱལ་བ་དང་། སྲིད་པ་ [39b.5]ཐམས་ཅད་ལས་རབ་ཏུ་འདས་པ་འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །དགེ་སློང་དངོས་པོ་བཅད་པ་དང་། །ཉེ་བར་ཞི་ཞིང་སེམས་ཞི་བ། །དེ་ནི་ཡང་སྲིད་མེད་པར་འགྱུར། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །དགེ་སློང་དངོས་པོ་བཅད་པ་དང་། །ཉེ་བར་ཞི་ [39b.6]ཞིང་སེམས་ཞི་བ། །དེ་ནི་བདུད་ཀྱི་འཆིང་ལས་གྲོལ། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །དགེ་སློང་དངོས་པོ་བཅད་པ་དང་། །སེམས་ནི་ཟག་པ་མེད་གྱུར་པ། །དེ་ནི་ཡང་སྲིད་མེད་པ་སྟེ། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །དགེ་སློང་དངོས་པོ་བཅད་པ་དང་། །སེམས་ [39b.7]ནི་ཟག་པ་མེད་གྱུར་པ། །དེ་ནི་བདུད་ཀྱི་འཆིང་ལས་གྲོལ། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །དགེ་སློང་དངོས་པོ་བཅད་པ་དག །སྲིད་པའི་སྲེད་པ་བཏུབས་གྱུར་པ། །དེ་ནི་ཡང་སྲིད་མེད་པར་འགྱུར། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །དགེ་སློང་དངོས་པོ་བཅད་པ་དང་། ། [40a] [40a.1]སྲིད་པའི་སྲེད་པ་བཅད་གྱུར་པ། །དེ་ནི་བདུད་ཀྱི་འཆིང་ལས་གྲོལ། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་དཀྲུགས་པ་དང་། །འདོད་ཆགས་ཟད་པ་རྗེས་ཐོབ་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། ། [40a.2]གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་དཀྲུགས་པ་དང་། །ཞེ་སྡང་ཟད་པ་རྗེས་ཐོབ་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་དཀྲུགས་པ་དང་། །གཏི་མུག་ཟད་པ་རྗེས་ཐོབ་པ། །དེ་ [40a.3]ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་དཀྲུགས་པ་དང་། །ང་རྒྱལ་ཟད་པ་རྗེས་ཐོབ་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་དཀྲུགས་པ་དང་། ། [40a.4]ཆགས་པ་ཟད་པ་རྗེས་ཐོབ་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་དཀྲུགས་པ་དང་། །སྲེད་པ་ཟད་པ་རྗེས་ཐོབ་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་གཤེ་བ་དང་ནི་གསོད་པ་དང་། །འཆིང་ [40a.5]དང་གྲོང་གི་ཚེར་མ་ཐུལ་བ་དང་། །གང་ཞིག་རི་བོ་བཞིན་གནས་མི་བཀྲི་ཞིང་། །སྡུག་བདེས་མི་གཡོ་དེ་ནི་དགེ་སློང་ཡིན། །སྐུར་པ་མི་འདེབས་སྒྲོ་འདོགས་མི་བྱེད་ཅིང་། །འཇིག་རྟེན་འདི་ཀུན་བརྫུན་རྟོགས་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། ། [40a.6]སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །འདོད་ཆགས་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་ [40a.7]བཞིན་དུ། །ཞེ་སྡང་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །གཏི་མུག་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་ [40b] [40b.1]མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །ང་རྒྱལ་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་ [40b.2]དུག་བཏང་བ་ལ་སྨན་བཞིན་དུ། །ཆགས་པ་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །ཁྲོ་བ་ལངས་པ་འདུལ་བའི་དགེ་སློང་གང་། ། [40b.3]དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །སྲེད་པ་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ [40b.4]ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ལྟར། །འདོད་ཆགས་མ་ལུས་དྲུངས་འབྱིན་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་ལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ལྟར། །ཞེ་སྡང་མ་ལུས་དྲུངས་འབྱིན་དགེ་ [40b.5]སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ལྟར། །གཏི་མུག་མ་ལུས་དྲུངས་འབྱིན་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྤྲུལ་ [40b.6]རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ལྟར། །ང་རྒྱལ་མ་ལུས་དྲུངས་འབྱིན་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ [40b.7]ལྟར། །ཆགས་པ་མ་ལུས་དྲུངས་འབྱིན་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ལྟར། །སྲེད་པ་མ་ལུས་དྲུངས་འབྱིན་དགེ་སློང་གང་། །དེ་ནི་ཕ་རོལ་མིན་ [41a] [41a.1]པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །འདོད་པའི་ཡོན་ཏན་ཐམས་ཅད་སྤོང་བྱེད་ཅིང་། །འདོད་སྦྱོར་འཆིང་བ་རྣམ་བསལ་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་ [41a.2]བཞིན། །སྒྲིབ་པ་ཐམས་ཅད་སྤངས་ཤིང་སྡིག་མེད་པ། །ཡིད་གཉིས་ཟུག་རྔུ་བཅད་པའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །རྟོག་པ་རྣམ་བསལ་ནང་གི་མ་ལུས་ལ། །རྣམ་པར་རྟོག་པ་མེད་པའི་ [41a.3]དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ནགས་སྦྱོར་བྱེད་པ་འགའ་མེད་མི་དགེ་བའི། །རྩ་བ་ལེགས་པར་དྲུངས་ཕྱུང་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་ [41a.4]རྙིང་རྗེ་བ་བཞིན། །རིམས་ནད་བཅས་པ་འགའ་མེད་མི་དགེ་བའི། །རྩ་བ་ལེགས་པར་དྲུངས་ཕྱུང་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །བག་ལ་ཉལ་བ་འགའ་མེད་མི་དགེ་བའི། །རྩ་བ་ [41a.5]ལེགས་པར་དྲུངས་ཕྱུང་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་སྤོང་། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཁྲིམས་ལྡན་གང་ཡིན་དགེ་སློང་དེ། །སྟོང་ཉིད་གང་ལྡན་བསམ་གཏན་དེ། །རྟག་ཏུ་བྱེད་གང་རྣལ་འབྱོར་དེ། །མྱ་ངན་འདས་ [41a.6]གང་བདེ་བ་དེ། །དགེ་སློང་དགའ་དང་མི་དགས་མི་བརྗོད་ཅིང་། །བས་མཐའི་གནས་མལ་དག་ཏུ་སྟེན་པ་དང་། །དེ་ནི་བག་ཡོད་གནས་ཤིང་སྲེད་པ་ཡི། །འདོད་ཆགས་ཕྲ་རྒྱས་ལེགས་པར་འབྱིན་པར་བྱེད། །དགེ་སློང་གི་ཚོམས་ཏེ་སུམ་ཅུ་རྩ་གཉིས་པའོ།། །། [41a.7]གང་ཞིག་བརྒྱན་ཀྱང་ཆོས་སྤྱོད་དུལ་བ་དང་། །ཞི་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པས་མི་གཅོད་དེ། །བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ། །གཅེར་བུར་སྤྱོད་པས་མ་ཡིན་རལ་པས་མ་ཡིན་རྫབ་ཀྱིས་མིན། །ཁ་ཟས་མི་ཟ་ [41b] [41b.1]བ་ཡིས་མ་ཡིན་ཐང་ལ་ཉལ་བའམ། །རྡུལ་དང་དྲི་མས་མ་ཡིན་ཅོག་པུར་འདུག་ལ་འབད་པ་ཡིས། །མི་རྣམས་དག་པར་མི་འགྱུར་སོམ་ཉི་རྣམས་ལས་རྒལ་མི་འགྱུར། །དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །དེ་དག་ཉིད་ལ་ཆགས་བྱེད་པ། །ཟག་པ་ཟད་ [41b.2]པ་མ་ཐོབ་པར། །བར་མ་དོར་ནི་རྣམ་པར་ཉམས། །དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །དེ་དག་ཉིད་ལ་ཆགས་བྱེད་པ། །ཚོར་བ་ཟད་པ་མ་ཐོབ་པར། །བར་མ་དོར་ནི་རྣམ་པར་ཉམས། །དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །དེ་དག་ཉིད་ལ་ཆགས་བྱེད་ཅིང་། ། [41b.3]བྱིས་པ་མཐའ་གཅིག་ལ་ལྟ་བ། །བར་མ་དོར་ནི་རྣམ་པར་ཉམས། །དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །དེ་དག་ཉིད་ལ་ཆགས་བྱེད་པ། །བྱིས་པའི་སྐྱེ་བོ་བློ་ངན་རྣམས། །བར་མ་དོར་ནི་རྣམ་པར་ཉམས། །དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །དེ་དག་ཉིད་ [41b.4]ལ་ཆགས་བྱེད་པ། །གོ་འཕང་དམ་པ་མ་ཐོབ་པར། །བར་མ་དོར་ནི་རྣམ་པར་ཉམས། །བློ་ངན་ཁྱོད་ཀྱི་རལ་པ་ཅི། །ཁྱོད་ཀྱི་གཡང་གཞི་གྱོན་པ་ཅི། །ཁྱོད་ནང་ཐིབས་པོར་འདུག་བཞིན་དུ། །ཕྱི་རོལ་ལེགས་པར་བྱི་དོར་བྱེད། །བློ་ངན་ཁྱོད་ཀྱི་རལ་པ་ཅི། ། [41b.5]ཁྱོད་ཀྱི་གཡང་གཞི་གྱོན་པ་ཅི། །ཁྱོད་ནང་དྲི་མ་ལྡན་བཞིན་དུ། །ཕྱི་རོལ་ལེགས་པར་བྱི་དོར་བྱེད། །རིགས་ཀྱིས་བྲམ་ཟེར་འགྱུར་མ་ཡིན། །རལ་པས་མ་ཡིན་རུས་ཀྱིས་མིན། །གང་ཞིག་བདེན་པའི་ཆོས་ལྡན་པ། །གཙང་མ་དེ་ཡིན་བྲམ་ཟེ་ [41b.6]ཡིན། །རིགས་ཀྱིས་བྲམ་ཟེར་འགྱུར་མ་ཡིན། །རལ་པས་མ་ཡིན་རུས་ཀྱིས་མིན། །གང་ཞིག་སྡིག་པ་ཆེ་ཆུང་རྣམས། །ཐམས་ཅད་སྤོང་བར་བྱེད་པ་དག །སྡིག་པ་རྣམས་ནི་སྤངས་ཕྱིར་དེ། །བྲམ་ཟེ་ཡིན་ཞེས་ངེས་པར་བརྗོད། །མགོ་བོ་ [41b.7]བྲེགས་ཙམ་དགེ་སྦྱོང་མིན། །ཨོཾ་ཞེས་ཟེར་བ་བྲམ་ཟེ་མིན། །གང་ཞིག་དགེ་བའི་ཆོས་ལྡན་པ། །གཙང་མ་དེ་ཡིན་བྲམ་ཟེ་དེ། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །ཨོཾ་ཞེས་ཟེར་བ་བྲམ་ཟེ་མིན། །གང་ཞིག་སྡིག་པ་ཆེ་ཆུང་རྣམས། །ཐམས་ཅད་སྤོང་ [42a] [42a.1]བར་བྱེད་པ་དག །སྡིག་པ་རྣམས་ནི་སྤངས་ཕྱིར་དེ། །དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ། །སྐྱེ་བོ་ཕལ་ཆེར་འདིར་འཁྲུ་བ། །ཆུ་ཡིས་དག་པར་མི་འགྱུར་ཏེ། །གང་ཞིག་སྡིག་པ་ཆེ་ཆུང་རྣམས། །ཐམས་ཅད་སྤོང་བར་བྱེད་པ་དག །སྡིག་ [42a.2]པ་རྣམས་ནི་སྤངས་ཕྱིར་དེ། །དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ། །གང་ཞིག་སྡིག་ཆོས་རབ་སྤངས་ཤིང་། །རྟག་ཏུ་དྲན་ལྡན་སྤྱོད་བྱེད་པ། །ཀུན་སྦྱོར་ཟད་པའི་སངས་རྒྱས་དེ། །འཇིག་རྟེན་དག་ན་བྲམ་ཟེ་ཡིན། །བྲམ་ཟེ་གང་ཞིག་སྡིག་པའི་ཆོས་སྤངས་ཤིང་། །བདག་ [42a.3]ཉིད་ཚུལ་འཆོས་མེད་ཅིང་རྙོག་མེད་གནས། །རིག་བྱེད་མཐར་ཕྱིན་ཚངས་པར་སྤྱོད་པ་སྤྱད། །དུས་སུ་སྨྲ་བྱེད་དེ་ནི་ཚངས་པ་སྨྲ། །གང་ཞིག་སྒྱུ་ལ་མི་གནས་ང་རྒྱལ་མེད། །གང་ཞིག་ཆགས་མེད་བདག་མེད་རེ་བ་མེད། །འཁྲུག་བཅོམ་བདག་ཉིད་མྱ་ངན་ [42a.4]འདས་ཕྱོགས་དེ། །བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ། །གང་ཞིག་མ་ཡི་མངལ་སྐྱེས་ནས། །གལ་ཏེ་འཛིན་པ་དང་བཅས་ན། །དེ་མིང་བུ་ཞེས་སྨྲ་བར་བསྟན། །བྲམ་ཟེ་ཡིན་པར་ང་མི་སྨྲ། །ཡོངས་སུ་འཛིན་མེད་ལེན་མེད་དེ། །བྲམ་ཟེ་ཡིན་པར་ངས་ [42a.5]གསུངས་སོ། །གང་ཞིག་ལུས་དང་ངག་དང་ནི། །ཡིད་ཀྱིས་ཉེས་བྱས་མི་བྱེད་ཅིང་། །གང་ཞིག་གནས་གསུམ་ལེགས་བསྡམས་ཏེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་གི་ཚིག་ངག་མི་རྩུབ་ཅིང་། །གོ་བྱེད་ཡིད་འོང་སྨྲ་བ་དང་། །གང་གིས་ཉོན་མོངས་ [42a.6]མི་སྐྱེད་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་གསོད་འཆིང་གཤེ་བ་དང་། །སྡང་བའི་མི་ལ་བཟོད་བྱེད་དེ། །བཟོད་པའི་བརྟུལ་ཞུགས་སྟོབས་ཚོགས་ཅན། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །ཁྲོ་བ་མེད་ཅིང་ཚུལ་ཁྲིམས་ཅན། །བརྟུལ་ [42a.7]ཞུགས་ལྡན་ཞིང་སེམས་ཁྲལ་མེད། །དུལ་ཞིང་ལུས་མཐར་གནས་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་རབ་བྱུང་ཁྱིམ་པ་དང་། །དེ་བཞིན་གཉིས་ཀར་མི་འདྲེ་ཞིང་། །འདོད་ཆུང་ཁྱིམ་ནས་མ་བྱུང་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། ། [42b] [42b.1]མ་འོངས་པ་ལ་མངོན་མི་དགའ། །འདས་པ་རྣམས་ལ་གདུང་མེད་པ། །འཁྲིག་པའི་སྦྱོར་བྲལ་གཡུལ་རྒྱལ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །མ་འོངས་པ་ལ་མངོན་མི་དགའ། །འདས་ལ་གདུང་མེད་རྡུལ་བྲལ་ཞིང་། །ཞི་བ་མྱ་ངན་མེད་པ་དེ། །བྲམ་ [42b.2]ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འདོད་ཆུང་གཞན་མི་གསོ། །དུལ་ཞིང་སྙིང་པོར་རབ་གནས་ལ། །ཟག་ཟད་སྐྱོན་རྣམས་བསལ་བ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ཕ་རོལ་ཚུ་རོལ་དང་། །ཕ་རོལ་ཚུ་རོལ་གཉིས་མེད་ཅིང་། ། [42b.3]ཆོས་རྣམས་ཀུན་གྱི་མཐར་ཕྱིན་ཏེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ཕ་རོལ་ཚུ་རོལ་དང་། །ཕ་རོལ་ཚུ་རོལ་གཉིས་མེད་ཅིང་། །གང་ཞིག་གནས་གསུམ་མ་ཆགས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ཐུང་དང་རིང་བ་དང་། ། [42b.4]ཕྲ་སྦོམ་དགེ་དང་མི་དགེ་དང་། །འཇིག་རྟེན་ཅུང་ཟད་མི་ལེན་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འདི་ཉིད་རབ་ཤེས་ཤིང་། །རང་གི་སྡུག་བསྔལ་ཟད་པ་དང་། །འདོད་ཆགས་བྲལ་ཞིང་མི་ལྡན་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ [42b.5]དགེ་དང་སྡིག་པ་དང་། །གཉི་ག་ཡིས་ཀྱང་མི་གོས་པ། །གོས་མེད་རྡུལ་བྲལ་ཞི་བ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་དགེ་དང་སྡིག་པའི་ལས། །ཆགས་གང་ཡིན་དེ་རབ་འདས་ཤིང་། །ཆགས་ལས་རབ་འདས་རྣམ་གྲོལ་དེ། །བྲམ་ཟེ་ཡིན་ [42b.6]པར་ངས་གསུངས་སོ། །གང་ཞིག་སྔོན་དང་ཕྱི་མ་དང་། །དབུས་ཀྱང་ཡོད་པ་མ་ཡིན་པ། །རྡུལ་བྲལ་འཆིང་བ་ལས་གྲོལ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །པད་མའི་འདབ་ལ་ཆུ་ལྟར་དང་། །སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །གང་ཞིག་སྡིག་ལ་མི་ [42b.7]གནས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །པད་མའི་འདབ་ལ་ཆུ་ལྟར་དང་། །སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །གང་ཞིག་འདོད་ལ་མི་གནས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །པད་མའི་འདབ་ལ་ཆུ་ལྟར་དང་། །སྨྱུང་བུའི་རྩེ་ལ་ཡུངས་ [43a] [43a.1]ཀར་ལྟར། །སྲིད་ལ་དགའ་བ་ཡོངས་སྤངས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །ཟླ་བ་དག་ཅིང་དྲི་མེད་ལ། །སྐྱོན་བྲལ་རབ་ཏུ་དང་བ་ལྟར། །གང་ཞིག་སྡིག་པས་མི་གོས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །ཟླ་བ་དག་ཅིང་དྲི་མེད་ལ། ། [43a.2]སྐྱོན་བྲལ་རབ་ཏུ་དང་བ་ལྟར། །གང་ཞིག་འདོད་པས་མི་གོས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །ཟླ་བ་དག་ཅིང་དྲི་མེད་ལ། །སྐྱོན་བྲལ་རབ་ཏུ་དང་བ་ལྟར། །སྲིད་ལ་དགའ་བ་ཡོངས་སྤངས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །འདམ་རྫབ་ཀྱིས་ནི་མཁའ་ལྟར་ [43a.3]དང་། །རྡུལ་གྱིས་ཟླ་བ་ཇི་ལྟ་བར། །གང་ཞིག་སྡིག་པས་མི་གོས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་། །རྡུལ་གྱིས་ཟླ་བ་ཇི་ལྟ་བར། །གང་ཞིག་འདོད་པས་མི་གོས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །འདམ་རྫབ་ཀྱིས་ནི་ [43a.4]མཁའ་ལྟར་དང་། །རྡུལ་གྱིས་ཟླ་བ་ཇི་ལྟ་བར། །སྲིད་ལ་དགའ་བ་ཡོངས་སྤངས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འདུག་ནས་རྡུལ་བྲལ་བ། །སེམས་ཤིང་ཟག་ཟད་བྱ་བ་བྱས། །དུལ་ཞིང་ལུས་མཐར་གནས་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །ཤེས་རབ་ [43a.5]ཟབ་ཅིང་ཡིད་གཞུངས་ལ། །ལམ་དང་ལམ་མིན་རྣམས་ལ་མཁས། །གང་ཞིག་དོན་མཆོག་རྗེས་ཐོབ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །མི་ནི་གང་ཡང་རུང་བ་དག །སློང་མོ་ཙམ་གྱིས་འཚོ་བ་དང་། །བདག་མེད་སུ་ལའང་གནོད་མི་བྱེད། །བརྟན་ལྡན་ཚངས་པར་སྤྱོད་ [43a.6]པ་ཅན། །ཀུན་ཤེས་སྤྱད་ཕྱིར་ཆོས་སྟོན་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འདོད་པ་ལེགས་སྤངས་ཤིང་། །ཁྱིམ་མེད་པར་ནི་རབ་བྱུང་སྟེ། །འདོད་པའི་ཟག་པ་ཡོངས་ཟད་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །འགྲོ་བ་དང་ནི་གནས་པ་ཡི། །འབྱུང་པོ་ཆད་ [43a.7]པས་མི་གཅོད་ཅིང་། །གསོད་མེད་གསོད་དུ་མི་འཇུག་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་མི་མཐུན་མཐུན་བྱེད་ཅིང་། །ཆད་པས་གཅོད་པ་དང་དུ་ལེན། །འབྱུང་པོ་རྣམས་ལ་བརྩེ་ཕན་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། ། [43b] [43b.1]གང་ཞིག་འདོད་ཆགས་ཞེ་སྡང་དང་། །ང་རྒྱལ་འཆབ་པ་འཇོམས་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་སྲེད་པའི་རྫོང་འདི་དང་། །འཁོར་བའི་ཀླུང་ལས་རབ་རྒལ་ཅིང་། །བརྒལ་ནས་ཕ་རོལ་འགྲོ་བར་སེམས། །ཡིད་ཉིད་ཀྱིས་ནི་མི་བཀྲི་ཞིང་། །གང་ཞིག་ [43b.2]ལེན་པ་ལས་ལོག་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འཇིག་རྟེན་འདི་དང་ནི། །ཕ་རོལ་ན་ཡང་སྲེད་མེད་ཅིང་། །སྲིད་པའི་སྲེད་པ་ཡོངས་ཟད་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འཇིག་རྟེན་འདི་དང་ནི། །ཕ་རོལ་ལ་ཡང་ཆགས་མེད་ཅིང་། ། [43b.3]ཆགས་མེད་རྣམ་པར་བྲལ་བ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །དགའ་དང་མི་དགའ་སྤངས་པ་དང་། །བསིལ་བར་གྱུར་ཅིང་ཟག་པ་མེད། །འཇིག་རྟེན་ཀུན་ཟིལ་གནོན་བརྟན་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །མི་ཡི་སྦྱོར་བ་སྤངས་ནས་སུ། །ལྷ་ཡི་སྦྱོར་ [43b.4]བ་རབ་འདས་ཤིང་། །སྦྱོར་བ་ཀུན་དང་རྣམ་བྲལ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ལྷ་དང་དྲི་ཟ་དང་། །མི་ཡི་འགྲོ་བ་མི་ཤེས་ཤིང་། །ཞི་བ་འགྲོ་བ་མི་ཤེས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་གིས་ཆོས་རྣམས་མི་ཤེས་པའམ། །མ་མཐོང་ [43b.5]བ་ནི་མེད་གྱུར་ལ། །ཤེས་བྱ་མཐའ་ཡས་ལྟ་བ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་གིས་སྔོན་གྱི་གནས་རྟོགས་ཤིང་། །མཐོ་རིས་ངན་སོང་མཐོང་བ་དང་། །དེ་ནས་སྐྱེ་བ་ཟད་ཐོབ་པའི། །ཐུབ་པ་མངོན་ཤེས་ལ་བརྩོན་པ། །སྡུག་བསྔལ་ཐ་མར་རབ་ཤེས་དེ། ། [43b.6]བྲམ་ཟེ་ཡིན་པར་ངས་གསུངས་སོ། །སེམས་ཀྱི་རྣམ་གྲོལ་ཤེས་པ་དང་། །འདོད་ཆགས་ཀུན་ལས་གྲོལ་བ་དང་། །རིག་པ་གསུམ་དང་ལྡན་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་གིས་སེམས་ཅན་འཆི་འཕོ་དང་། །སྐྱེ་བ་ཐམས་ཅད་རྟོགས་གྱུར་པ། །ཐོགས་ [43b.7]མེད་སྤྱན་ལྡན་སངས་རྒྱས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ཀུན་སྦྱོར་ཀུན་འདས་ཤིང་། །ཡོངས་སུ་གདུང་བ་མེད་པ་དང་། །དགའ་མེད་དྲན་ལྡན་སྟོན་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །ཐུབ་པ་རྣམ་རྒྱལ་དྲང་སྲོང་ཆེ། །ཁྱུ་མཆོག་རབ་མཆོག་ [44a] [44a.1]གླང་པོ་ཆེ། །བཀྲིར་མེད་ཁྲུས་བྱས་སངས་རྒྱས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་སྲིད་འདས་ཀུན་ཟིལ་གནོན། །ཆུ་བོ་ལས་རྒལ་རྣམ་པར་འདྲེན། །རྣམ་གྲོལ་ཕ་རོལ་ཕྱིན་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །སྡིག་ཅན་རྣམ་ [44a.2]པར་མི་སེམས་ཤིང་། །མི་སྒོམ་སྨྲ་བར་མི་བྱེད་པར། །འདུག་ནས་རྡུལ་བྲལ་སེམས་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ཕྱག་དར་ཁྲོད་འཆང་ཞིང་། །ངོ་ཚ་ཤེས་ཤིང་འདོད་མི་ལྟ། །ཤིང་དྲུང་དག་ཏུ་གནས་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། ། [44a.3]གང་ཞིག་སྡུག་བསྔལ་ཀུན་སྤངས་ཕྱིར། །ཞི་བ་འཕགས་ལམ་ཡན་ལག་བརྒྱད། །དྲང་པོ་སྒོམ་པར་བྱེད་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ལ་ཆུང་ཟད་གནས་མེད་ཅིང་། །འདུ་ཤེས་ཡིད་གཉིས་ཟུག་རྔུ་མེད། །འཆི་མེད་གོ་འཕང་ཐོབ་པ་དེ། །བྲམ་ཟེ་ [44a.4]ཡིན་པར་ངས་གསུངས་སོ། །གང་ཞིག་ལུས་མེད་ཕུག་ན་གནས། །གཅིག་པུ་རྒྱུ་ཞིང་རིང་དུ་འགྲོ། །གདུལ་བར་དགའ་བའི་སེམས་འདུལ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་གཟུགས་མེད་བལྟར་མེད་མཐའ་ཡས་ལ། །ཤིན་ཏུ་བལྟར་མེད་ཕྲ་ཞིང་གཞི་མངོན་ [44a.5]རྟོགས། །རྟག་དྲན་ཀུན་སྦྱོར་ཟད་རྒྱུ་སངས་རྒྱས་པ། །འཇིག་རྟེན་འདི་ན་དེ་ནི་བྲམ་ཟེ་ཡིན། །གང་གིས་སོག་མིག་འཆིང་གཏུབས་ཏེ། །ཆིངས་མ་རྒྱང་ཐག་བཅད་ནས་སུ། །ཡོངས་སུ་གདུང་སྤངས་སངས་རྒྱས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་གིས་རྙེད་ [44a.6]འདོད་སྡིག་ཅན་དང་། །སོག་མིག་ཆིངས་མ་གཏུབས་གྱུར་ཅིང་། །སྲེད་པ་རྩར་བཅས་དྲུངས་ཕྱུང་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །བརྩོན་པས་ཆུ་བོའི་རྒྱུན་བཅད་ཅིང་། །འདོད་པ་ཐམས་ཅད་རབ་བཅོམ་དང་། །འདུ་བྱེད་རྣམས་ཀྱི་ཟད་ཤེས་པ། །སྡིག་མེད་གང་ཡིན་ [44a.7]བྲམ་ཟེ་ཡིན། །ཕ་དང་མ་ནི་བསད་བྱས་ཤིང་། །རྒྱལ་པོ་གཙང་སྦྲ་བྱེད་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་པ། །སྡིག་མེད་གང་ཡིན་བྲམ་ཟེ་ཡིན། །ཕ་དང་མ་ནི་བསད་བྱས་ཤིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །མི་བཟད་པ་ཡི་སྟག་བསད་པ། །སྡིག་མེད་གང་ [44b] [44b.1]ཡིན་བྲམ་ཟེ་ཡིན། །གང་ཞིག་བྲམ་ཟེ་རྡེག་པ་བླུན། །སྐྲོད་པར་བྱེད་པ་དེ་ངན་པས། །བྲམ་ཟེ་རྣམས་ལ་བརྡེག་མི་བྱ། །བྲམ་ཟེ་བསྐྲད་པར་མི་བྱའོ། །གང་ཞིག་ཆོས་རྣམས་རྣམ་ཤེས་ན། །རྒན་ནམ་ཡང་ན་གཞོན་ཡང་རུང་། །དེ་ལ་བཀུར་ཞིང་ཕྱག་བྱ་སྟེ། །བྲམ་ཟེ་ [44b.2]གཙང་མས་མེ་བཞིན་ནོ། །གང་ཞིག་ཆོས་རྣམས་རྣམ་ཤེས་ན། །རྒན་ནམ་ཡང་ན་གཞོན་ཡང་རུང་། །དེ་ལ་བཀུར་ཞིང་བསྙེན་བཀུར་ཏེ། །བྲམ་ཟེ་གཙང་མས་མེ་བཞིན་ནོ། །གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས། །བསྟན་པའི་ཆོས་རྣམས་རྣམ་ཤེས་ན། ། [44b.3]དེ་ལ་བཀུར་ཞིང་ཕྱག་བྱ་སྟེ། །བྲམ་ཟེ་གཙང་མས་མེ་བཞིན་ནོ། །གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས། །བསྟན་པའི་ཆོས་རྣམས་རྣམ་ཤེས་ན། །དེ་ལ་བཀུར་ཞིང་བསྙེན་བཀུར་ཏེ། །བྲམ་ཟེ་གཙང་མས་མེ་བཞིན་ནོ། །གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། ། [44b.4]ཕ་རོལ་ཕྱིན་པར་གྱུར་པ་ན། །དེ་ཚེ་ཤ་ཟ་བ་ཀུ་ལ། །གཅིག་པོ་ལས་ཀྱང་ཤིན་ཏུ་འདས། །གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །ཕ་རོལ་ཕྱིན་པར་གྱུར་པ་ན། །དེ་ཚེ་དེས་མཐོང་ཚོར་བ་རྣམས། །ཐམས་ཅད་ནུབ་པ་ཉིད་དུ་འགྱུར། །གང་ཚེ་བྲམ་ཟེ་ཆོས་རྣམས་ [44b.5]ཀྱི། །ཕ་རོལ་ཕྱིན་པར་གྱུར་པ་ན། །དེ་ཚེ་དེ་ཡིས་མཐོང་བས་ན། །རྐྱེན་རྣམས་ཐམས་ཅད་ནུབ་པར་གྱུར། །གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །ཕ་རོལ་ཕྱིན་པར་གྱུར་པ་ན། །དེ་ཚེ་དེ་ཡིས་མཐོང་བས་ན། །ཀུན་སྦྱོར་ཐམས་ཅད་ནུབ་པར་གྱུར། །གང་ [44b.6]ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །ཕ་རོལ་ཕྱིན་པར་གྱུར་པ་ན། །དེ་ཚེ་སྐྱེ་དང་རྒ་བ་དང་། །འཆི་བ་རྣམས་ལས་ཤིན་ཏུ་འདས། །ཉིན་མོ་ཉི་མ་གསལ་བར་བྱེད། །མཚན་མོ་ཟླ་བ་སྣང་བ་ལྟར། །རྒྱལ་རིགས་གོ་ཆས་ཆས་པ་གསལ། །བྲམ་ཟེ་སེམས་པར་ [44b.7]བྱེད་ན་གསལ། །ཉིན་མོ་ཉི་མ་གསལ་བར་བྱེད། །མཚན་མོ་ཟླ་བ་སྣང་བྱེད་ལྟར། །རྟག་ཏུ་སངས་རྒྱས་གཟི་བརྗིད་ཅན། །ཉིན་དང་མཚན་དུ་གསལ་བར་བྱེད། །ཇི་ལྟར་མི་སྡུག་པ་ལས་ཡིད་ལྡོག་པ། །དེ་འདྲ་བྲམ་ཟེ་རྣམས་ལ་ཅུང་ཟད་མེད། ། [45a] [45a.1]ཇི་ལྟ་ཇི་ལྟར་དེ་ཡི་ཡིད་ལྡོག་པ། །དེ་ལྟ་དེ་ལྟར་ཀུན་རྫོབ་བདེན་པར་ཟད། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །གང་གིས་ཆོས་རྣམས་རྒྱུར་བཅས་རབ་ཤེས་པ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་ [45a.2]སོམ་ཉི་མ་ལུས་སྤོང་། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །གང་གིས་སྡུག་བསྔལ་རྒྱུར་བཅས་རབ་ཤེས་པ། །ཆས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །གང་གིས་ཚོར་ [45a.3]བ་ཟད་པ་འཐོབ་འགྱུར་བ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །གང་ཚེ་བྲམ་ཟེ་བརྩོན་པས་འབད་པ་ན། །གང་གིས་རྐྱེན་རྣམས་ཟད་པ་འཐོབ་འགྱུར་བ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་མ་ [45a.4]ལུས་སྤོང་། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །གང་གིས་ཟག་པ་ཟད་པ་འཐོབ་འགྱུར་བ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །ཇི་ལྟར་མཁའ་ལ་ཉི་མ་ཤར་བ་ལྟར། །འཇིག་རྟེན་ [45a.5]ཐམས་ཅད་སྣང་བྱེད་འདུག་འགྱུར་པ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་བར་འགྱུར། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །བློ་ཡིས་ཀུན་སྦྱོར་རྣམས་ལས་རབ་གྲོལ་ཏེ། །བདུད་སྡེ་རྣམ་པར་བསལ་ནས་འདུག་འགྱུར་བ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་བར་འགྱུར། ། [45a.6]བྲམ་ཟེའི་ཚོམས་ཏེ་སུམ་ཅུ་རྩ་གསུམ་པའོ།། །།སྡོམ་ལ། དེ་བཞིན་གཤེགས་དང་ཐོས་དང་བདག །བསྒྲེ་དང་མཛའ་བཤེས་ལྔ་པའོ། །མྱ་ངན་འདས་དང་མཐོང་བ་དང་། །སྡིག་དང་ཕྲུགས་དང་བདེ་བ་དང་། །སེམས་དང་དགེ་སློང་ཚོམས་དག་དང་། །བྲམ་ཟེ་ཡང་ནི་ཐ་མ་ཡིན། ། [45a.7]ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡེ་རིན་ཆེན་མཆོག་གིས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པ།། །། [45b] [45b.1]{T4100}༄༅༅། །རྒྱ་གར་སྐད་དུ། ཨུ་དཱ་ན་བརྒ་བི་བ་ར་ཎ། བོད་སྐད་དུ། ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྐལ་ལྡན་མཆོད་འོས་བློ་ཡི་གཟེར་རྣོན་གྱིས། །འཇིགས་པའི་གཏི་མུག་མུན་སེལ་སེམས་ཅན་གྱི། ། [45b.2]བདེ་བའི་རྒྱུ་གཅིག་མགོན་ལ་རབ་བཏུད་དེ། །ཤེས་རབ་གོ་ཆས་ཆེད་བརྗོད་བཤད་པ་རྩོམ། །འཇིག་རྟེན་གཞུང་མང་འདི་ལ་འཇིགས་པ་དག །བསྡུས་ཏེ་བསྟན་ན་བདག་ལ་དགའ་བ་དང་། །ཚེ་དང་བློ་དག་ཤིན་ཏུ་ཆུང་བའི་ཕྱིར། །དེ་བས་བསྡུས་ནས་བསྟན་ལ་འཇིག་རྟེན་འཇུག །ཐུབ་ [45b.3]མཆོག་གསུང་གི་ཚིག་ལ་འཇུག་པ་ཡི། །དོན་ལ་གང་ཞིག་བློས་ནི་མི་དཔྱོད་པ། །མི་ཡི་ཆ་བྱང་ཕྱུགས་ཀྱི་སྐྱེ་བོ་དེ། །སྲེད་པའི་རྒྱ་མཚོ་སྡུག་བསྔལ་གླིང་མེད་ལྟུང་། །དབྱངས་ཅན་ཚིག་གི་དྲི་མ་སུན་འབྱིན་པ། །ཐུབ་གསུང་དྲི་མེད་ཆུ་རྒྱུན་དང་མཁས་པས། །སྦྱངས་ཀྱང་བདག་ [45b.4]འདིར་དམ་པའི་རྗེས་འབྲང་བ། །ནད་མེས་འབར་བའི་ལུས་ཀྱང་ཁྲུས་ལ་བརྟེན། །ཆེད་བརྗོད་ཚིགས་བཅད་སྣ་ཚོགས་དོན་ལྡན་ཞིང་། །བདག་བློ་དོན་གྱི་དེ་ཉིད་འཛིན་ལ་བླུན། །འོན་ཀྱང་དེ་ཡི་རྣམ་པར་འགྲེལ་པ་འདི། །བརྩམས་པ་དེ་ལ་བདག་བློ་གསལ་ཕྱིར་བྱས། །གང་ཞིག་ཆེད་ [45b.5]བརྗོད་ཚིགས་བཅད་ཚུལ་བཞིན་འདོན། །འཛིན་བྱེད་དེ་ནི་སྐྱེ་བར་སྐྱེ་བ་དྲན། །ལྟ་ངན་མཆེ་བས་མི་ཉེན་གཞན་སྨྲས་ལ། །མི་དགའ་རྣམ་པར་གྲོལ་བ་བསྒྲུབ་པར་འགྱུར། །དམ་པས་འདི་ཐོས་ལེགས་པར་ཡིད་ལ་འཇོག །འདོན་དང་འཆང་དང་དོན་ལའང་ཚུལ་བཞིན་དུ། །རྟག་ [45b.6]འབད་དེ་དག་ཡིད་བཞིན་ནོར་བུ་ལྟར། །མངོན་འདོད་འབྲས་བུ་འཐོབ་པར་ཅིས་མི་འགྱུར། །དྲང་སྲོང་ཆེ་གསུང་ཕ་རོལ་བགྲོད་དཀའ་ཞིང་། །དོན་ཟབ་ལྡན་པས་ཐུབ་མིན་གཞན་དག་གིས། །ལེགས་པར་རབ་ཏུ་རྟོགས་པར་མི་ནུས་ཕྱིར། །དེ་བས་བརྒྱུད་དེ་འོངས་པ་འདི་བསྟེན་བྱ། ། [45b.7]དཔེར་ན་སྐྱེས་བུ་ཆུ་བོར་རྐྱལ་བྱང་ཡང་། །གཟིངས་མེད་རྒྱ་མཚོ་རྒལ་བར་མི་ནུས་ལྟར། །དེ་གཞན་ལུང་དོན་ཅུང་ཟད་ཤེས་གྱུར་ཀྱང་། །བླ་མ་མེད་པར་གང་ཡང་ནུས་པ་མེད། །དེ་བས་བླ་མ་སྟོན་པ་བཞིན་བསྟེན་ཅིང་། །བརྒྱུད་པའི་མན་ངག་ལ་ཡང་བསྟེན་པར་བྱ། །གང་ཕྱིར་ [46a] [46a.1]མི་དག་དེས་བསྟན་ལམ་འགྲོ་ན། །ཚིག་དོན་ཉམ་ང་དེ་ལའང་འཁྲུལ་པ་མེད། །དེ་བས་ཇི་སྐད་བཤད་བཞིན་སློབ་དཔོན་ལ། །བསྟེན་ནས་དེ་ལས་ཕུན་སུམ་ཚོགས་ཉིད་དེ། །དེས་ན་འདི་དག་ཏུ་ཡང་སྨད་མེད་ལ། །ཕ་རོལ་ཏུ་ཡང་སྡུག་བསྔལ་མེད་པར་ [46a.2]འགྱུར། །བྱང་ཆུབ་གོ་ཆ་ཞེས་བྱ་བྱང་ཆུབ་གཉེར། །བློ་ལྡན་ཚིག་གསལ་སྨྲ་དང་རྒྱུད་མཉེན་དང་། །དམ་པའི་གཞུང་སྤྱོད་མདོ་སྡེ་འདོན་བྱེད་ཅིང་། །མདོ་སོགས་དོན་གྱི་དེ་ཉིད་སྟོན་པ་བྱུང་། །བག་ཁལ་ཡུལ་གྱི་ཀ་བ་དྷྱར་སྐྱེས་ཏེ། །གྲགས་ཁྱབ་བཟོད་པས་བརྒྱན་ཅིང་ཡང་དག་ [46a.3]རྟོགས། །གཞན་ཡང་དྲི་མེད་ནོར་བུའི་དམ་ཆོས་ཀྱི། །གསུང་གིས་བརྒྱན་ཅིང་གཞན་ཕན་མཐའ་ཡས་བྱེད། །དམ་ཆོས་གསུང་ལ་མ་བརྟེན་ཉི་མའི་འོད་ཟེར་ལྟ་བུ་སྟེ། །བློ་རྒྱ་ཆེ་ཞིང་ཡང་དག་ལམ་བསྟེན་སྐྱེས་བུ་རྨོངས་པའི་མུན་པ་འཇིག །བདག་གི་མཁན་པོ་དྲི་མེད་མན་ངག་ [46a.4]མ་ལུས་ཐོས་པས་ཆེད་བརྗོད་པ། །འདི་ཉིད་གསལ་བར་བྱ་ཕྱིར་རྩོལ་བློའི་ཚུལ་གྱིས་དོན་འགྲེལ་ཚིག་ཉུང་བརྩམས། །ལྷ་ཡི་མེ་ཏོག་པས་ཀྱང་མཛེས་ཤིང་འཕགས་པས་བསྟེན། །བློ་ཡི་རབ་རིབ་སེལ་བའི་སྒྲོན་མ་ཡོན་ཏན་གྱིས། །པདྨའི་ནགས་ཚལ་ཁ་འབྱེད་ཉི་མ་ལྟ་བུ་ཡི། ། [46a.5]ཐུབ་པའི་ཀུན་བཟང་གསུང་ནི་རབ་ཏུ་མཉན་པར་གྱིས། །དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་སྙིང་པོར་གྱུར་པ། ཤིན་ཏུ་བཀྲ་ཤིས་པའི་སྒྲ་སྐད་ཀྱིས་ཆེད་དུ་བརྗོད་པ་ཞེས་བྱ་བ་རྒྱལ་བའི་གསུང་གི་ཡན་ལག་གི་རྣམ་པར་འགྲེལ་པའི་ཚིག་འབྱེད་པར་འདོད་ནས་ [46a.6]དེ་ཉིད་ཀྱི་ཚུལ་བསྟན་པའི་ཕྱིར། གཉིད་དང་རྨུགས་པ་རྣམས་སོལ་ལ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ཡང་འདི་ལྟར་ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་ཐུབ་པས་གསུངས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ། མདོར་བསྡུས་ན་སྡེ་སྣོད་གསུམ་གྱི་དོན་ཡང་དག་པར་གསལ་བར་བྱེད་ [46a.7]པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་མངོན་པར་འདོད་པའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པ་ཡིན་ནོ། །ཆེད་དུ་བརྗོད་པ་ཞེས་བྱ་བ་ཡང་དེའི་བཀྲ་ཤིས་པ་དེས་རབ་ཏུ་གྲགས་པ་ཡིན་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་ཡིད་བཞིན་གྱི་མཚོ་ཆེན་པོ་ལྟ་བུ་ [46b] [46b.1]སྟེ། ཡིད་བཞིན་གྱི་མཚོ་ཆེན་པོ་ལས་པདྨ་སྐྱེས་པ་ལྟ་བུའོ། །དེ་ལྟར་ན་ཕན་ཚུན་བརྒྱུད་ཅིང་ཐོས་ཏེ་ཡང་དག་པར་འོངས་པ་ཡང་འདི་ལྟ་སྟེ། ཐུབ་པ་མཆོག་རྣམས་བྱུང་བ་དང་འབྱུང་བར་འགྱུར་བ་རྣམས་ཀྱིས་ཚིག་དང་ཡི་གེའི་གོ་རིམས་འདི་ཉིད་ཀྱིས་གསུངས་ཤིང་གསུང་བར་འགྱུར་བ་ [46b.2]ཡིན་ལ། རྒྱལ་བ་གཅིག་གི་ཞལ་ནས་གསུངས་པ་ཡང་ཤིན་ཏུ་བཀྲ་ཤིས་པར་འགྱུར་བ་ཡིན་ན། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ལྟ་ཅི་སྨོས་ཏེ། དེ་ཡང་བཤད་པ་ཉོན་མོངས་པའི་ནད་ལ་གཏན་དུ་ཕན་པའི་ནུས་པ་ཀུན་དུ་རྨོངས་པས་ལྡོངས་པར་གྱུར་པ་སེལ་བའི་ [46b.3]མིག་སྨན་གྱི་ཐུར་མ་བཟང་པོ་དེ་བཞིན་ཉིད་ཤེས་པའི་འོད་གསལ་བའི་མིག་སྐྱེད་པ་ཡིན་ཏེ། དེ་བས་ན་བདེ་བར་གཤེགས་པའི་གསུང་ནི་བཀྲ་ཤིས་པར་གྱུར་པ་ཡིན་ནོ། །གསུང་རབ་ཀྱི་ཡན་ལག་ཏུ་གྱུར་པའི་ཕྱིར་འདི་ནི་གསུང་རབ་ཡན་ལག་བཅུ་གཉིས་ལས་གཅིག་ཡིན་ཏེ། དེ་ལ་ [46b.4]འདི་ཉིད་ཀྱི་བརྟག་པ་འོག་ནས་བཤད་པར་བྱའོ། །འདིའི་འགྲེལ་པ་ཡང་ངེས་པར་བྱ་དགོས་པ་ཡིན་ཏེ། དོན་ཤིན་ཏུ་ཟབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་གསུང་ནི་རབ་ཏུ་རྟོགས་པར་དཀའ་བ་ཡིན་ཏེ། ཉན་ཐོས་ཀྱི་མཆོག་རྣམས་ཀྱིས་ཀྱང་དོན་ཇི་ལྟ་བ་བཞིན་དུ་མི་རྟོགས་ཏེ། ཇི་སྲིད་དུ་ [46b.5]གསུངས་པ་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར་དུལ་བའི་མཆོག་ཉེ་རྒྱལ་ལ་སོགས་པ་རྣམས་ཀྱང་འཁྲུལ་ཅིང་རྨོངས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འདིར་ཆེད་དུ་བརྗོད་པའི་ཚོམས་ཀྱི་དོན་གྱི་རྣམ་པར་འགྲེལ་པ་རྩོམ་པར་འདོད་པ་ལ། དྲི་བའི་ཚིག་རྣམ་པ་བཞི་དང་པོར་འབྱུང་བ་ [46b.6]ཡིན་ཏེ། འདི་ཚུལ་ཇི་ལྟ་བུར་བསྟན་པ་དང་། གང་གིས་བསྟན་པ་དང་། གང་ལ་བསྟན་པ་དང་། ཅིའི་ཕྱིར་བསྟན་པའོ། །གང་ལ་ཁྱོད་འགྲེལ་པ་རྩོམ་པའི་ངལ་བ་ཆེན་པོ་འདི་ལྟ་བུ་མྱོང་བར་བྱེད་དེ། གང་གི་ཕྱིར་བཤད་པའི་ངོ་བོ་ཡོངས་སུ་ཤེས་པ་མེད་པར་ནི་དེའི་རྣམ་པར་འགྲེལ་ [46b.7]པ་བརྩམས་པར་མི་རིགས་སོ། །སྟོན་པ་པོ་མེད་པར་ཚིག་འབྱུང་བ་མི་རིགས་ཏེ། ཚིག་ལ་འཇུག་པ་ནི་སྟོན་པ་ལ་རག་ལུས་པའི་ཕྱིར་ཏེ། སྟོན་པ་ཁྱད་པར་ཅན་གྱི་ཚིག་ལ་ནི་དོན་བཟང་པོ་མེད་ཀྱང་དགའ་བས་གུས་པར་བྱེད་པའི་ཕྱིར་གསུམ་གྱིས་ཉེ་བར་འགོད་པ་ཡིན་ནོ། །ཇི་ལྟར་ཚེའི་རིག་ [47a] [47a.1]བྱེད་ལ་སྩོགས་པ་བསྟན་པ་ལ་ཡང་སྟོན་པའི་ཁྱད་པར་གང་ཞེ་ན། འདི་ལས་ལུས་འབྱུང་བ་ཡིན་ནོ་ཞེས་བཤད་པ་ཉེ་བར་སྦྱོར་རོ། །འབྲེལ་པ་མེད་པའི་ཚིག་ཏུ་གྱུར་པ་མུ་སྟེགས་ཀྱི་ལུང་ལས་བླངས་པ་ནི་ཚིག་རབ་ཏུ་བཟང་པོ་ཡིན་དུ་ཟིན་ཀྱང་མཁས་པས་ལེན་ [47a.2]པར་མི་འགྱུར་ཏེ། མི་གཙང་བའི་ཕུང་པོ་ལས་བུ་རམ་ཤིང་ཕྱུང་བ་ལྟ་བུའོ། །དགོས་པ་མེད་པ་ནི་ལུང་ཁྱད་པར་ཅན་ལ་བརྟེན་པ་ཡིན་ཡང་། ཇི་ལྟར་གསེར་གྱི་རིའི་རྩེ་མོ་ལས་བྱུང་བའི་དུག་ལྟ་བུར་དགོས་པ་མེད་པ་ཡིན་ཏེ། བདག་ལ་ཕན་པར་འདོད་པ་རྣམས་ཀྱི་དོན་ཁྱད་པར་ཅན་མེད་དོ། ། [47a.3]དེ་ལྟར་བསྟན་པའི་དགོས་པ་དང་བརྗོད་པ་ཡོད་ན་ནི་འབྲེལ་པ་དང་བརྗོད་པར་བྱ་བ་ཡང་ཡོད་པ་ཉིད་དུ་འགྱུར་ཏེ། དེ་མེད་ན་དེ་ཉིད་ཀྱང་མེད་པའི་ཕྱིར་དྲི་ཚིག་ཐ་དད་པར་མ་བྱས་སོ། །དེ་ལ་རེ་ཞིག་དང་པོའི་རྩོད་པ་དེའི་ལན་བསྟན་པར་བྱ་སྟེ། སངས་རྒྱས་ཀྱི་གསུང་ཆེད་དུ་བརྗོད་པ་ནི་ཡན་ལག་བཅུ་ [47a.4]གཉིས་ཀྱི་ནང་དུ་བསྟན་པའི་ཕྱིར་མདོ་ཇི་ལྟ་བ་བཞིན་ནོ། །སངས་རྒྱས་ཀྱི་གསུང་དེ་ཡང་རྣམ་པ་གཉིས་ཏེ། བསྟན་པ་དང་། དོན་གྱི་བདག་ཉིད་ཀྱི་ཕྱིར་རོ། །གང་བསྟན་པའི་བདག་ཉིད་དེ་ནི་མིང་གི་ཚོགས་ལ་སོགས་པའི་རང་བཞིན་ཏེ། གང་གི་ཕྱིར་མིང་མེད་པར་ནི་སྒྲའི་དོན་གྱི་ཁྱད་པར་ [47a.5]སྟོན་པར་མི་ནུས་སོ། །འདིར་སྤྱི་དང་ལྷག་མ་བྱ་བ་ཡིན་ཏེ་སྟོན་པར་མི་ནུས་སོ། །གལ་ཏེ་དེའི་དངོས་པོ་ངེས་པར་ཡོད་ན་ནི་བདག་ཉིད་མི་སྣང་སྟེ། དེ་མ་ཡིན་པར་ཐ་སྙད་ཐམས་ཅད་རྟོགས་པ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་དངོས་པོ་མེད་ན་ནི་དེ་ལྟར་དོན་ཤེས་པར་བྱེད་པ་ཡང་མེད་དེ་ [47a.6]དེའི་ཕྱིར་མེད་པ་ནི་རི་བོང་གི་རྭ་ལ་སོགས་པས་རྣམ་པར་ཤེས་པ་བསྐྱེད་པར་མི་འགྱུར་བའམ། ཡང་ན་ས་བོན་ལ་སོགས་པས་མྱུ་གུ་ལ་སོགས་པའོ། །དེ་ཡང་གསུངས་པ། དོན་རྟོགས་ཡོད་པར་བྱ་བ་ནི། །དངོས་པོ་ཡིན་ཕྱིར་མྱུ་གུ་བཞིན། །དེ་ཕྱིར་ཡོད་པར་གྱུར་ན་ཡང་། །ས་བོན་ལ་ [47a.7]སོགས་མི་འདོད་དེ། །དུས་སུ་མྱུ་གུ་སྐྱེས་པ་ན། །ས་བོན་ཉམས་པས་ཉེ་བར་མཚོན། །དེ་ཡིས་འཕངས་པ་ཉིད་ཀྱིས་ནི། །ས་བོན་ཇི་བཞིན་དེ་འབྱུང་ངོ་། །དེ་བཞིན་མིང་ལ་སོགས་པའི་ཤེས། །དོན་རྣམས་འདྲ་བར་ཤེས་གྱུར་ཅིང་། །དེས་ན་ཐ་སྙད་དེ་འཇུག་སྟེ། །དེ་མེད་འགྲོ་ [47b] [47b.1]བ་དེ་དག་མེད། །གང་གི་ཕྱིར་འདས་པ་དང་། མ་འོངས་པ་དང་། ཐག་རིང་བ་དང་། ཕྲ་བ་དང་། གཏན་དུ་མེད་པ་ལ་སོགས་པ་རྣམ་པར་གནས་པ་ལ་རང་དབང་གིས་ཡིད་ཀྱི་རྣམ་པར་ཤེས་པ་འཇུག་པར་མི་འདོད་ལ། དབང་པོའི་རྣམ་པར་ཤེས་པས་འཇུག་པར་འདོད་དེ། དབང་པོའི་རྣམ་ [47b.2]པར་ཤེས་པ་ལ་རག་ལུས་པའི་ཕྱིར། དེ་ཁོ་ན་ཉིད་མ་མཐོང་བ་ལ་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ་། །དེ་ལ་ནི་དབང་པོའི་ཤེས་པ་འཇུག་པ་ཡང་མེད་དེ། ད་ལྟར་བྱུང་བའི་ཡུལ་ཡིན་པའི་ཕྱིར་ལྷག་མ་ལ་དབང་པོའི་ཤེས་པ་འབྱུང་ངོ་། །ཡུལ་མེད་པར་ནི་ཤེས་པ་ཡང་མི་འབྱུང་སྟེ། [47b.3]གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་ངོ་། །ཞེས་ཁས་ལེན་པའི་ཕྱིར་སྒྲོན་མ་བཞིན་ནོ། །མིང་གི་ཚོགས་ལ་སོགས་པ་བསྒྲུབ་པ་འདིར་ཚོགས་ཙམ་གྱི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་མིང་འདོགས་པ་ནི་དང་པོ་མིང་འདོགས་པ་དང་འཇུག་པར་འདོད་པ་དག་དང་། རྟོག་པ་ [47b.4]དང་དཔྱོད་པ་གཉིས་ཀྱིས་ལན་དུ་མར་ཡིད་ཀྱི་རྣམ་པར་ཤེས་པས་བརྟགས་ཏེ། དེ་ཉིད་དུ་སྐྱེས་བུ་དངོས་པོ་ལ་ཆགས་པའི་ཕྱིར་ལན་དུ་མ་ཞིག་ཏུ་ལག་པ་ལ་རྨ་རྙིང་དུས་དེ་ཉིད་དུ་དོན་ཐམས་ཅད་དང་འདྲ་བར་བྱེད་པ་ཡིན་པས་མིང་ལ་སོགས་པར་འགྱུར་རོ། །དེ་ལ་ཐ་སྙད་འདོགས་པས་བསྟན་པར་བྱ་ [47b.5]སྟེ། གཞན་དུ་གོ་བར་བྱ་བའི་ཕྱིར་མིང་གི་སྒྲའི་བརྡས་བཏགས་པ་ཡིན་ཏེ། བརྡ་ཆགས་པ་དང་། ཡང་རྣ་བས་དེ་མཉན་ཅིང་ལེན་པས་རྟོག་པ་དང་། དཔྱོད་པའི་ཡིད་ཀྱིས་བརྟགས་ཏེ་སྔ་མ་བཞིན་དུ་མིང་ལ་སོགས་པ་སྐྱེ་བའི་རིམ་གྱིས་འགྱུར་ཏེ། མྱུར་དུ་འཇུག་པའི་ཕྱིར་ཡང་སྐད་ཅིག་ [47b.6]མའི་རྒྱུན་གྱིས་སྐད་ཅིག་མ་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་དབང་དུ་བྱས་ནས་ཆོས་མངོན་པ་ལས་གསུངས་པ་ངག་ལས་མིང་འཇུག་པར་འགྱུར་རོ། །མིང་ལས་དོན་སྟོན་པ་ཡིན་ཏེ། དེ་ཡང་སྨྲས་པ། ངག་དང་ཡི་གེ་ལས་ནི་མིང་། །དེ་དག་ལས་ནི་ཚིག་ཤེས་བྱ། །དབྱེ་བས་མཚོན་ [47b.7]པའི་དབྱེ་བ་ནི། །དངོས་པོ་སྣ་ཚོགས་ཤེས་པར་བྱ། །གང་ཡང་དོན་གྱི་བདག་ཉིད་ཀྱི་སངས་རྒྱས་ཀྱི་གསུང་དེ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་དང་། ཚུལ་ཁྲིམས་དང་། ཤེས་རབ་ཀྱི་ངོ་བོ་མདོ་སྡེ་དང་འདུལ་བ་དང་མངོན་པའི་ཆོས་ཉིད་ཀྱི་བདག་ཉིད་དེ། དེ་ཡང་དྲི་མེད་རྩེ་གཅིག་ [48a] [48a.1]ཚུལ་ཁྲིམས་དང་། ཤེས་རབ་རང་བཞིན་རིམ་བཞིན་དུ། །སྡེ་སྣོད་ཀྱི་ནི་དགེ་བསྐྱེད་དེ། །རྣམ་པར་སྨིན་པ་རྣམ་གྲོལ་བྱེད། །ཅེས་གསུངས་སོ། །དེ་བས་ན་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། བསྟན་པའི་བདག་ཉིད་ཀྱི་ཆེད་དུ་བརྗོད་པ་ནི་མིང་ [48a.2]གི་ཚོགས་ལ་སོགས་པའི་དངོས་པོའོ། །དོན་གྱི་བདག་ཉིད་ནི་ཟག་པ་མེད་པ་དང་། ཏིང་ངེ་འཛིན་ལ་སོགས་པའི་རང་བཞིན་སྡེ་སྣོད་གསུམ་ལས་བསྡུས་པ་ཡིན་པའི་ཕྱིར་རོ། །སུས་ཉེ་བར་བཀོད་ཅེས་བྱ་བ་བསྟན་པ་དེའི་ལན་བསྟན་པའི་ཕྱིར་སྨྲས་པ། འདིའི་སྟོན་པ་པོ་ནི་རྣམ་པ་གཉིས་ཏེ། [48a.3]སྟོན་པ་པོ་དང་། སྡུད་པ་པོའི་དབྱེ་བས་སོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ནི་ཚིག་གི་དོན་ལུས་པ་མེད་པའི་དེ་བཞིན་ཉིད་ཁྱད་པར་དུ་རྟོགས་པར་སྤྱོད་པའི་ཕྱིར་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བསྟོད་དེ་ཆེད་དུ་བརྗོད་པ་བསྟན་པ་ནི་ཉིད་ཀྱིས་ཁྱད་པར་དུ་གསུངས་པ་ཡིན་པའི་ [48a.4]ཕྱིར་དང་། བདེ་བར་གཤེགས་པ་མ་ལུས་པས་གསུངས་པའི་ཕྱིར་ཏེ། འདི་ཉིད་ནས་བཤད་པ། རྒྱལ་བས་ཆེད་དུ་བརྗོད་གསུངས་པ། །ཞེས་བྱ་བས་བསྟན་ཏེ། དེ་ཡང་སྨྲས་པ། ཁྱད་པར་དོན་ལྡན་ཆེད་དུ་བརྗོད། །སངས་རྒྱས་རྣམས་ཀྱིས་རབ་གསུངས་པ། །ལེགས་པར་ [48a.5]གསུངས་པ་འདི་ལྟ་བུ། །གཞན་གྱིས་བརྗོད་པར་མི་ནུས་སོ། །སྡུད་པ་པོ་ནི། འཕགས་པ་ཆོས་སྐྱོབ་ཡིན་ལ། དེ་ཡང་འདི་ལྟར་ཐོས་ཏེ། མཉན་དུ་ཡོད་པ་ན་དེད་དཔོན་ཞིག་གི་ཆུང་མ་རང་གི་ཁྱིམ་ཐབ་དང་ཕྲད་པ་ལས་དེ་སེམས་ཅན་དང་ལྡན་པར་གྱུར་ཀྱང་རྟགས་མི་མངོན་པས་དེས་མ་ཤེས་ [48a.6]ཏེ། འདི་ནི་སེམས་ཅན་དང་མི་ལྡན་ནོ་ཞེས་ཐམས་ཅད་ངེས་པར་གྱུར་ཏོ། །དེད་དཔོན་དེ་ཡང་དུས་ཇི་ལྟ་བ་བཞིན་དུ་ཚོང་ཟོང་བླངས་ཏེ་ཡུལ་གཞན་དུ་སོང་ངོ་། །དེའི་ཆུང་མ་རིམ་གྱིས་སེམས་ཅན་ནང་དུ་ཆེར་སྐྱེས་པ་དང་། བསམ་པ། ཀྱི་ཧུད་འདི་ལྟ་བུ་སྐྱེས་པས་རིང་པོ་མི་ཐོགས་པར་བདག་གི་ [48a.7]ངོ་བོ་འོང་བར་འགྱུར་ལ། བདག་གིས་ཉེས་པ་མེད་པར་ཡང་ཉེས་པར་སྤྱད་དོ་ཞེས་ཤེས་པར་འགྱུར་ཞིང་། ཉེ་དུའི་འཁོར་ཐམས་ཅད་ཀྱིས་ཀྱང་ཤེས་པར་འགྱུར་རོ་ཞེས་བསམས་ནས། ངོ་ཚ་བས་ཡིད་བརྟན་པའི་འཁོར་ལ་ཤེས་པར་བྱས་ནས་ནད་ཀྱིས་ཐེབས་སོ་ཞེས་གཡོ་བྱས་ཏེ་གསང་ནས་ [48b] [48b.1]དེ་ན་འདུག་པ་དང་། ཇི་ཙམ་ཞིག་ན་ཤིན་ཏུ་མཛེས་པའི་བུ་ཞིག་བཙས་སོ། །དེ་ཤིན་ཏུ་ཡིད་དུ་འོང་ཞིང་བལྟ་ན་སྡུག་ལ་སྡུག་པའི་བུ་ཡིན་ཡང་འཕྱ་བ་ལ་འཛམ་པའི་ཕྱིར་སྙིང་གི་ཕྱོགས་ལས་སྙིང་ཕྱུང་བ་བཞིན་དུ་ཁྱིམ་ནས་མཚན་མོ་ཡིད་བརྟན་པའི་ན་ཆུང་ཞིག་གི་ལག་ཏུ་གཏད་དེ། སྲང་བར་ [48b.2]དུ་ཁྱིས་ཟོས་པ་ཇི་བཞིན་དུ་ཅིའི་ཕྱིར་མི་འདུག་པ་ཞེས་སྐྱེ་བ་གཞན་དག་དུ་མ་ལ་སྡིག་པ་བསགས་པའི་རྣམ་པར་སྨིན་པའི་དབང་གིས་ཁྱེའུ་དེ་རྒྱལ་པོའི་ལམ་སྲང་ཞིག་ཏུ་བོར་རོ། །དེ་ཡང་སྔོན་གཏུམ་པོ་ཚངས་པས་བྱིན་ཞེས་བྱ་བའི་མདུན་ན་འདོན་དུ་གྱུར་ཏེ། ཚད་མེད་པའི་སྐྱེ་བོ་གསད་པར་བྱ་བ་ཡོངས་སུ་ [48b.3]གཏང་བ་ལས་གྱུར་པའི་བསོད་ནམས་ཀྱི་མཐུས་ཁྱི་དང་གླང་དང་གླང་པོ་ཆེ་དང་རྟ་དག་གིས་ཡོངས་སུ་བསྲུངས་སོ། །འདི་ནི་གདུལ་བའི་དུས་ལ་བབ་པོ་སྙམ་དུ་དགོངས་ནས་ཐོ་རངས་ཀྱི་དུས་སུ་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་བྱོན་ཏེ། འདི་ནི་མཉན་ཡོད་དུ་ཚོང་ [48b.4]དཔོན་ཆེན་པོར་འགྱུར་ཞིང་ཡུན་རིང་པོར་བདེ་བ་ཉམས་སུ་མྱོང་ནས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏེ། རྒྱལ་པོ་གསལ་རྒྱལ་ལ་གཏད་ནས་རྒྱལ་པོ་ཆེན་པོ་ཆོས་སྐྱོབ་ཅེས་བྱ་བའི་ཁྱེའུ་འདི་ཡོངས་སུ་གསོས་ཤིག་ཅེས་བཀའ་ [48b.5]སྩལ་ཏེ། དེས་ན་འདིའི་མིང་དུ་གྱུར་ཏོ། །ཚོང་དཔོན་ཆེན་པོ་ཞེས་བསྟན་པས་དེ་ལྟ་ན་ནི་བདག་གི་བུར་འགྱུར་ན་རིམ་གྱིས་ཚོང་དཔོན་ཆེན་པོར་འགྱུར་རོ་ཞེས་རྒྱལ་པོ་ལ་ཚོང་དཔོན་ཞིག་གིས་དོན་དུ་གཉེར་ཏེ་བླངས་པས་དེས་དེ་ལ་བྱིན་ནོ། །དེ་ཡང་ཆུང་མ་མི་སྲུན་པ་ཞིག་ཡོད་པས་འཐབས་ཏེ། དེ་འདི་ [48b.6]སྐད་དུ་ཅི་རེ་ཞིག་བུ་གསུམ་དང་བུ་མོ་བཞི་ཡོད་བཞིན་དུ་འདི་བུ་སྐལ་དུ་བྱས་ཏེ་གསོས་པས་ཅི་ཞིག་བྱ་ཞེས་ཟེར་ཞིང་ཁྱེའུ་དེ་གསད་པའི་ཕྱིར་མི་མཐུན་པ་དུག་གིས་སྤགས་པའི་བཟའ་བ་དང་བཏུང་བ་ཡོངས་སུ་ལོངས་སྤྱད་པ་དང་། བསྲེག་པ་དང་། གླང་པོ་ཆེ་དང་། རྟའི་བྲེས་དང་། ཤིང་རྟ་འདྲེན་པའི་ [48b.7]བར་དག་ཏུ་བོར་བ་དང་། གྲོང་ཁྱེར་གྱི་ཕྱི་རོལ་དུ་རྫ་མཁན་གྱི་གསེབ་དག་ཏུ་གཞུག་པ་དང་། གྲོང་སྟོང་པ་དག་ཏུ་ཁྱེར་བ་ལ་སོགས་པའི་ཐབས་ཀྱིས་འབད་པར་བྱས་ཀྱང་དེའི་སྲོག་དང་བྲལ་བར་མ་ནུས་ཏེ། བདག་ཉིད་ཀྱི་བུ་གསུམ་འཆི་བ་ཉི་ཚེར་ཟད་དོ། །ཟས་སུ་སྒྲུབ་པའི་སྣོད་བཞི་མཆན་ཁུང་ [49a] [49a.1]དུ་ཐོགས་ཏེ། རང་སངས་རྒྱས་མདུན་ན་ཡོད་པ་ལ་སྦྱིན་པའི་ཕྱིར་འོངས་པ་ལས་ཁྱི་གསུམ་ཞིག་ཡོད་པ་འོངས་ཏེ་ཤིན་ཏུ་ཁྲོས་ཤིང་ཟུག་པས་རྫ་མཁན་གྱི་རྫ་མ་བསྲེག་པའི་གནས་སུ་བཅུག་སྟེ། དེ་ཅིའི་ཕྱིར་མ་ཤི་ཞེས་བྱ་བའི་ངག་གི་ལས་ཀྱི་རྣམ་པར་སྨིན་པས་སོ། །དེ་ [49a.2]གྲོང་དེ་ན་འདུག་པ་ལས་ཁྱེའུའི་ལག་པ་ཉིད་ཡིད་བརྟན་ཏེ་ཁྱིམ་མའི་ནང་དུ་ལས་པ་དག་ལ་ཡི་གེ་བསྐུར་རོ། །རིང་པོ་མི་ཐོགས་པར་རྒྱལ་པོའི་ཁབ་ནས་འོང་བར་འགྱུར་རོ། །ཞེས་ཐོས་པ་དང་། དུབ་པས་སྒོ་ཁང་དུ་མཐེའུ་ཆུང་གིས་མཛུབ་མོ་ལ་ཡི་གེ་དཀྲིས་ཏེ་ཁྱེའུ་གཉིད་ལོག་པར་གྱུར་ཏོ། །ཕུན་ [49a.3]སུམ་ཚོགས་པ་དང་རྒུད་པ་ནི་ལག་པའི་མཐིལ་འདི་ལ་ཡོད་དོ་ཞེས་མཚན་མཁན་དག་གི་ཚིག་མཉན་ཏེ། མྱུར་དུ་རྗེའུ་རིགས་ཀྱི་རིགས་ཚོང་དཔོན་གྱི་བུ་མོ་འོངས་ནས་དེའི་སོར་མོ་ལས་ཡི་གེ་ཕྱུང་སྟེ་བལྟས་ན། བདེ་ལེགས་སུ་གྱུར་ཅིག །གྲོང་གི་ཕྱི་རོལ་ནས་ཚོང་དཔོན་ཆེན་པོའི་རིགས་མཐོན་པོར་ [49a.4]བྱུང་བ་ཞེས་བྱ་བས་ཁྱིམ་མི་ནང་ལས་པ་ལ་སྤྲིང་པ། ཡི་གེ་འདི་མཐོང་མ་ཐག་ཉིད་དུ་ངའི་རིགས་རྒྱུན་གཅོད་པར་བྱེད་པ་ཉིད་གསང་སྟེ་ཁྱིམ་སྒོར་བརྡེགས་ཤིང་གསད་པར་བྱོས་ལ་དོང་གི་ནང་དུ་ཆུག་ཅེས་སོ། །དེ་ནས་དེ་བསོད་ནམས་ཀྱི་མཐུས་ཡོངས་སུ་བསྐུལ་བས་དེས་དེ་བསལ་ནས་ཡི་གེ་ [49a.5]གཞན་དུ་བྲིས་ཏེ། བདེ་ལེགས་སུ་གྱུར་ཅིག །ཇི་སྲིད་དུ་ཡི་གེ་འདི་མཐོང་མ་ཐག་ཏུ་ངའི་ཡིད་ལ་རེ་བ་རྫོགས་པར་བྱེད་པའི་རྒྱུན་དུ་གྱུར་པ། ཤིན་ཏུ་ཡིད་དུ་འོང་བའི་གཟུགས་ཅན་ཁྱེའུ་དེ་ལ་ངའི་བུ་མོ་དེ་སྦྱིན་པར་བྱ་སྟེ། དགེ་བའི་ཚོགས་རྒྱུན་མི་ཆད་པ་ཡིན་པས་དེ་ལ་བྱིན་ཅིག །དུས་འབྱོར་པ་ [49a.6]ཡང་འདི་ཉིད་ཡིན་ཏེ། གང་བདག་མེད་ན་ཡང་ཁྱེད་ཉིད་ཀྱིས་འདི་ལ་ནན་ཏན་གྱིས་ཤིག་ཅེས་ནས་རྒྱལ་པོ་དང་བློན་པོ་ལ་སོགས་པ་ཐམས་ཅད་ཀྱིས་མངོན་སུམ་དུ་རྒྱ་ཆེར་ཐམས་ཅད་བྱས་སོ། །ཚོང་དཔོན་ཡང་ཕྱི་འབྲེད་ཀྱི་དུས་སུ་ཕྱིན་ཏེ། དེའི་གཏམ་ཐོས་པ་དང་། ཁྲག་དྲོན་མོ་སྐྱུགས་ཏེ་ཤིའོ། ། [49a.7]རྒྱལ་པོ་ཆེན་པོ་དེས་ཀྱང་ཁྱེའུ་དེ་ཚོང་དཔོན་གྱི་གོ་འཕང་ལ་བཞག་ནས། དེའི་འོག་ཏུ་ཁྱིམ་གྱི་བདེ་བ་ཉམས་སུ་མྱོང་ནས་རབ་ཏུ་བྱུང་སྟེ། དགེ་སྦྱོང་གི་འབྲས་བུའི་མཆོག་ཐོབ་པར་གྱུར་ཏོ། །བདག་ནི་ཆོས་ཀྱིས་ཡོངས་སུ་བསྐྱབས་པ་ཡིན་ཏེ། བསྟན་པའི་ཆོས་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ [49b] [49b.1]པའི་ཕྱིར། དེ་ཉིད་དུ་དེ་ལྷག་པར་ཆོས་ཀྱིས་འཇིག་རྟེན་རྗེས་སུ་གཟུང་བར་བྱེད་འདོད་པའི་བློ་སྐྱེས་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་གསུངས་པའི་ཚིགས་བཅད་འདི་དག་བསྡུ་བ་བྱས་སོ། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་ཉིད་ན་ཡིན་ཏེ། གཞན་དུ་ [49b.2]ན་གང་ཡང་བདག་གིས་བྲམ་ཟེའི་ཚོམས་བཤད་དོ་ཞེས་བྱ་བ་ནི་བཙུན་པ་དགེ་འདུན་བསྲུངས་ཀྱིས་བྲམ་ཟེའི་ཚོམས་བཤད་པ་དང་། དགའ་བོའི་མའི་མདོ་ལས་ཀྱང་ཆེད་དུ་བརྗོད་པ་ཕ་རོལ་དུ་འགྲོ་བ་ཡིན་ནོ། །སྡེ་སྣོད་ཕྲན་ཚེགས་ལས་ཀྱང་ད་ལྟར་བྱུང་བ་འདི་ཉིད་ཀྱི་རིམ་པ་བརྗོད་པར་སྣང་སྟེ། དགེ་སློང་ [49b.3]དག་འདི་ལ་ཆོས་ཤེས་པར་བྱ་བ་ནི་འདི་ལྟ་སྟེ་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པ་ལ་སོགས་པའི་གསུང་རབ་མང་པོ་ཉམས་པ་ཐོབ་པར་འགྱུར་རོ། །གལ་ཏེ་བྱེ་བྲག་ཏུ་སྨྲ་བའི་གཞུང་དང་འགལ་ལོ་ཞེ་ན། དེས་ནི་དགོངས་པ་མ་རྟོགས་པའི་ཕྱིར་སྟོན་པ་འདས་ཏེ་གསུང་རབ་ལས་བཙུན་པ་ཆོས་ [49b.4]སྐྱོབ་ཀྱིས་ཆེད་དུ་བརྗོད་པའི་ཚོམས་བྱས་པ་བཞིན་ནོ་ཞེས་བྱ་བ་གང་བྱེ་བྲག་པས་བཤད་པ་འདིའི་དོན་ནི་སྟོན་པ་འདས་པའི་གསུང་རབ་དེ་དང་དེ་དག་ལས་བསྡུས་པ་ནི་འཕགས་པ་ཀཱ་ཏྱཱ་ཡ་ནའི་བུས་ཡེ་ཤེས་ལ་འཇུག་པ་ལས་བསྡུས་པ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་ཉིད་ན་ [49b.5]བཙུན་པ་ཆོས་སྐྱོབ་ཀྱིས་ཆེད་དུ་བརྗོད་པའི་ཚོམས་ཡང་དག་པར་བསྡུས་པ་ཡིན་པའི་ཕྱིར་རོ། །དྲི་བ་གསུམ་པའི་ལན་བསྟན་པ་ནི་དེ་བཞིན་གཤེགས་པའི་གསུང་རབ་ལས་ཉེ་བར་བསྡུས་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་འཇིག་རྟེན་མ་ལུས་པ་ལ་ཐུགས་བརྩེ་བས་གདུལ་ [49b.6]བ་དག་གི་བསམ་པ་དང་བག་ལ་ཉལ་ཡོངས་སུ་མཁྱེན་པས་དེ་དང་རྗེས་སུ་མཐུན་པར་སྐྱེ་བོ་དེ་དང་དེ་དག་དང་། གང་ཟག་དེ་དང་དེ་དག་གི་དབང་དུ་མཛད་ནས་ཚིགས་བཅད་དེ་དང་དེ་གསུངས་ཏེ། དེ་ལས་ཀྱང་ཚོམས་ཀྱི་རིམ་པ་འདི་ཉིད་དུ་བསྡུས་ཤིང་གཞག་པ་ཡིན་ནོ། །ཅིའི་ཕྱིར་ཞེས་པ་དེའི་ལན་ [49b.7]ནི་བསྟན་བཅོས་ཀྱི་དགོས་པ་ངེས་པར་བརྗོད་དགོས་པའི་ཕྱིར་ཏེ། གང་དུ་ཡང་དགོས་པ་དང་བྲལ་བ་ལ་ནི་རྟོགས་པ་དང་ལྡན་པ་དག་འཇུག་པར་མི་འགྱུར་ཏེ། ཇི་སྐད་དུ་བཤད་པ། གང་ཕྱིར་བསྟན་བཅོས་ཐམས་ཅད་དམ། །ལས་ཀྱང་རུང་སྟེ་ལ་ལ་དག །ཇི་སྲིད་དགོས་པ་མ་བསྟན་པ། །དེ་ནི་དེ་ [50a] [50a.1]སྲིད་སུ་ཞིག་ལེན། །ཞེས་པའོ། །སྒྲུབ་པ་ཡང་རྣམ་པ་གཉིས་ཏེ། དད་པ་དང་ཆོས་ཀྱིས་རྗེས་སུ་འབྲང་བའི་དབྱེ་བས་སོ། །དེ་ལ་དད་པས་རྗེས་སུ་འབྲང་བ་ནི་གཞན་གྱི་དྲིང་ལ་འཇོག་ཅིང་འཇུག །རྗོད་ཅིག་ཅེས་བསྟན་ན་བརྗོད་པར་བྱ་བའི་དགོས་པ་ལ་མི་རྟོག་པ་ཉིད་དུ་ [50a.2]འཇུག་པར་འགྱུར་ཏེ། ཆོས་ཀྱིས་རྗེས་སུ་འབྲང་བ་ནི་མ་ཡིན་ནོ། །དེ་ནི་གང་གི་ཕྱིར་དགོས་པ་བརྟགས་ནས་འཇུག་པ་ཡིན་ཏེ། དོན་དང་བཅས་པ་དང་དོན་མེད་པ་མཐོང་ནས་རྩོམ་པའི་ཕྱིར་རོ། །དེ་བཞིན་དུ་ཅི་འདི་ལ་དེའི་དགོས་པ་ཐབས་དང་མཐུན་ནམ་མི་མཐུན་ཞེས་རྟོག་པའོ། །དེ་ལ་རེ་ཞིག་སྟོན་ [50a.3]པ་རྣམ་པ་གཉིས་བསྟན་པ་ལས། དང་པོའི་དགོས་པ་ནི་དངོས་པོའི་དེ་བཞིན་ཉིད་བསྟན་པའི་ཕྱིར། གདུལ་བྱ་དག་ལ་འདི་སྐད་གསུངས་ཏེ། དེ་ཡང་དེ་བཞིན་ཉིད་རྟོགས་པའི་ཕྱིར་རོ། །གང་གི་ཕྱིར་དེ་བསྟན་པ་མེད་པར་ནི་དེ་བཞིན་ཉིད་རྟོགས་པ་མེད་དེ། དམ་པའི་ཆོས་བསྟན་པའི་ལག་པ་ [50a.4]སྦྱིན་པས་སྐལ་བ་ཇི་ལྟ་བ་བཞིན་དུ་འདྲེན་པར་མཛད་པའི་ཕྱིར་རོ། །དེ་བཞིན་ཉིད་རྟོགས་པ་ཡང་མྱ་ངན་ལས་འདས་པ་ཤེས་པ་དང་རྣམ་པར་གྲོལ་བར་འགྱུར་ཞེས་པ་སྟེ། ལུང་ལས་དེ་ཉིད་ཤེས་པས་ངེས་པར་ལེགས་པ་རྟོགས་ཞེས་པའི་ཚིག་གིས་སོ། །མྱ་ངན་ལས་འདས་པ་ཡང་དགོས་པ་ [50a.5]ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་ཏེ། འབྲས་བུའི་མཐར་ཐུག་པའི་ངོ་བོ་ཡིན་པའི་ཕྱིར། ཇི་སྲིད་དུ་བཤད་པ། གང་གི་ཕྱིར་དགོས་པ་རྒྱུད་པ་འདི་ནི་མཆོག་ཏུ་མཐར་ཐུག་པ་མ་ཡིན་ནོ་ཞེས་པས་སོ། །བརྗོད་པར་བྱ་བ་ནི་ཕུང་པོ་ལྔ་དང་འདུས་མ་བྱས་གསུམ་ཡིན་ཏེ། འདི་ལྟར་ཀྱེ་མ་འདུ་བྱེད་ [50a.6]རྣམས་མི་རྟག །ཅེས་བྱ་བ་འདིས་ནི་ཕུང་པོ་ལྔ་བཤད་དོ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་བྱ་བ་འདིས་ནི་སོ་སོར་བརྟགས་པའི་འགོག་པ་ཆོས་ཐམས་ཅད་བདག་མེད་པར་མཐོང་བའི་ཤེས་རབ་སྟེ། གང་འདིས་ནི་ནམ་མཁའ་དང་སོ་སོར་མ་བརྟགས་པའི་འགོག་པ་ཡང་བརྗོད་དོ། །དེ་ལྟར་བསྟན་ [50a.7]པ་དང་དེ་ལྟར་བརྗོད་པས་ནི་བརྗོད་པ་དང་། བརྗོད་པར་བྱ་བའི་མཚན་ཉིད་འབྲེལ་བ་ཉིད་དུ་བསྟན་པ་ཡིན་ནོ། །སྡུད་པ་པོའི་དབང་དུ་བྱས་ནས་དགོས་པ་ལ་སོགས་པ་བརྗོད་པར་བྱ་སྟེ། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ལས་འབྱུང་བའི་ཚིགས་བཅད་ཀྱི་ཁྱད་པར་རྣམས་ལ་ [50b] [50b.1]རིགས་མཐུན་པའི་ཚོམས་རེ་རེར་ཉེ་བར་བཀོད་པའི་ཕྱིར་ཇི་ལྟར་ཡང་དོན་འདྲ་བ་དག་མཚོན་པར་བྱེད་པའི་ཚིགས་བཅད་ཀྱི་ཁྱད་པར་དག་གཅིག་ཏུ་བསྡུས་ཤེ་ན། དོན་འདི་ལས་བརྩམས་པ་སྟེ། ཅིའི་ཕྱིར་ཞེ་ན། བདེ་བླག་ཏུ་ཟིན་པ་དང་། སེམས་པ་ལ་མི་གཡེང་བ་དང་། སྨད་པ་མེད་པ་དང་། [50b.2]གསལ་བར་བྱ་བ་ལ་སོགས་པའི་ཕྱིར་རོ། །སྐུད་པ་ལ་བརྒྱུས་པའི་མེ་ཏོག་དང་། གཡོས་ཟིན་པའི་ཁ་ཟས་དང་། མགར་བ་མཁས་པས་བརྡུངས་པའི་རྒྱན་དང་། རྒྱུ་རྐྱེན་ཚོགས་པའི་མར་མེ་བཞིན་དུ་སྟེ་གོ་རིམས་བཞིན་ནོ། །ཇི་ལྟར་སྐུད་པ་ལ་བརྒྱུས་པའི་མེ་ཏོག་ནི་བདེ་བས་བླང་བ་དང་ལོངས་ [50b.3]སྤྱད་དུ་རུང་བ་ཡིན་ཏེ། དེ་བཞིན་དུ་ཚིགས་སུ་བཅད་པ་ཚོམས་སུ་བཀོད་པ་ཡང་ངོ་། །ཇི་ལྟར་ཡང་གཡོས་སུ་བྱས་པའི་ཁ་ཟས་དག་ལ་ལྟོས་ཤིང་མངོན་པར་འདོད་པས་བལྟས་ན་དེ་གཡེང་ཞིང་འཁྲུག་པ་མེད་པར་འགྱུར་ཏེ། དེ་བཞིན་དུ་བསྟན་པ་དང་པོ་འདྲ་བ་དག་ལ་འདུལ་བའི་སྐྱེ་བོ་སྒྲུབ་པ་ [50b.4]དག་གིས་ཚིགས་བཅད་ལེན་པ་ན་གཡེང་བ་མེད་པར་འགྱུར་རོ། །བར་ཆད་མེད་པར་འབར་བའི་མེས་ཟས་བསྒྲུབ་ཅིང་རྒྱུན་མི་འཆད་པ་འདིས་གླང་པོ་ཆེ་མ་རུང་པ་འདུལ་བ་ཡིན་ནོ། །བར་མ་ཆད་པར་གཙུབ་ཤིང་གིས་གཙུབས་ན་ནི་མེ་འབྱུང་སྟེ། དེ་ཉིད་ཀྱིས་ན་རྟག་པར་འཛིན་པའི་གདུལ་བྱ་དག་གི་ [50b.5]དོན་དུ་མི་རྟག་པའི་ཚོམས་བཀོད་པ་ཡིན་ནོ། །འདོད་པ་དག་ལ་བདེ་བར་འཛིན་ཅིང་སྦྱོར་བ་དང་ལྡན་པ་ལ་ནི་འདོད་པའི་ཚོམས་ལ་སྩོགས་པ་ཡིན་ནོ། །ཇི་ལྟར་ཡང་བཟོ་བོ་མཁས་པས་བརྡུངས་པའི་རྒྱན་ལ་ནི་དམ་པ་རྣམས་ཀྱིས་བསྔགས་པ་ཡིན་ཏེ། དེ་བཞིན་དུ་སྐྱེ་བོ་མཁས་པ་དག་གིས་ [50b.6]ཡང་དག་པར་བསྡུས་པའི་བསྟན་པ་ཡང་ངོ་། །ཇི་ལྟར་ཡང་རྒྱུ་རྐྱེན་ཚོགས་པའི་མར་མེ་ནི་ཤིན་ཏུ་འབར་བ་ཡིན་ཏེ། དེ་བཞིན་དུ་ཉེ་བར་སྦྱར་ཏེ་བསྟན་པའི་དབང་གིས་བློའི་ཁ་འབྱེད་པར་འགྱུར་རོ། །དེ་ལྟར་རིམ་པ་འདིས་བློ་དག་པར་གྱུར་ན་ནི་སྤང་བར་བྱ་བ་སྤོང་བ་དང་། བླང་བར་བྱ་བ་ལེན་ཅིང་། [50b.7]དེས་ན་བྱ་བ་བྱས་པར་འགྱུར་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །བརྗོད་པར་བྱ་བ་ནི་ཚིགས་བཅད་ཀྱི་ཚོམས་ཉེ་བར་བཀོད་པ་ཡིན་ཏེ། བརྗོད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡང་ཡིན་ནོ། །ཡང་དག་པར་ཕྱེ་བ་དང་། བརྗོད་པ་དེ་མེད་པར་མི་བཤད་པ་གསལ་བར་མི་འགྱུར་ [51a] [51a.1]ཏེ། ཇི་སྐད་དུ་བཤད་པ། ཇི་ལྟར་ལུས་འདི་མ་གཡོགས་ཀྱང་། །མགོ་ནི་རབ་ཏུ་གཡོགས་པའི་མིས། །རབ་ཏུ་གསལ་བར་མི་འགྱུར་བ། །དེ་བཞིན་བསྟན་བཅོས་ཕྱེ་སྤང་བའོ། །ཇི་ལྟར་ལུས་ལ་གོས་གྱོན་ཀྱང་། །གདོང་ནི་བཀབ་པ་མ་བྱས་མི། །ཤིན་ཏུ་ [51a.2]གསལ་བར་འགྱུར་བ་སྟེ། །དེ་བཞིན་བསྟན་བཅོས་ཕྱེ་ལྡན་པའོ། །མཚན་མོ་མར་མེ་མེད་པ་ཡི། །ཁྱིམ་ན་དཀའ་བས་སྟེན་པར་བྱེད། །དེ་བཞིན་བརྗོད་བྱ་མེད་པས་ནི། །བསྟན་བཅོས་དཀའ་བས་བསྟེན་པར་འགྱུར། །ཞེས་སོ། །དེ་སྟེ་ཅིའི་ཕྱིར་དང་པོར་མི་རྟག་པའི་ཚོམས་བཀོད་པ་ཞེས་བྱ་བ་ལ་ [51a.3]སྩོགས་པ་ཚོམས་ཀྱི་གོ་རིམས་ཀྱི་རྒྱུ་བརྗོད་པར་བྱའོ། །དགེ་བའི་རྩ་བ་ཐམས་ཅད་བསགས་པ་ལ་སྤྲོ་བའི་རྒྱུ་ཉིད་ཀྱི་ཕྱིར་དང་། དེ་ལས་མི་རྟག་པའི་འདུ་ཤེས་སྐྱེ་པའི་ཕྱིར་མི་རྟག་པ་བསྟན་ཏེ། དེ་ལ་རག་ལུས་པའི་ཕྱིར་རོ། །འདི་ལྟར་རྟག་པར་འཛིན་པ་སྔོན་དུ་འགྲོ་བས་ནི་བདག་ཏུ་ལྟའོ། །དེའི་ [51a.4]རྒྱུས་ནི་ཉོན་མོངས་པ་ཐམས་ཅད་འབྱུང་ངོ་། །ཉོན་མོངས་པའི་རྒྱུས་ནི་མི་དགེ་བ་ཐམས་ཅད་འབྱུང་ངོ་། །དེ་ལས་ནི་སྡུག་བསྔལ་གྱི་དྲ་བ་ཐམས་ཅད་རབ་ཏུ་འཕེལ་ལོ། །གང་གི་ཚེ་ཡང་མི་རྟག་པ་བསྟན་པ། ཀུན་ཏུ་མཉན་པ་དེའི་ཚེ་མི་རྟག་པའི་འདུ་ཤེས་སྐྱེ་བར་འགྱུར་རོ། །དེ་ལས་ནི་བདག་ [51a.5]མེད་པ་མཐོང་བར་འགྱུར་རོ། །དེ་ལས་ནི་འདོད་ཆགས་ལ་སོགས་པ་ཀུན་ཏུ་མི་སྤྱོད་ཅིང་དགེ་བ་སྩོགས་པར་འགྱུར་རོ། །དེ་ལས་ནི་བདེ་བ་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར་དང་པོར་མི་རྟག་པའི་ཚོམས་བཀོད་དེ། དེ་ལ་སོགས་པ་གཞན་ཡང་སྐབས་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དང་པོར་ [51a.6]བརྗོད་པར་བྱ་བ་འདི་དག་མ་ལུས་པར་བསྟན་ནས་ད་ནི་ཚིག་གི་རྣམ་པར་དབྱེ་བ་བཤད་དོ། །དེ་ལ་ཆེད་དུ་བརྗོད་པ་དགོད་པ་ལ་སྐབས་མ་ཡིན་པ་བརྗོད་པ་མི་རིགས་སོ་ཞེ་ན། དེ་ནི་སྐབས་ཉིད་དུ་འཕགས་པ་ཆོས་སྐྱོབ་ཀྱིས་བཀོད་པའི་ཚིགས་བཅད་གཉིས་ཡིན་ཏེ། དང་པོར་དེ་དགྲོལ་བར་ [51a.7]འདོད་ནས་སྨྲས་པ། རྣམ་སོལ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྩ་བ་ནི་ཆོས་མཉན་པ་ཡིན་པའི་ཕྱིར། དེའི་ཐབས་ཀྱང་དོར་བར་བྱ་བ་དང་བླང་བར་བྱ་བ་སྤང་ཞིང་བླང་བའི་ཚུལ་ཡིན་ཏེ། ཐབས་དེས་ཆོས་མཉན་པ་ལ་འཇུག་པར་བྱ་བའི་ཕྱིར་དང་པོའི་ [51b] [51b.1]ཚིགས་བཅད་བསྟན་ཏོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །ཚིག་གི་དོན་བཤད་པར་བྱ་སྟེ། རྣམ་སོལ་ལ་ཞེས་བྱ་བ་ནི་རྣམ་པར་བསལ་བར་བྱ་སྟེ། གཉེན་པོས་བསལ་བ་དང་། དོར་བ་དང་། སྤང་བ་ཉིད་དེ་རྒྱུད་ལས་རིང་དུ་ཐ་དད་པར་བྱས་པ་ཞེས་བྱ་བའི་དོན་ཏེ། སྣང་བའི་འདུ་ཤེས་ཀྱིས་ [51b.2]གཉིད་དང་རྨུགས་པ་སེལ་བར་འགྱུར་རོ་ཞེས་གསུངས་པས་སོ། །འོ་ན་བཀྲ་ཤིས་པ་ལ་སོགས་པ་ནི་བསྟན་བཅོས་དག་ལ་གསལ་བར་གྲགས་པ་ཡིན་ཏེ། དེ་བས་ན་དམ་པ་རྣམས་ཀྱི་སྤྱོད་པ་བསྟན་པའི་ཕྱིར་དང་པོར་བཀྲ་ཤིས་པའི་ཚིག་བརྗོད་པར་བྱ་བ་ཡིན་ན། རྣམ་སོལ་ལ་ཞེས་བྱ་བའི་ [51b.3]ཚིག་འདི་ནི་ཡོངས་སུ་སྤང་བའི་རྣམ་གྲངས་ཡིན་ཏེ། དེ་ནི་བསྟན་བཅོས་ཡོངས་སུ་སྤོངས་ཤིག་ཅེས་མཚོན་པར་འགྱུར་རོ་ཞེ་ན། སྨྲས་པ། འདི་ནི་ཉེས་པ་མེད་དེ། སངས་རྒྱས་ཀྱི་གསུང་ལ་ནི་སྤོང་བ་གཙོ་བོ་ཉིད་ཀྱི་ཕྱིར་དོན་གཙོ་བོར་བྱ་བ་ཡིན་པས་དེ་ཉིད་ལ་བཀྲ་ཤིས་པའི་ཚིག་ཅེས་བྱ་བ་ཉེས་པ་མེད་ [51b.4]དེ། དེའི་ཕྱིར་འདི་ལྟར་ཆོས་མཉན་པའི་ཆེད་དུ་མ་དད་པ་སྤོང་བ་ནི་བཀྲ་ཤིས་པའོ། །རབ་ཏུ་བྱུང་བས་ཁྱིམ་ན་མི་གནས་ཤིང་མཐོང་བའི་ལམ་གྱི་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་དང་། བསྒོམ་པའི་ལམ་གྱི་ཟག་པ་དང་བཅས་པ་ཐམས་ཅད་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ [51b.5]དབྱིངས་སུ་ཕྱིན་པ་ནི་འདུས་བྱས་ཐམས་ཅད་ཡོངས་སུ་གཏོང་བ་ལ་ཡང་ཤིན་ཏུ་བཀྲ་ཤིས་པའོ། །གང་གི་ཕྱིར་སྤང་བས་ནི་སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་དོ་ཞེས་ཤེས་ཏེ། དེ་ཡང་སྨྲས་པ། གཞན་དབང་ཇི་སྙེད་ཡོད་པ་དག །དེ་ནི་སྡུག་བསྔལ་བཀྲ་མི་ཤིས། །གང་གིས་ཡོངས་སུ་སྤངས་ [51b.6]པ་དེ། །དེ་ནི་རབ་ཏུ་བཀྲ་ཤིས་འདོད། །ཅེས་སོ། །ཇི་ཞིག་བསལ་ཞེ་ན། སྨྲས་པ། གཉིད་དང་རྨུགས་པ་ཞེས་བྱ་བའོ། །གཉིད་དང་རྨུགས་པ་ནི་གཉིད་རྨུགས་སོ། །ཟླས་དབྱེ་བ་ཐམས་ཅད་ལ་པ་རི་བྷཱ་ཥ་ལས་གཅིག་ཏུ་བསྡུས་པས་བྱས་སོ་ཞེས་སྨོས་པས་ཆོ་གས་གཅིག་ཏུ་བྱས་སོ། །གང་ [51b.7]གིས་བསྒོམས་ན་སེམས་དང་སེམས་ལས་བྱུང་བ་རྨུགས་པར་འགྱུར་བ་དང་བླུན་པར་འགྱུར་བ་སྟེ། དགེ་བ་བྱེད་པ་ལ་སྦྱོར་མི་བཟོད་པར་འགྱུར་བ་དེ་ནི་ཤིན་ཏུ་སྦྱངས་པའི་མི་མཐུན་པའི་ཕྱོགས་སེམས་ལས་བྱུང་བ་རྨུགས་པ་སྟེ། སེམས་བླུན་པར་བྱེད་ཅེས་པའི་དོན་ཏོ། །གང་གིས་རྣམ་པར་ [52a] [52a.1]ཤེས་པ་ཡང་འགག་པར་བྱེད་པ་དང་། ལུས་ཀྱི་གཟུངས་ཀྱི་རླུང་དེ་ནི་སེམས་ལས་བྱུང་བ་གཉིད་ཅེས་བྱ་བའི་དོན་ཏེ། འདིས་ནི་ཆོས་མཉན་པའི་བགེགས་སུ་གྱུར་པ་གཙོར་བསྟན་ཏེ་མཐོང་བར་བྱ་བ་ལ་མུན་པ་ལྟ་བུའོ། །རྨུགས་པ་ནི་ཉོན་མོངས་པའི་ས་ཆེན་པོ་བ་ཡིན་པའི་ [52a.2]ཕྱིར་གཅིག་ཏུ་ཉོན་མོངས་པ་ཉིད་ཡིན་ཏེ། དེས་ན་འདིར་བགེགས་སུ་རིགས་བཟུང་བའི་ཕྱིར་ཏེ། དེར་འདིར་དེ་ནི་བགེགས་སུ་རིགས་པ་ཡིན་ནོ། །གཉིད་ཀྱང་བགེགས་ཉིད་ཡིན་ནོ། །དེ་ནི་ཡིད་ཀྱི་ས་པ་ཡིན་པའི་ཕྱིར་གཅིག་ཏུ་ཉོན་མོངས་པ་ནི་མ་ཡིན་ཏེ། ལུང་ལས་གཉིད་ནི་དགེ་བ་དང་མི་དགེ་བར་ལུང་ [52a.3]དུ་མ་བསྟན་པས་སོ། །རྣ་བའི་རྣམ་པར་ཤེས་པས་བསྟན་པ་གཟུང་བ་ལའོ། །དང་གི་སྒྲ་ནི་མ་དད་པ་ལ་སོགས་པ་ཡོངས་སུ་གཟུང་བའི་ཕྱིར་ཏེ། དེ་དག་ཀྱང་ཆོས་མཉན་པའི་མི་མཐུན་པའི་ཕྱོགས་སོ། །དེ་ཡང་ཇི་སྐད་དུ། མ་དད་མེད་པའི་སེམས་དང་ནི། །སྡང་བའམ་འཁྲུག་པ་མེད་པ་ཡིས། །དམ་ [52a.4]ཆོས་ཤེས་པར་ནུས་པ་ཡིན། །ཞེས་གསུངས་སོ། །གཞན་དག་ནི་ལྷག་མ་དགག་པ་ཡོངས་སུ་གཟུང་བའི་ཕྱིར་རོ་ཞེས་སྟོན་ཏེ། གང་གི་ཕྱིར་འདོད་པ་ལས་འདུན་པ་ལ་སོགས་པ་དེ་ཡང་བགེགས་ཉིད་ཡིན་ཏེ། ཆོས་མཉན་པ་མཆོག་ཏུ་འཛིན་པས་ཤིན་ཏུ་སྤང་བར་བྱའོ། །སྤང་བར་བྱ་བ་བསྟན་ནས། [52a.5]བླང་བར་བྱ་བ་བཤད་པ། དགའ་བ་བསྐྱེད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚིམ་པ་དང་། ཡིད་བདེ་བ་ཁྱད་པར་དུ་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །དགའ་བར་གྱུར་ན་ནི་མཉན་པ་ལེགས་པར་ཉན་པར་འགྱུར་ཏེ། ནད་པ་ལ་སྨན་པ་ཆེན་པོས་ལུང་ཕོག་པ་བཞིན་ནོ། །ཡང་གི་སྒྲ་ནི་ཆོས་མཉན་པའི་ཡན་ [52a.6]ལག་ལྷག་མ་གཟུང་བའི་ཕྱིར་ཏེ། ཇི་སྐད་དུ་རྣམ་པ་བཅུ་དྲུག་གིས་ཆོས་མཉན་པར་བྱའོ་ཞེས་རྒྱ་ཆེར་མདོ་ལས་གསུངས་པའོ། །གཞན་དུ་ཡང་གསུངས་པ། དོན་དུ་གཉེར་བ་དང་། འཚེ་བ་མེད་པ་དང་། བརྟན་པ་དང་། གཡེང་བ་མེད་པ་དང་། མི་སྨོད་པ་དང་། ཚིག་དང་ངག་གི་ནུས་པས་ [52a.7]མི་བརྙས་པ་དང་། ཤེས་པས་ང་རྒྱལ་མེད་པ་དང་། དྲན་པ་མ་ཉམས་པ་དང་། བདག་ལ་ཕན་པར་འདོད་པས་རྣ་བླགས་ཏེ་ཉན་པ་དང་། དཔྱོད་པར་ནུས་པ་དང་། གུས་པ་དང་། མཆོད་པ་བྱེད་པ་ནི་ཆོས་རྣམ་པར་དབྱེ་བ་ཉན་པར་འོས་པ་ཡིན་ནོ་ཞེས་སོ། །གཞན་དག་ནི་ཡང་གི་སྒྲ་གཉིས་ [52b] [52b.1]སྨོས་པ་ཐ་དད་པར་བསྒྲུབ་དགོས་པས་འདིར་གཉིས་བསྟན་པ་ཡིན་ཏེ། འདི་ལྟར་གཉིད་དང་རྨུགས་པ་བསྩལ་ནས་ཡང་ཡིད་དགའ་བ་མི་འབྱུང་བ་ཡོད་དེ་གང་གི་ཕྱིར་ཡིད་སྐྱོ་བར་གྱུར་པས་གཉིད་དང་རྨུགས་པ་མེད་ཀྱང་དགའ་བ་མེད་པ་དང་། ཡིད་དགའ་བར་གྱུར་ན་ཡང་ངེས་པར་རྨུགས་པ་དང་ [52b.2]གཉིད་དང་བྲལ་བ་མ་ཡིན་པ། ཉོན་མོངས་པ་ལ་དགའ་བ་ཡང་འབྱུང་བའི་ཕྱིར་གཉི་གར་ཡང་རང་ལས་ལྟོས་པ་ཉིད་ཀྱིས་བརྗོད་པར་བྱ་སྟེ། ཇི་ལྟར་མེ་ཏོག་དང་འབྲས་བུ་གཉིས་ཁྱེར་ཏེ་ཤོག་ཅེས་བྱས་ན་གཉི་ག་ཁྱེར་ཏེ་འོང་གི་གཅིག་ཁྱེར་ཏེ་ཤོག་ཅེས་བྱས་ན་གཉིས་ཁྱེར་ཏེ་མི་འོང་བ་དེ་བཞིན་ནོ། །ཅི་ [52b.3]ཞིག་དགའ་བ་ཡིན་ཞེ་ན། ཡིད་ཅེས་བྱ་བ་སྟེ། ཡིད་ཉིད་ཡིན་པས་ཡིད་དེ་རང་གི་དོན་ཉིད་ལ་འཕེལ་བར་བྱ་བས་སེམས་ཞེས་བྱ་བའི་དོན་ཏོ། །ཡང་གསུངས་པ། མཉན་བྱའི་ཆོས་ལ་ས་དང་ནི། །ངན་སོང་གསུམ་གྱི་རྒྱུར་གྱུར་པ། །གཉིད་དང་རྨུགས་གང་བསྩལ་ནས་ནི། །ཡིད་ཀྱིས་ལེགས་ [52b.4]པར་ཡིད་ལ་བྱ། །ཡིད་ལ་ཡང་དག་དགའ་བྱས་ཤིང་། །ཆོས་སྨྲ་དག་ལ་གུས་བྱས་ཏེ། །ཚིག་ནི་ལེགས་པར་གོ་བྱས་ནས། །མཆོག་ཏུ་ཞི་བའི་རྣམ་པར་གྱིས། །ཞེས་སོ། །རྣམ་པ་གཉིས་པོ་དེ་བྱས་ནས་ཇི་ཞིག་བསྒྲུབ་ཅེ་ན། སྨྲས་པ། ཉོན་ཞེས་བྱ་བ་ཡིན་ཏེ་རྣ་གཏོད་པར་གྱིས་ཤིག་པ་སྟེ་རྣ་བའི་རྣམ་ [52b.5]པར་ཤེས་པའི་ཡུལ་དུ་གྱིས་ཤིག་པའི་དོན་ཏོ། །སུས་སྨྲས་ཤེ་ན། བདག་གིས་ཞེས་བྱ་བ་འཕགས་པ་ཆོས་སྐྱོབ་བདག་ཉིད་ཉེ་བར་སྟོན་ཏོ། །རབ་ཏུ་བཤད་པར་བྱས་ཞེས་བྱ་བ་ནི་དུས་ཕྱི་མར་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ཏེ། རབ་ཏུ་ཞེས་བྱ་བའི་སྒྲ་ལས་དུས་ཕྱི་ནས་བྱེད་པ་ཡིན་པའི་ཕྱིར་ཚ་བོ་ལྟ་བུ་སྟེ། བུ་ [52b.6]ལས་དུས་ཕྱིས་འབྱུང་བའི་ཕྱིར་རོ། །འདིར་ཡང་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱི་ནས་བདག་གིས་བཤད་པར་བྱའོ་ཞེས་པ་སྟེ། འདིས་ནི་སངས་རྒྱས་ཀྱིས་གསུངས་པ་ཉིད་དུ་མཚོན་པ་ཡིན་ནོ། །དེ་གང་ཡིན་ཞེ་ན། སྨྲས་པ། ཆེད་དུ་བརྗོད་པ་ཞེས་བྱ་བ་ཡིན་ཏེ། གཏན་དམ་པ་ཞེས་བྱ་བའི་དོན་ཏོ། །ཇི་ [52b.7]སྐད་དུ་གསུངས་པ། ཆེད་དུ་བརྗོད་པ་མཆོག་ཏུ་རྣམ་པར་འོང་བ་དང་། ཡིད་མགུ་བར་བྱེད་པའི་གཏམ་བསྟན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་གཏམ་གྱི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པ། ཆེད་དུ་བརྗོད་པ་ཡང་ཞེས་བྱ་བ་ནི་གཏམ་དེས་ཀྱང་ཞེས་བྱ་བའི་ [53a] [53a.1]དོན་ཏོ། །ཆེད་དུ་བརྗོད་པའམ་ཆེད་དུ་བརྗོད་པ་དག་ཅེས་བྱ་བའི་སྒྲ་ནི་གཉི་ག་ཡང་འགལ་བ་མེད་དེ་རྟགས་གཉི་ག་ལ་བརྟེན་པའི་སྦྱོར་བ་སྣང་བའི་ཕྱིར་རོ། །འདིར་ཡང་ཚིགས་བཅད་ཀྱི་ཁྱད་པར་སྤྱིར་བསྟན་པ་ཡིན་པས་ཆེད་དུ་བརྗོད་པ་དག་ཅེས་བྱའོ། །སངས་རྒྱས་ཀྱིས་ [53a.2]གསུངས་པའི་ཡན་ལག་བཅུ་གཉིས་ལས་འདི་ནི་ཡན་ལག་གཅིག་ཡིན་ཏེ། ཇི་སྐད་དུ་བཤད་པ། དགེ་སློང་དག་འདི་ལ་ཆོས་ཤེས་པར་གྱིས་ཤིག །འདི་ལྟ་སྟེ། མདོའི་སྡེ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྒྱ་ཆེ་བ་དག་དང་མཐུན་པར་བསྟན་པའི་ཚིག་དག་ལས་ཚིག་རྐྱང་ [53a.3]པས་སྙིང་པོའི་དོན་མདོར་བསྡུས་པ་ནི་མདོའི་སྡེ་ཡིན་ཏེ། འདི་ལྟ་སྟེ་གང་ཟག་གཅིག་འཇིག་རྟེན་དུ་སྐྱེ་བའོ། །འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་གོ་རིམས་བཞིན་དུ་དཔེར་བརྗོད་པའོ། །དབྱངས་ཀྱིས་བསྙད་པའི་སྡེ་ [53a.4]ནི་མདོའི་དོན་གྱི་རྗེས་སུ་ཡང་དག་པར་བརྗོད་ཅིང་ལྷག་པར་ཚིགས་སུ་བཅད་པ་དང་ལྡན་པ་ཡིན་ཏེ། འདི་ལྟར་ནོར་ནི་བདུན་ཡིན་ནོ་ཞེས་མདོར་བསྟན་ནས་གསུངས་པ། དད་དང་ཚུལ་ཁྲིམས་ནོར་དང་ནི། །ངོ་ཚ་ཁྲེལ་ཡོད་ལས་སྐྱེས་ནོར། །ཐོས་དང་གཏོང་བའི་ནོར་དག་དང་། །ཤེས་རབ་ནོར་ནི་ [53a.5]བདུན་པ་ཡིན། །སྐྱེས་པའམ་ཡང་ན་བུད་མེད་ཀྱང་། །གང་ལ་ནོར་ནི་ཡོད་གྱུར་པ། །དེ་ནི་ཕོངས་པ་མ་ཡིན་ཞིང་། །དེ་ཡི་འཚོ་བ་དོན་ཡོད་ཡིན། །ཞེས་པའོ། །གཞན་གྱིས་དྲིས་པར་གྱུར་ན་ཚིག་ཀྱང་རྗེས་སུ་བསྟན་པ་ལས་བྱུང་བ་དང་འབྱུང་བར་འགྱུར་བ་དང་། དེ་ལྟར་རྗེས་སུ་བསྟན་པ་ནི་ [53a.6]ལུང་དུ་བསྟན་པ་སྟེ། འདི་ལྟ་སྟེ་དཔེར་ན་ལུང་དུ་བསྟན་པ་རྣམ་པ་བཞི་པོ་མགོ་གཅིག་ཏུ་ལུང་དུ་བསྟན་པ་ལ་སོགས་པའོ། །དེ་ཡང་། ཚུལ་ནི་ཇི་སྲིད་རྒལ་ན་བཟང་། །འདས་པའི་དུས་ན་རྣམ་པར་གཟིགས། །ཞེས་བྱ་བའི་དེ་བཞིན་གཤེགས་པ་བྱུང་བ་དང་། མ་འོངས་པ་ན་ནི་བྱམས་པ་ཞེས་ [53a.7]བྱ་བ་དང་། ད་ལྟར་གྱི་ཀུན་དགའ་བོ་སོང་ལ་དགེ་སློང་འདིའི་གནས་མལ་ཆེན་པོ་ཤོམས་ལ་མེ་ཏོག་དང་། བདུག་པ་དང་། ལྡ་ལྡི་ལ་སོགས་པས་བརྒྱན་པར་གྱིས་ཤིག །གང་གི་ཕྱིར་དེ་ནི་འདི་ཉིད་ཀྱི་ནུབ་མོ་ལ་དགྲ་བཅོམ་པ་ཐོབ་པར་འགྱུར་རོ་ཞེས་པའི་རིམ་པས་བསྟན་པ་ཡིན་ནོ། །སྔ་མ་དང་ [53b] [53b.1]འབྲེལ་པ་ལས་བསྟོད་པའི་ཚིག་གི་སྦྱོར་བ་དང་ལྡན་པ་ནི་ཚིགས་སུ་བཅད་པ་སྟེ། འདི་ལྟར་གསལ་རྒྱལ་གྱི་ཚིགས་སུ་བཅད་པ་དང་། བྲག་གུའི་ཚིགས་སུ་བཅད་པ་ལ་སོགས་པ་སྟེ། རྐང་པ་གསུམ་དང་། བཞི་དང་། ལྔ་དང་། དྲུག་གི་རྣམ་པས་བསྟན་པའོ། །གང་ཟག་ལ་ལ་དག་བསྟན་པ་ལ་ [53b.2]གནས་པ་ཁོ་ནའི་ཕྱིར་ཀུན་དུ་བསྟན་པ་དང་དགའ་བ་དང་སྤྲོ་བ་ལ་ལྟོས་ནས་རབ་ཏུ་བསྟན་པ་ནི་ཆེད་དུ་བརྗོད་པ་སྟེ། དཔེར་ན་གླང་པོ་འདིའི་གླང་པོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མངོན་པར་བརྗོད་པའི་གནས་སྐབས་ཀྱི་ཚིག་ནི་གླེང་གཞི་སྟེ་གཞི་འདི་དང་འབྲེལ་པ་ཞེས་བྱ་བའི་དོན་ནོ། །དེ་ཡང་ཕལ་ [53b.3]ཆེར་འདུལ་བ་དང་རྗེས་སུ་འབྲེལ་པ་དང་། དེའི་གླེང་གཞིར་རབ་ཏུ་འབྱུང་བའི་ཕྱིར་རོ། །དོན་གཞན་རྟོགས་པའི་ཕྱིར་གཞན་གྱི་སྤྱོད་པ་བསྟན་ཅིང་དཔེ་རྒྱ་ཆེར་བརྗོད་པ་དག་ནི་རྟོགས་པ་བརྗོད་པ་སྟེ། དཔེར་ན་པྲ་ཡ་ན་དང་། རིང་པོ་ལེན་དང་། མ་ག་དྷཱ་བཟང་མོའི་རྟོགས་པ་བརྗོད་པ་ལྟ་བུ་དག་གོ། །ཕན་ཚུན་ [53b.4]བརྒྱུད་དེ་འོངས་ནས་བཤད་པའི་སྐྱེས་བུའི་གཏམ་ནི་དེ་ལྟ་བུ་འབྱུང་བ་སྟེ། འདི་ལྟར་བུ་མོ་བདུན་གྱི་རྟོགས་པ་བརྗོད་པ་ལ་སོགས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྔོན་གྱི་སྐྱེས་བུ་ཀུན་དུ་བརྗོད་པ་ནི་སྐྱེས་པའི་རབས་ཏེ། འདི་ལྟ་སྟེ། ཐམས་ཅད་སྒྲོལ་དང་དྲེད་དང་རི་དྭགས་ལ་སོགས་པའི་སྐྱེས་པའི་རབས་ [53b.5]སོ། །ཆོས་ཀྱི་གཏམ་གྱི་དབྱེ་བ་དང་ལྡན་པ་རྒྱ་ཆེར་བསྟན་པ་ནི་ཤིན་ཏུ་རྒྱས་པ་སྟེ། འདི་ལྟར་ལྔ་དང་། གསུམ་དང་། སྒྱུ་མ་དང་། དྲ་བ་དང་། འཁོར་ལོ་དང་། དྲི་བ་དྲུག་དང་། ཁམས་ཀྱི་དབྱེ་བ་དག་གོ། །དཀོན་མཆོག་གསུམ་གྱི་ལྷག་པའི་ཁྱད་པར་གསལ་བར་བྱེད་ [53b.6]པ་ནི་རྨད་དུ་བྱུང་བའི་ཆོས་ཏེ་འཇིག་རྟེན་ན་རབ་ཏུ་མི་སྤྱོད་པ་ཡོངས་སུ་རྫོགས་པ་སྟེ། འདི་ལྟ་སྟེ། རྨད་དུ་བྱུང་བ་འདུས་པ་ལ་སོགས་པའོ། །མདོ་ལ་སོགས་པ་རྣམས་ཀྱི་དོན་རྣམ་པར་འགྲེལ་ཅིང་མིང་གི་ལན་བརྗོད་པ་ཉེ་བར་སྟོན་པ་ནི་གཏན་ལ་བབ་པར་བསྟན་པ་སྟེ། འདི་ལྟ་སྟེ། འཇིག་རྟེན་པའི་ཆོས་ཀྱི་ [53b.7]མཆོག་གང་གིས་འདི་བརྗོད་ཅེས་བྱ་བ་ལ་སོགས་པའོ། །དེས་ན་དེ་ཉིད་ཀྱི་ཕྱིར་འདི་ནི་གསུང་རབ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་བུའི་མ་ལྟ་བུ་ཡིན་པས་མ་མོ་ཞེས་བརྗོད་དོ། །ཆོས་ཀྱི་མཚན་ཉིད་མངོན་སུམ་དུ་གྱུར་པའི་ཕྱིར་དང་། ཕྱིན་ཅི་མ་ལོག་པའི་ཆོས་གསལ་བར་བྱེད་པའི་ཕྱིར་ན་མངོན་ [54a] [54a.1]པའི་ཆོས་སོ། །གསུང་རབ་ཀྱི་ཚིག་བཅུ་གཉིས་མངོན་པར་བསྡུ་ན་ནི་སྡེ་སྣོད་གསུམ་ཞེས་བརྗོད་དོ། །བསྟན་པ་ཤས་ཆེ་བའི་ཕྱིར་དེ་ལས་གཞན་པའི་གསུང་རབ་ཀྱི་ཚིག་གི་ཡན་ལག་དང་འདྲེས་ན་ཡང་ཆེད་དུ་བརྗོད་པ་ཞེས་བྱ་བའི་མིང་དུ་མི་རུང་བ་ཉིད་མ་ཡིན་ཏེ། མོན་སྲན་ [54a.2]གྲེའུ་ལ་སོགས་པ་དང་འབྲུའི་ཚོགས་འདྲེས་ན་ཡང་མིང་བརྗོད་པ་དེ་བཞིན་ནོ། །འདིར་བརྗོད་པར་བྱ་བ་ནི་གང་ཞིག་ཡིན། གང་གིས་ནི་འདི་གསུངས་ཤིང་གང་གིས་མཉན་པར་བྱ་བའི་ཕྱིར། འདི་སྐད་དུ་བཤད་པ་ཡིན་ཞེ་ན། བཤད་པ་རྒྱལ་བས་གསུངས་པ་ཞེས་བྱ་བ་འདི་ལྟ་སྟེ། སངས་རྒྱས་ [54a.3]ཐམས་ཅད་ཀྱིས་གསུངས་པའོ། །བདུད་བཞི་ལས་རྣམ་པར་རྒྱལ་བས་རྒྱལ་བ་སྟེ། བདེ་བར་གཤེགས་པ་རྒྱལ་བས་གསུངས་པ་ནི་གསུམ་པའི་བསྡུ་བའོ། །རྒྱལ་བས་ཆེད་དུ་བརྗོད་པ་དག་ཅེས་ཁ་ཅིག་ཏུ་བརྗོད་དོ། །མང་པོའི་ཚིག་དང་གཅིག་གི་ཚིག་ཏུ་བརྗོད་པ་ཐ་དད་པ་གཉི་ག་ལ་ཡང་ [54a.4]འདིར་ཉེས་པ་མེད་དོ། །འོ་ན་ཉན་ཐོས་ཀྱིས་བཤད་པ་ཡང་འདི་ན་ཡོད་དེ། གང་གི་ཚུལ་གྱིས་བསྡུས་པ་ལ་སོགས་པ་སྟེ། འཕགས་པ་ལན་ཚྭ་བཟང་པོས་བཤད་པ་དང་། སོ་སོའི་སྐྱེ་བོས་བཤད་པ་ཡང་ཡོད་དེ། གསེར་གྱི་རི་བོས་ཞེས་བྱ་བ་ལ་སོགས་པ་ང་ལས་ནུས་བཤད་པའི་ཕྱིར་ཏེ། དེ་ཇི་ [54a.5]ལྟ་བུ་གཅིག་ཏུ་རྒྱལ་བས་གསུངས་ཤེ་ན། སྨྲས་པ། སྔོན་སངས་རྒྱས་ཀྱིས་བཤད་པའི་ཕྱིར་ཏེ། འདི་ལྟར་དྲུག་ཅུ་པའི་བདག་པོ་རྒྱལ་མོའི་ཚིགས་སུ་བཅད་པ་སྔར་སངས་རྒྱས་ཀྱིས་གསུངས་པ་འདི་ཡང་གནོད་སྦྱིན་དབྱིག་གི་མིག་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་གཉིས་ཀྱིས་ཕུད་པ་ལྟ་བུའོ། ། [54a.6]ཚིག་དང་ཡི་གེ་ལ་སོགས་པ་ཇི་ལྟ་བུས་འདི་བཀོད་ཅིང་བསྟན་པ་དང་། རྒྱལ་བ་ཡང་ཇི་ལྟ་བུ་ཡིན་པ་དེ་སྨྲས་པ། ཐམས་ཅད་མཁྱེན་པ་སྟོན་པ་པོ། །ཞེས་བྱ་བ་ལ་སོགས་པ་སྟེ། ཆེད་དུ་བརྗོད་པའི་ཚོམས་འདི་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྟགས་གཉི་ག་ཡིན་པའི་ཕྱིར་འདི་ནི་ཆེད་དུ་བརྗོད་ [54a.7]པའམ་ཆེད་དུ་བརྗོད་པ་དག་ཅེས་བྱ་བ་ནི་འགལ་བ་མེད་པར་སྔར་བསྟན་ཏོ། །མི་ལྷག་པར་དང་མི་ཉུང་བའི་ཡི་གེ་ལ་སོགས་པ་བཀོད་པས་ཇི་ལྟར་སྟོན་པས་བསྟན་པ་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་རབ་ཏུ་བཤད་པར་བྱའོ་ཞེས་པའི་དོན་ཏོ། །གསུངས་པ་ནི་བསྟན་པ་དང་བཤད་པའི་བར་དུའོ། །འདིས་ནི་ [54b] [54b.1]བཅོམ་ལྡན་འདས་རྟག་ཏུ་མཉམ་པར་གཞག་པའི་ཕྱིར་སྐྱེ་དགུ་དག་ལ་ཉེ་བར་གནས་པ་ཙམ་གྱིས་རེས་འགའ་མི་སྟོན་ཅིང་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སྟོན་པ་ཡིན་ཏེ། ཇི་ལྟར་རྩིག་པ་ལ་སོགས་པ་ལས་སྟོན་པ་ཡིན་ནོ་ཞེས་རྒོལ་བ་འདིས་གསལ་ཏེ། ཚིག་ནི་ཕྱིའི་སྡུག་བསྔལ་ཉིད་ས་ [54b.2]བོན་ཡིན་པའི་ཕྱིར་དང་། མཉམ་པར་གཞག་པ་ཡང་སེམས་ནང་དུ་བལྟས་པ་ཡང་ཡིན་ཏེ། རང་གི་ས་བོན་སྤངས་པ་སྟེ། མེད་པའམ་ས་བོན་གཞན་ལས་འབྲས་བུ་སྐྱེ་བར་མི་འདོད་དོ་ཞེ་ན། རྣམ་པར་རིག་བྱེད་ཀྱང་མཉམ་པར་གཞག་པའི་སེམས་ཀྱིས་འབྲས་བུ་མངོན་སུམ་གྱིས་རྗེས་སུ་ [54b.3]མྱོང་བ་ཡིན་པའི་ཕྱིར་མེའི་འབྲས་བུ་དུ་བ་བཞིན་དུ་དེ་ལ་གང་ན་ཡང་འཁྲུལ་པ་མེད་དོ། །ཉེས་པ་རྣམ་པ་དྲུག་གི་དངོས་པོ་དང་ལྡན་ན་ནི་ཕྱིན་ཅི་མ་ལོག་པའི་དོན་བཤད་པར་ནུས་པ་མི་སྲིད་དེ། འདི་ལྟ་སྟེ་ཀུན་ནས་ཉོན་མོངས་པ་དང་ལྡན་པ་དང་། ཅི་ཡང་མི་ཤེས་པ་དང་། ལེ་ལོ་དང་། སྙིང་རྗེ་མེད་ [54b.4]པ་དང་། མི་བརྟན་པ་དང་། དུས་ཀྱི་མཐའ་རིང་བར་འདོད་པ་ཡིན་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པ་དང་ལྡན་པ་ལས་ནི་གང་ལ་རྗེས་སུ་ཆགས་པས་བུ་ལ་སོགས་པ་དེ་ཉིད་ལ་ནི་ཕྱིན་ཅི་མ་ལོག་པར་སྟོན་ལ། གང་དག་ལ་ནི་མི་སྟོན་པའོ། །འདོད་ཆགས་དང་བྲལ་བ་ཡིན་ན་ཡང་གང་ཤེས་པ་དེ་ [54b.5]ཉིད་ཀྱིས་ནི་བསྟན་པར་བྱའི། གང་མི་ཤེས་པ་དེས་ནི་ཇི་ལྟར་བསྟན་པར་བྱ་སྟེ། འཕགས་པ་མཽད་གལ་གྱི་བུ་ཆེན་པོའི་སློབ་མ་གཉིས་ཇི་ལྟར་ཕྱིན་ཅི་ལོག་ཏུ་བསྟན་པའི་དཔེ་འདིར་བརྗོད་དོ། །སྤྲོ་བ་མེད་པས་ནི་གང་དུ་རྗེས་སུ་མ་ཆགས་ཤིང་ཤེས་པར་གྱུར་ན་ཡང་དེས་བསྟན་པར་མི་ནུས་སོ། ། [54b.6]སྙིང་རྗེ་མེད་པའི་ཕྱིར་སྤྲོ་བ་ལ་སོགས་པ་དང་ལྡན་ཡང་ཇི་སྲིད་དུ་འདི་དག་རྨོངས་པ་དེ་སྲིད་དུ་མཆོག་ཡིན་ནོ་ཞེས་འདི་དག་ལ་སྟོན་པར་མི་བྱེད་དོ། །མི་བསྟན་པས་ནི་བསྟན་པ་ལ་ཞུགས་པར་བྱས་པའི་འོག་ཏུ་ཕྱེད་ཙམ་མི་བསྟན་ནས་ལྷག་མ་གཞན་དག་ཏུ་འཇུག་པའོ། །དུས་རིང་བ་ནི་དུས་མང་པོར་ [54b.7]བདག་འདི་ཉིད་དུ་གནས་པས་གཞན་བསྟན་པར་བྱའོ་ཞེས་སྨྲ་ཞིང་དེ་བཞིན་ཉིད་མི་སྟོན་པ་སྟེ། དེ་བཞིན་ཉིད་སྟོན་པའི་བར་ཆད་ནི་དྲུག་པོ་འདི་དག་གོ། །བཅོམ་ལྡན་འདས་ལ་ནི་འདི་དག་མི་མངའ་སྟེ། དེས་ན་གང་དེས་གསུངས་པ་མ་ལུས་ཤིང་ཕྱིན་ཅི་མ་ལོག་པར་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱང་འཇིག་ [55a] [55a.1]རྟེན་ན་སྟོན་པའི་གཙོ་བོ་ཡིན་ནོ་ཞེས་ཚིགས་བཅད་འདིའི་དོན་གྱིས་བསྟན་པའོ། །བདག་གིས་ཆེད་དུ་བརྗོད་པའི་རྣམ་པ་འདི་གསུངས་ཤེ་ན། སྨྲས་པ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་འདི་ལྟ་སྟེ། སྔར་བསྟན་པའི་ཉེས་པ་དེ་དག་རྒྱལ་བ་ལ་མི་མངའ་བར་སྟོན་ཏོ། ། [55a.2]ཉོན་མོངས་པ་བཅོམ་པ་དང་ལྡན་པས་བཅོམ་ལྡན་འདས་ཏེ། ཇི་སྐད་དུ་གསུངས་པ། འདོད་ཆགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་བཅོམ་པའི་འདྲེན་པ་སྟེ། །སྡིག་པ་བཅོམ་པ་གང་ཡིན་པ། །དེ་ནི་བཅོམ་ལྡན་འདི་ཡིན་ནོ། །ཞེས་པ་སྟེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ཡང་བག་ [55a.3]ཆགས་དང་བག་ལ་ཉལ་རྩ་ནས་སྤངས་པ་ཡིན་ཏེ། འདི་ལ་ཉོན་མོངས་པ་ཟད་པ་མེད་པའོ། །བླ་མ་ལ་སོགས་པ་ལ་བརྟན་པས་ཉོན་མོངས་པ་བསྩལ་བ་ཡིན་ཏེ། ཇི་སྲིད་འཚོའི་བར་དུ་རབ་ཏུ་བྱུང་བ་ཡོངས་སུ་བསྲུང་བར་མཐོང་བའི་ཕྱིར་ཏེ། གང་དག་ལ་ཡང་ཐབས་གང་གིས་དུས་ཉུང་ཟད་ལ་ཀུན་དུ་ [55a.4]སྤྱོད་པ་མ་ཡིན་པ་མེད་དེ་གཏན་དུ་ཀུན་དུ་སྤྱོད་པ་ཡང་དེ་རྣམས་ལ་ཡང་དག་པར་འབྱུང་བ་ནི་མར་མེ་ལྟ་བུ་སྟེ། གང་གི་ཕྱིར་མར་མེ་ནི་དུས་ཇི་ལྟར་དུ་རྩིག་པ་དང་སྣམ་བུ་དང་ལོ་མ་ལ་སོགས་པས་དེ་ལྟར་བསྩལ་ན་མི་ནུས་ཏེ། ཇི་ལྟར་བར་ཆད་ཅན་དག་ལ་ནི་མངོན་པར་མི་གསལ་བ་ཡིན་ནོ། །དེ་ཡང་ [55a.5]གཏན་དུ་བྲལ་བར་གྲུབ་སྟེ། འདི་ལྟར་འདོད་ཆགས་ལ་སོགས་པ་དང་གཏན་དུ་བྲལ་བར་གྲུབ་པ་ཡིན་ན། གཞན་ངན་སོང་དུ་སྐྱེ་བ་ལ་སོགས་པ་འདི་དག་ནི་ངེས་པར་མི་འབྱུང་ངོ་། །དེ་ཡང་གཉེན་པོ་དང་བཅས་པའི་ཕྱོགས་ཡིན་པའི་ཕྱིར་ས་བོན་བཞིན་ཏེ། འདི་ལྟར་མྱུ་གུ་སྐྱེ་བར་ནུས་པའི་ས་ [55a.6]བོན་མི་མཐུན་པའི་ཕྱོགས་མེས་ཚིག་པར་གྱུར་ན་ཐལ་བར་འགྱུར་ཞིང་ཉམས་སོ། །དེ་བཞིན་དུ་འཁོར་བའི་མྱུ་གུ་འབྱུང་ཞིང་སྐྱེ་བར་ནུས་པ་འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དག་བདག་མེད་པ་མཐོང་བ་དང་འབྲེལ་པར་གྱུར་ན་རྩ་བ་དང་བཅས་པར་ [55a.7]འགྱུར་ཏེ། དེ་ཡང་གསུངས་པ། ཕྱིན་ཅི་ལོག་གིས་འཁོར་བ་ནི། །རླུང་གིས་སྤྲིན་གྱི་ཚོགས་བཞིན་དུ། །འཁོར་བར་འགྱུར་ཏེ་མི་རྟག་བློས། །དེ་ལས་ལོག་ན་དེ་ལས་གྲོལ། །ཞེས་སོ། །སོ་སོའི་སྐྱེ་བོའི་སེམས་དྲི་མ་དང་བཅས་པ་ཡང་གསེར་ལ་སོགས་པ་བཞིན་དུ་དག་པར་འགྱུར་ཏེ། འདི་ [55b] [55b.1]ལྟར་གསེར་དང་གོས་དང་ཁར་སྣོད་ལ་སོགས་པ་དྲི་མ་དང་ལྡན་པ་རྣམས་ནི་མེ་དང་ཆུ་དང་ཐལ་བ་ལ་སོགས་པས་ཡོངས་སུ་དག་པར་འགྱུར་རོ། །དེ་བཞིན་དུ་སོ་སོའི་སྐྱེ་བོའི་སེམས་ཀྱང་རྗེས་སུ་མཐུན་པའི་གཉེན་པོས་སེམས་དྲི་མ་མེད་པ་སྟེ། ཉོན་མོངས་པ་ཉིད་ཀྱིའོ། །གལ་ཏེ་དེ་ནི་མི་འགྲུབ་པོ་ཞེ་ [55b.2]ན། ཚད་མས་གྲུབ་པའི་ཕྱིར་རྩོད་པ་མེད་དེ་གང་གི་ཕྱིར་དེ་ལ་རེ་ཞིག་རང་གི་རྒྱུད་ལ་ནི་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། རང་རིག་པའི་ཕྱིར་སེམས་བཞིན་ནོ། །གཞན་གྱི་རྒྱུད་ལ་ཡང་རྗེས་སུ་དཔག་པར་གྲུབ་པ་ཡིན་ནོ། །དེའི་འབྲས་བུ་མཐོང་བའི་ཕྱིར་མེ་བཞིན་ནོ། །གང་གི་ཕྱིར་དེ་རྣམས་ཀྱི་ནང་གི་རབ་ཏུ་གྲུབ་ [55b.3]པ་ནི་ལུས་ལ་སོགས་པའི་ཉེས་པར་སྤྱོད་པའི་མཚན་ཉིད་ཀྱི་འབྲས་བུ་སྣང་བ་ཡིན་ལ། ཉོན་མོངས་པ་མེད་པ་རྣམས་ལ་ནི་དེ་མེད་པའི་ཕྱིར་ཏེ། ཡང་སྨྲས་པ། འདོད་ཆགས་སོགས་འབྲས་མངོན་སུམ་གྱིས། །བདག་དང་གཞན་ལ་བརྟག་པ་ནི། །རྟགས་དང་རྟགས་ཅན་དུ་བ་ལས། །ལྐོག་ཏུ་གྱུར་པ་མེ་ [55b.4]བཞིན་གནས། །ཞེས་སོ། །འདིར་ཐམས་ཅད་དུ་ཡང་ལུང་ཡིན་ཏེ། སེམས་ཅན་རྣམས་ནི་མ་རིག་པས་བསྒྲིབས་པས་སྲིད་པ་ཡང་དག་པར་སྦྱོར་བ་ཡིན་ཏེ། སྲེད་པས་སྐྱེས་བུ་སྐྱེ་བར་འགྱུར་རོ། །འཆིང་བ་ནི་གསུམ་སྟེ། འདོད་ཆགས་ནི་འཆིང་བའོ། །བཅིངས་པ་ཉིད་ཀྱིས་འཆིང་བའོ། ། [55b.5]བཅིངས་པ་ཉིད་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་དུ་འགྲོ་བའོ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཀྱི་ཁྱད་པར་འདི་ཉིད་ནི་འདོད་ཆགས་ལ་སོགས་པ་ཉིད་ཡིན་ནོ་ཞེས་ཤེས་པར་མི་རུང་སྟེ། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་ [55b.6]བཞིན་དུ་ཤེས་སོ་ཞེས་མདོ་གཞན་དག་ལས་གསུངས་པའི་ཕྱིར་སེམས་དང་སེམས་ལྷན་ཅིག་སྐྱེ་བ་ནི་མི་རུང་སྟེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་རེ་རེས་འཇུག་སྟེ། གཉིས་པ་ནི་དེ་མ་ཐག་པའི་རྐྱེན་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་ལུང་ལས་བསྟན་པའི་ཕྱིར་རོ། །བདག་ཉིད་ཀྱིས་འདི་ [55b.7]རྗེས་སུ་མྱོང་ངོ་ཞེས་དྲན་པ་དང་ངོ་ཞེས་པ་ལ་སོགས་པ་ཉམས་པར་ཐལ་བར་འགྱུར་རོ། །ལྷ་སྦྱིན་གྱིས་རྗེས་སུ་མྱོང་ན་མཆོད་སྦྱིན་གྱིས་ཡང་དག་པར་དྲན་པ་ལ་སོགས་པ་ནི་ཚོགས་པ་དང་མི་ལྡན་པའི་ཕྱིར་རོ། །གཞུང་མངས་ཀྱིས་དོགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་བྱ་བ་ནི་ [56a] [56a.1]ཡང་མི་བཤད་དེ་གཞག་གོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་ཐམས་ཅད་ལུས་པ་མེད་པ་མངོན་སུམ་དུ་གནས་པ་བཞིན་དུ་གསལ་བར་མཁྱེན་པའི་ཕྱིར་ཐམས་ཅད་མཁྱེན་པ་སྟེ། དུས་གསུམ་དང་འདུས་མ་བྱས་གསུམ་ཇི་ལྟ་བ་བཞིན་དུ་རིག་ཅེས་བྱ་བའི་དོན་ཏོ། ། [56a.2]དེས་ན་འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཉིད་ཀྱང་རིགས་པ་དང་ལུང་གིས་གྲུབ་པ་ཡིན་ཏེ། དེ་ལ་ལུང་ནི་དགེ་སློང་དག་ད་ནི་ཐམས་ཅད་མཁྱེན་པའོ། །ཐམས་ཅད་གཟིགས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་མི་མཁྱེན་པའམ་མི་གཟིགས་པའམ། མི་ [56a.3]རིག་པའམ་རྣམ་པར་མི་མཁྱེན་པ་མི་མངའོ། །གང་གི་ཕྱིར་སངས་རྒྱས་ཀྱིས་ནི་འདས་པ་ཡང་གཟིགས་སོ། །དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བ་ཡང་གཟིགས་སོ། །དེས་ན་འདུས་བྱས་རྣམས་འཇིག་པའི་ཆོས་ཅན་དུ་གཟིགས་སོ་ཞེས་བྱ་བ་ལ་སོགས་པའོ། །རིགས་པའང་རང་ [56a.4]དང་འབྲེལ་པ་མེད་པ་རྣམ་པར་བཟློག་ཅིང་རྒྱས་པ་སྟེ། ཡེ་ཤེས་གཉེན་པོ་དང་བཅས་པ་ཡིན་པའི་ཕྱིར་མེ་བཞིན་ནོ། །དེ་ནི་བུད་ཤིང་མེད་པའི་ཕྱིར་རྣམ་པར་ལོག་པ་ཡིན་ལ། དེ་བཞིན་དུ་ཡེ་ཤེས་ཀྱང་ཤེས་བྱ་མེད་པའི་ཕྱིར་རོ། །འོན་ཀྱང་ཇི་སྲིད་དུ་ཕྱོགས་སྒྲིབ་གཡོགས་དང་བཅས་པ་ནི་མུན་པས་ [56a.5]ཁྱབ་པ་ཡིན་ཏེ། དེ་སྲིད་དུ་སྣང་བས་ཁྱབ་པ་མེད་དོ། །དེ་བཞིན་དུ་སྲོག་ཆགས་མ་ལུས་པའི་དངོས་པོ་གཏི་མུག་གིས་ཁྱབ་པ་ཡིན་ལ་དེ་ཡང་ཡེ་ཤེས་ཀྱི་རྒྱུད་གཅིག་ལ་གནས་པས་ཁྱབ་པར་བྱེད་པ་ཡིན་ཏེ། དངོས་པོ་མ་ལུས་པ་ལ་ཁྱབ་པར་བྱེད་པའི་ཡེ་ཤེས་གང་ལ་ཡོད་པ་དེ་ནི་ཐམས་ཅད་མཁྱེན་ [56a.6]པའོ། །དྲི་མ་མ་ལུས་དང་བྲལ་བའི་མིག་གིས་ལྟ་བར་འདོད་པར་འགྱུར་ལ། ཡུལ་དག་ལ་བར་ཆད་མེད་པའི་ཕྱིར་དངོས་པོ་མ་ལུས་པའི་ཡུལ་དུ་གྱུར་པའི་ཡེ་ཤེས་རང་བཞིན་གྱིས་གྲུབ་པ་ཡིན་ནོ། །ཡེ་ཤེས་ཀྱི་རབ་ཏུ་དང་ལྷག་པར་གྱི་རིམ་པའི་དབྱེ་བས་འཕེལ་བར་སྣང་བའི་ཕྱིར་ཡང་ཐམས་ཅད་མཁྱེན་ [56a.7]པས་རིག་པ་ཡིན་ནོ། །དངོས་པོ་འཕེལ་བ་ཡོད་ན་དེ་དང་རྗེས་སུ་མཐུན་པའི་ཚོགས་འབྱུང་བ་ཡིན་པས་ལས་ཀྱང་ཤིན་ཏུ་མཐར་ཐུག་པ་ཐོབ་པ་ཡིན་ཏེ་མེ་བཞིན་ནོ། །གང་གི་ཕྱིར་དེ་ནི་ལྷག་པར་ཤས་ཆེ་བར་གྱུར་ན་སྲིད་པ་གསུམ་ཟད་པར་བྱེད་པར་འགྱུར་བའི་སྐབས་ཡོད་དེ་འཇིག་པའི་སྐལ་བ་ནའོ། །དེ་བཞིན་ [56b] [56b.1]དུ་ཡེ་ཤེས་ཀྱང་དངོས་པོ་མ་ལུས་པའི་དོན་རྟོགས་ནུས་པའི་གནས་སྐབས་ཐོབ་པ་ཡང་རིག་པ་ཉིད་དོ། །ཐམས་ཅད་མཁྱེན་པ་ཉིད་གྲུབ་པ་ཡིན་ན་དེ་ལྟ་ན་ནི་སེར་སྐྱ་དང་རྐང་མིག་ཅན་ལ་སོགས་པ་ཡང་ཐམས་ཅད་མཁྱེན་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་ངེས་པར་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། [56b.2]བདག་དང་བདག་གིར་བྱེད་པ་མ་སྤངས་པས་སོ། །དེ་ནི་འདོད་ཆགས་ལ་སོགས་པ་སྐྱེ་བའི་རྩ་བ་ཡིན་ཏེ། གང་གི་ཕྱིར་དངོས་པོ་ཇི་ལྟ་བ་བཞིན་དུ་ཤེས་པར་མ་གྱུར་པའི་ཕྱིར་ཀུན་དུ་རྨོངས་པ་ཡིན་ཏེ། དེ་ལས་ནི་བདག་ཏུ་འཛིན་པ་འབྱུང་ངོ་། །དེ་ལས་ནི་བདག་གིར་འཛིན་པ་འབྱུང་ལ། དེ་ལས་བདག་ལ་ [56b.3]སོགས་པར་སྲེད་པ་འབྱུང་ངོ་། །དེ་དང་རྗེས་སུ་མི་མཐུན་པ་ལས་ནི་ཞེ་སྡང་འབྱུང་ལ། དེ་ལས་ནི་ང་རྒྱལ་ལ་སོགས་པའོ། །བདག་ཏུ་ལྟ་བ་རྣམས་ཀྱིས་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྤངས་པ་མ་ཡིན་ཏེ། ཉོན་མོངས་པས་སེམས་དྲི་མ་ཅན་དུ་བྱས་པ་ལ་ནི་ཐམས་ཅད་དུ་ཐོགས་པ་མེད་པའི་ [56b.4]ཡེ་ཤེས་དེ་ག་ལ་ཞིག་ཡོད་པས་སོ། །ཤེས་པ་ནི་ཡུལ་མཐའ་དག་མེད་པ་ཡིན་ནོ་ཞེས་རྣལ་འབྱོར་སྤྱོད་པ་དག་སྨྲ་སྟེ། དེ་ནི་འདི་ལྟར་བབ་ཅོལ་ཡིན་ཏེ། གང་ལྷག་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཕྱིར་འབྲས་བུ་ཁྱད་པར་ཅན་དེ་ཡང་ཡང་དག་པར་འཐོབ་པ་ཡིན་ཏེ། ཐུབ་པ་ [56b.5]མཆོག་གིས་ནི་ཤིང་དང་བོང་པར་མཉམ་པ་ཉིད་དུ་རྣམ་པར་གནས་པར་བསྟན་ཏོ། །འདིར་ཡང་སྨྲས་པ། བདག་ནི་ཡ་མཚན་ཅན་མི་བསྟེན། །ཐམས་ཅད་མཁྱེན་པ་སྐྱབས་སུ་འགྲོ། །གང་ཞིག་ཅུང་ཟད་མི་ཤེས་ཉིད། །ཐམས་ཅད་མཁྱེན་པ་ཇི་ལྟར་འཐོབ། །འདོད་ཆགས་ལ་སོགས་པའི་གཉེན་པོའི་ [56b.6]དངོས་པོ་བཏང་སྙོམས་པའི་བབ་ཅོལ་དང་འདྲ་བར་འགྱུར་ཏེ། དེའི་ཡང་བག་ལ་ཉལ་ནི་སྤངས་པར་ངེས་པ་ཡིན་པས་གང་དུ་ཞེས་བྱ་བ་ལ་སོགས་པས་ངེས་པར་བྱ་བ་ཡིན་ཏེ། རྒྱལ་བ་འདིའི་ཐུགས་ཀྱིས་དེ་བཞིན་ཉིད་མ་ལུས་པའི་ཡུལ་དུ་གྱུར་པ་ཐམས་ཅད་ལ་སྟོན་ཞིང་ཁྱད་པར་དུ་བསྟན་པ་ཡིན་ནོ། །གལ་ [56b.7]ཏེ་མ་ཡིན་ན་ནི་སེམས་ཅན་ལ་ཕན་པའི་ཐབས་ངེས་པར་རབ་ཏུ་གསུངས་པ། ཇི་ལྟར་དེ་ལྟ་བུ་ཡིན་ཏེ། ལེགས་པར་སྤྱོད་པ་བསགས་པའི་ཚུལ་ངེས་པར་དོན་མེད་པར་འགྱུར་རོ། །དེ་གྲུབ་ན་ཕྱི་རོལ་གྱི་དོན་ཡང་གྲུབ་པ་ཡིན་ཏེ། དེ་བས་ན་ཁྱོད་ཀྱི་ཕྱོགས་ངེས་པར་ཉམས་པར་འགྱུར་རོ། །སྐྱོབ་པ་པོ་ [57a] [57a.1]ཞེས་བྱ་བ་ནི་གདུལ་བའི་རྒྱུད་ཡོངས་སུ་བསྲུང་བས་སེམས་ཅན་ལ་ཕན་འདོགས་པ་མཆོག་ཏུ་བྱེད་ཅེས་བྱ་བའི་དོན་ཏེ། ཇི་སྐད་དུ་གསུངས་པ་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་ [57a.2]རླབས་ཡོལ་བར་འགྱུར་ཡང་སྲིད། །ཅེས་བྱ་བ་ལ་སོགས་པའོ། །དམ་པ་དག་ནི་ནམ་ཡང་གཞན་གྱི་དོན་ཡོངས་སུ་མི་གཏོང་བ་ཡིན་ཏེ། ཇི་སྐད་དུ་གསུངས་པ། ཇི་ལྟར་སྣང་བྱེད་ཉི་མ་དུབ་མེད་རྟ་ཡིས་འཁོར། །རྟག་ཏུ་འཇིག་རྟེན་ཁུར་འཛིན་ས་ནི་སྐྱོ་བ་མེད། །བདག་ཉིད་ཆེན་པོ་རང་དོན་ཅུང་ཟད་མེད་ངང་གིས། ། [57a.3]འཇིག་རྟེན་གཞན་ཕན་དག་ལ་འདི་ལྟར་གཅིག་ཏུ་དགའ། །གཞན་ལ་ཕན་ཕྱིར་འབྲེལ་བས་བརྩོན་བྱེད་རལ་གྱི་ཡི། །ནགས་ཚལ་ཉིད་དུའང་དམ་པ་རྣམས་ནི་བདེ་གནས་ཀྱི། །སྐད་ཅིག་ཙམ་ཡང་ལྷ་ཡི་བུ་མོར་འགྲོགས་པ་དང་། །དགའ་བའི་ཚལ་དག་ཏུ་ཡང་དགའ་བ་མ་ཡིན་ནོ། །ཐུགས་བརྩེ་བ་ཞེས་བྱ་བ་ནི་ [57a.4]གཞན་གྱི་སྡུག་བསྔལ་གཟིགས་པའི་དེ་མ་ཐག་ཉིད་ན་རང་གི་བདེ་བ་ལས་གཡོས་པ་དང་། གནོད་པ་དང་ཞིག་པར་འགྱུར་བ་ནི་ཐུགས་བརྩེ་བ་སྟེ། དེ་ཡང་ཐུགས་རྗེ་ཆེན་པོ་རྣམས་ཞེས་བྱ་བའི་དོན་ཏེ། འདིས་ནི་གཞན་གྱི་དོན་མཛད་པ་ལ་མངོན་པར་བརྩོན་པའི་རྒྱུ་བསྟན་ཏེ། གང་གི་ཕྱིར་ཐུགས་རྗེ་ཆེན་ [57a.5]པོས་དྲངས་ནི་དེ་བཞིན་གཤེགས་པ་རྣམས་གཞན་གྱི་དོན་ལ་མི་གཡེལ་བར་འགྱུར་ཏེ། ཇི་སྐད་དུ་གསུངས་པ། ཐུགས་རྗེ་འདོད་བཞོས་ཚོལ་བས་མི་སྐྱོ་བ། །ཐམས་ཅད་མཁྱེན་པའི་རྒྱུད་ལ་གནས་པ་ཡིན། །ཞེས་རྒྱ་ཆེར་གསུངས་པ་དང་། ཞི་ཞིང་དབེན་པ་ལས་ནི་གྲོང་ནང་བྱོན། །ཞེས་བྱ་བ་ [57a.6]ལ་སོགས་པའོ། །ཐུབ་པ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་ཉེ་བར་ཞི་ཞིང་གཡོ་སྤངས་པ་ནི་འཇིག་རྟེན་ན་ཐུབ་པ་ཞེས་རབ་ཏུ་གྲགས་སོ། །འདིར་ཡང་ཐུབ་པ་ནི་གཡོ་སྒྱུ་ལས་ལྡོག་པ་དང་། མི་བརྟན་པ་མེད་ཅིང་ཉེ་བར་ཞི་བ་ནི་སངས་རྒྱས་ཡིན་ནོ་ཞེས་བྱ་བའི་བར་དུ་སྟེ། མི་བརྟན་པ་ལ་དགེ་བ་ [57a.7]མེད། །ཡོན་ཏན་བརྟན་ལ་གནས་པའོ། །ཞེས་པའི་ཚིག་གིས་ནི་གཞན་གྱི་དོན་ལ་མཆོག་ཏུ་བརྟན་པས་བསྒོས་པ་ཡིན་ནོ་ཞེས་མཚོན་པ་ཡིན་ནོ། །སྐུ་ཡི་ཐ་མ་འཛིན་པའི་ཚེ། །ཞེས་བྱ་བ་ལ། མི་རྟག་པས་འཇིག་པ་ནི་ལུས་ཏེ། བདག་གི་དངོས་པོ་ཞེས་བྱ་བའི་དོན་ཏེ། །ཐ་མ་ནི་ཕྱི་མ་སྟེ་ [57b] [57b.1]གང་གི་འོག་ཏུ་བདག་སྲིད་པ་གཞན་དང་མི་འབྲེལ་བའོ། །སྐུ་ཡང་ཡིན་ལ་ཐ་མ་ཡང་ཡིན་པས་སྐུ་ཐ་མའོ། །དེ་གང་འཆང་བ་དེ་ནི། སྐུ་ཡི་ཐ་མ་འཛིན་པའོ། །དེས་ན་ཐ་མ་ལ་གནས་པ། །ཞེས་བྱ་བའི་དོན་ཏོ། །འདིས་ནི་ཐུབ་པ་མི་སྡོད་པར་གཞན་ལ་ཕན་འདོད་པའི་རྒྱུ་ཉིད་དུ་བསྟན་ཏོ། །ད་འདིར་ནི་དཔྱད་ [57b.2]པར་བྱ་སྟེ། བཅོམ་ལྡན་འདས་སྐུའི་ཐ་མ་སྤངས་ཏེ་ཡོངས་སུ་མྱ་ངན་ལས་འདའ་འམ་ཞེ་ན། འདིར་སྨྲས་པ། ཡོངས་སུ་མྱ་ངན་ལས་འདའོ་ཞེས་ངེས་པར་བྱ་བ་ཡིན་ཏེ། རིགས་པ་དང་ལུང་ལས་ཤེས་པའི་ཕྱིར་རོ། །དེ་ལ་ལུང་ནི་བད་སྱའི་མདོ་ལས་ཇི་སྐད་དུ་གསུངས་པ། ལ་ལ་ཞིག་ངའི་གན་དུ་ལྷགས་ [57b.3]ཏེ། ཀྱེ་གཽ་ཏ་མ་ངེས་པར་མྱ་ངན་ལས་འདའ་འམ་མི་འདའ་ཞེས་འདྲི་བ་ན། དེ་ལ་ངས་དྲི་བ་ཉིད་ཀྱིས་ལུང་བསྟན་ཏེ། གང་ངའི་མདུན་དུ་མེ་འབར་བ་དང་ལྡན་པ་གང་དང་གང་ཉིད་རྩྭ་དང་ཤིང་ལ་སོགས་པ་ལ་བརྟེན་ནས་འབར་བར་གྱུར་བ་དེ་ཐ་མར་གཞན་གྱིས་མ་བསྣན་ན་ཡོངས་སུ་ཟད་པ་ལྟར་ལེན་པ་མེད་ [57b.4]པས་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་སྔོན་གྱི་གནས་སུ་འགྲོ་བར་འགྱུར་ཞིང་ཕྱིར་མི་འོང་བ་ཡིན་པའི་བར་དང་། དེ་བཞིན་དུ་བད་སྱ་ཚུལ་གང་གིས་དེ་བཞིན་གཤེགས་པ་བཙས་པ་དང་བཅས་པར་གྱུར་པའི་ཚུལ་དེས་དེ་བཞིན་གཤེགས་པ་ཟད་པར་འགྱུར་བ་ཡིན་ཏེ། ཇི་སྲིད་རྣམ་པར་ཤེས་པ་ [57b.5]རྒྱུན་དུ་སྐྱེ་བ་མེད་པའི་ཆོས་ལ་དེ་སྔ་མའི་གནས་སུ་འགྲོ་བ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་སོ། །རིགས་པ་ནི་གང་གིས་རྒྱུན་འཇུག་པ་དེ་རེ་ཞིག་ན་གཏན་དུ་ཡང་ཆད་པ་ཡིན་ཏེ། ཇི་ལྟར་ས་བོན་ལྟ་བུར་དེ་བཞིན་གཤེགས་པའི་བདག་གི་རྒྱུན་འཇུག་པ་དེ་ཡང་རེ་ཞིག་ན་རྩ་བ་དང་བཅས་པ་ཆད་པར་འགྱུར་རོ། ། [57b.6]སྐུ་ཡི་ཐ་མ་འཛིན་པའི་ཚེ། །ཞེས་བྱ་བ་བཅོམ་ལྡན་འདས་ལ་ནི་དགོངས་པ་ཅུང་ཟད་ཀྱང་ཡོད་པར་མི་སྣང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགོངས་པ་མེད་པར་སྐད་ཅིག་ཙམ་ཡང་གནས་སྐབས་ལ་སོགས་པའི་བྱ་བ་མི་འཛིན་ཏེ། གཞན་ལ་ཕན་པའི་བྱ་བ་འདིའི་དགོངས་པ་ཉིད་ཀྱི་གནས་ [57b.7]སྐབས་ཀྱིས་སེམས་ཅན་གཅིག་གིས་ཕན་པ་ཡོད་པར་གྱུར་ན་ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་བའི་ཕྱིར་རོ། །གང་གི་ཚེ་འཁོར་བའི་ནགས་ཚང་ཚིང་ན་སངས་རྒྱས་ཀྱི་གདུལ་བྱའི་སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་པ་དེ་ཉིད་ཀྱི་ཚེ་ན་ཐུབ་པ་མཆོག་ཡོངས་ [58a] [58a.1]སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་ནི་ཡང་དག་པར་བསྟན་པའོ། །གཞན་གྱི་དོན་བྱས་པའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ཡིན་ཏེ། ཇི་སྐད་གསུངས་པ། བདག་ཉིད་རྒལ་ཅིང་འགྲོ་བ་ཐམས་ཅད་བསྲུང་། །གང་ཕྱིར་ལྡོངས་པའི་ལམ་ནི་སྟོན་བྱེད་ [58a.2]ཅིང་། །དེ་ཉིད་མངོན་སུམ་བྱས་པས་ཁྱོད་ཀྱིས་ནི། །ད་ནི་འབྲས་བུས་མགོན་དང་གཞན་ཕན་སྤྱོད། །ཅེས་པའོ། །དེ་བས་ན་སངས་རྒྱས་ཀྱི་མཛད་པ་མ་ལུས་པར་མཛད་པའི་ཕྱིར་མྱ་ངན་ལས་འདས་པ་ཉིད་དུ་བཞུགས་པ་ཡིན་ནོ། །ཡང་སྨྲས་པ། གཞན་ལ་ཕན་པ་སྤྱོད་བྱེད་ཅིང་། །ཡུན་རིངས་དུས་ [58a.3]སུ་མངོན་དགོངས་པ། །ཐུབ་པ་མྱ་ངན་ལས་འདས་ཏེ། །བུད་ཤིང་མེད་པའི་མེ་བཞིན་ནོ། །རྒ་དང་འཆི་བའི་འཇིགས་པ་དག །ཡོངས་སྤངས་ཐར་པའི་འདུ་ཤེས་ཀྱིས། །རིན་ཆེན་གླིང་བཞིན་ཤེས་རབ་ཅན། །བྱ་བ་བྱས་ནས་འདིར་འཇུག་གོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་ཞེས་ [58a.4]བསྟན་པ་ལ་དེ་ཇི་སྐད་དུ་གསུངས་པ་ཡིན་ཞེ་ན་སྨྲས་པ། ཀྱེ་མ་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་བཅད་འདིའི་གླེང་གཞི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི་ངོས་ཡངས་ན་བཞུགས་ཏེ། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ [58a.5]འདུ་བྱེད་ཐམས་ཅད་ནི་མི་རྟག་པ་སྟེ། ཇི་སྲིད་དུ་རྣམ་པར་གྲོལ་བར་གྱིས་ཤིག་ཅེས་བྱ་བའི་བར་དུའོ། །དགེ་སློང་དག་སྔོན་བྱུང་བ་ན་རི་འདིའི་མིང་པྲ་ཙི་ན་བང་ཤ་ཞེས་བྱ་བར་གྱུར་ཏེ། གང་པྲ་ཙི་ན་བང་ཤའི་ཉེ་འཁོར་ན་མི་རྣམས་ཀྱང་གནས་པར་གྱུར་ཏེ། མི་དེ་དག་གི་མིང་ནི་ཉི་མི་ར་ཞེས་བྱ་བར་ [58a.6]གྱུར་ཏོ། །ཏི་མི་རའི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་བཞི་བཅུ་ཡིན་ནོ། །དགེ་སློང་དག་ཏི་མི་རའི་མི་རྣམས་ཀྱིས་རི་པྲ་ཙི་ན་བང་ཤ་ལ་འཛེག་པ་དང་བབས་པ་ཡང་ཞག་བཞི་བཞིས་འཛེག་ཅིང་བབས་སོ། །དེའི་ཚེ་ན་སྟོན་པ་ལོག་པར་དད་སེལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དགེ་སློང་ [58a.7]དག་རྒྱ་ཆེར་བལྟས་ན་ཇི་སྲིད་དུ་རི་དེའི་མིང་ཡང་ནུབ་པར་གྱུར་ཏོ། །མི་དེ་དག་ཀྱང་དུས་ལས་འདས་སོ། །སྟོན་པ་དེ་ཡང་ཡོངས་སུ་མྱ་ངན་ལས་འདས་སོ། །ཚེ་ཡང་ཡོངས་སུ་ཉམས་པར་གྱུར་ཏོ། །དེ་བཞིན་དུ་དགེ་སློང་དག་མི་རྟག་པ་ནི་ཇི་ཙམ་ན་རི་དེའི་མིང་ནི་བང་ཀ་ཞེས་བྱའོ། །མི་རྣམས་ནི་ཨ་བི་ [58b] [58b.1]ཀ་ཞེས་བྱའོ། །རི་དེ་ལས་བབས་ཤིང་འཛེག་པ་ཡང་ཉིན་ཞག་གསུམ་གསུམ་གྱིས་སོ། །ཚེའི་ཚད་ཀྱང་ལོ་སྟོང་ཕྲག་སུམ་ཅུ་སྟེ། སྟོན་པ་གསེར་ཐུབ་བྱུང་བར་གྱུར་ཏོ། །ཡང་རི་དེའི་མིང་ནི་ངོས་བཟངས་ཞེས་བྱ་བར་གྱུར་ཏོ། །མི་རྣམས་ཀྱི་མིང་ནི་རོ་ཧི་ཏ་ཨ་ཤྲ་ཞེས་བྱའོ། །འཛེག་པ་དང་བབས་ [58b.2]པ་ཡང་ཉིན་ཞག་གཉིས་གཉིས་སོ། །དེའི་ཚེའི་ཚད་ནི་ལོ་སྟོང་ཕྲག་ཉི་ཤུ་སྟེ། དེ་བཞིན་གཤེགས་པ་འོད་སྲུངས་ཞེས་བྱ་བ་གཤེགས་སོ། །དེ་བཞིན་དུ་ད་ལྟར་རིའི་མིང་ནི་ངོས་ཡངས་ཞེས་བྱའོ། །མིའི་མིང་ནི་མ་ག་དྷཱ་པ་ཞེས་བྱའོ། །རི་འདིའི་འཛེག་པ་དང་བབས་པ་ལ་ནི་ཡུད་ཙམ་རེ་རེའོ། །མི་རྣམས་ཀྱི་ [58b.3]ཚེ་ལོ་ནི་བརྒྱ་སྟེ། སྟོན་པ་ནི་ང་ཉིད་ཡིན་ནོ། །པྲ་ཙི་བང་ཤ་ཏི་མི་ར། །བང་ཀ་དང་ནི་ཨ་བི་ཀ །ངོས་བཟངས་རོ་ཧི་ཏཱ་ཤྭ་དང་། །ངོས་ཡངས་མ་ག་དྷཱ་དག་གི། །དེ་ཡི་མིང་ནི་འདས་པ་སྟེ། །མི་དེ་དག་ཀྱང་དུས་ལས་འདས། །ཚེ་ཡང་ཉམས་ཏེ་སངས་རྒྱས་ཀྱང་། །ཡོངས་སུ་མྱ་ངན་ལས་འདས་གྱུར། །ཀྱེ་མ་འདུ་ [58b.4]བྱེད་རྣམས་མི་རྟག །ཅེས་བྱ་བ་ལ་སོགས་པ་ལ་རྒྱལ་པོ་ཞིག་གི་བུ་མོ་སྐྱེ་བོ་རྣམས་ཀྱི་སྙིང་དུ་རབ་ཏུ་སྡུག་པ་ཞིག་ཡོད་པ་ལས་དེའི་གཟུགས་ཕུན་སུམ་ཚོགས་པ་ལ་སོགས་པ་ཐོས་ནས་རྒྱལ་པོ་ཆེན་པོ་བཞི་དཔུང་དང་བཅས་ཏེ་འབྱོར་པ་ཆེན་པོས་དེའི་ཡུལ་དུ་འོངས་ནས་དེ་བསླངས་པ་དང་ཇི་ཙམ་ན་བུ་མོ་དེ་རང་ [58b.5]ཉིད་ཁྱོ་འདམ་པའི་ཕྱིར་ཚོགས་ཀྱི་ནང་དུ་ཞུགས་སོ། །དེ་དག་གིས་མཐོང་བ་དང་སྔོན་མ་ཐོས་པའི། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་ལ་སོགས་པའི་ཚིག་རྐང་བཞི་མངོན་དུ་གྱུར་ཏེ། དེ་ཡང་ཚིག་རྐང་རེ་རེ། རེ་རེའི་དབང་དུ་བྱས་ནས་སྨྲས་པ་ཡིན་ཏེ། དེ་ཐོས་པ་ལས་རྒྱལ་པོ་དེ་དག་གིས་ཀྱང་ [58b.6]འཕགས་པའི་བདེན་པ་བཞི་རྟོགས་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །བུ་མོ་དེ་ཡང་འཁོར་ལྔ་དང་བཅས་པར་རབ་ཏུ་བྱུང་སྟེ་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །དགེ་སློང་དག་ཚིགས་བཅད་འདི་ལེགས་པར་ཟུང་ཤིག །འདི་ནི་སྔོན་གྱི་དེ་བཞིན་ [58b.7]གཤེགས་པ་རྣམས་ཀྱིས་ཀྱང་གསུངས་པ་ཡིན་ནོ་ཞེས་པ་སྟེ། གཞན་དག་ནི་དེའི་གླེང་གཞི་འདི་ལྟར་འཆད་དོ། །དེ་ལ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་ལ། འདུ་བྱེད་ནི་རྣམ་པ་གསུམ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དབྱེ་བས་སོ། །དེ་ལ་འདས་པའི་མི་རྟག་ [59a] [59a.1]པ་ནི་སྐྱེས་ནས་འཇིག་པ་ཡིན་པའི་ཕྱིར་དེ་ཕྱིས་ཀྱང་སྐྱེ་བ་མེད་པ་དང་ཟད་པ་མེད་པ་སྟེ། དེ་དག་དེས་ན། སྐྱེ་ཞིང་འཇིག་པའི་ཆོས་ཅན་ནོ། །མ་འོངས་པ་ན་ཡང་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཏེ། སྐྱེ་བར་འགྱུར་བའི་ཕྱིར། སྐྱེས་པ་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། འཇིག་པར་འགྱུར་ [59a.2]བའི་ཕྱིར་ཡང་སྐྱེ་བ་མེད་དེ། དེ་ཉིད་ཀྱི་ཕྱིར་དེ་དག་མཉམ་པ་ཉིད་དུ་བརྗོད་དེ་སྐྱེ་ཞིང་འཇིག་པའི་ཆོས་ཅན་གང་དག་ཡིན་པ་དེ་ནི་མ་འོངས་པའི་སྐྱེ་ཞིང་འཇིག་པའི་ཆོས་ཅན་དུ་བསྟན་ཏེ། ཅི་སྟེ་སྐྱེ་བ་ཉི་ཚེར་ཟད་ཅིང་འགག་པར་མི་འགྱུར་རམ་ཞེ་ན། སྨྲས་པ། སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །ཞེས་བྱ་བ་ [59a.3]སྨོས་སོ། །གང་སྐྱེས་པར་གྱུར་པ་དེ་ཉིད་ཀྱི་ཕྱིར་འགག་པར་འགྱུར་བ་སྟེ་གང་ཡང་སྐྱེས་ནས་འགག་པར་མི་འགྱུར་བ་དེ་མེད་དེ། གང་དེ་དག་ཐམས་ཅད་ནི་སྡུག་བསྔལ་བའོ། །ད་བདེ་བ་གང་ཡིན་ཞེ་ན། དེ་སྨྲས་པ། དེ་དག་ཅེས་བྱ་བ་སྨོས་ཏེ་མ་འོངས་པའི་འདུས་བྱས་དེ་དག་གི་རྒྱུ་ཟད་པར་བྱས་ [59a.4]པའི་ཕྱིར་གཞན་དུ་སྐྱེ་བ་ཟད་པར་བྱས་པ་དེ་ནི་བདེ་བ་ཡིན་ཏེ། འདི་ནི་ཚིགས་བཅད་ཀྱིས་བསྡུས་པའི་དོན་ནོ། །ཡན་ལག་གི་དོན་ནི་ངེས་པར་རྒྱུ་དང་འབྲས་བུ་སྤངས་པའི་ངོ་བོ་ནི་རྟག་པའོ། །དེ་ལས་གཞན་པ་ནི་མི་རྟག་པ་སྟེ། སྐད་ཅིག་མ་དང་སྐྱེས་མ་ཐག་པ་དང་། ཡུན་མི་རིངས་པར་གནས་པ་ [59a.5]ཞེས་བྱ་བའི་བར་དུའོ། །ཀྱེ་མ་ཞེས་བྱ་བ་ནི་སྐྱོ་བ་བསྐྱེད་པ་སྟེ། འདི་དག་སྡུག་བསྔལ་ལོ་ཞེས་བྱ་བའི་དོན་ཏོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ་ཞེས་མདོ་ལས་གསུངས་ཏེ། མི་རྟག་པ་ཉིད་ཐུགས་རྗེ་ཆེན་པོའི་ཡུལ་ཡིན་གྱི། སྡུག་བསྔལ་གྱིས་ཉེ་བར་གདུངས་པ་ཉིད་ཀྱི་དོན་མ་ཡིན་པར་ [59a.6]མཚོན་པའོ། །ཡང་ན་རྣམ་པ་འདི་ལྟར་ཐུགས་བརྩེ་བ་ཡིན་ཏེ། སེམས་ཅན་གྱི་འདུ་བྱེད་དེའི་ཡུལ་ལ་ཕན་འདོགས་པར་མཛད་པའི་ཐུགས་རྗེ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདུ་བྱེད་ནི་ཚོགས་པ་ལས་སྐྱེས་པའི་ངོ་བོ་ཕུང་པོ་ལྔའོ། །སྐྱེ་བ་ནི་འབྱུང་བའོ། །འཇིག་པ་ནི་ཟད་པའོ། །ཆོས་དེ་ [59a.7]གཉིས་ཀྱིས་ངེས་པར་བསྒོས་པའི་ཚུལ་གང་ལ་ཡོད་པ་དེ་ནི་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཏེ། སྐྱེ་བ་དང་འཇིག་པའི་གནས་སྐབས་ཀྱིས་རྗེས་སུ་བསྒོས་པ་ཞེས་བྱ་བའི་དོན་ཏེ། རྒ་བའི་ཆོས་ལ་སོགས་པ་བཞིན་དུ་སྟེ། ཇི་ལྟར་ངེས་པར་རྒ་བ་འབྱུང་བ་གང་ཡིན་པ་དེ་ནི་རྒ་བའི་ཆོས་ཞེས་བྱ་བ་དེ་བཞིན་ནོ། ། [59b] [59b.1]སྐྱེ་བ་མེད་པའི་ཆོས་ནི་དེ་དང་འདྲ་བ་ལས་འདུས་བྱས་ཞེས་བྱ་བ་བརྟགས་ཏེ། སྟོན་གྱི་སྤྲིན་ལ་ཆུ་འཛིན་ཞེས་བཏགས་པ་བཞིན་ནོ། །གང་སྐྱེས་པ་ནི་ད་ལྟར་བྱུང་བའི་དུས་སུ་འོངས་ནས་མྱོང་བ་ཞེས་བྱ་བའི་དོན་ཏེ། གང་སྐྱེས་པ་དེ་ནི་ངེས་པར་འགག་པར་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་རོ། །ནས་ཞེས་བྱ་ [59b.2]བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཡང་ཡིན་ཏེ། སྐྱེས་པ་དང་ལྡན་པ་ནི་འགག་པ་ཡིན་ནོ་ཞེས་སྟོན་ཏེ་འགག་པ་དང་ཞིག་པར་འགྱུར་བའོ། །འོན་ཀྱང་དེ་ལྟར་བརྗོད་པར་བྱ་བ་ལ་ཇི་ལྟར་འདི་དག་མི་རྟག་པ་ཡིན་ཞེ་ན། གང་གི་ཕྱིར། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་བྱ་བ་སྟེ། སྐྱེས་པ་ནི་ངེས་ [59b.3]པར་འཇིག་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །དེ་ལས་བཟློག་པ་ནི་ནམ་མཁའོ། །འདི་གཉིས་ཅིག་ཅར་བྱུང་བ་ཡིན་ཏེ། སྐྱེ་བའི་དུས་ཉིད་འགག་པའི་དུས་ཡིན་པས་དེས་ན་འདས་པ་དང་། ད་ལྟར་བྱུང་བ་གཉིས་གཅིག་པ་ཡིན་ནོ་ཞེས་བསྟན་ཏོ། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །ཞེས་བྱ་ [59b.4]སྟེ། ད་ལྟར་བྱུང་བར་གྱུར་ནས་འདས་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ། །འདི་དག་ནི་སྡུག་བསྔལ་བ་ཡིན་ཏེ། ཐམས་ཅད་ཀྱང་མི་རྟག་པའི་ཕྱིར་རོ། །གཞན་ལ་རག་ལས་པ་ནི་བདེ་བ་མེད་པའི་ཕྱིར་ཡང་ངོ་། །དེ་ལྟ་ན་ནི་ལམ་ཡང་སྡུག་བསྔལ་ཐོབ་པར་འགྱུར་རོ་ཞེ་ན། བདེན་པའི་ལམ་གྱི་གནས་ [59b.5]སྐབས་ཀྱི་སྡུག་བསྔལ་ནི་འཕགས་པ་རྣམས་དང་མི་མཐུན་པ་མེད་པའི་ཕྱིར་རོ། །གཞན་ནི་སྡུག་བསྔལ་མ་ཡིན་ཏེ། གང་མི་རྟག་པ་དེ་ཐམས་ཅད་སྡུག་བསྔལ་བ་ཡིན་ནོ་ཞེས་པའི་ཚིག་གིས་སོ། །ཇི་ལྟར་སྡུག་བསྔལ་བ་ནི་ཁ་བ་ལ་སོགས་པའི་བཏུང་བ་འཐུངས་ན་ནད་ཉེ་བར་ཞི་བ་དང་འབྲེལ་བ་ [59b.6]ཡིན་པའི་ཕྱིར་སྨན་བསྟེན་པ་ནི་བདེ་བ་ཞེས་བརྗོད་དེ། དེ་བཞིན་དུ་ལམ་ལ་སོགས་པ་ལ་ཡང་བརྗོད་དོ། །དེའི་སྡུག་བསྔལ་འདུས་བྱས་རྣམས་ཉེ་བར་ཞེ་ན་ཁྱད་པར་གྱི་ཚུལ་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཐོབ་པའི་ཞི་བ་ནི་ཉེ་བར་ཞི་བ་སྟེ། སོ་སོར་བརྟགས་པས་ཐོབ་པའི་འགོག་པའོ། །དེ་ན་བདེ་བ་ [59b.7]ཡིན་ཏེ་ཕུང་པོ་མེད་པ་ནི་བདེ་བའི་མཆོག་གོ་ཞེས་ལུང་ལས་སྨོས་པའི་ཕྱིར་རོ། །ཡང་སྨྲས་པ། མི་གཙང་ཆེའམ་ཆུང་ཡང་རུང་། །གཙང་མ་འདོད་པ་སྟེན་མི་བྱེད། །དེ་བཞིན་མིང་དང་གཟུགས་སྐད་ཅིག །ཕྲ་རབ་བདེ་བ་འདོད་པ་ཡི། །བདག་ཉིད་ཆེན་པོས་ཐམས་ཅད་དུ། །མ་བསྟེན་ [60a] [60a.1]འཁོར་བ་སྤོང་བར་འགྱུར། མི་གཙང་ཅུང་ཟད་མ་བོར་ཡང་། །ཁྱིམ་དེ་གཙང་ཞེས་བརྗོད་པ་མིན། །ཐར་པ་མིག་གིས་གཟུང་མ་ཡིན། །བསྟན་དང་ངག་གི་ལམ་ཡང་མིན། །ལས་དང་ཉོན་མོངས་ཤེས་རབ་ཀྱིས། །ཟད་པས་དེ་ཡང་ཐོབ་པར་འགྱུར། །ཇི་ལྟར་དམུས་ [60a.2]ལོང་གཟུགས་བརྗོད་པ། །སྔོན་གྱི་སེར་པོ་ལ་སོགས་པས། །གང་དུའང་ཡིད་ཆེས་མི་འགྱུར་ཏེ། །བྱིས་པ་མྱ་ངན་དེ་མི་འདའ། །ཞེས་སོ། །གླེང་གཞི་གཉིས་པ་ནི་དེ་ལ་བརྟེན་ནས་ཡང་ཕྱིན་ཅི་ལོག་བཞིའི་གཉེན་པོ་བསྟན་པའི་ཚུལ་དུ་བྱས་པ་མཚོན་པ་ཡིན་ཏེ། འདི་ལྟར་རྒྱལ་པོ་དེ་དག་རྟག་པ་དང་། [60a.3]གཙང་བ་དང་། བདག་དང་། བདེ་བ་སྟེ་འདུས་བྱས་རྣམས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་དེའི་དོན་དུ་དེས་གོ་རིམས་བཞིན་དུ་ཚིག་རྐང་རེ་རེ་བསྟན་པ་ཡིན་ཏེ། དེ་ལ་མི་རྟག་པ་ཞེས་བྱ་བ་འདིས་ནི་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོ་བསྟན་པའོ། །མི་རྟག་པའི་རྣམ་པས་ངེས་པར་ཡིད་བྱུང་ [60a.4]བར་གྱུར་པ་དང་ལྡན་པ་ཡིན་པས་དེ་མཚོན་པའི་ཕྱིར་ཀྱེ་མ་ཞེས་བྱ་བའི་སྒྲ་སྨྲོས་སོ། །ཚིག་རྐང་གཉིས་པས་ནི་གཙང་བར་ཕྱིན་ཅི་ལོག་པ་སྟེ་མི་རྟག་པས་གཙང་བ་བསལ་བའི་ཕྱིར་འདུ་བྱེད་སྐྱེ་བས་སོ། །ཚིག་རྐང་གསུམ་པས་ནི་བདག་ཏུ་རྨོངས་པ་དག་ལ་སྐྱེ་བ་དང་། འཇིག་པ་དང་ལྡན་པའི་ཕྱིར་ [60a.5]འདུ་བྱེད་ཐམས་ཅད་ནི་བདག་མེད་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །ཐ་མས་ནི་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པ་ལ་ཐར་བ་ཉིད་ནི་སྡུག་བསྔལ་གསུམ་དང་གཏན་དུ་བྲལ་ཞིང་དོན་དམ་པའི་བདེ་བ་ཡིན་པའི་ཕྱིར་མུན་པ་མ་ལུས་པ་དང་བྲལ་ཞིང་ཤིན་ཏུ་འོད་གསལ་བ་ཤར་བ་བཞིན་ནོ། །འདུས་ [60a.6]བྱས་ཀྱི་དོན་གྱི་དེ་ཉིད་ནི་ཡིད་དུ་མི་འོང་བ་ཡིན་ན་ཇི་ལྟར་འདི་ལ་ཁྱེད་ཅག་བློ་རྨོངས་པར་གྱུར་ཅེས་དེ་དག་ལ་སྨྲས་པར་གྱུར་ཏོ། །གནས་སྐབས་ཀྱི་རིམ་པ་བཞིན་དུ་ཚིགས་བཅད་འདིས་འཕགས་པའི་བདེན་པ་བཞི་ཡོངས་སུ་གསལ་བར་བྱེད་དོ་ཞེས་ཀྱང་གཞན་དག་འདོད་དོ། །དེ་ལ་དང་པོའི་ཚིག་ [60a.7]རྐང་གིས་ནི་ཀུན་འབྱུང་བསྟན་ཏེ། གལ་ཏེ་དེ་རྟག་པར་གྱུར་ན་ནི་འབྲས་བུའི་དུས་ན་ཅིའི་ཕྱིར་མི་སྣང་ཞེས་བྱ་བའོ། །གཉིས་པས་ནི་སྡུག་བསྔལ་ཡིན་ཏེ། འབྲས་བུར་གྱུར་པ་ཉིད་ཀྱིས་སྐྱེ་བ་དང་འགག་པས་སོ། །གསུམ་པས་ནི་ལམ་སྟེ་འདུས་བྱས་ཉིད་ཀྱི་ཕྱིར། ད་ལྟར་བྱུང་བའི་དུས་ན་དེ་ [60b] [60b.1]དང་ལྡན་པས་སོ། །བཞི་པས་ནི་འགག་པ་སྟེ་དགེ་བ་རྟག་པའི་ཕྱིར་དེ་ནི་བདེ་བའོ། །འདིར་ཚོང་དཔོན་གྱི་བུ་སྤུན་བཞི་ཞིག་གི་དཔེར་བརྗོད་པ་ཡིན་ནོ། །དེ་ཡང་འདི་སྐད་ཐོས་ཏེ། མཉན་དུ་ཡོད་པ་ན་ཚོང་དཔོན་གྱི་བུ་སྤུན་བཞི་ཞིག་གནས་ཏེ། ཕྱུག་ཅིང་རྒྱ་ཆེ་བའི་ནོར་དང་ལྡན་པ་ལས་དེ་དག་གིས་ཐོས་ [60b.2]པ་འདི་ལྟ་སྟེ། བཅོམ་ལྡན་འདས་བསོད་ནམས་ཀྱི་ཞིང་ཆེན་པོ་དེ་ལས་ཅུང་ཟད་ཙམ་ཕུལ་ཡང་མངོན་པར་འདོད་པའི་འབྲས་བུ་ཡིད་ལ་རེ་བཞིན་དུ་འཐོབ་པ་ཡིན་ནོ་ཞེས་ནས་དེས་བསྟན་པ་མཉན་ཏེ་སྡུག་པ་ཡོངས་སུ་བཏང་ནས་འགྲོ་བར་བྱའོ་ཞེས་བསམས་ཏེ། དེ་དག་གིས་བསོད་སྙོམས་རྒྱ་ཆེ་བ་དག་ [60b.3]བླངས་ཏེ་ཁྱིམ་ནས་བྱུང་ནས་བཅོམ་ལྡན་འདས་སྤྱོད་ཡུལ་དུ་གཤེགས་པ་ལ་ལྷུང་བཟེད་བཀང་སྟེ་ཕུལ་ནས་ཡང་མྱུར་བ་ཉིད་དུ་རང་གི་ཁྱིམ་དུ་ཞུགས་པར་གྱུར་ཏོ། །རིམ་གྱིས་ཉི་མ་བཞི་ལ་རེ་རེའི་དབང་དུ་བྱས་ནས་ཐུབ་པས་ཚིག་རྐང་རེ་རེ་བསྟན་ཏོ། །ཇི་ཙམ་ན་དེ་དག་ཁྱིམ་དུ་ལྷགས་པ་དང་གཏམ་ [60b.4]དུ་བརྗོད་དེ། བདག་ཅག་གིས་ནི་རྙེད་པ་ལེགས་པར་རྙེད་དེ་བདག་ཅག་གིས་བསམ་པ་གྲུབ་བོ་ཞེས་སོ། །དེ་ན་གཅིག་གིས་སྨྲས་པ། བདག་གིས་ནི། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་དེ་ཙམ་ཞིག་ཐོས་སོ་ཞེས་ཟེར་རོ། །གཞན་དག་ཀྱང་ཚིག་རྐང་རེ་རེ་ཐོས་སོ་ཞེས་སྨྲ་སྟེ། [60b.5]ཚིགས་བཅད་ཀྱི་དོན་ངེས་པར་ཡིད་ལ་བྱས་པ་ལས་བདེན་པ་མངོན་པར་རྟོགས་ཤིང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་པའོ། །འདི་ནི་སྲིད་པ་ལ་མངོན་པར་དགའ་བ་རྣམས་དང་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ལུས་ [60b.6]ཅན་རྣམས་འཁོར་བ་ལས་སྐྱོབ་པར་བྱ་བའི་ཕྱིར་དང་། ཐར་པ་ལས་འདོད་པ་སྐྱེད་པའི་ཕྱིར་བཤད་དོ། །སྔར་བཤད་པའི་ཚིགས་བཅད་ཀྱིས་ངེས་པར་སྡུག་བསྔལ་དང་བདེ་བ་གཉིས་སྤང་བར་བྱ་བ་དང་བླང་བར་བྱ་བ་གཉིས་ཀྱི་སྤང་བ་དང་བླང་བའི་ཐབས་གཉིས་འཁྲུལ་པ་མེད་པར་བསྟན་པའི་ཕྱིར་ [60b.7]སྨྲས་པ། དེ་ལྟར་རབ་ཏུ་འབར་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་བྱུང་བའི་གླེང་གཞི་མཉན་དུ་ཡོད་པ་ན་དེའི་ཚེ་དགེ་སློང་རབ་ཏུ་མང་པོ་བསྟི་གནས་ཀྱི་ཁང་པ་དག་ཏུ་འདུག་སྟེ་འདུག་ནས་འདི་ཉིད་ཀྱི་ཚུལ་གྱིས་བར་སྐབས་ཀྱི་གཏམ་བརྗོད་པར་གྱུར་ཏེ། བདག་གི་དངོས་པོ་ནི་དགའ་བ་སྐྱེད་ [61a] [61a.1]པའོ། །ཡུལ་དག་ཀྱང་མགུ་བ་སྐྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་དག་ཡོངས་སུ་བསྟེན་ཅིང་བསྐྱངས་ན་ནི་དགའ་བ་དང་མགུ་བ་ཡང་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་བཅོམ་ལྡན་འདས་ལྷའི་སྙན་རྣམ་པར་དག་པ་མིའི་ལས་འདས་པས་གསན་པར་གྱུར་ཏོ། ། [61a.2]གསན་ནས་ཀྱང་བོས་ཏེ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་ཅིའི་ཕྱིར་འདུས་ཤིང་འཁོད་ནས་ལུས་ཀྱིས་གཏམ་ངན་པ་དག་བརྗོད་ཅིང་འཁོད་ཅེས་དེ་ལྟར་རྒྱ་ཆེར་འཁོར་བ་སྨད་པར་མཛད་ཅིང་ཚིགས་བཅད་འདི་བཀའ་སྩལ་ཏོ། །དེ་དག་གིས་དེ་ཐོས་ནས་བསྒོམས་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ [61a.3]གྱུར་ཏོ། །གང་གི་ཕྱིར་སྡུག་བསྔལ་སྤངས་པ་ལ་ནི་ཡིད་འབྱུང་བ་ཐབས་ཡིན་ཏེ། ཡིད་བྱུང་བར་གྱུར་ན་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་མདོ་ལས་བསྟན་ཏོ། །ཟང་ཟིང་དང་བཅས་པ་ལ་ཆགས་པ་ནི་སྐྱོ་བའི་བགེགས་ཡིན་ཏེ། དོན་དམ་པར་ངེས་པར་བརྟག་པ་མེད་པའོ། །དོན་དམ་པར་ངེས་པར་ [61a.4]བརྟག་པའི་ཟག་པ་མེད་པའི་ཤེས་པ་དེ་ཉིད་ཀྱང་མྱ་ངན་ལས་འདས་པ་འཐོབ་པའི་ཐབས་ཏེ། གཉི་གར་སྦྱར་བའི་ཕྱིར་ཚིགས་བཅད་འདི་གསུངས་པ་ཡིན་ཏེ། འདི་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ནི་ཅི་ཞེས་བྱ་བ་ནི་གང་ཞིག་ཅེའམ། དགག་པའི་དོན་ཏེ་མཁས་པ་རྣམས་ཀྱིས་དགག་པ་ [61a.5]མེད་ཅེས་བྱ་བའི་དོན་ཏོ། །ཞིག་ཅེས་བྱ་བ་ནི་དཔྱད་པར་གྱུར་ན་དགའ་བ་ལ་སོགས་པ་ཡང་དག་པར་མེད་དོ་ཞེས་བསྟན་ཏོ། །ཡང་ན་ངེས་པར་གཟུང་བ་ཡིན་ཏེ། ཅི་ཞིག་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏེ། ཚིག་གི་ཕྲད་ལ་སོགས་པ་ནི་སྣ་ཚོགས་པའི་དོན་ཡིན་པའི་ཕྱིར་རོ། །བདག་དང་འབྲེལ་པ་དེ་ལ་ [61a.6]ཆགས་པ་དང་འབྲེལ་བའི་བདག་གི་བདེ་བ་ལ་ཡིད་ཚིམ་པ་ནི་དགའ་བའོ། །དེ་སྐྱེ་བ་མ་རིག་པ་དང་ལྷན་ཅིག་པས་དགའ་བའི་ཚུལ་དང་ཁྱིམ་དུ་འཛུག་པ་ནི་མངོན་པའི་ང་རྒྱལ་གྱིས་སོ། །འབྱོར་པས་དྲངས་པས་དེའི་སྲེད་པ་དང་ལྡན་པ་ནི་མགུ་བ་སྟེ། གཞན་ལ་མ་བླངས་བཞིན་དུ་བྱིན་པའི་དངོས་པོ་ལྟ་ [61a.7]བུའོ། །འདི་གཉི་ག་ཡང་འཁོར་བ་འཇུག་ཅིང་རྨོངས་པ་རྣམས་ཕྱིན་ཅི་ལོག་པས་བསླད་པ་ཡིན་པའི་ཕྱིར་རོ། །མཁས་པ་རྣམས་ལ་ནི་དེ་གཉིས་མེད་དེ། ཡོངས་སུ་བརྟག་པས་དེ་བཞིན་ཉིད་ལ་འཇུག་པའི་ཕྱིར་རོ། །དེ་ལྟར་ན་རྨོངས་པ་རྣམས་ལ་གང་ཡིན་ཞེ་ན། དེ་ལྟར་བདག་ཉིད་ཀྱི་དངོས་པོ་ [61b] [61b.1]དང་ཡོ་བྱད་ཀྱི་དངོས་པོའི་གནས་སྐབས་ལའོ། །དེ་ལ་ཇི་ལྟ་བུ་ཞེ་ན། སྨྲས་པ། དེ་ལྟར་རབ་ཏུ་འབར་བ་ལ། །ཞེས་བྱ་བ་སྨོས་ཏེ། རྣམ་པ་འདི་དང་སྐབས་འདིར་རབ་ཏུ་གྲུབ་པ་སྟེ། རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་ནི་མེ་འབར་བ་ལྟ་བུ་ཡིན་ནོ། །གང་དུ་ཤིན་ཏུ་འབར་ཞིང་ཡང་དག་པར་འབྱུང་ [61b.2]བ་དེ་ནི་རབ་ཏུ་འབར་བ་སྟེ། ཇི་ལྟར་མེས་བུད་ཤིང་ཟད་པར་ནུས་པ་དང་། ཀ་རཉྫ་དང་སེང་ལྡེང་ལ་སོགས་པ་འབར་བར་ནུས་པ་དེ་བཞིན་དུ་ཉོན་མོངས་པ་དེ་ལས་སྐྱེས་པའི་སྡུག་བསྔལ་མངོན་པར་མི་དགའ་བ་བསྐྱེད་པ་དང་ཡིད་དུ་འོང་བའི་དངོས་པོ་འཇིག་པར་བྱེད་པ་ལ་རྣོ་བ་ཡིན་པའི་ཕྱིར་རབ་ཏུ་འབར་བས་དཔེར་ [61b.3]བརྗོད་པ་ཡིན་ནོ། །གང་ལ་ལ་འདས་པ་དང་མ་འོངས་པ་ཉིད་ཀྱི་དངོས་པོ་ནི་འདི་ལྟ་བུ་ཡིན་གྱི། ད་ལྟར་བྱུང་བ་ནི་མ་ཡིན་ཏེ། འདི་ལ་མངོན་པར་དགའ་བ་ཡིན་ནོ་ཞེས་སེམས་པ་ལ་སྨྲས་པ། ལ་ཞེས་སྨོས་ཏེ་ཐ་སྙད་ཡང་དག་པ་ལ་ཡོད་པ་ནི་ད་ལྟར་བྱུང་བ་ཉིད་ཡོད་པ་སྟེ། དེ་ལ་ཇི་སྐད་དུ་དགེ་སློང་ [61b.4]དག་འདི་ལ་ཐམས་ཅད་དུ་ཀུན་དུ་འབར་བ་ཡིན་ཏེ། འདོད་ཆགས་ཀྱི་མེ་དང་ཞེ་སྡང་གི་མེ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་ཏེ། དེ་ཉིད་དུ་འདུས་བྱས་རྣམས་རྟག་ཏུ་གཙེས་པ་ཡིན་ཏེ། ཇི་ལྟར་བྱའི་ཚང་གི་ཤིང་ལ་མེ་སྦར་བ་བཞིན་ནོ། །དེ་ཁོ་ན་ཉིད་མཐོང་བ་ནི་ཇི་ལྟར་ཡང་དགའ་བ་དང་མགུ་བ་ [61b.5]གཉིས་སྐྱེ་བར་མི་འགྱུར་ཏེ་ཡིད་སྐྱོ་བའི་ཕྱིར་རོ་ཞེས་སྟོན་ཏོ། །ད་ལྟར་བྱུང་བ་ཉིད་ནི་མ་བཤད་ཀྱང་གྲུབ་པ་ཡིན་ཏེ། གང་འདས་པ་དང་མ་འོངས་པ་བྱུང་བ་དང་འབྱུང་བར་འགྱུར་བ་གཉིས་ནི་འདི་ལྟར་མངོན་སུམ་དང་རྗེས་སུ་དཔག་པས་བསྒྲུབ་པ་ཡིན་ཏེ། དེས་ན་ཇི་སྐད་དུ་བཤད་པ། མི་རྣམས་ལ་ནི་ [61b.6]བདག་ཏུ་ཆགས་པ་དེས། །མངོན་སུམ་དུ་ནི་སྡུག་བསྔལ་ཤེས་པ་ལྟར། ད་བཞིན་ལྷ་ལའང་སྡུག་བསྔལ་མེད་མི་ཤེས། །གང་ཕྱིར་རྟག་པར་གནས་པ་ཡོད་མ་ཡིན། །ཞེས་སོ། །དེ་ལྟར་ཡོད་ན་ཐམས་ཅད་དུ་ཡང་འདུས་བྱས་རྣམས་འཚོགས་པ་ལས་སྐྱེས་པའི་ཕྱིར་ཡོད་པ་ཉིད་དེ། འདས་པ་དང་མ་ [61b.7]འོངས་པ་གཉིས་ཀྱང་སྐྱེ་བ་ལ་སོགས་པས་མངོན་པར་གཙེས་ཤིང་ཉེ་བར་འཇིག་པ་དེ་ཉིད་དུ་བསྟན་ཏོ། །གལ་ཏེ་དེ་ལྟར་ཉེ་བར་གཙེས་ན་ཇི་ལྟར་བདག་ཅག་གིས་ཁོང་དུ་མ་ཆུད་ཅེ་ན། སྨྲས་པ་ནང་ཞུགས་ཞེས་བྱ་བ་སྨོས་ཏེ། ཆུད་པའོ། །གང་དུ་ཞེ་ན། སྨྲས་པ། མུན་པ་ཞེས་བྱ་བ་ཡིན་ཏེ། མི་ཤེས་པ་ [62a] [62a.1]ཞེས་བྱ་བའི་དོན་ཏོ། །ཡང་བཤད་པ། འཇིག་རྟེན་མཐོང་བར་ནུས་པ་ལ། །ཇི་ལྟར་བགེགས་ནི་བྱེད་པ་ཡི། །མུན་པ་དེ་བཞིན་མ་རིག་པ། །དེ་ཉིད་མཐོང་ལ་བཤད་པ་ཡིན། །ཕོངས་པ་ཀུན་གྱི་གཞིར་གྱུར་པ། །དེ་ལས་གཞན་ནི་རང་བྱུང་ཡིན། །བློ་ལྡན་ཕུན་སུམ་ཚོགས་ [62a.2]ཀུན་རྒྱུ། །དཔལ་ལ་ཡིད་བཞིན་ནོར་བུ་བཞིན། །ཞེས་པའོ། །དེ་ཡང་གང་དག་ཡིན་ཞེ་ན། དེ་སྨྲས་པ། གནས་པ་དག་ཅེས་སྨོས་པས་ཁྱེད་ཅག་ཅེས་བྱ་བ་ཉིད་དེ། སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་ཕུང་ཁྲོལ་ཐམས་ཅད་ཀྱི་གནས་སུ་གྱུར་པ་ནི་སོ་སོའི་སྐྱེ་བོ་ཡིན་ནོ་ཞེས་པའི་ཚིག་གིས་སོ། །དེ་ལ་འདིས་ [62a.3]ནི་འདི་ལྟར་སྟོན་ཏེ། མི་ཤེས་པ་དང་ལྡན་པ་དེ་ལས་ནི་ལས་སོ། །དེ་ལས་བྱུང་བ་ནི་སྡུག་བསྔལ་ཡིན་ནོ་ཞེས་བྱ་བས་སོ། །ཕྱིན་ཅི་ལོག་སྡུག་བསྔལ་འགོག་པ་ནི་དེ་བཞིན་ཉིད་ལ་ལྟ་བ་དང་མངོན་པར་དགའ་བ་གཉིས་ཀྱིས་ཏེ། ཡེ་ཤེས་ལ་ཡང་དག་པར་འཇུག་པར་བྱའོ་ཞེས་པའི་དོན་ཏེ། ཐར་པའི་ [62a.4]བདེ་བ་འཐོབ་པའི་ཐབས་ཀྱང་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བའི་འཕགས་པའི་ལམ་ཡིན་ཏེ། དེ་ཉིད་ལ་གཟུད་པའི་ཕྱིར་སྨྲས་པ། སྒྲོན་མ་ནི་སྣང་བ་སྟེ། གང་གི་ཕྱིར་འཕགས་པའི་ལམ་གྱི་སྣང་བ་དང་། དད་པ་དང་བརྩོན་འགྲུས་ལ་སོགས་པའི་སྒྲའི་མིང་དུ་འདིར་བརྗོད་དེ། ཇི་སྐད་དུ་བཤད་ [62a.5]པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི་སྣང་བ་ཡིན་ནོ་ཞེས་ཚིག་བླ་དྭགས་སུ་བཏགས་པ་ཡིན་ནོ། །དད་པས་ནི་འཁོར་བའི་རྒྱ་མཚོ་ལས་རྒལ་བར་བྱེད་དོ། །བརྩོན་འགྲུས་ཀྱིས་ནི་སྡུག་བསྔལ་སྤང་བར་འགྱུར་རོ་ཞེས་དཔེར་བརྗོད་པར་བྱའོ། །ཇི་ལྟར་ཕྱི་རོལ་གྱི་མུན་པ་ལ་སྒྲོན་མེ་བྱུང་བར་ [62a.6]གྱུར་ན་དེ་སེལ་བར་ནུས་པ་ཡིན་ཏེ། དེ་བཞིན་དུ་མི་ཤེས་པའི་མུན་པ་དེ་འཕགས་པའི་ལམ་གྱིས་བསལ་བར་ནུས་པ་ཉིད་དེ། དེ་བས་ན་འདྲ་བའི་ཕྱིར་སྒྲོན་མ་བཞིན་པས་སྒྲོན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཚོལ་བར་མི་བྱེད་ཅེས་བྱ་བ་སྨོས་ཏེ། དེ་ཚོལ་བར་མི་བྱེད་པ་ནི་དེ་ཇི་ལྟར་རྟོགས་པའི་ཕྱིར་མི་བྱེད་དེ་ [62a.7]འབད་པས་བསྒྲུབ་པར་གྱིས་ཤིག་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་འདིར་ཉེས་པ་རྣམ་པ་གསུམ་གྱིས་སེམས་ཅན་རྣམས་ལ་བསྐུལ་བ་ཡིན་ཏེ། བག་མེད་པ་དང་། རང་བཞིན་དང་། སྒྲིབ་པའི་སྐྱོན་ནོ། །སེམས་ཅན་འདི་དག་ནི་བདེ་བ་མངོན་པར་ཚོལ་བ་ལ་བདེ་བར་གནས་པ་སྟེ། བདེ་བར་ [62b] [62b.1]མྱོང་བ་ལྟ་བུ་ནི་ཡུལ་དག་ལ་ཀུན་ཏུ་དགའ་ཞིང་མགུ་བ་ཡིན་ཏེ། འདི་དག་ནི་བག་མེད་པའི་སྐྱོན་ནོ། །གང་དུ་ཡང་དེ་མངོན་པར་དགའ་བ་དེ་ཐམས་ཅད་ནི་ཉོན་མོངས་པའི་མེ་དང་སྡུག་བསྔལ་གྱི་མེ་རབ་ཏུ་འབར་བ་ཡིན་ཏེ། འདི་ནི་རང་བཞིན་གྱི་སྐྱོན་ནོ། །དེ་དག་ཀྱང་མ་རིག་པའི་མུན་པར་ཞུགས་པ་ལ་ [62b.2]ཟག་པ་མེད་པའི་ཤེས་པའི་སྒྲོན་མ་མི་ཚོལ་བ་ཡིན་ཏེ། འདི་ནི་སྒྲིབ་པའི་སྐྱོན་ནོ། །དེས་ན་བཅོམ་ལྡན་འདས་ཀྱིས་ཉེས་པ་གསུམ་བཟློག་པའི་ཕྱིར་ཚིགས་བཅད་འདི་བཀའ་སྩལ་པ་ཡིན་ནོ། །ཇི་ལྟར་མི་རྟག་པ་ཉིད་ཀྱི་མེ་རབ་ཏུ་འབར་བས་བདག་ཉིད་ཀྱི་དངོས་པོ་གང་འདི་ཞེས་བྱ་བ་བསྟན་པ་དེ་རྟོགས་པར་བྱ་བ་ [62b.3]ལ་ཀུན་དུ་སྤྱོད་པ་འདིས་ཉེ་བར་གནོད་པར་ཤེས་པ་ལ་འབད་པ་མེད་པ་ཉིད་དུ་འགྲུབ་པའི་ཕྱིར་སྨྲས་པ། རུས་པ་ཐི་བའི་མདོག་འདྲ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་བྱུང་བ་ནི་མཉན་ཡོད་ན་དགེ་སློང་གསར་བུ་རྣམས་ལྷག་པར་ཁྲུས་དང་གོས་དང་རྒྱན་ལ་སོགས་པ་གཙོར་བྱེད་ཅིང་གནས་པར་ [62b.4]གྱུར་ཏེ། ལུས་ལ་ལྷག་པར་ཞེན་པས་དེ་དག་གིས་གློག་པ་དང་ལ་ཏོན་ལ་སོགས་པ་ཡོངས་སུ་སྤངས་པ་དང་། ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་དེ་དག་ལ་སྐྱོ་བ་བསྐྱེད་པའི་ཕྱིར་དུར་ཁྲོད་དུ་གཤེགས་ཤིང་སྤྱོད་པར་གྱུར་ཏོ། །དེའི་ཚེ་ན་རྐུན་པོ་ལྔ་བརྒྱ་བསད་དེ་ཤི་བའི་རོ་དག་བོར་བ་ཡོད་པས་དེ་དག་ལ་ [62b.5]དེ་ཉེ་བར་བསྟན་ཅིང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལྟོས་ཤིག །ཤི་བའི་རོ་འདི་དག་ནི་ཤིན་ཏུ་འཇིགས་སུ་རུང་བ་ཡིན་ཏེ། འཁོར་བས་ཆོག་ཤེས་པར་གྱིས་ཤིག །འཁོར་བའི་ལོངས་སྤྱོད་ཉེ་བར་སྤྱོད་པས་ཀྱང་ཆོག་ཤེས་པར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། ཇི་ [62b.6]ཙམ་ན་དེ་དག་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །གཞན་དག་ནི་མངོན་པའི་ང་རྒྱལ་ཅན་གྱི་དགེ་སློང་ལྔ་བརྒྱ་ཙམ་གྱི་དབང་དུ་བྱས་ནས་འདི་གསུངས་སོ་ཞེས་ཟེར་རོ། །དེ་ལ་འདིར་ཡང་རྣམ་པ་ལྔས་མི་རྟག་པར་ཡོངས་སུ་སྟོན་པ་ཡིན་ཏེ། རྣམ་པར་ཞིག་པ་དང་། བྲལ་བ་དང་རྣམ་ [62b.7]པར་འཇིག་པ་དང་། ཉེ་བར་གནས་པའི་རྣམ་པ་དང་། ཆོས་ཉིད་ཀྱི་རྣམ་པས་བཤད་པའོ། །དེ་ལ་བོར་བ་གང་ཡིན་འདི་དག་ནི་ཞེས་བྱ་བས་ནི་རྣམ་པར་ཞིག་པས་མི་རྟག་པ་ཉིད་དུ་བསྟན་ཏེ། གང་གི་ཕྱིར་འཚོ་བའི་སྲོག་ཡོད་པ་ཡང་རུས་པ་རྣམ་པར་འཇིག་པས་དེ་ལྟར་བོར་བར་འགྱུར་བའོ། ། [63a] [63a.1]ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བ། །ཞེས་བྱ་བ་འདིས་ནི་བྲལ་བས་མི་རྟག་པར་བསྟན་ཏེ། ཕྱོགས་སྣ་ཚོགས་པ་ལ་གནས་པས་ཕན་ཚུན་བྲལ་བ་ཉིད་དུ་གྲུབ་པའི་ཕྱིར་རོ། །ཐི་བའི་མདོག་འདྲ་བ་ཞེས་བྱ་བས་ནི་རྣམ་པར་འགྱུར་བས་མི་རྟག་པར་བསྟན་ཏེ། སྔོན་གྱི་ཡིད་དུ་ [63a.2]འོང་བའི་མདོག་ལས་གཞན་དུ་གྱུར་པའི་ཕྱིར་རོ། །དེ་མཐོང་ཞེས་བྱ་བ་ནི་ཉེ་བར་གནས་པའི་མི་རྟག་པ་བསྟན་ཏེ། རྣམ་པ་གསུམ་པོ་འདི་ཉིད་ཀྱིས་མི་རྟག་པ་སྟེ། ད་ལྟར་བྱུང་བའི་དུས་སུ་ཉེ་བ་ཞེས་བརྗོད་དོ། །དེ་མངོན་སུམ་དུ་བྱེད་པ་ནི་རྣམ་པའོ། །འདི་ལ་ཅི་ཞིག་དགའ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་རྣམ་པས་ [63a.3]མི་རྟག་པ་སྟེ། འདིའི་ལུས་ཀྱང་འཚོ་བ་ཉིད་ཀྱི་ཆོས་ལས་འཆི་བའི་ལུས་སུ་གྱུར་ཏེ་རྣམ་པ་གསུམ་གྱིས་མི་རྟག་པ་ཉིད་དུ་ཉེ་བར་གནས་ཤིང་སྣང་སྟེ། འདི་ན་འཆི་བའི་ལུས་ཀྱང་དེ་དང་འདྲ་བའི་ཆོས་སུ་གཅིག་པ་ཉིད་དེ། དེ་ལ་ཅི་ཞིག་དགར་ཅི་ཡོད། །ཅེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ [63a.4]ནི་གང་ཡིན་ཞེས་བྱ་བ་ནི་རུས་པ་ཞེས་བྱ་བ་དང་སྦྱར་རོ། །འདི་དག་ནི་ཞེས་བྱ་བ་ནི་ཕྱོགས་ཉེ་བ་ན་གནས་པའོ། །བོར་བ་ཞེས་བྱ་བ་ནི་ཉེ་བར་འཛིན་པའི་རླུང་དང་བྲལ་བས་བོར་བའོ། །རྣམ་པར་འཐོར་བ་ནི་མི་འདྲ་བར་བཀོད་ཅིང་རིག་པ་མེད་པ་བཞིན་དུ་འཚོལ་བར་གནས་པ་སྟེ། མཇིང་པའི་རུས་པ་རྣམས་ནི་ [63a.5]གཞན། རྐང་པའི་རུས་པ་རྣམས་ཀྱང་གཞན་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་པ་ཡིན་ནོ། །ཅི་ནས་གང་དུ་རྟེན་ནས་བོར་བ་དང་། རྣམ་པར་འཐོར་ནས་འདུག་པ་ཡིན་ཞེ་ན། སྨྲས་པ། ཕྱོགས་དང་ཕྱོགས་སུ་ཞེས་བྱ་བ་སྨོས་ཏེ། འདི་ཟློས་པ་ནི་ཕྱོགས་ཀྱི་རྣམ་པ་མང་པོ་སྣ་ཚོགས་པ་སྟེ། མཐོ་ [63a.6]བ་དང་དམའ་བ་ལ་སོགས་པའི་ཕྱོགས་དག་ཏུ་རྣམ་པར་གཏོར་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ཐི་བའི་མདོག་འདྲ་བ་ཞེས་བྱ་བ་ཡིན་ཏེ། ཐི་བ་ཞེས་བྱ་བ་ནི་ཕུག་རོན་ཞེས་བྱ་བའི་བྱ་བཞིན་དུ་མདོག་སྣང་བ་གང་ཡིན་པའི་རུས་པ་དེ་ཉིད་སྔོ་སྐྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་རུས་པ་ [63a.7]གང་ཡིན་པ་དེ་མཐོང་བ་ནི་སྣང་བའོ། །འདིར་ཟིན་པའི་ལུས་ལ་ཅི་ཞིག་དགའ་ཞིང་ལྷག་པར་ཆགས་ཞེས་བྱ་བའི་དོན་ཏེ། ཁ་དོག་དང་དབྱིབས་ཉམས་པ་དང་ལྡན་པའི་ལུས་ལའོ། །ཤེས་རབ་ཅན་ནི་ནམ་ཡང་མངོན་པར་དགའ་བ་སྐྱེ་བར་མི་འགྱུར་ཏེ། མཐར་ཡིད་དུ་མི་འོང་བ་ཉིད་ཡིན་པའི་ཕྱིར་རོ། །དེའི་ [63b] [63b.1]ཕྱིར་བོར་བ་ནི་ཚིགས་རྣམས་འབྲེལ་བཞིན་དུ་རུས་པ་བོར་བ་ཉིད་དུ་བསྟན་ཏོ། །རྣམ་པར་འཐོར་བ་ནི་ཚིགས་རྣམས་བྱེ་བ་ཉིད་ཀྱིས་འཐོར་བར་བསྟན་ཏོ། །དབྱིབས་ཉམས་པ་རྣམ་པ་གཉིས་ཀྱིས་བསྒྲུབས་ནས་མདོག་ཉམས་པ་ནི་ཐི་བའི་མདོག་འདྲ་ཞེས་བྱ་བས་བསྟན་ཏོ། །དེ་ལ་འདིས་འདོད་ཆགས་རྣམ་པ་ [63b.2]བཞིའི་གཉེན་པོར་གསུངས་པ་ཡིན་ཏེ། དེ་ལ་འཐོར་བ་ཞེས་བྱ་བ་འདིས་ནི་ཉེ་བར་སྤྱོད་པའི་འདོད་ཆགས་ཀྱི་གཉེན་པོ་བསྟན་ཏེ། དེ་ལ་ཉེ་བར་སྤྱོད་པ་མེད་པའི་ཕྱིར་རོ། །རྣམ་པར་འཐོར་བ་ཞེས་བྱ་བ་འདིས་ནི་དབྱིབས་ཀྱི་འདོད་ཆགས་ཀྱི་གཉེན་པོ་བསྟན་ཏེ། དེ་ན་འདོད་ཆགས་དང་རྗེས་སུ་མཐུན་པའི་ [63b.3]དབྱིབས་མེད་པའི་ཕྱིར་རོ། །ཐི་བའི་མདོག་འདྲ་བ་ཞེས་བྱ་བས་ནི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་བསྟན་ཏེ། མདོག་འདི་ནི་མངོན་པར་མི་འདོད་པའི་ཕྱིར་རོ། །རུས་པ་ཞེས་བྱ་བས་ནི་རེག་པའི་འདོད་ཆགས་ཀྱི་གཉེན་པོ་བསྟན་ཏེ། རེག་པར་མི་བཟོད་པའི་ཕྱིར་རོ། །བྱུང་བ་གཉིས་པའི་དབང་དུ་ [63b.4]བྱས་ན་ཡང་དེ་བཞིན་གཤེགས་པས་འདི་སྐད་དུ་བསྟན་པར་གྱུར་ཏེ། འདི་ལྟ་སྟེ་གང་འདོད་ཆགས་དང་མ་བྲལ་བ་དེ་རྣམས་ཀྱིས་ནི་ལན་དུ་མར་ལུས་ལ་འདི་བཞིན་དུ་བསྒོམ་པར་བྱ་བ་ཡིན་ཏེ། ཁྱེད་ཅག་ཀྱང་འདོད་ཆགས་དང་མ་བྲལ་བ་ལྟ་བུ་ཡིན་ནོ་ཞེས་པ་སྟེ། དེ་ཡང་འདིས་བསྟན་པས་ངེས་པར་ [63b.5]བདག་ཅག་ཀྱང་ནི་འདོད་ཆགས་དང་མ་བྲལ་བ་དག་སྟེ་འདོད་ཆགས་དང་བྲལ་བ་བཞིན་དུ་མངོན་པའི་ང་རྒྱལ་སྐྱེས་པས་དེས་ན་བདག་ཅག་ལ་བཅོམ་ལྡན་འདས་ཀྱིས་འདི་ལྟར་བསྐུལ་བ་ཡིན་ནོ་ཞེས་སྐྱོ་བ་ཡང་དག་པར་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་ལམ་གཞན་ཡང་དག་པར་བསྟན་པས། [63b.6]ཁམས་གསུམ་ལས་འདོད་ཆགས་དང་ཡང་དག་པར་བྲལ་བ་ཐོབ་པར་གྱུར་ཏོ། །དེས་ན་ལུས་ལ་མངོན་པར་ཞེན་པ་རྣམས་ལ་དེ་ལས་སྐྱོ་བ་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །འདུས་བྱས་རྣམས་ཐ་མར་ཡིད་དུ་མི་འོང་བ་གཅིག་པུར་མ་ཟད་དེ། དང་པོ་ནས་བརྩམས་ཏེ་ཡིད་ [63b.7]དུ་མི་འོང་བ་ཡིན་ནོ་ཞེས་གསལ་བར་བསྟན་པའི་ཕྱིར་སྨྲས་པ། གང་གི་ནུབ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་བྱུང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཐམས་ཅད་གཡོ་ཞིང་འཇིག་རྟེན་ཐམས་ཅད་འཆི་བའི་དབང་དུ་འགྲོ་ཞེས་བཀའ་སྩལ་པ་དང་། ཇི་ [64a] [64a.1]ཙམ་ན་དགེ་སློང་ཞིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་འདི་སྐད་ཅེས་གསོལ་ཏོ། །ཅི་བཙུན་པ་གང་མངལ་ན་གནས་པ་ཡང་རབ་ཏུ་མི་གནས་པ་རབ་ཏུ་མི་བརྟན་པ་ཉིད་དམ། དགེ་སློང་དག་མཚན་མོ་མི་དག་མའི་ལྟོར་འཇུག་པ་དེ་ཉིད་ནས་བརྩམས་ཏེ་ [64a.2]འཆི་བདག་གི་དྲུང་དུ་ཉེ་བར་འགྲོ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་གོ་ཞེས་བྱ་བའི་བར་དུ་སྟོན་པས་དེ་ལྟར་བཀའ་སྩལ་ཏོ་ཞེས་བྱ་བའོ། །དང་པོའི་ཚིག་རྐང་གསུམ་གྱིས་ནི་སྐད་ཅིག་མས་ཚེ་ཟད་པར་བསྟན་ཏོ། །ཐ་མས་ནི་ཚེ་ཟད་པ་ལས་ཕྱིར་ཡང་མི་འོང་བ་ [64a.3]ཉིད་དེ། འདི་ནི་བསྡུས་པའི་དོན་ཏེ། ལུས་དང་གནས་ཀྱི་ཁྱད་པར་དང་སྡོད་པ་དང་ལྡོག་པ་དང་རེ་བ་དང་བྲལ་བར་འདིས་སྟོན་པ་ཡིན་ནོ། །དུས་དེ་ཉིད་ནི་དང་པོའོ་མཚན་མོར་མངོན་པར་འདོད་པ་ནི་གནས་སོ། །མའི་མངལ་དུ་གནས་པ་ནི་སྡོད་པའོ། །རྩིབ་ལོགས་གཅིག་ཏུ་གནས་པ་ནི་ལྡོག་པའོ། །སོང་ནས་ [64a.4]ཡང་འབྱུང་བ་ཡིན་ནོ་ཞེས་བྱ་བ་སྟེ། རྣམ་པ་བཞིས་ཡང་ཡོད་དོ་ཞེས་རེ་བ་དག་འདི་ལ་མེད་པ་ཡིན་ཏེ། མཁས་པ་རྣམས་ནི་འཚོ་བས་དྲེགས་པར་མི་བྱེད་དོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ནི་གནས་ཞེས་བྱ་བ་ནི་བསྟན་པ་སྟེ། ནུབ་མོ་ཞེས་བྱ་བ་དང་སྦྱར་ཏེ། གང་མ་བསྟན་པའི་ [64a.5]ནུབ་མོ་གཅིག་སྟེ་དགུན་ནམ་དེ་ལས་གཞན་པའོ། །ཁོ་ན་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། གང་དེ་མངལ་དུ་འཇུག་པའི་ནུབ་མོ་དེ་ཉིད་ཅེས་བྱ་བའི་དོན་ཏོ། །ནུབ་མོ་གང་ཡིན་ཞེ་ན། སྨྲས་པ། དང་པོ་སྟེ་མཚམས་སྦྱོར་བའི་སྐད་ཅིག་མ་ཉེ་བར་མཚོན་པ་ཞེས་བྱ་བའི་བར་དུའོ། །མངལ་དུ་ཞུགས་ [64a.6]པ་ནི་མའི་ལྟོར་ཞུགས་ཏེ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སུ་གྱུར་པ་སྟེ། ཞོའི་སྤྲིས་མ་ལྟ་བུའི་ནུར་ནུར་པོ་ལ་སོགས་པ་སྟེན་པར་བྱེད་པ་དེ་ལྟ་བུ་དག་ཡིན་ནོ། །དེ་ལྟར་བྱེད་པ་སུ་ཡིན་ཞེ་ན་དེས་སྨྲས་པ། མིའི་སེམས་ཅན་ཏེ་ཡིད་གང་ལ་ཡོད་པ་དེ་ནི་མི་སྟེ་སྒྲ་གཅན་བཞིན་ནོ། ། [64a.7]བདག་དང་བདག་གི་ལ་སོགས་པའི་ཉོན་མོངས་པ་མ་སྤངས་པ་ཉིད་མངལ་དུ་འཇུག་པ་ཡིན་ནོ་ཞེས་མཚོན་པའོ། །ནུབ་མོ་ཞེས་སྨོས་པས་ནི་ཉིན་པར་མངལ་དུ་འཇུག་པ་མེད་པའི་ཕྱིར་ཞེས་ཁ་ཅིག་འདོད་དེ། གང་ཕྱིར་མུན་པར་འཇུག་པ་ཡང་། །མངལ་གནས་མཚན་མོ་དེ་བཞིན་ཏེ། །དེ་ཉིད་ལ་ [64b] [64b.1]ནི་འབྱུང་འགྱུར་ཞེས། །ཁ་ཅིག་དེ་སྐད་རབ་ཏུ་སྨྲ། །ཇི་ལྟར་ཉེར་སྤྱོད་མི་ཟད་པ། །ཚོང་དུས་ཉིད་དུ་འཕེལ་བ་བཞིན། །གཞན་དག་ཏུ་ནི་དེ་ལྟ་མིན། །དེ་བཞིན་མཚན་མོ་ཉིང་མཚམས་སྦྱོར། །ཞེས་སོ། །ཉིན་པར་ཡང་དེ་འདོད་པ་སྐྱེ་བ་ཡོད་པས་མི་འགལ་ཏེ། དེ་ཚོགས་པ་ལ་རག་ [64b.2]ལུས་པའི་ཕྱིར་རྣམ་པ་ཐམས་ཅད་དུ་དེ་ལ་ཡང་ངེས་པ་མེད་པས་དེའི་ཕྱིར་ཐུབ་པས་དུས་ངེས་པར་མ་གསུངས་ཏེ། གནས་གསུམ་མངོན་དུ་གྱུར་ན་བུ་དང་བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ་ཞེ་ན། འདི་ནི་ཕལ་ཆེ་བའི་དབང་དུ་བྱས་ནས་ནུབ་མོ་ཞེས་བསྟན་པ་ཡིན་ཏེ། དེ་ [64b.3]ལྟར་ལྷག་པར་འཁྲིག་པའི་འདོད་ཆགས་སྤྱོད་པའི་ཕྱིར་བཤད་པ། བྱ་བ་མང་དང་འབྲེལ་པའི་ཕྱིར། །ཉིན་པར་འདོད་ཆགས་སྐྱེ་མི་འགྱུར། །བྱ་བ་མ་ལུས་ཞི་བའི་ཕྱིར། །མཚན་མོ་འདོད་ཆགས་རབ་ཏུ་སྐྱེ། །ཞེས་པས་སོ། །སྡོད་མེད་ཅེས་བྱ་བ་ནི་གགས་མེད་པ་དང་བགེགས་མེད་པར་ཞེས་ [64b.4]བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་མི་དེའོ། །འགྲོ་འགྱུར་ཞིང་ཞེས་བྱ་བ་ནི་ཟད་པ་དང་རྣམ་པར་གྱུར་པ་དང་འགྲོ་བ་ཞེས་བྱ་བའི་བར་དུའོ། །སོང་བ་ལས་ཞེས་བྱ་བ་ནི་འཆི་བའི་དྲུང་དུ་སོང་བ་ལས་ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་དང་རིམ་པ་བཞིན་དུ་ཡང་འདི་སྦྱར་བར་ཤེས་པར་བྱ་བའོ། །ལྡོག་པ་ [64b.5]མེད་ཅེས་བྱ་བ་ནི་ལྡོག་པ་ཉིད་ནི་མ་ཡིན་ཏེ། སླར་ཡང་ལྡོག་པར་མི་འགྱུར་བའི་དོན་ཏོ། །གང་གི་ཕྱིར་འཚོ་བ་ཉིད་གཡོ་བ་སྟེ་དེས་ན་སྲོག་གི་ངེས་པ་ཡིན་ནོ་ཞེས་ངེས་པར་མི་གཟུང་ངོ་། །སྲོག་གིས་སྙེམས་པ་ལ་དེ་སྤངས་པའི་ཕྱིར་ཚིགས་བཅད་འདིས་ཤེས་པར་བྱ་བ་ཡིན་ནོ། །བར་དུ་ཡང་ [64b.6]བདག་གི་དངོས་པོ་ཡིད་དུ་མི་འོང་བ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། སྔ་དྲོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་བྱུང་བ་དང་གླེང་གཞི་ནི་མཉན་ཡོད་ན་རྒྱལ་བུ་གསལ་རྒྱལ་གྱི་ཡུལ་མིའི་ལས་ཀྱི་སྣ་ལ་གཏོགས་པའི་སྐྱེས་བུ་ཞིག་ལང་ཚོའི་དྲེགས་པས་སྙེམས་པ་དེས་གསར་དུ་བླངས་ [64b.7]པའི་ཆུང་མ་ཞིག་གཟུགས་མཛེས་ཤིང་བལྟ་ན་སྡུག་ལ་རབ་ཏུ་མཛེས་པས་དེ་ལ་ཡང་དེ་ཤིན་ཏུ་ལྟ་ཞིང་སེམས་ཆགས་པར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་དེ་ཡུལ་མིའི་བྱ་བ་ཞིག་བྱུང་ནས་དེ་དེར་སོང་ངོ་། །དེའི་འོག་ཏུ་དེའི་ཆུང་མ་སྦྲུལ་ནག་པོས་ཟིན་ཏེ་དུས་བྱས་སོ། །དེ་ཕྱི་དྲོ་འོངས་ [65a] [65a.1]ནས་བསྲེག་སར་ཤིང་གི་སྟེང་དུ་བསྐྱོན་ནས་བསྲེགས་པ་མཐོང་ནས་དེ་ཉིད་དུ་བདག་ཀྱང་ཞུགས་ཏེ་གཉི་ག་ཤིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་དེ་སྐྱོ་བ་ཡང་དག་པར་བསྐྱེད་པའི་ཕྱིར་དེར་གཤེགས་ཏེ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མི་རྣམས་ཀྱི་འཚོ་ [65a.2]བ་ནི་མི་རྟག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་ནས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་བཀའ་སྩལ་པ་ཡིན་ནོ། །སྲོག་ནི་ཡིད་བརྟན་དུ་མི་རུང་སྟེ་དུས་ངེས་པ་མེད་པའི་ཕྱིར་མར་མེ་རླུང་ཁར་མ་བསྲུངས་པར་གཞག་པ་ལ་ཤི་བའི་དུས་ངེས་པ་མེད་པ་བཞིན་དུ་ [65a.3]སྟེ། འདི་ནི་བསྡུས་པའི་དོན་ཏོ། །ཕྱི་དྲོ་ཞེས་བྱ་བའི་སྒྲ་ནི་ཚིག་གི་ཕྲད་ཡིན་ཏེ་བདུན་པའི་དོན་ལ་འཇུག་སྟེ་ཉིན་པར་གྱི་ཐ་མ་ཕྱི་འཕྲེད་ཀྱི་དུས་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་གཅིག་འགའོ། །མཐོང་མི་འགྱུར་ཞེས་བྱ་བ་ནི་མ་དམིགས་པའོ། །དེ་གང་ཡིན་ཞེ་ན། སྨྲས་པ། སྔ་དྲོ་ནི་ཐོག་མ་སྟེ་དེ་ཉིད་ཉི་ [65a.4]མའི་དང་པོའོ། །མཐོང་བ་ནི་ཡང་དག་པར་དམིགས་པ་དང་། ཡུལ་དུ་བྱས་ཞེས་བྱ་བའི་དོན་ཏེ། སེམས་ཅན་ཁ་ཅིག་སྔ་དྲོ་མཐོང་བ་ལས་ཕྱི་དྲོ་བཙལ་ན་ཤི་བར་གྱུར་པའི་ཕྱིར་མ་མཐོང་བ་ཡིན་ནོ། །སྐྱེ་བོ་མང་པོ་ནི་སྐྱེ་བོ་ཆེན་པོ་སྟེ། ཆེན་པོའི་སྒྲ་ནི་འདིར་མང་པོ་སྟོན་པར་བྱེད་པ་སྟེ། སྐྱེ་བོའི་ཚོགས་ [65a.5]ཆེན་པོ་འདུས་སོ་ཞེས་བྱ་བ་བཞིན་ནོ། །སྔ་དྲོ་ཁ་ཅིག་ཅེས་བྱ་བ་ནི་གང་ནུབ་མོ་དེ་ཉིད་ཀྱི་དང་པོར་མཐོང་བ་དེ་ཉིད་ཀྱི་ཐ་མར་མ་མཐོང་བ་ཞེས་བྱ་བའི་དོན་ཏོ། །དེ་ནི་དོན་འདི་ལྟར་སྟོན་པ་ཡིན་ཏེ། སེམས་ཅན་ནི་རྣམ་པ་གཉིས་ཏེ། འདོད་ཆགས་ཅན་དང་། ཚོང་གི་ཐ་སྙད་བྱེད་པ་དག་གོ། །དེ་ལ་འདོད་ [65a.6]ཆགས་ཅན་བུད་མེད་ཀྱི་སྐྱེ་བོ་ཉེ་བར་ལོངས་སྤྱོད་པའི་བདེ་བ་སྤྱད་པའི་དུས་སུ་ཚོལ་བ་ན་ཡང་འདོད་ཆགས་ཅན་གྱིས་མ་མཐོང་བ་དེའི་དབང་དུ་བྱས་ནས་ཚིགས་བཅད་ཀྱི་ཕྱེད་དང་པོའོ། །གང་ཡང་ཚོང་གི་ཐ་སྙད་བྱེད་པའི་བདག་པོ་ལ་སོགས་པ་དེས་སྔ་དྲོའི་དུས་སུ་ཚོང་གི་ཐ་སྙད་དང་བཅས་པ་སྟེ། [65a.7]དེ་ཚོང་གི་ཐ་སྙད་རྣམས་ཀྱིས་གྲོང་དཔོན་ལ་སོགས་པས་སྔ་དྲོ་མི་མཐོང་བ་ཚིགས་བཅད་ཕྱེད་འོག་མའོ། །དགེ་བའི་ལས་དག་ལ་ཕྱི་ཤོལ་བྱེད་པ་དག་ལ་སྦྱར་བའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །གང་གི་ཕྱིར་དེ་ལྟར་འཚོ་བའི་སྲོག་ངེས་པ་མེད་པ་དེས་ན་བདག་ལ་ཕན་པར་འདོད་པ་ [65b] [65b.1]རྣམས་ཀྱིས་འདིར་ཡིད་བརྟན་པར་བྱ་བ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། སྐྱེས་པ་བུད་མེད་མང་པོ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིགས་བཅད་སྔ་མས་ནི་དུས་ལ་སོགས་པ་ལ་ངེས་པ་མེད་པར་བསྟན་ནས། འདིས་ནི་ན་ཚོད་ཀྱི་གནས་སྐབས་ངེས་པ་མེད་པ་ཉིད་དུ་བསྟན་པ་ [65b.2]ཡིན་ནོ། །ཡང་ན་ཡིད་བརྟན་པ་ལ་ཡིད་མི་ཆེས་པའི་རྒྱུས་འདིར་ཡང་ཡིད་བརྟན་པར་བྱ་བ་གང་ཡང་མེད་དོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་ངེས་པ་དང་བྲལ་བ་སྟེ་ཞེས་བྱ་བ་ཡིན་ཏེ། གསོན་པ་ཞེས་བྱ་བ་འདི་དང་སྦྱར་རོ། །ཅི་ཞིག་ཅེས་བྱ་བ་ནི་གང་ཞིག་ཡོད་དེ་གདེང་དྲོད་ [65b.3]མེད་པའི་ཕྱིར་ཏེ། མི་ཞེས་བྱ་བ་འདི་དང་སྦྱར་རོ། །གདེང་དྲོད་ནི་ཡིད་རྟོན་པར་བྱེད་པ་དང་། འཇིགས་པ་མེད་པར་འདུག་པའོ། །འཆི་བའི་ཆོས་ཅན་ཡིན་པས་མི་སྐྱེ་བ་སྟེ། སྐྱེ་བར་གྱུར་ན་ངེས་པར་འཆི་བ་ཡིན་པའི་ཕྱིར་དང་ཤེས་རབ་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ན་མི་ཞེས་བྱ་བ་ [65b.4]ནི་ཤེད་ལས་སྐྱེས་སོ། །ཡིད་ཀྱིས་ཉེ་བར་མཚོན་པའི་ཕྱིར་དེ་ལ་བློ་དང་ལྡན་པ་ཉིད་དུ་སྟོན་ཏོ། །གསོན་པ་ཞེས་བྱ་བ་ནི་ཡིད་བརྟན་པ་ཡིན་པའི་ཕྱིར་ཏེ། གང་གི་རྣམ་པས་ཡིད་བརྟན་པ་ཡིན་ཞེ་ན། བདག་ནི་གཞོན་ནོ་ཞེས་བྱ་བ་སྟེ། ན་ཚོད་དང་པོ་ལ་བདག་གནས་པ་ཡིན་ནོ་ཞེས་པ་འདིའི་རྣམ་པས་ [65b.5]སོ། །དེ་ཉིད་དེ་བཞིན་དུ་འཚོ་བ་ལས་ཡིད་བརྟན་དུ་མི་རུང་བ་སྟེ། མིར་གྱུར་ནས་དར་ལ་བབ་པ་སྟེ། རེ་ཞིག་བདག་ནི་གནས་སྐབས་འདི་ལ་འཆི་བར་མི་འགྱུར་རོ་ཞེས་དེ་དེ་ལྟ་བུར་ཡིད་བརྟན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། དར་ལ་བབ་པའང་ཞེས་པ་སྟེ། གཞོན་ [65b.6]པར་གྱུར་ཀྱང་སྲོག་དང་བྲལ་ཞིང་འཆི་བ་ཡིན་ན། རྒས་པར་གྱུར་ན་ལྟ་སྨོས་ཀྱང་ཅི་དགོས་པའོ། །ན་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ། །མི་ལ་སོགས་པ་ནི་དེ་ལྟར་འཆི་བ་ཡིན་གྱི། ལྷ་ནི་མ་ཡིན་ཏེ། མི་འཆི་བའི་ཕྱིར་རྒ་བ་དང་ན་བ་དང་འཆི་བ་མེད་པའི་འཆི་བ་ཡིན་ནོ་ཞེས་བྲམ་ཟེ་ཐང་ལ་ [65b.7]འབར་གྱིས་བཤད་པ་ནི་འཇིག་རྟེན་པ་ཡིན་པས་དེ་ནི་མི་རིགས་ཏེ། སེམས་ཅན་ཐམས་ཅད་འཆི་བར་འགྱུར་ཞེས་པའི་ཡུང་གིས་སོ། །རིགས་པ་ཡང་ལུས་ནི་བྱས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སོ། །སྐྱེས་པ་བུད་མེད་ཅེས་བྱ་བ་འདིར་ནི་ཐམས་ཅད་འདུས་པ་ཡིན་ཏེ། མ་ནིང་ [66a] [66a.1]ནི་ཕྱོགས་གཉི་ག་ལ་བརྟེན་པའི་ཕྱིར་གཉི་གས་གཟུང་ངོ་། །ཡང་ན་གཙོ་བོ་ཡོངས་སུ་གཟུང་བས་གཞན་སྨོས་མི་དགོས་པའི་ཕྱིར་རོ། །མང་པོ་ཞེས་བྱ་བ་ནི་ལན་མང་པོ་སྟེ། ཚེ་རབས་ཚེ་རབས་སུ་ཡང་དང་ཡང་ཞེས་བྱ་བའི་དོན་ཏོ། །གང་ཡང་འཆི་བ་མ་ཡིན་ནོ་ཞེས་ [66a.2]བསྟན་པ་དེ་ནི་ཚིག་ཙམ་དུ་ཟད་དེ། ཡང་སྨྲས་པ། མི་འཆི་བ་ཞེས་བྱ་བ་ནི་མིང་ཉི་ཚེར་ཟད་དེ། སུམ་ཅུ་རྩ་གསུམ་པའི་མིང་མ་བཏགས་པར་བརྗོད་པ་ཡིན་ནོ། །རང་གི་ལས་འབྲས་ཉེ་བར་སྤྱད་ནས་ཀྱང་། །ངེས་པར་ལྟུང་ཞིང་ཉམས་པར་འགྱུར་བ་སྟེ། །གསེར་གྱི་བྱེ་མའི་ཚོགས་ཅན་མཚོ་ [66a.3]བསྟེན་པ། །རྩྭ་འཇམ་བརྒྱན་པའི་ས་ཕྱོགས་ཉམས་དགའ་དང་། །ལྷ་ཡི་བུ་མོའི་བདེ་བ་ཉམས་དགའ་རྣམས་ལྟ་བའང་། །འཆི་བའི་མཚན་མས་འཁྱུད་ཅིང་ཉམ་ཐག་འོ་དོད་འབོད། །ལང་ཚོས་དྲེགས་ཤིང་འཆི་བའི་འཇིགས་པ་དང་བྲལ་བ་དག་ལ་སྲིད་པ་ལས་སྐྱོ་བར་བྱ་བའི་ཚིགས་སུ་བཅད་པ་ [66a.4]འདི་གསུངས་སོ། །ལང་ཚོས་ཐོབ་པ་གཅིག་པུ་འཆི་བར་འགྱུར་བར་མ་ཟད་དེ་ལང་ཚོ་མ་ཐོབ་པ་ཡང་འཆི་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཁ་ཅིག་མངལ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲོང་ཁྱེར་འཕགས་རྒྱལ་ན་སྤུན་བཞི་ཞིག་ལ་ཆུང་མ་ཡང་བཞི་ཡོད་དེ། དེ་ལས་ཕུ་བོ་ [66a.5]གཉིས་ཀྱི་བུ་སྤ་ཏ་ལ་ཞེས་བྱ་བ་དང་། བདེ་ཐོས་ཞེས་བྱ་བ་གཉིས་ཤིག་ཤིན་ཏུ་ཤ་རྒྱས་ཤིང་གཟུགས་དང་ལྡན་ལ་མཛེས་པས་རྒྱལ་པོའི་བཙུན་མོའི་འཁོར་གྱི་ནང་དུ་སོང་བ་ལས་དེ་གཉིས་ལ་རྒྱལ་པོ་གཏུམ་པོ་རབ་སྣང་ཞེས་བྱ་བ་དེ་རབ་ཏུ་ཁྲོས་ཏེ། དེ་གཉིས་བསད་ནས་དེའི་ཁྱིམ་ལ་མེ་བཏང་སྟེ། དེ་ [66a.6]ནས་སྦྲུམ་པ་དང་བཙས་པའི་བུད་མེད་དང་དེའི་མེས་པོ་རྒན་པོ་ཡང་ཤི་བར་གྱུར་ཏོ་ཞེས་བཅོམ་ལྡན་འདས་ཀྱིས་གསན་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །འདིར་ཡང་གནས་སྐབས་བཞི་སྟོན་པ་ཡིན་ཏེ། མངལ་དང་བྱིས་པ་དང་། གཞོན་ནུ་དང་། དར་ལ་བབ་པའོ། །དེ་ལ་ཚིག་རྐང་དང་ [66a.7]པོས་ནི་མངལ་གྱི་གནས་སྐབས་བསྟན་ཏོ། །གཉིས་པས་ནི་བྱིས་པའི་གནས་སྐབས་སོ། །གསུམ་པས་ནི་གཞོན་ནུའི་གནས་སྐབས་སོ། །བཞི་པས་ནི་ལང་ཚོའི་གནས་སྐབས་ཏེ་འདི་ནི་བསྡུས་པའི་དོན་ཏོ། །མངལ་ཞེས་བྱ་བ་ནི་མའི་ལྟོར་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སོ། །ཁ་ཅིག་ [66b] [66b.1]ཅེས་བྱ་བ་ནི་ལ་ལས་སམ་གཅིག་ཅེས་བྱ་བའི་དོན་ཏོ། །ཁ་ཅིག་ལ་དེ་ལྟར་མངལ་ནས་བཙའ་བའི་ལས་མེད་པའི་ཕྱིར་རོ། །འཆི་བར་འགྱུར་བ་ནི་འཇིག་པར་འགྱུར་བའོ། །དེ་བཞིན་ཁ་ཅིག་ཅེས་བྱ་བ་ནི་འཆི་བར་འགྱུར་བའོ། །བཙས་པའི་སར་ཞེས་བྱ་བ་ནི་བུད་མེད་བཙས་པའི་དུས་དེ་ [66b.2]ཉིད་ཀྱི་ཚེ་སྟེ། བཙས་པའི་ཁྱིམ་དུའོ། །གང་དུ་དེ་བཙས་པ་དེ་ཉིད་ཀྱི་ཁྱིམ་དུ་སྟེ། ཁྱིམ་དེར་ད་ལྟར་ཡང་དེ་ལ་གནས་ཤིང་སྐྱེས་པ་ཉིད་དུ་བྱིས་པ་དེ་འཆི་བའོ། །གོག་ཙམ་ན་ཞེས་བྱ་བ་ནི་ཀུན་ཏུ་འགྲེ་ཞིང་ཡོངས་སུ་རྒྱུ་བ་སྟེ། དེ་ལས་ཡོངས་སུ་འཁྱམ་ཞིང་རྩེ་བ་དང་། སྲང་ལ་སོགས་པ་ [66b.3]དག་ཏུ་རྟག་ཏུ་རྩེ་བའི་གནས་སྐབས་ཡིན་ནོ། །ན་ཞེས་བྱ་བའི་སྒྲ་ནི་འཆི་བར་འགྱུར་རོ་ཞེས་འདྲེན་པའི་དོན་ཏོ། །ཡོངས་རྒྱུག་ན་ཞེས་བྱ་བ་ནི་ཀུན་དུ་རྒྱུག་པའི་ངང་ཚུལ་གང་ལ་ཡོད་པ་དེ་ཉིད་དོ། །རིགས་པ་ནི་འདོད་པ་ལ་སོགས་པ་ཉེ་བར་ལོངས་སྤྱོད་པའི་ཕྱིར་དུས་ཇི་ལྟ་བ་བཞིན་དུ་འགྲོ་བ་ [66b.4]དང་འགྲོ་བར་བྱ་བ་མ་ཡིན་པར་རོ། །འཚོ་བས་དྲེགས་པ་རྣམས་བསལ་བའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །སྔར་བསྟན་པ་དང་མ་བསྟན་པ་རྣམས་ཀྱི་མདོར་བསྡུ་བའི་ཕྱིར་སྨྲས་པ། ལ་ལ་རྒན་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐམས་ཅད་ཀྱང་དུས་ཕྱི་ཞིག་ན་ལས་ཇི་ [66b.5]ལྟར་སྤྱད་པ་བཞིན་དུ་འཆི་བར་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ལ་ལ་ཞེས་བྱ་བ་ནི་གང་སུ་དག་རྒན་པ་དང་དེ་དག་ཐམས་ཅད་ཉིད་དེ། རིམ་གྱིས་འགྲོ་བ་ཡིན་ནོ། །དང་གི་སྒྲ་ནི་ཡང་གི་སྒྲ་སྟེ། དར་ལ་བབ་པ་ལ་སོགས་པ་ཉི་ཚེ་མ་ཡིན་ཞེས་པའི་དོན་ཏོ། །དེ་ལ་རྒན་པ་ནི་དབང་པོ་རྣམས་ཡོངས་ [66b.6]སུ་སྨིན་པའོ། །གཞོན་པ་ནི་ལུས་ཀྱི་ཡན་ལག་ཉེ་བར་རྒྱས་པའོ། །ལ་ལ་ཞིག་ཅེས་བྱ་བ་ནི་གང་ཡང་ཉེ་བར་འཕེལ་བ་དང་འགྲིབ་པ་གཉིས་སྟོན་པའོ། །དར་ལ་བབ་པ་ཞེས་བྱ་བ་ནི་དར་ལ་བབ་པའང་ཡིན་ལ་མི་ཡང་ཡིན་པས་དར་ལ་བབ་པའི་མི་སྟེ། ཨུཏྤལ་སྔོན་པོ་བཞིན་ནོ། །དར་ལ་བབ་པ་ [66b.7]ཉིད་ཡིན་པས་དར་ལ་བབ་པ་སྟེ་ན་ཚོད་བར་མའོ། །སྐྱེས་བུ་ཉིད་ཡིན་པས་མིའོ། །ལོ་ལྔ་བཅུ་ཕན་ཆད་ནི་རྒན་པོའོ། །ལོ་སུམ་ཅུའི་བར་དུ་ནི་གཞོན་པའོ། །བར་མ་ནི་དར་ལ་བབ་པའོ་ཞེས་ཁ་ཅིག་འདོད་དོ། །ཚེའི་ཚད་རྣམ་པ་གསུམ་དུ་ཕྱེ་སྟེ། གོ་རིམས་བཞིན་དུ་གཞོན་པ་དང་བར་མ་དང་རྒན་པོ་ [67a] [67a.1]ཞེས་ཁ་ཅིག་ཟེར་རོ། །རིམ་གྱིས་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སྟེ། ལས་ཇི་ལྟར་བསགས་པ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །འགྲོ་འགྱུར་ཏེ་ཞེས་བྱ་བ་ནི་འཇུག་པ་དང་རབ་ཏུ་ཉམས་པར་འགྱུར་བའོ། །འདིར་དཔེ་ནི་སྨིན་པ་ཞེས་བྱ་བ་སྟེ། ཡོངས་སུ་སྨིན་པའི་ [67a.2]དབང་གིས་ཡན་ལག་རྣམས་ཞིག་པར་གྱུར་པ་སྟེ། འདིར་འབྲས་བུ་དང་སྦྱར་བར་བྱའོ། །བཞིན་ཞེས་བྱ་བ་ནི་དཔེས་ཉེ་བར་འཇལ་བ་སྟེ། འབྲས་བུ་སྨིན་པ་ལྟ་བུ་ཞེས་བྱ་བའི་བར་དུའོ། །འབྲས་བུ་སྨིན་པ་དེ་ག་ལས་འགྲོ་ཞིང་ལྟུང་བར་འགྱུར་ཞེ་ན། སྨྲས་པ། ལྟུང་བ་ཞེས་བྱ་བ་ཡིན་ཏེ། ལྟུང་བ་ [67a.3]ནི་རྩ་བའི་ཕྱོགས་སུ་ཞེས་བྱ་བའི་བར་དུའོ། །འདིས་ལྟུང་བ་ཡིན་པས་ལྟུང་བ་སྟེ། ཇི་ལྟར་འབྲས་བུ་སྨིན་པ་རླུང་ལ་སོགས་པས་གནོད་པ་མ་བྱས་པ་ལྟར་རང་ཉིད་སྙི་བར་གྱུར་ནས་ཤིང་གི་རྩ་བའི་ཕྱོགས་སུ་ལྟུང་བ་དེ་བཞིན་དུ་སྲོག་ཆགས་རྣམས་ཀྱང་ཚེ་ཡོངས་སུ་རྫོགས་པ་ནི་ཚེ་ཡོངས་སུ་ཉམས་ [67a.4]ཤིང་དབང་པོ་རྣམས་ལྟུང་སྟེ་ཞིག་པར་འགྱུར་ཏེ། བྱང་གི་སྒྲ་མི་སྙན་མ་གཏོགས་པར་རབ་ཏུ་འཆི་བ་ཡོད་དོ་ཞེས་ལུང་ལས་གསུངས་ཏེ། ཉེས་པར་སྤྱད་པའི་རྒྱུས་འཆི་བ་ཡིན་ནོ། །འདི་ལྟ་བུར་སྐྱེ་བོ་རྣམས་ཀྱི་འཚོ་བ་མི་བརྟན་ཞིང་ཀུན་ནས་འཇིག་པ་ལ་དམ་པ་རྣམས་ཀྱིས་ཡལ་བར་མི་དོར་ཞིང་སྲིད་ [67a.5]པ་ཟད་པར་བྱ་བའི་ཕྱིར་འབད་པར་བྱའོ་ཞེས་བྱ་བ་དེ་ལ་སྦྱར་བར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །འདི་དག་གི་དཔེ་དབྱེ་བ་བསྟན་པའི་ཕྱིར་སྨྲས་པ། དཔེར་ན་འབྲས་བུ་སྨིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་ [67a.6]བསྐོར་ཏེ། ནགས་ཚལ་དག་ཏུ་རྒྱུ་ཞིང་གཤེགས་པ་ན་ཤིང་དག་ལས་འབྲས་བུ་ལྟུང་བ་དག་གཟིགས་ཏེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྲོག་ནི་ཡིད་བརྟན་པར་བྱ་བ་དག་མ་ཡིན་ནོ་ཞེས་བྱ་བའི་ཚིགས་བཅད་དེ། དེ་ལ་དཔེར་ན་ཞེས་བྱ་བས་དཔེར་བརྗོད་པ་བསྟན་ཏོ། ། [67a.7]རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའོ། །དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་སྨིན་པ་རྣམས་ཀྱི་འཇིགས་པ་སྨྲས་པ། ལྷུང་བ་ཞེས་བྱ་བ་ནི་ལྟུང་བ་སྟེ་འབྲེལ་པའི་རྒྱུན་ལས་འབྲེལ་པའོ། །འཇིགས་པ་ནི་སེམས་དང་འབྲེལ་བ་ཡིན་པའི་ཕྱིར་ཇི་ལྟར་འབྲས་བུ་དག་ལ་དེ་ཡོད་ཅེ་ན། འཇིགས་པ་ལྟ་བུར་ [67b] [67b.1]འཇིགས་པར་བཏགས་པ་ནི་ཉེས་པ་མེད་དེ། ཇི་ལྟར་སྲོག་ཆགས་རྣམས་ལ་འཚོ་བའི་སྲོག་དང་བྲལ་བའི་འཇིགས་པ་ཡོད་པ་དེ་བཞིན་དུ་འབྲས་བུ་དག་ལ་ཡང་ལྟུང་བའི་དུས་དང་ཉེ་བར་གྱུར་པ་ན་འཇིག་རྟེན་པ་དག་འཇིགས་པའི་སྒྲར་བརྗོད་དེ། ཇི་ལྟར་ཡུར་བ་འཇིགས་པར་འགྱུར་རོ་ [67b.2]ཞེས་བྱ་བ་ཡུར་བ་ལ་དེ་མེད་པ་ཉིད་དོ། །འཇིག་རྟེན་པ་རྣམས་ཀྱིས་གཞུང་ལུགས་ལ་རྗེས་སུ་འབྲང་བ་ཡིན་ཏེ། སངས་རྒྱས་ཀྱིས་ཀྱང་ཀུན་རྫོབ་ཀྱི་ཆོས་ནི་འཇིག་རྟེན་པའི་རྗེས་སུ་འབྲང་བས་མི་སྤང་ངོ་ཞེས་པའི་ཚིག་གིས་སོ། །འདིར་གཅེར་བུ་པ་དག་གིས་འབྲས་བུ་ལ་སོགས་པ་ལ་སེམས་ཡོད་པ་ཉིད་ [67b.3]དོ་ཞེས་བྱ་བ་དེ་ཡང་མེད་དེ། འཚོ་བའི་རྟགས་མེད་པའི་ཕྱིར། ཇི་སྐད་དུ་གསུངས་པ། བྱ་བའི་སྔོན་འགྲོ་བློ་སྣང་ན། །བདག་དང་གཞན་དག་དེ་གཟུང་སྟེ། །བློ་ནི་ཡང་དག་ཡོད་ཤེས་པ། །ཚུལ་འདིས་བློ་ནི་དེ་ལ་མེད། །ཅེས་པའོ། །དེ་བཞིན་དུ་ཕྱི་རོལ་གྱི་དངོས་པོ་ཤིང་ལ་སོགས་པ་ [67b.4]ལ་ནི་རྟག་པ་མེད་དོ། སེམས་པ་མེད་པ་དང་། མི་འགུལ་བའི་ཕྱིར་དང་བཅད་ནས་ཡང་སྐྱེ་བ་ལ་སོགས་པ་འདིར་བརྗོད་པར་བྱའོ། །དེ་བཞིན་ཞེས་བྱ་བ་ནི་འདི་ལྟར་རོ། །སྐྱེས་པར་གྱུར་པ་ཞེས་བྱ་བ་ནི་བྱུང་བར་གྱུར་པ་སྟེ། ཇི་སྐད་དུ་སྨྲས་པ། སྐྱེ་དགུ་རྣམས་ལ་དགའ་བ་ལ་སོགས་ཡོད་ [67b.5]པར་གྱུར་པ་ཉིད་དེ། རྣམ་པ་སྣ་ཚོགས་པའི་གནོད་པ་འཇུག་ཅིང་འབྱུང་བར་གྱུར་པ་ཡིན་ཏེ། ཤིང་མ་སྐྱེས་པ་ནི་ཤིན་ཏུ་དྲག་ཅིང་མི་བཟད་པའི་རླུང་གིས་བསྐྱོད་ནས་འགུལ་བ་ལ་སོགས་པར་མི་འགྱུར་རོ། །མི་ཞེས་བྱ་བ་ནི་འཆི་བའི་ཆོས་དང་ལྡན་པའི་ཕྱིར་ཏེ། སེམས་ཅན་ཞེས་བྱ་བའི་ [67b.6]དོན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་གནས་སྐབས་ཐམས་ཅད་དུ་འཇིགས་པའོ། །ཅིའི་ཕྱིར་ཞེ་ན། འཆི་བ་ཞེས་བྱ་བ་ཡིན་ཏེ། རིས་མཐུན་པ་ཆད་པས་ཞེས་བྱ་བའི་དོན་ཏོ། །འཇིགས་པ་ནི་འཆི་བར་དོགས་པ་སྐྱེད་པར་བྱེད་པའི་ཕྱིར་སེམས་ཀྱི་བརྟན་པ་ཉམས་པའོ། །འདི་སྐད་བསྟན་པ་ [67b.7]ཡིན་ཏེ། ཇི་ལྟར་འབྲས་བུ་ལྟུང་བར་གྱུར་པའི་ཆོས་ཅན་ཡིན་ཏེ། རྒྱུ་དེས་ན་དེ་དག་ཡོངས་སུ་སྨིན་པའི་དབང་ངམ་ཕྱི་རོལ་གྱི་རྐྱེན་གྱི་དབང་གིས་མི་རྟག་ཅིང་ལྟུང་བས་འཇིགས་པ་དེ་བཞིན་དུ་སྐྱེ་བོ་འདི་དག་ཀྱང་འཆི་བའི་ཆོས་ཅན་ཏེ། དེས་ན་འདིའི་ཚེ་ཡང་བྲི་ཞིང་ལས་ཟད་པ་དང་ཕྱི་རོལ་ [68a] [68a.1]གྱི་(རྒྱེན་,རྐྱེན་ཉེ་བར་གྱུར་པ་ལས་འཆི་བས་འཇིགས་པ་ཡིན་ནོ། །སྐྱེ་བོ་རྣམས་འཚོ་བའི་དྲེགས་པས་དགེ་བ་ལ་བག་མེད་པར་གྱུར་པ་རྣམས་བག་མེད་པ་དོར་དུ་གཞུག་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །ས་བོན་ལས་སྐྱེས་པ་འབའ་ཞིག་ཏུ་མ་ཟད་དེ། འཇི་ [68a.2]བ་དང་རྒྱུ་སྤུན་ལ་སོགས་པ་ལས་སྐྱེས་པ་ཡང་འཇིག་པར་འགྱུར་བའི་ཕྱིར་སྨྲས་པ། དཔེར་ན་རྫ་མའི་མཁན་པོ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ལྔ་ཡིན་ནོ། །བཅོམ་ལྡན་འདས་གནས་བཅས་ཀྱི་གྲོང་ཨན་ཛ་ནའི་ནགས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་སུ་ [68a.3]དགེ་སློང་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་པ་ལས། ཇི་ཙམ་ན་གནས་བཅས་ཀྱི་གྲོད་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་པར་གྱུར་ཏོ། །དེའི་ཚེ་གནས་བཅས་ཀྱི་གྲོང་ན་བྷ་ར་དྷྭ་ཛ་ཞེས་བྱ་བའི་བྲམ་ཟེ་རྒས་ཤིང་འཁོགས་ལ་ལོ་བརྒྱ་ཉི་ཤུ་ལོན་པ་དུས་ལས་འདས་སོ། །གཉིས་པ་ [68a.4]རིགས་ཀྱི་བུ་གཞོན་ནུ་ལོ་བདུན་ལོན་པ་ཞིག་ཀྱང་ཤིའོ། །དེ་གཉིས་ཁྱོགས་ལ་ཁྱེར་ཏེ་སྐྱེ་བོ་མང་པོའི་ཚོགས་མདུན་ན་འགྲོ་ཞིང་བུད་མེད་རྣམས་ནི་སྐྲ་བཤིག་ཅིང་དུ་སྟེ་རྒྱབ་ནས་འབྲང་བ་བཅོམ་ལྡན་འདས་ཀྱིས་གཟིགས་སོ། །ཇི་ཙམ་ན་དེའི་ཕྱིར་ཀུན་དགའ་བོས་བླ་གོས་བཞི་བལྟབ་ཏུ་བྱས་ [68a.5]ཤིང་གདན་བཤམས་ཏེ། ཉན་ཐོས་རྣམས་ལ་ཆོས་བསྟན་པ། དགེ་སློང་དག་དེ་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་ཅིང་མི་བརྟན་པའོ་ཞེས་རྒྱ་ཆེར་འཆི་བར་འགྱུར་ཞིང་སྲོག་ནི་མཐར་འཇིག་པ་ཡིན་ནོ་ཞེས་བསྟན་ཏེ། དགེ་སློང་དག་གང་ཡང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནས་དགྲ་ [68a.6]བཅོམ་པ་དང་། རང་སངས་རྒྱས་དང་། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དགེ་སློང་དག་སྔོན་བྱུང་བ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་སྒྲ་ངན་ཞེས་བྱ་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་སྟེ། དེའི་སྐྱེད་མོས་ཚལ་དུ་རབ་ཏུ་གནས་པ་ཞེས་བྱ་ [68a.7]བའི་ཤིང་ནྱ་གྲོ་བྷའི་རྒྱལ་པོ་དེའི་རྩ་བ་ན་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བའི་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་བྲམ་ཟེའི་གསང་ཚིག་འདོན་དུ་འཇུག་གོ། །དེ་གཅིག་པུ་དབེེན་པར་སོང་སྟེ་གབ་ཅིང་འདུག་ནས་སེམས་ལ་འདི་ལྟར་སེམས་ཤིང་རྣམ་པར་རྟོག་པར་གྱུར་ཏོ། །མི་རྣམས་ནི་ཚེ་ཐུང་བ་སྟེ། [68b] [68b.1]ད་ལྟ་ན་ཡང་འདི་ལྟ་སྟེ་དོན་སྤྱོད་པ་དང་། ཆོས་སྤྱོད་པ་དང་། བསོད་ནམས་སྤྱོད་པ་དང་། བདེ་བ་སྤྱོད་པ་དང་། དགེ་བ་སྤྱོད་པའི་བར་ལ་མི་རྣམས་སྤྲོ་བ་ཆུང་བར་གནས་པ་ཡིན་ཏེ། བདག་སྐྲ་དང་ཁ་སྤུ་བྲེགས་ཏེ་བྲམ་ཟེའི་ཁྱེའུ་དང་བཅས་པར་རབ་ཏུ་འབྱུང་ངོ་ཞེ་ན། རྩིབས་ [68b.2]ཀྱི་མུ་ཁྱུད་ཀྱིས་དེ་ལྟར་བསྟན་པར་གྱུར་ཏོ། །ཤེས་པ་བརྡ་སྤྲོད་པར་གྱུར་ཏོ། །དེ་སྒྲིབ་པ་ལྔ་སྤངས་ཤིང་ཚད་མེད་པ་བཞི་བསྐྱེད་དེ། འདོད་པ་དག་ལ་འདོད་ཆགས་དང་བྲལ་བར་གྱུར་ནས་བྲམ་ཟེའི་ཁྱེའུ་དག་ལ་ཆོས་སྟོན་པར་གྱུར་ཏེ། བྲམ་ཟེའི་ཁྱེའུ་དག་མི་རྣམས་ཀྱི་ཚེ་ནི་ཤིན་ཏུ་ཐུང་ [68b.3]སྟེ། འདི་ལྟ་སྟེ་རྫ་མཁན་དག་ས་ལས་སྣོད་ཀྱི་རྣམ་པ་དག་བྱེད་ཀྱང་དེ་ཡང་མཐར་འཇིག་པར་འགྱུར་བ་ཡིན་ཏེ། ས་ལས་བྱས་པའི་སྣོད་ཇི་ལྟ་བ་དེ་བཞིན་དུ་མི་རྣམས་ཀྱི་སྲོག་ཀྱང་དེ་དང་འདྲའོ། །འདི་ལྟར་ཐགས་བརྐྱང་བ་ལ་སྤུན་གང་དང་གང་བཅུག་པ་སྤུན་གྱིས་རྟིང་ལ་གཏུགས་པ་བཞིན་ [68b.4]ནོ། །འདི་ལྟ་སྟེ་གསད་པར་བྱ་བའི་མི་གསད་སར་ཁྱེར་བ་དག་བསད་སའི་དྲུང་དུ་བསྙེན་པ་དེ་བཞིན་ནོ། །འདི་ལྟ་སྟེ་རི་གཟང་པོ་ལས་འབབ་པའི་འབབ་ཆུ་ནི་རྒྱུན་དྲག་ཏུ་འབབ་ཅིང་རིང་དུ་འགྲོ་ལ་རྒྱུན་མི་ལྡོག་པ་དེ་བཞིན་ནོ། །འདི་ལྟ་སྟེ་ཆུ་ལ་རི་མོ་བྲིས་པ་ཡང་མྱུར་དུ་འཇིག་ཅིང་རིང་པོ་མི་ [68b.5]ཐོགས་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་མ་ཐག་པའི་ཚིགས་བཅད་དག་གིས་སྤྱིར་བསྟན་ནས་རེ་རེ་ལ་ཡང་སྐབས་ཇི་ལྟ་བ་བཞིན་དུ་བརྗོད་དོ། །དཔེ་ཞེས་བྱ་བ་ནི་དཔེ་ཉེ་བར་སྟོན་པ་ཡིན་ནོ། །ན་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ་རིགས་པས་ནི་འདི་དང་ཐམས་ཅད་ལ་དེ་ [68b.6]ལྟར་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྫ་མཁན་ནི་རྫ་མ་བྱེད་པའོ། །བྱས་པ་ནི་བཟོ་བྱས་པ་སྟེ་ཇི་ཞིག་བྱས་པ་ཡིན་ཞེ་ན། སྨྲས་པ། འཇི་བའི་སྣོད་ཅེས་བྱ་བ་སྨོས་ཏེ། འཇི་བ་ཉིད་ཡིན་པས་འཇི་བ་སྟེ། འཇི་བའི་རང་བཞིན་གྱི་སྣོད་དམ་པ་ལས་བྱས་པའི་སྣོད་དང་ཆེ་བྱད་ཅེས་བྱ་བའི་ [68b.7]དོན་ཏོ། །དེ་ཅིར་འགྱུར་ཞེ་ན། སྨྲས་པ། ཐ་མར་འཇིག་པར་འགྱུར་ཞེས་བྱ་བ་ཡིན་ཏེ། ཐ་མར་ཆ་ཤས་ཀྱིས་འཇིག་པར་འགྱུར་བའི་དོན་ཏོ། །ཐ་མར་འཇིག་པར་འགྱུར་བ་འདི་ལ་ཡོད་པ་ཞེས་བྱ་བ་ནི་འབྲུ་མང་པོ་ཡིན་ནོ། །ཐམས་ཅད་ནི་མ་ལུས་པ་སྟེ། ཅུང་ཟད་ཀྱང་ལུས་པ་ [69a] [69a.1]མེད་པས་ཞེས་བྱ་བའི་བར་དུ་སྟེ། གང་བྱས་པ་དེ་ནི་མི་རྟག་པ་ཡིན་ནོ་ཞེས་བསྟན་པའོ། །དེས་ན་འདི་ནི་དཔེའི་ཚུལ་གྱིས་ཕྱི་རོལ་གྱི་དངོས་པོ་ཡང་མི་རྟག་པ་ཉིད་དུ་མཚོན་པར་བྱེད་པའོ། །མི་རྣམས་ཞེས་བྱ་བ་ནི་སྲོག་ཆགས་ཏེ། སྲོག་ནི་ཚེའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་ [69a.2]ཐ་མར་འཇིག་པར་འགྱུར་བ་སྟེ། ཐམས་ཅད་འཆི་བའི་ཆོས་ཉིད་ཡིན་པའི་ཕྱིར་ཏེ། ཇི་ལྟར་རྫ་མཁན་གྱིས་ལེགས་པར་བྱས་པའི་ས་ལས་བྱས་པའི་སྣོད་དག་ཀྱང་སྙིང་པོ་མེད་པའི་ཕྱིར་འཇིག་པའི་རྐྱེན་ཐོབ་པར་སླ་བས་ཐམས་ཅད་ཀྱང་ཐ་མར་འཇིག་པར་འགྱུར་བ་དེ་བཞིན་དུ་དགེ་བའི་ལས་ཀྱིས་ [69a.3]ལེགས་པར་སྦྱར་བའམ། ལས་རྣམ་པ་སྣ་ཚོགས་པ་དང་ལྡན་པའི་སྲོག་ཀྱང་ཐམས་ཅད་སྙིང་པོ་མེད་པའི་ཕྱིར་མཐར་འཇིག་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདིར་རེ་རེ་ལ་ངེས་པར་བྱུང་བའི་གླེང་གཞི་ནི་རྒྱལ་བྱེད་ཀྱི་ཚལ་དང་ཉེ་བ་ཞིག་ན་རྫ་མཁན་གྱིས་ས་ལས་བྱས་པའི་སྣོད་མང་ [69a.4]པོ་དག་ལ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏེ། དགེ་སློང་དག་འདི་ལྟ་སྟེ་སྣོད་འདི་དག་ནི་རྐྱེན་དང་བྲལ་བས་ཐམས་ཅད་ཀྱང་དེ་བཞིན་དུ་མཐར་འཇིག་པ་ཡིན་ཏེ། དེ་བཞིན་དུ་སྲོག་འདི་ཡང་དེ་ལྟ་བུའོ་ཞེས་གསུངས་ཤིང་ཚིགས་སུ་བཅད་པ་འདི་བཀའ་ [69a.5]སྩལ་ཏོ། །ཐམས་ཅད་ཀྱི་སྲོག་ཀྱང་ཐ་མར་འཆི་བ་ཉིད་དུ་བསྟན་པས་དེ་ལ་རྗེས་སུ་ཆགས་པ་སྤངས་པའི་ཕྱིར་འདི་གསུངས་སོ། །ཐམས་ཅད་ཀྱི་གཞི་ནི་ས་ཡིན་ཏེ། དེ་བས་ན་ས་བསྟན་ནས་དེ་ལས་བྱུང་བའི་དཔེ་བསྟན་པའི་ཕྱིར། དཔེར་ན་ཐགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ [69a.6]ལྡན་འདས་མཉན་ཡོད་ན་བསོད་སྙོམས་ཀྱི་ཕྱིར་གཤེགས་པ་ན། དེ་ན་ཐགས་འཐག་ཅིང་འདུག་པ་ཅིག་གཟིགས་ཏེ་དེ་ཡང་སྤུན་བཅུག་ཅིང་ཕལ་ཆེར་རྫོགས་པ་དག་གཟིགས་ནས་ཚིགས་སུ་བཅད་པ་འདི་གསུངས་པ་སྟེ། ཇི་ལྟར་བརྐྱང་བའི་ཐགས་ལ་སྣལ་མ་གང་དང་གང་བཅུག་པའི་སྤུན་ [69a.7]བཅུག་པ་དེས་ཐགས་ཀྱིས་བཏགས་པར་བྱ་བ་ལུས་པ་ཤིན་ཏུ་ཉུང་བར་འགྱུར་རོ། །དེ་བཞིན་དུ་སྔོན་གྱི་ལས་ཀྱིས་དུས་ཤིན་ཏུ་ཉུང་ཟད་འཛིན་པའི་སྲོག་ལ་སྐད་ཅིག་མ་གང་དང་གང་གིས་འགྲོ་བར་འགྱུར་ཏེ། དེས་ཚེ་ཤིན་ཏུ་ཉུང་ཞིང་སྲོག་གཏུགས་པར་འགྱུར་ཏེ། ཇི་སྲིད་མཐར་ཐུག་གི་བར་ [69b] [69b.1]དུ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དཔེ་ཞེས་བྱ་བ་ནི་རྟིང་ལ་ཞེས་བྱ་བ་དང་འདིར་སྦྱར་བར་བྱའོ། །ཐགས་ནི་སྣལ་མའི་ཚོགས་ཏེ་སྣལ་མར་སྦྲེངས་ཤིང་རིང་པོར་བྱས་པའོ། །བརྐྱང་བ་ནི་སྦྲེངས་ཤིང་རིང་དུ་དྲངས་པའོ། །སྤུན་ནི་གང་དང་གང་ཞེས་བྱ་བ་ལ། གང་དེ་དང་འབྱོར་བའི་སྐུད་པ་ [69b.2]གཟུང་བའི་ཕྱིར་ཟློས་པ་སྟེ། སྐུད་པ་གང་དང་གང་གིས་འཕྲེད་དུ་གཞུག་པའི་སྐུད་པས་ཞེས་བྱ་བའི་དོན་ཏོ། །འདིས་སྤུན་དུ་བྱ་བ་ཡིན་པས་སྤུན་ནོ། །བར་ཆད་མེད་པར་བཅུག་པ་ནི་བཅུག་པ་སྟེ། ཇི་ལྟར་ཞིང་ལ་ས་བོན་བཅུག་པ་དེ་བཞིན་དུ་བཅུག་པ་ཞེས་བྱ་བའི་དོན་ཏེ། །གང་ཐགས་བརྐྱང་པ་དེ་ལ་ [69b.3]འཐགས་པར་གྱུར་པ་དེ་ཙམ་ན་བར་མཚམས་བཀག་ཅིང་གོ་སྐབས་མེད་པར་འགྱུར་ན་གཏུགས་ཤིང་ལྷག་མ་ལུས་པ་ཤིན་ཏུ་ཆུང་བར་འགྱུར་ཏེ། སྤུན་གྱིས་རྟིང་ལ་བཀག་པ་བྱས་པ་ཡིན་ནོ། །དེ་བཞིན་དུ་སྐད་ཅིག་མ་ཉིན་དང་མཚན་གྱིས་གཏུགས་པ་མྱོང་བར་བྱས་པས་ཚེ་ཉུང་ཟད་ལུས་ཞེས་བྱ་བའི་ [69b.4]དོན་ཏོ། །སྲོག་གིས་དྲེགས་པ་བཙལ་བའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་པ་ཡིན་ཏེ། ཡང་གསུངས་པ། འཚོ་བའི་དྲེགས་པས་དྲེགས་བྱེད་ནི། །ནམ་ཡང་བླ་མ་མི་བསྟེན་ཏེ། །གང་ཕྱིར་དུག་གིས་སློངས་པའི་ཡིད། །ཡང་དག་འགྲོ་བར་ག་ལ་འགྱུར། །གང་ཞིག་ཡང་དག་ཇི་བཞིན་ཤེས་ [69b.5]པ་ནི། །འདི་ནི་ཉེས་པའི་ཚོགས་སུ་ཤེས་ནས་ཀྱང་། །དགེ་བ་རྣམ་པ་མང་པོ་རབ་བྱེད་པ། །དེ་ཉིད་ཐར་པའི་བསམ་ཡོད་མཁས་པ་ཡིན། །སེམས་མེད་པ་བསྟན་ནས་སེམས་ཡོད་པ་སྨྲས་པ། དཔེར་ན་ངེས་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་མ་སྐྱེས་དགྲས་རྐུན་མ་གཤེད་མའི་ལག་ [69b.6]ཏུ་གཏད་དེ། དེ་ཤིང་ཀ་ར་བཱི་རའི་ཕྲེང་བ་མགོ་ལ་བཏགས་ཏེ་གཤེད་མས་བསྡིགས་ཤིང་འདུག་པ། བཅོམ་ལྡན་འདས་ཀྱིས་གཟིགས་ཏེ། དེ་བཏང་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །དཔེར་ན་གསད་པར་བྱ་བ་གསད་པའི་ཕྱིར་ངེས་པར་ཁྱེར་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱང་འཆི་ [69b.7]བའི་ཕྱིར་སྐྱེས་པ་ཡིན་ནོ། །ཇི་ལྟར་དེས་གོམ་པ་གང་དང་གང་བོར་བ་དེ་བཞིན་དུ་སྐྱེ་བོ་འདི་དག་ཀྱང་སྐད་ཅིག་མ་གང་དང་གང་གིས་ཉིན་མཚན་ལ་སོགས་པའི་དུས་ལས་འདས་པ་ཡིན་ནོ། །ཇི་ལྟར་དེ་གསད་པའི་དྲུང་དུ་བསྙེན་པ་དེ་བཞིན་དུ་འདི་ཡང་རིགས་མཐུན་པ་ཆད་པའི་དྲུང་དུ་བསྙེན་པ་ཡིན་ནོ་ [70a] [70a.1]ཞེས་བྱ་བ་འདིའི་བསྡུས་པའི་དོན་ཏོ། །དཔེར་ན་ཞེས་བྱ་བ་ལ། ཇི་ལྟར་གསད་པའི་དྲུང་དུ་བསྙེན་པ་ཉིད་དོ། །གསད་པར་བྱ་བ་ནི་བསད་པ་དག་གོ། །ངེས་པ་ནི་ངེས་པར་ཁྱེར་བ་སྟེ། དེ་ལས་ཕྱིར་མི་ལྡོག་ཅིང་རྒྱལ་པོའི་ཡུལ་ལས་ཕྱིར་ཕྱུང་བ་སྟེ། གྲོང་གི་ཕྱི་རོལ་དུ་ངེས་ [70a.2]པར་ཁྱེར་བའོ། །གང་དང་གང་ཞེས་བྱ་བ་ནི་བཟླས་པ་ཉིད་དེ། གོམ་པ་འདོར་ཞིང་འཇོག་པ་སྟེ་གང་དང་གང་དུ་འདེག་པ་དང་འཇོག་པའི་དོན་ཏོ། །བོར་བ་ནི་གོམ་པ་བོར་བ་སྟེ། འཇིགས་པར་རྟོགས་པ་ཡིན་ནོ། །དེ་ལྟར་གོམ་པ་བོར་བ་དེས་ཇི་ཞིག་ཏུ་འགྱུར་ཞེ་ན། སྨྲས་པ་དྲུང་དུ་ཞེས་བྱ་བ་སྨོས་ཏེ། [70a.3]ཁྱེར་ཏེ་འོངས་ནས་གང་དུ་གསད་པར་བྱ་བའི་ས་སྟེ་དུར་ཁྲོད་དོ། །གསད་སའི་ཉེན་འཁོར་གྱི་དྲུང་གང་ཡིན་པ་དེ་ནི་དེའོ། །དེ་བཞིན་དུ་སྲོག་ཀྱང་གསད་སའི་དྲུང་དུ་བསྙེན་པ་ཡིན་ཏེ། འཆི་དང་ཉེ་བར་གྱུར་པ་ཞེས་བྱ་བའི་དོན་ཏོ། །བག་མེད་པས་བདག་ལ་ལྷག་པར་ཞེན་པ་རྣམས་དེ་ལས་བཟློག་ [70a.4]པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །ས་ལ་སོགས་པའི་དཔེ་བསྟན་པ། གཞན་དག་ཀྱང་བསྟན་ཏེ། ཆུ་ཀླུང་དྲག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རི་སྤོས་ཀྱི་ངད་ལྡང་གི་རྩེ་མོ་ནས་ཤུགས་ཆེན་པོས་བྲུབ་པའི་འབབ་ཆུ་དག་གཟིགས་ཏེ། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་ [70a.5]བུ་དགའ་བོའི་དབང་དུ་མཛད་དེ་འདི་གསུངས་སོ། །དྲག་པོ་ནི་མྱུར་དུ་འགྲོ་བའོ། །རྒྱུན་ནི་ཆུའི་རྒྱུན་གང་ཡིན་པ་སྟེ་ཆུ་ཀླུང་དེ་དྲག་ཏུ་འབབ་པའི་རྒྱུན་ཡིན་ཏེ། རི་ལས་ཆུ་ཀླུང་དྲག་ཏུ་འབབ་པ་ཞེས་བྱ་བའི་དོན་ཏོ། །ཆུ་ཀླུང་ནི་འབབ་ཆུའོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟར་རྒྱུན་མ་ཆད་པར་འབྲུབ་ [70a.6]ཅིང་འགྲོ་ལ་སླར་མི་འོང་བ་སྟེ། དེ་བཞིན་མི་ཡི་ཚེ་འགྲོ་བ། །སོང་བ་ལས་ནི་ལྡོག་པ་མེད། །ཅེས་བྱ་བ་ནི་རྟོགས་པར་སླའོ། །ཇི་ལྟར་ཆུའི་རྒྱུན་དྲག་ཏུ་འབབ་ཅིང་ཆུ་ཀླུང་དམའ་བར་འགྲོ་བ་ནི། སོང་ནས་སླར་མི་ལྡོག་པ་ཡིན་ཏེ། དེ་བཞིན་དུ་ཚེ་ཡང་སོང་ནས་སླར་མི་ལྡོག་པ་སྟེ། སོང་ནས་ [70a.7]ཕྱིར་མི་ལྡོག་ཅེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདིས་ནི་གང་དག་རྒས་པ་ལ་སོགས་པ་བཅུད་ཀྱིས་ལེན་གྱི་ཁྱད་པར་གྱི་སྦྱོར་བས་ན་ཚོད་སླར་བཟློག་པར་འདོད་པ་མཆོག་ཏུ་འཛིན་པ་དག་ལ་དགའ་བ་ཡིན་ཏེ། གང་འདས་པ་ནི་འདས་པ་ཉིད་ཡིན་ཏེ། དེ་ཡང་ཇི་སྐད་དུ་བཤད་པ། ཚེ་དང་ན་ [70b] [70b.1]ཚོད་དག་དང་ནི། །མེ་ལྕེའི་རྩེ་དང་ཆུ་རྒྱུན་དང་། །ངན་པ་དག་གི་ཚེ་རྣམས་ནི། །འདས་པ་སླར་ནི་ལྡོག་པ་མེད། །ཅེས་སོ། །ཇི་ལྟར་ཡང་བཅུད་ཀྱིས་ལེན་གྱི་སྦྱོར་བ་བྱས་ཏེ། སྐྲ་དང་སེན་མོ་དང་པགས་པ་ལ་སོགས་པ་བརྗེས་ནས་གཞན་གསར་ཅིང་བསྔགས་པའི་མདོག་ལ་སོགས་པ་བཟང་ [70b.2]པོ་སྐྱེ་བར་གྱུར་ན་ཡང་གང་ལང་ཚོ་ལ་སོགས་པ་འདས་པ་དེ་ནི་འདས་པ་ཉིད་ཡིན་ཏེ་བཅུད་ཀྱིས་ལེན་ཉེ་བར་སྤྱད་པའི་མཐུས་བདག་ཉིད་སྔར་མེད་པ་གཞན་གྱི་ཁྱད་པར་སྐྱེ་བར་འགྱུར་ཏེ། ལང་ཚོ་སྔར་འདས་པ་དེ་ནི་ཕྱིར་བཟློག་པར་མི་ནུས་སོ། །གཞན་དུ་ན་བཅུད་ཀྱིས་ལེན་ལ་སོགས་པའི་ཐབས་ [70b.3]ཀྱིས་ཤི་བའི་ཕ་མ་ལ་སོགས་པ་ཡང་འདྲེན་པར་ནུས་པར་འགྱུར་ན་གང་གི་ཕྱིར་འདས་པ་ནི་གང་གི་ཁྱད་པར་གྱིས་ཀྱང་བཟློག་པར་མི་ནུས་པ་ཡིན་པས་འདི་ལ་རྩོད་པ་མེད་པ་ཉིད་དོ། །དེ་ལྟ་བུའི་གནས་སྐབས་ཀྱི་འཚོ་བ་ལྡོག་པ་མེད་པ་ལ་ཚེ་རིང་བ་ཡིན་ནོ་ཞེས་བསམ་པར་མི་བྱའོ། །བག་མེད་པ་ [70b.4]དག་ཡང་དག་པར་བསྐུལ་བའི་ཕྱིར་ཚིགས་སུ་བཅད་པ་འདི་བསྟན་པ་ཡིན་ནོ། །ཆུ་ཀླུང་དྲག་ཏུ་འབབ་པའི་དཔེས་བསྟན་པ། དལ་བུས་འབབ་པས་སྨྲས་པ། དཀའ་བ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཆུ་ཀླུང་དུ་རྒྱུ་ཞིང་གཤེགས་ཏེ། གང་གཱའི་ངོགས་སུ་ [70b.5]བྱོན་པ་ན། བཅོམ་ལྡན་འདས་ཀྱི་ཕྱོགས་ཞིག་ན་གནོད་སྦྱིན་གྱི་བུ་ཞིག་ཆུ་དང་ཉེ་བ་ན་འདུག་ཅིང་དབྱིག་པས་གོད་པ་དང་སྩོགས་པའི་རྩིབས་ཀྱིས་ཆུ་ལ་རི་མོ་འདྲི་ཞིང་ཡང་དང་ཡང་ཕྱུང་བས་ཞིག་པར་གྱུར་པ་གཟིགས་ཏེ། ཇི་ཙམ་ན་དགེ་སློང་རྣམས་ལ་དུས་དེའི་དབང་དུ་མཛད་ནས་འདི་ [70b.6]གསུངས་སོ། །དེ་ལ་འདིས་ནི་མི་རྣམས་ཀྱི་འཚོ་བ་རྙེད་དཀའ་བས་འཐོབ་པ་དང་སྡུག་བསྔལ་མང་བ་དང་མི་རྟག་པ་ཉིད་དང་འབྲེལ་པར་བསྟན་པ་ཡིན་ནོ། །དཀའ་བ་ཉིད་དང་ཞེས་བྱ་བས་ནི་རྙེད་དཀའ་བས་འཐོབ་པར་བསྟན་ཏེ། ལེགས་པར་སྤྱད་པ་མང་པོ་ལ་འབད་པ་ཐོབ་པའི་ཕྱིར་རོ། ། [70b.7]ཐུང་བ་དང་སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་མང་བ་ཉིད་དང་། ཡུན་ཐུང་བར་གནས་པའི་ཕྱིར་ཏེ། འདོད་པའི་གགས་ལ་སོགས་པའི་སྡུག་བསྔལ་སྟོང་ཕྲག་གིས་མངོན་པར་གཙེས་པའི་ཕྱིར་རོ། །མྱུར་བ་ཉིད་དུ་འཇིག་འགྱུར་ཏེ། །ཆུ་ལ་དབྱུ་གུས་བྲིས་པ་བཞིན། །ཞེས་བྱ་བས་ནི་མི་ [71a] [71a.1]རྟག་པ་ཉིད་དང་འབྲེལ་བ་དང་། དེ་བསྒྲུབ་པའི་དཔེ་བསྟན་པ་ཡིན་ཏེ། དེའི་ཕྱིར་ལང་ཚོ་དང་སྲོག་ཀྱང་རྒ་བ་དང་མི་རྟག་པའི་དབང་དུ་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དཀའ་བ་ནི་ཤིན་ཏུ་རྙེད་པར་དཀའ་བ་སྟེ། སྔར་བཤད་པའི་ཚིགས་བཅད་ཀྱི་ཚེ་ཞེས་བྱ་བ་ [71a.2]དང་སྦྱར་རོ། །དང་གི་སྒྲ་ནི་བསྡུ་བའི་ཕྱིར་ཏེ། གཅིག་ཏུ་དཀའ་བ་ཉིད་ཡིན་པའི་ཕྱིར་རོ། །དཀའ་བས་འཐོབ་པ་ཡིན་ཡང་ཡུན་རིང་དུ་མི་གནས་པའི་ཕྱིར་སྨྲས་པ། ཐུང་བ་དང་ཞེས་བྱ་བ་སྨོས་ཏེ་དུས་མི་རིང་བ་ཉིད་དུ་གནས་པ་ཡིན་ནོ། །ཐུང་བར་གྱུར་ཀྱང་ཇི་སྲིད་འཇུག་གི་བར་དུ་བདེ་བ་ཡིན་ [71a.3]ནོ་ཞེ་ན། སྨྲས་པ། དེ་ཡང་ཞེས་སྨོས་ཏེ། དེ་ལྟ་བུར་གྱུར་པའི་ཚེ་ཉིད་ཀྱང་སྡུག་བསྔལ་མང་པོ་དང་འབྲེལ་པ་ཡིན་ཏེ། བདེ་བ་ཤིན་ཏུ་ཆུང་ཞེས་བྱ་བའི་དོན་ཏོ། །འདིར་ཇི་ལྟར་བདེ་བ་ཤིན་ཏུ་ཆུང་བ་ཡིན་ཞེ་ན། གང་གི་ཕྱིར་རྐྱེན་སྣ་ཚོགས་པའི་དབང་གིས་སྐྱེས་པས་དུས་མ་ཡིན་པ་ཉིད་དུ་ [71a.4]འཇིག་པར་འགྱུར་རོ། །མྱུར་བ་ཁོ་ན་ཞེས་བྱ་བ་ནི་རིང་པོ་མི་ཐོགས་པ་ཉིད་དོ། །ཇི་ལྟ་བུ་ཡིན་ཞེ་ན། དེས་སྨྲས་པ། ཆུ་ལ་དབྱུག་པས་རི་མོར་བྱས་པ་ནི་དབྱུ་གུས་བྲིས་པ་སྟེ། དབྱུག་པའི་རི་མོའོ། །བཞིན་དུ་ཞེས་བྱ་བ་ནི་དཔེས་ཉེ་བར་འཇལ་བའོ། །ཇི་ལྟ་ཆུ་ལ་དབྱུག་པས་བྲིས་པ་ནི་མྱུར་དུ་ [71a.5]འཇིག་པ་ཡིན་ཏེ། དེ་བཞིན་དུ་སེམས་ཅན་གྱི་སྲོག་གི་རྒྱུན་ཡང་ནམ་ཞིག་དཀའ་བས་འཐོབ་སྟེ་མྱུར་དུ་འབྲལ་བ་ཡིན་ནོ། །སྲོག་ལ་ལྷག་པར་ཞེན་པ་དག་ལ་དེ་སྤང་བའི་ཕྱིར་འདི་གསུངས་སོ། །སྲོག་འབའ་ཞིག་མི་རྟག་པའི་ཕྱིར་འདོར་བ་ཉིད་དུ་མ་ཟད་དེ། དེ་ཉེ་བར་འཇོམས་པའི་རྐྱེན་དུ་གྱུར་ [71a.6]པ་ཡང་མི་རྟག་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། དཔེར་ན་ཕྱུགས་རྫི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་མཉན་ཡོད་དུ་ནང་པར་ཤིན་ཏུ་སྔ་བའི་དུས་ཞིག་ཏུ་གཤེགས་ཏེ། བ་ལང་རྫི་བ་ལང་གི་ཚོགས་གནས་སུ་དབྱུག་པས་འབྱིན་པར་བྱེད་པ་གཟིགས་ནས་འདི་གསུངས་ [71a.7]སོ། །དཔེར་ན་ཞེས་བྱ་བ་ནི་གཞན་སྟོན་པར་བྱེད་པ་ཡིན་ནོ། །དབྱིག་ཐོགས་ཞེས་བྱ་བ་ལ་འདིས་འདུལ་བར་བྱེད་པས་ན་དབྱིག་པ་སྟེ། ལམ་ལོག་པ་ལས་བླན་པའི་ཆ་བྱད་ཤིང་གི་བྱེ་བྲག་གོ། །དེས་གླང་སྲུང་བར་བྱེད་པས་ན་ཕྱུགས་རྫིའོ། །ཕྱུགས་རྣམས་ཞེས་བྱ་བ་ནི་ཕྱུགས་ཀྱི་ཚོགས་ཏེ། [71b] [71b.1]མང་པོའི་ཚིག་ནི་ལས་སོ། །ཕྱིན་པར་བྱེད་པ་ནི་ཐོབ་པར་བྱེད་པའོ། །དབྱུག་པའི་རྒྱུས་བ་ལང་རྫི་དེ་ལྟར་བྱེད་པ་ཡིན་ཏེ། བ་ལང་གི་སྤྱོད་ཡུལ་ཇི་ལྟ་བ་དེ་བཞིན་དུ་ཕྱིན་པར་བྱེད་ཅེས་པའི་དོན་ཏོ། །དཔེ་བསྟན་ནས་དཔེས་མཚོན་པར་བྱེད་པའི་དོན་སྨྲས་པ། དེ་བཞིན་ནི་དེ་ལྟར་རོ། །ནད་ནི་རིམས་ལ་ [71b.2]སོགས་པའི་ནད་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་ཀུན་ཏུ་གནོད་པར་བྱེད་པའི་ཕྱིར་རོ། །རྒ་བ་ནི་ལུས་ལྷོད་ཅིང་རྐང་ལག་ཞིག་པར་བྱེད་པ་དང་འགྱུར་བ་ཡིན་ནོ། །རྒ་བས་རྙིས་པར་གྱུར་ན་ནུས་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བཤད་པ། གཟུགས་ཉམས་སྟོབས་ཀྱང་ཉམས་ [71b.3]པར་འགྱུར། །ཞེས་བྱ་བ་ཡིན་ནོ། །དང་གི་སྒྲ་ནི་ནད་གཅིག་པུར་མ་ཟད་པ་རྒ་བ་ཡང་ཡིན་ནོ་ཞེས་པའི་དོན་ཏོ། །ཡིས་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། གཙོར་འདི་རྣམས་ཀྱིས་མི་རྣམས་འཆི་བདག་གི་དྲུང་དུ་སྐྱེལ་ཞེས་བྱ་བའི་དོན་ཏོ། །འཆི་བདག་ནི་འཆི་བའི་ལས་སོ། །སྐྱེལ་བ་ནི་ཕྱིན་པར་ [71b.4]བྱེད་པའོ། །གང་ཕྱིན་པར་བྱེད་པ་ཡིན་ཞེ་ན། སྨྲས་པ། མི་སྟེ་སེམས་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལ་དབྱིག་པ་ལྟ་བུ་ནི་ནད་དེ་གནོད་པར་བྱེད་པའི་ཕྱིར་རོ། །ཕྱུགས་རྫི་ལྟ་བུ་ནི་རྒ་བ་དེ་ནད་ཀྱི་དབྱིག་པ་ཐོགས་པའི་ཕྱིར་ཏེ། ཕལ་ཆེར་རྒ་བ་ལས་ནད་དུ་མ་བྱུང་བའི་ཕྱིར་རོ། །ཕྱུགས་རྣམས་ [71b.5]ཀྱི་གནས་ལྟ་བུ་ནི་འཆི་བདག་སྟེ། གང་གི་ཕྱིར་དེ་ཉིད་ཀྱིས་འཆི་བའི་གནས་སུ་ཕྱིན་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་བ་ལང་རྫིས་དབྱིག་པས་བརྒྱབ་སྟེ་གང་དུ་བ་ལང་རྣམས་གནས་པའི་བ་ལང་གི་སྤྱོད་ཡུལ་དུ་ཕྱིན་པར་བྱེད་པ་དེ་བཞིན་དུ་ནད་ཀྱིས་ཉེན་པར་བྱས་ཤིང་རྒ་བས་མི་ཉམས་འཆི་བར་ [71b.6]བྱེད་དེ། གང་དུ་འཆི་བ་ཡོད་པ་དེར་རང་གི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྦྱོར་རོ། །བག་མེད་པ་བཟློག་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །ཇི་ལྟར་འདི་ངེས་པར་ནད་དང་རྒ་བས་མི་རྣམས་འཆི་བདག་གི་དྲུང་དུ་སྐྱེལ་ཞེ་ན། སྨྲས་པ། འཚོ་བའི་གནས་ཏེ་དུས་དང་འཚོ་བ་ནི་རང་ [71b.7]བཞིན་གྱིས་མི་གནས་པ་དང་མི་བརྟན་པ་ཡིན་ཞིང་དངོས་པོ་གང་དེས་དེ་ཉམས་པར་བྱེད་པ་ཡིན་ནོ། །ཇི་ལྟར་རང་བཞིན་གྱིས་དེ་གཉིས་མི་གནས་པ་ཡིན་ཞེ་ན། སྨྲས་པ། ཆུ་བྲན་གྱི་ནི་ཆུ་ལྟ་བུར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཏུ་དགེ་སློང་རྣམས་ [72a] [72a.1]ལ་བཀའ་སྩལ་པ། དགེ་སློང་དག་མི་རྣམས་ཀྱི་ཚེ་ནི་ཤིན་ཏུ་ཐུང་བ་ཡིན་ནོ་ཞེས་ཤེས་པར་གྱིས་ཤིག་ཅེས་རྒྱ་ཆེར་གསུངས་པ་ན་བདུད་སྡིག་ཅན་བྲམ་ཟེའི་ཁྱེའུའི་ཆ་བྱད་དུ་སྤྲུལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཉིན་པར་དང་མཚན་མོ་ལ་ནི་འདས་ [72a.2]པ་མེད་ཅིང་སྲོག་ཀྱང་འཇིག་པར་མི་འགྱུར་ལ་མི་རྣམས་ཀྱི་ཚེ་ཡང་མི་ཟད་དེ། ཤིང་རྟའི་འཁོར་ལོའི་ཆིངས་མ་བཞིན་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་བྲན་གྱི་ནི་ཆུ་ལྟ་བུར། །ཉིན་དང་མཚན་མོ་འདས་པ་ཡིས། །ཞེས་བྱ་བ་སྨོས་སོ། །གཞན་དག་ན་རེ་ཆུ་བྲན་གྱི་ཆུ་ [72a.3]དག་ལ་སོས་ཀའི་རབ་ཏུ་ཚ་བའི་ཚ་བས་གདུངས་ཤིང་ཆུ་རབ་ཏུ་ཟད་དེ་དེ་ཉུང་དུ་གྱུར་པ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ་ཞེས་སོ། །འདས་པ་ནི་རབ་ཏུ་ཐལ་བ་དང་ཞིག་པ་ཡིན་ཏེ། གང་གི་ཕྱིར་དུས་ལ་རག་ལུས་པའི་སྲོག་ནི་ཉིན་མཚན་གྱི་བདག་ཉིད་ཀྱི་དུས་འདས་པའི་ཕྱིར་ [72a.4]གནས་འཇིག་པ་ཉིད་ཀྱིས་གནས་པ་འཚོ་བ་ཡང་འཇིག་པ་ཡིན་ཏེ། འཆི་བདག་གི་དྲུང་དུ་འགྲོ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་རྣམ་པའི་དོན་དུ་གཞན་དག་འདོད་དོ། །འདས་པ་ཉིད་ཡིན་གྱི། དུས་འདས་པ་ནི་མེད་དོ་ཞེས་སྟོན་ཏོ། །གང་འདས་པ་ཡིན་ཞེ་ན། ཉིན་དང་མཚན་མོ་སྟེ། གླིང་ [72a.5]དག་ཏུ་སྣང་བའི་གནས་སྐབས་ནི་ཉིན་པར་རོ། །མུན་པའི་གནས་སྐབས་ནི་མཚན་མོའོ། །གང་གི་ཕྱིར་དེ་ཙམ་གྱི་དུས་དེ་ནི་ཚེ་དང་སྲོག་ཡིན་ནོ། །ཀྱང་གི་སྒྲ་ནི་ཉིན་མཚན་གཅིག་པུ་འདས་པར་མ་ཟད་དེ། འཇིག་པ་ཡིན་པའི་ཕྱིར་སྲོག་ཀྱང་འཇིག་པར་འགྱུར་ཞིང་ཟད་པར་འགྱུར་ཞེས་བྱ་བའི་དོན་ཏོ། ། [72a.6]ཕུང་པོ་ལྔ་མ་སྨོས་པ་ཉིད་གཙོ་བོ་ཡིན་པའི་ཕྱིར། སྲོག་སྨོས་པ་ནི་གང་གི་ཕྱིར་ནང་གི་ཕུང་པོ་རྣམས་ནི་སྲོག་ལ་གནས་པ་ཡིན་ཏེ། འདིར་ཁང་བཟངས་ཀ་བ་གཅིག་པའི་དཔེ་སྦྱར་བར་བྱའོ། །དེ་ལྟར་ན་ཉིན་དང་མཚན་མོ་འདས་པ་བཞིན་དུ་སྲོག་ཀྱང་འཇིག་པར་འགྱུར་ཞིང་མི་གནས་པ་ཡིན་ཏེ། དེས་ [72a.7]ན་སྨྲས་པ། མི་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚེ་ནི་འདིར་སྲོག་གི་ཡོ་བྱད་དུ་དགོངས་པ་ཡིན་ཏེ། ཡོ་བྱད་ཅེས་བྱ་བའི་སྒྲ་ཕྱི་ནས་བྱས་པ་ཡིན་ནོ། །ཚེའི་ཡོ་བྱད་ཀྱང་རྣམ་པ་གཉིས་ཏེ། ནང་གི་ལུས་དང་ཕྱི་རོལ་གྱི་བཟའ་བ་དང་བཏུང་བ་ལ་སོགས་པ་སྟེ། དེ་གཉིས་ཀྱང་ཟད་པར་ནུས་ [72b] [72b.1]པའི་ཕྱིར་རོ། །གང་གི་ཕྱིར་དུས་ཀྱིས་རབ་ཏུ་ཟད་པར་ནུས་པ་ཡིན་པས་འདུ་བྱེད་ཐམས་ཅད་དེ་ལྟར་འགྱུར་བའི་ཕྱིར་སྲོག་གམ་སྲོག་གི་ཡོ་བྱད་ཚེ་སྟེ་སྲོག་གི་དབང་པོའོ། །རབ་ཏུ་བསྒྲུབ་པར་བྱ་བ་ནི་འདོད་པར་གཏོགས་པའི་འཚོ་བ་ནི་ཉིན་མཚན་དང་འབྲེལ་པའི་ཕྱིར་རོ། །ས་གོང་མ་དག་གི་ཚེ་ནི་དེ་དང་ [72b.2]འབྲེལ་པ་མེད་དོ། །དེ་ལྟར་ཚེ་ཟད་པ་དེ་ཡང་སླར་ལྡོག་པར་མི་འགྱུར་ཏེ། ཚིགས་སུ་བཅད་པ་སྔ་མའི་ཚུལ་གྱིས་ཟད་པ་དང་མྱུར་དུ་འཇིག་པ་ཉིད་དོ། །གལ་ཏེ་སེམས་ཅན་ཐམས་ཅད་འཆི་བར་འགྱུར་བ་ཡིན་ན། མི་རྣམས་སྨོས་པ་ཅིའི་ཕྱིར་ཞེ་ན། འདི་ནི་མི་རྣམས་ཀྱི་དབང་དུ་བྱས་ནས་བསྟན་ཅིང་ [72b.3]འཇུག་པ་ཡིན་པས་འགལ་བ་མེད་དོ། །ཡང་ན་འཆི་བའི་ཆོས་ཅན་ཉིད་ལ་མིའི་སྒྲ་ཡོད་དེ་མི་ཉིད་ནི་མ་ཡིན་ནོ། །འདིར་དཔེ་བསྟན་ཅིང་སྨྲས་པ། ཆུ་བྲན་ཞེས་བྱ་བ་ནི་ཆུ་ལག་གོ། །ཆུ་བྲན་དེ་ལ་འདི་ལྟར་སོས་ཀའི་དུས་ཀྱི་ཉི་མའི་འོད་ཟེར་ཤིན་ཏུ་ཚ་བས་རབ་ཏུ་གདུངས་པས་སྐམ་ཞིང་ཅུང་ཟད་ལུས་ [72b.4]པའི་ཆུ་ལྟ་བུ་སྟེ། དེ་བཞིན་དུ་བདག་ཉིད་སྐལ་བ་ཆུང་བའི་འཚོ་བ་ཡང་འཁོར་བའི་གནས་སུ་ནད་ལ་སོགས་པས་རབ་ཏུ་གདུངས་ཤིང་མྱུར་དུ་འཇིག་པ་ཡིན་ནོ། །སྲོག་ལ་ལྷག་པར་ཞེན་པ་དག་བཟློག་པའི་ཕྱིར་འདི་གསུངས་སོ། །འདི་ལྟར་དེ་བཞིན་གཤེགས་པ་ནི་གཞན་ལ་ཕན་པའི་ [72b.5]ཕྱིར་ཆོས་སྟོན་པར་མཛད་པ་ཡིན་ཏེ། གཞན་གྱི་བསམ་པ་ལ་སོགས་པ་མཁྱེན་ནས་སྟོན་པ་ཡིན་གྱི། གཞན་དག་ལས་བདག་ཉིད་ཀྱིས་གོ་བར་བྱ་བ་སྒྲུབ་པའི་ཕྱིར་ནི་མ་ཡིན་ཏེ། ཇི་སྐད་དུ་གསུངས་པ། ཐུབ་རྣམས་ཆུ་ཡིས་སྡིག་པ་འཁྲུ་བར་མི་མཛད་ཅིང་། །འགྲོ་བའི་སྡུག་ [72b.6]བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །བདག་གིས་གཞན་ལ་རྟོག་པ་སྤོས་པ་མ་ཡིན་ཏེ། །ཆོས་ཉིད་ཞི་བ་གསུང་ཞིང་རབ་ཏུ་སྒྲུབ་པ་ཡིན། །ཞེས་པས་སོ། །སྐྱེ་བ་འདི་ཉིད་ལས་སྐྱེ་བ་གཞན་དུ་སྲོག་འདི་ཟད་པར་གྱུར་ན། སྡུག་བསྔལ་ཐམས་ཅད་དུ་གྱུར་པའི་འདུ་བྱེད་ཉེ་བར་ཞི་བ་ [72b.7]ཡིན་ཏེ། དེ་བས་ན་ཚེ་ཟད་པ་ལ་སྨད་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། མེལ་ཙེ་བྱེད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་སློང་རྣམས་བསྟི་གནས་ཀྱི་ཁང་པ་དག་ཏུ་འདུས་ཤིང་འཁོད་པ་ན་བར་སྐབས་སུ་ཚིག་འདི་ལྟ་བུའི་གཏམ་བརྗོད་པར་གྱུར་ཏེ། ཚེ་དང་ལྡན་པ་དག་ཅི་ [73a] [73a.1]ཞིག་རིང་བ་ཞེས་པ་ན། ཁ་ཅིག་གིས་སྨྲས་པ། མེལ་ཙེ་བྱེད་པ་ལ་མཚན་མོ་རིང་ངོ་ཞེས་སོ། །གཞན་དག་ནི་ལམ་གྱིས་དུབ་པ་ལ་དཔག་ཚད་རིང་ངོ་ཞེས་བརྗོད་པ། བཅོམ་ལྡན་འདས་ཀྱིས་གསན་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །གཞན་དག་ནི་ལྷ་ [73a.2]ཞིག་འོངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཞུས་ཏེ། མེལ་ཙེ་བྱེད་ལ་ཅི་ཞིག་རིང་། །ལམ་གྱིས་དུབ་ལ་རིང་འགྱུར་གང་། །བྱིས་པ་ལ་ནི་ཇི་ཞིག་རིང་། །དྲི་ཚིག་བདག་ལ་བཀའ་སྩལ་གསོལ། །ཞེས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེལ་ཙེ་བྱེད་ལ་མཚན་མོ་རིང་། ། [73a.3]ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ནི་རྒྱལ་པོ་གསལ་རྒྱལ་གཉིད་མེད་པ་དང་འགྲོན་པོའི་སྐྱེས་བུ་དུབ་པ་དག་ལས་བརྩམས་ཏེ་ཚིགས་སུ་བཅད་པ་འདི་གསུངས་སོ་ཞེས་སོ། །ཚེ་དང་བཅས་པའི་འཁོར་བ་ནི་སྡུག་བསྔལ་བ་ཡིན་ཏེ། དེ་བས་ན་ཆོས་ཡོངས་སུ་ཤེས་པར་བྱ་བ་ལ་འབད་པས་ [73a.4]ནན་ཏན་དུ་གྱིས་ཤིག་ཅེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །རིང་བ་ནི་རྒྱ་ཆེ་ཞིང་ཡངས་པ་སྟེ། རབ་ཏུ་དུབ་པ་ནི་འདིའི་རྣམ་པར་དབྱེ་བའོ། །ལ་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ། །གང་ལ་རིང་ཞེ་ན་སྨྲས་པ། མེལ་ཙེ་བྱེད་ལ་ཞེས་བྱ་བ་སྨོས་ཏེ་གཉིད་མི་ཐོབ་པའི་སྐྱེས་བུའོ། །མཚན་མོ་ནི་མུན་པ་ [73a.5]སྟེ་འདི་ལ་འདོད་ཆགས་ཅན་དག་ལྷག་པར་ཆགས་པ་སྐྱེ་བས་ན་མཚན་མོ་སྟེ། འདི་ནི་ངེས་པའི་ཚིག་གོ། །མེལ་ཙེ་བྱེད་པ་ནི་མཚན་མོ་ཅུང་ཟད་ལས་མ་ལུས་ཀྱང་ཉིས་འགྱུར་སུམ་འགྱུར་དུ་ཡོད་པ་སྙམ་སེམས་སོ་ཞེས་བྱ་བའི་དོན་ཏོ། །ལམ་གྱིས་དུབ་པ་ཞེས་བྱ་བ་ནི་ལམ་གྱིས་ངལ་བ་ལས་ [73a.6]སྐྱེས་པའི་ཉམ་ཆུང་བ་དང་མི་བདེ་བས་འགྲོ་བ་ལ་སོགས་པའི་བྱ་བའི་ཆེད་དུ་ལུས་དང་སེམས་བླུན་ཞིང་དུབ་པ་དང་ལྡན་པ་ནི་ལམ་གྱིས་དུབ་པའོ། །དཔག་ཚད་ནི་འདིར་རྒྱང་གྲགས་བཞིའི་ལམ་མོ། །ལ་ཞེས་བྱ་བའི་སྒྲ་ཡང་འདིར་རྗེས་སུ་འབྲང་བ་སྟེ། ཇི་ལྟར་མེལ་ཙེ་བྱེད་པ་ལ་མཚན་མོ་རིང་ [73a.7]བར་བརྗོད་པ་དེ་བཞིན་དུ་ལམ་གྱིས་དུབ་པ་ལ་ཡང་དཔག་ཚད་ཙམ་གྱི་ལམ་ལ་ཡང་རིང་བར་ཤེས་པ་ཡིན་ཏེ། དེ་བཞིན་དུ་བྱིས་པ་རྣམས་འཁོར་བ་ཅུང་ཟད་ཙམ་ཡིན་ན་ཡང་ཞེས་སོ། །བྱིས་པ་ནི་མི་ཤེས་པ་སྟེ་སོ་སོའི་སྐྱེ་བོ་ཐར་པ་དང་སྲིད་པའི་ཡོན་ཏན་དང་སྐྱོན་འདིས་མི་ཤེས་པའོ། །ཡང་ [73b] [73b.1]དང་ཡང་འཁོར་བ་དང་སྲེད་པའི་མཐར་ཕྱིན་པར་ག་ལ་འགྱུར་ཏེ། ཆོས་གཅིག་ཀྱང་མངོན་པར་མི་ཤེས་ཤིང་རབ་ཏུ་མི་ཤེས་པས་ནི་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ་ཞེས་ང་མི་སྨྲའོ་ཞེས་མདོ་ལས་གསུངས་སོ། །འཁོར་བ་ནི་སྲིད་པར་སྐྱེ་བ་ཡོངས་སུ་གཟུང་བ་ཞེས་བྱ་བའི་དོན་ཏོ། །བྱིས་ [73b.2]པའི་ཁྱད་པར་གྱིས་ཐབས་ཀྱི་རྒྱུ་བསྟན་པའི་ཕྱིར་སྨྲས་པ། དམ་ཆོས་ཞེས་བྱ་བ་སྨོས་པ་ནི་བདེན་པར་འགྱུར་བའི་ཆོས་ཏེ། དེ་ནི་འཕགས་པའི་བདེན་པ་བཞིའི་བདག་ཉིད་དོ། །དེ་ཡོངས་སུ་ཤེས་པ་ལ་ནི་མཐོང་བའི་མིག་གིས་རེ་ལྟར་ཐོགས་ན་སྲིད་པ་བདུན་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །མི་ཤེས་པ་ [73b.3]ཞེས་བྱ་བ་ནི་ཁོང་དུ་མ་ཆུད་པ་དང་མ་རྟོགས་པ་ཞེས་བྱ་བའི་བར་དུའོ། །འཕགས་པའི་བདེན་པ་བཞི་ཇི་ལྟ་བ་བཞིན་དུ་མ་མཐོང་བས་ནི་འཁོར་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གིས་ཏེ། ཤེས་པས་ནི་ཐར་པ་ཡིན་ལ། མི་ཤེས་པས་ནི་འཁོར་བ་ཡིན་ནོ། །འཁོར་བའི་རྩ་བ་ནི་མ་རིག་པ་ཡིན་པའི་ཕྱིར། དགེ་ [73b.4]སློང་དག་མ་རིག་པས་བསྒྲིབས་ན་ནི་རྒྱུན་མི་འཆད་པར་འཁོར་བར་འཁོར་རོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་པའི་ཕྱིར་རོ། །གཞན་དག་འགྲེལ་པ་ནི་རིང་བ་ནི་དཀའ་བ་ཡིན་ཏེ། མཚན་མོ་མེལ་ཙེ་བྱེད་པའོ། །ལམ་གྱིས་དུབ་པ་ལ་ནི་དཔག་ཚད་ཀྱང་དཀའ་བ་སྟེ། ཉམ་ཐག་པའི་ཕྱིར་རོ། ། [73b.5]དེ་བཞིན་དུ་སོ་སོའི་སྐྱེ་བོ་ལ་ཡང་འཁོར་བ་ན་གནས་པར་དཀའ་བ་ཡིན་ཏེ། དམ་པའི་ཆོས་མི་ཤེས་པའི་ཕྱིར་རོ། །ད་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་སྡིག་པའི་ལས་མི་བྱེད་པ་མ་ཡིན་ནོ་ཞེས་མི་སྨྲའོ་ཞེས་གསུངས་སོ། །སྡིག་པ་བྱས་པས་ནི་འཁོར་བའི་སྡུག་བསྔལ་གྱི་རང་བཞིན་ [73b.6]ནམ། འཁོར་བའི་འབྲས་བུའོ། །ལས་ཐམས་ཅད་ནི་སྡིག་པ་ཉིད་ཡིན་པས་མི་འདོད་པའི་འབྲས་བུ་འདི་ཡིན་པའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་དེའི་འབྲས་བུ་སྡུག་བསྔལ་ཡིན་པའི་ཕྱིར་རོ། །དེ་ཡང་བྱིས་པས་མ་སྤངས་པ་སྟེ། དེ་བས་ན་འཁོར་བས་འཇིགས་པ་རྣམས་ཀྱིས་ཆོས་ཀྱི་ [73b.7]ངོ་བོ་ཡོངས་སུ་བརྟག་པ་ལ་འབད་པར་བྱའོ་ཞེས་དེ་ལ་སྦྱར་བའི་ཚིགས་སུ་བཅད་པ་འདི་གསུངས་སོ། །དམ་པའི་ཆོས་ཡོངས་སུ་མ་ཤེས་པས་ནི་བདག་དང་བདག་གིར་འཛིན་པས་བརླག་པར་འགྱུར་ཏེ། དེ་ལྟར་གྱུར་ན་ནི་འཁོར་བར་འཇུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདག་ལ་ [74a] [74a.1]བུ་ཡོད་དེ་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཀུན་དགའ་བོ་ཞེས་བྱ་བའི་ཚོང་དཔོན་ཞིག་གནས་ཏེ། དེ་ལ་བུ་བརྒྱད་ཀྱང་ཡོད་ལ། དབྱིག་དང་གསེར་དང་བྲན་ཕོ་དང་བྲན་མོ་ལ་སོགས་པ་རྣམ་པ་དུ་མ་ཡང་ཡོད་དེ། དེ་བུ་དང་ནོར་གྱི་དྲེགས་ [74a.2]པས་བསྙེམས་པས་བདག་དང་བདག་གིར་བྱེད་ཅིང་བརླག་པར་འགྱུར་ཏེ། གང་ལ་འདི་ལྟ་བུའི་བུ་དང་ནོར་ཡོད་པ་དེ་ནི་འཇིགས་པ་ག་ལ་ཡོད་ཅེས་བག་ཕབ་སྟེ་འདུག་པར་གྱུར་ཏོ། །ཇི་ཙམ་ན་ནད་ཀྱིས་བཏབ་སྟེ། གང་ལས་ཀྱང་ཡོངས་སུ་སྐྱོབ་པ་མ་རྙེད་ནས་ཤི་སྟེ་ངན་སོང་དུ་ལྷུང་ནས་དེའི་ [74a.3]ཆེད་དུ་ཚིགས་སུ་བཅད་པ་འདི་གསུངས་ཏེ་དེ་ཐོས་པས་སྲོག་ཆགས་སྟོང་ཕྲག་བརྒྱད་ཅུས་ཆོས་མངོན་པར་རྟོགས་པར་གྱུར་ཏོ། །གཞན་དག་ན་རེ་དགའ་བོ་ཞེས་བྱ་བའི་ཚོང་དཔོན་ཕྱུག་ཅིང་ནོར་མང་བ་བཀྲེན་ཞིང་གཡོ་ཆེ་བ་ཞིག་སྟེ། དེ་ཁྭ་ལ་ཡང་གཏོར་མ་མི་སྟེར་རོ། །དེ་ལ་བུ་ཅན་ངན་ཞེས་ [74a.4]བྱ་བ་ཡང་ཡོད་དོ། །དེ་བུ་དང་ནོར་གཉིས་ཀྱིས་རྒྱ་ཆེར་དྲེགས་པར་གྱུར་ཅིང་ཤི་བར་གྱུར་ཏེ། གདོལ་པ་མོ་ལོང་ཞིང་རྒན་པ་ཞིག་གི་མངལ་དུ་སྐྱེས་པར་གྱུར་ཏོ། །ཇི་ཙམ་ན་སློང་བའི་ཕྱིར་རང་གི་ཁྱིམ་དུ་ཞུགས་པ་ལས་སྒོ་སྲུང་གིས་བརྡུངས་ཤིང་ལུས་སྣང་པར་བྱས་ཏེ། དེ་བས་ན་དེའི་དབང་དུ་ [74a.5]བྱས་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །བདག་དང་བདག་གི་ལ་སྲེད་པས་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་ལ་ཞེན་པར་གྱུར་ཏེ། འགྲོ་བ་འདི་དག་ཀྱང་བདག་མེད་པ་དེའི་ཆེད་དུ་སྡུག་བསྔལ་མྱོང་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །བུ་ཞེས་བྱ་བ་ནི་བུ་ཉིད་དེ། ཡུན་ཞེས་བྱ་བ་ནི་དམྱལ་བ་ [74a.6]དེ་ལས་སྐྱོབ་པའི་ཕྱིར་བུའི་སྒྲ་འཇུག་སྟེ། ཇི་སྐད་དུ་ངེས་བརྗོད་ཀྱི་རིག་བྱེད་ལས་བཤད་པ། འདིར་བུ་ལོན་ཕྲ་བར་གྱུར་པ་ཡིན་ཏེ་ཕས་བུ་གསོན་བཞིན་དུ་མ་མཐོང་ནའོ། །བདག་ལ་བུ་ཡོད་པས་དེ་བས་ན་འཇིག་རྟེན་ཕ་རོལ་འགྲུབ་པ་ཡིན་ནོ་ཞེས་བྱིས་པ་སེམས་པའོ། །བདག་ཅེས་བྱ་བ་ [74a.7]ནི་བདག་གིའོ། །ཡོད་པ་ནི་བདོག་པའོ། །ནོར་ཞེས་བྱ་བ་ནི་མི་རྣམས་ཀྱིས་བདོག་པ་ཡིན་ནོ་ཞེས་བྱས་ཤིང་གཟུང་བ་སྟེ་གསེར་ལ་སོགས་པས་ཞེས་བྱ་བའི་དོན་ཏོ། །ལ་ལ་ཞེས་བྱ་བ་ནི་བདག་ལ་ཡོད་དོ་ཞེས་རྗེས་སུ་འདྲེན་པའི་དོན་ཏོ། །འདིས་ནི་འཇིག་རྟེན་འདིའི་གྲུབ་པའི་རྒྱུད་ཉིད་དེ་ཇི་ [74b] [74b.1]ལྟར་བསྟན་པ། ཚུལ་ཁྲིམས་གཙང་དང་བཟོད་དང་མཐུན་པ་དང་། །འཇམ་དང་ཆོ་རིགས་མཐོ་བར་སྐྱེས་པ་ཡང་། །སྐྱེས་བུ་ནོར་རྣམས་མེད་པར་གྱུར་པ་ནི། །དེ་དག་ཐམས་ཅད་མཛེས་པར་འགྱུར་མ་ཡིན། །ཞེས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །འདི་ནི་རེ་ཞིག་འཇིག་ [74b.2]རྟེན་དུ་གྲགས་པའི་གཙོ་བོའི་དངོས་པོ་ཡིན་པར་སྟོན་པའོ། །ཞེས་པས་ཞེས་བྱ་བ་ནི་ལྷག་པར་ཏེ་བྱ་བའི་ཁྱད་པར་ཉིད་དེ། བརླག་ཅེས་བྱ་བ་དེས་ཁྱད་པར་དུ་བྱེད་དོ། །ཅིས་བརླག་པ་ཡིན་ཞེ་ན། ཡོད་ཅེས་པས་སོ། །བྱིས་པ་ནི་རྨོངས་པ་སྟེ་སྡུག་བསྔལ་མེད་པར་ཤེས་པའི་ཕྱིར་རོ། །བརླག་ [74b.3]པ་ནི་ཉེ་བར་གཙེས་པ་ཡིན་ཏེ་འདིར་ནི་ཉོན་མོངས་པ་དུ་མས་སོ། །ཕྱི་མར་ནི་ངན་སོང་གི་སྡུག་བསྔལ་གྱིས་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བྱིས་པ་བདག་ཉིད་བདག་དང་བདག་གིར་འཛིན་པ་གཉིས་ཀྱིས་དཀྲུགས་ཤིང་སྡུག་བསྔལ་བ་ཡིན་ཏེ། འདིར་ཡང་དེ་བུ་ལ་སྲེད་པས་བུ་གསོ་བར་ [74b.4]བྱའོ་ཞེས་བྱ་བ་དང་། ནོར་ལ་སྲེད་པས་ནོར་བཙལ་བར་བྱའོ་ཞེས་བྱ་བ་སྟེ། ཐང་དང་ཆུ་ལ་འགྲོ་བ་དང་། ཞིང་རྨེད་པ་དང་། རྒྱལ་པོའི་ཞབས་འབྲིང་ལ་སོགས་པས་ཤིན་ཏུ་བརླག་ཅིང་ཉོན་མོངས་པའི་ཕྱིར་རོ། །ཚེ་ཕྱི་མར་ཡང་ངན་སོང་དུ་སྐྱེས་ཏེ་རང་གི་ཉེས་པར་སྤྱོད་པས་དྲངས་པའི་ཤིན་ཏུ་ [74b.5]དྲག་པའི་སྡུག་བསྔལ་མྱོང་བས་བརླག་པའོ། །གང་གི་ཕྱིར་བྱིས་པ་ནི་སེམས་ཅན་དུ་བརྗོད་པ་ཐམས་ཅད་ཀྱིས་དངོས་པོ་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། མིག་དང་བྲལ་བ་དག་རིན་པོ་ཆེའི་ཕུང་པོ་ལ་རྐང་པ་འདོར་བས་ཉམས་པར་འགྱུར་བ་དང་། འཕྲོད་པའི་ཟས་ཡིན་དུ་ཟིན་ཀྱང་མང་དུ་ཟོས་པ་ [74b.6]ལ་སོགས་པས་ནད་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་བསྟན་པ་དང་འདྲ་བ་ཡིན་ནོ། །ཅིའི་ཕྱིར་བདག་དང་བདག་གིར་འཛིན་པ་གཉིས་ཀྱིས་འདི་བརླག་པར་འགྱུར་ཞེ་ན། ལོག་པར་ཤེས་པས་ཏེ། ཇི་ལྟར་དགོན་པ་དག་ཏུ་སྨིག་རྒྱུ་ལ་ཆུ་ཀླུང་ལ་སོགས་པར་འཁྲུལ་པས་སྡུག་ [74b.7]བསྔལ་སྣ་ཚོགས་རྙེད་པ་བཞིན་ནོ། །གལ་ཏེ་དོན་དམ་པར་བདག་ཉིད་ཡོད་པ་ཡིན་ན་ནི་དེའི་བདག་གི་ཡང་གྲུབ་པ་ཡིན་ན་དེ་ཡང་མེད་པས་དེ་བདག་གིས་ཇི་ལྟར་འགྲུབ་པའོ། །ཕྱི་རོལ་ནང་ན་བདག་ཅེས་བྱ་ལ། བདག་ནི་ནང་གི་བྱེད་པ་སྐྱེས་བུ་རྟག་པ་དང་། ལས་རྣམས་ཀྱིས་བྱེད་པ་པོ་དང་། [75a] [75a.1]འབྲས་བུ་མྱོང་བར་བྱེད་པ་ཞེས་བྱ་བ་ནི་གཞན་དག་གི་གཞུང་ངོ་། །ན་ཞེས་བྱ་བ་ནི་རིམ་པ་གཞན་དུ་སྦྱར་བར་ཤེས་པར་བྱའོ་གང་གི་ཕྱིར་མེད་ན་སྟེ་གང་གིས་བདག་མེད་ཅེ་ན། སྨྲས་པ། བདག་ཅེས་སྨོས་ཏེ། རང་གི་རྒྱུད་དེ་མི་རྣམས་ཀྱི་བདག་གི་ངོ་བོ་ཕུང་པོ་ལྔའི་བདག་ཉིད་ཅེས་ [75a.2]བྱ་བའི་དོན་ཏོ། །གང་ལ་ལ་དགེ་སྦྱོང་ངམ་བྲམ་ཟེ་བདག་གོ་ཞེས་མངོན་པར་སྨྲ་བ་དེ་ཐམས་ཅད་ནི་ཕུང་པོ་ལྔ་པོ་འདི་དག་ཡིན་ནོ་ཞེས་མདོ་ལས་གསུངས་པ་ཡིན་ནོ། །གལ་ཏེ་འདི་ལ་བདག་ཡོད་པས་གནས་པར་གྱུར་ན་ནི་ཇི་ལྟར་རྒ་བ་དང་འཆི་བར་འགྱུར་བའོ། །དེས་ན་དྲང་སྲོང་ཆེན་པོས་འགྲོ་བ་འདི་དག་ [75a.3]བདག་མེད་པ་ཡིན་ནོ་ཞེས་གསུངས་ཏེ། གལ་ཏེ་ཡང་བདག་གི་བདག་ཡོད་ན་ནི་དེས་ན་བུ་ལ་སོགས་པ་བདག་གིར་ཡང་ཡོངས་སུ་གཟུང་བ་ཡིན་ན། དེ་ནི་མེད་དེ། དེས་ན་ཡང་སུའི་བུ་སྟེ་བདག་གི་ཡོད་པར་འགྱུར་བའོ། །ཇི་ཞིག་ནོར་ནི་འདི་ནི་རིང་དུ་སྤང་བར་བྱ་སྟེ་བདག་གིར་བྱེད་པ་འདི་ཞེས་བྱ་བའི་དོན་ཏོ། ། [75a.4]གཞན་དག་ནི་གཞན་གྱིས་ཡོངས་སུ་བརྟག་པ་སྟེ། དེ་ལ་བདག་ཏུ་ངེས་པར་བརྟགས་ན་ནི་རང་གི་ངོ་བོར་བདག་ཉིད་མེད་དོ་ཞེས་བྱ་བའི་དོན་ཏེ། བདག་ཉིད་མེད་ན་བདག་གི་ག་ལ་ཡོད་དོ་ཞེས་པའི་དོན་ཏོ། །བདག་དང་བདག་གི་ལ་ཆགས་པ་སྤང་བའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །གལ་ [75a.5]ཏེ་འཇིགས་ཀྱང་ཕུང་པོའི་སྟོབས་ཀྱིས་འབྱོར་བ་སྐྱེད་དེ་དེའི་སྟོབས་ཀྱིས་ནམ་ཞིག་བཅུད་ཀྱིས་ལེན་ལ་སོགས་པ་ཉེ་བར་སྤྱད་པས་སྐྱེས་པའམ་བུད་མེད་འཆི་བར་མི་འགྱུར་རོ་ཞེ་ན། སྨྲས་པ། སྐྱེས་པ་བུད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེད་དཔོན་ཞིག་ལན་བདུན་གྱི་བར་དུ་རྒྱ་མཚོར་སོང་ [75a.6]སྟེ་བསྒྲུབས་ནས་ནོར་མང་པོ་བསགས་ཏེ་ཐ་མར་འཁོར་བ་དེ་ཉིད་ཀྱི་ཉི་མ་ལ་རང་གི་ཁྱིམ་དུ་ཞུགས་མ་ཐག་འཆི་བའི་དུས་བྱས་སོ། །དེ་ལ་བུ་མེད་པས་དེའི་ནོར་ཐམས་ཅད་རྒྱལ་པོས་ཁྱེར་རོ། །དེའི་སྡུག་བསྔལ་གྱིས་གདུངས་པས་ཆུང་མ་ཡང་ཤི་སྟེ། དེའི་ཕྱིར་རྒྱ་ཆེར་ཚིགས་སུ་བཅད་པ་འདི་ [75a.7]གསུངས་སོ། །ནོར་དཔག་ཏུ་མེད་ཅིང་ཁྱད་པར་ཅན་གྱི་ལོངས་སྤྱོད་བསྒྲུབས་ཀྱང་སེམས་ཅན་རྣམས་འཆི་བ་ལས་འདས་པར་མི་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །སྟོང་ཉིད་ཡིན་པས་གྲངས་སྟོང་ངོ་། །སྟོང་དེ་བརྒྱ་ནི་སྟོང་ཕྲག་བརྒྱ་པའོ། །མང་པོ་ནི་དུ་མ་སྟེ་བརྒྱ་སྟོང་གི་གྲངས་ [75b] [75b.1]གང་ཡིན་པའི་སྐྱེས་པའམ་བུད་མེད་དེ་ཡིན་ཏེ། དེས་ན་ཡང་དེ་ལྟར་སྟོང་ཕྲག་མང་པོའི་གྲངས་ཞེས་བྱ་བའི་དོན་ཏེ། སྐད་ཅིག་མ་རེ་རེ་ལ་འཁོར་བ་དག་ཏུ་བརྒྱ་སྟོང་དུ་མ་འཆི་བར་འགྱུར་བས་སོ། །སྐྱེས་པ་ནི་སྐྱེས་བུའོ། །བུད་མེད་ནི་བུད་མེད་ཉིད་དོ། །དང་ཞེས་བྱ་བའི་སྒྲ་ནི་བརྒྱ་སྟོང་ཕྲག་མང་ [75b.2]པོ་འདྲེན་པའི་དོན་ཏེ་དེ་དག་འཆི་བདག་གི་དྲུང་དུ་འགྲོ་བར་འགྱུར་ཏེ་རག་ལུས་པར་གྱུར་ཅེས་བྱ་བའི་དོན་ཏོ། །ཅི་ལན་ཅིག་ཡིན་ནམ་ཞེ་ན། སྨྲས་པ། མང་པོ་ཞེས་བྱ་བ་སྟེ་ལན་དུ་མར་རོ། །དམྱལ་བའི་གནས་ནས་ཡི་དྭགས་སྐྱེ་ཞིང་དེ་ལས་སུམ་ཅུ་གསུམ། །འགྲོ་འགྱུར་དེ་ལས་དགེ་བ་ཉམས་ཏེ་ [75b.3]དུད་འགྲོའི་སྐྱེ་གནས་སྐྱེ། །དུད་འགྲོའི་ལས་ཀྱང་ཉམས་ཏེ་མི་ཡི་འགྲོ་བར་སྐྱེ་འགྱུར་བས། །ལས་ཀྱིས་འཕངས་པའི་འགྲོ་བ་འཕྱན་ཅིང་ཤིང་རྟའི་འཁོར་ལོ་བཞིན། །ཅི་ལོངས་སྤྱོད་མ་ཐོབ་པས་འཚོ་བའི་ཡོ་བྱད་ཉམས་པར་འགྱུར་རམ་ཞེ་ན། སྨྲས་པ་ལོངས་སྤྱོད་ཅེས་སྨོས་ཏེ། དབྱིག་དང་ [75b.4]གསེར་དང་ཡུལ་ལ་སོགས་པ་ནི་གཙོར་འཚོ་བའི་ཡོ་བྱད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལེགས་པར་བསྒྲུབས་པ་ནི་ཡང་དག་པར་བསགས་པའོ། །འཆི་བདག་ཅེས་བྱ་བ་ནི་རིས་མཐུན་པ་རྒྱུན་ཆད་པའི་མཚན་ཉིད་འཆི་བའོ། །དབང་ནི་དེའི་བཀའི་རྗེས་སུ་འགྲོ་ཞིང་རག་ལུས་པའོ། །འགྲོ་བར་ [75b.5]འགྱུར་བ་ནི་ཐོབ་པའོ། །འདི་ཡང་བདག་དང་བདག་གི་ལ་ཆགས་པ་སྤངས་པའི་ཕྱིར་བསྟན་ཏོ། །དེ་ནི་ཕྱི་རོལ་དང་ནང་གི་དངོས་པོ་ཐམས་ཅད་བསྡུས་ཏེ་མཐར་འཇིག་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། བསགས་པ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཚོང་དཔོན་བཞི་ཞིག་ཡོད་པ་ [75b.6]ལས་གཅིག་ནི་ནོར་ལ་སོགས་པ་མཆོག་ཏུ་འཛིན་ཏོ། །གཉིས་པ་ནི་གནས་ཁང་མཆོག་ཏུ་བྱེད་དོ། །གསུམ་པ་ནི་གཉེན་དང་ཕྲད་པ་མཆོག་ཏུ་བྱེད་དོ། །བཞི་པ་ནི་བཅུད་ཀྱིས་ལེན་གྱི་སྦྱོར་བ་མཆོག་ཏུ་བྱེད་པར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོས་ནོར་མ་ལུས་པར་ཕྲོགས་པ་དང་། ཁྱིམ་ [75b.7]མེས་ཚིག་པར་གྱུར་པ་དང་། གཉེན་དང་བྲལ་བར་གྱུར་པ་དང་། ཤི་བར་གྱུར་ནས་གོ་རིམས་བཞིན་དུ་དེ་དག་གི་དབང་དུ་མཛད་ནས་འདི་གསུངས་སོ། །ཡོ་བྱད་དང་བཅས་པར་སྲོག་འཇིག་པར་འགྱུར་རོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །ཀུན་གྱིས་ཞེས་བྱ་བ་ནི་མ་ལུས་ [76a] [76a.1]པའོ། །ཟད་པའི་མཐའ་གང་ཡིན་པ་དེ་ནི་མཐའ་ཟད་པ་སྟེ། མཐར་ཟད་པར་འགྱུར་བ་དང་། མཐར་འཇིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། །བསགས་པ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་ནོར་ལེགས་པར་བསྒྲུབས་པའོ། །མཐའ་ནི་འགྱེལ་བར་འགྱུར་ [76a.2]ཞེས་བྱ་བ་ནི་ཐ་མར་ཞིག་པར་འགྱུར་བའོ། །གང་ཡིན་ཞེ་ན། སྨྲས་པ། བསླང་བ་ཞེས་བྱ་བ་ཡིན་ཏེ། ལེགས་པར་རིམ་གྱིས་བསླང་ཞིང་བཀོད་པ་གང་ཡིན་པའི་ཁྱིམ་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་བསླང་བ་ནི་ལུས་ཡིན་ནོ་ཞེས་ཟེར་ཏེ་འཁོར་དང་། ལོངས་སྤྱོད་ཀྱི་ཆེད་ [76a.3]དུ་ནི་བདག་གིས་བསླང་བ་བཏང་བ་མ་ཡིན་ནོ་ཞེས་སྨོན་ལམ་གྱི་ཚིག་གིས་ཤེས་པའི་ཕྱིར་རོ། །ཕྲད་པ་ནི་ཉེ་དུའི་སྐྱེ་བོ་དང་ཕྲད་པའོ། །མཐར་འབྲལ་ཞེས་བྱ་བ་ནི་དེ་དག་སྤོང་བའི་ཕྱིར་རོ། །མཐར་འཆི་བ་ཞེས་བྱ་བ་ནི་ཐ་མར་འཆི་བ་སྟེ་གང་འདི་དག་སྔར་བསྟན་པ་གཅིག་པུར་མ་ཟད་དེ་འཚོ་ [76a.4]བ་ཡང་ངོ་། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ་ཐམས་ཅད་དུ་ཅི་རིགས་པར་སྦྱར་བར་བྱ་སྟེ། མཐའ་ཟད་ཅིང་ཞེས་བྱ་བ་ལ་སོགས་པ་ལ་སྦྱར་བ་ཡིན་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། སྨྲས་པ། གསོན་པ་ནི་ཚེ་སྟེ་དེས་ན་གང་སྤྱོད་པ་དེ་ནོར་བསྩགས་པ་དང་གང་དུ་སྤྱོད་པ་སྟེ་ [76a.5]ཁང་པའི་ནང་དུ་དང་། གང་གིས་སྤྱོད་པ་སྟེ་ལུས་ཀྱིས་དང་། གང་དང་ལྷན་ཅིག་སྤྱོད་པ་སྟེ་ཕ་མ་དང་། བུད་སྨད་ལ་སོགས་པ་དང་། གང་གི་ཕྱིར་སྤྱོད་པ་སྟེ་གསོན་པའི་ཕྱིར་ཏེ་དེ་ཐམས་ཅད་ཀྱང་མཐར་འཇིག་པར་འགྱུར་རོ་ཞེས་རྟོགས་པར་བྱའོ། །ལོངས་སྤྱོད་ལ་སོགས་པ་དང་། [76a.6]ཁྱིམ་དང་། ལུས་དང་། ཆུང་མ་དང་། གསོན་པས་དྲེགས་ཤིང་བསྙེམས་པ་ལ་དེ་སྤང་བའི་ཕྱིར་འདི་གསུངས་པ་ཡིན་ནོ། །གལ་ཏེ་ཁ་ཅིག་གསོན་པའི་མཐའ་འཆི་བར་འགྱུར་གྱི། ཐམས་ཅད་འཆི་བར་མི་འགྱུར་རོ་ཞེ་ན། སྨྲས་པ། གསོན་མཐའ་འཆི་བ་ཡིན་པས་ན། །ཞེས་བྱ་ [76a.7]བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ཆུང་མ་སྡུག་ཅིང་ཡིད་དུ་འོང་བ་འཆི་བའི་དུས་བྱས་སོ། །དེས་དེ་ཕྱུང་སྟེ་བསྲེགས་ནས་དེ་ལ་མཚུན་གཏོར་ཡང་བྱས་ཏེ་ཉིན་རེ་བཞིན་ངུས་པས་གོས་དང་སྐྲ་དག་གཤེར་བར་གྱུར་ཏོ། ། [76b] [76b.1]ཇི་ཙམ་ན་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཙུན་པ་གལ་ཏེ་བདག་བཙུན་མོ་ཨརྱའི་ཀའི་ཕྱིར་འཚོ་བ་གླང་པོ་ཆེའི་ལུས་ཐོབ་པར་གྱུར་ཏེ། གླང་པོ་ཆེའི་ལུས་ཀྱང་བདག་ཡོངས་སུ་བཏང་བར་བྱས་ལ་བཙུན་མོ་ཨརྱའི་ཀའི་ཕྱིར་ཇི་སྲིད་དུ་བདག་རྒྱལ་པོ་བྱེད་པ་དང་། ཇི་སྲིད་དུ་ [76b.2]བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་མཆིས་ཀྱི་བར་དུའོ། །བཅོམ་ལྡན་འདས་ཀྱིས་དེའི་ཕྱིར་འདི་སྐད་བཀའ་སྩལ་ཏེ། སེམས་ཅན་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་མཐར་འཆི་བ་ཡིན་ཞིང་འཆི་བ་མཐར་འགག་པ་ཡིན་ཏེ། སྐྱེས་ནས་མི་ [76b.3]འཆི་བ་མེད་དོ་ཞེས་བྱ་བའི་ཚིགས་བཅད་ཀྱིས་རྒྱ་ཆེར་རོ། །སྲོག་ཆགས་ཐམས་ཅད་ནི་ངེས་པར་འཆི་བ་ཡིན་ནོ། །དེ་ལ་ཡང་རྒྱུ་ནི་ཀུན་ནས་ཉོན་མོངས་པའི་ལས་ཀྱིས་ཡང་དེ་དང་རྗེས་སུ་མཐུན་པ་སྐྱེ་བར་འགྱུར་གྱི། དགྲ་བཅོམ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །སེམས་ [76b.4]ཅན་ཐམས་ཅད་ནི་སྲོག་ཆགས་མ་ལུས་པའོ། །འཆི་འགྱུར་ཞིང་ཞེས་བྱ་བ་སྲོག་ཡོངས་སུ་འདོར་བར་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྲོག་ནི་ཐ་མར་འཆི་བ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར་སྲོག་ནི་བུམ་པ་བཞིན་དུ་འཇིག་པར་རིག་པ་དང་འདི་དག་གི་ཆོས་ཉིད་ཡིན་པའི་ [76b.5]ཕྱིར་སའི་ཁམས་ཀྱི་སྲ་བ་བཞིན་ནོ། །ཅི་སྲོག་གི་རྒྱུན་ཆད་ཅིང་སྐྱེ་བར་འགྱུར་རམ་ཞེ་ན། སྨྲས་པ། ཇི་བཞིན་ལས་ཞེས་བྱ་བ་སྨོས་ཏེ། ལས་དང་རྗེས་སུ་མཐུན་པས་ལས་ཀྱི་འབྲས་བུ་དམིགས་པའི་ཕྱིར་ཉོན་མོངས་པ་ཡང་རྟོགས་པ་ཡིན་ཏེ་དུ་བ་ལས་མེ་བཞིན་ནོ། །དེས་ན་ལས་ཇི་ལྟ་བ་ [76b.6]བཞིན་དུ་ཡང་འདིར་ཤེས་པར་བྱའོ། །འདི་སྐད་དུ་སྟོན་པ་ཡིན་ཏེ། ལས་དང་ཉོན་མོངས་པ་མ་སྤངས་པ་དག་ནི་རྗེས་སུ་འབྲང་བ་ཡིན་ཏེ། དེའི་དབང་དུ་འགྲོ་ཞེས་བྱ་བ་ནི་ལྷག་མའོ། །འདོད་ཆགས་དང་བྲལ་བ་ནི་མ་ཡིན་ནོ། །ཇི་དང་ཇི་ལྟ་བུའི་ལས་བྱས་པ་སྟེ་ལེགས་པར་སྤྱད་པའམ་ [76b.7]ཉེས་པར་སྤྱད་པས་འཕངས་པའི་རྣམ་པས་དེའི་གནས་སུ་འགྲོ་བ་ནི་རིགས་པའོ། །རྗེས་སུ་འབྲེང་ཞེས་བྱ་བ་ནི་འགྲོ་བའོ། །དེ་གང་ཡིན་ཞེ་ན། ལས་ཇི་ལྟ་བ་བཞིན་འགྲོ་བ་དེ་གང་གི་ཕྱིར། དགེ་སྡིག་འབྲས་བུར་ཉེར་འགྲོ་བའི། །ཞེས་བྱ་བ་སྨོས་ཏེ། བསོད་ནམས་དང་སྡིག་པ་གཉིས་ [77a] [77a.1]ཀྱིས་ལེགས་པར་སྤྱད་པ་དང་ངན་པར་སྤྱད་པ་དེ་གཉིས་ཀྱི་འབྲས་བུ་ལ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་འབྱུང་བར་འགྱུར་ཏེ། བསོད་ནམས་དང་སྡིག་པའི་འབྲས་བུ་ཇི་ལྟ་བར་ཉེ་བར་འགྲོ་བ་དང་། རྗེས་སུ་འགྲོ་བ་དང་། བསོད་ནམས་དང་སྡིག་པའི་འབྲས་བུ་ [77a.2]ཉེ་བར་བསྟེན་པས་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་འབྲས་བུ་ལ་སྤྱོད་ཅིང་མ་སྤངས་པ་ཡང་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དེས་ལས་དང་ཉོན་མོངས་པ་བཞིན་དུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་འབྲས་བུ་ངེས་པར་མྱོང་བར་འགྱུར་ཏེ། དེས་ན་འཇིག་རྟེན་གཞན་དག་ཏུ་འབྲང་བ་ཡིན་ནོ། ། [77a.3]ལས་ཀྱི་རྒྱུ་ཅན་འདོད་པ་དང་མི་འདོད་པའི་འབྲས་བུ་མྱོང་བའི་སྲོག་འདི་ནི་མི་བརྟན་པ་ཡིན་ནོ་ཞེས་ཤེས་པར་བྱས་ནས་མཁས་པ་རྣམས་ཀྱིས་ལེགས་པར་སྤྱོད་པ་ལ་འབད་ཅིང་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར་འདི་གསུངས་སོ། །ཇི་བཞིན་ལས་ཞེས་བསྟན་པ་ལ་ལས་གང་གིས་ [77a.4]འགྲོ་བ་གར་རྗེས་སུ་འབྲང་བར་འགྱུར་ཞེ་ན། སྨྲས་པ། སྡིག་པའི་ལས་ཀྱིས་དམྱལ་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་མེད་པ་ཡང་སོ་ས་ལ་སོགས་པའི་གནས་ཀྱི་དམྱལ་བའོ། །དེར་རྣམ་པར་སྨིན་པ་ལས་བྱུང་བའི་བདེ་བ་མེད་པའི་ཕྱིར་གཅིག་ཏུ་སྡུག་བསྔལ་བ་ནི་ [77a.5]དམྱལ་བའོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །སྡིག་པའི་ལས་གང་ཡིན་པ་དེ་དག་ནི་སྡིག་པའི་ལས་ཏེ། ཉེས་པར་སྤྱོད་པའི་ལས་ཀྱིས་ངེས་པར་དམྱལ་བར་འགྲོ་བར་འགྱུར་ཏེ། དམྱལ་བ་ནི་ངན་སོང་གསུམ་སྟེ་སོགས་པའི་སྒྲས་ཕྱིས་པའམ་གཙོ་བོ་སྨོས་པ་ཡིན་ནོ། །བསོད་ [77a.6]ནམས་བྱས་པས་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལེགས་པར་སྤྱད་པ་བསགས་པའོ། །ས་ཞེས་བྱ་བའི་སྒྲ་ནི་ཁྱད་པར་གྱི་དོན་ནམ་ཡང་གི་སྒྲའི་དོན་ནོ། །བདེ་འགྲོ་ནི་དམ་པའམ་རབ་ཏུ་བསྔགས་པའི་འགྲོ་བ་ཡིན་པས་ན་བདེ་འགྲོ་སྟེ། དེ་ནི་ལྷ་དང་མིའི་འགྲོ་བ་ཞེས་བྱ་བའི་བར་དུའོ། ། [77a.7]གང་སུ་དག་བསོད་ནམས་བྱས་པ་དེ་དག་ཐམས་ཅད་ཉིད་ཅི་བདེ་འགྲོར་འགྲོ་བར་འགྱུར་རམ་ཞེ་ན། དེ་ནི་མ་ཡིན་པའི་ཕྱིར་སྨྲས་པ། གཞན་དག་གིས་ནི་ལམ་བསྒོམས་པས། །ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་བསྒོམ་ཞིང་ཡང་དང་ཡང་དུ་མངོན་སུམ་དུ་བྱས་ཞེས་བྱ་བའི་དོན་ཏོ། །གཞན་ [77b] [77b.1]དག་ཅེས་བྱ་བ་ནི་གང་གི་ཕྱིར་གཞན་ཁ་ཅིག་གིས་བསོད་ནམས་ལྷག་པར་བྱས་པའོ། །ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །མྱ་ངན་ལས་འདས་པར་གྱུར་ཅེས་བྱ་བ་ནི་སོང་ནས་ངེས་པར་བྱུང་བ་སྟེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་འགྱུར་བའོ། །ཇི་ལྟ་ [77b.2]བུ་ཞེ་ན། ཕུང་པོ་ལྷག་མ་མེད་པར་འགྲོ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཟག་མེད་ཅེས་སྨོས་ཏེ། མཐོང་བ་དང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་བག་ཆགས་སྤངས་ནས་ཏེ། བག་ཆགས་ལྷག་མ་དང་བཅས་པར་ནི་མྱ་ངན་ལས་འདའ་བ་མེད་དོ། །འདིར་སེམས་ཅན་ [77b.3]ལས་བདག་གིར་བྱེད་པ་སྟེ། དེ་ཡང་འཆི་བས་འཇིགས་པ་ལ་བསྒོམ་པའི་ལམ་གྱིས་ཐར་པ་ཡོངས་སུ་བསྟན་ཏོ། །ཕུང་པོ་ལྷག་མ་མེད་པར་གྱུར་པ་ལ་ནི་འཆི་བས་མི་འཇིགས་པ་ཉིད་ཡིན་གྱི། གཞན་དག་ལ་ནི་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། སྨྲས་པ། གང་དུ་གནས་ན་ཞེས་ [77b.4]བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལྷག་མ་མེད་པའམ་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་པ་དག་ནི་ཇི་ལྟར་ངོས་ལ་བརྟེན་པས་དགྲ་ལས་མི་ཐར་བ་དེ་བཞིན་དུ་འཆི་བ་ལས་ནི་ཇི་ལྟར་ཡང་ཐར་བར་མི་འགྱུར་རོ་ཞེས་བསྟན་པའོ། །གང་དུ་གནས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ [77b.5]སོ། །ཇི་ལྟར་དུ་ཁ་མ་ཏྲི་ཀ་ཞེས་བྱ་བའི་བློན་པོ་སྐྱེས་བུ་གཏི་མུག་ཅན་དེའི་དབང་གིས་རྒྱལ་པོ་འཕགས་སྐྱེས་པོས་སེར་སྐྱའི་གཞི་ལ་གནོད་པ་བསམས་ཏེ། དེའི་ཚེ་ལས་ཀྱི་སྟོབས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་གཞོན་ནུ་གཉིས་ནི་ཟླ་བའི་དཀྱིལ་འཁོར་གྱི་ནང་ [77b.6]དུ་གཞག་གོ། །གཉིས་ནི་རྒྱ་མཚོའི་ནང་དུ་གཞག་གོ། །གཉིས་ནི་རི་རབ་ཀྱི་གསེབ་ཏུ་གཞག་གོ། །གཉིས་ནི་ཉིད་ཀྱི་ལྷུང་བཟེད་ཀྱི་ནང་དུ་གཞག་པ་ལས་ཤཱཀྱ་རྣམས་བསད་པར་གྱུར་པ་དང་ཤཱཀྱའི་བུ་དེ་དག་ཀྱང་ཤི་བར་གྱུར་ཏོ། །ཉེ་འཁོར་ན་གནས་པའི་ཉེ་གནས་རྣམས་ཀྱི་ཆེད་ [77b.7]དུ་མཛད་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །དེ་ཐོས་པས་སེམས་ཅན་སྟོང་ཕྲག་བརྒྱད་ཅུས་ཆོས་མངོན་པར་རྟོགས་པར་གྱུར་ཏོ། །དེ་ལ་བསྡུ་ན་ནི་གནས་གསུམ་སྟེ། ནམ་མཁའ་དང་། ཆུ་དང་། ཐང་ངོ་། །ཐང་ལ་ཡང་རྣམ་པ་གཉིས་ཏེ། རི་དང་། སའི་སྟེང་ངོ་། །འདིར་ [78a] [78a.1]གནས་པ་དེ་དག་ཐམས་ཅད་དུ་ཡང་ཤི་བ་ལས་ཐར་བར་མ་གྱུར་ཏོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ནི་མེད་ཅེས་བྱ་བ་ནི་གཅིག་ཏུ་དགག་པའོ། །མི་ཚུགས་པ་ཞེས་བྱ་བ་འདི་ནི་གཅིག་ཏུ་གནོད་པ་བྱེད་པས་སོ། །གང་དུ་གནས་པས་ཡིན་ [78a.2]ཞེ་ན། བར་སྣང་ལ་ཞེས་སྨོས་ཏེ་བར་སྣང་གི་དཀྱིལ་ཏེ་གང་ལ་སྐར་མ་དང་རྒྱུ་སྐར་ཡོད་པ་སྟེ་ནམ་མཁའ་ཞེས་བྱ་བའི་དོན་ཏོ། །རྒྱ་མཚོའི་ནང་ནི་ཆུ་གཏེར་གྱི་གཏིང་དུའོ། །རི་བོ་རྣམས་ནི་གང་རི་རབ་ལ་སོགས་པ་དང་འབྲེལ་པའི་གསེབ་སྟེ་ཕུག་ལ་སོགས་པའོ། །ཞུགས་པ་ནི་སོང་ནས་གནས་ [78a.3]པ་ཞེས་བྱ་བའི་དོན་ཏོ། །ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་མེད་པའོ། །དེ་ཞེས་བྱ་བ་ནི་འོག་ནས་སྨོས་པའི་ས་ཕྱོགས་ཏེ། སའི་ཆ་ཞེས་བྱ་བའི་དོན་ཏོ། །གང་དུ་གནས་ཞེས་བྱ་བ་ནི་ས་ཕྱོགས་དེ་ན་གནས་པ་སྟེ། སྲོག་ཆགས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །མི་ཚུགས་པ་ནི་ཟིལ་གྱིས་མི་ནོན་པ་ [78a.4]དང་མི་ཐུབ་པའོ། །འཆི་བས་ཞེས་བྱ་བ་ནི་འཆི་བདག་གིས་སོ། །འཆི་བའི་འཇིགས་པ་དེ་ནི་ཐམས་ཅད་ན་ཡང་ཡོད་པ་ཉིད་དེ། དེ་བས་ན་དེས་འཇིགས་པ་རྣམས་ཀྱིས་ལམ་ཉིད་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར་འདི་གསུངས་སོ། །གལ་ཏེ་ད་ལྟར་བྱུང་བའི་དུས་ཉིད་ལ་འཆི་བའི་འཇིགས་ [78a.5]པས་མངོན་པར་གཙེས་པ་ཡིན་གྱི་གཞན་དག་ཏུ་ནི་མ་ཡིན་ནོ་ཞེས་རྟོག་པ་ལ་དེ་བསྟན་པའི་ཕྱིར་སྨྲས་པ། བྱུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་དུ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མི་དུས་ལས་འདས་ནས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ [78a.6]དེར་གཤེགས་ཏེ། འདི་ལྟར་འདུ་བྱེད་ཐམས་ཅད་ནི་འདི་ལྟ་བུའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ཆོས་བསྟན་ཏོ། །ཇི་ཙམ་ན་འཆར་ཀས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་མྱ་ངན་མི་མཛད། དེ་ཅིའི་ཕྱིར་ཞེ་ན། འདི་ནི་བཅོམ་ལྡན་ [78a.7]འདས་ཀྱི་ཡུམ་སྲུ་གསོ་ཞིང་སྐྱེད་པ་ལགས་ན་ཞེས་ཞུས་པ་དང་འདི་གསུངས་སོ། །གང་འཇིགས་པ་ཤེས་པར་བྱ་བ་ལུས་འདི་སྤང་བའི་འཇིགས་པ་དང་། གང་ཤེས་པར་བྱེད་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མཁས་པ་དང་། གང་ལ་བརྟེན་ནས་ཤེས་པར་བྱ་བའི་སངས་རྒྱས་ཀྱིས་བསྟན་ [78b] [78b.1]པའི་ཆོས་དང་། གང་བྱ་བའི་ཚངས་པར་སྤྱོད་པ་སྤྱད་པ་སྟེ། འདིས་ནི་འདི་བཞི་སྟོན་ཏོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །བྱུང་བ་ཞེས་བྱ་བ་ནི་གང་སེམས་ཅན་གནས་པར་གྱུར་པ་དེའི་གནས་སྐབས་ཀྱི་སྒྲུབ་པས་འགྲོ་བ་སེམས་ཅན་དང་འབྲེལ་པའི་བྱ་བའི་མིང་ཡིན་པའི་ཕྱིར་ཏེ་ལུས་འདི་ [78b.2]བཏང་ནས་ཞེས་བྱ་བའི་ཚིག་གིས་སོ། །འབྱུང་བར་འགྱུར་བ་ནི་སྐྱེ་བར་འགྱུར་བ་སྟེ། མ་འོངས་པའི་དུས་ན་ཡང་སངས་རྒྱས་དེ་བཞིན་ནོ་ཞེས་པའི་ཚིག་གིས་སོ། །དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །བྱུང་བ་དང་འབྱུང་བར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ཞེས་བྱ་བའི་དོན་ནི་འཇིག་རྟེན་ [78b.3]ཕ་རོལ་དུའང་མྱ་ངན་ལས་འདས་པ་སྟེ། ཇི་བཞིན་ལས་ཀྱིས་ཞེས་བྱ་བ་ཇི་སྐད་དུ་སྔར་བསྟན་པ་ཡིན་ཏེ་སྡིག་པའི་ལས་ཀྱིས་དམྱལ་བ་དང་ཞེས་བྱ་བ་ལ་སོགས་པར་རོ། །གང་དག་བྱུང་བར་གྱུར་པ་དེ་ཡང་འགྲོ་བ་ཡིན་ཏེ། བྱུང་བ་འདས་པར་གྱུར་པ་ཡིན་པ་རྟོགས་པའི་ཕྱིར་ཏེ་དེའི་དུས་ཀྱིས་ [78b.4]གདུལ་བྱ་གཞན་དག་འདས་ཏེ་ཡང་ལྡོག་པས་མ་བསྟན་ཏོ། །ཅི་ཞིག་སྤངས་ནས་འགྲོ་བའམ་འདས་པར་གྱུར་པ་ཡིན་ཞེ་ན། སྨྲས་པ། ལུས་འདི་བཏང་ནས་ཞེས་སྨོས་ཏེ། ཟིན་པའི་ལུས་འདི་སྤངས་པའོ། །དེ་ཀུན་འཇིག་པར་ཞེས་བྱ་བ་ནི་ཐམས་ཅད་འཇིག་ཅིང་མི་རྟག་པ་ཉིད་དེ། དེ་ [78b.5]ཉིད་ཀྱི་རྣམ་པས་ཐམས་ཅད་འདས་པས་ནི་མི་རྟག་པའོ། །དེ་སུས་རྟོགས་པ་ཡིན་ཞེ་ན། མཁས་པས་ཏེ་བློ་དང་ལྡན་པས་སོ། །རྟོགས་པ་ནི་ཁོང་དུ་ཆུད་པར་བྱའོ། །གང་དུ་གནས་ནས་རྟོགས་པ་ཡིན་ཞེ་ན། དེས་སྨྲས་པ། ཆོས་ལ་གནས་ཀྱིས་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་ [78b.6]དམ་པ་ལ་བརྟེན་ཅིང་དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། སོ་སོ་ཐར་པའི་སྡོམ་པ་ལ་སོགས་པའི་ཚུལ་གྱིས་ཚོགས་ལ་རིགས་པས་འཇུག་པའོ། །དེ་ལ་གནས་ནས་ཅི་ཞིག་བྱེད་ཅེ་ན། སྨྲས་པ། ཚངས་པར་སྤྱོད་པ་ཞེས་བྱ་བ་སྨོས་ཏེ། འཕགས་པའི་ [78b.7]ལམ་ཚངས་པའི་འབྲས་བུའི་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ། མྱ་ངན་ལས་འདས་པར་འགྲོ་བ་ལ་འབད་ཅིང་ལམ་བསྒོམ་པ་ཞེས་བྱ་བའི་དོན་ཏོ། །སྤྱོད་ཅེས་བྱ་བ་ནི་སྒོམས་ཤིག་ཅེས་བྱ་བ་ཡིན་ཏེ། ཇི་སྐད་དུ་གསུངས་པ། ཚུལ་ཁྲིམས་ལ་བརྟེན་ཅིང་ཚུལ་ཁྲིམས་ལ་རབ་ཏུ་གནས་པས་ནི་ [79a] [79a.1]ཆོས་ཉིད་བསྒོམ་པར་བྱ་སྟེ། ཞི་གནས་དང་ལྷག་མཐོང་ངོ་ཞེས་བྱའོ། །མི་རྟག་པ་ལས་བཟློག་པར་འདོད་པས་ནི་ཚོགས་ཀྱི་ལམ་ལ་འབད་པར་བྱའོ་ཞེས་བསྟན་པའི་ཕྱིར་འདི་གསུངས་སོ། །འགྲོ་བ་རྣམས་ལ་རྒ་བ་དང་མི་རྟག་པས་ཉེ་བར་གཙེས་པ་མཐོང་ནས་ [79a.2]ཚོགས་ཀྱི་ལམ་ལ་སོགས་པ་ལ་ནན་ཏན་དུ་བསྒྲུབ་པ་དང་། མཁས་པ་རྣམས་ཀྱིས་འབད་པས་བརྩམ་པར་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རྒ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་ཞིག་གིས་བཅོམ་ལྡན་འདས་ལ་ཀྱེ་གཽ་ཏ་མ་ཁྱོད་ཀྱིས་འདོད་པ་རྣམས་སྤང་བ་དང་ཡང་བར་བྱའོ་ [79a.3]ཞེས་བསྟན་ཏོ། །ཞེས་བདག་གིས་ཐོས་ན་བཙུན་པ་འདི་ལྟར་འདོད་པ་རྣམས་ཡིད་དུ་འོང་བ་ཡིན་ཡང་ཅི་ལྟར་ཡོངས་སུ་སྤང་བར་བྱ་ཞེས་ཞུས་པ་ལས། དེ་ལ་བཅོམ་ལྡན་འདས་ཀྱིས་བདག་ཉིད་དྲང་བའི་ཕྱིར་གཏམ་རྒྱ་ཆེར་མཛད་དེ་འདི་གསུངས་སོ། །གཞན་དག་ནི་འཇིག་རྟེན་པའི་ཆོས་ནི་བཞི་ [79a.4]སྟེ། སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བའོ། །དེ་ཐམས་ཅད་ཀྱང་ཐ་མར་འཇིག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ་ཞེས་སོ། །ཅི་ནས་ཀྱང་རྒ་བ་ལ་སོགས་པ་མཐོང་ནས་ནི་འདོད་པ་རྣམས་སྤོང་སྟེ་གང་སྤོང་བ་ནི་བསྟན་པའོ། །གང་ལ་འཇིག་རྟེན་པ་རྣམས་ཀྱིས་ནི་དེ་དག་སྤང་བར་ [79a.5]ཤིན་ཏུ་དཀའ་བ་ཡིན་ཏེ། འདིར་གསུམ་པོ་འདི་དག་མ་མཐོང་བས་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །རྒ་བའི་ཞེས་བྱ་བ་ནི་རྒ་བས་ཟིལ་གྱིས་གནོན་པའི་སེམས་ཅན་ནོ། །མཐོང་བ་ནི་ཀུན་དུ་སྣང་བའོ། །ནད་ཀྱིས་སྡུག་བསྔལ་དང་ཞེས་བྱ་བ་ནི་ཚོར་བ་མི་བཟད་པས་ཡོངས་སུ་ཉམ་ཐག་པའོ། ། [79a.6]གློ་བུར་དུ་བྱུང་བ་དང་ལྷན་ཅིག་སྐྱེས་པའི་ནད་ཀྱིས་ཏེ། གོ་རིམས་བཞིན་དུ་སྦྱར་རོ། །དང་གི་སྒྲ་ནི་མཐོང་ངོ་ཞེས་བྱ་བ་འདྲེན་པའི་དོན་ཏོ། །ཤི་བ་མཐོང་ནས་ནི་ཞེས་བྱ་བ་ནི་དུས་ལས་འདས་པའོ། །ནི་ཞེས་བྱ་བའི་སྒྲ་ནི་རྣམ་པ་གསུམ་གྱིས་མཐར་ཕྱིན་པ་བསྟན་པའི་ཕྱིར་རོ། །ཤི་བའི་རང་ [79a.7]བཞིན་སྨྲས་པ། སེམས་དང་བྲལ་བའི་ཞེས་བྱ་བ་སྨོས་པ་ནི་རྣམ་པར་ཤེས་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །གཙོར་འདི་སྨོས་པ་ཡིན་གྱི་ཚེ་དང་དྲོད་དང་ཡང་བྲལ་བར་བསྒྲུབ་པ་ཡིན་ཏེ། ཇི་སྐད་དུ་གསུངས་པ། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་སྤངས་པ་ན། ། [79b] [79b.1]དེ་ཚེ་སེམས་མེད་ཤིང་བཞིན་དུ། །ས་ཡི་སྟེང་དུ་བོར་བར་འགྱུར། །ཞེས་བྱ་བའི་ཚིག་གིས་སོ། །འདི་ལ་འཇིག་རྟེན་ཕ་རོལ་ལ་དམིགས་ནས་སྐྱོ་བའི་གཞིས་བརྟན་པ་གང་བྱེད་པ་དེ་སྟོན་པ་ཡིན་ཏེ། སྤངས་པ་ནི་དོར་བའོ། །བརྟན་པ་ནི་མཁས་པ་སྟེ་འདོད་པའི་ཉེས་དམིགས་ཤེས་ [79b.2]པའོ། །གང་གི་ཕྱིར་མ་རྟོགས་པ་ནི་བརྟན་པ་མི་འབྱུང་བའི་ཕྱིར་རོ། །ཅི་ཞིག་སྤངས་པ་ཡིན་ཞེ་ན། བཙོན་ར་འདྲ་བའི་ཁྱིམ་ཞེས་བྱ་བ་སྨོས་ཏེ། ཁྱིམ་ལ་སོགས་པ་ཡོངས་སུ་གཟུང་བ་ལ་གང་འདུན་ཅིང་ཆགས་པ་དེ་ནི་བཙོན་ར་འདྲ་བའི་ཁྱིམ་སྟེ། དེས་དེར་བྱིས་པ་འཆིང་བར་བྱེད་པ་ཡིན་ [79b.3]ཏེ། ཁྱིམ་གྱི་ཉེས་དམིགས་ཡུལ་གྱི་འཆིང་བ་དེས་འཁོར་བར་གནས་པའི་ཕྱིར་རོ། །དེ་ཡང་རྒྱུ་གང་གིས་བརྟན་པ་ཉིད་སྤོང་གི་གཞན་མ་ཡིན་ཞེ་ན། སྨྲས་པ། འདོད་སྤང་ཞེས་བྱ་བ་ཡིན་ཏེ། འདོད་པ་ནི་འདུན་པའི་འདོད་ཆགས་དེའི་ཡུལ་ལམ། གཟུགས་སྡུག་པ་ལ་སོགས་ [79b.4]པའོ། །བས་ཞེས་བྱ་བ་ནི་གང་གི་ཕྱིར་ཡུལ་རིང་པོར་འཇིག་རྟེན་པ་འདོད་པ་དག་ལ་གོམས་ཏེ། དེས་ན་བརྟན་པ་མ་ཡིན་པས་སྤོང་བར་མི་ནུས་པ་ཡིན་ནོ། །འཇིག་རྟེན་པ་ནི་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་སྟེ། ཡུལ་དག་ལ་བརྐམ་པ་ནི་འཇིག་རྟེན་ཏེ་ཡུལ་ལ་བརྐམ་ཆགས་ཅན་ཞེས་ [79b.5]བྱ་བའི་དོན་ཏོ། །ནུས་རེ་སྐན་ཞེས་བྱ་བ་ནི་བདེ་བས་སྤོང་བར་མི་ནུས་ཏེ་སྤང་བར་དཀའོ་ཞེས་བྱ་བའི་དོན་ཏོ། །བྱུང་བ་གཉིས་པ་ལ་བརྟེན་ནས་ནི་རྒ་བ་དང་། སྡུག་བསྔལ་བ་དང་། ནད་དང་ཤི་བའི་སྒྲས་ནི་ལང་ཚོ་དང་ཕུན་སུམ་ཚོགས་པ་དང་། ནད་མེད་པ་དང་། སྲོག་གི་རྒུད་པ་བསྟན་ཏེ། ལྷག་ [79b.6]མ་ནི་སྔ་མ་བཞིན་ནོ། །གཞན་གྱི་རྒུད་པས་སྐྱོ་བར་བྱ་བའི་ཕྱིར་གནས་ཡིན་ཏེ། དེས་ན་ཡང་དང་ཡང་དུ་བལྟ་བར་བྱའོ་ཞེས་བསྟན་པའི་ཕྱིར་འདི་གསུངས་སོ། །རྒ་བ་ལ་སོགས་པས་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་དག་ལ་ཕལ་ཆེར་མཉམ་པར་གཙེས་པར་བསྟན་པའི་ཕྱིར། སྨྲས་པ། [79b.7]རྒྱལ་པོའི་ཤིང་རྟ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་ཆེན་པོ་ཆོས་གསུམ་པོ་འདི་དག་ཇི་སྲིད་ཡོད་ཀྱི་བར་དུ་འཇིག་རྟེན་དག་ལ་མི་འདོད་པ་ཡིན་ཏེ། གསུམ་པོ་འཇིག་རྟེན་ལ་ཡོད་པ་ཡང་འདི་ལྟ་སྟེ། ནད་དང་། རྒ་བ་དང་། འཆི་བའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ [80a] [80a.1]དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་བར་གྱུར་ན་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་སོགས་པ་བསྟན་པ་མེད་པར་ནི་ཤེས་རབ་ཀྱིས་སྐྱོ་བ་མེད་པའོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །ཚིགས་ [80a.2]སུ་བཅད་པ་འདི་ནི་རྒྱལ་པོ་གསལ་རྒྱལ་གྱི་དབང་དུ་མཛད་ནས་གསུངས་སོ། །གཞན་དག་ན་རེ་བཙུན་མོ་ཕྲེང་ལྡན་མ་ལང་ཚོའི་དྲེགས་པས་བསྙེམས་ཏེ། རྒྱལ་པོའི་ཤིང་རྟ་ལ་ཞོན་ནས་འོངས་པ་དང་འཁོར་དང་བཅས་པའི་དབང་དུ་བྱས་པ་ཡིན་ནོ་ཞེས་ཟེར་རོ། །འདིའི་བསྡུས་པའི་ [80a.3]དོན་ནི། གང་ཡང་དོར་བར་བྱ་བ་ཕྱི་དང་ནང་གི་དངོས་པོ་རྒ་བའི་ཆོས་ཅན་ཏེ། གང་གཟུང་བར་བྱ་བ་དེའི་གཉན་པོར་གྱུར་པའི་ཆོས་ཞེས་བྱ་བ་དེ་ཡོངས་སུ་བསྟན་པ་ཡིན་ནོ། །འཇིག་པ་ནི་རྒ་བས་རྣམ་པར་འགྱུར་བའོ། །འང་ནི་འཇིག་རྟེན་པ་ཉིད་དེ་ངེས་པར་འཆི་བ་ཡིན་གྱི། འདིར་གཞན་དུ་ [80a.4]མི་འགྱུར་བའོ་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། སྨྲས་པ། རྒྱལ་པོའི་ཤིང་རྟ་སྟེ་དབང་ཕྱུག་དམ་པས་ཡོངས་སུ་བསྲུངས་པ་ཡང་རྣམ་པར་འཇིག་པར་འགྱུར་ན། གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྟོན་ཏོ། །ཡོ་བྱད་མེད་པ་མ་སྦྱར་བ་ནི་ངེས་པར་འཇིག་པར་འགྱུར་བ་ཡིན་ནོ་ [80a.5]ཞེས་སྨྲས་པ། ཤིན་ཏུ་བཀྲ་བ་ཞེས་སྨོས་ཏེ། ཨ་ནི་དང་། ནོར་བུ་རིན་པོ་ཆེ་དང་། པགས་པ་དང་། ལ་བ་དཀར་པོ་ལ་སོགས་པས་ལེགས་པར་སྦྱར་བ་སྟེ། ཆས་པ་ཡིན་ཡང་ཞེས་བྱ་བའི་དོན་ཏོ། །ཤིང་རྟའི་ཐེག་པས་རྒྱ་ཆེ་བ་ཉིད་ཡིན་པའི་ཕྱིར་དེ་ལ་ཉེ་བར་གནས་པ་ཡང་བསྟན་ཏེ། ཕྱི་ [80a.6]རོལ་གྱི་དངོས་པོ་ཐམས་ཅད་ཉེ་བར་འགྱུར་བ་ཉིད་དུ་ཉེ་བར་མཚོན་པའོ། །དེ་བཞིན་ཞེས་བྱ་བ་ནི་དེ་ལྟར་ཏེ། ཇི་ལྟར་རྒྱལ་པོའི་ཤིང་རྟ་ལེགས་པར་བཀོད་པ་ཡང་འཇིག་པར་འགྱུར་བ་དེ་བཞིན་དུ་ལུས་ཀྱང་ཡོངས་སུ་བསྲུངས་སུ་ཟིན་ཀྱང་རྒ་བ་ཉེ་བར་འགྲོ་སྟེ། རྣམ་པར་འགྱུར་བར་ཉེ་བར་ [80a.7]འགྲོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ནང་གི་དངོས་པོར་འགྱུར་བ་བསྟན་ཏོ། །གལ་ཏེ་གཟུགས་དང་ལུས་རྒ་བར་འགྱུར་བ་ཡིན་ན་དེ་ལྟ་ན་གང་རྒ་བར་མི་འགྱུར་ཞེ་ན། སྨྲས་པ། དམ་པ་རྣམས་ཀྱི་ཆོས་ཞེས་བྱ་བ་ཡིན་ཏེ། སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱི་ [80b] [80b.1]ཆོས་ཀྱི་སྐུའོ། །ཀྱང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། ཁྱད་པར་དེ་ཉིད་སྨྲས་པ། རྒས་མི་འགྱུར་ཞེས་བྱ་བ་ནི་རྣམ་པར་འགྱུར་བའི་གནས་མ་ཡིན་ཏེ། ཐམས་ཅད་ནི་རྣམ་པར་འགྱུར་བའི་གཞི་ཡིན་མོད་ཀྱི་ཆོས་ཀྱི་སྐུ་ནི་མ་གཏོགས་སོ། །དེ་རྒ་བར་མི་འགྱུར་བར་ཇི་ལྟར་ཤེས་པ་ཡིན་ཞེ་ན། [80b.2]སྨྲས་པ། དམ་པ་སྟེ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྐྱེས་བུ་དམ་པ་རྣམས་ནི་ཕྱིན་ཅི་མ་ལོག་པའི་ཆོས་རྟོགས་ཤིང་གཞན་དག་ལ་སྟོན་པར་བྱེད་པས་སོ། །གལ་ཏེ་ཡང་ཆོས་ཀྱི་སྐུ་དེ་ལུས་བཞིན་དུ་རྒ་བར་གྱུར་ན་ནི་དེ་རྒ་ཞིང་རྣམ་པར་གྱུར་ཏེ་ནུས་པ་ཟད་པའི་ཕྱིར་ནུས་པ་ཆུང་བས་དམ་པས་ [80b.3]མི་མཆོག་དག་ལས་རྟོགས་པར་བྱེད་པ་དང་རྟོགས་པར་མི་ནུས་སོ། །འདི་ཞེས་བྱ་བ་ནི་ཆོས་སོ། །མི་མཆོག་གཞན་ཞེས་བྱ་བ་ནི་སྣོད་དུ་གྱུར་ཅིང་སྐལ་བ་དང་ལྡན་པ་དག་གོ། །རྟོགས་པར་བྱེད་ཅེས་བྱ་བ་ནི་ཁོང་དུ་ཆུད་པར་བྱེད་པའོ། །ཡང་ན་གཅིག་ལ་གཅིག་གཏོད་པར་བྱེད་པ་ཡིན་ཏེ། [80b.4]བསྟན་པའི་ཆོས་དང་མངོན་པར་འབྲེལ་བའི་ཕྱིར་འདི་ལྟར་སྐྱེས་བུ་དམ་པ་དག་གིས་སྡེ་སྣོད་གསུམ་བརྒྱུད་དེ། བྱིན་པའི་ཚུལ་གྱིས་སྐྱེས་བུ་དམ་པ་དག་ཉིད་ལ་བསྟན་པའི་ཆོས་གནས་པར་བྱ་བ་ཡིན་ཏེ། དེས་ན་ཇི་སྲིད་འཇིག་རྟེན་དུ་འཕགས་པ་བཞུགས་པ་དེ་སྲིད་དུ་ཆོས་དེ་ཡང་གནས་ [80b.5]པ་ཡིན་ནོ། །རྣམ་པ་གཞན་དུ་ན་མ་བཤད་དུ་ཟིན་ཀྱང་དོན་དེ་ཤེས་རབ་དང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་རང་བཞིན་གྱི་སྡེ་སྣོད་གསུམ་གྱི་དོན་ནི་གནས་པ་ཡིན་པའི་ཕྱིར་རོ། །གཟུགས་དང་ལུས་ལ་མོས་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལ་མོས་པ་དང་། དང་བ་བསྐྱེད་ [80b.6]པའི་ཕྱིར་འདི་གསུངས་སོ། །གང་གི་ཕྱིར་རྒ་བ་ནི་ཐམས་ཅད་དུ་བྱེ་བྲག་མེད་པར་འཇུག་ཅིང་གཟུགས་མི་སྡུག་པར་བྱེད་པ་ཡིན་ཏེ། དེས་ན་སྨད་པའི་ཕྱིར་སྨྲས་པ། རྒ་བ་ཁྱོད་ནི་བླུན་ཞིང་ངན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་གྱོས་པོའི་གནས་ཀུན་ཛི་ཀ་ [80b.7]ཞེས་བྱ་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་དགུན་གྱི་དུས་སུ་ཉི་མ་ལ་སྐུ་རྒྱབ་གཏད་དེ་གདུགས་བསྣམས་ཤིང་བཞུགས་པ་ལ། ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ཀྱི་སྐུ་རྫི་བཅག་བྱེད་ཅིང་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱི་སྐུ་སྔོན་ནི་གྱ་ནོམ་ཞིང་། གྱ་ནོམ་ [81a] [81a.1]པར་གནས་པ་ལགས་སོ་ཞེས་གསོལ་བ་དང་། ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒ་བ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་སྨད་པ་ཉིད་དང་། སྨད་པར་བྱ་བ་དང་། སྨད་པར་བྱེད་པ་གསུངས་སོ། །ཁྱོད་ནི་ངན་ཞེས་བྱ་བ་ནི་སྨད་པའི་ཚིག་ཡིན་ [81a.2]པའི་ཕྱིར་རོ། །རྒ་བ་ཞེས་བྱ་བ་ནི་སྨད་པའི་དངོས་པོ་བསྟན་པ་ཡིན་ནོ། །བླུན་ཞིང་ཁྱོད་ནི་མི་རིགས་ཞེས་བྱ་བ་ལ་སོགས་པ་ནི་སྨོད་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ངན་པ་ནི་སྨད་པའོ། །གང་གི་དབང་དུ་བྱས་ཏེ་ངན་པ་ཞེས་སྨད་ཅེ་ན། སྨྲས་པ་ཁྱོད་ནི་ཞེས་བྱ་བ་རྒ་བ་སྟེ། རྒ་བ་ཁྱོད་ [81a.3]ལ་སྨད་པར་བྱ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །གང་ལ་སྨད་པར་བྱ་བ་དེ་ལ་བོད་པའི་ཚུལ་གྱིས་བསྟན་པའོ། །རྒ་བ་ནི་ལུས་མི་སྡུག་པར་བྱེད་པ་སྟེ། གང་གི་ཕྱིར་སྨད་པས་སྨད་པའི་ཚུལ་དུ་བྱས་པའོ། །བླུན་པ་ཞེས་བྱ་བ་ནི་བླུན་པ་ལས་སྐྱེས་པ་ཡིན་པས་བླུན་པ་སྟེ། རྒ་བ་ལས་བྱེ་བྲག་མི་ཤེས་ [81a.4]པ་ཞེས་བྱ་བའི་དོན་ཏོ། །མི་རིགས་པ་བྱེད་པའི་ཕྱིར་ཡང་བླུན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བླུན་པ་འདིས་ནི་འདི་ལྟར་ཐམས་ཅད་ལ་ཁྱོད་མི་རིགས་པ་བྱེད་པ་ཡིན་ཏེ། ལུས་སྡུག་པ་དང་བྲལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཐམས་ཅད་དུ་མི་རིགས་པ་བྱེད་པར་ཇི་ལྟར་ཤེས་པར་བྱ་ཞེ་ན། [81a.5]སྨྲས་པ། ཡིད་དུ་འོང་བའི་གཟུགས་འདི་ཡང་ཞེས་བྱ་བ་སྨོས་ཏེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཡིད་དུ་འོང་བ་གང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསྐལ་པ་གྲངས་མེད་པ་གསུམ་དུ་བསགས་པས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་ [81a.6]པོ་བརྒྱད་ཅུས་རྣམ་པར་མཛེས་པ་དེ་ལྟ་བུའི་ཡིད་དུ་འོང་བའི་འཇིག་རྟེན་ན་དེ་ལས་ཆེས་ཡིད་དུ་འོང་བ་ནི་ཅུང་ཟད་ཀྱང་མེད་དེ། དེ་ཁྱོད་ཀྱིས་མངོན་པར་བཅོམ་པར་བྱས་པའོ། །འདི་ཡང་ཞེས་བྱ་བ་ནི་དེ་ལྟ་བུའོ། །ཡིད་མངོན་པར་དགའ་བར་བྱེད་པ་ཡིན་པས་ཡིད་དུ་འོང་བ་སྟེ་སེམས་དགའ་བའོ། ། [81a.7]གཟུགས་ནི་ལུས་སོ། །ཁྱོད་ཀྱིས་ཞེས་བྱ་བ་ནི་རྒ་བས་ཏེ། གང་འདི་ལྟར་མངོན་པར་བཅོམ་པ་སྟེ་ཟིལ་གྱིས་མནན་པའོ། །དེ་ལྟར་ཐུབ་པ་མཆོག་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་གྱུར་པའི་སྐུ་ལ་ཡང་རྒ་བའི་ཆོས་ཡོད་ན། གཞན་དག་གི་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །ལུས་ལ་ [81b] [81b.1]ལྷག་པར་ཆགས་པ་སྤང་བའི་ཕྱིར་འདི་གསུངས་སོ། །འདིར་རྒ་བ་འབའ་ཞིག་གིས་གཙེས་པར་མ་ཟད་དེ་འཆི་བ་ལ་སོགས་པས་ཀྱང་གཙེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་ཞིག་ལོ་ནི་བརྒྱར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཚོང་དཔོན་ཆེན་པོ་ཤིན་ཏུ་ཚེ་རིང་བ་ཞིག་ནད་དང་ [81b.2]རྒ་བས་མངོན་པར་གཙེས་ཏེ་ཤི་བ་ལས་བསོད་སྙོམས་ལ་སོང་བ་དག་གིས་ཤེས་ཏེ་དེ་ལྟ་བུའི་གཏམ་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལས་གསན་ཏེ། བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །གང་གི་ཚེ་འཆི་བར་འགྱུར་བ་ནི་དུས་དང་དུས་མ་ཡིན་པར་ཡང་འཆི་སྟེ། ཇི་ལྟར་ནད་དང་ [81b.3]རྒ་བས་ཕལ་ཆེར་འཆི་བར་འགྱུར་རོ་ཞེས་འདིར་སྟོན་ཏོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གང་ཞིག་ཅེས་བྱ་བ་ནི་གང་ལ་ལ་སྟེ་ཐམས་ཅད་ཀྱང་མཐར་འཆི་བ་ཡིན་ནོ། །ཡང་གི་སྒྲས་ནི་དུས་མ་ཡིན་པར་ཡང་འཆི་བར་སྟོན་ཏོ། །ལོ་བརྒྱ་ཞེས་བྱ་བ་ནི་ལོ་བརྒྱ་སྟེ། དུས་ཚིགས་བརྒྱ་ཞེས་བྱ་བའི་ [81b.4]དོན་ཏོ། །གང་ཞིག་དུས་འདི་ཇི་སྲིད་དུ་འཚོ་བར་གྱུར་བ་དེ་ཡང་འཆི་བདག་ཉིད་ཀྱིས་ཁྲིད་པ་ཡིན་ཏེ། ངེས་པར་འཆི་བ་ཡིན་ནོ་ཞེས་བྱ་བ་ནི་ཡང་གི་སྒྲའོ། །ངེས་པ་མེད་དེ་གང་ཞིག་ལོ་བརྒྱ་འཚོ་བ་ཡང་སྟེ། ལོ་སྟོང་དང་འབྲེལ་བ་མེད་པ་འདི་ནི་དུས་དེ་ཙམ་དུ་ཡང་སེམས་ཅན་དེ་འཆི་བ་ལས་ཕྱོགས་ [81b.5]པར་ངེས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འཆི་བདག་གིས་ཁྲིད་ཅེ་ན། སྨྲས་པ། འདི་དག་ཅེས་བྱ་བ་ནི་རྗེས་སུ་འགྲོ་བའམ་རྗེས་སུ་འབྲང་བ་སྟེ་སྲོག་ཆགས་སོ། །གང་ཡིན་ཞེ་ན། སྨྲས་པ། རྒ་བ་ཞེས་བྱ་བ་ཡིན་ཏེ། རྒ་བས་འཇོམས་ཤིང་གནོད་པར་བྱེད་པ་སྟེ། གང་ལོ་བརྒྱ་ཚང་བར་ལོན་ [81b.6]པ་དེ་ནི་རྒ་བས་བཅོམ་པ་སྟེ་གཟུགས་རྙེད་པར་བྱས་ཤིང་ཆེའི་གནས་མེད་པ་སྟེ་སྨིན་པའི་འབྲས་བུ་བཞིན་ནོ། །གང་མ་ཚང་བར་ནད་ཀྱིས་བཅོམ་པ་ནི་འདི་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡང་ན་ན་བའམ་ཞེས་སྨོས་ཏེ། ལ་ལ་འདོད་ཆགས་བདོ་བས་ཀྱང་འཇོམས་པར་འགྱུར་རོ། །ཡང་ན་ [81b.7]ཞེས་བྱ་བ་ནི་རྣམ་པ་གཉིས་སུ་བརྟག་པ་སྟེ། རྒ་བ་མ་བྱུང་བར་ཡང་གང་ལ་ལ་དག་ནད་ཀྱིས་བཅོམ་སྟེ་ཤི་བ་ཡིན་ནོ་ཞེས་ཐོས་ཏེ། དཔེར་ན་འཕགས་པ་པི་ལིན་ངའི་བུ་ལ་སོགས་པ་ལྟ་བུ་སྟེ་ཤིང་ཏོག་མ་སྨིན་པ་དབྱིག་པས་བསྣུན་པ་ལྟ་བུའོ། །དེ་གཉི་ག་མེད་ཅིང་མི་རྟག་པ་ནི་སྔོན་གྱི་ལས་ཀྱི་ [82a] [82a.1]དབང་གིས་འཆི་བས་འཇོམས་པར་འགྱུར་ཏེ། གང་ཚེ་ཐུང་བའི་ལས་འཛིན་པར་འགྱུར་བ་དེ་བསྟན་པའི་ཕྱིར་སྨྲས་པ། འཆི་བས་འཇོམས་ཞེས་བྱ་བ་སྨོས་ཏེ། ཡང་ན་འཆི་བདག་ཉིད་ཀྱིས་འདི་དག་འཇོམས་པར་འགྱུར་རོ་ཞེས་པའི་དོན་ཏེ། མངལ་ལ་སོགས་པ་ [82a.2]ན་ཡང་འཆི་བ་ཡོད་པའི་ཕྱིར་རོ། །ནད་དང་རྒ་བ་ནི་བཅུད་ཀྱིས་ལེན་ལ་སོགས་པས་དེ་བཅོས་སུ་ཡོད་ཀྱི། འཆི་བ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །སྲོག་དང་ནད་མེད་པ་དང་ལང་ཚོའི་དྲེགས་པས་དྲེགས་པ་རྣམས་ལ་དེའི་དྲེགས་པ་སྤང་བའི་ཕྱིར་འདི་གསུངས་སོ། །འདུས་བྱས་རྣམས་ནི་འཇིག་ [82a.3]པའི་རྒྱུ་ལ་མ་བརྟེན་པར་སྐད་ཅིག་མས་འཇིག་པ་ཡིན་ཏེ། རང་བཞིན་གྱིས་འཇིག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རྟག་ཏུ་འགྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨ་ཡོ་རྒྱ་ཡ་ཞེས་བྱ་བའི་གྲོང་ཁྱེར་ཆུ་བོ་གང་གཱ་དང་ཉེ་བ་ན། ཉ་པ་ཤིན་ཏུ་རྒས་ཤིང་འཁོགས་པ་ཞིག་གནས་ཏེ་ཉ་གསོན་ [82a.4]དག་བྱེ་ཐང་གི་སྟེང་དུ་ཆུ་རབ་ཏུ་ཁོལ་བ་དག་ཡོད་པའི་ནང་དུ་བརྩེ་བ་མེད་པས་བཅུག་སྟེ། དེ་ལྟར་འགུལ་བ་ལ་ལྟ་ཞིང་དགའ་བ་དང་དགོད་པ་གཟིགས་ཏེ། དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སེམས་ཅན་འདི་དག་ནི་རྒྱུན་མི་འཆད་ཅིང་ལྡོག་པ་མེད་པས་འཆི་ [82a.5]བའི་དྲུང་དུ་སྐད་ཅིག་མའི་རྒྱུན་གྱིས་འགྲོ་བ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་གནས་སྐབས་ཐམས་ཅད་དུ་འཆི་བདག་གི་དྲུང་དུ་འགྲོ་བ་ཡིན་ཏེ། བྱིས་པ་དང་། གཞོན་ནུ་དང་། ལང་ཚོ་དང་། བར་མ་དང་། རྒན་པའི་གནས་སྐབས་གཞན་དུ་འཐོབ་པ་ཡིན་པས་ [82a.6]རྟག་ཏུ་འགྲོ་བ་ཉིད་ཡིན་ཞིང་གནས་སྐབས་གང་དུ་ཡང་མི་སྡོད་པའོ། །ཅི་རེ་ཞིག་ན་ལྡོག་པར་ཡང་འགྱུར་རོ་ཞེ་ན། སྨྲས་པ། ལྡོག་པ་མེད་པ་ཞེས་བྱ་བ་སྨོས་ཏེ། འདིས་ནི་ངེས་པར་གཟུང་བའི་འབྲས་བུ་བསྟན་ཏེ། གནས་སྐབས་ཕྱི་མར་སོང་བས་གནས་སྐབས་སྔ་མར་མི་གནས་པ་ [82a.7]ཡིན་ནོ། །གལ་ཏེ་མཚན་མོ་དང་ཉིན་མོར་ལྡོག་པར་མི་འགྱུར་རམ་ཞེ་ན། སྨྲས་པ། ཉིན་དང་མཚན་དུ་ཞེས་བྱ་བ་སྨོས་ཏེ། ཉིན་ཞེས་བྱ་བ་ནི་ཉིན་པར་ཏེ། མཚན་མོ་ཡང་ཡིན་ནོ། །ཟླ་བ་ཕྱེད་དང་། ཟླ་བ་དང་། ལོ་ལ་སོགས་པ་འདི་ནི་རྣམ་གྲངས་ཡིན་པའི་ཕྱིར་དེ་ཙམ་དུ་བཤད་དོ། ། [82b] [82b.1]རབ་ཏུ་འཇིག་པ་ཞེས་བྱ་བ་ནི་སྐད་ཅིག་མ་རེ་རེ་ལ་གཟུགས་དང་ནད་མེད་པ་དང་སྟོབས་ལ་སོགས་པའི་ཁྱད་པར་ཡོངས་སུ་ཟད་པ་ཞེས་བྱ་བའི་དོན་ཏོ། །འདི་དག་གིས་ནི་ན་ཚོད་ཀྱི་གནས་སྐབས་ཉིན་བར་དང་མཚན་མོ་རེ་རེ་ལ་སྐད་ཅིག་མས་མི་རྟག་པ་ཉིད་དུ་བསྟན་ཏོ། །ལྷག་མས་ནི་སྡུག་ [82b.2]བསྔལ་གྱིས་སྡུག་བསྔལ་བ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། ཆུ་ཚན་ཞེས་བྱ་བ་སྨོས་པ་ནི་ལས་འཛིན་པའི་བསྡུ་བ་སྟེ། ཆུ་ཡང་ཡིན་ལ་ཚ་བ་ཡང་ཡིན་པས་ཆུ་ཚན་ཏེ། ཆུ་དེའི་ནང་དུ་བསྐོལ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་གང་ལ་ཆུ་ཚ་བ་ཡོད་པའི་ཐང་སྟེ། རབ་ཏུ་བསྐོལ་བའི་ཆུའི་ [82b.3]ནང་དུའོ། །ཉ་དང་འདྲ་བ་ཞེས་བྱ་བ་ནི་ཇི་ལྟར་ཉ་ལྟ་བུའོ། །གདུངས་པ་ཞེས་བྱ་བ་ནི་བསྐོལ་བའོ། །ཇི་ལྟར་ཉ་ཆུ་ཚན་གྱི་ནང་དུ་བཅུག་སྟེ་བསྐོལ་བ་དེ་བཞིན་དུ་སེམས་ཅན་འདི་དག་ཀྱང་རབ་ཏུ་སྡུག་བསྔལ་བ་ཡིན་ནོ། །སེམས་ཅན་འདི་དག་ཇི་ལྟར་སྡུག་བསྔལ་བ་ཡིན་ཞེ་ན། སྨྲས་པ། སྐྱེ་དང་ [82b.4]འཆི་བའི་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་བ་ནི་འདུ་བྱེད་ལ་སོགས་པ་མི་འདོད་པས་སོ། །སྡུག་བསྔལ་གྱི་རང་བཞིན་ཉིད་སྨྲས་པ། སྐྱེ་དང་འཆི་བའི་ཞེས་བྱ་བ་སྟེ། འཁོར་བ་ཡིན་པའི་ཕྱིར་རོ། །འཁོར་བས་ནི་སྐྱེ་བ་དང་འཇིག་པ་མཚོན་པའི་ཕྱིར་ཏེ། གཉིས་པ་འཁྲུལ་འཁོར་དང་ [82b.5]འདྲ་བས་འགྲོ་བ་རྣམས་གཟིར་བ་ཡིན་ཏེ། སྡུག་བསྔལ་གསུམ་དང་ལྡན་པའི་ཕྱིར་རིགས་དང་ལྡན་པ་དང་འབྱོར་བ་དང་ལང་ཚོ་ལ་སོགས་པ་ཡིད་དུ་འོང་བའི་དངོས་པོ་རྣམ་པར་འགྱུར་བ་ཉིད་དུ་བསྟན་པས་འཁོར་བ་ལ་ལྷག་པར་ཆགས་པ་སྤང་བའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། ། [82b.6]དུས་ཐམས་ཅད་དང་སྤྱོད་ལམ་ཐམས་ཅད་དུ་སྲོག་འགག་པ་ཉིད་དུ་འགྱུར་བའི་ཕྱིར་སྨྲས་པ། ཚེ་འདི་ཉིན་དང་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨྲོས་སོ། །རི་གངས་ཅན་གྱི་གནས་ན་དྲང་སྲོང་ལྔ་བརྒྱ་རྒ་བ་དང་འཆི་བ་མེད་པར་བྱ་བའི་ཕྱིར་དཀའ་ཐུབ་སྤྱོད་ཅིང་འདུག་གོ། །དེ་འདུལ་བའི་ཕྱིར་ [82b.7]བཅོམ་ལྡན་འདས་དེར་གཤེགས་ཏེ། འདོད་པ་ལ་རྣམ་པར་རྟོག་པ་ལ་སོགས་པས་ནི་ངན་སོང་དུ་འགྲོའོ་ཞེས་བསྟན་ཅིང་སྐྱོ་བ་སྐྱེད་དེ། རི་ཁ་བ་ཅན་གྱི་ཕྱོགས་རིའི་སྟེང་ནས་འོག་ཏུ་གང་གཱའི་ཆུ་རྒྱུན་འབབ་པ་ལ་གཟིགས་ཤིང་སྲོག་ལ་མི་འཆི་བར་བག་ཕབ་སྟེ་འདུག་པ་དེའི་དབང་དུ་མཛད་དེ་འདི་ [83a] [83a.1]གསུངས་སོ། །རྟག་ཏུ་རྒྱུན་མི་འཆད་པར་ཚེ་ཟད་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་དུ་བསྟན་ཏོ། །ཚེ་ནི་སྲོག་གོ། །ཉིན་དང་མཚན་མོ་ནི་ཉི་མ་དང་མུན་པའོ། །འདིས་ནི་དུས་ཐམས་ཅད་དུ་ཚེ་ཟད་པར་བསྟན་ཏོ། །འགྲོ་བ་དང་ནི་ཞེས་བྱ་བ་ནི་གལ་ཏེ་འགྲོ་ན་ཡང་གྲིབ་ [83a.2]མ་བཞིན་ནོ། །འདུག་པ་ན་ཞེས་བྱ་བ་ནི་དབུགས་འབྱུང་བ་དང་རྔུབ་པ་བཞིན་ཏེ། འདུག་པ་ན་ཡང་ལུས་ཀྱི་གནས་སྐབས་ཐམས་ཅད་དུ་སྟེ། གཡོ་བ་དང་མི་གཡོ་བའི་གནས་སྐབས་ལུས་ཀྱི་སྤྱོད་ལམ་ཐམས་ཅད་ཡོངས་སུ་གཟུང་ངོ་། །འདིར་དཔེ་བསྟན་པ། ཆུ་ཀླུང་ཆེན་པོའི་ཞེས་བྱ་བ་ལ་ [83a.3]སོགས་པ་སྨོས་ཏེ། རྒྱུན་ནི་ཆུའི་རྒྱུན་ནོ། །ཆུ་ཀླུང་ཆེན་པོ་ནི་ཆུ་བོ་གང་གཱ་ལ་སོགས་པའོ། །བཞིན་དུ་ཞེས་བྱ་བ་ནི་དཔེའོ། །འགྲོ་བར་འགྱུར་ཞེས་བྱ་བ་ནི་ཐུག་པ་མེད་པར་འགྲོ་བར་བསྟན་པ་ཡིན་ཏེ། ཚེ་ནི་ཆུ་ཀླུང་ཆེན་པོའི་ཆུ་བཞིན་ནོ། །ཕྱིར་མི་ལྡོག་པར་ཞེས་བྱ་བ་ནི་ཚེ་འདས་པར་ཡང་ལྡོག་ [83a.4]པ་མེད་པའི་ཕྱིར་རོ། །ཆུ་ཀླུང་ཆེན་པོ་དང་འདྲ་བར་ནི་སེམས་ཅན་ནོ། །རྒྱུན་ལྟ་བུ་ནི་ཚེའོ། །ཇི་ལྟར་གནས་སྐབས་ཐམས་ཅད་དུ་ཆུ་བོ་ཆེན་པོའི་རྒྱུན་འགྲོ་ཞིང་ལྡོག་པ་མེད་པ་དེ་བཞིན་དུ་ཚེ་ཡང་དེ་ལྟ་བུའོ་ཞེས་བསྟན་པ་ཡིན་ནོ། །ཚེ་རྟག་པ་ཡིན་ནོ་ཞེས་རྟོག་པ་སྤང་བའི་ཕྱིར་འདི་གསུངས་སོ། །ཆོས་ [83a.5]ཀྱི་སྐུ་ནི་རྟག་པ་ཉིད་དེ་མཆོག་ཏུ་འགྱུར་བ་མེད་པ་དང་འདོད་པའི་འབྲས་བུ་ཡིན་པའི་ཕྱིར་ཏེ། གཟུགས་ཀྱི་ལུས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གསོན་མཐའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཨུ་ཏ་ར་ཞེས་བྱ་བའི་གནས་བརྟན་ན་ཚོད་ལོ་བརྒྱད་ཅུ་ཙམ་ལོན་པ་ལས་ [83a.6]རབ་ཏུ་བྱུང་བ་རྒ་བ་དང་ནད་ཀྱིས་ཤིན་ཏུ་གཙེས་ཤིང་ཉམ་ཐག་སྟེ། སྟན་ལས་ལྡང་བ་དང་རྩོལ་བ་ལ་སོགས་པ་མི་ནུས་པ་ཞིག་ཡོད་དེ་ཁྱད་པར་དུ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །ལང་ཚོས་དྲེགས་པ་སྤང་ཕྱིར་དང་། །རྒ་བ་དང་ནད་ཀྱིས་འཇིག་ཅིང་འཆི་བ་དང་། མི་གཙང་བ་ཉིད་དུ་ [83a.7]བསྟན་པ་ནི་འདིར་བསྡུས་པའི་དོན་ཏོ། །ཡོངས་སུ་རྒ་བ་དང་ཞེས་བྱ་བ་ནི་རྒ་བས་ཡོངས་སུ་ཉམས་ཤིང་བཅོམ་པ་ཞེས་བྱ་བའི་དོན་ཏོ། །ལུས་འདི་ཞེས་བྱ་བ་ནི་ཟིན་པའི་ཕུང་པོའོ། །ནད་ཀྱི་ཚང་ཞེས་བྱ་བ་ནི་ནད་ཀྱི་གནས་སོ། །མྱུར་དུ་འཇིག་ཅིང་ཞེས་བྱ་བ་ནི་རང་བཞིན་གྱིས་འཇིག་པ་ཉིད་དུ་ [83b] [83b.1]འདིས་བསྟན་ཏོ། །མཆོག་ཏུ་འཇིག་པའི་ངང་ཚུལ་གྱི་གཞི་ཡིན་ཏེ་རྐྱེན་ཚོགས་པ་ཉིད་ཀྱིས་འཇིག་པའི་བདག་ཉིད་དེ་ཇི་ལྟར་ལས་སྤྱོད་པས་ཡན་ལག་དང་ཉིང་ལག་རྣམས་ལ་མཚོན་ལ་སོགས་པས་ལུས་བཅད་པ་ལ་སོགས་པ་ཡོད་པའི་ཕྱིར་རོ། །འཇིག་པར་འགྱུར་ཞེས་བྱ་བ་ནི་བྲལ་བ་སྟེ། [83b.2]གཟུགས་ཀྱི་ལུས་དང་མིང་གི་ཚོགས་བྲལ་བའི་ཕྱིར་ཏེ། འདིས་ནི་འཆི་བ་ཉིད་སྟོན་ཏོ། །འདིས་དུས་ཇི་སྲིད་གནས་པའི་དུས་དེ་སྲིད་ཀྱི་བར་དུ་གཙང་བ་དང་དྲི་ཞིམ་པའི་རྫས་འདུས་པའི་བདག་ཉིད་ཡིན་ནམ་ཞེ་ན། དེ་ཡང་མེད་པར་བསྟན་པའི་ཕྱིར་སྨྲས་པ། རྣག་གི་ཚོགས་ཀྱང་ཞེས་བྱ་བ་ [83b.3]སྨོས་ཏེ། དྲི་ང་བའི་རྫས་བསགས་པ་ཞེས་བྱ་བའི་དོན་ཏོ། །སྒྲ་བ་དག་ཚོགས་ནི་ལུས་སོ་ཞེས་བརྗོད་པས་རྣག་གི་ཚོགས་མ་ཡིན་པའི་ཞེས་གཞན་དུ་བརྗོད་པར་འགྱུར་ཏེ། དྲི་ང་བའི་རྫས་འདུས་པ་ཡིན་པའི་ཕྱིར་འདི་ནི་ལུས་མ་ཡིན་པ་ཡང་འཇིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ [83b.4]ཕྱིར་འདི་ནི་ངེས་པར་འཇིག་པ་ཡིན་ཞེ་ན། མཐའ་འཆི་བ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྲོག་ཐམས་ཅད་ནི་མཐར་འཆི་བ་ཡིན་པའི་ཕྱིར་རོ། །ཆོས་ཉིད་ཀྱི་རིགས་པ་སྨྲས་པ། ཇི་ལྟར་མེ་ནི་ཚ་བའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་གི་ཕྱིར་སྲོག་ [83b.5]ཡོད་ཅིང་ལུས་གནས་པ་ཡིན་པའི་ཕྱིར་འདི་ནི་སྲོག་འཇིག་པ་ཡིན་ཏེ། དེས་ན་གནས་ཉམས་ན་གནས་པ་ཉམས་པའི་ཕྱིར་ངེས་པར་འཇིག་པར་འགྱུར་རོ། །ལང་ཚོ་ལ་སོགས་པས་དྲེགས་པ་དག་ལ་དེ་སྤང་བའི་ཕྱིར་འདི་གསུངས་སོ། །འཇིག་པར་འགྱུར་རོ་ཞེས་བསྟན་པ་ལ་འདི་ཇི་ལྟར་འཇིག་ [83b.6]པར་འགྱུར་ཞེ་ན། སྨྲས་པ། ཀྱེ་མ་ལུས་འདི་མི་ཐོགས་པར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་བཅོམ་ལྡན་འདས་དུར་ཁྲོད་དུ་གཤེགས་ཤིང་རྒྱུ་བ་ན་ཕྱོགས་འགའ་ཞིག་ན་ཤི་བའི་རོ་མྱགས་པ་དག་གཟིགས་ཏེ། རྒྱལ་པོ་ལ་སོགས་པ་རིགས་མཐོ་བ་ལས་རབ་ཏུ་ [83b.7]བྱུང་བ་དག་ཞག་བདུན་གྱི་འོག་ཏུ་ངེས་པར་འཆི་བ་ལས་བརྩམས་ཏེ་འདི་གསུངས་སོ། །ལུས་འདི་མི་རྟག་པ་ཉིད་དང་སྟོང་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །མི་ཐོགས་པ་ཞེས་བྱ་བ་ནི་ཡུན་རིང་པོར་མི་ཐོགས་པ་སྟེ་ཞག་བདུན་ཙམ་གནས་པ་ཡིན་པའི་ཕྱིར་ [84a] [84a.1]སྲོག་ནི་མྱུར་དུ་འཆི་བའི་ཆོས་ཉིད་དུ་བསྟན་པའོ། །ཀྱེ་མ་ཞེས་བྱ་བ་ནི་སྲོག་ཆགས་དང་། དེའི་ལུས་ལ་སྙིང་བརྩེ་བ་དང་རྗེས་སུ་བརྩེ་བ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ལུས་འདི་ཞེས་བྱ་བ་ནི་ཟིན་པའི་ཕུང་པོའོ། །སའི་སྟེང་དུ་ཞེས་བྱ་བ་ནི་དུར་ཁྲོད་ལ་ [84a.2]སོགས་པའི་ས་ཕྱོགས་སོ། །འགྱེལ་བར་འགྱུར་ཞེས་བྱ་བ་ནི་ལྷགས་པ་སྟེ། སའི་སྟེང་དུ་ལྷུང་ཞིང་གནས་པའི་དོན་ཏོ། །སྟོང་ཞིང་ཞེས་བྱ་བ་ནི་གནས་པ་གསུམ་དང་བྲལ་བ་སྟེ། བདག་མེད་པ་ཞེས་བྱ་བའི་དོན་ཏོ། །འོ་ན་རྣམ་པར་ཤེས་པའི་བདག་དེ་ཡང་མི་གནས་སམ་ཞེ་ན། སྨྲས་པ། རྣམ་ [84a.3]ཤེས་དང་བྲལ་ནས་ཞེས་བྱ་བ་སྨོས་ཏེ། བྲལ་བ་ནི་སོ་སོར་བྲལ་བ་སྟེ། རྣམ་པར་ཤེས་པ་འདི་ལས་བྲལ་ཞིང་སེམས་དང་བྲལ་བའི་དོན་ཏེ། ཇི་སྐད་དུ། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་སྤངས་པ་ན། །དཔེར་ན་སེམས་མེད་ཤིང་བཞིན་དུ། །ས་ཡི་སྟེང་དུ་ཉལ་བར་འགྱུར། ། [84a.4]ཞེས་སོ། །བདག་མེད་ཅིང་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་འཆི་བ་ཡིན་ནོ་ཞེས་རྟོགས་པར་བྱའོ། །འདིར་དཔེ་བསྟན་པ། དུར་ཁྲོད་བོར་བ་ཞེས་བྱ་བ་ཡིན་ཏེ། དུར་ཁྲོད་བོར་བའི་མགལ་དུམ་བཞིན། །ཞེས་བྱ་བ་ལ། དགོས་པ་མེད་པའི་ཤིང་ཡིན་ཏེ། །སྐྱེས་བུ་ཤིང་གི་བསགས་པ་ [84a.5]བྱེད་པར་འདོད་པས་ནགས་ཚལ་དུ་ཞུགས་ཏེ། ཤིང་དྲང་པོ་བཅད་ཅིང་བླངས་ནས་ལྷག་མ་ཁོང་སྟོང་དང་རུལ་པ་དགོས་པ་མེད་ཅིང་། སྙིང་པོ་མེད་པའི་ཤིང་ནི་ཡོངས་སུ་འདོར་བ་ཡིན་ནོ། །དཔེར་ན་ནགས་ཚལ་དག་ན་དགོས་པ་མེད་པའི་ཤིང་དག་བོར་ན་སྤྱོད་པ་མེད་ཅིང་གནས་པ་དེ་བཞིན་ [84a.6]དུ་ལུས་འདི་ཡང་རང་བཞིན་གྱིས་བདག་གིས་སྟོང་ལ་རྣམ་པར་ཤེས་པ་དང་བྲལ་ཞིང་འཆི་བའི་གནས་སྐབས་ན་གཡོ་བ་མེད་ཅིང་དུར་ཁྲོད་ཀྱི་ཕྱོགས་ན་འགྱེལ་བར་འགྱུར་བ་ཡིན་ནོ། །གཞན་དག་ནི་མགལ་མེའི་དུམ་བུ་ཡིན་ནོ་ཞེས་འདོད་དེ། སྡུག་པའི་ལག་མཐིལ་གྱིས་གཟུང་དྲི་ཞིམ་ཕྲེང་བ་ [84a.7]ཕྱེ་མའི་དྲིས་མཆོད་ཅིང་། །བདེ་བའི་ལུས་འདི་དུར་ཁྲོད་གནས་སུ་མགལ་དུམ་ལྟར་ནི་ཡོངས་བོར་ནས། །གདུག་པའི་གཅན་གཟན་བརྐམ་པའི་མཐུས་ནི་མིག་དག་ཤ་ལྤགས་སྣག་གུ་དག །འཇིག་པར་བྱེད་དེ་ངན་པའི་རང་བཞིན་མི་བརྟན་འཇིག་རྟེན་སྒྱུ་མ་བཞིན། །ཞེའོ། །གཞན་དག་ནི་སོག་ [84b] [84b.1]མར་འདོད་དེ། ཇི་སྐད་དུ། ཇི་ལྟར་བཏབ་ཀྱང་རུང་སྟེ་ས་བོན་ནི། །བསོད་ནམས་ཅན་གྱིས་ལོ་ཏོག་མང་པོ་ཐོབ། །བསོད་ནམས་མེད་ན་སེར་བས་བཅོམ་འགྱུར་ཏེ། །མགལ་དུམ་ཙམ་ཡང་འཐོབ་པ་མ་ཡིན་ནོ། །ཞེས་སོ། །ལུས་འདི་ནི་ཐ་མར་དུར་ཁྲོད་པ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་ [84b.2]ལ་ལྷག་པར་ཞེན་པ་རྣམས་སྤངས་པའི་ཕྱིར་འདི་གསུངས་སོ། །དེས་ན་ཡང་ལུས་འདི་ནི་ངེས་པར་དུར་ཁྲོད་ཀྱི་གནས་ཡིན་ཏེ། འདིས་ནི་འཚོ་བར་གྱུར་ན་ཡང་མཁས་པ་རྣམས་ཀྱིས་དགོས་པ་མེད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རྒྱུན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨའི་སྒོ་ནས་རབ་ཏུ་ [84b.3]འཛག་ཅིང་གཤེར་བ་དང་ཉེ་དུ་དང་སྨན་པ་རྣམས་ཀྱིས་སྤངས་ཤིང་བཞི་མདོར་བོར་བ་མཛེ་ཅན་ཞིག་གཟིགས་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ནི་ཉེས་པ་མང་པོས་མ་རུང་བ་སྟེ། ལུས་ནི་བྱས་པ་ཆུད་གཟོན་པ་དང་དྲི་ང་བ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་སོ། །དགེ་ [84b.4]སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་ལྟར་ལུས་འདི་ནི་ཤིན་ཏུ་མ་རུང་བ་ལགས་ཏེ། ཤིན་ཏུ་སྨད་ཅིང་ཕྱག་དར་གྱི་ཕུང་པོ་ལྟ་བུ་ལགས་སོ། །དགེ་སློང་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་གཉིས་གསུངས་ [84b.5]སོ། །གང་གི་ཕྱིར་སེམས་ཅན་འདི་དག་བརྟག་པར་བྱ་ན་འདི་ལྟར་ལུས་འདི་ལ་ཕལ་ཆེར་འདོད་པས་ཆགས་ཤིང་གང་མི་གཙང་བ་དང་། སྡུག་བསྔལ་བ་དང་མི་རྟག་པ་ཉིད་ཡིན་ཏེ། དེ་ལ་རྒྱུ་གང་གིས་འདིར་གཙང་བ་དང་། བདེ་བ་དང་། རྟག་པའི་ཕྱིན་ཅི་ལོག་གི་གཉེན་པོ་འདིར་བསྟན་ཏོ་ཞེས་བྱ་ [84b.6]བ་ནི་བསྡུས་པའི་དོན་ཏོ། །ཡང་ན་བསྟོད་པ་དང་། སྨད་པ་ལ་སོགས་པ་གསལ་བར་བྱེད་པའི་དོན་ཏེ། གང་སྨྲས་པ། དོར་བ་ཅིར་མི་རུང་ཞེས་བྱ་བ་ནི་སྨད་ཅིང་བཤུད་པའི་ཚིག་ཡིན་ནོ། །འདི་ཞེས་བྱ་བ་ནི་ཟིན་པའོ། །སྨད་པར་བྱ་བ་ཉིད་སྨྲས་པ། ལུས་ཞེས་བྱ་བ་སྨོས་ཏེ། དྲི་ང་བའི་རྫས་ [84b.7]བསགས་པར་གྱུར་བའི་ལུས་ཏེ། འདིས་བྱ་བ་ཅིར་ཡང་མི་རུང་ཞིང་འདི་ཅི་ཞིག་ཏུ་དགོས་ཞེས་བྱ་བ་ཡིན་ནོ། །འདིའི་ཁྱད་པར་གྱི་ཚུལ་གྱིས་སྨད་པའི་རྒྱུ་སྨྲས་པ། མི་གཙང་འཛག་པ་ཞེས་བྱ་བ་སྨོས་ཏེ། འབྱུང་ཞིང་འཛག་པ་ཡིན་ཏེ། རྨའི་སྒོ་དགུ་ནས་རྒྱུན་མི་འཆད་པར་མི་གཙང་བ་རྣམ་པ་མང་པོ་ [85a] [85a.1]འབྱུང་ཞེས་བྱ་བའི་དོན་ཏོ། །འདི་ལ་མི་གཙང་ཞིང་དྲི་ང་བ་ཡོད་པ་ནི་མི་གཙང་བ་སྟེ། དེས་མི་འདོད་པའི་དྲི་ང་བ་དང་རབ་ཏུ་ཉམས་པའི་དྲིའོ། །ཚིག་རྐང་གཉིས་པ་འདིས་ནི་ཁ་དོག་དང་དྲི་རྣམ་པར་འགྱུར་བ་བསྟན་ཏོ། །དེ་ལས་གཞན་པ་དང་ལྡན་ཞིང་སྐྱེ་བ་ཡིན་པར་སྨྲས་ [85a.2]པ། རྒྱུན་དུ་ནད་ཀྱིས་མངོན་གདུང་ཞིང་། །ཞེས་བྱ་བ་སྨོས་ཏེ། རྟག་ཏུ་ཉམ་ཐག་པར་བྱེད་པ་ཡིན་ཏེ། བཀྲེས་པ་དང་། སྐོམ་པ་དང་། ཆམ་པ་དང་རིམས་ཚད་པར་འཁྲུ་བ་ལ་སོགས་པའི་ནད་ཀྱིས་མངོན་པར་གདུངས་པ་ཡང་ཡིན་ནོ། །རྒ་བ་དང་འཆི་བས་འཚེར་འགྲིབ་པའི་ཞེས་བྱ་བ་ནི་རྒ་བ་དང་འཆི་ [85a.3]བ་གཉིས་ཀྱིས་སྐྲག་པའི་ཕྱིར་འཇིག་པ་ཡིན་ཏེ། རྒ་བ་དང་འཆི་བ་གཉིས་ལ་རྟག་ཏུ་དོགས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྒ་བ་སྟེ་ནུས་པ་ཐམས་ཅད་མེད་པར་བྱེད་པ་དང་། རིས་མཐུན་པ་ཆད་པའི་འཆི་བས་རྟག་ཏུ་གནོད་པ་ཡིན་ཏེ། ལུས་འདི་ནི་འབྱོར་བ་དང་མི་ལྡན་པ་ཡིན་ནོ། །ཕྱིན་ཅི་ལོག་ [85a.4]སྤང་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །ཅི་ལུས་འདི་ནི་གཅིག་ཏུ་དགོས་པ་མེད་པས་ཅི་ཡང་མི་བྱ་བ་ཉིད་ཀྱིས་དོར་བར་བྱའོ་ཞེས་རྟོག་པ་ལ་དེ་སྤང་བའི་ཕྱིར་སྨྲས་པ། མྱུར་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱོན་དུ་མ་དང་ལྡན་ཞིང་གཡོ་བའི་གཞི་ཡིན་དུ་ཟིན་ཀྱང་ཐར་པ་ཐོབ་པ་ལ་ [85a.5]ཕན་འདོགས་པའི་ཕྱིར་འདིར་བསྔགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདི་ཡིས་ཞེས་བྱ་བ་ནི་ཟིན་པས་སོ། །ཡང་ན་འདོད་པ་ན་སྤྱོད་པས་སོ། །རྣག་དང་ལྡན་པ་ཞེས་བྱ་བ་ནི་མི་གཙང་བའི་རྫས་འདུས་པར་གྱུར་པའི་ལུས་ཀྱིས་སོ། །མྱུར་དུ་འཇིག་ཅིང་ཞེས་བྱ་བ་ནི་འཇིག་ [85a.6]པའི་ངང་ཚུལ་ཡོད་པ་སྟེ། འདིས་ནི་མི་རྟག་པ་ཉིད་དུ་བསྟན་ཏོ། །ན་བ་ཞེས་བྱ་བ་ནི་ནད་ཀྱིས་ཉམ་ཐག་པ་སྟེ། དེས་ཟིལ་གྱིས་ནོན་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྡུག་བསྔལ་བ་ཉིད་དུ་བསྟན་ཏོ། །འདིར་མི་གཙང་བས་ནི་ལུས་ཀྱི་རང་བཞིན་གྱི་མཚན་ཉིད་ཀྱི་སྐྱོན་བསྟན་ཏོ། །མི་རྟག་ [85a.7]པ་དང་། སྡུག་བསྔལ་བ་ཉིད་ཀྱིས་ནི་སྤྱིའི་མཚན་ཉིད་ཀྱི་སྐྱོན་བསྟན་ཏོ། །དོན་དུ་གཉེར་བར་གྱིས་ཞེས་བྱ་བ་ནི་རྗེས་སུ་ཤེས་པར་གྱིས་ཤིག་པ་སྟེ་བསམ་པ་དང་ཀུན་དུ་ཤེས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་སྟོབས་ཀྱིས་དོན་དུ་གཉེར་བར་བྱ་བ་དེ་གང་ཡིན་ཞེ་ན། སྨྲས་པ། ཞི་མཆོག་ [85b] [85b.1]ཅེས་བྱ་བ་སྨོས་ཏེ། མི་གཙང་བའི་ལུས་ལ་སོགས་པ་འདི་དེ་ན་མེད་པ་ཉིད་དེ་གཏན་དུ་མྱ་ངན་ལས་འདས་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གཙོར་སྡུག་བསྔལ་ཉེ་བར་ཞི་བ་ཞེས་བྱ་བའི་དོན་ཏོ། །གྲུབ་དང་བདེ་བ་ཞེས་བྱ་བ་ནི་རྟག་པ་ཉིད་དུ་གྲུབ་པས་འཇོག་པ་མེད་ [85b.2]པའོ། །བླ་ན་མེད་པ་ནི་སྡུག་བསྔལ་མེད་པའི་ཕྱིར་རོ། །ཡང་ན་གྲུབ་པ་དང་བདེ་བ་ནི་གྲུབ་པ་དང་བདེ་བའོ། །མྱ་ངན་ལས་འདས་པ་དེ་ན་འབྲལ་བ་མེད་པས་གྲུབ་པ་ནི་གཏན་དུ་བདེ་བ་ཉིད་ཀྱི་ཕྱིར་རོ། །དགེ་བ་ཡིན་པའི་ཕྱིར་བདེ་བ་སྟེ། སྡུག་བསྔལ་མཐའ་དག་དང་བྲལ་བའི་ཕྱིར་རོ། །བླ་ན་མེད་པ་ [85b.3]ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ནི་བླ་ན་ཡོད་པ་ཡིན་ལ། ཐར་པ་ནི་བླ་ན་མེད་པ་སྟེ། རྟག་ཏུ་དགེ་བ་ཉིད་ཡིན་པའི་ཕྱིར་རོ། །ཡང་བཤད་པ། རྟག་པའི་དགེ་བ་མེད་པ་སྟེ། །ནམ་མཁའ་བློ་ནི་འགོག་བྱེད་པ། །དད་པ་ལ་སོགས་མི་རྟག་དགེ །གཉིས་ལས་ཐར་པ་བླ་མེད་ཡིན། །ཞེས་སོ། །ཉོན་ [85b.4]མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཡང་དག་པར་གཅད་པས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟེ། མཆོག་ཏུ་ཞི་བའོ། །འདུས་བྱས་ཐམས་ཅད་གཏན་དུ་སྤངས་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་གྲུབ་པ་དང་བདེ་བ་བླ་ན་མེད་པའོ་ཞེས་གཞན་ [85b.5]དག་ཟེར་རོ། །གཞན་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དང་མི་གནས་པའི་མྱ་ངན་ལས་འདས་པ་གསུམ་དུ་བཤད་པ་དང་ཞི་བ་དང་། གྲུབ་པ་དང་། བདེ་བ་བླ་ན་མེད་པ་གསུམ་གོ་རིམས་བཞིན་དུ་སྦྱར་རོ་ཞེས་སོ། །ལུས་ལ་མངོན་པར་དགའ་བ་རྣམས་དང་མྱ་ངན་ལས་འདས་པས་ [85b.6]སྐྲག་པ་རྣམས་ལ་སྐྱོན་དང་ཡོན་ཏན་བསྟན་པའི་ཕྱིར་འདི་གསུངས་སོ། །གང་གི་ཕྱིར་དེ་ལྟ་བུའི་རྣམ་པར་གྲོལ་བ་དེ་ཐོབ་པར་བྱ་བའི་ཕྱིར་འདི་དག་བསྟེན་པ་ལ་འབད་པར་བྱ་བ་ཡིན་ཏེ། གཞན་དག་ལ་ནི་ཡིད་བརྟན་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དགུན་ཀ་དང་ནི་ཞེས་ [85b.7]བྱ་བ་སྨོས་སོ། །མཉན་ཡོད་ན་མ་ན་སི་ཞེས་བྱ་བའི་ཚོང་དཔོན་གྱི་བུ་ཞིག་ཡོད་དེ་ནོར་རྣམ་པ་སྣ་ཚོགས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་དེ་ཡང་འདོད་པ་ལ་ཞེན་པ་ཞིག་སྟེ། དེ་དུས་ཇི་ལྟ་བ་བཞིན་དུ་འདོད་པ་ལ་རབ་ཏུ་ལོངས་སྤྱོད་པར་འདོད་པས་ཡོ་བྱད་དང་བཅས་པས་དགུན་ [86a] [86a.1]དང་དཔྱིད་དང་དབྱར་གྱི་དུས་སུ་ཉེ་བར་ལོངས་སྤྱོད་པའི་ཁང་པ་ཤིན་ཏུ་ཉམས་དགའ་བ་གསུམ་བྱས་སོ། །དེས་དེར་ཡང་ཡིད་ལ་འདོད་པའི་འབྲས་བུ་མ་སྤྱད་པ་ཉིད་དུ་ཤི་བའི་དུས་བྱས་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །འདི་ཐོས་པས་སྲོག་ཆགས་སྟོང་ཕྲག་ [86a.2]དྲུག་ཅུ་བདེན་པ་མངོན་པར་རྟོགས་པར་གྱུར་ཏོ། །གཞན་དག་ནི་ཚོང་དཔོན་ཆེན་པོ་ནོར་མང་པོ་པ་ཞེས་བྱ་བ་རྣམ་པར་རྟོག་པ་ཤིན་ཏུ་མང་བ་ཞིག་ཡོད་པ་དེའི་དབང་དུ་མཛད་པའོ་ཞེས་སོ། །མི་རིགས་པར་སེམས་པར་བྱེད་པ་ནི་དགུན་ཀ་དང་དཔྱིད་ཀ་དང་དབྱར་ཀ་འདི་དག་བྱའོ་ཞེས་སེམས་པར་བྱེད་པའོ། །མི་རིགས་ [86a.3]པར་སེམས་པར་བྱེད་པ་པོ་བྱིས་པ་ཞེས་བྱ་བ་འདིས་སོ། །མི་རིགས་པར་བྱེད་པའི་རྒྱུ་ནི་བར་ཆད་མཐོང་བར་མ་གྱུར་ཏོ་ཞེས་བྱ་བ་སྟེ་འདི་ནི་བསྡུས་པའི་དོན་ཏོ། །འདི་དག་ཅེས་བྱ་བ་ནི་ཁྱིམ་དང་སྐྱེད་མོས་ཚལ་ལ་སོགས་པའོ། །དབྱར་ཀ་ཞེས་བྱ་བ་ནི་དབྱར་གྱི་དུས་སོ། །བྱའོ་ཞེས་བྱ་བ་ནི་བརྩམ་ [86a.4]པར་བྱ་བ་སྟེ། དེའི་དུས་དང་མཐུན་པའི་འདོད་པའི་བདེ་བ་ཉམས་སུ་མྱོང་བར་བྱའོ་ཞེས་པའི་དོན་ཏོ། །དགུན་ཀ་དང་ནི་དཔྱིད་ཀ་དང་། །ཞེས་བྱ་བ་ལ་དང་གི་སྒྲ་ནི་འདི་དག་གོ་ཞེས་བྱ་བར་དྲང་བའི་དོན་ཏོ། །ནི་ཞེས་བྱ་བ་ནི་དབྱེ་བའོ། །ངེས་པ་མེད་པའི་གནས་ལ་རོ་མྱང་བར་བྱ་བ་ནི་རིགས་པས་འདི་ཉིད་ [86a.5]ཡིན་ནོ་ཞེས་བྱ་བ་ནི་འདིར་བལྟ་བར་བྱའོ། །འདི་ལྟར་སུ་ཞིག་སེམས་པར་བྱེད་ཅེ་ན། སྨྲས་པ། བྱིས་པ་ཞེས་བྱ་བ་སྨོས་ཏེ། བློ་མ་བྱེ་ཞིང་མི་ཤེས་པ་སྟེ། ཡོན་ཏན་དང་སྐྱོན་མི་ཤེས་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སེམས་བྱེད་པས་ཞེས་བྱ་བ་ནི་རྣམ་པར་རྟོག་པར་བྱེད་པའོ། །པས་ཞེས་བྱ་བ་ནི་དེ་ [86a.6]ལྟར་སྔར་བསྟན་པའི་དགུན་ཀ་ཞེས་བྱ་བ་ལ་སོགས་པ་སྟོན་པ་ཡིན་ནོ། །གང་མཁས་པ་དེ་ནི་འཚོ་བ་འདི་ལ་བར་ཆད་མང་པོ་ཡོད་པར་རྟོགས་པ་ཡིན་པའི་ཕྱིར་འདི་ལྟར་སེམས་པར་བྱེད་དེ། གང་དག་ནི་དབུགས་དབྱུང་བ་དང་རྔུབ་པ་ཙམ་དུ་འཚོ་བ་འདི་ཡང་ལེགས་པར་རྙེད་པ་ཡིན་ནོ་ཞེས་སོ། །ཅིའི་ཕྱིར་བྱིས་པ་ [86a.7]དག་དེ་ལྟར་མི་སེམས་ཤེ་ན། སྨྲས་པ། བར་ཆད་མཐོང་བར་མ་གྱུར་ཏོ། །ཞེས་བྱ་བ་ཡིན་ཏེ། གང་ཡང་སྲོག་འདི་ལ་ནི་བར་ཆད་མང་པོ་ཡོད་དེ། དེའི་ཕྱིར་མ་འོངས་པའི་དོན་ཕལ་ཆེ་བ་དག་ལ་བརྟག་པར་མི་བྱའོ། །གང་གི་ཕྱིར་དངོས་པོ་འདི་དག་ཐམས་ཅད་ནི་སྲོག་གི་བར་དུ་གཅོད་པར་བྱེད་པ་སྟེ། [86b] [86b.1]དེ་ཤེས་པར་མི་ནུས་སོ། །ཡང་སྨྲས་པ། འཚོ་བ་གཅོད་བྱེད་མ་ལུས་པའི། །འདུས་བྱས་དུག་དང་འདྲ་བ་ཡིན། །འདི་དག་རྟག་པར་གྱུར་ན་ནི། །དུག་ཏུ་མི་འགྱུར་གང་ཡང་མེད། །བར་དུ་གཅོད་པ་ཞེས་བྱ་བ་ནི་གང་འཚོ་བའི་བར་དུ་གཅོད་པའི་རྐྱེན་ནོ། །ཐུང་བ་ནི་ཤིན་ཏུ་ཡུན་ཐུང་བར་ [86b.2]གནས་པའི་འཚོ་བ་ཡོད་པ་སྟེ། ཚེ་ཡོད་པའོ། །ཚེ་དེ་ཡང་མི་བརྟན་པ་ཡིན་ཏེ། འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། ཇི་སྐད་དུ་གསུངས་པ། རང་བཞིན་གྱིས་ནི་ལུས་ཅན་འཆི་འགྱུར་ཞིང་། །སྐད་ཅིག་ཙམ་ཞིག་སྲོག་ནི་གནས་གྱུར་པ། །སྐྱེ་བོ་དེ་ནི་རྙེད་དང་ལྡན་པ་སྟེ། །སྲོག་ནི་རྣམ་པར་འགྱུར་ [86b.3]ཞེས་མཁས་པས་ཤེས། །ཞེས་སོ། །མི་འཆི་བ་ལ་སོགས་པར་རྣམ་པར་རྟོག་ཅིང་ལས་ཀྱི་མཐའ་རིང་བ་དག་ལ་སྐྱོ་བ་བསྐྱེད་པའི་ཕྱིར་འདི་གསུངས་སོ། །བག་མེད་པའི་གནས་འདོད་པ་ལ་ཆགས་པ་ཉི་ཚེར་ཡང་མ་ཟད་དེ། བུ་ལ་སོགས་པ་ལ་ཆགས་པ་ཡང་བསྟན་པའི་ཕྱིར་སྨྲས་པ། བུ་དང་ [86b.4]ནོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གཱའི་ཀླུང་གི་འགྲམ་གྱི་གྲོང་ཁྱེར་ན་གང་གཱའི་ལྷ་ཞེས་བྱ་བའི་ཁྱིམ་བདག་བུ་མང་ཞིང་གཡོག་འཁོར་དང་ནོར་དང་ཕྱུགས་དང་ལས་བྱེད་པ་ལ་སོགས་པ་དང་ལྡན་པ་ཞིག་གནས་སོ། །ཇི་ཙམ་ན་ནུབ་མོ་གཉིད་ཀྱིས་ལོག་ཅིང་བག་ཕབ་སྟེ་འདུག་པ་ [86b.5]ལས་ཆུ་བོ་ཆེན་པོས་གྲོང་ཁྱེར་ཐམས་ཅད་གང་གཱའི་ནང་དུ་བདས་ཏེ། ཁྱེར་བ་དེའི་དབང་དུ་མཛད་དེ་ཚིགས་སུ་བཅད་པ་འདི་གསུངས་སོ། །གཞན་དག་ན་རེ་དགེ་སློང་མ་གཽ་ཏ་མིའི་དབང་དུ་མཛད་ནས་གསུངས་སོ་ཞེས་སོ། །རྨོངས་པས་འཁོར་བའི་ཡོ་བྱད་ལེགས་པར་བསགས་པ་དང་བསྲུངས་ [86b.6]པ་ལ་སོགས་པ་མཆོག་ཏུ་བྱེད་པའི་མི་ནི་འཆི་བདག་གིས་བླངས་ཏེ་ཁྱེར་བར་འགྱུར་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །བུ་དང་ནོར་མང་པོ་དེ་དག་མ་འབྱོར་པ་མེད་པ་དེ་ལ་རྣམ་པར་ཆགས་ཤིང་ལྷག་པར་ཞེན་པའི་མིའི་ཡིད་གང་ཡིན་པ་དེ་ནི་དེ་ལྟ་བུའོ། །འདི་ལྟར་འཇིག་རྟེན་འདི་ན་ཕལ་ཆེར་ [86b.7]རིགས་བརྒྱུད་ཀྱི་ཕྱིར་ནི་བུ་འདོད་དོ། །ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ནི་ནོར་དང་ཕྱུགས་ཕུན་སུམ་ཚོགས་པ་འདོད་དོ། །དེ་ལ་ནོར་ནི་ནོར་དང་འབྲུ་ལ་སོགས་པའོ། །ཕྱུགས་ནི་བ་ལང་དང་མ་ཧེ་ལ་སོགས་པ་རྐང་པ་བཞིའོ། །དེ་ལ་རྣམ་པར་ཆགས་པས་དུས་དུས་སུ་སྦྱིན་པ་དང་། ཚུལ་ [87a] [87a.1]ཁྲིམས་དང་། ཐོས་པ་དང་། བསམ་པ་དག་ལ་སྦྱོར་བ་མེད་པའོ། །མི་ཞེས་བྱ་བ་ནི་སྲོག་ཆགས་སོ། །ཅི་ནས་དེ་ཇི་ལྟར་འཆི་བདག་གིས་བླངས་ནས་འགྲོ་ཞེ་ན། འདིར་དཔེ་བསྟན་པ། ཉལ་གྲོང་ཞེས་བྱ་བ་ནི་གྲོང་ན་གནས་པའི་སྐྱེ་བོ་ནུབ་མོ་གཉིད་ལོག་པར་གྱུར་ [87a.2]པའོ། །བཞིན་དུ་ཞེས་བྱ་བ་ནི་དཔེའི་དོན་ཏེ། ཇི་ལྟར་དབྱར་གྱི་དུས་སུ་ཆུའི་ཚོགས་ཆེན་པོ་གློ་བུར་དུ་བྱུང་ནས་བླངས་ཏེ་ཆུ་བོ་ཆེན་པོའི་ནང་དུ་དེད་པར་བྱེད་པ་དེ་བཞིན་དུ་བུ་ལ་སོགས་པ་ལ་ཡིད་རྣམ་པར་ཆགས་ཤིང་ལོག་པར་སྤྱོད་པ་དག་བྱེད་པ་ན་བག་མེད་པའི་གཉིད་ཀྱིས་ལོག་པ་ནི་འཆི་ [87a.3]བདག་ནམ་མཁའ་ལྡིང་ལྟ་བུས་ཀླུ་བླངས་ཏེ་འགྲོ་བ་བཞིན་ནོ། །ཁྱིམ་གྱི་ཡོངས་སུ་བཟུང་བ་དག་ལ་ཆགས་ཤིང་བསོད་ནམས་བྱེད་པ་ལ་བག་མེད་པ་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་འདི་གསུངས་སོ། །བུ་ལ་སོགས་པས་ནི་འཆི་བ་ལས་ཡོངས་སུ་སྐྱོབ་པར་མི་ནུས་པ་མ་ཡིན་ཏེ། དེའི་མཐུས་ [87a.4]འཆི་བདག་གི་ཆུ་སྲིན་གྱི་ཁའི་དྲུང་ནས་སླར་ལྡོག་པར་སྣང་སྟེ། དེ་བས་ན་དེ་ལ་ལྷག་པར་ཆགས་པ་ནི་དགོས་པ་དང་བཅས་པ་ཡིན་ན་ཅིའི་ཕྱིར་དེ་ལ་སྨད་ཅེས་བྱ་བར་རྟོག་ན། དེ་ནི་མེད་དེ་འདི་ལྟར་ཚེ་ཡོངས་སུ་ཟད་པ་ལས་ནི་བུ་ལ་སོགས་པས་ཡོངས་སུ་སྐྱོབ་པར་མི་བྱེད་དེ། དེ་ཉིད་སྨྲས་པ། འཆི་ [87a.5]བའི་དུས་ལ་བབ་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་མཆོད་སྦྱིན་འདོད་པ་ཞེས་བྱ་བའི་བྲམ་ཟེ་སཱ་ལ་ཆེན་པོ་ལྟ་བུ་རྒས་ཤིང་འཁོགས་ནས་གཟེར་བ་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་ཡོད་དེ། དེ་ལ་བདག་ཉིད་ལས་སྐྱེས་པའི་བུ་ཉི་ཤུ་དང་། ཚ་བོ་དག་མང་ཞིང་རྒྱ་ཆེ་བ་དང་། ཉེ་དུའི་ [87a.6]ཚོགས་དེ་རྣམས་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་ཞིག་ཏུ་ཤིན་ཏུ་དགའ་ཞིང་སྤྱོད་པ་ལས་དེ་དུས་བྱས་ནས་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །གཞན་དག་ནི་དགེ་སློང་མ་ཞིག་སློང་མོ་སྤྱོད་ཅིང་བུ་ཚ་ལ་སོགས་པ་གསོ་བར་བྱེད་པ་ལས་བརྩམས་ཏེ་འདི་གསུངས་སོ་ཞེས་ཟེར་རོ། །གང་ཅུང་ [87a.7]ཟད་སུས་ཀྱང་འཆི་བ་ལས་ཡོངས་སུ་བསྐྱབ་པར་ནི་མི་ནུས་ཏེ། འཆི་བ་ནི་བཟློག་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །མི་འགྱུར་ཞེས་བྱ་བ་ནི་མེད་པའོ། །གང་ཡིན་ཞེ་ན། སྨྲས་པ། བུ་རྣམས་ཞེས་བྱ་བ་སྟེ། ལུས་ལས་སྐྱེས་པའོ། །སྐྱབས་ཞེས་བྱ་བ་ནི་འཆི་བའི་ [87b] [87b.1]འཇིགས་པ་ལས་ཡོངས་སུ་ཐར་བར་བྱེད་པའི་ཕྱིར་རོ། །གང་ཡང་འཆི་བ་ལས་ཡོངས་སུ་སྐྱོབ་པར་བྱེད་པའི་བུ་ནི་འགྲོ་བ་དག་ན་མེད་ཅིང་འཆི་བ་ལས་ཡོངས་སུ་སྐྱོབ་པར་བྱེད་པ་ནི་མི་འབྱུང་སྟེ། བདག་ཉིད་ཀྱང་དེ་བས་ཡོངས་སུ་མ་ཐར་པའི་ཕྱིར་རོ། །ཕ་ཡང་མ་ཡིན་ཞེས་བྱ་བ་ནི་སྐྱེད་ [87b.2]པར་བྱེད་པ་སྟེ། ཕ་དང་མ་གཉིས་ཀྱིས་ཀྱང་བུ་རྣམས་འཆི་བདག་ལས་ཡོངས་སུ་སྐྱོབ་པར་མི་ནུས་སོ། །གཉེན་འདུན་མིན་ཞེས་བྱ་བ་ནི་ཉེ་དུ་དག་གིས་ཀྱང་འཆི་བ་ལས་ཅུང་ཟད་སྐྱོབ་པར་མི་ནུས་སོ། །གང་གི་ཕྱིར་སེམས་ཅན་ཁ་ཅིག་ནི་བུའི་དཔུང་ཡོད་དོ་སྙམ་ནས་བག་མེད་པས་གནས་སོ། ། [87b.3]ཁ་ཅིག་ནི་ཕའི་དཔུང་གིས་སོ། །ཁ་ཅིག་ནི་ཉེ་དུའི་དཔུང་གིས་སོ། །ཁ་ཅིག་ནི་གཉིས་ཀྱིས་སོ། །ཁ་ཅིག་ནི་དེ་དག་ཐམས་ཅད་ལ་རེ་བ་དག་ཡོངས་སུ་སྤང་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །དཔུང་འདི་དག་གིས་ནི་ཡིད་བརྟན་པར་མི་བྱ་སྟེ། གང་གི་ཕྱིར་དོན་འདི་དག་གང་ [87b.4]གིས་ཇི་ལྟར་ཡང་མི་ནུས་སོ། །སུའི་ཞེ་ན་སྨྲས་པ། འཆི་བའི་དུས་ལ་བབ་པ་ན། །ཞེས་སྨོས་ཏེ། འཆི་བདག་གིས་དབང་དུ་བྱས་པའོ། །གལ་ཏེ་དེ་ལྟར་རེ་རེས་ནི་མི་ནུས་ཀྱང་དེ་དག་ཚོགས་པས་ནི་ནུས་པར་འགྱུར་ཏེ། མི་རོའི་ཕྱོགས་འདེབས་པ་དང་འདྲའོ་ཞེ་ན། དེ་ཡང་མེད་ [87b.5]པར་བསྟན་པའི་ཕྱིར་སྨྲས་པ། ཁྱོད་ལ་སྐྱབས་སུ་འགྱུར་བ་མེད། །ཅེས་བྱ་བ་སྨོས་ཏེ། བུ་ལ་སོགས་པ་དེ་དག་འདུས་པས་ཀྱང་གང་ཞིག་འཆི་བ་ལས་ཡོངས་སུ་སྐྱོབ་པ་མེད་པ་ཉིད་དེ། འཇིག་རྟེན་ནི་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་དོ་ཞེས་བྱ་བའི་ཚིག་གིས་སོ། །འཕགས་པའི་ [87b.6]ལམ་ཉིད་ནི་འཆི་བ་ལས་ཡོངས་སུ་སྐྱོབ་པ་ཡིན་པས་དེ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །ལས་གང་ཞིག་མཐར་མ་ཕྱིན་པར་དེ་ལས་གཞན་དག་རྩོམ་པ་ནི་འཆི་བ་ལ་སོགས་པའི་འཇིགས་པ་དང་བྲལ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདི་ནི་བྱ་བ་བྱས་ཟིན་ཞེས་བྱ་བ་ [87b.7]ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་བྷ་བ་ཡབ་དྷ་ཀ་ཞེས་བྱ་བས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཀྱང་གོང་མའི་ལམ་བསྒོམ་པ་ལ་བག་མེད་པར་གྱུར་ཏེ། འདི་ལྟར་ཡང་བདག་གིས་ནི་ངན་སོང་གི་སྒོ་ནི་བཀག་པས་ད་ནི་ལྷ་དང་མིའི་འདོད་པ་ལ་རོལ་ཅིང་རྗེས་སུ་མྱོང་བར་བྱས་ཏེ། [88a] [88a.1]ཁྱད་པར་དུ་འཕགས་པའི་བདེན་པས་མྱ་ངན་ལས་འདས་པར་བྱའོ་ཞེས་བསམ་པ་ལས་ཇི་ཙམ་ན་དུས་ལས་འདས་ཏེ། ཁྱིམ་ཐབ་སྤྱུགས་པ་ཞིག་གི་ཆུང་མའི་རུམ་དུ་ཞུགས་ཏེ། བཙས་ནས་དེ་བྲན་མོ་ཞིག་གིས་མཚན་མོ་ལམ་གྱི་བཞི་མདོར་ཚེར་མ་དང་བཅས་པར་སྒྲེན་ [88a.2]མོར་བོར་བ་ལས་ཤིན་ཏུ་སྡུག་བསྔལ་བས་འགྲེ་ལྡོག་ཅིང་འོ་དོད་འབོད་པ་འོད་མའི་ཚལ་ན་གནས་པའི་དགེ་བསྙེན་དག་གིས་ཐོས་ཏེ། དེ་བླངས་ནས་ཡིད་དང་རྗེས་སུ་མཐུན་པ་ཐོབ་པར་གྱུར་ཏེ། ཚུལ་བཞིན་དུ་རོལ་པ་དང་། སྲིད་པའི་ཉེས་དམིགས་མཐོང་བ་རྣམ་པ་མང་པོ་བྱས་ཏེ། དེ་རྣམས་ཀྱིས་ཕན་ [88a.3]བཏགས་པ་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ལྟར་གྱུར་པའི་གཏམ་དགེ་བསྙེན་དག་ལས་བཅོམ་ལྡན་འདས་ཀྱིས་གསན་ཏེ། ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །དེ་ལ་རེ་ཞིག་དང་པོ་སྨྲས་པ། འདི་ནི་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་པའི་བྱ་བ་དག་ལ་ [88a.4]ཞེན་པ་དག་གིས་ནི་འཆི་བ་ལ་སོགས་པས་མངོན་པར་བཅོམ་པར་འགྱུར་ཏེ། འཇིག་རྟེན་ལས་འདས་པའི་བྱ་བ་ལ་མངོན་དུ་བརྩོན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདི་ནི་བྱས་ཞེས་བྱ་བ་ནི་འདི་མཐར་ཕྱིན་པའོ། །བྱ་བ་ཞེས་བྱ་བ་ནི་བྱ་བའི་རྒྱུ་དང་བྱ་བའོ། །བྱ་བ་ནི་རྣམ་པ་གསུམ་སྟེ། [88a.5]གང་བྱས་པ་དང་། གང་བྱ་བར་བརྩམས་པ་དང་། གང་མ་བརྩམས་པ་བརྩམ་པར་བྱ་བའོ། །དེ་ལ་དང་པོ་མ་གཏོགས་པའི་བརྩམ་པར་བྱ་བ་སྨྲས་པ། དོན་འདི་བྱ་ཞེས་བྱ་བ་སྨོས་ཏེ། ད་ནི་བྱ་བ་འདི་ཉིད་ཀྱི་དུས་ལ་བབ་པའི་བྱ་བའོ། །དེ་དག་བྱས་ནས་ཞེས་བྱ་བ་ནི་བརྩམས་པ་དེ་དག་ཡོངས་སུ་ [88a.6]རྫོགས་པར་བྱ་བའོ། །བདག་ནི་བདག་ཉིད་དོ། །འདི་བྱའོ་ཞེས་བྱ་བ་ནི་འདིའི་འོག་ཏུ་བསྒྲུབ་པར་བྱའོ། །དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་རྣམ་པར་རྟོག་པའི་རྣམ་པ་བསྟན་ཏོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། འདིར་མངོན་པར་བཅོམ་པ་ཉིད་དུ་ཤེས་པར་བྱའོ། །སུ་ཞིག་མངོན་པར་ [88a.7]བཅོམ་པ་ཡིན་ཞེ་ན། སྨྲས་པ། མི་ཞེས་བྱ་བ་སྨོས་ཏེ་སེམས་ཅན་ནོ། །ཡོངས་སུ་ཤོམ་པ་ན་ཞེས་བྱ་བ་ནི་ཡོངས་སུ་རྩོམ་པ་སྟེ། རྟོག་པ་ངན་པ་དཔག་ཏུ་མེད་པས་སེམས་རྣམ་པར་གཡེན་སྤྱོ་བའོ། །མངོན་དུ་བཅོམ་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པ་དང་། འཇིག་པ་དང་ཞིག་པར་བྱེད་པ་ཞེས་བྱ་ [88b] [88b.1]བའི་དོན་ཏོ། །དེ་གང་ཡིན་ཞེ་ན་སྨྲས་པ། འཆི་དང་རྒ་བས་ཞེས་བྱ་བ་སྨོས་ཏེ། འཆི་དང་བཅས་པའི་རྒ་བ་སྟེ། འཆི་བ་དང་རྒ་བ་གཉིས་ཀྱིས་འཆི་བར་སྐྱེལ་བར་བྱེད་པ་ཡིན་པས་བར་གྱི་ཚིག་མི་མངོན་པར་བྱས་ཏེ་རྡོ་རྗེའི་བྱེ་མ་བཞིན་ནོ། །ནད་དང་ལྷན་ཅིག་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་ནད་དང་བཅས་ [88b.2]སོ། །མཐར་མ་ཕྱིན་པ་ཡོངས་སུ་རྟོག་པའི་བྱ་བ་ལ་ནི་འཇིག་རྟེན་པ་དག་རྒ་བས་ཡོངས་སུ་ཉམས་པར་བྱས་ཤིང་ནད་ཀྱིས་གཟིར་ཏེ། འཆི་བདག་གི་དབང་དུ་འགྱུར་རོ། །དེས་ན་བྱ་བ་གཞན་ཐམས་ཅད་ཡོངས་སུ་བཏང་བས་འཆི་བ་ལ་སོགས་པ་བཟློག་པའི་བྱ་བ་ལ་འབད་པར་བྱའོ། །ཞེས་ཐུབ་པ་ [88b.3]མཆོག་གིས་ཡོངས་སུ་བསྟན་ཏོ། །འཇིག་རྟེན་པའི་ལས་ནི་མཐའ་མེད་པའི་ཕྱིར་ཏེ། ཇི་སྐད་དུ་གསུངས་པ། རྒྱལ་པོ་དུག་ཅན་ལ་སོགས་པས། །བྱ་བ་དག་ནི་མ་བྱས་ཏེ། །དེ་ནས་དེ་ཉིད་བྱ་བ་དང་། །དེ་ཡང་བཅས་ཤིང་འགག་པར་འགྱུར། །དེ་བཞིན་བྱ་བ་འདི་དག་ལ། །དེ་ཉིད་མཐར་ནི་མ་ཕྱིན་པར། །དེ་ [88b.4]ནས་འཇིག་རྟེན་དེ་འདྲའི་དགྲ། །འཆི་བ་དག་ནི་འོང་བར་འགྱུར། །ཞེས་པའོ། །བྱ་བ་མ་ཡིན་པའི་བྱ་བ་མང་པོ་དག་ལ་ཡུན་རིང་དུ་བྱེད་ཅིང་མི་འཆི་བ་ལ་སོགས་པ་རྣམ་པར་རྟོག་པ་མང་པོ་དག་ལ་སྐྱོ་བ་བསྐྱེད་པའི་ཕྱིར་འདི་གསུངས་སོ། །གང་གི་ཕྱིར་དེ་ལྟར་འཇིག་རྟེན་པའི་བྱ་བས་རྣམ་པར་གཡེངས་ [88b.5]པའི་སྐྱེ་བོ་རྒ་བ་དང་འཆི་བ་དང་ནད་དང་བཅས་པས་མངོན་དུ་བཅོམ་པ་ཡིན་ཏེ། དེ་བས་ན་འཇིག་རྟེན་ལས་འདས་པའི་བྱ་བ་བསྒྲུབ་པའི་ཕྱིར་སྨྲས་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་བསྡུས་པའི་དོན་ནི་ཏིང་ངེ་འཛིན་གྱི་སྦྱོར་བའི་རྒྱུ་དང་། ཏིང་ངེ་འཛིན་གྱི་སྦྱོར་བས་ཡོངས་སུ་སྐྱོ་བ་མེད་པའི་ [88b.6]ཡིད་དང་། ཏིང་ངེ་འཛིན་ཐོབ་ནས་ཏིང་ངེ་འཛིན་ཙམ་གྱིས་ཆོག་མི་ཤེས་པ་དེས་མཐོང་བ་དང་བསྒོམ་པའི་ལམ་ཡོངས་སུ་རྫོགས་པར་བྱ་བ་དང་། ལམ་བསྒོམ་པའི་འབྲས་བུ་དང་། འབྲས་བུ་དེའི་ཕན་ཡོན་འདིར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཞེས་བྱ་བ་འདིས་ནི་ཏིང་ངེ་འཛིན་གྱི་སྦྱོར་བའི་རྒྱུ་བསྟན་ཏོ། ། [88b.7]དེ་ལྟར་རྟག་ཏུ་ཏིང་འཛིན་ལ་དགའ་མཉམ་པར་ཞོག། །བརྩོན་པ་སྐྱེད་ལ་སྐྱེ་དང་རྒ་བའི་མཐའ་མ་ལྟོས། །བདུད་རྣམས་སྡེ་དང་བཅས་པ་མངོན་པར་ཟིལ་གནོན་ལ། །དགེ་སློང་དག་གིས་སྐྱེ་ཤིའི་ཕ་རོལ་འགྲོ་བར་གྱིས། །ཞེས་བྱ་བ་འདི་དག་གིས་ནི་གོ་རིམས་བཞིན་དུ་ལྷག་མ་རྣམས་བསྟན་ཏོ། །ད་ནི་ [89a] [89a.1]ཚིག་སོ་སོའི་དོན་བཤད་པར་བྱ་སྟེ། དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་རྒྱུ་སྟོན་ཏེ། འདི་ལྟར། དེ་ལྟར་མི་ནི་ཡོངས་སུ་ཤོམ་པ་ན། །རྒ་དང་ནད་བཅས་འཆི་བས་མངོན་དུ་བཅོམ། །ཞེས་བྱ་བ་སྟེ། རྒྱུ་དེ་ལྟར་རོ། །འདི་ནི་སྦྱོར་བའི་རྒྱུ་བསྟན་ཏེ། །འཆི་བ་ [89a.2]ལ་སོགས་པས་སྐྱོ་བ་སྐྱེད་དེ་དེ་ལྟར་ཤེས་ཤིང་སྐྱོ་བ་སྐྱེ་བ་ལས་ནི་ཏིང་ངེ་འཛིན་ལ་སྦྱོར་བ་ཡོད་པ་ཉིད་དེ། འདིས་ནི་གུས་པར་བྱེད་པའི་སྦྱོར་བ་བསྟན་ནས། རྟག་ཏུ་བྱེད་པའི་སྦྱོར་བ་སྨྲས་པ་རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ཏིང་ངེ་འཛིན་ལ་དགའ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་དགའ་བ་སྟེ། [89a.3]བསམ་གཏན་ལ་དགའ་བ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ལ་དགའ་བ་ཐོབ་པས་ནི་དེའི་སྦྱོར་བ་ལ་ཡོངས་སུ་གདུང་བ་མེད་པའི་ཕྱིར་རོ། །མཉམ་པར་ཞོག་ཅེས་བྱ་བ་ནི་སེམས་རྩེ་གཅིག་པ་སྟེ་བསམ་གཏན་མངོན་དུ་བྱས་པ་ཞེས་བྱ་བའི་དོན་ཏོ། །བརྩོན་པ་སྐྱེད་ལ་ཞེས་བྱ་བ་ནི་བརྟུན་ [89a.4]པས་འབད་པའི་བརྩོན་འགྲུས་གང་ལ་ཡོད་པ་དེ་ནི་བརྩོན་པ་སྐྱེད་པ་སྟེ་བརྩོན་འགྲུས་བརྩམ་པ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་དང་ལྡན་པ་ལ་ནི་ཁྱད་པར་ཐོབ་པར་བྱ་བ་ལ་ཆོག་མི་ཤེས་པ་ཉིད་དུ་སྟོན་ཏེ། ཇི་སྐད་དུ་བཤད་པ། ཁྱད་པར་སྤེལ་ལ་ངེས་པར་ནི། །ཁྱོད་ནི་ནམ་ཡང་ངལ་མ་ [89a.5]གྱུར། །བརྩོན་འགྲུས་དྲག་པོས་དཀའ་བ་ལས། །སྐྱོ་བ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་ལམ་འདོད་པས་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་མི་བྱ་བ་ཉིད་དུ་འདིས་བསྟན་ཏེ། སྐྱེ་དང་རྒ་བའི་མཐའ་མ་ལྟོས། །ཞེས་བྱ་བ་འདི་སྨོས་སོ། །སྐྱེ་བ་དང་རྒ་བ་ནི་ [89a.6]སྐྱེ་རྒའོ། །དེ་གཉིས་ཀྱི་མཐའ་མ་ནི་ཟད་པ་སྟེ། དེ་ལྟ་བུའི་ཚུལ་གང་དག་ལ་ཡོད་པ་དེ་ཉིད་ནི་འདི་ལྟར་མཐོང་བའི་ལམ་ཡོངས་སུ་རྫོགས་པ་སྟེ། ཕལ་ཆེར་སྐྱེ་བ་ཟད་དེ་ཡུན་རིང་དུ་ཐོགས་ནས་སྲིད་པ་བདུན་ཡིན་པའི་ཕྱིར་སྐྱེ་བ་དང་རྒ་བ་མཐོང་བར་འགྱུར་རོ། །བསྒོམ་པའི་ལམ་ཡོངས་སུ་རྫོགས་པ་ལ་ནི་སྐྱེ་བ་ [89a.7]མཐར་ཐུག་པ་ཡིན་པའི་ཕྱིར་ཡང་འཁོར་བར་སྐྱེ་བ་དང་རྒ་བའི་མཐའ་མ་མཐོང་བར་འགྱུར་རོ། །ཅི་ཞིག་བྱས་ཤིང་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། བདུད་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་ནི་བདུད་དེ་འཆི་བའི་ཆོས་ཉེ་བར་བསྒྲུབ་པའི་ཕྱིར་རོ། །སྡེ་དང་བཅས་པ་ཞེས་བྱ་བ་ནི་འཁོར་དང་ [89b] [89b.1]བཅས་པ་སྟེ། ཉེ་བའི་ཉོན་མོངས་པ་དང་བཅས་པའི་ལས་ཞེས་བྱ་བའི་དོན་ཏོ། །མངོན་པར་ཟིལ་གནོན་ལ་ཞེས་བྱ་བ་ནི་སྤངས་པ་སྟེ། འདིས་ནི་བསྒོམ་པའི་ལམ་གྱི་འབྲས་བུ་བསྟན་ཏོ། །དེ་ཡང་གང་དག་གིས་འདི་ལྟར་ལམ་བསྒོམ་པར་ནུས་ཤེ་ན། སྨྲས་པ། དགེ་སློང་དག་གིས་ཞེས་བྱ་བ་ [89b.2]སྨོས་ཏེ། དགེ་སློང་དག་ཅེས་བྱ་བ་ནི་རབ་ཏུ་བྱུང་ཞིང་ཡོངས་སུ་བཟུང་བ་སྤངས་པ་ཞེས་བྱ་བའི་དོན་ཏེ། དེ་དག་གིས་དུལུས་དང་སེམས་རྣམ་པར་དབེན་པ་དང་། དེ་དང་རབ་ཏུ་འབྲེལ་བའི་ཕྱིར་ལམ་བསྒོམ་པ་ཡོད་པར་འགྱུར་རོ། །འགྲོ་བར་འགྱུར་བ་ཞེས་བྱ་བ་ནི་དེ་ཉིད་ལས་སྐྱེ་བར་འགྱུར་གྱི། [89b.3]གཞན་ལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ཏུ་ནི་འགྲོ་བར་གྱིས། །ཞེས་བརྗོད་དེ། འདིའི་དོན་ནི་ཁྱེད་ཅག་གིས་འགྲུབ་ཅིང་འདིའི་ཕ་རོལ་དུ་འགྲོ་བར་གྱིས་ཤིག་ཅེས་བྱའོ། །སྐྱེ་ཤིའི་ཕ་རོལ་འགྲོ་བ་ཞེས་བྱ་བ་ནི་འཁོར་བའི་ཕ་རོལ་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ [89b.4]དབྱིངས་དེར་འགྲོ་བ་ཡིན་པས་ཕ་རོལ་འགྲོ་བ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སྤངས་པ་ལ་ཕན་ཡོན་འདི་ཡོད་དེ་གང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པ་ཡིན་ནོ། །བྱ་བ་ངན་པ་ལ་གནས་ཤིང་འབྲེལ་པ་དག་འཕགས་པའི་ལམ་ལ་སྦྱོར་ [89b.5]བའི་ཕྱིར་བསྲུངས་སོ། །མི་རྟག་པའི་ཚོམས་ཀྱི་རྣམ་པར་འགྲེལ་བ་སྟེ་དང་པོ་རྫོགས་སོ།། །།དེའི་འོག་ཏུ་འདོད་པའི་ཚོམས་དགོད་པའི་སྐབས་བརྗོད་པར་བྱ་སྟེ། མི་རྟག་པ་བསྟན་པས་སྐྱོ་བ་ཡང་དག་པར་བསྐྱེད་ནས་འདོད་ཆགས་དང་བྲལ་བའི་དངོས་པོ་ཐོབ་པར་བྱ་བའི་ཕྱིར་འདི་ཉེ་ [89b.6]བར་འགོད་པ་ཡིན་ནོ། །གང་གི་ཕྱིར་ཐམས་ཅད་ཀྱི་དང་པོར་ནི་འདོད་པ་དག་ལས་ཆགས་པ་མེད་པ་འབྱུང་ངོ་། །དེ་ནས་གཟུགས་དང་གཟུགས་མེད་པ་ལས་ཆགས་པ་མེད་པ་འབྱུང་སྟེ། མ་མའི་གོས་ལས་ཐོག་མ་དྲི་མ་རགས་པ་དང་བྲལ་བར་བྱེད་ལ། དེའི་འོག་ཏུ་ནི་ཕྲ་བ་དག་དང་བྲལ་བར་བྱེད་ [89b.7]པ་དེ་བཞིན་དུ་སྐབས་བརྗོད་པ་ཡིན་ནོ། །ཀུན་རྟོག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་གླེང་གཞི་ནི་བུད་མེད་ཅིག་སྐྱེས་པ་གཞན་ཞིག་ལ་ཆགས་ཏེ། དེ་ལ་ལྟ་བ་དང་ཀུན་དུ་སྨྲ་བས་གཡེན་སྤྱོ་སྟེ་ཆུ་བླང་པའི་ཕྱིར་ཁྲོན་པ་ལས་བུམ་པ་དང་ཆུ་བླང་བར་བྱའོ་ཞེས་བསམས་ནས་ [90a] [90a.1]རང་གི་བུ་མགྲིན་པ་ལ་ཐག་པས་བཅིངས་ཏེ། ནང་དུ་ཡུད་ཙམ་ཞིག་བཏང་བ་ལས་དེ་ནས་བུ་ཤི་བར་མཐོང་སྟེ། དེ་སྐྱོ་བ་ཡང་དག་པར་སྐྱེས་པ་ལས་ཚིགས་བཅད་འདི་གསུངས་སོ། །འདི་ཡང་ཇི་ལྟར་གནས་པ་ཡིན་ཞེ་ན། དེ་ཡང་བཅོམ་ལྡན་འདས་ཕྱོགས་དེར་གཤེགས་ [90a.2]ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་དག་པར་གསུངས་པའི་ཚིགས་སུ་བཅད་པ་འདི་ཟུང་ཤིག་ཅེས་གསུངས་ཏེ། ཅི་ནས་ཀྱང་འདོད་པའི་འདོད་ཆགས་སྐྱེ་བ་དང་། ཅི་ནས་ཀྱང་སྐྱེ་བ་ [90a.3]མེད་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཚིག་གི་དོན་སོ་སོའི་བཤད་པ། འདོད་པ་ཞེས་བྱ་བ་ནི་འདོད་པར་བྱེད་པས་ན་འདོད་པ་སྟེ། དོན་དུ་གཉེར་བར་བྱེད་ཅེས་པའི་དོན་ཏོ། །དེ་ཡང་འདོད་པའི་ཡོན་ཏན་ལྔ་ལ་འདུན་པའི་འདོད་ཆགས་ལ་དགོངས་སོ། །དེ་ལ་བོད་པ་ཡིན་ཏེ། ཀྱེ་འདོད་པ་ [90a.4]ཞེས་སོ། །ཤེས་ཀྱིས་ཏེ་ཞེས་བྱ་བ་ནི་འདི་ཉིད་ངེས་པར་བྱས་པ་ཡིན་ཏེ། དེ་གང་ཡིན་ཞེ་ན། སྨྲས་པ། ཁྱོད་ནི་རྩ་བར་ཞེས་བྱ་བ་ཡིན་ཏེ། འདོད་པ་སྐྱེད་པར་བྱེད་པའི་རྒྱུ་སྟེ། གང་གི་ཕྱིར་དེ་ནི་འཁྲིག་པ་དང་ལྡན་པ་ཀུན་ཏུ་རྟོག་པའི་རྩ་བ་སྟེ། དེ་དག་ཉིད་ཀྱི་ཡུལ་ལ་མི་འགྲོ་བའི་འདུ་ཤེས་ལས་ནི་འདོད་ [90a.5]ཆགས་མི་སྐྱེ་ལ་མི་དགེ་བའི་འདུ་ཤེས་ཀྱིས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་རོ། །གནས་སྟོང་པ་དག་ལ་ཡང་ལོག་པའི་ཀུན་ཏུ་རྟོག་པའི་འདོད་ཆགས་ཀྱིས་བརླག་པ་ཡིན་ནོ་ཞེས་འདོད་པའི་རྩ་བ་བསྟན་པའི་ཕྱིར་སྨྲས་པ། ཀུན་རྟོག་ལས་ནི་ཞེས་བྱ་བ་སྨོས་ཏེ། ཚུལ་བཞིན་མ་ཡིན་པ་ [90a.6]ཡིད་ལ་བྱེད་པ་དང་ལྡན་པས་རང་བཞིན་མེད་པ་དག་ལ་གནས་རྗེས་སུ་དྲན་ཞིང་གཟུགས་སུ་བརྟག་པ་དེ་ལ་ནི་འདོད་པའི་འདོད་ཆགས་སྐྱེ་བར་འགྱུར་ཏེ། ཀྱེ་འདོད་པ་ཞེས་སོ། །འདོད་པ་ཞེས་བྱ་བ་ཡང་སྨོས་པ་ནི་གཅིག་ཏུ་མ་རུང་བ་ཡིན་པས་སྤང་བར་བྱ་བ་ཉིད་དུ་བསྒྲུབ་པའི་ཕྱིར་རོ། །ཡང་ན་དེའི་ [90a.7]ཡུལ་ལ་མི་བཟོད་པ་བསྒྲུབ་པའི་ཕྱིར་རོ། །སྐྱེས་པས་ཞེས་བྱ་བ་མངོན་དུ་བྱུང་བ་དང་། སེམས་ཀྱི་རྒྱུད་ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །སྨན་ལ་སོགས་པའི་གཞིས་ཡོངས་སུ་སྤངས་པ་མ་ཡིན་པའི་ཚུལ་བསྟན་པའི་ཕྱིར་སྨྲས་པ། ཁྱོད་ནི་ཀུན་རྟོག་མ་བྱེད་དང་། །ཞེས་བྱ་བ་སྨོས་ཏེ། འདོད་པ་ [90b] [90b.1]དག་ལ་དགེ་བར་མ་སེམས་དང་རྣམ་པར་གྲོལ་བར་འགྱུར་རོ་ཞེས་སོ། །དེས་ན་ཁྱོད་ལ་འབྱུང་མི་འགྱུར། །ཞེས་བྱ་བ་ནི་དེ་བས་ན་དགེ་བར་ཀུན་ཏུ་མ་རྟོགས་པས་ཁྱོད་ཀྱི་རྒྱུད་ལ་སྐྱེ་བར་མི་འགྱུར་ཏེ། རྒྱུ་མེད་པས་འབྲས་བུ་མེད་པ་ཉིད་ཀྱི་ཕྱིར་རོ། །འབྱུང་བར་མི་འགྱུར་བ་ནི་རབ་ཏུ་སྐྱེ་བར་མི་འགྱུར་ཞིང་རབ་ཏུ་སྐྱེ་ [90b.2]བར་མི་ནུས་པ་ཉིད་དུ་སྟོན་ཏོ། །འདོད་པའི་འདོད་ཆགས་སྤོང་བར་འདོད་པ་རྣམས་ལ་གཞི་མེད་པར་བྱ་བ་བསྟན་པའི་ཕྱིར་དང་། ཡུལ་ཡོངས་སུ་སྤངས་པ་ཙམ་གྱིས་འདོད་པའི་འདོད་ཆགས་སྤོང་བ་ཡིན་ནོ་ཞེས་སྨྲ་བ་རྣམས་ཚར་གཅད་དུཔའི་གནས་དང་། བདག་ཏུ་སྨྲ་བ་རྣམས་ཚར་བཅད་པའི་ཕྱིར་ [90b.3]འདི་གསུངས་སོ། །འདོད་པ་ཡུལ་དང་བཅས་པ་འདི་དག་ནི་ཆེས་ཀྱང་སྤང་བར་བྱ་བ་ཡིན་ཏེ། གནོད་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། ཅིའི་ཕྱིར་ཞེ་ན། འདི་ལྟར། འདོད་པ་རྣམས་ལས་མྱ་ངན་སྐྱེ། །ཞེས་བྱ་བ་སྨོས་ཏེ། བུད་མེད་དེ་ཉིད་བུ་དང་བྲལ་བ་ཡོད་པའི་དབང་གིས་བྲང་ [90b.4]བརྡུང་ཞིང་མྱ་ངན་གྱིས་གདུངས་ཏེ། སྨྲེ་སྔགས་འདོན་པ་དང་། ཁྱིམ་ཐབ་ལ་འཇིགས་པ་ཡིན་ཏེ། དེས་འདི་ལྟ་བུའི་དོན་ཐོས་པར་གྱུར་ན་བདག་ལ་གནོད་པ་བྱེད་པར་འགྱུར་རོ་ཞེས་པ་དེའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་ལ་རེ་ཞིག་དང་པོའི་རྣམ་པར་ [90b.5]འགྲེལ་བ་སྨྲས་པ། འདོད་པ་རྣམས་ལས་ཞེས་བྱ་བ་སྨོས་ཏེ། འདོད་པ་རྣམས་ལ་རོ་མྱང་བར་བྱས་པའི་ཉེས་དམིགས་དང་། ངེས་པར་འབྱུང་བ་བྱས་པའི་ཕན་ཡོན་འདིར་བསྟན་པ་ཡིན་ཏེ། དེ་ལ་འདོད་པ་ནི་རྣམ་པ་གཉིས་ཏེ། ཡུལ་གྱི་འདོད་པ་སྟེ་གཟུགས་སྡུག་པ་ལ་སོགས་པ་དང་། [90b.6]ཉོན་མོངས་པའི་འདོད་པ་དག་སྟེ་ཡུལ་དེ་དག་ཉིད་ལ་ཆགས་པའོ། །འདོད་པ་བྱེད་པའམ། འདོད་པར་བྱེད་པ་དག་ནི་རྒོད་པ་ལ་བརྟེན་པའི་ཕྱིར་རོ། །དེ་གཉི་ག་དག་ལས་སྐྱེ་བ་ནི་འབྱུང་བའོ། །མྱ་ངན་ཞེས་བྱ་བ་ནི་སྡུག་པ་དང་བྲལ་བའི་སེམས་ཀྱི་གདུང་བའོ། །བདག་ཉིད་ཀྱི་གཟི་མདངས་ [90b.7]སྐེམ་པར་བྱེད་པ་ཞེས་བྱ་བ་ནི་ངེས་པའི་ཚིག་གིས་སོ། །འཇིགས་པ་ཞེས་བྱ་བ་ནི་མཚན་མ་དག་ལ་དམིགས་ནས་གནོད་པར་འགྱུར་རོ་ཞེས་དོགས་པ་སྐྱེ་བའི་སེམས་ཀྱི་ལས་ཏེ། ཡང་དག་པར་སྐྲག་པ་ཞེས་བྱ་བའི་དོན་ཏོ། །དེ་གཉི་ག་ཡང་གོ་རིམས་བཞིན་དུ་ཉོན་མོངས་པ་དང་ཡུལ་གྱི་འདོད་ [91a] [91a.1]པ་དག་ལས་སྐྱེས་པ་སྟེ། གང་གི་ཕྱིར་ཡུལ་མེད་པ་དག་ལ་ཡོངས་སུ་གཟུང་བ་མེད་པའམ་ཡོད་པར་གྱུར་ན་ཡང་འདོད་ཆགས་དང་བྲལ་བ་རྣམས་ལ་ནི་དེ་དང་བྲལ་བ་ལས་སྐྱེས་པའི་མྱ་ངན་དང་། དེ་དང་བྲལ་དུ་དོགས་པ་ལས་སྐྱེས་པའི་འཇིགས་པ་མེད་པར་འགྱུར་བས་ [91a.2]སོ། །རེ་ཞིག་འདི་དག་གི་ནི་འདོད་པ་དང་། མི་འདོད་པ་དག་གི་ཉེས་དམིགས་བསྟན་ཏོ། །རྒྱུ་མེད་པའི་ཕྱིར་འབྲས་བུ་མེད་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། འདོད་པ་དག་ནི་རྣམ་སྤངས་ན། །ཞེས་བྱ་བ་སྨོས་ཏེ། འདོད་པ་དག་ལ་འདོད་ཆགས་དང་བྲལ་བའི་ཕན་ཡོན་བསྟན་པ་ཡིན་ཏེ། གང་ཡང་ [91a.3]སོ་སོར་བརྟགས་པའི་སྟོབས་སམ་བསྒོམས་པའི་སྟོབས་ཀྱིས་འདོད་པ་རྣམས་ལ་ཆགས་པ་མེད་པས་བཙལ་བ་དང་རྩ་བ་དང་བཅས་པར་སྤངས་ན་གཉིས་ཀྱིས་འདོད་པ་དག་ལས་ཆགས་པ་དང་བྲལ་བ་དག་ལ་ནི་སྡུག་པ་དང་བྲལ་བར་གྱུར་ཀྱང་མྱ་ངན་མེད་ཅིང་གནོད་པ་བྱུང་བར་དོགས་པའི་འཇིགས་པ་ལྟ་ [91a.4]ག་ལ་ཡོད་པར་འགྱུར་བའོ། །མྱ་ངན་གྱིས་ནི་ད་ལྟར་གྱི་ཉེ་བར་གནས་པའི་གནོད་པ་བསྟན་ཏོ། །འཇིགས་པས་ནི་འབྱུང་བར་འགྱུར་བའི་གནོད་པ་བསྟན་ཏོ། །འདོད་པའི་དོན་དུ་གཉེར་བ་དང་། འདོད་པ་ལ་ལྷག་པར་ཆགས་པ་དག་འདོད་པ་དག་ལ་འདུན་པའི་འདོད་ཆགས་སྤང་བའི་ཕྱིར་འདི་གསུངས་ [91a.5]སོ། །ཇི་ལྟར་ཉོན་མོངས་པའི་འདོད་པ་དེ་ལྟ་བུ་ནི་ཡུལ་གྱི་འདོད་པ་དག་གི་ཕན་ཡོན་ལས་བྱུང་བ་མ་ཡིན་ཏེ། དེ་ཡང་ཚོར་བའི་རང་བཞིན་གྱི་དབང་ཡིན་ཏེ། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བའི་ཚིག་གིས་ཏེ། དེས་ན་རྩ་བའི་རྩ་བ་ཉིད་བསྟན་པའི་ཕྱིར་སྨྲས་པ། དགའ་བ་རྣམས་ལས་མྱ་ངན་ [91a.6]སྐྱེས། །ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ཆགས་པར་བྱེད་པའི་ཕྱིར་དགའ་བ་དག་སྟེ། །ཉོན་མོངས་པ་དང་ལྷན་ཅིག་སྐྱེས་པའི་ཆགས་པ་ཡིད་བདེ་བ་སྟེ། དེ་དག་ལས་ལྷག་མ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །འདིས་ནི་འདི་སྐད་སྟོན་ཏེ། འདོད་པ་དེ་གཉིས་ནི་ཚེ་ལས་མྱ་ངན་ལ་སོགས་པ་ [91a.7]འབྱུང་བར་མ་ཟད་ཀྱི། ཉོན་མོངས་པའི་འདོད་པའི་ཚོགས་འཇུག་པར་གྱུར་པ་ཡང་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་དེ་དག་ཉིད་མ་སྤངས་པ་དག་ལ་མྱ་ངན་ལ་སོགས་པ་འཇུག་ཅིང་འདི་དག་ལས་ནི་དགའ་བ་དང་ཤིན་ཏུ་ཆགས་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །མངོན་སུམ་དུ་སྨོས་པ་ནི་ [91b] [91b.1]གཞན་དག་ཏུ་དེ་དང་མཚུངས་པར་ལྡན་པ་དེ་བཞིན་དུ་བལྟ་བར་བྱ་སྟེ། ཆགས་པ་དང་རྗེས་སུ་མཐུན་པའོ། །འདི་ལ་ཇི་སྐད་དུ་གསུངས་པ་བདེ་བར་ཚོར་བ་དག་ནི་ཆགས་པ་ལ་གནས་པ་ཡིན་ཏེ། གང་བདེ་བ་དང་བདེ་བའི་ཚོར་བ་འདི་ཞེས་བྱ་བ་ལ་སོགས་པའོ། །འདོད་པ་མྱ་ངན་ལ་སོགས་པའི་རྒྱུར་ [91b.2]གྱུར་པ་ཡང་གང་གི་དོན་དུ་ཉེ་བར་སྤྱོད་པ་ཡང་དགའ་བ་ཉེ་བར་སྤྱད་པའི་དོན་ཏེ། དེས་བྱས་པ་ཡིན་པས་འདི་དག་ཐམས་ཅད་ནི་འདོད་པའི་ཉེས་དམིགས་སུ་ཤེས་པར་བྱའོ། །གང་ཡུལ་གྱིས་འདོད་ཆགས་སྤངས་ཀྱང་ཀུན་ཏུ་རྟོག་པའི་འདོད་ཆགས་ཀྱིས་རྣམ་པར་རྟོག་པའི་དགའ་བ་སྤངས་པའི་ཕྱིར་ [91b.3]འདི་གསུངས་སོ། །འདིར་འདི་དག་གིས་མྱ་ངན་དང་འཇིགས་པའི་ཉེས་དམིགས་འབའ་ཞིག་ཏུ་མ་ཟད་དེ། སྡིག་པའི་དྲ་བ་མ་ལུས་པ་འདི་དག་ཀྱང་འབྱུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདོད་དགའི་རྣམ་སྨིན་སྡུག་བསྔལ་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱེས་བུ་གཏི་མུག་ [91b.4]ཅན་འཕགས་སྐྱེས་བོས་འགྲན་ཟླའི་ཤ་ཁོན་ཅན་མ་ལུས་པར་བསད་ཅིང་ཕྱུང་སྟེ། རྒྱལ་སྲིད་ཀྱི་བདེ་བ་ལ་ལོངས་སྤྱོད་ཅིང་བདེན་པ་མཐོང་བའི་ཤཱཀྱ་དཔག་ཏུ་མེད་པ་རྣམས་བསད་པ་དེའི་འོག་ཏུ་ཞག་བདུན་པའི་ཉི་མ་ལ་བཙུན་མོའི་འཁོར་དང་བློན་པོ་དང་གཡོག་འཁོར་དང་བཅས་པ་ཆུ་ལ་ [91b.5]རྩེ་བའི་ཕྱིར་ཆས་པ་ན་དམྱལ་བའི་མེ་འབར་བས་ཀུན་དུ་བསྐོར་ཏེ། འོ་དོད་འབོད་བཞིན་དུ་མནར་མེད་པའི་དམྱལ་བ་ཆེན་པོར་སྐྱེས་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །འདིར་བསྡུས་པའི་དོན་ནི་འདོད་པ་དག་ལ་རོ་མྱོང་བར་བྱེད་པ་ནི་དང་པོ་མངར་བས་བསྟན་ཏོ། །ལྷག་མ་ནི་ཉེས་ [91b.6]དམིགས་ཏེ་འབྲས་བུ་ཚ་བས་ནི་མཐོང་བའི་ཆོས་ཀྱི་ཉེས་དམིགས་བསྟན་ཏེ་མྱ་ངན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་སྡུག་བསྔལ་བས་ནི་འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་བསྟན་ཏེ། སྲེག་པར་བྱེད་པ་དང་ཆོས་མཐུན་པ་ཡིན་པས་མེ་སྒྲོན་གྱི་དཔེ་བསྟན་པ་ཡིན་ནོ། །མངར་བ་ [91b.7]ནི་ཡིད་དུ་འོང་བ་དང་དགའ་བ་དང་སྡུག་པའོ། །དང་པོ་ལ་སོགས་པ་གང་ཡིན་པ་དེ་ནི་དེ་ཉིད་དོ། །འདིར་དང་པོའི་སྒྲ་ནི་ཐོག་མའི་ཚིག་སྟེ། སྔར་ཆུ་བཏང་ནས་བསོད་སྙོམས་བྱིན་པ་བཞིན་ཏེ། འདོད་པ་རྣམས་ནི་ཐོག་མར་དགའ་བ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཚ་བ་ཞེས་བྱ་བ་ནི་ཚ་ཞིང་ཡིད་ [92a] [92a.1]དུ་མི་འོང་བ་དང་། མི་འདོད་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ནི་འབྲས་བུ་ཚ་བའོ། །ཇི་སྐད་དུ་གསུངས་པ། འདོད་པ་དག་ལས་འཇིག་རྟེན་བསད་དང་བཅིང་བ་བྱུང་། །མྱ་ངན་འཇིག་དང་ངལ་དང་སྣ་ཚོགས་སྡུག་བསྔལ་ཏེ། །འདོད་པ་དེ་ཉིད་ཀྱིས་ཀྱང་རྒྱལ་པོ་ལྟུང་གྱུར་ཏེ། ། [92a.2]ཆོས་ཉམས་བབ་ཅོལ་ཕ་རོལ་ཏུ་ནི་དམྱལ་བར་འགྲོ། །ཞེས་སོ། །དེའི་ཕྱིར་འདིས་ནི་མཐོང་བའི་ཆོས་ཉིད་ལ་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་རྣམས་ཐ་མར་འབྱུང་བ་དང་། དེའི་རྒྱུས་ངན་པར་སྤྱོད་པ་བསགས་པས་ངན་སོང་གི་སྡུག་བསྔལ་རྣམ་པར་སྨིན་པ་མྱོང་ [92a.3]བར་འགྱུར་ཏེ། དེས་ན་སྨྲས་པ། རྣམ་སྨན་སྡུག་བསྔལ་ཏེ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྨིན་པའི་འབྲས་བུ་ནི་མངོན་པར་མི་འདོད་པ་ཡིན་ཏེ་ངན་སོང་གི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་ཅི་འདི་དག་གནས་སྐབས་ཐམས་ཅད་དུ་དེ་ལྟར་ཡིན་ནམ་ཞེ་ན། ཐམས་ཅད་ལ་ནི་དེ་ལྟ་མ་ཡིན་ཏེ། འོན་ཀྱང་ [92a.4]དགའ་ཞེས་བྱ་བ་སྨོས་ཏེ། མངོན་པར་དོན་དུ་གཉེར་བ་སྟེ་གང་གི་ཕྱིར་སྲེད་པ་དང་བཅས་པའི་འདོད་པ་མངོན་པར་འདོད་པ་དེ་དག་ཉིད་ལ་དང་པོ་མངར་བཞིན་འབྲས་བུ་ཚ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་ཏེ། དགའ་བ་མེད་པར་འདོད་ཆགས་དང་བྲལ་བ་རྣམས་ལ་ནི་མ་ཡིན་ནོ། །རྣམ་པར་ [92a.5]སྨིན་པ་སྡུག་བསྔལ་བ་ཡང་ཡིན་ལ་དགའ་བ་ཡང་ཡིན་པས་དགའ་བའི་རྣམ་སྨིན་སྡུག་བསྔལ་བ་སྟེ། ལས་འཛིན་པའོ། །ཚིག་རྐང་འོག་མ་ནི་ཐ་དད་པར་བྱས་ལ་འདི་ནི་བསྡུ་བ་བྱས་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། སྤྱི་དང་ཁྱད་པར་བསྒྲུབ་པའི་ཕྱིར་ཏེ། སྤྱི་ནི་འདི་ལྟར་འཕགས་པ་དང་ [92a.6]འཕགས་པ་མ་ཡིན་པ་གཉིས་ཀྱི་འདི་དག་དང་པོ་མངར་བ་དང་འབྲས་བུ་ཚ་བ་ཡིན་ནོ། །སྡིག་པ་སྤྱོད་པར་འཇུག་པ་རྣམས་དགའ་བར་གྱུར་ན་ནི་རྣམ་པར་སྨིན་པ་སྡུག་བསྔལ་བ་སྟེ། དང་པོ་དགའ་བ་ཡིན་ནོ། །འདོད་པ་ཞེས་བྱ་བ་ནི་གཟུགས་སྡུག་གུ་ལ་སོགས་པའོ། །ཇི་ལྟར་དགའ་བ་ཡོད་པ་ [92a.7]ལས་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་ཞེ་ན་སྨྲས་པ། སྲེག་བྱེད་ཅེས་བྱ་བ་སྨོས་ཏེ། རྗེས་སུ་མཆེད་ནས་ཡོངས་སུ་སྲེག་པར་བྱེད་པའོ། །གང་སྲེག་པར་བྱེད་ཅེ་ན། སྨྲས་པ། བྱིས་པ་ཞེས་བྱ་བ་སྨོས་ཏེ། འདོད་པའི་རྗེས་སུ་འགྲོ་བ་སོ་སོའི་སྐྱེ་བོ་སྟེ། དེ་ཡང་བྱ་བ་དང་བྱ་བ་མ་ཡིན་པ་ [92b] [92b.1]ལ་ཀུན་ཏུ་རྨོངས་པའོ། །ཇི་ལྟ་བུར་སྲེག་པར་བྱེད་ཅེ་ན། སྨྲས་པ། མེ་སྒྲོན་ཞེས་བྱ་བ་སྨོས་ཏེ། འབར་བ་དང་བཅས་བཞིན་དུ་ཕྱར་བས་བཟུང་བའོ། །མེ་སྒྲོན་གྱིས་གང་སྲེག་པར་བྱེད་ཅེ་ན། སྨྲས་པ། མ་བོར་བ་ཞེས་བྱ་བ་སྨོས་ཏེ། གང་མ་བོར་བ་དེའི་ལག་པ་སྲེག་པར་བྱེད་དོ། །དེ་བཞིན་ [92b.2]དུ་གང་དག་འདོད་པ་དག་ལ་དགའ་བ་དེ་ཉིད་དེས་ཚིག་པར་འགྱུར་ཏེ། མཐོང་བའི་ཆོས་ལ་ནི་མྱ་ངན་གྱི་མེས་སོ། །ཕ་རོལ་དུ་ནི་སྡུག་བསྔལ་གྱི་མེས་སོ། །འདོད་པ་དག་ལ་མནོག་ཏུ་མཐོང་ཞིང་ཉེས་དམིགས་སུ་མ་མཐོང་བ་རྣམས་ལ་འདོད་པ་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་འདི་གསུངས་སོ། ། [92b.3]འདོད་པའི་ཆིང་མ་དག་ནི་དགྲོལ་བར་དཀའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ནོར་བུའི་རྣ་ཆ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་སྐྱེ་བོའི་ཚོགས་ཆེན་པོ་རྣམ་པར་བཅིངས་ཞེས་གྲག་སྟེ། ཁ་ཅིག་ནི་ལྕགས་ཀྱི་ཆིང་མས་བཅིངས་ [92b.4]སོ། །ཁ་ཅིག་ནི་ཤིང་གི་ཆིང་མས་བཅིངས་སོ། །ཁ་ཅིག་ནི་གྲེས་མའི་ཆིང་མས་བཅིངས་སོ། །དགེ་སློང་རྣམས་མཉན་ཡོད་དུ་བསོད་སྙོམས་སྤྱོད་པ་དག་གིས་དེ་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །གཞན་དག་ནི་གཡུལ་ལས་ [92b.5]རྒྱལ་བ་ཞེས་བྱ་བ་སྐྱོ་བ་ཆེན་པོ་སྐྱེས་ཏེ་རབ་ཏུ་བྱུང་ནས་དེའི་སྔར་གྱི་བུ་ཁྱེའུ་གཉིས་ཞིག་ཉེ་བར་གཞག་སྟེ། ཆགས་པ་མེད་པར་བྱུང་བ་ལས་བུ་དེ་ཆགས་པས་ཡང་དང་ཡང་དུ་བཟློག་ནས་ཇི་སྲིད་དུ་བདུན་པ་ཉིད་ལ་དགྲ་བཅོམ་པ་ཐོབ་པར་གྱུར་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། ། [92b.6]འཕགས་པ་དག་གང་བཅིངས་པ་དམ་པོ་མ་ཡིན་པར་འདོད་པ་དང་། གང་དམ་པོར་འདོད་པ་དང་། ཇི་ལྟར་ཡང་གང་གིས་དེ་དམ་པོར་ཡིན་ཡང་འཕགས་པ་རྣམས་ཀྱིས་མྱུར་དུ་གཅོད་པར་བྱེད་པ་ཡིན་ཏེ། འདི་ནི་ཚིགས་བཅད་འདི་གཉིས་ཀྱི་བསྡུས་པའི་དོན་ཡིན་ནོ། །དེ་དག་དམ་པོ་ [92b.7]མིན་ཞེས་བྱ་བ་དེ་བརྟན་པ་མ་ཡིན་ཞིང་གཅད་པར་མི་ནུས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་དག་ཅེས་བྱ་བ་ནི་ཆིང་མའོ། །གང་གཞན་གྱི་དབང་དུ་གྱུར་པ་དེ་ནི་ཆིང་མ་སྟེ། གཞན་དབང་གི་ཡོ་བྱད་ཅེས་བྱ་བའི་དོན་ཏོ། །འཕགས་པ་ནི་ལུང་དང་སངས་རྒྱས་དང་དེའི་ཉན་ཐོས་སོ། །གསུངས་ [93a] [93a.1]པ་ནི་ཉེ་བར་བསྟན་པའོ། །དེ་གང་ཞིག་ཡིན་ཞེ་ན་སྨྲས་པ། གང་ལྕགས་ཞེས་བྱ་བ་ནི་ལྕགས་ལས་གྱུར་པ་སྟེ། དེ་ཡང་ལྕགས་ཀྱི་རང་བཞིན་ལྕགས་སྒྲོག་ལ་སོགས་པའོ། །ཤིང་ནི་ཤིང་གི་རང་བཞིན་ལས་གྱུར་པ་སྟེ། ཤིང་གི་རྣམ་པ་ལས་བྱས་པའོ། །གྲེས་མ་ [93a.2]ནི་རྩྭ་ལས་བྱས་པ་སྟེ། ཐག་པ་ལ་སོགས་པའོ། །འདིས་ནི་ཕྱི་རོལ་གྱི་འཆིང་བ་ལ་འཕགས་པ་རྣམས་བརྟན་པོ་མ་ཡིན་པར་འདོད་པ་ཉིད་དུ་རབ་ཏུ་ཤེས་པ་ཡིན་ནོ། །དེ་ལྟ་ན་གང་དམ་པོ་ཡིན་ཞེ་ན། སྨྲས་པ། ཡོངས་སུ་ཆགས་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ཀུན་ [93a.3]དུ་ཆགས་པའི་སེམས་ཡོད་པ་དེ་ནི་ཡོངས་སུ་ཆགས་སེམས་ཏེ། སེམས་ལ་ཉེ་བའི་ཉོན་མོངས་པས་ཀུན་དུ་ཉོན་མོངས་པ་ཞེས་བྱ་བའི་དོན་ཏོ། །གང་ཡང་ཉོན་མོངས་པ་མ་ཡིན་པའི་ཡིད་ཀྱིས་ཡོངས་སུ་ཆགས་པའི་སེམས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ [93a.4]སྙིང་རྗེ་དང་བཅས་པའི་ངོ་བོ་ཡིན་ཞིང་སྲེད་པའི་ངོ་བོ་ནི་མ་ཡིན་ཏེ། ཡུན་རིང་སྙིང་རྗེས་འབྲེལ་པའི་ཕྱིར། །ཞེས་བྱ་བའི་བསྟོད་པ་ལས་སོ། །དེ་གང་ལ་འཇུག་པ་ཡིན་ཞེ་ན། སྨྲས་པ། ནོར་བུའི་རྣ་ཆ་ཞེས་བྱ་བ་སྨོས་ཏེ། ནོར་བུའི་རྣ་ཆ་ནི་ནོར་བུའི་རྣ་ཆ་སྟེ་ཟླས་དབྱེ་བ་སྟེ། དེ་དག་ལའོ། །ནོར་བུ་ [93a.5]ཞེས་བྱ་བ་ནི་བཟོ་མ་བྱས་པའི་ནོར་གྱི་དཔེའི་དོན་ཏོ། །བཟོ་བྱས་པའི་དཔེའི་དོན་ནི་རྣ་ཆ་སྟེ། རྣ་བའི་རྒྱན་ཞེས་བྱ་བའི་དོན་ཏོ། །འདིས་ནི་སེམས་ཅན་དུ་གཏོགས་པ་མ་ཡིན་པའི་དངོས་པོ་དེ་ལ་ལྟོས་པ་ཉིད་དུ་སྟོན་ཏོ། །བུ་དང་བུ་མོ་ལ་ཞེས་བྱ་བ་ནི་སེམས་ཅན་དུ་གཏོགས་པའི་དངོས་པོ་ལ་ལྟོས་ [93a.6]པ་ཉིད་དུ་སྟོན་ཏོ། །བུ་ལ་ཞེས་བྱ་བ་ནི་བདག་ལས་སྐྱེས་པའོ། །བུ་མོ་ལ་ཞེས་བྱ་བས་ནི་ཆུང་མ་ཡང་བསྡུའོ། །དང་གི་སྒྲ་ནི་ནོར་བུ་ལ་སོགས་པ་ཉི་ཚེ་མ་ཡིན་གྱི། བུ་ལ་སོགས་པ་ལ་ཡང་ཡིན་པའི་ཕྱིར་དང་གི་སྒྲ་སྨོས་སོ། །གང་ཡིན་ལ་ལྟོས་ཞེས་བྱ་བ་ནི་སྲེད་པ་ཡོངས་སུ་མ་སྤངས་པའི་ [93a.7]བསམ་པ་ཅན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་གསུངས་པ་ལྟོས་པ་དང་ལྡན་པ་ནི་སྲེད་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་དགྲོལ་བར་དཀའ་ཞེས་འཕགས་པས་གསུངས། །ཞེས་བྱ་བ་ནི་ཡོངས་སུ་ཆགས་པའི་སེམས་ལ་ལྟོས་པ་ཞེས་བྱ་བའོ། །འདི་ཉིད་ནི་ཤིན་ཏུ་འཆིང་བ་དམ་པོ་ཡིན་ནོ་ [93b] [93b.1]ཞེས་མཁས་པ་རྣམས་སྟོན་ཏེ། ཅིའི་ཕྱིར་ཞེ་ན་སྨྲས་པ། འདོད་པའི་ཆིང་མས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡིན་ཞེས་བྱ་བའི་སྒྲ་ནི་རྒྱུ་བསྟན་པའི་ཕྱིར་རོ། །འདི་ལྟར་འདི་དག་ལ་ལྟོས་པའི་ཆིང་མ་ནི་སྤང་བར་བྱ་བ་ལ་འགོག་ཅིང་གགས་བྱེད་པས་འདོད་ཆགས་པ་ལ་སོགས་པ་བཅད་ [93b.2]པར་མི་ནུས་པའི་ཕྱིར་ཏེ། བཅིངས་པ་ནི་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་སྟེ། རྒྱུག་པ་དང་མཆོང་བ་ལ་སོགས་པ་བྱ་བའི་མཐུ་མེད་དོ། །ལག་ན་མཚོན་ཆ་ལ་སོགས་པ་དང་ལྡན་པས་ནི་བདེ་བར་བཅད་དུ་རུང་བའི་ཕྱིར་གྲོལ་བར་ཡང་འགྱུར་རོ། །འདི་ནི་དེ་ལྟ་མ་ཡིན་ཏེ། དེས་ན་དེ་ཉིད་ཀྱི་ཕྱིར་ [93b.3]འདི་ནི་དགྲོལ་བར་དཀའོ་ཞེས་འཕགས་པས་གསུངས་སོ། །གཞན་དག་ན་རེ་འདོད་པའི་ཆིང་མ་ནི་ཆགས་པར་བྱེད་པ་སྟེ། སེམས་འཕྲོག་པར་བྱེད་པའི་ཕྱིར་རོ། །ལྷོད་ཀྱང་ཞེས་བྱ་བ་འགྲོ་བ་ཐམས་ཅད་དུ་བཅིངས་ཀྱང་ཉམ་ང་བ་མེད་དོ། །ལྷོད་པའི་ཕྱིར་དགྲོལ་སླ་བ་ཡིན་ནོ་ཞེས་རྟོག་པ་དག་ [93b.4]བཟློག་པའི་ཕྱིར་སྨྲས་པ། རབ་ཏུ་དགྲོལ་བར་དཀའ་ཞེས་བྱ་བ་སྨོས་ཏེ། དཀའ་བས་ཐར་ཅིང་བཅད་པར་བྱ། །ཞེས་བྱ་བའི་དོན་ཏོ། །མཚོན་དང་མེ་དང་ཆུ་དང་། སྔགས་དང་སྨན་ལ་སོགས་པ་དང་། ཐམས་ཅད་དུ་རབ་ཏུ་སྨྲ་བ་རྣམས་ཀྱིས་ཤིན་ཏུ་དགྲོལ་བར་མི་ནུས་པའི་ཕྱིར་རོ། །འདི་ཉིད་ནི་ [93b.5]ཆིང་མ་དམ་པོ་ཡིན་ཏེ། གང་གི་ཕྱིར་ལྟོས་པའི་ཆིང་མ་དེ་ལ་བཙལ་བར་འདོད་ཅིང་དེ་བཞིན་དུ་གང་བརྗོད་པར་གྱུར་ན་ཡང་གཅོད་པར་མི་ནུས་པའི་ཕྱིར་རོ། །ལྷོད་པས་ཇི་ལྟར་འདོད་པ་བཞིན་དུ་འཇུག་པ་ན་བདག་ནི་བཅིངས་སོ་ཞེས་མི་ཤེས་པ་ཡིན་ནོ། །དེ་རབ་ཏུ་དགྲོལ་བར་དཀའ་བས་དགྲོལ་ [93b.6]བར་འདོད་ཀྱང་དགྲོལ་བར་མི་ནུས་པ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་དང་། བརྟན་པས་སོ་སོར་བརྟགས་པ་དང་། བསྒོམས་པའི་སྟོབས་ནི་མ་གཏོགས་སོ། །རྒྱུ་འདི་གསུམ་གྱིས་ནི་ལྟོས་པའི་བཅིངས་པ་ཉིད་དམ་པོ་ཡིན་གྱི། ལྕགས་ལ་སོགས་པ་ནི་མ་ཡིན་ཏེ། འདི་ཉིད་འཆིང་བ་དམ་ [93b.7]པོ་ཡིན་ནོ། །རབ་ཏུ་དགྲོལ་དཀའ་བ་དེ་ཇི་ལྟར་སུ་ཞིག་གིས་གཅད་པར་ནུས་ཤེ་ན། སྨྲས་པ། དེ་དག་གཏུབས་ནས་ཞེས་སྨོས་ཏེ། གཏུབས་པ་ནི་བཅད་པའོ། །མྱུར་དུ་ཞེས་བྱ་བ་ནི་རིང་པོ་མི་ཐོགས་པར་ཏེ། ལམ་མྱུར་དུ་བྱེད་པའི་ཕྱིར་ཏེ་སྦྱོར་བ་གཅིག་གིས་ཀྱང་ཁམས་གསུམ་པོ་ཐམས་ [94a] [94a.1]ཅད་ཀྱི་བག་ལ་ཉལ་སྤངས་པར་གྱུར་པའི་ཕྱིར་རོ། །དེ་དག་མྱུར་དུ་གཏུབས་ནས་ཅི་ཞིག་བྱེད་ཅེ་ན། སྨྲས་པ། འགྲོ་བར་བྱེད་ཅེས་བྱ་བ་ཡིན་ཏེ། འཁོར་བ་ཡོངས་སུ་སྤངས་ནས་མྱ་ངན་ལས་འདས་པར་འགྲོ་བའོ། །མྱ་ངན་ལས་འདས་པར་འགྲོ་བ་ནི་དགྲ་བཅོམ་པ་ [94a.2]ཉིད་དུའོ་ཞེས་བྱ་བའི་ཚིག་གིས་སོ། །ཇི་ལྟར་བྱས་ནས་ཤེ་ན། སྨྲས་པ། མི་ལྟ་བར་ཞེས་བྱ་བ་སྨོས་ཏེ། ལྟོས་ཤིང་སྲེད་པ་གང་ལ་ཡོད་པ་དེ་ནི་ལྟ་བ་སྟེ། དེ་དགག་པ་ནི་མི་ལྟ་བ་སྟེ། མ་ཆགས་པའོ། །གང་ལ་ཞེ་ན། སྨྲས་པ། འདོད་པའི་བདེ་ལ་ཞེས་བྱ་བ་ཡིན་ཏེ། འདོད་པའི་ལོངས་སྤྱོད་ལ་ [94a.3]ཞེས་བྱ་བའི་དོན་ཏོ། །ལུས་དང་སེམས་དབེན་པ་ཉིད་རྟོག་པར་སྨྲས་པ། བརྟན་རྣམས་ཞེས་བྱ་བ་སྟེ། བློ་དང་ལྡན་པས་སོ་སོར་བརྟགས་པ་དང་བསྒོམས་པའི་སྟོབས་ཀྱིས་སྐྱོ་བ་མེད་པ་སྟེ། དེ་ཡང་བརྩོན་འགྲུས་དང་ཤེས་རབ་ཀྱི་སྟོབས་ཀྱིས་མི་དགེ་བ་ལ་འཇུག་པའི་སྦྱོར་བ་རྩོམ་པ་དེ་ལ་ལྟོས་པ་ [94a.4]བཅད་པས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་རྟོགས་ཤིང་ཡོངས་སུ་འགྲོ་བར་འགྱུར་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པར་འགྱུར་རོ། །ཕྱི་རོལ་གྱི་འཆིང་བས་སྐྱོ་བར་བྱས་ཏེ། ནང་གི་ལུས་ལ་སྲེད་པས་བཅིངས་པ་ལ་ཡོངས་སུ་སྐྱོ་བ་ [94a.5]སྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །འདི་དག་ཡང་དག་པར་བརྟགས་ན་ནི་སྲེད་པ་ཉིད་འདོད་པ་ཡིན་ཏེ། ཡུལ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཀཽ་ཤཱམྦཱི་ན་དགེ་བསྙེན་རབ་ཏུ་མང་པོ་ལྟད་མོ་ལྟ་བའི་ཁང་ [94a.6]པ་ན་འདུས་ཤིང་འདུག་པ་ལས་བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པར་གྱུར་ཏེ། འདོད་པ་ཞེས་བྱ་བ་གང་ཡིན་ཞེའོ། །དེ་ན་ཁ་ཅིག་གིས་འདི་སྐད་དུ། ཡིད་དུ་འོང་བའི་ཆུང་མའོ་ཞེས་ཟེར་རོ། །གཞན་དག་ན་རེ་ཞེས་ངག་ཉན་པའི་བུ་ཡིན་ནོ་ཞེས་སོ། །གཞན་དག་ནི་མིག་གི་རྣམ་པར་ཤེས་ [94a.7]པའི་ཡུལ་གཟུགས་ཡིན་ནོ་ཞེའོ། །ཇི་ཙམ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུན་པའི་འདོད་ཆགས་ཉིད་འདོད་པ་ཡིན་གྱི། ཕྱི་རོལ་གྱི་བེམས་པོ་གཟུགས་སྡུག་པ་ལ་སོགས་པ་འདི་དག་ནི་ཅི་ཞིག་བྱེད་པར་འགྱུར་ཞེས་རྒྱ་ཆེར་ [94b] [94b.1]གསུངས་ཏེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །འདིའི་བསྡུས་པའི་དོན་ནི་གང་འདོད་པ་མ་ཡིན་པ་དང་། ཅི་ནས་ཀྱང་དེ་བསྟན་པའོ། །དེ་འདོད་མིན་ཞེས་བྱ་བ་ནི་ཡུལ་རྣམས་རང་བཞིན་གྱིས་འདོད་པ་ཡིན་ནོ་ཞེས་བྱ་བ་དགག་པ་ཡིན་ནོ། །གང་དང་དེ་གཉིས་ནི་རྟག་ཏུ་འབྲེལ་པ་ཡིན་ཏེ། དེ་ཡང་ [94b.2]གང་ཡིན་ཞེ་ན། གང་འདོད་པ་ཞེས་བྱ་བ་དེ་སྨྲས་པ། འཇིག་རྟེན་སྣ་ཚོགས་གང་ཞེས་བྱ་བ་སྨོས་ཏེ། གང་ནི་གང་ཞིག་གོ། །འཇིག་རྟེན་ནི་འགྲོ་བའོ། །སྣ་ཚོགས་པ་ནི་སེམས་སྐྱོ་བར་བྱེད་པ་སྟེ། ཡིད་ཚིམ་པར་བྱེད་པའི་ཕྱིར་རྣམ་པ་སྣ་ཚོགས་པའི་ཡིད་དུ་འོང་བ་འདོད་པའི་འདོད་ཆགས་དང་རྗེས་སུ་ [94b.3]མཐུན་པ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའོ། །དེ་ནི་འདིར་འདོད་པ་མ་ཡིན་ཏེ། སེང་གེའི་ཕུག་སེང་གེར་མི་འགྱུར་བ་དེ་བཞིན་ནོ། །དེ་ལྟར་ན་འདོད་པ་ཞེས་སྨོས་པ་དེ་གང་ཡིན་ཞེ་ན་སྨྲས་པ། ཀུན་རྟོག་འདོད་ཆགས་ཞེས་བྱ་བ་སྨོས་ཏེ། འདོད་པ་ལ་རྣམ་པར་རྟོག་པ་དང་མཚུངས་ [94b.4]པར་ལྡན་པའི་འདོད་ཆགས་སམ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེས་པའོ། །འདིར་འདས་པའམ་མ་འོངས་པའི་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་བརྟགས་པ་ནི་ཀུན་ཏུ་རྟོག་པའོ། །ད་ལྟར་བྱུང་བ་ལ་ལྷག་པར་ཞེན་པ་ནི་འདོད་ཆགས་སོ། །ཡང་ [94b.5]ན་མ་ཐོབ་པ་ཐོབ་པའི་ཕྱིར་བསྐྱེད་པ་ནི་ཀུན་དུ་རྟོག་པའོ། །ཐོབ་པ་ལ་ཞེན་པ་ནི་འདོད་ཆགས་ཏེ། ཀུན་དུ་རྟོག་པ་དང་ལྷན་ཅིག་པའི་འདོད་ཆགས་ནི་ཀུན་རྟོག་འདོད་ཆགས་སོ། །ཡང་ན་འདུན་པའི་འདོད་ཆགས་ནི་འདུན་པ་ཉིད་འདོད་ཆགས་ཡིན་པས་འདུན་པའི་འདོད་ཆགས་ཏེ། དོན་དུ་གཉེར་ [94b.6]བའི་འདོད་ཆགས་སོ། །འདུན་པ་ཡོད་ལ་འདོད་ཆགས་མེད་པ་ཡང་ཡོད་དེ། དཔེར་ན་འགྲོ་བར་འདོད་པ་ལ་སོགས་པའོ། །འདོད་ཆགས་ཡོད་ལ་འདུན་པ་མེད་པ་ཡང་ཡོད་དེ། དཔེར་ན་གོས་ལ་མངོན་པར་ཞེན་པ་ལྟ་བུ་སྟེ། དེ་བས་ན་འདིར་གཉི་ག་གཟུང་ངོ་། །སྐྱེས་བུ་ཞེས་བྱ་བ་ནི་ཀུན་ནས་ [94b.7]ཉོན་མོངས་པ་སྟེ། ཡང་དང་ཡང་དུ་ལས་དང་ཉོན་མོངས་པ་འཇོམས་པའི་ཕྱིར་རོ། །ཡང་ཅི་འདོད་པའི་རྒྱུ་ནི་ཀུན་རྟོག་ཉིད་ཡིན་གྱི། དངོས་པོ་སྣ་ཚོགས་ནི་མ་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། འདི་ལྟར་སྣ་ཚོགས་གནས་ཀྱང་ནི། །ཞེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་པ་རྣམ་པ་སྣ་ཚོགས་ [95a] [95a.1]གནས་པ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ནི་འདོད་པའི་གནས་སྐབས་ཀྱི་གཟུགས་གང་ཡིན་པ་གཟུགས་ལ་སོགས་པ་རྣམ་པ་སྣ་ཚོགས་པ་གནས་པ་བཞིན་དུ་འདོད་ཆགས་དང་བྲལ་བའི་གནས་སྐབས་ན་ཡང་དེ་བཞིན་དུ་གནས་པའོ། །འོན་ཀྱང་ཞེས་བྱ་བ་ནི་དེ་ལྟ་མོད་ [95a.2]ཀྱི་ཞེས་བྱ་བའི་དོན་ཏོ། །འདི་ལ་ཞེས་བྱ་བ་ནི་གཟུགས་རྣམ་པ་སྣ་ཚོགས་པའི་ཡུལ་ལའོ། །བརྟན་པ་རྣམས་ཞེས་བྱ་བ་ནི་བློ་དང་ལྡན་པ་རྣམས་ཏེ། སོ་སོར་བརྟགས་པ་དང་བསྒོམས་པའི་སྟོབས་དང་ལྡན་པའོ། །འདུལ་ཞེས་བྱ་བ་ནི་རྣམ་པར་སེལ་བར་བྱེད་པ་སྟེ། རྣམ་པར་འཇིག་པར་བྱེད་ཅེས་བྱ་བའི་ [95a.3]དོན་ཏོ། །འདུན་པ་ནི་འདོད་ཆགས་ཏེ། དོན་དུ་གཉེར་བའི་སྲེད་པའོ། །གལ་ཏེ་ཡུལ་རྣམས་འདོད་པ་ཡིན་པར་གྱུར་ན་ནི་དེས་ན་རྣམ་པ་ཐམས་ཅད་དུ་ཡང་དག་པར་གཅོད་པར་མི་ནུས་པ་ཉིད་ཡིན་གྱི་བརྟན་རྣམས་འདོད་པ་སྤང་བར་འདོད་པས་འདུན་པ་དེ་ཉིད་འདུལ་བར་བྱེད་དེ་གང་གི་ཕྱིར་གནས་པ་བཞིན་ [95a.4]དུ་ཡང་དེ་ལ་བློ་དང་ལྡན་པ་རྣམས་སྤོང་བར་འདོད་པས་དེས་ན་འདུན་པ་ཉིད་འདུལ་བར་བྱེད་དེ། དེ་བས་ན་འདུན་པའི་འདོད་ཆགས་ཉིད་འདོད་པའི་ཡིན་གྱི། ཡུལ་ནི་མ་ཡིན་ནོ། །གཞན་དུ་ན་སུ་ཡང་འདོད་ཆགས་དང་བྲལ་བར་མི་འགྱུར་ཏེ། ཡུལ་ནི་དེ་བཞིན་དུ་གནས་པའི་ཕྱིར་རོ། །གང་དག་ཡུལ་ [95a.5]སྤངས་པ་ཙམ་གྱིས་འདོད་པ་དག་ལས་ཐར་པར་འགྱུར་རོ་ཞེས་རྟོག་པ་དེ་ཙམ་སྤངས་པས་ཆོག་པར་འཛིན་པ་རྣམས་ཀུན་དུ་རྟོག་པའི་འདོད་ཆགས་སྤང་བ་ལ་གཟུང་བའི་ཕྱིར་འདི་གསུངས་སོ། །རྣམ་པ་གཞན་གྱིས་ཡུལ་དག་ལ་ཡང་འདོད་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། མི་རྣམས་ལ་ནི་ཞེས་ [95a.6]བྱ་བ་ལ་སོགས་པ་སྨོས་སོ། །ཀུན་དུ་རྒྱུ་ཞིང་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། འདོད་པའི་གཟུགས་ལ་སོགས་པ་ནི་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་དེ་དག་ཉིད་ལ། ལ་ལ་ལ་ནི་ཡིད་དུ་འོང་། ལ་ལ་ལ་ནི་ཡིད་དུ་མི་འོང་བ་སྟེ་སྐྱེས་བུ་སོ་སོས་དངོས་པོ་དེ་བཞིན་དང་གཞན་དུ་བསྒོམ་ [95a.7]པ་མི་རིགས་སོ། །ཇི་ཙམ་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་པར་དེས་ཐོས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་དོན་འདི་ཞུས་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །འདིའི་བསྡུས་པའི་དོན་ནི་ཚིག་རྐང་དང་པོས་ནི་ཉེས་དམིགས་ [95b] [95b.1]ཡོངས་སུ་བསྟན་ཏོ། །གཉིས་པས་ནི་རོ་མྱང་བ་ལ་སྐྱེ་བོ་གང་གིས་ཆགས་པའོ། །ལྷག་མས་ནི་ཉེས་དམིགས་མཐོང་བས་ངེས་པར་འབྱུང་བ་སྟེ། གང་གི་ཕྱིར་རོ་མྱང་བ་ལ་རྒྱབ་ཀྱིས་བལྟས་པ་ཡིན་པའི་ཕྱིར་ངེས་པར་འབྱུང་བ་ཡིན་ནོ། །ད་ནི་ཚིག་གི་དོན་བརྗོད་པར་བྱ་སྟེ། མེད་ཅེས་བྱ་བ་ནི་ཡོད་པ་མ་ཡིན་ [95b.2]པ་སྟེ་འདོད་པའོ། །ཇི་ལྟར་མེད་ཅེ་ན། སྨྲས་པ། རྟག་པ་ཞེས་བྱ་བ་སྨོས་ཏེ། རྣམ་པར་མི་འགྱུར་བའི་ཆོས་ཅན་ནོ། །མི་རྟག་པ་ནི་ཡོད་དོ། །འདིས་ནི་ཇི་ལྟར་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་མེད་པ་མ་ཡིན་པས་དེ་ལྟར་སྟོན་ཏོ། །གང་ལ་ཞེ་ན་སྨྲས་པ། མི་རྣམས་ལ་ཞེས་བྱ་བ་སྨོས་ཏེ། ཤེད་བུ་ [95b.3]དག་ལའོ། །འདི་ལ་རྣམ་པར་འགྱུར་བའི་ཆོས་ཅན་རྣམས་འདོད་པ་དག་འཇིག་པ་ཉེ་བར་མཐོང་བའི་ཕྱིར་ཡིད་ཆེས་པར་བྱ་བ་རྙེད་སླ་བ་ཡིན་པས་མི་ཞེས་བྱ་བ་ཙམ་སྨོས་ཀྱི། འདོད་པ་ཐམས་ཅད་ཀྱང་ཚུལ་དེ་ལྟ་བུ་ཉིད་དོ། །གལ་ཏེ་འདི་དག་རྟག་པར་མེད་ན་ནི་དེ་ལྟ་ན་དངོས་པོ་ཡོད་པ་ཟླ་བ་གཉིས་ལ་སོགས་ [95b.4]པ་བཞིན་དུ་མེད་པ་ཡིན་ནོ་ཞེ་ན་སྨྲས་པ། དེ་ཡོད་པའང་ཞེས་བྱ་བ་སྨོས་ཏེ། རེ་ཞིག་ཡོད་པའི་རྐྱེན་ལ་ཡོད་པ་ཡིན་ནོ། །ཡང་གི་སྒྲ་ནི་དངོས་པོ་ཡང་དག་པར་ཡོད་པ་སྟེ། འབྲས་བུ་དང་ལྡན་པའི་ས་བོན་བཞིན་ནོ། །འདུས་མ་བྱས་ཀྱང་ཡོད་དམ་ཞེ་ན། དེས་ན་ཁྱད་པར་བསྟན་པའི་ཕྱིར་སྨྲས་པ། མི་ [95b.5]རྟག་པས་ཞེས་བྱ་བ་སྨོས་ཏེ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པས་མི་རྟག་པའོ། །གང་ལ་ཡོད་ཅེ་ན། འདི་ལྟར་འདོད་ཅན་ཞེས་བྱ་བ་སྨོས་ཏེ། འདོད་པ་ལ་འདུན་པའི་འདོད་ཆགས་གང་ལ་ཡོད་པ་དེ་ནི་འདོད་ཅན་ཏེ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའོ། །གང་ལ་ཞེས་བྱ་བ་ནི་ཡུལ་གྱི་ [95b.6]འདོད་པ་དག་ལའོ། །ཆགས་པ་ནི་རང་དབང་དུ་མ་བྱས་པའོ། །གང་གི་ཕྱིར་བཙོན་རའི་ནང་ན་ཡོད་ན་སུ་ཞིག་བསྡམས་པར་མི་འགྱུར་བས་སོ། །དེ་ལྟར་རྟག་པ་ཉིད་དུ་ཡང་དག་པར་བརྟགས་ཏེ་ཡོད་པ་དེ་སྤངས་ཤིང་བོར་ནས་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱའོ་ཞེས་སྟོན་ཏོ། །དེ་གང་ཡིན་ཞེ་ན། [95b.7]བླང་བར་བྱ་བ་དང་། དོར་བར་བྱ་བ་དང་། ལྷག་པར་བཏང་སྙོམས་སུ་བྱ་བ་གསུམ་པོ་འདིའི་དངོས་པོ་ཡོད་ཅིང་གནས་པའི་ཕྱིར་རོ། །སྨྲས་པ། སྤང་བར་བྱ་བ་ནི་ངེས་པར་ཟག་པ་དང་བཅས་པའི་ཕྱིར་དེ་ལ་དམིགས་པའི་ཉོན་མོངས་པ་སྤང་གི་དེ་ཉིད་ནི་སྤང་བར་བྱ་བ་ནི་རྫོགས་པར་མི་འགྱུར་རོ། །གང་ [96a] [96a.1]མིག་ལ་འདུན་པའི་འདོད་ཆགས་དེ་སྤང་བར་འདོད་པས་འདུན་པའི་འདོད་ཆགས་སྤངས་པ་ཉིད་ཡིན་གྱི། །གང་ལྟ་བ་དེ་ཡང་ཉམས་པར་འགྱུར་རོ་ཞེས་མདོའི་དོན་མ་དམིགས་པའི་ཕྱིར་རོ། །རབ་སྤོངས་ལ་ཞེས་བྱ་བ་ནི་དེ་ལ་དམིགས་པའི་ཉོན་མོངས་པ་ཐོབ་ [96a.2]པ་བཅད་པས་དེ་སྤངས་པའོ། །རྣམ་པ་ཞེས་བྱ་བ་ནི་རྣམ་པའི་དོན་ནམ་རིམ་པ་གཞན་དུ་ཡང་བལྟ་བར་བྱ་སྟེ། མི་འགྱུར་ཞེས་བྱ་བ་འདིའི་དོན་ཏོ། །དེ་ཞེས་བྱ་བ་ནི་འདོད་པའོ། །ཇི་ལྟར་འདི་སྤང་བར་བྱ་བ་ཡིན་ཞེ་ན་སྨྲས་པ། ཡང་སྲིད་མེད་ཕྱིར་ཞེས་བྱ་བ་སྨོས་ཏེ། ཅི་ནས་ཀྱང་ཡང་སྐྱེ་བ་ [96a.3]མེད་པར་འགྱུར་བ་སྟེ། འཕགས་པའི་ལམ་གྱིས་སྤང་བར་བསྟན་པའོ། །དེའི་ཕྱིར་དགེ་སློང་དག་གང་འཕགས་པའི་ཤེས་རབ་ཀྱིས་སྤང་བར་བྱའོ་ཞེས་པའི་ཚིག་གིས་ཏེ། གང་འཕགས་པས་འདི་དག་སྤངས་པ་ནི་ཡང་སྲིད་པར་མི་འགྱུར་རོ། །སོ་སོའི་སྐྱེ་བོ་རྣམས་ཀྱིས་སྤངས་པ་འདི་ [96a.4]དག་ནི་ཡང་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་སྤང་བར་བྱ་བའི་འདོད་པའི་ཕྲ་རྒྱས་གང་ཡིན་ཞེ་ན་སྨྲས་པ། མི་འགྱུར་བར་ཞེས་བྱ་བ་སྨོས་ཏེ། མི་འོང་བར་ཞེས་བྱ་བ་ཉིད་དེ། འཕགས་པའི་གང་ཟག་དེ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །མི་འགྱུར་བར་ཞེས་བྱ་བ་དེ་གང་ཡིན་ཞེ་ན། སྨྲས་པ། [96a.5]འཆི་བའི་གནས་ཞེས་སྨོས་ཏེ། འཆི་བའི་གནས་ནི་གནས་པ་གང་ལ་ཡོད་པ་དེ་འཆི་བའི་གནས་ཏེ། འཆི་བའི་གནས་ནི་སྐྱེ་བའི་སྒོ་སྟེ། ཡང་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མ་སྐྱེས་ན་ནི་འཆི་བར་མི་འགྱུར་ཏེ། གང་ཞིག་སྐྱེས་ནས་མི་འཆི་བ་ནི་མེད་དེ་དེས་ན་སྐྱེ་བ་ལ་བརྟེན་པ་ནི་ [96a.6]འཆི་བའོ། །གཞན་དག་ན་རེ་འཆི་བ་ཉིད་འཆི་བའི་གནས་ཡིན་ཏེ། མིང་ཉིད་མིང་གི་གནས་ལྟ་བུའོ་ཞེས་སོ། །འོ་ན་ཡང་གཏན་དུ་འདོད་ཆགས་དང་བྲལ་བ་ཡང་ཕྱིར་མི་འོང་བར་མི་འགྱུར་ཏེ། འཆི་བའི་གནས་ཉིད་དུ་འོང་བ་ཡོད་དོ་ཞེ་ན། དེ་ནི་དེ་ལྟར་བདེན་པ་ཉིད་དེ་འོན་ཀྱང་ངེས་པར་ནི་འོང་ [96a.7]བ་མེད་དོ། །ཡང་ན་སྲིད་པ་ཐ་མ་པའི་དབང་དུ་བྱས་ཏེ། དེ་ལ་དགོངས་པ་ཡིན་པས་ཉེས་པ་མེད་དོ། །ཡང་ན་ཐམས་ཅད་བསྡུས་ཏེ་སྤང་བའི་དུས་སུ་དེ་དང་བྲལ་བའི་ཐོབ་པ་རྙེད་པའི་ཕྱིར་དེ་སྤང་བ་བསྟན་ཏེ། ཇི་སྐད་དུ་གསུངས་པ། དགྲ་བཅོམ་པའི་གནས་སྐབས་དེ་ལ་འདོད་པའི་ཟག་པ་དང་། [96b] [96b.1]སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་སོ། །ཁ་ཅིག་ཏུ་ནི་མི་འགྲོ་བར་ཞེས་བརྗོད་དོ། །མི་འོང་བ་དང་མི་སྐྱེ་བ་ཞེས་བྱ་བའི་དོན་ཞེས་གསུངས་པ་ཞེས་བྱ་བའི་དོན་ནི་བདག་ཉིད་ཀྱིས་དེ་སྐད་བཤད་པ་ཡིན་གྱི། །གཞན་དག་གིས་ནི་སྟོན་པར་ [96b.2]མི་ནུས་སོ་ཞེས་སྟོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། རྒྱུ་གསུམ་གྱིས་ནི་འདོད་པ་རྣམས་སྤང་བར་མི་རུང་བར་འགྱུར་ཏེ། གལ་ཏེ་ཡང་རྟག་པར་གྱུར་ན་ནི་གཏེར་ལྟ་བུའོ། །གལ་ཏེ་མི་རྟག་པར་གྱུར་ན་ནི་རི་བོང་གི་རྭ་ལྟ་བུར་འགྱུར་རོ། །གལ་ཏེ་གནོད་པར་མ་གྱུར་ན་ནི་འཕགས་པའི་ལམ་ལྟ་ [96b.3]བུར་འགྱུར་རོ། །འདི་ལྟར་འདོད་པ་ནི་རྟག་པ་མེད་དེ། མི་རྟག་པ་ནི་ཡོད་དོ། །ཡུལ་འདི་དག་ལ་ཡང་འདོད་པ་ཅན་ཆགས་པ་ཡིན་ཏེ། དེས་ན་གཏན་དུ་འདི་དག་ཡང་སྲིད་པ་མེད་པར་བྱ་བའི་ཕྱིར་སྤང་བར་བྱ་སྟེ། འདི་སྤངས་པས་ནི་འཆི་བའི་གནས་སུ་མི་འགྱུར་བའི་ཚུལ་གྱིས་ཕན་ཡོན་བསྟན་པ་ཡིན་ [96b.4]ནོ། །འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་ནས་ཤེས་ཤིང་གཟུང་བའི་ཕྱིར་འདི་གསུངས་སོ། །འདོད་པ་རྣམས་སྤང་བར་གྱུར་པ་ལ་ནི་དགྲ་བཅོམ་པ་ཉིད་མ་ཐོབ་ཀྱང་འདོད་པ་སྤངས་པའི་ཕན་ཡོན་བཤད་པ། འདུན་པ་སྐྱེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་ལས་ཕྱིར་མི་འོང་བ་ནི་རྣམ་པ་ལྔ་ [96b.5]ཞེས་གསུངས་སོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་མི་བྱེད་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་ཞེས་བྱ་ [96b.6]བ་བསྟན་པ་ལས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །འདིར་ཡང་མདོར་བསྡུ་ན་ཚུལ་ཁྲིམས་ལ་རབ་ཏུ་གནས་པའི་དགེ་སློང་གིས་ཁྱད་པར་རྟོག་པར་བྱ་བའི་ཕྱིར་གང་གིས་ཡང་དག་པར་སྦྱོར་བ་དང་། གང་ཡང་དག་པར་སྦྱོར་བ་དང་། གང་ཡང་དག་པར་སྦྱོར་བའི་འབྲས་བུ་དང་། གང་ཡང་ [96b.7]དེའི་འབྲས་བུའི་ཕན་ཡོན་དེ་དག་འདིར་བསྟན་པ་ཡིན་ནོ། །དེ་ལ་འདུན་པ་སྐྱེས་པ་ཞེས་པས་ནི་གང་གིས་ཡང་དག་པར་སྦྱོར་བའོ། །ཟད་པར་མི་བྱེད་པ་དང་། སེམས་ལ་སྐྱོན་མེད་པ་དང་དྲན་པས་ནི་གང་ཡང་དག་པར་སྦྱོར་བའོ། །གཅིག་གིས་ནི་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་དབང་པོའི་སྒོ་ [97a] [97a.1]ཡོངས་སུ་བསྡམས་པས་ཆོ་ག་དག་པའོ། །གཉིས་པ་ལ་གནས་པས་ནི་སྒྲིབ་པ་དག་ལས་སེམས་ཡོངས་སུ་སྦྱངས་པ་སྟེ། གནས་པ་དག་པའོ། །གསུམ་པས་ནི་ཡོངས་སུ་དག་པའི་སྤྱོད་པ་ལ་གནས་ཤིང་ཏིང་ངེ་འཛིན་ལ་བརྟེན་ནས་བག་ཆགས་སྤངས་པའི་ཕྱིར་དེའི་གཉེན་ [97a.2]པོ་དྲན་པ་ཉེ་བར་གཞག་པ་བསྒོམ་པས་སོ། །འདི་ཡང་མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་དག་པར་སྦྱོར་བ་རྣམ་པ་གཉིས་སོ། །མཉམ་པར་བཞག་པའི་གནས་སྐབས་ན་ནི་རྣམ་པ་གཅིག་ཏུ་བསྟན་ཏོ། །གང་ཡང་དག་པར་སྦྱོར་བའི་འབྲས་བུ་ནི་འདོད་པ་རྣམས་ལ་སོ་སོར་མ་ཆགས་པ་ཞེས་བྱ་ [97a.3]བས་བསྟན་ཏོ། །འབྲས་བུ་དེའི་ཕན་ཡོན་ནི་གང་དུ་འཕོ་བ་སྟེ་འདི་དག་གོ། །ཚིག་རེ་རེའི་དབྱེ་བ་ཡང་འདུན་པ་ཞེས་བྱ་བ་ནི་གང་ལ་འདུན་པ་འདི་སྐྱེས་པ་ཡོད་པ་དེ་ནི་འདུན་པ་སྐྱེས་པ་སྟེ། འདོད་པ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །གང་ལ་འདི་ལྟ་བུའི་ཚུལ་གྱིས་ཆོས་ནི་འདུན་པ་སྐྱེས་པ་ཡིན་ཏེ། ནམ་ [97a.4]ཞིག་ན་དེའི་ཚེ་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་བྱའོ་ཞེས་བྱ་བ་དང་། གང་འཕགས་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་བྱའོ་ཞེས་བྱ་བ་ནི་འདུན་པ་སྐྱེས་པའི་སྒྲའི་དོན་ཏོ། །འདིས་ནི་དང་པོའི་སྦྱོར་བས་གོང་དུ་འཕོ་བ་བསྟན་ཏོ། །ཟག་པར་མི་བྱེད་དང་ཞེས་བྱ་བ་ནི་ཉོན་མོངས་པའི་ [97a.5]ཡུལ་ལ་འཇུག་པ་ནི་ཟག་པའོ། །རྒྱུན་དུ་ཟག་ཅིང་འབྱུང་བའི་ཕྱིར་རྣག་འཛག་པ་ལྟ་བུ་སྟེ། དེ་གང་ལ་ཡོད་པ་དེ་ནི་ཟག་པ་སྟེ། དབང་པོའི་སྒོ་མ་བསྡམས་པའོ། །དེའི་ཕྱིར་མདོ་ལས་གསུངས་པ། ཇི་ལྟར་ཡང་དགེ་སློང་དག་རབ་ཏུ་ཟག་པར་འགྱུར་བ་ཡིན་ཞེ་ན། དབང་པོའི་སྒོ་མ་བསྡམས་ [97a.6]པར་གནས་པའོ་ཞེས་པས་སོ། །ཅིའི་ཕྱིར་དེ་ལ་ཟག་པ་ཞེས་བྱ་ཞེ་ན། སྨྲས་པ། དེ་ལ་སྐྱེ་མཆེད་དྲུག་དག་ལས་ཡུལ་རྣམས་སུ་ཟག་པར་བྱེད་པ་སྟེ། རྐྱལ་པའི་བུག་པ་དག་ལས་ཆུ་འཛག་པ་བཞིན་ནོ། །ཟག་པར་མི་བྱེད་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །སེམས་ལ་སྐྱོན་མེད་ཅེས་བྱ་བ་ [97a.7]ནི་ཡིད་ལ་སྐྱོན་དང་རྙོག་པ་མེད་པ་སྟེ། རྙོག་པའི་ཀུན་དུ་རྟོག་པས་ཀུན་དུ་མི་རྟོག་པའོ། །རྙོག་པའི་ཀུན་དུ་རྟོག་པ་དེ་ཡང་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་ཀུན་དུ་རྟོག་པ་ཞེས་གྲགས་པ་སྟེ། ངེས་པར་མི་འབྱུང་བ་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་ཀུན་དུ་རྟོག་པ་ [97b] [97b.1]དག་གི་སྐྱོན་མེད་པར་གྱུར་པའི་ཕྱིར་ཏེ། དེ་ལྟར་ན་མདོ་ལས་གསུངས་པ་ཡིན་ནོ། །ཇི་ལྟར་སྐྱོན་མེད་པར་ཀུན་དུ་རྟོག་པར་འགྱུར་ཞེ་ན། ངེས་པར་འབྱུང་བ་དང་། གནོད་སེམས་མེད་པ་དང་། རྣམ་པར་འཚེ་བའི་ཀུན་དུ་རྟོག་པར་མི་འགྱུར་བ་ཡིན་ནོ། །དེ་ལྟར་རིམ་པ་འདིས་སྣོད་དུ་གྱུར་པ་དང་། [97b.2]རྣལ་འབྱོར་ཅན་བདེན་པ་རྟོག་པར་བྱ་བའི་ཕྱིར་སྦྱོར་བ་རྩོམ་འདོད་པར་འགྱུར་ཏེ། དང་པོར་དྲན་པ་ཉེ་བར་གཞག་པ་བཞིའི་བསྒོམ་པ་འདི་ཉིད་ལ་བརྩོན་པར་འགྱུར་བ་བསྟན་པའི་ཕྱིར་སྨྲས་པ། དྲན་པ་དང་ཞེས་བྱ་བ་སྨོས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པ་ཡིན་ཏེ། དེ་ལྟར་ན་མདོ་ལས་ [97b.3]གསུངས་པ་ཡིན་ནོ། །ཡང་དགེ་སློང་ཇི་ལྟར་དྲན་པར་འགྱུར་ཞེ་ན། འདི་ལ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རྒྱ་ཆེར་ཆོས་ལའོ་ཞེས་པའོ། །ཇི་འདི་ཙམ་ཉིད་ལ་གོང་དུ་འཕོ་བ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་སྨྲས་པ། འོན་ཀྱང་འདོད་པ་རྣམས་ལ་སོ་སོར་མ་ཆགས་པ་གང་ཞེས་ [97b.4]བྱ་བ་སྨོས་ཏེ། གཟུགས་ལ་སོགས་པའི་ཡུལ་དག་ལ་ཆགས་པ་མེད་པ་སྟེ། གང་གི་འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་ཟག་པ་མེད་པའི་ལམ་གྱིས་རབ་ཏུ་སྤངས་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུངས་ཞེས་བྱ་བ་ལ། གོང་ནི་ཤས་ཆེར་སྟེང་དུའོ། །འཕོ་བ་ནི་ [97b.5]འགྲོ་བ་སྟེ། གང་གི་སྐྱེ་བ་རང་གི་གནས་དང་འོག་ཏུ་མ་ཡིན་པ་གང་དུ་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །ཕྱིར་མི་འོང་བ་རྣམ་པ་བཞི་མ་གཏོགས་པ་དེ་ལྟར་དེ་ཉིད་སྨོས་པ་ནི་ཉམས་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །འདི་ལྟར་འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་ཐམས་ཅད་དང་སོ་སོའི་སྐྱེ་བོ་མ་ཡིན་ [97b.6]པ་དག་ནི་ཉམས་པ་ཉིད་དེ། འདི་ནི་ཕྱིར་མི་འོང་བ་ཐམས་ཅད་ལ་ཡང་གང་འགྲོས་གཞན་པས་ཁྱད་པར་མ་ཐོབ་པ་དེ་ནི་ངེས་པར་གང་དུ་འགྲོ་བར་འགྱུར་དེ་ལ་ལམ་གྱི་ཚོགས་འདུན་པ་སྐྱེས་པ་ལ་སོགས་པ་དང་དྲན་པས་ནི་ལམ་བསྟན་ཏོ། །ལྷག་མས་ནི་ཕན་ཡོན་དང་བཅས་པའི་ལམ་གྱི་འབྲས་ [97b.7]བུ་ཡོངས་སུ་བསྟན་ཏོ། །གཞན་དག་ནི་གཞི་དང་བཅས་པའི་བསླབ་པ་གསུམ་རྣམ་པར་དག་པའི་ཐབས་འབྲས་བུ་དང་བཅས་པ་དང་། ཕན་ཡོན་དང་བཅས་པ་འདིར་བསྟན་ཏོ་ཞེས་ཟེར་ཏེ། དེ་ལ་འདུན་པ་སྐྱེས་པ་ཞེས་བྱ་བས་ནི་བཞིའོ། །ཟག་པར་མི་བྱེད་ཅེས་བྱ་བས་ནི་ལྷག་པའི་ཚུལ་ [98a] [98a.1]ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པའི་ཐབས་སོ། །སེམས་ལ་སྐྱོན་མེད་ཅེས་བྱ་བས་ནི་ལྷག་པའི་སེམས་ཀྱི་བསླབ་པ་རྣམ་པར་དག་པའི་ཐབས་ཏེ། འདིར་ཏིང་ངེ་འཛིན་ལ་རོ་མྱང་བ་མེད་པས་སྐྱོན་མེད་པའི་སེམས་སུ་རིག་པར་བྱའོ། །དྲན་པས་ནི་ལྷག་པའི་ཤེས་རབ་ཀྱི་ [98a.2]བསླབ་པ་རྣམ་པར་དག་པའི་ཐབས་སོ། །འོག་མ་དག་གིས་ནི་ཕན་ཡོན་དང་བཅས་པ་དང་དེའི་འབྲས་བུ་བསྟན་ཏོ། །དེ་ལ་འདི་ནི་འདོད་ཆགས་དང་མ་བྲལ་བའི་འཕགས་པ་རྣམས་འདོད་པའི་ཁམས་ལས་འདའ་བར་བྱ་བའི་ཕྱིར་དང་། དེ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་མི་སློབ་པའི་ལམ་ [98a.3]མངོན་སུམ་དུ་བྱ་བའི་ཕྱིར་འདི་གསུངས་སོ། །ཅི་དགེ་བའི་འདུན་པ་ལ་སོགས་པའི་ཡོན་ཏན་འཐོབ་པ་དང་། སྐྱོན་ཐམས་ཅད་སྤང་བ་ཅིག་ཅར་དུའམ། འོན་ཏེ་གཉི་ག་རིམ་གྱིས་འགྱུར་ཞེས་བྱ་བ་ལ་དེ་ཉིད་ངེས་པར་བསྟན་པའི་ཕྱིར་སྨྲས་པ། མགར་བ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། [98a.4]དགེ་སློང་ཞིག་དུ་མའི་སྒོ་ནས་ཉོན་མོངས་པ་ཉེ་བར་བསྟན་པ་ཐོས་ཏེ། བདག་གིས་ཉོན་མོངས་པ་སྤང་བར་བྱ་བ་ནི་ཇི་ལྟར་ནུས་ཏེ། འདི་དག་ནི་མཐའ་ཡས་པའི་ཕྱིར་ཅིག་ཅར་སྤང་བར་སུས་ཀྱང་མི་ནུས་སོ་ཞེས་རྣམ་པར་རྟོག་ཅིང་ཡིད་མི་བདེ་བ་ཆེན་པོ་སྐྱེས་པར་གྱུར་པ་ལས་ཇི་ཙམ་ན་བཅོམ་ [98a.5]ལྡན་འདས་དེ་གདུལ་བའི་ཕྱིར་གྲོང་ཁྱེར་དུ་རྒྱུ་ཞིང་གཤེགས་པ་ལས་དངུལ་མགར་དངུལ་ལ་རིམ་གྱིས་དྲི་མ་སེལ་བར་བྱེད་པ་དག་གཟིགས་པ་དང་། ཡང་དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང་མགར་བ་འདིས་རིམ་གྱིས་དངུལ་གྱི་དྲི་མ་མཐའ་དག་སེལ་བར་བྱེད་པ་ལྟོས་ཤིག ། [98a.6]བཙུན་པ་དེ་དེ་བཞིན་ནོ་ཞེས་གསོལ་ཏོ། །དེ་བཞིན་དུ་དགེ་སློང་ཁྱོད་ཀྱིས་ཅུང་ཟད་ཙམ་གྱིས་སེམས་ཀྱི་དྲི་མ་བསྩལ་བར་བྱས་ན་རིང་པོ་མི་ཐོགས་པར་དྲི་མ་མེད་པར་འགྱུར་རོ་ཞེས་བསྟན་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །གང་གི་ཚེ་དང་གང་གིས་དང་། ཇི་ལྟར་ཡང་ཉོན་མོངས་ [98a.7]པ་སྤང་བར་ནུས་པ་དེ་དང་མཐུན་པ་དང་། དཔེ་དེ་འདིར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལ་རིམ་པ་བཞིན་ཞེས་བྱ་བས་ནི་གང་གི་ཚེ་ཞེས་བྱ་བའི་དུས་བསྟན་ཏོ། །གང་གིས་ཞེས་བྱ་བ་ནི་བློ་གྲོས་དང་ལྡན་པས་སོ། །ཇི་ལྟར་ཞེས་བྱ་བ་ནི། སྐད་ཅིག་སྐད་ཅིག་ཅུང་ཟད་ [98b] [98b.1]ཙམ། །ཞེས་བྱ་བས་བསྟན་ཏོ། །མགར་བ་དང་དངུལ་གྱིས་ནི་དཔེ་བསྟན་ཏོ། །རིམ་པ་བཞིན་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པ་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པའི་རིམ་པས་སོ། །དེ་དང་རྗེས་སུ་མཐུན་པའི་ [98b.2]ཚོགས་མེད་པར་ནི་ཡོན་ཏན་འཐོབ་པ་མེད་དེ། ཇི་སྐད་གསུངས་པ་དེ་ལ་རེ་ཞིག་དགེ་སློང་དག་དགེ་སློང་ལ་གུས་པ་མེད་པར་གནས་པ་ནི་མ་བསྔགས་ཏེ། ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ཇི་སྲིད་ཡང་དག་པར་ཀུན་དུ་སྤྱོད་པས་ཆོས་ཡོངས་སུ་རྫོགས་པར་འགྱུར་བ་དང་། རྒྱ་ཆེར་རྣམ་པར་རོལ་པའི་ [98b.3]ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་བ་འདི་ནི་གནས་མེད་དེ། དེ་བས་ན་རིམ་པ་བཞིན་དུ་བསླབ་ན་རབ་ཏུ་ཤེས་པ་ཡིན་ཏེ། ཚུལ་ཁྲིམས་དང་རྟོགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །བློ་གྲོས་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་དང་བློ་གང་ལ་ཡོད་པ་དེ་ནི་བློ་གྲོས་དང་ལྡན་པ་སྟེ། [98b.4]བློ་དང་ལྡན་ཞིང་ཐབས་ཤེས་པ་བཞིན་བྱ་བའི་དོན་ཏོ། །ཅུང་ཟད་ཅུང་ཟད་ཅེས་བྱ་བ་ནི་ཉུང་དུ་ཉུང་དུ་སྟེ་དྲི་མ་ཞེས་བྱ་བ་འདི་དང་སྦྱར་རོ། །སྐད་ཅིག་སྐད་ཅིག་ཙམ་ཞེས་བྱ་བ་ནི་ཡང་ནས་ཡང་སྟེ། རྟག་ཏུ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་འདི་ཇི་ལྟ་བུ་ཞེ་ན། འདིར་དཔེ་སྨྲས་པ། མགར་བ་ཞེས་བྱ་བ་སྟེ། ལྕགས་ [98b.5]དང་གསེར་དང་དངུལ་ལ་སོགས་པ་ཐམས་ཅད་བྱེད་པ་དག་ལ་མགར་བ་ཞེས་བྱའོ། །འདིར་ནི་གླེང་གཞིའི་དབང་གིས་དངུལ་མགར་ལ་དགོངས་པ་ཡིན་ནོ། །དངུལ་བཞིན་དུ་ཞེས་བྱ་བ་ནི་དངུལ་ལྟ་བུ་སྟེ། དེའི་ཕྱིར་དེས་བསྲེགས་པ་དང་བརྡུངས་པ་ལ་སོགས་པའི་ཐབས་ཀྱིས་དངུལ་གྱི་དྲི་མ་ནག་པོ་སེལ་ [98b.6]བ་དེ་བཞིན་དུ་བློ་གྲོས་དང་ལྡན་པས་རང་གི་དྲི་མ་བསལ་བར་བྱ་ཞེས་བྱ་བ་ཡིན་ཏེ། ཟག་པ་མེད་པར་བྱ་བ་དང་། སྤང་བར་བྱ་བ་དང་། ཟད་པར་བྱ་བའོ། །དྲི་མ་ནི་འདོད་ཆགས་ལ་སོགས་པའི་བག་ཆགས་ལ་ལུས་འདིའི་དྲི་མ་ཞེས་བརྗོད་དོ། །རང་གི་ཞེས་བྱ་བ་ལ་རྐྱེན་གྱི་དངོས་པོ་ཡིན་པའི་ཕྱིར་འདིར་ [98b.7]ནི་རང་གི་སེམས་ཀྱི་དོན་ལ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བདག་ཏུ་དགོངས་སོ། །ཆོས་ཐམས་ཅད་བདག་མེད་པ་ཡིན་ན་ཡང་དེའི་དྲི་མ་ནི་ཉོན་མོངས་པ་ཉིད་དོ། །དེ་ལ་འདི་ནི་བརྩོན་འགྲུས་བརྩམས་པ་མྱུར་དུ་ཟག་པ་ཟད་པར་འདོད་པ་རྣམས་རྒྱུད་ཡོངས་སུ་མ་སྨིན་པ་དེ་དག་མ་ཐོབ་པས་ཡོངས་སུ་ [99a] [99a.1]སྐྱོ་བ་ལ་དེ་མི་སྐྱོ་བར་བྱ་བའི་ཕྱིར་འདི་གསུངས་སོ། །ཇི་སྲིད་དྲི་མ་སྤངས་པ་དེ་ཙམ་དུ་ཕན་ཡོན་དུ་འབྱུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ལྷམ་མཁན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲོང་གི་ཚེར་མ་ཞེས་བྱ་བ་ནི་འདོད་པ་འདིའི་ཚིག་བླ་དྭགས་ཡིན་ཏེ། གང་གི་ [99a.2]ཕྱིར་དགེ་སློང་དག་འདོད་པ་ནི་ཤིན་ཏུ་སྡུག་བསྔལ་བ་ཡིན་ཏེ། ཇི་སྲིད་འདི་ཡོངས་སུ་སྤངས་པ་དེ་སྲིད་ན་ཡིད་བདེ་བ་འཐོབ་པར་འགྱུར་ཞེས་སོ། །དེའི་ཚེ་ཡུལ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ལྷམ་མཁན་དང་ཧ་ཅང་མི་རིང་བ་ཞིག་ན་རྒྱལ་པོའི་ཤིང་རྟའི་བཟོ་བྱེད་དེ་དེ་དང་ཉེ་བར་འཚམ་པའི་ཀོ་བ་ [99a.3]དག་ཡོངས་སུ་སྦྱོར་བར་བྱེད་པ་ལས་རྒྱ་ཆེར་དེ་ཉིད་ཀྱི་དཔེའི་དབང་དུ་བྱས་ནས་འདི་གསུངས་སོ། །འདོད་པ་རྣམས་ནི་སྡུག་བསྔལ་བ་ཡིན་པའི་ཕྱིར་དེ་ཡོངས་སུ་སྤངས་ན་ནི་བདེ་བ་འཐོབ་བོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །ལྷམ་མཁན་ཞེས་བྱ་བ་ནི་གང་ལྷམ་མཁན་བྱེད་ཅིང་ལྷམ་གྱི་བཟོ་ལ་ [99a.4]མཁས་པ་ཞེས་བྱ་བའི་དོན་ཏོ། །ལྟར་ཞེས་བྱ་བ་ནི་དཔེ་ཉེ་བར་འཇལ་བ་སྟོན་ཏོ། །ཀོ་བ་དག་ཅེས་བྱ་བ་ནི་བ་ལང་དང་མ་ཧེ་ལ་སོགས་པའོ། །ཡོངས་སུ་སྦྱངས་ནས་ཞེས་བྱ་བ་ལ་སྦྱངས་པ་ནི་བཅད་པ་སྟེ་མཚོན་གྱིས་བསྐྱེད་ཅིང་སྦྱངས་པའོ། །ཡོངས་སུ་ཞེས་བྱ་བ་ནི་ཐམས་ཅད་ནས་ཏེ། ཀུན་ནས་སྦྱངས་ [99a.5]ནས་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཡོངས་སུ་སྦྱངས་པ་ཡིན་ཞེ་ན། སྨྲས་པ། ལྷམ་ཞེས་བྱ་བ་སྨོས་ཏེ། ཤིང་རྟའི་འཁོར་ལོ་ལ་བཅིང་བ་སྟེ་ཀོ་བ་གང་གིས་ཤིང་རྟའི་འཁོར་ལོ་བཅིང་ཞིང་ཉེ་བར་སྤེལ་བ་དེ་ནི་ལྷམ་ཞེས་བྱ་བའི་སྒྲར་བརྗོད་དེ། ནཱ་ཧ་བན་ད་ན་ཞེས་བྱ་བའི་སྐད་ཀྱི་བྱིངས་ཀྱིས་བསྟན་པའི་ [99a.6]ཕྱིར་རོ། །ཡང་ན་ལྷམ་མཁན་ནི་ཀོ་ལྤགས་མཁན་ཏེ། འདིས་རྐང་པ་ལ་ཉེ་བར་འགེབས་པ་ཡིན་པས་ལྷམ་སྟེ། རྐང་པ་སྐྱོབ་པ་ཞེས་བྱ་བའི་དོན་ཏོ། །གང་དང་གང་སྤངས་པ་ཞེས་བྱ་བ་དང་ཀོ་བ་ཞེས་བྱ་བར་སྦྱར་རོ། །དེ་ནི་འདི་སྐད་བསྟན་པ་ཡིན་ཏེ། ཇི་ལྟར་ལྷམ་མཁན་གྱིས་ལྷམ་དེའི་མཐའ་འདི་ [99a.7]ལ་ཡང་གང་དགོས་པ་ཡོངས་སུ་སྦྱངས་ནས་གང་དང་གང་མི་དགོས་པའི་ཀོ་བ་དག་ནི་ཡོངས་སུ་དོར་བར་བྱས་པས་དེ་དང་དེས་མངོན་པར་འདོད་པའི་དོན་འགྲུབ་པར་བྱེད་དོ། །དེ་བཞིན་དུ་འདོད་པ་སྤོང་བར་བྱེད་པས་ཀྱང་གང་དང་གང་ཅུང་ཟད་སྐྱེས་པའི་རྣམ་པ་སྤང་བར་བྱས་པ་དེ་དང་དེས་ནི་བདེ་བ་དང་ [99b] [99b.1]ལྡན་པར་འགྱུར་ཏེ། བདེ་བའི་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་ཡོངས་སུ་སྤང་བས་ནི་དེའི་གཞིས་སྡུག་བསྔལ་མི་འབྱུང་བའི་ཕྱིར་དང་ངེས་པར་འབྱུང་བའི་བདེ་བ་འབྱུང་བའི་ཕྱིར་བདེ་བ་དང་ལྡན་པ་ཡིན་པས་རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་ཏེ། འདི་ལྟར་བདེ་བ་ནི་ནད་སེལ་བའི་སྨན་བསྟེན་པ་བདེ་བ་ཡིན་ནོ་ཞེས་བྱ་ [99b.2]བ་དེ་བཞིན་ནོ། །འདི་ལྟར་འདོད་པ་ཡང་རྣམ་པ་གཉིས་ཏེ། དངོས་པོ་དང་ཉོན་མོངས་པའི་བདག་ཉིད་དོ། །དེ་ལ་དངོས་པོའི་འདོད་པ་ནི་གཟུགས་ལ་སོགས་པ་ཡུལ་རྣམ་པ་ལྔ་དང་། ཁྱིམ་རྣམས་ཡོངས་སུ་གཟུང་བ་ཕ་དང་མ་དང་བུ་སྨད་ལ་སོགས་པའོ། །རབ་ཏུ་བྱུང་བ་རྣམས་ཀྱི་ནི་རྙེད་པ་དང་བཀུར་ [99b.3]སྟིའོ། །ཉོན་མོངས་པའི་བདག་ཉིད་ནི་འདོད་པ་དེ་ཡང་དངོས་པོ་དེ་དག་ཉིད་ལ་འདོད་པ་སྟེ། གང་འདུན་པའི་འདོད་ཆགས་སོ། །དེ་གཉི་གའི་སྦྱོར་བ་འདི་དག་གི་རྣམ་པ་ཡོངས་སུ་སྤངས་པ་དེ་ནི་བདེ་བ་དང་ལྡན་པའོ། །ཇི་སྐད་དུ་གསུངས་པ། ཡོངས་སུ་བཟུང་བ་སྤང་བྱས་ན། །གནོད་པ་དེ་དག་མི་ [99b.4]འབྱུང་སྟེ། །དེ་བཞིན་སེམས་ཀྱི་དྲི་མ་དག །སྤང་བྱས་གནོད་པ་དེ་མི་འབྱུང་། །ཞེས་སོ། །དེ་ལ་འདི་ནི་འདོད་པ་ལ་མངོན་པར་དགའ་བ་རྣམས་འདོད་པ་སྤངས་པ་ལ་གཟུད་པའི་ཕྱིར་གསུངས་སོ། །འདོད་པ་རྣམས་ནི་ཅུང་ཟད་ཙམ་སྤངས་པ་ལས་བདེ་བ་ཅུང་ཟད་ཙམ་ཉིད་ཡིན་ལ་མཐའ་དག་སྤངས་ [99b.5]ན་ནི་བདེ་བ་ཕུན་སུམ་ཚོགས་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། གསོལ་པ། ཀྱེ་གཽ་ཏ་མ་ཅི་ཞིག་སྤངས་ན་བདེ་བ་ཐམས་ཅད་ཐོབ་པར་འགྱུར་ཞེས་པ་དང་། དེའི་དབང་དུ་ [99b.6]མཛད་དེ་ཚིགས་སུ་བཅད་པ་འདི་གསུངས་སོ། །འདོད་པ་ཐམས་ཅད་སྤངས་པ་ཕན་ཡོན་དང་བཅས་པ་བསྟན་ཏོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །ཀུན་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་མ་ལུས་པ་གཟུང་ངོ་། །གལ་ཏེ་ཞེས་བྱ་བ་ནི་ཇི་སྟེའོ། །བདེ་བ་ནི་འདོད་པ་ [99b.7]རྗེས་སུ་མྱོང་བ་ལ་སོགས་པའོ། །འདོད་པ་ཞེས་བྱ་བ་ནི་རྗེས་སུ་འབྲེལ་བ་དང་མངོན་པར་འདོད་པའོ། །འདོད་པ་ཐམས་ཅད་ཅེས་བྱ་བ་ནི་དངོས་པོའི་འདོད་ཆགས་དང་ཉོན་མོངས་པའི་འདོད་ཆགས་སོ། །ཡོངས་སུ་སྤོང་ཞེས་བྱ་བ་ནི་རབ་ཏུ་དོར་བའོ། །འདོད་པ་གང་དང་གང་སྤངས་པ། །ཞེས་བྱ་བ་ [100a] [100a.1]ནི་བདེ་བའི་འདུ་ཤེས་ཀྱི་འདོད་པ་རྣམས་ཕྱོགས་གཅིག་མ་སྤངས་ན་ནི་ཟང་ཟིང་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་མི་འགྱུར་ཏེ། དེས་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་བདེ་བ་ཡོངས་སུ་རྫོགས་འདོད་ན། །འདོད་པ་ཐམས་ཅད་ཡོངས་སུ་སྤང་བར་ [100a.2]བྱ། །ཞེས་བྱ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྨྲས་པ། འདོད་པ་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འདོད་པ་ཐམས་ཅད་ཡོངས་སུ་གཏོང་བའི་ངང་ཚུལ་གང་ཡིན་པ་དེ་ནི་འདོད་པ་ཐམས་ཅད་ཡོངས་སུ་སྤངས་པའོ། །ཇི་ལྟར་ཡང་འདོད་པ་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་ཞེ་ན། སྨྲས་པ། མཐོང་ [100a.3]བ་དང་བསྒོམ་པའི་ལམ་གཉིས་ཀྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རིས་གཉིས་སྤོང་བས་སོ། །མཆོག་ཏུ་ཞེས་བྱ་བ་ནི་གཏན་དུའོ། །ཡང་ན་ཟག་པ་མེད་པའི་ལམ་གྱིས་སྤངས་པས་བདེ་བ་ཁྱད་པར་ཅན་དུ་གྱུར་པ་སྟེ། ཁྱད་པར་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཐོབ་པ་ཞེས་བྱ་བ་ནི་བདེ་བ་རྗེས་ [100a.4]སུ་མྱོང་བ་དང་། བདེ་བ་ལ་གནས་པ་དང་ཐོབ་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་ཡོངས་སུ་སྤངས་པས་མཆོག་ཏུ་བདེ་བ་ཐོབ་པ་ཡིན་ཞེ་ན། གང་གི་ཕྱིར་དེ་ནི་ཕྱིར་མི་འོང་བར་གྱུར་ནས་འདོད་པའི་ཁམས་སུ་ཡང་མི་འོང་བ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགྲོ་བ་ཡིན་ [100a.5]ཏེ། དེས་ན་གནོད་པ་དང་བཅས་པའི་ཁམས་ལས་ཡང་དག་པར་འདས་པའི་ཕྱིར་མངོན་པར་འདོད་པའི་བདེ་བ་འཐོབ་པ་ཡིན་ནོ། །འདོད་པ་ཕྱོགས་གཅིག་སྤངས་པས་ཆོག་པར་འཛིན་པ་དག་འདོད་པ་ཐམས་ཅད་སྤངས་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །ཅིའི་ཕྱིར་འདོད་པ་སྤངས་པས་མཆོག་ཏུ་ [100a.6]བདེ་བ་ཐོབ་པར་བརྗོད་ཅེ་ན། གང་གི་ཕྱིར་ངོམས་མི་ཤེས་པའི་ཕྱིར་འདོད་པ་ནི་སྡུག་བསྔལ་བ་ཡིན་ཏེ། དེས་ན་འདོད་པ་དེ་དག་སྤངས་པ་འདི་ནི་བདེ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཇི་སྲིད་འདོད་པའི་རྗེས་འབྲང་བ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདེ་བ་འདོད་པ་ཞེས་བྱ་བའི་གཅེར་བུ་ [100a.7]པ་དེ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲས་ཏེ། འདི་ལྟ་སྟེ་དཀའ་ཐུབ་དྲག་པོས་ཐར་པ་ཐོབ་པ་དེ་ཉིད་ངོམས་པ་ཡིན་ནོ་ཞེའོ། །མཆོད་སྦྱིན་གྱི་བདག་པོ་ཞེས་བྱ་བའི་བྲམ་ཟེ་དེ་ཡང་འདི་ལྟར་ལྟ་ཞིང་འདི་སྐད་སྨྲས་ཏེ། འདི་ལྟ་སྟེ། ཇི་ལྟར་འདོད་པ་བཞིན་དུ་འདོད་པ་ལས་ལོངས་སྤྱོད་པ་ཉིད་ཀྱིས་ངོམས་པ་ཡིན་ [100b] [100b.1]གྱི། ཐབས་གཞན་གྱིས་ནི་མ་ཡིན་ཏེ། དཔེར་ན་ཆུ་ཉེ་བར་ལོངས་སྤྱོད་པས་སྐོམ་པ་དང་བྲལ་བ་ནི་དེའི་དངོས་པོ་ཉིད་ཀྱིས་ཐར་པའོ། །དེ་བས་ན་དེ་གཉིས་ཀྱི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །དེ་ལ་རེ་ཞིག་དང་པོའི་བཤད་པ་སྨྲས་པ། ཇི་སྲིད་ཅེས་བྱ་བ་ནི་དུས་ཇི་སྲིད་ [100b.2]ཀྱི་བར་དུའོ། །འདོད་པའི་རྗེས་འབྲང་བ་ཞེས་བྱ་བ་ནི་གཟུགས་སྡུག་པ་ལ་སོགས་པ་ཡུལ་གྱི་རྗེས་སུ་འབྲང་ཞིང་རབ་ཏུ་སྟོན་པ་དང་སྤྱོད་པའོ། །དེ་སྲིད་བར་དུ་ངོམས་མི་འགྱུར། །ཞེས་བྱ་བ་ནི་དུས་དེ་སྲིད་ཀྱི་བར་དུ་སྲེད་པ་དང་བྲལ་བའི་མཐའ་གཉིས་སོ། །ཡང་ཐབས་གང་གིས་ངོམས་པ་རྙེད་པར་འགྱུར་ཞེ་ན། [100b.3]སྨྲས་པ། དེ་ལས་ཞེས་བྱ་བ་སྨོས་ཏེ། འདོད་པ་དག་ལས་སོ། །ལྡོག་བྱེད་ཅེས་བྱ་བ་ནི་སྤངས་པའོ། །དེའི་ཕྱིར་ཇི་སྲིད་ཇི་སྲིད་དུ་འདོད་པ་སྤོང་བར་གྱུར་པ་དེ་དང་དེ་སྲིད་དུ་དོན་གཉེར་བ་དང་བྲལ་བ་ཡིན་ཏེ། ཇི་སྐད་དུ་གསུངས་པ། གཅིག་ཏུ་སྤང་བྱ་སྤང་བྱ་སྟེ། །ཡང་དག་སྤྱན་ན་འཛེག་པར་འགྱུར། །རང་གི་ [100b.4]ལུས་ལ་འདོད་པ་ཡི། །སྐས་ནི་བྱ་བར་མི་རིགས་སོ། །ཞེས་སོ། །ལུས་དང་སེམས་ཀྱི་སྐྱོ་བར་ཡང་དག་པར་བསྟན་པས་ཏིང་ངེ་འཛིན་འཐོབ་པར་འདིས་སྟོན་པ་ཡིན་ནོ། །གང་གི་ཕྱིར་སྲེད་པ་བསལ་བའི་ཐབས་ནི་དབེན་པའོ། །ཅི་ཞིག་བྱས་ནས་ཉོན་མོངས་པ་དང་འདོད་པ་རྩ་བ་ནས་འབྱིན་པར་འགྱུར་ཞེ་ན། [100b.5]སྨྲས་པ། ཤེས་རབ་ཀྱིས་ནི་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་ཡེ་ཤེས་ཀྱིས་འདོད་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཡིན་ཏེ། ཇི་སྐད་དུ་གསུངས་པ་ལས། གཅིག་ཀྱང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་པས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ་ཞེས་ང་མི་སྨྲའོ་ཞེས་སོ། ། [100b.6]གང་དག་ཅེས་བྱ་བ་ནི་གང་ལ་ལ་སྟེ་སྔར་བསྟན་པའི་རིམ་པས་དམིགས་ཏེ། རྒྱལ་རིགས་དང་བྲམ་ཟེ་ལ་སོགས་པའི་རིགས་ལ་ལྟོས་པ་མེད་དེ། དེ་བཞིན་གཤེགས་པ་ནི་རུས་དང་རིགས་དང་རྒྱུད་ལ་ཡོངས་སུ་མི་གཟིགས་ཏེ། དགེ་བ་དང་མི་དགེ་བའི་ལས་ལ་ཡང་དག་པར་གཟིགས་སོ། །གང་ [100b.7]གི་ཕྱིར་དག་པ་ནི་ཤེས་རབ་ལ་རག་ལས་པ་ཡིན་གྱི། རིགས་ལ་རག་ལས་པ་ནི་མ་ཡིན་ནོ། །ཚིམ་པ་ཞེས་བྱ་བ་ནི་སྲེད་པ་དང་བྲལ་བ་སྟེ། དོན་དུ་གཉེར་བ་སྤངས་པའོ། །དེ་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཐབས་རྗེས་སུ་འབྲང་བ་སྟེ། གང་དག་གི་སྒྲས་བསྟན་ཏོ། །འཐོབ་ཅེས་བྱ་བ་ནི་རྙེད་ [101a] [101a.1]པའོ། །གང་ཤིན་ཏུ་དཀའ་བས་དཀའ་ཐུབ་ལ་གནས་པ་དང་འདོད་པ་ལ་བརྟེན་པ་ནི་བཟློག་པ་ཡིན་ནོ་ཞེས་སྟོན་ཏེ། ཡུན་རིང་པོར་ཡང་འདོད་པ་ལ་བརྟེན་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འདོད་པ་དག་ལ་བདེ་བླག་ཏུ་རྗེས་སུ་སྦྱོར་བའི་ཕྱིར་ཏེ། དེ་ཡང་བདག་ཉིད་ [101a.2]ཉོན་མོངས་པ་ལ་སྦྱོར་བ་ཡིན་པའི་ཕྱིར་དང་། དེ་ཡང་ངོམས་པར་མི་བྱེད་པ་དང་། རབ་ཏུ་བསྒྲུབས་པའོ། །ཡང་དག་པའི་ལྟ་བས་ཡང་དག་པར་གཟུང་བས་ནི་ངོམས་པར་བྱེད་པ་ཉིད་དུ་སྟོན་ཏོ། །དེ་ལ་འདི་ནི་འདོད་པ་བསྟེན་པ་དང་དཀའ་ཐུབ་བྱས་པ་ལས་ནི་ངོམས་པར་མི་འགྱུར་གྱི། དེ་ཁོ་ན་ཉིད་ཕྱིན་ཅི་ [101a.3]མ་ལོག་པར་ཤེས་པ་དང་ཐབས་ཤེས་པས་ནི་ངོམས་པར་འགྱུར་བས་དེ་ཉིད་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །དུས་ཇི་སྲིད་འདོད་པ་ཉེ་བར་ལོངས་སྤྱད་པས་ཀྱང་ངོམས་པ་ཉིད་དོ་ཞེས་རྟོག་པ་ལ་སྨྲས་པ། འདོད་པས་ངོམས་པར་མི་འགྱུར་བས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱིད་པ་ཞེས་བྱ་བ་ [101a.4]ནི་སྐྱིད་པར་བྱེད་པ་སྟེ་འདོད་པ་ལ་ལོངས་སྤྱོད་པའི་ངོམས་པ་བས་ཁྱད་པར་དུ་ངོམས་པ་ཞེས་བྱ་བའི་དོན་ཏོ། །ངོམས་པ་ཞེས་བྱ་བ་ནི་འདིར་སྦྱར་ཏེ། གང་ཞིག་གིས་ངོམས་ཤེ་ན། སྨྲས་པ། ཤེས་རབ་ཀྱིས་ཞེས་བྱ་བ་སྨོས་ཏེ། གང་དེ་བཞིན་ཉིད་ཤེས་པའི་རྒྱུ་དེས་བསྐྱེད་པའི་ངོམས་པ་དེའོ། །ཅིའི་ཕྱིར་ཞེ་ [101a.5]ན། སྨྲས་པ། མི་འགྱུར་བས་ཞེས་བྱ་བ་སྨོས་ཏེ། འདོད་པ་ཉེ་བར་ལོངས་སྤྱོད་པས་སུ་ཞིག་གཏན་དུ་ངོམས་པར་འགྱུར་ཏེ་མི་འགྱུར་བས་སོ། །འདོད་པ་དག་ལས་ལྡོག་པར་འདོད་པས་ཀྱང་འདོད་པ་དག་ལ་བརྟེན་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། འདོད་པས་ངོམས་པར་མི་འགྱུར་བས། ། [101a.6]ཞེས་སྨོས་ཏེ། །འདི་ལྟར་ནམ་ཡང་འདོད་པ་ལ་ལོངས་སྤྱོད་པས་ནི་ཆགས་པ་དང་བྲལ་བར་མི་འགྱུར་ཏེ། རྒས་པའི་གནས་སྐབས་ན་ཡང་དྲེགས་པ་དང་འདོད་པ་ལས་ལྡོག་པར་མི་འགྱུར་ཏེ། ཇི་སྐད་དུ་བཤད་པ། རྒ་བས་ལུས་ནི་རྒས་གྱུར་ཅིང་། །མགོ་ནི་སྐྱ་བོར་གྱུར་པ་དང་། །དབང་པོ་རྣམས་ནི་ [101a.7]རྙིས་གྱུར་ཀྱང་། །འདོད་ཆགས་ཞེ་སྡང་རྒ་མི་འགྱུར། །ཞེས་པའོ། །གང་གི་ཕྱིར་རྒས་པ་ན་འདོད་པ་དག་ལ་ལྷག་པར་བསྟེན་དུ་ནི་ལུས་མཐའ་དག་སྐམས་པར་གྱུར་ཏེ། སྲེད་པས་སེམས་ལ་ཁྱབ་པར་གྱུར་ཀྱང་དེ་ལ་ལོངས་སྤྱོད་པར་མི་ནུས་པ་ཡིན་ཏེ། དེས་ན་མི་བསྟེན་པ་ཡིན་གྱི་ངོམས་པ་ནི་མ་ [101b] [101b.1]ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱིས་ཀྱང་དེ་བཞིན་དུ་ངོམས་པར་མི་འགྱུར་རམ་ཞེ་ན། དེ་ནི་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། སྨྲས་པ། ཤེས་རབ་ཀྱིས་ནི་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་ཤེས་རབ་ཀྱིས་སྐྱེས་བུ་གང་ངོམས་ན་ནི་སྲིད་པ་དང་བྲལ་བ་ཡིན་ཏེ། དེ་ནི་ཡང་འདོད་ཅིང་སྲེད་པའི་དབང་དུ་མི་ [101b.2]འགྲོའོ། །དེ་ཉིད་སྨྲས་པ། སྲིད་པའི་དབང་དུ་མི་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ། དབང་དུ་མི་བྱེད་པ་ནི་བདག་དང་རྗེས་སུ་མཐུན་པ་སྲེད་པའི་གཞན་གྱི་དབང་དུ་མི་འགྲོ་བ་སྟེ། དེའི་བདག་ཉིད་ལ་རག་མ་ལུས་པ་ཞེས་སོ། །ངོམས་པར་འདོད་པས་ནི་ཡེ་ཤེས་ཉིད་ལ་གོམས་པར་བྱའི་འདོད་པ་བསྐྱེད་པར་ [101b.3]ནི་མི་བྱའོ་ཞེས་ངེས་པ་བསྐྱེད་པར་བྱ་བའི་ཕྱིར་འདི་གསུངས་སོ། །འདོད་པའི་དབང་དུ་འགྲོ་བ་ནི་སྐྱོན་འདི་ཡོད་དེ། གང་དུ་ངན་པར་སྤྱོད་པའི་རྒྱུར་གྱུར་པ་དང་། འདོད་པས་ནི་དེ་བཞིན་ཉིད་ཤེས་པ་ལ་བར་དུ་གཅོད་པར་བྱེད་པ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར་སྨྲས་པ། འདོད་ལ་ཆགས་པའི་ཞེས་བྱ་བ་ལ་ [101b.4]སོགས་པ་ཚིགས་བཅད་གཉིས་སོ། །ཡུལ་ཡངས་པ་ཅན་ན་ཁྱིམ་བདག་དྲག་ཤུལ་ཅན་ཞེས་བྱ་བ་བྲན་ཕོ་དང་བྲན་མོ་དང་ལས་བྱེད་པ་དག་ལ་ཆད་པས་བསྡིགས་པ་དང་འཇིགས་པས་བསྡིགས་པ་དག་བྱས་ནས་ཉིན་པར་བུད་མེད་ཀྱི་ཚོགས་དང་རོལ་མོས་རྩེ་ཞིང་དགའ་བར་སྤྱོད་ལ་སྐྱེད་མོས་ཚལ་ [101b.5]ནས་སྐྱེད་མོས་ཚལ་དུ་འགྲོ་བ་དེ་གཟིགས་ནས། བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །འདོད་པ་ལ་སྲེད་པ་ནི་ངན་པར་སྤྱོད་པའི་རྒྱུར་གྱུར་པ་དང་། ཀུན་ཏུ་རྨོངས་པར་བསྟན་པ་དང་། དེ་ལ་ཆགས་པས་བྱ་བ་མ་ཡིན་པ་ལ་འབད་ཅིང་འཇུག་པར་འགྱུར་བས་ངེས་པར་མི་རྟག་པར་འགྱུར་བ་ [101b.6]དེས་མ་མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདོད་ལ་ཞེས་བྱ་བ་ནི་དངོས་པོའི་འདོད་པ་ལའོ། །མི་གང་ཡིན་ཞེས་བྱ་བ་ནི་སེམས་ཅན་གང་དག་གོ། །ཆགས་པ་ཞེས་བྱ་བ་ནི་ལྷག་པར་ཞེན་པ་སྟེ། སོ་སོའི་སྐྱེ་བོ་འདོད་པ་ན་སྤྱོད་པ་དག་གོ། །ཆོས་མིན་ཞེས་བྱ་བ་ནི་ལུས་དང་ངག་ [101b.7]དང་ཡིད་ཀྱིས་ཉེས་པར་སྤྱོད་པ་སྟེ། ཇི་སྐད་དུ་གསུངས་པ། ཆོས་མ་ཡིན་པ་གང་ཞེ་ན། འདི་ལ་གཅིག་སྟེ། སྲོག་གཅོད་པར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་རྒྱ་ཆེར་གསུངས་སོ། །ཀྱེ་མ་ཞེས་བྱ་བ་ནི་འདོད་པ་ལ་ལྷག་པར་ཞེན་པ་རྣམས་ལ་བཅོམ་ལྡན་འདས་མི་གཙང་བའི་ཚོགས་ [102a] [102a.1]ཀྱི་ནང་ན་སྲིན་བུ་གནས་པ་བཞིན་དུ་ཐུགས་བརྩེ་བ་ཡིན་ཏེ། མི་གང་དག་འདོད་པ་ལ་ཆགས་པ་དེ་དག་དང་འདོད་པ་རྣམས་ཀྱི་དོན་ཕུན་སུམ་ཚོགས་པས་དྲེགས་པས་ངན་པར་སྤྱོད་པ་བྱེད་ཅིང་དགའ་བར་འགྱུར་བ་ལའོ། །དེ་དག་ཅེས་བྱ་བ་ནི་གང་སྔར་བསྟན་པའི་འདོད་པ་ལ་ [102a.2]ཆགས་པ་དེ་དག་གོ། །ཆོས་མ་ཡིན་པ་ངན་པར་སྤྱོད་པ་རྣམ་པ་བཅུ་པོ་དེ་དག་ལ་དགའ་བ་ཞེས་བྱ་བ་ནི་དགའ་བ་དང་ལྡན་པའོ། །ཇི་སྐད་དུ་གསུངས་པ། འདོད་པ་ནི་གསོད་པར་བྱེད་པ་ཡིན་ཏེ། འདོད་པའི་གཞི་དང་འདོད་པའི་རྒྱུས་རྒྱལ་རིགས་དང་རྒྱལ་རིགས་སུ་འཐབ་པར་འགྱུར་རོ། །དེ་དག་འདོད་པ་ལ་ཆགས་པ་ [102a.3]དང་ཆོས་མ་ཡིན་པ་ལ་དགའ་བ་དེས་ཀྱང་འདོད་པས་བློ་རྣམ་པར་གཡེན་སྤྱོ་བ་དེ་དག་གིས་འཆི་བ་ལ་ཉེ་བར་གནས་པར་གྱུར་བ་དང་། བར་ཆད་མཐོང་བར་མ་གྱུར་པ་ཡིན་ཏེ། གགས་མ་རྟོགས་ཤིང་བར་དུ་གཅོད་པ་མི་བཟད་པ་མ་རྟོགས་པ་ཞེས་བྱ་བའི་དོན་ཏོ། །འདོད་པ་དང་ལྡན་པ་རྣམས་ལ་གང་ཡོད་ན་གློ་བུར་ [102a.4]དུ་འཆི་བའི་མཚན་ཉིད་ཀྱི་བགེགས་ཡོད་པར་འགྱུར་ཞེ་ན། སྨྲས་པ། ཅུང་ཟད་གསོན་པོར་འདུག་པ་ན། །ཞེས་བྱ་བ་སྨོས་ཏེ། དུས་ཤིན་ཏུ་ཐུང་བར་གནས་པའི་ཚེ་ཡོད་པར་གྱུར་པ་ལ་སྟེ་གང་དེ་ལྟར་ཡུན་རིང་དུ་འཚོ་བ་དེ་ཡང་ལོ་བརྒྱའོ་ཞེས་ལུང་ལས་གསུངས་པས་སོ། །རྒྱུ་མཚན་གྱི་འདུན་པའམ་ཅུང་ཟད་ [102a.5]གསོན་པའི་ཆེད་དུ་བར་ཆད་མཐོང་བར་མ་གྱུར་པ་ཡིན་ཏེ། ཇི་སྐད་དུ་བཤད་པ། ལྐོག་མར་སྲོག་ཕྱིན་པར་གྱུར་ན་ནི་ཐམས་ཅད་ཀྱང་གཞན་གྱི་ལག་ཏུ་འགྲོ་བ་ཉིད་དེ་ཇི་སྲིད་འཚོ་བ་དེ་སྲིད་ཀྱི་བར་དུ་ནི་འདོད་པ་ཡོད་དོ། །དེ་དང་བྲལ་ན་ནི་འདོད་པ་དང་ཡང་བྲལ་བར་འགྱུར་རོ་ཞེས་སོ། །དེ་ལ་འདི་ནི་འདོད་ [102a.6]པ་ལ་ཞེན་པ་དག་དེ་ལས་འདུན་པ་བཟློག་པའི་ཕྱིར་གསུངས་སོ། །ཇི་ལྟར་ཡང་འདོད་པ་ལ་ཆགས་པ་དང་། ཆོས་མ་ཡིན་པ་ལ་དགའ་བས་བདག་དང་གཞན་གཉི་ག་ཉེ་བར་འཇོམས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བློ་ངན་ལོངས་སྤྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བློ་ངན་ནི་བྱིས་ [102a.7]པ་སྟེ། ལོངས་སྤྱོད་ཀྱིས་བྱས་པའི་སྲེད་པའི་ཀུན་ནས་ཉོན་མོངས་པ་དང་སྲེད་པས་བྱས་པའི་ངན་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ཏོ། །བཅོམ་པ་ནི་ཉེ་བར་གདུང་བར་བྱེད་པ་སྟེ། དགེ་བའི་ཆོས་རིང་དུ་བྱེད་ཅིང་རྒྱུད་རྒུད་པར་བྱེད་པའོ། །གང་ཡིན་ཞེ་ན། སྨྲས་པ། [102b] [102b.1]བློ་ངན་ཞེས་བྱ་བ་སྨོས་ཏེ། བློ་ངན་པ་གང་ལ་ཡོད་པ་དེ་ནི་བློ་ངན་ཏེ་ཤེས་རབ་དང་རྟོག་པ་ངན་པ་སྟེ། རྨོངས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གིས་ཤེ་ན། སྨྲས་པ། ལོངས་སྤྱོད་ཀྱི་ཞེས་བྱ་བ་སྨོས་ཏེ། འདོད་པས་ཉེ་བར་སྤྱོད་པའི་ཕྱིར་ལོངས་སྤྱོད་དེ། འདོད་པའི་ཡུལ་རྣམས་སོ། །དེ་དག་ཀྱང་རྨོངས་པའི་ [102b.2]སྐྱེ་བོ་ཉིད་བཅོམ་པར་འགྱུར་ཞིང་ཇི་སྲིད་སྐྱོ་བ་ཆུང་བའི་འཕགས་པའི་གང་ཟག་རྣམས་ཀྱང་གཡེན་སྤྱོ་བར་འགྱུར་རོ་ཞེས་བསྟན་ཏོ། །མི་བྱེད་ཅིང་ཞེས་བྱ་བ་ནི་ནམ་ཡང་ཕ་རོལ་ཚོལ་བར་མི་བྱེད་པ་ཡིན་ཏེ། འདོད་པ་དག་ལས་ཕ་རོལ་ཏུ་ངེས་པར་འབྱུང་བ་སྟེ། དེ་ཚོལ་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་དེ་སྟེ། [102b.3]དེ་ལྟ་བུར་མྱ་ངན་ལས་འདས་པ་ཚོལ་བ་མེད་པ་སྟེ་སོ་སོའི་སྐྱེ་བོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ཏུ་ནི་བདག་ཉིད་ཚོལ་བ་ཞེས་བརྗོད་དེ། བདག་ཉིད་ལ་ཕན་པ་ཚོལ་བ་ཡིན་པའི་ཕྱིར་མཁས་པ་ཞེས་བྱ་བའི་དོན་ཏོ། །འདོད་པས་རྨོངས་པ་ཞེས་བྱ་བ་ལ། རྨོངས་པའི་སྐྱེ་བོ་ནི་ཉེ་བར་གདུང་བ་ཡིན་ཏེ་ [102b.4]ཉེ་བར་ཆགས་པར་འགྱུར་རོ། །དེས་ན་ངན་པར་སྤྱོད་པ་བསགས་པས་བདག་དང་གཞན་ལ་ཉེ་བར་གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདག་དང་གཞན་ཡང་ཕུང་བར་བྱེད། །ཅེས་བྱ་བ་སྨོས་ཏེ། དེ་ཡང་ལོངས་སྤྱོད་ལ་ཆགས་པ་དང་ལོངས་སྤྱོད་ལ་སྲེད་པས་བདག་ཕུང་བར་བྱེད་དེ་དེ་ངན་ [102b.5]སོང་ཉེ་བར་སློང་བའི་ངན་པར་སྤྱོད་པས་སོ། །གཞན་ཡང་ཞེས་བྱ་བ་ནི་སེམས་ཅན་གཞན་ཡང་ཕུང་བར་བྱེད་པ་ཡིན་ཏེ། རྣམ་པ་མང་པོའི་གནོད་པ་བྱེད་པས་སོ། །དང་གི་སྒྲ་ནི་ཕུང་བར་བྱེད་པ་ཉིད་དུ་ངེས་པར་གཟུང་བའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། བསམ་བརླག་ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ [102b.6]ལོངས་སྤྱོད་མ་ཐོབ་ཀྱང་དེ་ནི་སྲེད་པ་སྐྱེད་པར་བྱེད་དེ། དེ་ཡང་དེ་ལ་སྲེད་པའི་བག་ཆགས་སྒོམ་པར་བྱེད་དོ། །དེ་ལྟར་ན་དེས་ལོངས་སྤྱོད་ཀྱིས་ཕུང་བར་འགྱུར་ཏེ། རང་དབང་མེད་པར་འགྱུར་རོ། །དེ་དེ་ལྟར་ལོངས་སྤྱོད་ལ་སྲེད་པ་དེས་ཕུང་བས་བདག་ཉིད་ཀྱང་ཕུང་བར་བྱེད་དེ་ངན་པར་སྤྱོད་པ་ཀུན་དུ་སྤྱོད་པའི་ [102b.7]ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གང་གིས་དེ་ལྟར་ཕུང་བར་བྱེད་པ་ཡིན་ཞེ་ན། སྨྲས་པ། འདོད་ལ་སྲེད་པ་ཡིས་ཞེས་བྱ་བ་སྨོས་ཏེ། ལོངས་སྤྱོད་ལ་སྲེད་པས་སོ། །ལོངས་སྤྱོད་དོན་དུ་གཉེར་བ་དང་ལོངས་སྤྱོད་ལ་ཆགས་པ་རྣམས་འདུན་པ་དེ་ལས་བཟློག་པའི་ཕྱིར་འདི་གསུངས་སོ། །བཅོམ་པ་ [103a] [103a.1]ཞེས་བསྟན་པ་ལ་ཇི་ལྟར་འདི་དག་བཅོམ་པ་ཡིན་ཞེ་ན། སྨྲས་པ། ཆོག་མི་ཤེས་པའི་ཕྱིར་དང་། མནོག་ཆུང་བའི་ཕྱིར་དང་། ཉེས་པ་མང་བས་སོ། །འདི་ཉིད་སྨྲས་པ། ཀཱར་ཥཱ་པ་ཎའི་ཆར་བབ་ཀྱང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་སྨོས་སོ། །རྒྱལ་པོ་ [103a.2]ང་ལས་ནུས་བརྒྱ་བྱིན་བརྒྱ་རྩ་བཅུ་བཞིའི་ཚེ་ཚད་དང་མཉམ་པ་སྙེད་དུ་ལྷ་དང་མིའི་བདེ་བ་ཉམས་སུ་མྱོང་ནས། དེའི་ཐ་མར་རྒྱ་ཆེར་སྨྲས་པ། བདག་གིས་ནི་ཤིན་ཏུ་ཡུན་རིང་པོར་ཉེ་བར་ལོངས་སྤྱོད་ཅིང་ལྷག་པར་རོལ་པར་བྱས་ཀྱང་འདོད་པ་རྣམས་ཀྱིས་མ་ངོམས་ཏེ། དེ་བས་ན། ཀཱར་ཥཱ་པ་ཎའི་ཆར་ [103a.3]བབ་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གཞན་དག་ན་རེ་མཉན་ཡོད་ན་བ་ཀ་ཞེས་བྱ་བ་རབ་ཏུ་བྱུང་བ་ལ་ནི་མངོན་པར་མི་དགའ་ལ་འདོད་པ་དག་ལ་ནི་དགའ་བས་དེ་དང་དགེ་སློང་དག་ལས་བརྩམས་ཏེ་དང་པོའི་ཚིགས་སུ་བཅད་པ་གཉིས་གསུངས་ཞེས་སོ། །དེ་དག་ཀྱང་གཅིག་ལ་གཅིག་འབྲེལ་ [103a.4]པ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ཏོ། །ཇི་ལྟར་ཡང་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་ནི་ཆོག་མི་ཤེས་པ་དང་། མནོག་ཆུང་བ་དང་། ཉེས་དམིགས་མང་བའོ། །གལ་ཏེ་འདིར་ངོམས་པར་འགྱུར་ན་ནི་མནོག་ཆུང་བ་དང་ཉེས་པ་མང་དུ་ཟིན་ཀྱང་ངོམས་པར་འགྱུར་བའི་ཕྱིར་དོན་དུ་གཉེར་ [103a.5]བར་འགྱུར་རོ། །ཡང་ན་མནོག་ཆེ་བར་གྱུར་ཅིང་ཉེས་པ་མེད་ན་ངོམས་པར་མི་བྱེད་དུ་ཟིན་ཀྱང་བདེ་བའི་ཕྱིར་དོན་དུ་གཉེར་བར་བྱའོ། །ཡང་ན་མནོག་ཆུང་བ་ཡོད་ཅིང་སྡུག་བསྔལ་ཆུང་བ་ཡིན་ཡང་དེ་ལྟ་ན་ཡང་བདེ་བའི་ཕྱིར་དོན་དུ་གཉེར་བར་བྱ་བ་ཉིད་ན། གང་གི་ཕྱིར་འདོད་པ་རྣམས་ནི་ངོམས་པར་མི་ [103a.6]བྱེད་པ་དང་མནོག་ཆུང་བ་དང་ཉེས་པ་མང་བ་ཡིན་ཏེ། དེ་བས་ན་དེ་ལྟར་ཡོངས་སུ་ཤེས་པར་བྱའོ། །གང་རྫོགས་པའི་སངས་རྒྱས་དང་། ཉན་ཐོས་ཀྱིས་ནི་དེ་ཡུལ་དུ་མི་བྱེད་པས་གང་འདོད་པ་ལ་མ་ཆགས་པའི་ཕན་ཡོན་རྣམས། དེའི་འབྲས་བུ་ནི་མྱ་ངན་ལས་འདས་པ་ལ་མངོན་པར་དགྱེས་པ་སྟེ་ [103a.7]དེ་འདིར་བསྟན་པ་ཡིན་ནོ། །ཀཱར་ཥཱ་པ་ཎའི་ཆར་བབ་ཀྱང་། །ཞེས་བྱ་བ་ལ། ཀཱར་ཥཱ་པ་ཎའི་གཟུགས་བཅོམ་པའི་ཚོང་གི་ཐ་སྙད་ལ་དགོངས་པ་སྟེ། གསེར་ལ་སོགས་པ་ལས་བྱས་པའི་པ་ཎའི་བྱེ་བྲག་གོ། །གཞན་དག་ན་རེ་ཟངས་མའི་པ་ཎའི་ཚད་ཀཱར་ཥཱ་ཡིན་ནོ་ཞེས་ཟེར་རོ། །དེ་དག་འབབ་པ་ [103b] [103b.1]ནི་ཆར་ཏེ་རྒྱུན་མི་ཆད་པར་འབབ་པའོ། །དེས་ཀྱང་སྲེད་པ་དང་ལྡན་པ་དག་འདོད་པས་ངོམས་པ་མེད་དོ། །ཇི་སྐད་དུ་བཤད་པ། གང་ལས་རྙེད་པ་དེ་ལ་ཆགས། །རྙེད་ལས་ཆགས་པ་སྐྱེ་བར་འགྱུར། །ཞེས་པ་དང་། སྲེད་པའི་དོང་འདི་གཏིང་མེད་དེ། །དགང་དཀའ་ཅི་ཡིས་ཁེངས་པར་འགྱུར། །གང་ [103b.2]ཞིག་ཆེན་པོ་བླུགས་གྱུར་ཀྱང་། །ཁེངས་མེད་གཏིང་དུ་རྒོ་བར་འགྱུར། །ཞེས་སོ། །གཞན་དག་ན་རེ་རིན་པོ་ཆེ་སྣ་བདུན་གྱི་ཆར་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་ཡང་རྒྱལ་པོ་ང་ལས་ནུའི་ཕོ་བྲང་གི་ནང་དུ་ཞག་བདུན་གྱི་བར་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར་བབ་སྟེ། རིན་པོ་ཆེ་མང་པོ་འདིར་ཐོབ་པར་གྱུར་པའི་ [103b.3]ཕྱིར་ཀཱར་ཥཱ་པ་ཎ་ནི་དེ་མཚོན་པར་བྱ་བའི་ཕྱིར་སྨྲས་པ་ཡིན་ནོ། །ངོམས་པ་ནི་ཤིན་ཏུ་སྐོམ་པ་དང་བྲལ་བའོ། །གང་གིས་མི་ངོམས་ཤེ་ན། སྨྲས་པ། འདོད་པ་རྣམས་ཀྱིས་ཏེ་གཟུགས་ལ་སོགས་པས་སོ། །ནོར་ཕུན་སུམ་ཚོགས་པ་ལས་ནི་འདོད་པའི་སྲེད་པ་འཕེལ་བར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །མི་ [103b.4]འགྱུར་ཞེས་བྱ་བ་ནི་མེད་པ་སྟེ། ཤེས་རབ་ཉིད་ཀྱིས་འདིར་ངོམས་ཀྱི། །འདོད་པའི་ཡོ་བྱད་ཡོངས་སུ་གཟུང་བས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཇི་ལྟར་ན་ཤེས་རབ་ཀྱིས་ངོམས་ཤེ་ན། དེ་བཞིན་ཉིད་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ལྟར་ངོམས་པར་མི་བྱེད་པའི་སྐྱོན་བསྟན་ནས་གཞན་བསྟན་པའི་ཕྱིར་སྨྲས་ [103b.5]པ། འདོད་པ་མནོག་ཆུང་ཞེས་བྱ་བ་སྨོས་ཏེ། དུག་དང་འདྲེས་པའི་ཁ་ཟས་ལྟ་བུར་བདེ་བ་ཆུང་བ་དང་། རྨི་ལམ་དང་འདྲ་བའི་ཕྱིར་རོ། །ཉེས་པ་མང་བ་ཞེས་བྱ་བ་ནི་སྡུག་བསྔལ་མང་པོ་གང་ལ་ཡོད་པ་དེ་ནི་ཉེས་པ་མང་བ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་ཏེ། གནོད་པ་མང་པོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་ [103b.6]བཤད་པ། གང་ཞིག་རི་རབ་ཡུངས་འབྲུའི་ཁྱད་པར་དང་། །རྒྱ་མཚོའི་ཆེ་དང་ཐིགས་པའི་ཁྱད་པར་དང་། །བློ་ངན་བཟང་པོ་གཉིས་ཀྱི་བྱེ་བྲག་ཀྱང་། །མཁས་པས་བདེ་དང་སྡུག་བསྔལ་དེ་ལྟར་འདོད། །ཅེས་སོ། །ཁོང་དུ་ཆུད་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ངེས་པར་བྱས་ཤིང་ཚུལ་ཤིན་ཏུ་རྟོགས་པའོ། ། [103b.7]མཁས་པ་ནི་བློ་རྣམ་པར་གསལ་བའི་ཕྱིར་མི་དགེ་བ་ལ་སོགས་པ་ལ་ཡང་དག་པར་ཡོངས་སུ་བརྟགས་པས་ལམ་གྱི་ཚོགས་ལ་འཇུག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གསུམ་གྱིས་འདོད་པ་ཡོངས་སུ་ཤེས་པར་བྱས་ནས་ཅི་ཞིག་ཅེ་ན། སྨྲས་པ། ལྷའི་འདོད་པ་རྣམས་ལས་སོ། །ཞེས་བྱ་བ་ [104a] [104a.1]སྨོས་ཏེ། ལྷ་ཉིད་ཡིན་པས་ལྷའོ། །དེའི་འདོད་པ་ནི་ལྷག་པར་ཡིད་དུ་འོང་བ་སྟེ། དེ་དག་ལ་མ་འོངས་པའི་ཉེས་དམིགས་མཐོང་བའི་ཕྱིར་མཁས་པས་དེ་ནམ་ཡང་མངོན་པར་མི་འཐོབ་ན། མིའི་འདོད་པ་རྣམས་ལ་ཡང་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་ཡང་གི་སྒྲའོ། །དེ་ [104a.2]དེ་ལྟར་འདོད་པ་རྣམས་ལ་ནི་མངོན་པར་དགའ་བ་མེད་ན། གང་ལ་མངོན་པར་དགའ་བར་འགྱུར་བ་ཡོད་ཅེ་ན། སྨྲས་པ། སྲེད་པ་ཟད་པས་དགྱེས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ་མྱ་ངན་ལས་འདས་པས་མངོན་པར་དགྱེས་པ་ཞེས་བྱ་བའི་དོན་ཏོ། །ཅི་ཐམས་ཅད་ཀྱང་ངེས་པར་འདོད་པ་དག་ལ་མི་དགའ་ [104a.3]ཞིང་སྲེད་པ་ཟད་པས་དགའ་བར་འགྱུར་རམ་ཞེ་ན། དེ་ནི་མ་ཡིན་ཏེ། སྨྲས་པ། རྫོགས་སངས་རྒྱས་དང་ཉན་ཐོས་རྣམས། །ཞེས་བྱ་བ་སྨོས་ཏེ། དེ་ཉིད་གཅིག་པུ་ཇི་ལྟར་དགྱེས་པར་འགྱུར་གྱི། གཞན་ནི་མ་ཡིན་ཏེ། འདི་ལྟར་ཕྱི་རོལ་གྱི་དངོས་པོ་དག་ལ་འདོད་ཆགས་དང་བྲལ་བར་གྱུར་ནས་ [104a.4]བསམ་གཏན་ལ་དགའ་བར་གྱུར་པའམ། ཡང་ན་གཟུགས་མེད་པ་ལ་དགའ་བའོ། །ཕྱིན་ཅི་མ་ལོག་པའི་ཚོགས་དེས་དེ་བཞིན་ཉིད་ཀྱི་དངོས་པོའི་དོན་མཐའ་དག་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་སངས་རྒྱས་སོ། །དེའི་ཉན་ཐོས་ནི། དེའི་བཀའི་རྗེས་སུ་འབྲང་བ་སྟེ། དེ་ཉིད་ལ་ཡང་དག་པར་ [104a.5]རྗེས་སུ་ཞུགས་པའི་ཕྱིར་རོ། །དེ་ལ་འདི་ནི་འདོད་པ་རྣམས་ཀྱི་རོ་མྱོང་བར་བྱེད་པའི་ཉེས་དམིགས་བསྟན་པས་དེ་ལས་བཟློག་པའི་ཕྱིར་འདི་གསུངས་སོ། །ཀཱར་ཥཱ་པ་ཎའི་ཆར་བབ་པ་ཉི་ཚེས་མ་ངོམས་པ་མ་ཡིན་ཏེ། གསེར་གྱི་རི་བོ་ཐོབ་པར་གྱུར་ཀྱང་འདོད་པ་དག་གིས་ངོམས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ [104a.6]སྨྲས་པ། གངས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཤི་ལ་བ་ཏི་ཞེས་བྱ་བའི་ཤཱཀྱ་རྣམས་ཀྱི་གྲོང་རྡལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། རྒྱལ་སྲིད་ནི་ངེས་པར་གསད་པ་དང་གསོད་པར་བྱེད་དུ་འཇུག་པས་ཐོབ་པར་བྱ་བའོ་ཞེས་གསུངས་པ་དང་། ཇི་ [104a.7]ཙམ་ན་བདུད་འོངས་ཏེ་ཞུས་པ། བཙུན་པ་རྒྱལ་སྲིད་ནི་ཐོབ་པར་བྱ་བ་རྫུ་འཕྲུལ་གྱིས་ཏེ། དེ་ལྟར་འདོད་པའི་རྒྱལ་སྲིད་དོ། །སྡིག་ཅན་ཅིའི་ཕྱིར་དེ་སྐད་ཅེས་སྨྲ་ཞེས་བཀའ་སྩལ་པ་དང་། བཙུན་པ་བདག་གིས་ནི་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ཤིང་བཟུང་སྟེ་གང་ལ་ལ་ཞིག་གིས་རྫུ་འཕྲུལ་ [104b] [104b.1]གྱི་རྐང་པ་བཞི་ཀུན་དུ་བསྟེན་པ་དང་། བསྒོམས་པ་དང་། མང་དུ་བྱས་པ་དང་། འདོད་པར་བྱས་པ་དེས་ནི་རི་གངས་ཅན་དང་མཉམ་པའི་གསེར་གྱི་རི་བོ་ལས་ཀྱང་གྲོལ་ཏེ་དེ་ཡང་དེ་བཞིན་དུ་འགྱུར་གྱི་གཞན་དུ་མ་ཡིན་ནོ། །བཙུན་པ་བཅོམ་ལྡན་འདས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་ནོ་ཞེས་རྒྱ་ཆེར་ [104b.2]སྨྲས་ཏེ། དེ་བས་ན་བདག་དེ་ལྟར་སྨྲའོ་ཞེས་པ་དང་། ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །དེ་ལ་འདིར་དང་པོའི་ཚིགས་བཅད་ཀྱིས་ནི་ཡང་དག་པར་བསྟན་པ་དང་། ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་ཡིན་ཏེ། དེ་ལ་འདི་ཇི་ལྟར་ཡང་དག་པར་བསྟན་ [104b.3]པ་ཡིན་ཞེ་ན། འདོད་ཅིང་སྲེད་པའི་ཉེས་པ་སྟེ་མང་ཞིང་མཆོག་ཏུ་གྱུར་པ་ཐུན་མོང་མ་ཡིན་པའི་ནོར་རྙེད་པར་གྱུར་ཀྱང་ངོམས་པ་མེད་པའི་ཕྱིར་རོ། །གང་ལ་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ཞེ་ན། འདོད་ཅིང་སྲེད་པའི་གཞིས་ངན་པར་སྤྱོད་པ་ལས་བཟློག་པ་དང་། ལེགས་པར་སྤྱོད་པ་ལ་གཟུད་པ་ནི་བསྡུས་ [104b.4]པའི་དོན་ཏོ། །རི་བོ་ཡོད་གྱུར་ཀྱང་ཞེས་བྱ་བ་ནི་ཚོགས་ཡོད་པར་གྱུར་ཀྱང་ཡང་ངོ་། །གང་གི་ཞེ་ན། སྨྲས་པ། གསེར་གྱི་རི་ཞེས་བྱ་བ་སྨོས་ཏེ། འཛམ་བུ་ཆུ་བོའི་གསེར་གྱི་ཞེས་བྱ་བའི་དོན་ཏོ། །ཚད་ཇི་ལྟ་བུ་ཞེ་ན། སྨྲས་པ། མཉམ་པ་ནི་འདྲ་བའོ། །གང་དང་ཞེ་ན། གངས་ཅན་ཏེ་ལྷག་པར་ཁ་བ་མང་ [104b.5]པོ་གང་ལ་ཡོད་པ་དེ་ནི་ཁ་བ་ཅན་ཏེ། དེས་ན་རི་ཆེན་པོ་དེ་དང་ངོ་། །འདིས་ནི་ནོར་མང་པོ་རྙེད་པས་རྙེད་པ་བསྟན་ཏེ། གསེར་གྱི་ཞེས་བྱ་བ་ནི་ནོར་ཡོད་ཅིང་རྙེད་པར་གྱུར་པའོ། །དེ་ལྟ་མོད་ཀྱི་རི་གངས་ཅན་དང་མཉམ་པའི་གསེར་གྱི་ཕུང་པོ་ཡོད་པར་གྱུར་ཀྱང་ཚིམ་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཆོག་ཅིང་ [104b.6]ངོམས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སུ་ཞེ་ན། སྨྲས་པ། གཅིག་ཀྱང་ཞེས་བྱ་བ་སྨོས་ཏེ། གཅིག་ཀྱང་སྲེད་པ་ཟད་པར་མི་འགྱུར་ན་མང་པོ་ལྟ་ཅི་སྨོས། འདིས་ནི་ཐུན་མོང་མ་ཡིན་པའི་དུས་བསྟན་ཏོ། །ནོར་དེས་ཞེས་བྱ་བ་ནི་དེའི་ནོར་རོ། །ཡང་ན་འདིས་ཤེས་པ་ཡིན་པས་ནོར་དེ་བདེའོ་ཞེས་ [104b.7]རིག་ཅིང་ཐོབ་པ་དང་རྗེས་སུ་མྱོང་བ་ནི་ནོར་ཞེས་བྱ་བའི་དོན་ཏོ། །གྱིས་ལ་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་ངོམས་པར་མི་འགྱུར་བ་དེ་བས་ན་འདོད་པ་ཡོངས་སུ་སྤོངས་ལ་དགེ་བ་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །གང་ཡིན་ཞེ་ན། སྨྲས་པ། རྟོགས་པ་ཞེས་བྱ་བ་སྨོས་ཏེ། [105a] [105a.1]ཡོན་ཏན་དང་སྐྱོན་བརྟག་པ་ལ་མཁས་པའོ། །དེ་ལྟར་རྟོགས་པར་བྱས་ནས་ཅི་ཞིག་བྱ་ཞེ་ན། སྨྲས་པ། ལེགས་པར་སྤྱོད་ཅེས་བྱ་བ་སྨོས་ཏེ། ལེགས་པར་སྤྱད་པ་ལ་འཇུག་པར་གྱིས་ཤིག་པ་སྟེ། ལེགས་པར་སྤྱད་པ་ལ་འཇུག་པས་ལེགས་པར་སྤྱོད་པ་ཉིད་སྤྱད་པར་བྱའི། [105a.2]ནོར་ལ་ཆགས་པའི་ཕྱིར་སེམས་ཅན་ལ་མི་མཐུན་པར་སྤྱད་པར་ནི་མི་བྱའོ། །སེམས་ཅན་མཐའ་དག་གི་སྤྱོད་པ་ནི་ལེགས་པར་སྤྱོད་པ་ལ་རག་ལས་པའི་ཕྱིར་རོ། །ཉེ་དུ་མཛའ་བཤེས་རྩ་ལག་ནི། །སྡུག་བསྔལ་བྱུང་ནས་ལྡོག་པར་འགྱུར། །གང་གིས་ལྷན་ཅིག་འགྲོ་འགྱུར་བའི། །དགེ་བའི་ལས་ནི་བསྟེན་ [105a.3]པར་གྱིས། །ཞེས་སོ། །ནོར་རྙེད་པའི་ཆེད་དུ་ངན་པར་སྤྱད་པ་སྤྱོད་པ་དག་དེ་ལས་སྐྱོ་བ་བསྐྱེད་པའི་ཕྱིར་འདི་གསུངས་སོ། །གང་འདི་ལྟར་འདོད་པ་རྣམས་ཀྱིས་ཉེ་བར་གཙེས་པ་ཡིན་ནོ་ཞེས་རྟོགས་པ་དེ་ཉིད་ནི་དེ་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གང་དག་སྡུག་བསྔལ་ [105a.4]ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཚིགས་སུ་བཅད་པ་ཕྱེད་དང་པོས་ནི་འདོད་པ་དག་ལས་མ་ཉམས་ན་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྐྱོན་བསྟན་ཏེ། གང་གི་ཕྱིར་འདོད་པ་དག་ཡོད་ན་ནི་ཕྱིར་རྒོལ་བ་རྣམས་དང་། མང་པོ་གསད་པ་དང་བཅིང་བ་དང་སྡུག་བསྔལ་རྣམ་པ་མང་པོ་འཐོབ་པར་འགྱུར་རོ། །ཚིགས་བཅད་ [105a.5]ཕྱེད་འོག་མས་ནི་འདོད་པ་ཉམས་པ་ལ་ལྷག་པར་ཆགས་པའི་སྐྱོན་བསྟན་ཏོ། །གང་གི་ཕྱིར་དེ་ཉམས་ན་ནི་ཟུག་རྔུས་ཟུག་པ་བཞིན་དུ་སྡུག་བསྔལ་བར་གནས་ཤིང་མྱ་ངན་དང་བཅས་པ་ནི་འདིའི་བསྡུས་པའི་དོན་ཏོ། །གང་དག་ཅེས་བྱ་བ་ནི་གང་ལ་ལའོ། །ཤེས་པ་ཞེས་བྱ་བ་ནི་རྟོགས་པ་སྟེ་དེ་ཁོ་ན་ཉིད་ [105a.6]མཐོང་བའོ། །ཅི་ཞིག་ཤེས་པ་ཡིན་ཞེ་ན། སྡུག་བསྔལ་ཞེས་བྱ་བ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། མདོར་བསྡུ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་གསུངས་པའི་ཕྱིར་རོ། །སྡུག་བསྔལ་གསུམ་དང་ལྡན་པ་ཡང་ཡིན་ཏེ། ཅི་རིགས་པར་ཐམས་ཅད་ཀྱི་སྡུག་བསྔལ་ལ་སྦྱར་ཏེ་ཇི་སྐད་དུ་ [105a.7]གསུངས་པ། སྡུག་བསྔལ་གསུམ་དང་ལྡན་པ་ནི་ཅི་རིགས་པར་ཐམས་ཅད་ལ་སྦྱར་རོ་ཞེས་གསུངས་པས་སོ། །དེའི་རྒྱུས་ཞེས་བྱ་བ་ནི་འདི་ལས་སྐྱེས་པ་སྟེ། རྒྱུ་མཚན་འདི་དང་འདོད་པའི་རྒྱུས། །ཞེས་བྱ་བའི་དོན་ཏེ། སྲེད་པ་ནི་ཀུན་འབྱུང་གི་བདེན་པ་ཡིན་ནོ་ཞེས་པས་སོ། །འདོད་པ་ལ་ཞེས་བྱ་བ་ [105b] [105b.1]ནི་ཡུལ་དུ་གྱུར་པ་ལ་སྟེ། ནམ་ཡང་དགའ་མི་འགྱུར་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་དག་ཅེས་བྱ་བ་ནི་ཤེས་པའོ། །ནམ་ཡང་དགའ་མི་འགྱུར་ཞེས་བྱ་བ་ལ། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་འདོད་པ་ཡིན་ནོ་ཞེས་མཁས་པས་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་འདོད་པ་མཉམ་པ་ལ་ཡང་སུ་ཞིག་ [105b.2]ཁྱད་པར་དུ་དགའ་བར་བྱེད་དེ། ཇི་ལྟར་འདོད་ཅིང་སྲེད་པ་སྐྱེད་པར་བྱེད་པའོ། །འདོད་པ་ཉམས་པ་ལ་ཡང་བདེ་བ་ཡོད་པར་འགྱུར་རམ་ཞེ་ན་དེ་ཡང་མེད་དེ། ཅིའི་ཕྱིར་ཞེ་ན། སྨྲས་པ། འཇིག་རྟེན་དག་ན་ཞེས་བྱ་བ་སྨོས་ཏེ། འདོད་པའི་འཇིག་རྟེན་ཉམས་པར་གྱུར་ཀྱང་མྱ་ངན་གྱི་ཟུག་རྔུ་སྐྱེད་པར་བྱེད་པ་དེས་མི་ [105b.3]འདོད་པ་ཉིད་ཀྱི་འདོད་པའོ། །ཟུག་རྔུར་འགྱུར་བའི་རྒྱུར་ཤེས་པར་བྱས་ནས་སོ། །འདོད་པའི་འདུ་ཤེས་ཀྱི་ཡུལ་གྱི་དངོས་པོའི་རྒྱུ་ནི་ཉེ་བར་ལོངས་སྤྱོད་པའི་ཕྱིར་སྦྱིན་པ་དང་ཡོངས་སུ་གཟུང་བ་བྱས་པ་ཡིན་ཏེ། འདི་ལྟ་སྟེ། ཕ་དང་། མ་དང་། བུ་སྨད་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ [105b.4]ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། རྟ་དང་། གླང་པོ་དང་། བ་གླང་དང་། ར་ལུག་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། བང་མཛོད་དག་ཡོངས་སུ་བསྩགས་པ་ཡིན་ནོ། །དེ་ཉམས་པའི་དུས་ན་ཡང་ཤིན་ཏུ་མི་བཟད་ [105b.5]པའི་མྱ་ངན་གྱི་ཟུག་རྔུ་འབྱུང་བར་འགྱུར་ཏེ། དེས་ན་འདི་འདོད་ཆེན་ཅན་དག་ལ་ཟུག་རྔུར་གྱུར་པ་ཡིན་ནོ། །དེ་དག་ཅེས་བྱ་བ་ནི་ཟུག་རྔུར་གྱུར་པའི་རྒྱུའོ། །བརྟན་པ་ནི་མཁས་པའོ། །གདུལ་ཕྱིར་ཞེས་བྱ་བ་ནི་བྲལ་བ་དང་སྤང་བའི་ཕྱིར་རོ། །སློབ་པར་བྱེད་ཅེས་བྱ་བ་ནི་སྤོང་བར་བྱེད་པའི་ལམ་ལ་བརྟེན་པའོ། ། [105b.6]བསླབ་པ་གསུམ་ནི་གང་གི་ཕྱིར་ལམ་ཞེས་བརྗོད་དེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕུང་པོ་ནི་འཕགས་པའི་ལམ་དུ་གཟུད་པའི་ཕྱིར་རོ། །འདོད་པ་ལ་མངོན་པར་དགའ་བ་དང་། འདོད་པ་ལ་ལྷག་པར་ཞེན་པ་རྣམས་དེ་ལས་འདུན་པ་བཟློག་པའི་ཕྱིར་འདི་གསུངས་སོ། །ཡང་ [105b.7]གཅེར་བུ་པའི་ཕྱོགས་ལ་འདི་སྐད་སྨྲ་སྟེ། བདེ་བའི་ཡོ་བྱད་སྤང་བའི་ཤཱཀྱ་རྣམས་ལ་ནི་འདོད་ཆགས་དང་བྲལ་བ་ག་ལ་ཡོད་ཅེས་སྨྲ་བ་ལ་དེ་དག་འདོད་པའི་ཉེས་དམིགས་བསྟན་པས་འདོད་ཆགས་དང་བྲལ་བར་འགྱུར་གྱི། ཡུལ་གྱི་བསྔགས་པ་བརྗོད་པས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་ [106a] [106a.1]པའོ། །འདོད་པའི་ཚོམས་ཏེ་གཉིས་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།སྲེད་པ་ཉིད་དོན་དམ་པར་འདོད་པ་ཡིན་གྱི་ཡུལ་ནི་མ་ཡིན་ནོ་ཞེས་ངེས་པར་བསྒྲུབ་པའི་ཕྱིར། །དེའི་འོག་ཏུ་སྲེད་པའི་ཚོམས་བཀོད་པ་ཡིན་ནོ། །གང་གི་ཕྱིར་ཇི་སྐད་དུ་གཟུགས་ལ་ [106a.2]སོགས་པ་ལ་འདོད་པའི་སྒྲོ་བཏགས་པ་ནི་བྲམ་ཟེའི་ཁྱེའུ་ལ་མེའི་སྒྲོ་བཏགས་པ་ལྟ་བུའོ། །འོ་ན། འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི། །ཞེས་བྱ་བ་གོང་དུ་བསྟན་ཟིན་ན། ཇི་ལྟར་དེའི་དོན་དུ་ཡང་འདིའི་དོན་ལ་འབད་པར་བྱ་ཞེ་ན། དེ་ནི་དེ་ལྟ་མོད་ཀྱི་སྐྱེས་བུའི་འདོད་པ་ནི་ཀུན་དུ་རྟོག་པའི་འདོད་ཆགས་ [106a.3]ཡིན་ནོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་དུ་བཤད་ལ། ད་ནི་རྒྱ་ཆེར་དབྱེ་བ་བཤད་པ་ཡིན་ཏེ། ལུས་ཅན་རྣམ་པར་རྟོག་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་བྱུང་བའི་གླེང་གཞི་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གསུམ་པོ་འདི་དག་ནི་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོའི་སྡིག་ [106a.4]པ་མི་དགེ་བ་ལ་རྣམ་པར་རྟོག་པ་ཡིན་ཏེ། གསུམ་པོ་གང་ཞེ་ན། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སྟེ། གང་གི་ཕྱིར་བྱིས་པ་ནི་ངན་པར་བསམ་པ་སེམས་སོ་ཞེས་རྒྱ་ཆེར་བཤད་དོ། །འཕགས་པ་ལ་ནི་དགེ་བའི་རྣམ་ [106a.5]པར་རྟོག་པ་གསུམ་མངའ་སྟེ། ངེས་པར་འབྱུང་བའི་རྣམ་པར་རྟོག་པ་ལ་སོགས་པའོ་ཞེས་བསྟན་ནས་ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །དེ་ལ་རེ་ཞིག་དང་པོ་སྨྲས་པ། རྣམ་པར་རྟོག་པས་རབ་བཅོམ་པ། །ཞེས་བྱ་བ་ནི་འདིར་འདོད་པའི་སྲེད་པ་རྒྱུ་དང་བཅས་པ་འཕེལ་བར་བསྟན་ [106a.6]ཏོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་། བརྗེད་ངས་པ་དང་། ཕྱིན་ཅི་ལོག་གིས་དེ་འཕེལ་བར་འགྱུར་ཏེ། རྒྱུ་གསུམ་པོ་འདི་དག་འདིར་གོ་རིམས་བཞིན་དུ་སྟོན་པ་ཡིན་ནོ། །མི་འདྲ་བར་རྟོག་པས་རྣམ་པར་རྟོག་པ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་མཚུངས་པར་ [106a.7]ལྡན་པའི་ཀུན་དུ་རྟོག་པའོ། །དེས་བཅོམ་པ་ནི་རྟོག་པ་དང་དབང་པོ་བྱས་པ་སྟེ། ཇི་སྐད་དུ་གསུངས་པ། ཇི་ལྟར་རྣམ་པར་རྟོག་པས་རབ་ཏུ་བཅོམ་པར་འགྱུར་ཞེ་ན། སྔར་ཐོས་པ་དང་སྔར་སྤྱད་པའི་འདོད་པ་རྣམས་ལ་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་དེ། དགེ་བའི་རྣམ་པར་རྟོག་པས་རྣམ་ [106b] [106b.1]པར་རྟོག་པར་མི་བྱེད་དེ་སྡིག་པ་ལ་ཞེན་ཅིང་གནས་པའོ་ཞེས་སོ། །ལུས་ཅན་ཞེས་བྱ་བ་ནི་ལུས་དེ་གང་ལ་ཡོད་པ་སྟེ་སེམས་ཅན་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་གྱི་དངོས་པོ་རྩིག་པ་ལ་སོགས་པ་ལ་ནི་སྲེད་པ་མེད་པའི་ཕྱིར་རོ། །ཅི་འདི་ལ་ལོག་པའི་རྣམ་པར་རྟོག་པ་ཙམ་གྱིས་སྲེད་པ་འཕེལ་བར་འགྱུར་ [106b.2]རམ་ཞེ་ན། སྨྲས་པ། དེ་ནི་མ་ཡིན་ཏེ། འོན་ཀྱང་འདོད་ཆགས་མི་བཟད་ཅེས་བྱ་བ་སྨོས་ཏེ། འདོད་ཆགས་དྲག་པོ་གང་ལ་ཡོད་པ་དེ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདོད་པའི་འདོད་ཆགས་བག་ལ་ཉལ་གྱི་རྒྱུ་ཉེ་བར་བསགས་ཤིང་གཉེན་པོ་མ་བསྟེན་པས་སོ། །དེའི་གཉེན་པོ་ལུས་ [106b.3]ལ་སོགས་པའི་རྣམ་པ་དྲན་པའོ། །ཇི་ལྟར་འདོད་ཆགས་མི་བཟད་པས་འགྱུར་ཞེ་ན། སྔར་སྐྱེ་བ་གཞན་དག་ཏུ་འདོད་པའི་འདོད་ཆགས་ཀུན་དུ་བསྟེན་པ་དང་། བསྒོམས་པ་དང་མང་དུ་བྱས་པ་དེའི་རྒྱུས་འདི་ཡིན་ནོ། །དེ་ལྟ་མོད་ཀྱི་ཚུལ་བཞིན་དུ་ཡིད་ལ་བྱས་པས་སེམས་ཀྱི་འདོད་ཆགས་རྗེས་སུ་ [106b.4]སེལ་བར་བྱེད་དོ་ཞེས་བྱ་བའི་ཚིག་གིས་སོ། །གཙང་བར་རྗེས་སུ་ལྟ་བས་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་དང་རེག་པ་དང་ཉེ་བར་སྤྱོད་པ་ལ་སྡུག་པ་དང་གཙང་བ་སྟེ། དེ་ལྟར་རྗེས་སུ་ལྟ་ཞིང་དམིགས་པའི་ཚུལ་གང་ལ་ཡོད་པ་དེ་ནི་གཙང་བར་ལྟ་བ་སྟེ། དེའི་ཕྱིར་གསུངས་པ། ཇི་ལྟར་གཙང་བར་ [106b.5]རྗེས་སུ་ལྟ་བས་ཡིན་ཞེ་ན། དབང་པོ་སྡོམ་པས་ཉེ་བར་མི་གནས་པ་དེས་བུད་མེད་མཐོང་བར་གྱུར་ན་དྲན་པ་རྩེ་གཅིག་པས་ཆགས་པར་འགྱུར་ཏེ། ཚུལ་བཞིན་མ་ཡིན་པས་གཙང་བའི་མཚན་མར་ཉེ་བར་འཛིན་ཏེ། གཞི་དེས་ན་ལུས་མངོན་པར་གདུང་བ་དང་། སེམས་མངོན་པར་གདུང་བར་ [106b.6]བྱེད་པ་ཡིན་ནོ་ཞེས་སོ། །དེ་ལྟར་གྱུར་པའི་ལུས་ཅན་འདི་ལ་ནི་འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་བར་འགྱུར་ཏེ། འདོད་པའི་འདོད་ཆགས་ཤས་ཆེར་འཕེལ་བར་འགྱུར་རོ། །རྟགས་རྣམ་པ་ལྔས་སྲེད་པ་འཕེལ་བར་རིག་པར་བྱ་སྟེ། འདོད་ཆགས་ཀྱི་ཡུལ་ཆུང་བ་ལ་ཡང་འདོད་པའི་འདོད་ [106b.7]ཆགས་མི་བཟད་པས་ཀུན་ནས་དཀྲིས་ཤིང་ལྷག་པར་ཆགས་པར་འགྱུར་ན་གྱ་ནོམ་པ་ལ་ལྟ་སྨོས་ཀྱང་ཅི་དགོས། ཆོས་མ་ཡིན་པས་གང་ལོངས་སྤྱོད་མང་པོ་ཡང་དག་པར་ལེན་པ་ཡིན་ཏེ། ཆོས་ནི་མ་ཡིན་ནོ། །ལོངས་སྤྱོད་ཤིན་ཏུ་མང་པོ་ཀུན་དུ་འཛིན་པར་འགྱུར་ཏེ། དེ་མི་གཅེས་ཤིང་དགོས་ [107a] [107a.1]པ་མེད་པའི་དངོས་པོ་ཡང་འདོར་བར་མི་བྱེད་ན། གཅེས་པ་ལྟ་སྨོས་ཀྱང་ཅི་དགོས། དགོས་པ་ཆུང་ཞིང་ངན་དོན་ཙམ་གྱི་དོན་དུ་ཡང་ངན་པར་སྤྱོད་པ་མང་པོ་སྤྱོད་ན། དགོས་པ་ཆེན་པོ་ལ་ལྟ་སྨོས་ཀྱང་ཅི་དགོས། ལེགས་པར་སྤྱོད་པ་ཆུང་དུ་ཡང་དེའི་སེམས་བསྒྲུབ་ཅིང་ [107a.2]འཇུག་པར་མི་དགའ་ན། ཆེན་པོ་ལ་ལྟ་སྨོས་ཀྱང་ཅི་དགོས། མྱ་ངན་ལས་འདས་པ་ཐོས་པར་ཡང་མི་འདོད་ན། ཐོབ་པར་བྱ་བ་ལྟ་ཅི་སྨོས་པ་སྟེ། གང་དེ་ལྟ་བུས་ནི་སྲེད་པ་འཕེལ་བར་འགྱུར་རོ། །དེ་ཡིས་དམ་པོར་བྱེད་ཅེས་བྱ་བ་ནི་དེ་ཉིད་ཀྱིས་ལུས་ཅན་ལ་འཆིང་བ་དམ་པོར་བྱེད་དོ། །གང་གི་ཕྱིར་དམ་ [107a.3]པོར་བྱེད་པ་ནི་འབད་པས་ཀྱང་དགྲོལ་བར་དཀའ་བའི་ཕྱིར་རོ། །རྣམ་པ་གསུམ་གྱིས་ནི་འཆིང་བ་དམ་པོ་ཉིད་དུ་འགྱུར་ཏེ། ཤིན་ཏུ་སྲ་བ་དང་། རེག་ན་སྡུག་བསྔལ་བ་དང་། དུས་ཡུན་རིང་དུ་འབྲེལ་པའོ། །དེ་ལ་མཐོང་བའི་ཆོས་ལ་ངན་པར་སྤྱོད་པའི་རྩ་བ་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་གོ། །དེ་ནི་ [107a.4]ཤིན་ཏུ་སྲ་བའི་འཆིང་བར་རིག་པར་བྱའོ། །དམྱལ་བ་ལ་སོགས་པའི་ངན་སོང་དུ་སྐྱེ་བར་རིག་ན་སྡུག་བསྔལ་བ་ཉིད་དུ་རིག་པར་བྱའོ། །ཡུན་རིང་པོར་འཁོར་བ་ན་གནས་པ་ནི་དུས་ཡུན་རིང་པོ་དང་འབྲེལ་པར་བལྟའོ། །རང་གི་འཆིང་བ་ཞེས་བྱ་བ་ནི་རང་གི་རྒྱུད་ལ་གནས་པའི་སྲེད་པ་འཆིང་བའི་ [107a.5]གནས་སྐབས་སོ། །ཡང་ན་སྡུག་བསྔལ་གྱི་འཆིང་བ་ཡིན་ཏེ། གང་གི་ཕྱིར་སྲེད་པ་འཕེལ་བ་ལས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལན་དུ་མར་འབྱུང་བའི་ཕྱིར་རོ། །དེ་ལ་འདི་ནི་སྲེད་པའི་སྐྱོན་བསྟན་པས་དེ་ངེས་པར་སྤང་པའི་ཕྱིར་གསུངས་སོ། །སྲེད་པ་སྤོང་བའི་གཟུགས་ཉེ་བར་བླང་བ་ཉིད་དུ་ [107a.6]སྟོན་པའི་ཕྱིར་སྨྲས་པ། གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་དོན་ནི་ཚིགས་སུ་བཅད་པ་སྔ་མའི་གཉེན་པོ་ཉིད་དུ་ཤེས་པར་བྱའོ། །གང་གིས་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཉེ་བར་ཞི་བར་བྱས་པ་དེ་ནི་རྣམ་པར་རྟོག་པ་ཉེ་བར་ཞི་བ་སྟེ། ངེས་ [107a.7]པར་འབྱུང་བ་ལ་སོགས་པར་རྟོག་པའོ། །དེ་ལ་གང་དག་དགའ་བ་ནི་མགུ་བ་ཡང་དག་པར་སྐྱེས་པ་སྟེ། ཇི་སྐད་དུ་བཤད་པ། འདོད་པའི་རྣམ་པར་རྟོག་པ་སྐྱེས་པས་ཡོངས་སུ་མ་བསྒོམས་ཤིང་སྤངས་པ་དང་། བསལ་བ་དང་ངེས་པར་བྱས་པའོ་ཞེས་སོ། །མི་སྡུག་སྒོམ་པར་བྱེད་ཅེས་བྱ་བ་ནི་ལུས་ཀྱི་རྣམ་ [107b] [107b.1]པར་འགྱུར་བ་སྟེ་རྣམ་པར་བསྔོས་པ་དང་། རྣམ་པར་རུལ་པར་ནང་དུ་དམིགས་པ་གང་ཡིན་པའི་ཡིད་ལ་བྱེད་པ་དེ་ནི་སྡུག་པ་དང་དམིགས་པ་ཡིན་པའི་ཕྱིར་མི་སྡུག་པ་ཞེས་བརྗོད་དེ་ཕྱིན་ཅི་མ་ལོག་པར་དེ་བསྒོམ་ཞིང་ཡང་དང་ཡང་དུ་མངོན་དུ་བྱེད་པས་སོ། །རྟག་ཏུ་དྲན་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དྲན་པ་ [107b.2]ལ་གནས་པ་སྟེ། འདོད་ཆགས་ཀྱི་འཇིགས་པ་ནི་དུས་ཐམས་ཅད་དུ་དྲན་པ་ལ་ཉེ་བར་གནས་ཤིང་བསྒོམ་པར་བྱ་སྟེ་བར་ཆད་མེད་པར་བྱེད་པ་དང་། སྐྱོ་བ་མེད་པའི་བརྩོན་འགྲུས་ཀྱིས་དེ་ལྟར་འདི་ལ་འདོད་ཆགས་ཀྱིས་སྐབས་རྙེད་པར་མི་འགྱུར་རོ། །དེས་དེ་ལྟར་ལྡན་པར་བྱས་ནས་ནི་ཡུན་རིང་པོས་ངེས་ [107b.3]པར་སྲེད་པ་སྤོང་བར་འགྱུར་ཏེ། དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། དེ་ཡིས་སྲེད་པ་ཞེས་བྱ་བ་སྨོས་ཏེ། མཉམ་པར་མ་བཞག་པའི་ས་ལ་བྱེ་བྲག་མེད་པར་བསྟན་པའོ། །དེ་ཡིས་དེ་ལྟར་ཡང་དག་པར་ལྡན་པར་བྱས་པས་རྣལ་འབྱོར་སྤྱོད་པས་ཇི་སྲིད་དུ་མ་སྤངས་པ་དེ་སྲིད་དུ་དེ་དག་རུལ་པར་བྱེད་པ་ནི་དེ་ཉིད་ [107b.4]ཉམ་ཆུང་བར་བྱེད་པ་སྟེ་སྤོང་ཞིང་དགག་པར་ནུས་པའོ། །སྲེད་པ་སྤངས་པའི་ཐབས་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །སྲེད་པ་མ་སྤངས་པ་དག་ལ་ནི་རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདོད་པ་མུན་ནག་འདྲ་བས་གཡོགས། །ཞེས་ [107b.5]བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་བཟང་ལྡན་ལ་སོགས་པ་གདུལ་བའི་དུས་ལ་བབ་པར་མཁྱེན་པ་དང་། གཞན་ཡང་ཁྱད་པར་དུ་འཕགས་པ་དག་རབ་ཏུ་བྱུང་བར་བྱ་བའི་ཕྱིར་ཆུ་བོ་ནས་རྒྱུ་ཞིང་གཤེགས་པ་ལས་ཆུ་བོའི་འགྲམ་ཞིག་ན་སྐྱེ་བོའི་ཚོགས་ཆེན་པོ་དགའ་སྟོན་གྱི་ [107b.6]དུས་ཞིག་ལ་བབ་སྟེ། གར་དང་གླུ་ལ་སོགས་པ་ལེན་པ་དེ་དང་ཉེ་བ་ཞིག་ན་ཉ་མང་པོ་ཟིན་པ་དང་། བའི་ཚོགས་ཀྱི་རྗེས་སུ་འོ་མ་ལ་སྲེད་པའི་བེའུ་མང་པོ་དག་འབྲེང་བ་གཟིགས་ཏེ་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཇིག་རྟེན་ནི་འདོད་པས་ལྡོངས་པ་ཡིན་ཏེ། འདོད་པའི་དྲ་ [107b.7]བས་གཡོགས་པའོ་ཞེས་རྒྱ་ཆེར་བཀའ་སྩལ་ཏེ། ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །འདིར་བསྡུས་པའི་དོན་ནི་ཀུན་འབྱུང་གི་བདེན་པ་རྣམ་པ་ལྔ་དང་། སྡུག་བསྔལ་གྱི་བདེན་པ་རྣམ་པ་གཉིས་བསྟན་པ་ཡིན་ཏེ། རྣམ་པ་ལྔ་གང་ཞེ་ན། ད་ལྟར་བྱུང་བའི་ཡུལ་ལ་ཆགས་པ་དང་། འདས་པའི་ [108a] [108a.1]ཡུལ་ལ་རྗེས་སུ་མྱོང་ནས་ཆགས་པའི་ཀུན་དུ་རྟོག་པ་དང་། མ་འོངས་པའི་ཡུལ་ལ་འདོད་པ་དང་། དེ་རྣམས་སྐྱེས་པ་ལ་ལྷག་པར་ཞེན་པ་དང་། དེ་ཡང་དགེ་བ་བྱེད་པ་ལ་རང་དབང་མེད་པར་བྱེད་པའོ། །རྣམ་པ་གཉིས་གང་ཞེ་ན། ད་ལྟར་བྱུང་བའི་གནས་པ་གཞན་དུ་གྱུར་པའི་རྒ་བ་ [108a.2]དང་། རིས་མཐུན་པའི་རྒྱུན་ཆད་པ་སྟེ་འཆི་བའོ། །འདོད་པ་མུན་གནག་དང་འདྲ་བས་གཡོགས་པ་ནི་ཟླས་དབྱེ་བའོ། །དེ་ལ་འདོད་པ་ནི་ཀུན་དུ་རྟོག་པའི་འདོད་ཆགས་ཏེ། སྐྱེས་བུའི་འདོད་པ་ནི་འདོད་པའི་འདོད་ཆགས་སོ་ཞེས་པའི་ཚིག་གིས་སོ། །མུན་པ་ནི་དེས་འདོད་པའི་སྐྱོན་མི་ཤེས་པ་དང་། ཆོས་དང་ [108a.3]ཆོས་མ་ཡིན་པ་མི་ཤེས་པའི་ཕྱིར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མུན་ནག་གིས་ལྡོངས་པར་འཇུག་པ་ཡིན་ཏེ། ལྡོངས་པས་འཇུག་པ་གང་ཡིན་པའི་སྐྱེས་བུ་ནི་འདོད་ཆགས་དང་ལྷན་ཅིག་པ་ཡིན་ནོ་ཞེས་གསུངས་སོ། །འདོད་པས་ཀྱང་དྲ་བས་ཉའི་ཚོགས་བཞིན་དུ་རྣམ་པར་རྟོག་པ་རྣམ་པ་མང་པོ་དང་ལྡན་ [108a.4]པས་ཀུན་ནས་གཡོགས་པ་དང་། ཡོངས་སུ་མཁྱུད་པར་བྱེད་པ་དེ་འདོད་ཆགས་ཅན་གྱི་རྒྱུད་ལའོ། །གང་དུ་རྗེས་སུ་མྱོང་བའི་ཡུལ་ལ་འདོད་ཆགས་ཤིང་དེ་ཉིད་ལ་རྣམ་པ་མང་པོའི་སྒོ་ནས་ཀྱང་འདོད་ཆགས་ཀྱིས་ཀུན་དུ་རྟོག་པས་སོ། །སྲེད་པའི་དགབ་པས་བཀབ་པ་དང་། །ཞེས་བྱ་བ་ནི་ད་ལྟར་བྱུང་བ་དང་ [108a.5]འདས་པའི་སྲེད་པ་བཤད་ནས། འདིས་ནི་མ་འོངས་པ་ལ་དམིགས་པའི་སྲེད་པ་བཤད་དེ། སྲེད་པ་ནི་སེམས་ཅན་གྱི་རྒྱུད་ལ་དགབ་པའམ་སྒྲིབ་པ་ལྟ་བུ་ཡིན་ཏེ། ཉི་མའི་འོད་ཟེར་སྤྲིན་ལ་སོགས་པས་བཀབ་པ་ལྟ་བུའོ། །དེས་བཀབ་པ་ནི་བསྒྲིབས་པ་སྟེ་འདོད་པ་ལ་སྲེད་པ་དེ་ཉིད་ཀྱིས་མ་འོངས་པའི་ [108a.6]དུས་ལས་བརྩམས་ནས་དེའི་སྐྱོན་བསྟན་པ་ཡིན་ཏེ། གང་གི་ཕྱིར་ཡིད་ལ་ཡང་ཐར་པ་འདོད་པར་མི་བྱེད་ན། དེ་ཐོབ་པའི་ཆེད་དུ་བརྩོན་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། བག་མེད་པ་ནི་བག་མེད་པའི་གནས་སོ། །དེའི་ཕྱིར་དེ་ལྟར་གྱུར་པའི་རྒྱུད་འདོད་པ་དག་ལས་ཀྱང་སེམས་བསྲུང་ལ་ངན་པར་སྤྱོད་ [108a.7]པ་དང་དེས་བསྒོམ་པ་ལས་སེམས་བསྲུང་བ་ཡིན་ནོ། །དེ་ཡང་དེ་ལྟ་བུར་གང་ཟག་ཉོན་མོངས་པས་རང་དབང་མེད་པར་བྱེད་པའི་ཕྱིར་བཅིངས་པར་གྱུར་པ་ཡིན་ཏེ། དེ་ཉིད་སྨྲས་པ། འཆིང་བས་བཅིངས་པ་དག་ཅེས་བྱ་བ་སྨོས་ཏེ། འདི་ལ་བཅིངས་པ་ཡིན་པས་འཆིང་བ་སྟེ། འཁོར་བའི་བཙོན་རར་ [108b] [108b.1]ཞེས་བྱ་བའི་དོན་ཏོ། །སྲེད་པའི་འཆིང་བ་དེས་འདོད་པ་ཅན་བཅིངས་པ་ཡིན་ནོ། །ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ཚེད་མར་ཆུད་པའི་ཉ་དང་འདྲ། །ཞེས་བྱ་བ་སྨོས་ཏེ། ཉ་ནི་ཆུའི་ནང་དུ་སྤྱོད་པའི་སྲོག་ཆགས་ཉ་ཉིད་དོ། །ཚེད་མ་ནི་རྒྱ་སྟེ་དྲ་བ་ཞེས་བྱ་བའི་དོན་ཏོ། །དེར་ཆུད་པ་ནི་དེའི་ཁ་དང་ནང་དུའོ། ། [108b.2]གཞན་དག་ནི་ཆུ་དེའི་ནང་ན་གནས་པའི་ཆུ་སྲིན་ཀུམ་བི་ར་ལ་སོགས་པའི་རིགས་དེ་དག་གི་ཁར་ཆུད་པའི་ཉ་ཇི་ལྟ་བ་བཞིན་ནོ་ཞེས་འཆད་དོ། །གཞན་དག་ནི་ལྕུག་མ་ལས་བྱས་པའི་ནང་ཡངས་ཤིང་སྤུན་ལ་སོགས་པས་བར་ཚག་དམ་པ་ཁ་ཡོད་པ་ཉའི་རིགས་འཛིན་པར་བྱེད་ཅིང་འཆིང་བ་ནི་ཚེད་མ་ཡིན་ནོ་ [108b.3]ཞེས་ཟེར་རོ། །ཇི་ལྟར་ཉ་དེར་འཛིན་པར་བྱེད་པ་དེ་བཞིན་དུ་ཉོན་མོངས་པའི་དབང་དུ་གྱུར་པ་ཡང་འཁོར་བའི་ནང་ནས་མི་འབྱུང་བའི་ཚུལ་གྱིས་སོ། །དེར་བཅིངས་པ་ལ་རེ་ཞིག་རྒྱུན་མི་འཆད་པར་བདེ་བ་ཁྱད་པར་ཅན་ཐོབ་པ་ཡིན་ནམ་ཞེ་ན། སྨྲས་པ། རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ། །ཞེས་བྱ་ [108b.4]བ་ཡིན་ཏེ། རྒ་བའི་སྡུག་བསྔལ་དང་འཆི་བའི་སྡུག་བསྔལ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒ་བ་དང་འཆི་བ་ནི་རྒ་ཤི་སྟེ། ཟླས་དབྱེ་བ་གཅིག་ཏུ་བྱས་པའོ། །རྗེས་སུ་འགྲོ་བ་ནི་འོང་བར་འགྱུར་བ་དང་ཐོབ་པར་འགྱུར་བ་དེ་གང་དུ་རྒ་བ་དང་འཆི་བ་ཡོད་པ་དེར་འགྲོ་བ་འདི་དག་འབྲང་བར་འགྱུར་རོ། ། [108b.5]ཇི་ལྟ་བུར་ཞེ་ན། སྨྲས་པ། མ་དྲུང་ནུ་ཞོ་འདོད་པའི་བེེའུ་དང་འདྲ། །ཞེས་བྱ་བ་སྨོས་ཏེ། བའི་བེེའུ་ནུ་ཞོ་འཐུང་བ་འོ་མ་ལ་སྲེད་པ་དེ་ནི་རྟག་ཏུ་མའི་རྗེས་སུ་འགྲོ་བ་ཡིན་ཏེ། འདིས་ནི་འདིའི་ཐར་པ་རིང་དུ་གནས་པ་སྟོན་པ་ཡིན་ནོ། །སྲེད་པ་དང་ལྡན་པ་འཁོར་བའི་བཙོན་རར་ཡོངས་སུ་འཁྱམ་པ་དང་སྡུག་ [108b.6]བསྔལ་ཉམས་སུ་མྱོང་བ་ཡིན་པས་དེ་སྤང་བའི་ཕྱིར་འདི་གསུངས་སོ། །འདིར་རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མྱོང་ནས་དེར་གནས་པ་ནི་ཡང་མྱོང་བར་བྱ་བ་མ་ཡིན་ཏེ། མཐོང་བ་ཉིད་དུ་དུག་གིས་གནོད་པ་བཞིན་ནོ་ཞེས་མི་བདེན་པར་སྨྲ་བ་ལ་དེ་དགག་པའི་ཕྱིར་སྨྲས་པ། སྐྱེས་བུ་ [108b.7]ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་བྲམ་ཟེ་ཞིག་དགོན་པའི་གནས་ཞིག་ཏུ་ལོ་བཞི་བཅུར་ཚངས་པར་སྤྱོད་པ་བྱས་ནས་བུ་མེད་པས་ནི་གོང་མར་འགྲོ་བ་མེད་དོ་ཞེས་བསམས་ཏེ་ཆུང་མ་བླང་བའི་ཕྱིར་མཉན་ཡོད་དུ་འོངས་ཏེ། དེ་ལ་དགོས་པའི་ནོར་བསླངས་པ་ལས་རྒྱལ་པོ་གསལ་རྒྱལ་ [109a] [109a.1]གྱིས་ཁང་པ་བརྒྱ་བྱིན་པར་ཁས་བླངས་ཏེ། གཞན་དུ་མ་སློངས་ཤིག་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་དེ་ནི་སྩལ་ན་གཞན་ཡང་ཁང་པ་བརྒྱ་དང་སྟོང་དང་གྲོང་གི་ཕྱེད་ནོར་དང་བཅས་པ་སློང་ངོ་ཞེས་སྨྲས་ཏེ། ཡང་ཁས་བླངས་སོ། །རྒྱལ་པོ་ཆེན་པོ་འདི་ཡང་སྩལ་ [109a.2]ལགས་ན། གཞན་ཡང་བསླང་ངོ་ཞེས་སྨྲ་བ་དེ་དང་དེའི་ཚེ་རྒྱལ་བྱེད་ཀྱི་ཚལ་དང་ཉེ་བ་ན་ནགས་སྟུག་པོ་ན་སྤྲེའུ་ཤིང་ཐོག་འདོད་པ་ཤིང་ནས་ཤིང་དུ་རྒྱུ་བ་ལས་ལྟུང་སྟེ་ཤི་བར་གྱུར་པ་གཟིགས་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་ཚེ་གཙུག་ལག་ཁང་དུ་གཤེགས་ཏེ། ཇི་ཙམ་ན་དུས་དེའི་གདུལ་བྱ་དག་ [109a.3]གི་དབང་དུ་མཛད་ནས་འདི་གསུངས་སོ། །ཅི་རིགས་པར་སྲེད་པ་འཕེལ་བར་འགྱུར་བ་དེའི་སྐྱོན་གང་དེར་བསྟན་པ་ཡིན་ནོ། །སྐྱེས་བུ་ཞེས་བྱ་བ་ནི་མི་སྟེ་དེའི་ཚེ་ཉེ་བར་གནས་པའི་ཕྱིར་རོ། །ཡང་ན་སེམས་ཅན་ཏེ་དེའི་རྣམ་གྲངས་ཡིན་པའི་ཕྱིར་སེམས་ཅན་གྱི་རྒྱུ་ཉིད་ལ་འཇུག་གི། གཞན་ལ་ནི་མ་ཡིན་ནོ། ། [109a.4]ཇི་ལྟ་བུ་ཞེ་ན། སྨྲས་པ། བག་མེད་རབ་ཏུ་སྤྱོད་བྱེད་པ་ཞེས་བྱ་བ་སྨོས་ཏེ། བག་མེད་པར་གྱུར་ནས་རབ་ཏུ་སྤྱོད་པར་བྱེད་པ་སྟེ། དེའི་དབང་པོ་མ་བསྲུངས་པས་ཡུལ་དག་ལ་སྤྱོད་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །སྲེད་པ་འཕེལ་འགྱུར་ཞེས་བྱ་བ་ནི་འདོད་པའི་སྲེད་པ་དང་། ཡང་སྲིད་པའི་སྲེད་པ་ཡང་ [109a.5]འཕེལ་བར་འགྱུར་བ་སྟེ། ཡང་དང་ཡང་ཤས་ཆེར་སྤྱད་པའི་ཕྱིར་དང་། ངན་པར་སྤྱོད་པ་ལྷག་པར་སྤྱོད་པའི་ཕྱིར་རོ། །ཇི་ལྟ་བུར་འཕེལ་བར་འགྱུར་ཞེ་ན་སྨྲས་པ། འཁྲི་ཤིང་བཞིན་དུ་ཞེས་བྱ་བ་སྨོས་ཏེ། འཁྲི་ཤིང་རིགས་མ་ལུ་ཏ་ཞེས་བྱ་བ་ཡོད་དེ། དེ་ནི་ཤིང་ལ་བརྟེན་ནས་འཕེལ་བར་འགྱུར་གྱི། [109a.6]མ་བརྟེན་པར་ནི་མ་ཡིན་ཏེ། ཤིང་དེ་ཉིད་ལ་ཡང་གནོད་པར་བྱེད་དོ། །དེ་བཞིན་དུ་སྲེད་པས་བག་མེད་པར་སྤྱོད་པ་ལ་བརྟེན་ནས་འཕེལ་བར་འགྱུར་ཏེ། དེ་ཉིད་ཀྱིས་གནོད་པར་ཡང་བྱེད་དོ། །ཡང་ཇི་ལྟར་ཡང་གནོད་པར་བྱེད་ཅེ་ན། སྨྲས་པ། དེ་ཡིས་འཁོར་བར་འཁྱམ་ཞེས་བྱ་བ་སྨོས་ཏེ། [109a.7]སྲེད་པ་འཕེལ་བ་དེ་ཉིད་ཀྱིས་གང་གི་ཕྱིར་འཁོར་བར་འཁྱམ་པ་ཡིན་ཏེ། འཁོར་བར་འཁོར་བའི་ཕྱིར་ཤིན་ཏུ་གནོད་པ་ཡིན་ནོ། །ཡང་དང་ཡང་དུ་ཞེས་བྱ་བ་ནི་སོ་སོ་སོ་སོ་ཞེས་བྱ་བའི་དོན་ཏེ། དེ་དང་དེ་འགྲོ་བ་སྣ་ཚོགས་པ་དག་ཏུ་རྣམ་པ་སྣ་ཚོགས་ཀྱི་རིམ་པ་ལས་ཇི་ལྟ་བ་བཞིན་དུ་བསྒྲུབས་པ་ [109b] [109b.1]ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་ཡང་དང་ཡང་ཞེས་བྱ་བའི་དོན་ཏོ་ཞེས་ཀྱང་བརྗོད་ཏོ། །དེ་ལ་འདིས་ནི་འདིའི་འཁོར་བ་རིང་བ་ཉིད་དུ་སྟོན་ཏོ། །འབྲས་བུ་འདོད་པ་ཞེས་བྱ་བ་ནི་ཤིང་ཏོག་ཟ་བར་འདོད་པ་སྟེ། ཇི་ལྟར་སྤྲེའུ་ནགས་ན་ཞེས་བྱ་བ་ཤིང་སྟུག་པོའི་ནང་དུ་སྤྲེའུ་ལྟོགས་པ་འབྲས་བུ་ [109b.2]འདོད་པས་རྒྱུན་མི་འཆད་པར་ཡང་དང་ཡང་ཀུན་དུ་འཁྱམ་པ་དེ་བཞིན་དུ་བག་མེད་པ་རབ་ཏུ་སྤྱོད་པར་བྱེད་པ་ཡང་སྲེད་པ་འཕེལ་བས་འཁོར་བར་འཁྱམ་པར་འགྱུར་རོ། །ཐར་པ་འདོད་པས་བག་མེད་པ་རྣམས་བག་ཡོད་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །སྲེད་པར་བྱས་པ་ཉིད་ཀྱིས་ཕྱིར་ཞིང་ཡང་སྐྱེ་བའི་ [109b.3]ཀུན་ནས་ཉོན་མོངས་པ་བསྟན་པའི་ཕྱིར་སྨྲས་པ། མི་དག་དྲན་པར་བྱེད་ཅེས་བྱ་བ་ལ་སོགས་པའོ། །ཡུལ་ཀུན་དུ་ན་རྒྱལ་པོ་ཀོ་ར་བྱ་རི་དྭགས་བཤོར་བའི་ཚལ་ན་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གནས་ཏེ། རྒྱལ་པོ་དེ་ཡང་རེ་ཞིག་ཅིག་ན་བཙུན་མོའི་འཁོར་དང་བཅས་ཏེ་དེ་ལ་ཤིན་ཏུ་མཁས་པ་རྣམས་ཀྱིས་ [109b.4]ཡོངས་སུ་བརྟགས་ཤིང་སྐྱེད་མོས་ཚལ་དུ་སོང་སྟེ་རྗེས་སུ་རྒྱུ་བ་ལས་ཡུལ་འཁོར་སྐྱོང་མཐོང་སྟེ་མངོན་པར་དགའ་སྟེ། དེ་ཉིད་ཀྱི་མདུན་དུ་འདུག་ཅིང་གཏམ་རྣམ་པ་སྣ་ཚོགས་པ་བྱས་ནས་སྨྲས་པ། གྲོགས་པོ་བཞི་པོ་འདི་དག་གི་ཉེས་པས་གནོད་པར་གྱུར་ན་ནི་དགེ་སྦྱོང་དང་བྲམ་ཟེ་དག་ཁྱིམ་ནས་ཁྱིམ་ [109b.5]མེད་པར་རབ་ཏུ་བྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཉེ་དུའི་ལོངས་སྤྱོད་ཡོངས་སུ་ཉམས་པའོ། །ཡུལ་འཁོར་སྐྱོང་ཁྱོད་ནི་ད་རུང་འདི་དག་མ་ཉམས་པ་སྟེ། ལོ་ནི་ཉི་ཤུའམ་ཉི་ཤུ་ལས་ལྷག་པ་ཙམ་ལོན་ན་ཅིའི་ཕྱིར་རབ་ཏུ་འབྱུང་ཞེས་སྨྲས་པ་ལས། རྒྱལ་པོ་ཆེན་པོ་དང་ [109b.6]དེ་གཉིས་ལ་བཅོམ་ལྡན་འདས་ཀྱིས་ཁྱིམ་པའམ་རབ་ཏུ་བྱུང་བས་གནས་ལྔ་ལ་སོ་སོར་བརྟག་པར་བྱ་ཞེས་རྒྱ་ཆེར་ཚིགས་སུ་བཅད་པ་འདི་གསུངས་སོ། །དྲན་པར་བྱེད་པས་ན་དྲན་པ་སྟེ། དྲན་པ་དང་མཚུངས་པར་ལྡན་ཞིང་ལྷག་པར་གནས་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྔར་རྗེས་སུ་མྱོང་བའི་ཡུལ་ [109b.7]ལ་སྲེད་པར་བྱེད་པ་བསྟན་ཏོ། །དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །འདི་དང་འོག་ནས་བརྗོད་པ་མང་ངོ་། །ཆགས་བྱེད་དང་ཞེས་བྱ་བ་འདིས་ནི་ད་ལྟར་བྱུང་བའི་ཡུལ་ལ་ལྷག་པར་ཆགས་པའི་ཚུལ་གྱིས་སྲེད་པ་བསྟན་ཏོ། །ཉེ་བར་ལོངས་སྤྱོད་པ་ནི་ཆགས་པར་འགྱུར་བའོ། །ཡིད་བདེ་བ་དང་ཞེས་བྱ་བ་ནི་ [110a] [110a.1]ཤིན་ཏུ་བསྔགས་པའི་ཡིད་གང་ཡིན་པ་དེ་ནི་ཡིད་བདེ་བ་སྟེ། ཉོན་མོངས་པས་མི་དགའ་བ་མེད་པའོ། །ཉེ་བར་ལོངས་སྤྱོད་པ་ན་མངོན་དུ་ཕྱོགས་པ་དང་། འཐོབ་པ་ལ་མངོན་པར་ཕྱོགས་པའི་ཡུལ་ལ་ཡིད་བདེ་བར་འགྱུར་བ་སྟེ། འདིས་ནི་མ་འོངས་པའི་ཡུལ་ལ་དོན་དུ་ [110a.2]གཉེར་བའི་ཚུལ་གྱིས་སྲེད་པ་བསྟན་ཏོ། །དེའི་ཕྱིར་འདས་པའི་དུས་ལ་ནི་དྲན་པ་དང་ལྡན་པས་འཇུག་གོ། །ད་ལྟར་བྱུང་བའི་ཡུལ་ལ་ནི་ཆགས་པའི་ངོ་བོ་ཉིད་དོ། །མ་འོངས་པ་ལ་ནི་དགའ་བ་དང་ལྡན་པས་འཇུག་སྟེ། དགའ་བ་མངོན་དུ་འགྲོ་བའི་ཡིད་བདེ་བའོ་ཞེས་བརྗོད་དོ། །སྡུག་བསྔལ་དང་ཉེ་བར་ [110a.3]གནས་པའི་ཕྱིར་དེས་ན་དྲན་པར་བྱེད་ཅེས་བྱ་བ་ལ་སོགས་པ་བསྡུ་བར་བྱ་བ་ཡིན་ནོ། །གང་ལ་འདི་དག་འགྱུར་ཞེ་ན། སྨྲས་པ། མི་དག་ཅེས་བྱ་བ་སོ་སོའི་སྐྱེ་བོ་ལ་སྟེ། སྐྱེ་བ་ལ་དགའ་བ་ཡིན་པས་སྐྱེ་བོའོ། །གང་དག་འདི་དག་ཡོད་པ་དེའི་ཉེས་དམིགས་གང་ཡིན་ཞེ་ན། སྨྲས་པ། མི་གང་རྟག་ཏུ་ཞེས་བྱ་བ་ [110a.4]ལ་སོགས་པ་སྨོས་ཏེ། གང་ཡང་འདས་པའི་བདེ་བ་དྲན་པ་དང་། ད་ལྟར་བྱུང་བ་ལ་ལྷག་པར་ཞེན་པས་ཆགས་པ་དང་། མ་འོངས་པའི་བདེ་བ་ལ་ཡང་རྒྱུན་མི་འཆད་པའི་མི་དེ་ཉིད་ནི་རྒྱུན་མི་འཆད་པར་སྐྱེ་བ་དང་འཆི་བ་ལ་སོགས་པ་མྱོང་བར་འགྱུར་རོ། །གཞན་དག་ན་རེ་གང་ལ་འདི་དག་ཉེ་བར་སྤྱོད་པ་ [110a.5]གང་ཡིན་ཞེ་ན། སྨྲས་པ། གང་དག་ས་ཏ་སི་ཏ་ཞེས་བྱ་བ་ལ། ས་ཏ་ནི་བདེ་བ་མྱོང་བའོ། །དེའམ་དེ་ལ་སི་ཏི་ནི་ཆགས་པ་ཡིན་པས་ས་ཏ་སི་ཏ་སྟེ་ཤིན་པ་ན་ད་ན་ཞེས་སྐད་ཀྱི་བྱིངས་ལས་བསྟན་པའི་ཕྱིར་རོ། །བདེ་བ་གང་ལ་ཆགས་པ་ཡིན་ཞེ་ན། སྨྲས་པ། འདི་ལྟར་བདེ་བ་འདོད་བྱེད་པ། །ཞེས་བྱ་ [110a.6]བ་སྨོས་ཏེ། བདེ་བ་འདོད་པའི་ཚུལ་གང་དག་ལ་ཡོད་པ་དེ་ནི་བདེ་བ་འདོད་པར་བྱེད་པ་སྟེ། བདེ་བ་མྱོང་བར་འདོད་པའི་ཚུལ་གང་ལ་བདེ་བ་མྱོང་བའི་འདོད་ཆགས་ལ་ལྷག་པར་ཆགས་པ་དེ་ཉིད་ཡང་བདེ་བ་མྱོང་བར་དོན་དུ་གཉེར་བར་བྱེད་དེ། དེ་ཉིད་དྲན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ [110a.7]གྱུར་པ་དེས་བྱས་པའི་སྐྱོན་ཐོབ་པར་བསྟན་པའི་ཕྱིར་སྨྲས་པ། དེ་ཉིད་ཅེས་བྱ་བ་ནི་དེ་ཉིད་ཀྱིས་སོ། །སྐྱེ་དང་རྒ་བར་ཉེ་བར་འགྲོ་འགྱུར་ཞིང་། །ཞེས་བྱ་བ་ནི་སྐྱེ་བ་དང་རྒ་བ་ཉིད་དུ་ཉེ་བར་འགྲོ་ཞིང་འཇུག་པ་སྟེ། སྐྱེ་བ་དང་རྒ་བར་ཉེ་བར་འགྲོ་བ་ནི་ཡུན་རིང་པོར་སྐྱེ་བ་དང་རྒ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། [110b] [110b.1]འདིས་ནི་བདག་ཉིད་གྲུབ་པར་བྱས་པ་དང་། བདག་ཉིད་རྣམ་པར་འགྱུར་བར་བྱས་པའི་སྡུག་བསྔལ་ཉིད་བསྟན་ཏེ། དུས་གསུམ་ལ་དམིགས་པའི་ཉོན་མོངས་པའི་ཉེ་བར་སྤྱོད་པའི་དམིགས་པ་དང་། དེའི་འབྲས་བུ་རྒ་བ་དང་འཆི་བའི་སྡུག་བསྔལ་གྱིས་འཇིགས་པ་རྣམས་སྲེད་པའི་རྒྱུ་སྤང་བ་ལ་གཟུད་པའི་ [110b.2]ཕྱིར་འདི་གསུངས་སོ། །གཞན་དག་ནི་གླེང་གཞི་དང་ཚིག་མི་མཐུན་པར་འཆད་དོ། །རྒྱལ་པོའི་ཁབ་ན་ཕྱིས་ཁུང་གི་ཕག་ལས་བརྩམས་ནས་གསུངས་པ་ཡིན་ཏེ། སྐྱེ་བ་དང་ཆགས་པར་བྱེད་པ་དང་། ཡིད་བདེ་བ་ལ་རྟོག་པར་བྱེད་པ་སྟེ། དེ་ལ་སྐྱེ་བར་བྱེད་པ་ནི་འདོད་ཆགས་སྐྱེ་བ་དང་། རྟོག་པར་བྱེད་ [110b.3]པའི་ཡིད་དུ་འོང་བ་དང་། སེམས་འཕྲོག་པར་བྱེད་པ་དང་། འཇམ་ཞིང་འཇམ་པའི་ཚིག་ཟུར་གྱིས་སྨྲ་བ་ལ་སོགས་པའི་ངག་གི་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །ཡིད་བདེ་བ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ལུས་དང་ངག་གི་སྤྱོད་པ་རྗེས་སུ་དཔག་པ་དང་། ཡིད་ལ་འདོད་པ་དང་རིག་པའོ། །དང་གི་སྒྲ་ [110b.4]གསུམ་ནི་བསྡུས་པའི་དོན་ཏོ། །སྡིག་པ་ནི་མཐོང་བ་དང་དམིགས་པའོ། །གང་ཡིན་ཞེ་ན། སྨྲས་པ། མི་དག་ཅེས་བྱ་བ་སྨོས་ཏེ། སྐྱེས་པ་དང་བུད་མེད་དེ་གང་གི་ཕྱིར་དེ་གཉི་ག་གཅིག་ལ་གཅིག་མངོན་པར་དགའ་བའོ། །དེ་ལ་རྟོག་པར་བྱེད་པས་ཅི་ཞིག་ཏུ་འགྱུར་ཞེ་ན། སྨྲས་པ། རྟག་ཏུ་བདེ་བ་འདོད་ [110b.5]པར་བྱེད་ཅེས་བྱ་བ་སྟེ། གང་བུད་མེད་ཀྱིས་སྐྱེ་བོ་སྐྱེས་པ་ལ་ཆགས་པ་ནི་བུད་མེད་དེ་ཉིད་ཀྱི་མངོན་པར་འདོད་པས་ལྟ་བར་བྱེད་པ་ཡིན་ཏེ། དེ་ལ་ཆགས་པས་བདེ་བའི་ཁྱད་པར་འདོད་དེ། དེས་མ་འོངས་པའི་དོན་དུ་གཉེར་ཞིང་ཆགས་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་སྐྱེས་པ་བུད་མེད་ལ་ཞེས་བྱ་བ་ལ་ [110b.6]སོགས་པ་བརྗོད་པར་བྱའོ། །རྟག་པའི་དངོས་པོ་ཡིན་པས་རྟག་ཏུ་སྟེ། སྐྱེ་བ་དང་རྒ་བར་ཉེ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་ནི་འཁོར་བ་ན་ཡུན་རིང་དུ་གནས་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །ཚིག་གཉི་ག་ཡང་འགལ་བ་མེད་མོད་ཀྱི། ཕྲན་ཚེགས་ཀྱི་སྡེ་སྣོད་བརྗོད་པ་ [110b.7]ལས་ནི་སྔ་མ་བཞིན་ནོ། །དྲི་མ་དང་བཅས་པའི་སྡུག་བསྔལ་ལས་འདུན་པ་བཟློག་པའི་ཕྱིར་འདི་གསུངས་སོ། །མཁས་པས་ངེས་པར་བརྟགས་ན་ནི་སྲེད་པ་ཉིད་ཀྱིས་སྡུག་བསྔལ་སྐྱེད་པ་ཡིན་ནོ་ཞེས་རྣམ་པ་གཞན་གྱིས་བཤད་པ་བསྟན་པའི་ཕྱིར་སྨྲས་པ། སྐྱེ་དགུ་སྲེད་པ་རྣམས་ཀྱིས་མདུན་དུ་ [111a] [111a.1]བདར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་བཱ་རཱ་ཎ་སཱི་ན་དགེ་སློང་རབ་ཏུ་མང་པོ་དུར་ཁྲོད་དུ་རྒྱུ་བ་ན་དེའི་ཚེ་བྱི་བོ་བྱེད་པའི་སྐྱེ་བོ་མང་པོ་ཀ་ར་བཱི་རའི་ཕྲེང་བ་མགོ་ལ་བཏགས་ཏེ། གཤེད་མ་བས་ཅ་ཅོ་ཆེན་པོས་ཁྱེར་བཞིན་དུ་བསད་དོ། །དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་རི་བོང་ [111a.2]གི་རྒྱ་བརྐྱང་པ་གང་དུ་རི་བོང་མང་པོ་ཟིན་ཏེ་ཕན་ཚུན་མཆོང་བར་གྱུར་ཀྱང་མ་ཐར་བ་དག་མཐོང་སྟེ། ཡང་སྙིང་རྗེ་སྐྱེས་ནས་འདི་སྐད་དུ་གཏམ་དུ་བརྗོད་དེ། རེ་ཞིག་མི་འདི་དག་ནི་ངན་པར་སྤྱོད་པ་སྤྱད་པས་བསད་པ་ཡིན་ན། རི་དྭགས་འདི་དག་ནི་ཤིན་ཏུ་དཀའ་བ་སྤྱོད་དེ་རྩྭ་དང་ཆུ་ཉུང་ཟད་ཙམ་ལ་སྤྱོད་ཅིང་འཚོ་བས་ [111a.3]གནས་པར་བྱེད་པ་ཡིན་ན། དེ་ཇི་ལྟར་ཉེས་པ་མེད་པར་གསོད་པར་བྱེད་ཅེས་སོ། །གནས་སྐབས་འདི་ལྟ་བུ་དག་བཅོམ་ལྡན་འདས་ཀྱིས་གསན་ཏེ་འདི་གསུངས་སོ། །གཞན་དག་ནི་རྒྱལ་པོའི་ཁབ་ན་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་བཞུགས་ཏེ། ཕྱི་ས་ཁུང་ན་ཕག་ཅིག་ [111a.4]འགྲེ་ཞིང་ལྡོག་ལ་མངོན་པར་དགའ་བ་དེའི་དབང་དུ་མཛད་དེ་གསུངས་པས་དེས་ཀྱང་དེ་ཐོས་ཏེ་སེམས་མངོན་པར་དད་ནས། དེ་ནས་ཤི་འཕོས་ཏེ་གསེར་གྱི་སའི་རྒྱལ་པོའི་རིགས་སུ་སྐྱེས་ཏེ། བདེན་པ་མཐོང་བར་གྱུར་ཏོ་ཞེས་ཟེར་རོ། །དེ་ལ་འདིར་བསྡུས་པའི་དོན་ནི་འཁོར་བའི་རྒྱུ་དང་། འཁོར་བར་བྱེད་ [111a.5]པ་དང་སྡུག་བསྔལ་མང་པོ་ཉིད་དུ་བསྟན་པ་ཡིན་ཏེ། གང་ཀུན་འབྱུང་གི་བདེན་པ་ནི་སྲེད་པ་རྣམས་ཀྱིས་མདུན་དུ་བདར་ཞེས་བྱ་བ་འདིས་བསྟན་ཏོ། །ཀུན་སྦྱོར་རོ་ལ་དགའ་བ་ཞེས་བྱ་བས་ནི་འཁོར་བར་བྱེད་པ་བསྟན་ཏོ། །སྡུག་བསྔལ་གྱི་བདེན་པ་ཡང་དང་ཡང་སྡུག་བསྔལ་ཐོབ་པར་འགྱུར་ཞེས་བྱ་བ་ཡིན་ [111a.6]ནོ། །སྲེད་པ་རྣམས་ཀྱིས་མདུན་དུ་བདར་བ་ནི་མངོན་པར་བརྡས་པ་དང་ཟིལ་གྱིས་ནོན་པའོ། །དེ་ཡང་གང་ཡིན་ཞེ་ན། སྨྲས་པ། སྐྱེ་དགུ་ཞེས་བྱ་བ་སྨོས་ཏེ། སྲེད་པ་རྣམ་པ་སྣ་ཚོགས་དང་བཅས་པའི་སེམས་ཅན་གྱི་འཇིག་རྟེན་སྟོན་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ནི་གང་དང་གང་དུ་སྐྱེ་བ་དེ་དང་དེར་སྲེད་པ་ [111a.7]རྗེས་སུ་འབྲང་བ་ཡིན་ཏེ། དེས་བསྐུལ་ནས་སྡུག་བསྔལ་རྗེས་སུ་མྱོང་ངོ་། །ཡོངས་སུ་རྒྱུག་པ་ཞེས་བྱ་བ་ནི་ཀུན་ནས་ཡོངས་སུ་འཁོར་བ་ཡིན་ཏེ། འགྲོ་བ་ཐམས་ཅད་སྐྱེ་བ་ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་འདིར་དཔེ་བསྟན་པ། རི་བོང་བཞིན་ཞེས་བྱ་བ་སྨོས་ཏེ། འདི་གང་ལ་ཡོངས་སུ་རྒྱུག་པ་ཡིན་ཞེ་ན། [111b] [111b.1]རྒྱ་གང་ཞེས་བྱ་བ་སྨོས་ཏེ། རི་དྭགས་རྣམས་ཡོངས་སུ་གཟུང་བའི་དྲ་བ་སྟེ་རྒྱའོ། །ཇི་ལྟར་རི་བོང་བདེ་བ་ལ་སྲེད་པས་འོང་བ་དང་འབྲོས་པར་བྱེད་ན་ཡང་རྒྱ་དེ་ཉིད་དུ་འཇུག་པར་བྱེད་པ་དེ་བཞིན་དུ་སྐྱེ་དགུ་བདེ་བ་ལ་སྲེད་པས་སྡུག་བསྔལ་ཉིད་ལ་ཡོངས་སུ་རྒྱུག་པ་ཡིན་ནོ། །དེ་ཉིད་དུ་ཡོངས་སུ་རྒྱུག་ [111b.2]པས་རྒྱུ་གང་གིས་ཅི་ཞིག་ཐོབ་པ་ཡིན་ཞེ་ན། སྨྲས་པ། ཀུན་སྦྱོར་ཞེས་བྱ་བ་སྨོས་ཏེ། སྲེད་པའི་ཀུན་དུ་སྦྱོར་བ་ལ་བརྟེན་པའི་རོ་ནི་ཀུན་སྦྱོར་རོའོ། །འདིར་རོ་ཡང་བདེ་བ་ཉིད་དུ་རིག་པར་བྱ་སྟེ། ཇི་སྐད་བཤད་པ་འདོད་པའི་རོ་ཡང་གང་ཞེ་ན། གང་འདོད་པའི་ཡོན་ཏན་ལ་བརྟེན་ནས་སྐྱེས་པའི་ཡིད་བདེ་བའི་ [111b.3]བདེ་བ་འབྱུང་བ་ཡིན་ནོ་ཞེས་བྱ་བ་སྟེ། ཉོན་མོངས་པའི་བདེ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་དགའ་ཞིང་ལྷག་པར་ཞེན་པ་ནི་སྲེད་པའི་ཀུན་དུ་སྦྱོར་བ་ལ་བརྟེན་ནས་བདེ་བ་མྱོང་ཞིང་རྗེས་སུ་འཁོར་བར་འགྱུར་རོ། །དེ་ཡང་གང་ཞེ་ན། སྨྲས་པ། བྱིས་པ་ཞེས་བྱ་བ་སྨོས་ཏེ། ཁྱད་པར་དུ་འདུན་པའི་རྒྱུ་འདིས་བྱས་པ་སྟེ། [111b.4]མི་ཤེས་པ་དག་དུག་དང་འདྲེས་པའི་ཁ་ཟས་ལ་དགའ་བ་བཞིན་དུ་གང་གི་ཕྱིར་དེ་དང་དེའི་ཉེས་དམིགས་མ་མཐོང་བའི་རྨོངས་པ་དེ་ཡང་ཀུན་སྦྱོར་རོ་ལ་དགའ་བའོ། །དེས་ན་ཡང་ངན་པར་སྤྱོད་པ་རྣམ་པ་མང་པོ་བྱས་ནས་ཡང་དང་ཡང་དུ་སྡུག་བསྔལ་ཐོབ་པར་འགྱུར་ཞེས་བྱ་བ་ཡིན་ཏེ། ལན་དུ་མར་ངན་ [111b.5]སོང་ངན་འགྲོའི་སྡུག་བསྔལ་ལམ་བསད་པ་དང་བཅིང་བ་དང་བརྡུང་བ་ལ་སོགས་པའི་སྡུག་བསྔལ་ལོ། །ངན་པར་སྤྱོད་པས་བཀག་ན་ནི་མི་འདོད་པ་མ་ལུས་པ་འབྱུང་བ་མི་འཐོབ་ཅིང་མི་རྙེད་པ་ཡིན་ནོ། །དེ་ལ་འདི་ནི་སྲེད་པ་མང་ཞིང་འཁོར་བ་ལ་མངོན་པར་དགའ་བའི་གདུལ་བྱ་དག་ལ་འཁོར་བས་ [111b.6]སྐྱོ་བར་བྱ་བའི་ཕྱིར་གསུངས་སོ། །སྲེད་པའི་དབང་གིས་སེམས་ཅན་འདི་དག་དགའ་བ་དང་འཆི་བའི་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྲེད་པ་རྣམས་ཀྱིས་མདུད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྲེད་པ་ནི་རྣམ་པ་གསུམ་སྟེ། འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་ [111b.7]པ་དང་། སྲིད་པ་མེད་པའི་སྲེད་པའོ། །ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །གཞན་དག་ན་རེ་གང་སུ་དག་སྡིག་པ་རྣམ་པ་དུ་མ་དང་མི་དགེ་བའི་ཆོས་ཡང་དག་པར་འབྱུང་བ་དེ་ཐམས་ཅད་ནི་སྲེད་པའི་ཀུན་དུ་སྦྱོར་བས་ཡིན་ཏེ། འདི་ལྟ་སྟེ། མདོར་བསྡུ་བའི་ཕྱིར་སྲེད་ [112a] [112a.1]པའི་ཀུན་དུ་སྦྱོར་བ་ནི་དེ་རྣམས་ཀྱི་ནང་ནས་མཆོག་ཏུ་བཤད་པའི་ཕྱིར་རོ་ཞེས་ཟེར་ཏེ། དཔེར་ན་གང་ལ་ལ་ཞིག་གིས་གླང་སྣ་ཕུག་ནས་ཁལ་བཀལ་ན་དེས་ཁལ་ཐམས་ཅད་འདེགས་ཤིང་ཁལ་གནས་པ་ཡིན་ནོ་ཞེས་བརྗོད་དོ། །འདི་ལ་བསྡུས་པའི་དོན་ནི་ཚིག་རྐང་དང་པོས་ [112a.2]ནི་སྲེད་པ་བསྟན་ཏོ། །ཚིག་རྐང་གཉིས་པས་ནི་སྲེད་པའི་ལས་བསྟན་ཏོ། །ལྷག་མས་ནི་དེའི་ཉེས་དམིགས་བསྟན་ཏོ། །དེ་ལ་སྲེད་པ་རྣམས་ཞེས་བྱ་བ་ནི་བདག་ལ་སྲེད་པའི་ཕྱིར་དེ་དང་འབྲེལ་པ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་དོ། །མདུད་པ་ཞེས་བྱ་བ་ནི་བཅིང་ཞིང་གཞན་གྱི་དབང་དུ་བྱས་པ་སྟེ། [112a.3]འཇིག་རྟེན་འདི་ན་སྲེད་པས་འཁོལ་བའོ་ཞེས་མདོ་ལས་གསུངས་སོ། །གཞན་དག་ན་རེ་འདོད་པའི་སྲེད་པས་མདུད་པ་ཡིན་ནོ་ཞེས་ཟེར་རོ། །སྲིད་དང་སྲིད་མིན་དག་ལ་སེམས་ཆགས་ཤིང་། །ཞེས་བྱ་བ་ནི་ཆགས་པའི་སེམས་གང་ལ་ཡོད་པ་དེ་ནི་སེམས་ཆགས་པས་སོ། །སྲིད་པ་དང་སྲིད་པ་མ་ཡིན་ [112a.4]པ་ནི་སྲིད་དང་སྲིད་མིན་ནོ། །གང་བདག་ལ་སྲེད་པ་དེ་ལ་བརྟེན་ནས་རྟག་པར་ལྟ་བ་དེ་ནི་སྲིད་པ་ལ་ཆགས་པའི་སེམས་ཏེ་མངོན་པར་དགའ་བའོ། །གང་ལ་ཡང་ཆད་པར་ལྟ་བ་དེ་ནི་སྲིད་པ་མེད་པ་ལ་སེམས་ཆགས་ཤིང་མངོན་པར་དགའ་བའོ། །འདིར་སྲིད་པའི་སྒྲ་ནི་ཁམས་གསུམ་ལ་བརྗོད་དེ། [112a.5]འདིར་སྲིད་པ་གསུམ་ཡང་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ་ཞེས་མདོ་ལས་གསུངས་སོ། །འདིར་སྲེད་པ་མ་ཡིན་པའི་སྒྲ་ནི་སྲེད་པ་མེད་པ་ལ་བརྗོད་དེ། ཁམས་གསུམ་གྱི་རིས་མཐུན་པ་མི་རྟག་པའམ་མེད་པ་དེ་ལ་དམིགས་པའི་སྲེད་པ་སྟེ། སྲེད་ [112a.6]པ་མེད་པ་ལ་དགོངས་སོ། །དེའི་ཕྱིར་གསུངས་པ། འདི་ལ་གཅིག་ཏུ་སྡུག་བསྔལ་ལ་སོགས་པ་དེ་ཉིད་དུ་འགྱུར་རོ་ཞེས་སྨྲ་སྟེ། ཀྱེ་མའོ་བདག་ནི་ཆད་པར་འགྱུར་བ་སྟེ་ཞིག་ནས་ཕ་རོལ་ཏུ་སྐྱེ་བ་ལ་སོགས་པར་མི་འགྱུར་རོ་ཞེས་སྨྲ་བ་ཡིན་ནོ། །འདི་ལྟར་གྱུར་པ་ལ་སྐྱོན་ཅིར་འགྱུར་ཞེ་ན། སྨྲས་པ། [112a.7]བདུད་ཀྱི་སྦྱོར་བ་དེ་ཞེས་སྨོས་ཏེ། སྲེད་པས་མདུད་པ་རྣམས་སྲེད་པ་གསུམ་དང་སྲིད་པ་མ་ཡིན་པ་དག་ལ་སེམས་ཆགས་པ་རྣམས་ཀྱི་ཉེས་དམིགས་བསྟན་ཏེ། འདིས་སྦྱོར་བར་བྱེད་པས་སྦྱོར་བ་སྟེ་འཆིང་བའོ། །དེ་དང་ལྡན་པ་ནི་འཆིང་བའི་སྦྱོར་བ་དང་ལྡན་པའོ། །བདུད་ཀྱི་ཞེས་བྱ་བ་ནི་ཉོན་མོངས་པ་ [112b] [112b.1]སྟེ་བདུད་ཀྱི་འཆིང་བས་བཅིངས་པ་སྟེ། དེ་ཐོས་ན་དེ་ལས་རྒྱལ་བར་བྱ་བའི་ལས་ལ་གཞན་གྱི་དབང་དུ་བྱས་ཞེས་བྱ་བའི་དོན་ཏོ། །བདུད་ཀྱི་སྦྱོར་བ་དང་ལྡན་པ་རྣམས་ལ་ནི་སྡུག་བསྔལ་དང་བཅས་པ་དང་། འཇིགས་པ་དང་བཅས་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གྲུབ་དང་བདེ་རྣམས་དང་བྲལ་ཞིང་། ། [112b.2]ཞེས་བྱ་བ་སྨོས་ཏེ། གྲུབ་པ་ནི་བདེ་བ་དང་འབྲེལ་པའོ། །བདེ་བ་ནི་འཇིགས་པ་མེད་པའོ། །གྲུབ་པ་དང་བདེ་བ་མེད་པ་ནི་གྲུབ་པ་དང་བདེ་བ་དང་བྲལ་བ་སྟེ། བྲལ་བ་ཡོད་པ་དེ་ཉིད་ནི་དེ་སྟེ། སྡུག་བསྔལ་བ་དང་འཇིགས་པ་ཡོད་པ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་སྨྲས་པ། གང་གི་ཕྱིར་དེ་རྒ་བ་ [112b.3]དང་འཆི་བ་ཞེས་བྱ་བ་སྨོས་ཏེ། རྒ་བས་ནི་སྡུག་བསྔལ་བ་ཉིད་དང་། འཆི་བས་ནི་འཇིགས་པ་ཉིད་བསྟན་ཏོ། །རྗེས་སུ་འགྲོ་འགྱུར་ཏེ་ཞེས་བྱ་བ་ནི་ཐོབ་པར་འགྱུར་བ་དང་རྗེས་སུ་འབྲང་བར་འགྱུར་བའོ། །གང་གིས་ཇི་ལྟ་བུ་ཞེ་ན། མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ། །ཞེས་བྱ་སྟེ། ཇི་ལྟར་ནུ་ཞོ་འཐུང་བའི་ [112b.4]བེའུ་འོ་མ་ལ་སྲེད་པས་འགྲོ་བ་དང་། དེ་ལྟར་རྟག་ཏུ་རྗེས་སུ་འབྲང་བ་དེ་བཞིན་དུ་སྲེད་པའི་འདུན་པ་ཡོད་ན་ནི་རྒ་བ་དང་འཆི་བ་དང་རྗེས་སུ་མཐུན་པར་འཇུག་པར་འགྱུར་ཞིང་རྒ་བ་དང་འཆི་བ་ཉིད་ཀྱི་རྗེས་སུ་འགྲོའི། མྱ་ངན་ལས་འདས་པར་ནི་མ་ཡིན་ནོ། །སྲེད་པའི་ཉེས་དམིགས་བསྟན་པས་དེ་སྤངས་ [112b.5]པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །སྲེད་པ་སྤངས་པ་ལས་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདི་ནི་སྲེད་པ་དེ་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྲེད་པ་རྣམ་པ་གསུམ་པོ་དེ་བཀག་ཅིང་གཏན་དུ་སྤངས་པ་དང་། དེ་སྤངས་པའི་ཕན་ཡོན་རབ་ཏུ་བསྟན་པ་ནི་འདིའི་ [112b.6]བསྡུས་པའི་དོན་ཏོ། །དེ་ཞེས་བྱ་བ་ནི་གང་སྔར་བསྟན་པའི་བདག་ལ་སྲེད་པའམ་འདོད་པའི་སྲེད་པའོ། །འདྲ་ཞེས་བྱ་བ་ནི་ཁྱད་པར་གྱི་དོན་ཏེ། གང་དེ་ལ་རྗེས་སུ་འབྲང་བ་ནི་འཁོར་བ་ཉིད་ཀྱི་རྗེས་སུ་འབྲང་བ་ཡིན་ལ་གང་ཡང་དེ་སྤང་བ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ཡིན་ནོ་ཞེས་ཁྱད་པར་དུ་བྱེད་དོ། ། [112b.7]སྤོང་བྱེད་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་གཉེན་པོས་དེ་ཐོབ་པ་རྒྱུད་ལས་བསྩལ་པའོ། །འདི་ན་ཞེས་བྱ་བ་ནི་བསྟན་པ་འདི་ལ་སྟེ། གཞན་དག་ཏུ་ནི་དེ་སྤོང་བ་མེད་པའི་ཕྱིར་རོ། །དེ་སྤངས་ན་ནི་དེའི་ལས་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྲིད་དང་སྲིད་མིན་དག་ལ་སྲེད་བྲལ་ཞིང་། །ཞེས་ [113a] [113a.1]བྱ་བ་སྨོས་ཏེ། བྲལ་བ་ནི་མི་ལྡན་པའོ། །སྲེད་པ་ལ་མངོན་པར་དགའ་བའི་ཚུལ་གང་ལ་ཡོད་པ་དེ་ནི་དེ་སྟེ། གང་ལ་སྲེད་པ་སྤངས་པར་གྱུར་པ་ལ་ནི་སྲིད་པ་དང་སྲིད་པ་མེད་པ་ལ་དམིགས་པའི་མངོན་པར་དགའ་བ་མེད་ཅེས་བྱ་བའི་དོན་ཏོ། །འདིར་གང་གིས་སྲེད་པ་སྤངས་པར་བྱས་པའི་ [113a.2]ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། སྲེད་པ་ཟིལ་གྱིས་གནོན་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲེད་པའི་ཀུན་དུ་སྦྱོར་བ་ཐོབ་པར་གཏན་དུ་དྲུངས་ཕྱུང་ཞིང་བཅད་པའི་ཕྱིར་ཏེ། བཀག་པ་ཙམ་གྱིས་སྤང་བ་ནི་མ་ཡིན་ཏེ། གཏན་དུ་བྲལ་བར་གྱུར་པའོ། །དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་བཅོམ་ [113a.3]པའི་ཕྱིར་རོ། །ལྷག་མ་མེད་པ་ཞེས་བྱ་བ་ལ། གང་ལ་གྲིབ་མ་ཡོད་པ་མ་ཡིན་པ་དེ་ནི་ལྷག་མ་མེད་པ་སྟེ། ཚོར་བ་པོ་ཉམས་པ་ཡིན་ནོ། །དེ་ཡང་རྣམ་པར་ཤེས་པའི་ཤིང་ལ་གྲིབ་མ་ལྟ་བུ་ནི་ཚོར་བ་ཡིན་ནོ་ཞེས་ཀུན་དགའ་བོའི་མདོའི་ཚིག་གིས་སོ། །དེས་ན་གང་གིས་སྲེད་པ་ཕྱོགས་གཅིག་སྤངས་པས་ནི་དེའི་ [113a.4]ཡན་ལག་གི་ཡོངས་སུ་མྱ་ངན་ལས་འདས་པ་ལྷག་མ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། ཚོར་བ་དང་བཅས་པའི་རྣམ་པར་ཤེས་པའི་ཤིང་ཡོངས་སུ་མ་བཅད་པའི་ཕྱིར་རོ། །གང་གིས་སྲེད་པ་ཐམས་ཅད་སྤངས་པས་ནི་ཡན་ལག་ཐམས་ཅད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེ་ [113a.5]ནི་ལྷག་མ་མེད་པས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བརྗོད་དེ་ཚོར་བ་དང་བཅས་པའི་རྣམ་པར་ཤེས་པའི་ཤིང་ཉིད་བཀག་ཅིང་གཞན་ཡང་མ་སྐྱེས་པའི་ཕྱིར་རོ། །སྲེད་པ་སྤངས་པའི་ཕན་ཡོན་བསྟན་པའི་ཕྱིར་འདི་གསུངས་སོ། །སྲེད་པ་མ་སྤངས་པ་དང་སྲེད་པ་སྤངས་པའི་ཉེས་དམིགས་དང་ [113a.6]ཕན་ཡོན་གོ་རིམས་བཞིན་དུ་བསྟན་པའི་ཕྱིར་སྨྲས་པ། གང་ཞིག་འཇིག་རྟེན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་སྨོས་སོ། །ཁ་ཅིག་ནི་ཉེ་སེར་སྐྱའི་དབང་དུ་མཛད་ནས་འདི་གསུངས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་བཅོམ་ལྡན་འདས་དགོན་པ་ན་ཉན་ཐོས་ཀྱི་ཚོགས་དང་དབྱར་གྱི་དུས་ [113a.7]སུ་ལྷན་ཅིག་ཏུ་བཞུགས་སོ། །ཇི་ཙམ་ན་བི་རན་ཞེས་བྱ་བའི་རྩྭའི་རིགས་འཕེལ་ཞིང་རྒྱས་པ་གཟིགས་ཏེ། དགེ་སློང་སྲེད་པ་ཤས་ཆེ་བ་དག་གི་དོན་དུ་འདི་གསུངས་སོ། །དགེ་སློང་དག་སྲེད་པ་ནི་དྲ་བ་དང་ཡུལ་ལ་སྲེད་པ་ཡིན་ཏེ། འཁོར་བའི་འཆིང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་ [113b] [113b.1]ཟེར་རོ། །འདི་ལ་བསྡུས་པའི་དོན་ཡང་འདོད་པའི་སྲེད་པའི་སྐྱོན་མཐོང་བའི་ཆོས་འདི་ཉིད་ལ་རྣམ་པ་བཞི་ཡོད་དེ་ཞེས་བསྟན་ཏེ། ཤིན་ཏུ་ཟིལ་གྱིས་གནོན་པ་དང་། དམིགས་པ་དམན་པ་དང་། ལས་ལ་མངོན་པར་དགའ་བ་དང་། ཟིལ་གྱིས་གནོན་པར་དཀའ་ཞིང་མྱ་ངན་འཕེལ་བའོ། །དེའི་ཕྱིར་ [113b.2]དང་པོར་འདོད་པའི་སྲེད་པ་ལ་ལྷག་པར་བཏང་སྙོམས་ཀྱི་སེམས་སུ་འགྱུར་རོ། །དེ་ནས་དམིགས་པ་དམན་པ་དང་སྡིག་པའི་ལས་ལ་མངོན་པར་དགའ་བར་འགྱུར་རོ། །དེ་ནས་ངན་པར་སྤྱོད་པས་སྲིད་པར་འགྱུར་རོ། །དེ་ནས་འདོད་པའི་དངོས་པོ་ཡོངས་སུ་འགྱུར་བས་མྱ་ངན་ཤས་ཆེར་འཕེལ་བར་ [113b.3]འགྱུར་རོ། །གང་ཞིག་ཅེས་བྱ་བ་ནི་སེམས་ཅན་ནོ། །འདིས་ཞེས་བྱ་བ་ནི་འདོད་པའི་སྲེད་པས་སོ། །ཁོལ་བ་ཞེས་བྱ་བ་ནི་ཟིལ་གྱིས་མནན་པའོ། །ཇི་ལྟ་བུར་ཞེ་ན། སྨྲས་པ། བུད་མེད་ཅེས་བྱ་བ་སྨོས་ཏེ། དམན་པའི་དངོས་པོ་ལ་དམིགས་པའི་ཕྱིར་དང་། ངན་པར་སྤྱོད་པ་བསྐྱེད་པའི་ཕྱིར་དང་འདོད་པའི་ [113b.4]བདེ་བ་རྗེས་སུ་སྤྱོད་པ་ནི་དམན་པ་ཉིད་ཐ་མལ་པ་ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་གིས་སོ། །སྲེད་པ་ཞེས་བྱ་བ་ནི་འཁོར་བ་དོན་དུ་གཉེར་བའི་ལས་བསྐྱེད་པའོ། །འཇིག་རྟེན་སྤང་དཀའ་ཞེས་བྱ་བ་ནི་མུ་སྟེགས་པའི་འཇིག་རྟེན་ཏེ། འདི་ལ་དཀའ་བས་སྤང་ཞིང་དོར་བས་ཡོད་པ་དེ་ནི་སྤང་བར་དཀའ་ [113b.5]བའམ། འདའ་བར་དཀའ་བའམ། དོར་བར་དཀའ་བ་ཞེས་བྱ་བའི་དོན་ཏོ། །བདག་མེད་པའི་འདུ་ཤེས་དེ་ནི་དེའི་གཉེན་པོ་ཡིན་ཏེ། ཕྱི་རོལ་པས་མི་རྟོག་པའི་ཕྱིར་རོ། །སངས་རྒྱས་ཀྱི་བསྟན་པ་ལ་ནི་འདི་སྤང་བར་དཀའ་བ་མ་ཡིན་ཏེ། ཕྱིན་ཅི་མ་ལོག་པས་དེའི་གཉེན་པོ་དམིགས་པའི་ཕྱིར་ [113b.6]རོ། །དེ་ཡི་མྱ་ངན་འཕེལ་བར་འགྱུར། །ཞེས་བྱ་བ་ནི་གང་གི་ཕྱིར་དངོས་པོ་གང་ལ་འདོད་པའི་སྲེད་པས་ཟིལ་གྱིས་གནོན་པ་ནི་དངོས་པོ་དེ་མེད་ཅིང་རྣམ་པར་འགྱུར་བ་ལས་ལྷག་པར་ཞེན་པའི་སྐྱེས་བུའི་མྱ་ངན་ཏེ། ཡིད་ཀྱི་གདུང་བའོ། །འཕེལ་བར་འགྱུར་བ་ནི་སྩོགས་པར་འགྱུར་བ་སྟེ། ཇི་སྲིད་དུ་ [113b.7]གང་ལ་སྲེད་པའི་དངོས་པོ་ཡོད་པ་དེ་ནི་གང་དག་རྣམ་པར་འགྱུར་བ་དེ་སྲིད་དུ་མྱ་ངན་འཕེལ་བར་འགྱུར་ཏེ། འདིར་དཔེ་བསྟན་པ། རྩྭ་ལ་ཆར་པ་བབ་པ་བཞིན། །ཞེས་བྱ་བ་སྨོས་ཏེ། ཆར་བབ་པ་ནི་བརླན་པ་དང་། ཆུས་བླུག་པའོ། །འདིར་རྩྭ་ནི་བི་ར་ན་ཞེས་བྱ་བའི་རྩྭའི་རིགས་ཡོད་དེ། གང་གི་རྩ་བ་ [114a] [114a.1]ཨུ་ཤིར་ཡིན་པའོ། །དཔེར་ན་བི་ར་ན་ཞེས་བྱ་བའི་རྩྭ་ལ་ཇི་ལྟར་ཆར་བབ་ཅིང་བརླན་པ་དེ་ལྟ་དེ་ལྟར་འཕེལ་བར་འགྱུར་རོ། །དེ་བཞིན་དུ་ཇི་ལྟ་ཇི་ལྟར་རང་གི་སེམས་ཀྱི་རྒྱུད་ལ་བརྟེན་པའི་མྱ་ངན་གྱི་ས་བོན་སྲེད་པ་འཕེལ་བར་འགྱུར་བ་དེ་ལྟ་དེ་ལྟར་མྱ་ངན་འཕེལ་བར་འགྱུར་རོ། །སྲེད་པའི་ [114a.2]སྐྱོན་བསྟན་པས་དེ་སྤང་བ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །དཀར་པོའི་ཕྱོགས་ཀྱི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། གང་ཞིག་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གིས་ཡང་ཡང་སྲེད་པ་འདིས་འཁོལ་བ་དེ་ཟིལ་གྱིས་མནན་པ་དང་སྤངས་པ་སྟེ། བུད་མེད་ཅེས་བྱ་བ་ལ་སོགས་པའི་རྣམ་པའི་དོན་ [114a.3]ཏོ། །དེ་ཡི་མྱ་ངན་ལྡོག་འགྱུར་ཏེ། །ཞེས་བྱ་བ་ནི་སྲིད་པ་སྤངས་པའི་གང་ཟག་དེའི་སྟེ་སེམས་ཀྱི་གདུང་བ་ཐམས་ཅད་སེལ་བ་ཡིན་ནོ། །གང་ལ་ཇི་ལྟ་བུ་ཞེ་ན། སྨྲས་པ། པད་མ་ལ་ནི་ཆུ་ཡི་ཐིགས་པ་བཞིན། །ཞེས་བྱ་བ་སྟེ། པད་མ་ཞེས་བྱ་བ་ནི་པུ་ཀ་ར་སྟེ། ཇི་ལྟར་པད་མའི་འདབ་མ་ལ་ཆུའི་ཐིགས་པ་བྱུང་བ་ནི་ལྡོག་ཅིང་དེ་དེའི་ནང་དུ་ [114a.4]འཇུག་པར་མི་འགྱུར་རོ། །དེ་བཞིན་དུ་འདོད་པའི་སྲེད་པ་སྤངས་པ་ཡང་སྡུག་པ་རྣམ་པར་འགྱུར་བ་ལས་གྱུར་པའི་མྱ་ངན་སེམས་ལ་འཇུག་པར་མི་འགྱུར་རོ། །འདོད་པའི་སེམས་སྤངས་པའི་ཕན་ཡོན་བསྟན་པའི་ཕྱིར་འདི་གསུངས་སོ། །གང་གི་ཕྱིར་སྲེད་པ་འཕེལ་བ་ལས་ནི་ཕུང་ཁྲོལ་འབྱུང་བ་ཡིན་པས་དེ་སྤང་ [114a.5]བའི་ཕན་ཡོན་བསྟན་པའི་ཕྱིར་འདི་ལྟ་སྟེ། དེ་ཕྱིར་ཇི་སྙེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བཅོམ་ལྡན་འདས་ཀྱིས་སྣོད་དུ་གྱུར་པ་ལ་བསྟན་པ་དང་། ཕྱོགས་སུ་མ་ལྷུང་བས་བསྟན་པ་དང་། ཡང་དག་པར་བསྒྲུབ་པ་བསྟན་པ་དང་། ཡང་དག་པར་བསྒྲུབ་པའི་ཕན་ཡོན་བསྟན་པ་ཡིན་ཏེ། དེའི་ཕྱིར་ཁྱེད་ལ་ [114a.6]ཞེས་བྱ་བ་ལ་སོགས་པས་ནི་སྣོད་དུ་གྱུར་པ་བསྟན་ཏོ། །དེའི་ཕྱིར་ཇི་སྙེད་ཅེས་བྱ་བ་ལ་སོགས་པས་དེའི་ཕྱིར་ཕན་པའི་བསམ་པས་བསྟན་པའོ། །ཨུ་ཤིར་ཕྱིར་ནི་ཞེས་པ་དང་། སྲེད་པ་རྩར་བཅས་ཞེས་བྱ་བ་ལ་སོགས་པས་ནི་ཡང་དག་པར་བསྒྲུབ་པ་བསྟན་ཏོ། །སྲེད་པ་དྲུངས་ནས་ཕྱུང་ཤིག་དང་། ། [114a.7]ཞེས་བྱ་བ་ལ་སོགས་པས་དེའི་ཕན་ཡོན་བསྟན་ཏོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་དེ་བས་ན་སྟེ། གང་གི་ཕྱིར་སྲེད་པ་ལ་ནི་རྗེས་སུ་འཇུག་པ་ནི་མ་དག་པ་ཡིན་པར་སྣང་ལ། དེ་སྤངས་པ་ནི་ཕན་ཡོན་ཡོད་པ་ཉིད་དེ། དེའི་ཕྱིར་ཁྱོད་ཀྱིས་དེ་སྤངས་པ་ལ་འབད་པར་གྱིས་ཤིག་པའོ། །བརྒྱ་ལ་དེ་ལ་ [114b] [114b.1]བདག་ཅག་སྐལ་བ་དང་མི་ལྡན་པ་ཡིན་ནོ་ཞེ་ན། སྨྲས་པ། ཁྱོད་ལ་ཞེས་བྱ་བ་སྨོས་ཏེ། ཁྱེད་ཅག་ལ་ཞེས་བྱ་བའི་དོན་ཏོ། །སྨྲ་ཡིས་ཞེས་བྱ་བ་ནི་བཤད་དོ་ཞེས་བྱ་བའོ། །ཅི་ཞེ་ན་སྨྲས་པ། ཁྱེད་བདེ་ཤོག་ཅེས་བྱ་བ་སྨོས་ཏེ། ཁྱེད་ཅག་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་པའོ། །འདི་སྐད་སྟོན་པ་ [114b.2]ཡིན་ཏེ། ཁྱེད་ཅག་སྣོད་དུ་གྱུར་པ་ཡིན་པས་དེས་ན་ངས་ཁྱེད་ལ་སྨྲ་བར་བྱ་སྟེ། འདི་ནི་བདེ་བ་ཡིན་ཏེ་ཚེ་དང་ལྡན་པ་ཁྱེད་ཅག་ཉེ་བར་གནས་པ་སྟེ། འདི་ལྟ་སྟེ་སྟོན་པ་ཡང་མངོན་སུམ་དུ་གྱུར་ལ་ཁྱེད་ཅག་ཀྱང་སྲེད་པ་གཉེན་པོས་སྤོང་ནུས་པ་ཡིན་པས་སོ། །དེ་ལྟ་བུ་གང་ཡིན་ཞེ་ན། སྨྲས་པ། ཇི་སྙེད་བྱ་བ་ནི་ [114b.3]ཚད་ཇི་ཙམ་པ་སྟེ། ཚེ་དང་ལྡན་པ་གང་ཁྱེད་ཅག་ཉིད་དོ། །འདིར་ལྷགས་པ་ཞེས་བྱ་བ་ནི་ཁྱེད་ཅག་ཉེ་བར་གནས་ཤིང་གན་དུ་ཕྱིན་པ་སྟེ། ཁྱེད་ཅག་ཐམས་ཅད་དོ། །གང་ཡིན་ཞེ་ན། སྨྲས་པ། སྲེད་པ་སྟེ་འཁོར་བ་ལ་འདོད་ཆགས་པའམ། འདོད་པའི་འདོད་ཆགས་སོ། །རྩར་བཅས་ཞེས་བྱ་བ་ནི་རྒྱུ་དང་ [114b.4]བཅས་པ་སྟེ། མ་རིག་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྲེད་པའི་རྩ་བ་ནི་མ་རིག་པའོ། །གཞན་དག་ན་རེ་ཚོར་བ་ཡིན་ཏེ་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བའི་མདོའི་ཚིག་གིས་སོ། །རྩ་བ་དང་ལྷན་ཅིག་པ་ཡིན་པས་རྩར་བཅས་སོ། །བི་ར་ནའི་རྩ་བ་ནི་ཨུ་ཤི་ར་སྟེ་དེ་ལས་སྐྱེས་པའི་རྩྭའི་ [114b.5]རིགས་སོ། །ཨུ་ཤི་ར་དོན་དུ་གཉེར་བ་ནི་ཨུ་ཤི་རའི་ཕྱིར་ཏེ། དེ་དགོས་པ་ཡོད་པའི་ཕྱིར་རོ། །གང་ཨུ་ཤི་ར་འདོད་པ་དེ་ནི་རྩྭ་བི་ར་ན་རྩ་བ་དང་བཅས་པ་གཞོར་ལ་སོགས་པས་དྲུངས་ནས་འབྱིན་པ་དེ་བཞིན་དུ་མ་རིག་པ་དང་བཅས་པར་སྲེད་པ་དྲུངས་ནས་ཕྱུང་ན་ཉ་སེར་སྐྱ་བཞིན་དུ་ཉམས་པ་ཐོབ་པར་མི་འགྱུར་རོ། ། [114b.6]དེ་བཞིན་དུ་ཡང་དག་པར་བསྒྲུབ་པའི་ཕན་ཡོན་སྨྲས་པ། སྲེད་པ་དྲུངས་ནས་ཕྱུང་ཤིག་དང་། །ཞེས་བྱ་བ་སྨོས་ཏེ། ཕྱུང་ཤིག་ཅེས་བྱ་བ་ནི་བཏོན་པའོ། །འདི་རྩ་བ་ནས་བཏོན་པ་གང་ཡིན་པ་དེ་ནི་རྩ་བ་ནས་ཕྱུང་བའོ། །དེ་ལྟར་རྩ་བ་ནས་བྱུང་བར་གྱུར་ན་མྱ་ངན་མེད་ཅིང་ཞེས་བྱ་བ་ཡིན་ཏེ། དེ་ལྟར་བྱུང་བའི་དུས་ན་ [114b.7]ཡང་ཡིད་གདུང་བ་མེད་ཅིང་སྡུག་བསྔལ་བ་མེད་དོ། །འཇིགས་པ་མེད་ཅེས་བྱ་བས་ནི་མ་འོངས་པའི་དུས་སྡུག་བསྔལ་ཡང་མེད་པ་ཉིད་དོ། །གང་གི་ཕྱིར་སྲེད་པ་དང་བཅས་པ་རྣམས་ལ་ནི་ད་ལྟར་བྱུང་བའི་སྡུག་བསྔལ་དང་མྱ་ངན་ཡོད་པ་ཡིན་ལ་མ་འོངས་པ་ན་སྡུག་བསྔལ་བ་སྟེ་འཇིགས་པ་ཡོད་དོ། །གཞན་དག་ [115a] [115a.1]ནི་གདུལ་བྱ་ཉེ་བར་གནས་པ་དག་ལ་ཚིག་རྐང་དྲུག་གིས་ཡང་དག་པར་ལེན་པ་དག་སྟེ། རྒན་པོ་དང་བར་མ་དང་གསར་བུ་རྣམས་ལ་ཚིག་དུརྐང་སྔ་མ་གཉིས་ཀྱིས་ནི་ཡང་དག་པར་གཟེངས་བསྟོད་ཅིང་ཡང་དག་པར་འཇུག་པ་དག་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །ཚིག་རྐང་ཕྱི་མ་གཉིས་ཀྱིས་ནི་ [115a.2]ཡང་དག་པར་བསྒྲུབ་པ་དག་ལ་ཕྱིན་ཅི་མ་ལོག་པར་འཛིན་དུ་གཞུག་པའི་ཕྱིར་རོ། །ཚིག་རྐང་གསུམ་པ་གཉིས་ཀྱིས་ནི་ཡང་དག་པར་བསྒྲུབས་པའི་ཕན་ཡོན་བསྟན་པ་ནི་བསྡུས་པའི་དོན་ཡིན་ནོ་ཞེས་ཟེར་རོ། །འདི་ནི་སྲེད་པ་སྤང་བ་ལ་གཟུད་པའི་ཕྱིར་གསུངས་སོ། །ཡང་སྲེད་པ་སྐྱེ་བ་ཉིད་ནི་སྐྱོན་མ་ལུས་པའི་དྲ་བ་ [115a.3]ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྐྱེས་བུ་སྲེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་གླེང་གཞི་ནི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་སྲེད་པའི་ཀུན་དུ་སྦྱོར་བ་དང་གང་ཞིག་མི་ལྡན་པར་སེམས་ཅན་རྣམས་ཡུན་རིང་པོའི་དུས་སུ་འཁྱམ་ཞིང་འགྲོ་བར་འགྱུར་བ་ནི་ངས་གཅིག་ཀྱང་མ་མཐོང་ངོ་ཞེས་བྱ་བ་ལ་ [115a.4]སོགས་པ་གསུངས་ནས། ཚིགས་བཅད་གཉིས་གསུངས་སོ། །ཁ་ཅིག་ནི་དགེ་སློང་དག་འཇིག་རྟེན་ནི་སྲེད་པས་འཁོལ་ཅིང་ཐུག་པ་མེད་པར་འགྲོ་སྟེ། དེ་ལྷར་སྐྱེས་ནས་མིར་འགྱུར་རོ། །མིར་སྐྱེས་ནས་ཇི་སྲིད་དུ་དམྱལ་བའི་བར་དུ་འགྱུར་ཏེ། དེ་ལྟ་བས་ན་སྲེད་པ་ཡོངས་སུ་སྤོངས་ཤིག་དང་། དེ་ཉིད་ཀྱིས་ [115a.5]ཁྱོད་ཀྱི་སྡུག་བསྔལ་ཟད་པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ནི་ལོ་དྲུག་ཅུའི་བར་དུ་མངལ་དུ་གནས་ཏེ། སྐྲ་དཀར་དང་གཉེར་མ་བྱུང་ཞིང་ཐིག་ལེ་ནག་པོས་ལུས་ཉམས་པར་བྱས་པའི་རྒན་པོ་ཞིག་གི་དབང་དུ་བྱས་ནས་གསུངས་ཞེས་ཟེར་རོ། །དེ་གཉིས་ལས་རེ་ཞིག་དང་པོ་བཤད་པར་བྱ་སྟེ། སྐྱེས་ [115a.6]བུ་སྲེད་པ་དང་འགྲོགས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་བསྡུས་པའི་དོན་ནི་སྲེད་པ་དང་འགྲོགས་པ་དང་ཉེ་བར་ལེན་པ་གཉིས་ཀྱིས་ནི་ཀུན་འབྱུང་གི་བདེན་པ་བསྟན་ཏོ། །ཡང་དང་ཡང་དུ་མངལ་དུ་འཇུག །ཅེས་བྱ་བས་ནི་སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །སྲེད་པའི་གཉིས་པ་གང་བའི་སྐྱེས་བུ་ [115a.7]དེ་ནི་སྲེད་པའི་གཉིས་པ་སྟེ། སྲེད་པའི་གྲོགས་ཞེས་བྱ་བའི་དོན་ཏོ། །སྲེད་པའི་རྗེས་སུ་འགྲོ་བའི་ཕྱིར་དང་། སེམས་ཅན་གྱི་རྒྱུད་དེའི་རྗེས་སུ་འགྲོ་བའི་ཕྱིར་རོ། །སྐྱེས་བུ་ཞེས་བྱ་བ་ནི་རྩུབ་པ་ལ་སོགས་པའི་ལས་ཀྱིས་གང་བ་ཡིན་ནོ་ཞེས་བྱ་བ་ནི་ངེས་པའི་ཚིག་སྟེ། སོ་སོའི་སྐྱེ་བོ་ཞེས་བྱ་བའི་དོན་ཏོ། །ཡུན་ [115b] [115b.1]རིང་ཞེས་བྱ་བ་ནི་ཐོག་མ་མེད་པ་སྟེ། ཇི་སྐད་དུ་བཤད་པ། དགེ་སློང་དག་སྐྱེ་བའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དུས་ཞེས་བྱ་བ་ནི་འཁོར་བ་དག་ཏུ་ཟད་པ་སྟེ། མི་རྟག་པས་ཉམས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །འཁྱམ་འགྱུར་བས་ཞེས་བྱ་བ་ནི་འཁོར་བ་སྟེ། འགྲོ་ [115b.2]བའི་འགྲོ་བ་དག་ཏུ་ལས་ཇི་ལྟ་བ་བཞིན་དུ་འགྲོ་བའོ། །ཅི་ཞིག་བྱེད་པར་འགྱུར་ཞེ་ན། སྨྲས་པ། ཡང་དང་ཡང་དུ་ཉེར་ལེན་ཅིང་། །ཞེས་བྱ་བ་སྨོས་ཏེ། རྟག་ཏུ་ཉེ་བར་ལེན་པ་རྣམ་པ་བཞི་ཉེ་བར་ལེན་ཏེ། འདོད་པའི་འདོད་ཆགས་ལ་སོགས་པ་འདུས་པས་ཉེ་བར་ལེན་པའི་རྐྱེན་ནི་ལས་ཡིན་ནོ་ཞེས་བྱ་བའི་ཚིག་གིས་ [115b.3]སོ། །ལས་མེད་པ་ནི་ཉེ་བར་ལེན་པ་མི་འབྱུང་སྟེ། ལས་ཀྱི་དབང་གིས་ཡང་མངལ་དུ། །ཞེས་བྱ་བ་སྨོས་ཏེ། མངལ་གྱི་གནས་སུ་མི་གཙང་བའི་ནང་དུ་དམྱལ་བ་དང་འདྲ་བར་ལས་ཀྱི་དབང་གིས་འཇུག་པ་ཡིན་ནོ། །དེ་ལྟར་ཉེ་བར་འགྲོ་ཞིང་མངལ་གྱི་གནས་སུ་ཉེ་བར་སོང་ནས་ཡང་ཅི་ཞིག་བྱེད་པ་ཡིན་ཞེ་ན། [115b.4]སྨྲས་པ། གནས་སྐབས་འགྱུར་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གནས་སྐབས་འགྱུར་བས་མངལ་ནས་བྱུང་སྟེ། དེའི་དུས་ཕྱི་ཞིག་ན་རིམ་གྱིས་བདག་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་གནས་སྐབས་དག་སྟོན་པ་ཡིན་ཏེ། འདི་ལྟ་བུའི་རྣམ་པའི་དངོས་པོ་ཡིན་པས་གནས་སྐབས་འགྱུར་ [115b.5]བའོ། །དེ་ལས་གཞན་དུ་འགྱུར་བ་ནི། སྔ་མ་ལས་མི་འདྲ་བར་གྱུར་པ་སྟེ། འདིས་ནི་ལུས་ཡང་དང་ཡང་ནད་དང་རྒ་བ་དང་། འཆི་བས་བྱས་པའི་རྣམ་པར་འགྱུར་བ་ཉིད་སྟོན་ཏོ། །སེམས་ཅན་འོང་དང་ཞེས་བྱ་བ་ནི་སྲིད་པ་ལས་སེམས་ཅན་འོང་བའམ། དེའི་རྗེས་སུ་འོང་བ་སྟེ་འཇིག་རྟེན་ཕ་རོལ་ [115b.6]ལས་འདིར་འོང་ཞིང་མི་མཐོང་བའོ། །འགྲོ་བར་བྱེད་ཅེས་པ་ནི་འཇིག་རྟེན་འདི་ལས་ཡང་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་བྱེད་པ་སྟེ། འདིས་ནི་སྲེད་པའི་སྐྱོན་བསྟན་ཏོ། །དེ་ལ་འདིར་ཡང་སྐྱོན་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རྒྱུར་གྱུར་པའི་ཕྱིར་དང་། སྡུག་ [115b.7]བསྔལ་གྱི་ཀུན་ནས་ཉོན་མོངས་པའི་རྒྱུར་གྱུར་པའི་ཕྱིར་ཏེ། དེའི་ཕྱིར་ཡང་དང་ཡང་ཉེ་བར་ལེན་པ་དང་མངལ་ལ་སོགས་པས་གོ་རིམས་བཞིན་དུ་བསྟན་ཏོ། །སྡུག་བསྔལ་ཡང་འདིར་རྣམ་པ་གསུམ་དུ་བཤད་དོ། །དེ་ཡང་མངལ་གྱི་གནས་ཀྱི་སྡུག་བསྔལ་དང་། སྐྱེས་ནས་འདོད་པ་དང་མི་འདོད་པའི་གནས་ [116a] [116a.1]སྐབས་གཞན་དུ་འགྱུར་བའི་སྡུག་བསྔལ་དང་། འགྲོ་བ་དག་ཏུ་འཕོ་བའི་སྡུག་བསྔལ་ལོ། །དེ་བས་ན་འདི་དག་ཐམས་ཅད་ནི་སྲེད་པ་ལ་གནས་པ་ཡིན་ནོ་ཞེས་ཤེས་པར་བྱས་ནས་དེ་སྤང་བར་བྱ་བའི་ཕྱིར་འབད་པར་བྱའོ་ཞེས་བསྟན་པའི་ཆེད་དུ་འདི་གསུངས་སོ། །སྲེད་པ་སྤངས་པའི་ [116a.2]ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། འདིར་ནི་སྤང་དཀའི་སྲེད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སྲེད་པ་ནི་གཏན་དུ་སྤང་བར་དཀའ་བ་ཉིད་དང་། དེའི་ཕན་ཡོན་ཡང་འདིར་བསྟན་པ་ཡིན་ནོ། །སྲེད་པ་དེ་སྤོངས་ལ་ཞེས་བྱ་བ་ནི་གང་སྔར་བསྟན་པ་སྟེ། རང་དང་རྗེས་སུ་མཐུན་པའི་གཉེན་པོས་ཞེས་བྱ་བ་ནི་ [116a.3]ཚིག་གི་ལྷག་མའོ། །དང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། །གང་སྲེད་པ་དང་འགྲོགས་པ་ནི་འཁོར་བ་ཡིན་གྱི་གང་དེ་སྤངས་པ་དང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ནི་ཞེས་བྱ་བ་ནི་བསྟན་པ་འདི་ལའོ། །ཡང་ན་འཇིག་རྟེན་གྱི་ཡིད་དུ་འོང་བའི་ཡུལ་ལའོ། །ཅི་ཞིག་བྱས་ནས་སྲེད་པ་སྤང་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། [116a.4]རྒྱུན་ཆོད་ཅིག་དང་ཞེས་བྱ་བ་སྨོས་ཏེ་རྩ་བ་ནས་རབ་ཏུ་ཕྱུང་ཤིག་པའོ། །གང་གི་ཕྱིར་ཕྱི་རོལ་པ་རྣམས་ཀྱི་ནི་དེ་སྤངས་པ་དེ་ཡང་རྩ་བའི་རྒྱུན་ལས་གཅོད་པར་མི་ནུས་པ་ཡིན་ཏེ། སྲེད་པ་ལ་གནས་པས་སྤང་བར་མི་ནུས་པའི་ཕྱིར་རོ། །དཔེར་ན་ལ་ལ་ཞིག་གིས་དུག་ཤིང་བཅད་པར་གྱུར་ན་ཡང་དེའི་རྩ་བ་དྲུངས་ [116a.5]ནས་མ་ཕྱུང་བར་ནི་དེ་ཡང་དབྱར་གྱི་དུས་སུ་སྐྱེ་བར་འགྱུར་བ་དེ་བཞིན་ནོ། །སྤང་དཀའ་ཞེས་བྱ་བ་ནི་བསལ་བར་དཀའ་བ་སྟེ། སྲིད་པའི་རྩེ་མོའི་ཉོན་མོངས་པ་ཐམས་ཅད་ཀྱི་བྱ་བ་ནི་འཕགས་པའི་ལམ་ཉིད་ཀྱིས་སྤང་བ་ཡིན་ཏེ། དེ་ཡང་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་རོ། །ཡང་ན་རྒྱུན་ནི་ས་བོན་ཏེ་སྐལ་ [116a.6]བ་མཉམ་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་སྲེད་པ་དེས་ཡང་སོ་སོར་བརྟག་པའི་འགོག་པས་དེའི་ས་བོན་རྩ་བ་ནས་མ་སྤངས་པ་དེའི་ཚེ་ནི་ཡང་སྐྱེ་བར་འགྱུར་རོ། །དེ་ནི་ཡང་དུ་འཁོར་མི་འགྱུར། །ཞེས་བྱ་བ་ནི་སྲེད་པའི་ས་བོན་བཅད་པའི་འཕགས་པའི་ཉན་ཐོས་དེ་ནི་ཡང་འཁོར་བར་མི་འཁོར་རོ་ [116a.7]ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ཕྱི་རོལ་པ་དེ་དག་གིས་ནི་ས་བོན་མ་བཅད་པའི་ཕྱིར་འཁོར་བར་འགྱུར་ལ། འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་བསྟན་པ། ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ལ་སྲེད་པ་མེད་འགྱུར་ཞིང་། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེ་ཉིད་ལ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྲེད་པ་མེད་ལ་ཕྱི་རོལ་པ་རྣམས་ [116b] [116b.1]ལ་ནི་ལྷག་མ་དང་བཅས་པའི་ཕྱིར་དེ་ནི་ཡང་སྐྱེ་བ་ཡིན་ཏེ། བྱི་བའི་དུག་རྣམ་པར་གྱུར་པ་བཞིན་ནོ། །སྲེད་པ་ཐམས་ཅད་སྤོང་བར་རབ་ཏུ་ཞུགས་པའི་ཕྱིར་འདི་གསུངས་སོ། །སྲེད་པ་གཏན་དུ་མ་སྤངས་པའི་ཉེས་དམིགས་སྨྲས་པ། དལ་འབྱོར་ཆུད་ནི་མི་གསན་པར། །ཞེས་བྱ་བ་ལ་སོགས་པའི་ཚིགས་ [116b.2]བཅད་ཕྱེད་དང་གཉིས་སྨོས་སོ། །ཐམས་ཅད་ལ་ཕྱིན་ཅི་མ་ལོག་པའི་རྗེས་སུ་བསྟན་པ་སྦྱིན་པར་ནི་དགེ་སློང་མཽད་གལ་གྱི་བུ་ཆེན་པོས་ཀྱང་མི་ནུས་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། རེ་བ་ཏ་ཀ་ཞེས་བྱ་བ་དེའི་ཉེ་གནས་ལ་ཇི་ལྟར་ཡང་དེའི་འདོད་པའི་འདོད་ཆགས་ཀྱི་རྒྱུ་ཞེས་བྱ་བ་ལ་སོགས་པས་བསྟན་ནས་ [116b.3]འདི་གསུངས་སོ། །འདིའི་བསྡུས་པའི་དོན་ནི་གང་བཅིངས་པ་དང་། གང་གིས་དང་དེ་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དང་དེ་སྒྲུབ་པའི་དུས་ཀྱང་མི་རྟག་པ་ཉིད་ཀྱིས་དེའི་དུས་འདས་པ་ཉིད་ན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དྲག་པོ་དང་ལྡན་པ་ཉིད་དུ་བསྟན་ཏོ། །གང་གིས་ཞེས་བྱ་བ་ནི་ཡུལ་ལ་སྲེད་པ་དང་ལུས་ལ་སྲེད་ [116b.4]པ་ཞེས་བྱ་བའི་དོན་ཏོ། །ལྷ་ཞེས་བྱ་བ་ནི་རྒྱལ་ཆེན་རིས་བཞི་ལ་སོགས་པའོ། །མི་ནི་འཛམ་བུ་གླིང་པ་ལ་སོགས་པའོ། །དུད་འགྲོ་ནི་ངན་འགྲོ་རྣམས་ཀྱང་ངོ་། །བཅིངས་ནས་འཇོག་བྱེད་པ་ཞེས་བྱ་བ་ནི་ཆགས་ནས་གནས་པར་བྱེད་པའོ། །ནས་ཞེས་བྱ་བ་ནི་ཚིག་གི་ཁ་སྐོང་བའམ་ཡང་ན་འབྱེད་པ་ཡིན་ནོ། །གང་གིས་ [116b.5]འཆིང་བ་ནི་གཞན་ཡང་འཆིང་བ་ཡིན་མོད་ཀྱི། སྲིད་པ་གཙོར་བསྟན་པ་སྟེ། བཅིངས་པ་དེ་ཉིད་དོ། །དོན་གཉེར་ཞེས་བྱ་བ་ནི་འདོད་པའི་ཕུན་སུམ་ཚོགས་པ་དོན་དུ་གཉེར་བར་བྱེད་པ་ཡིན་ཏེ། དེ་ལ་ལྷ་རྣམས་ནི་འདོད་པས་ཡོངས་སུ་ཚོལ་བར་བྱ་བ་མེད་དེ། འོན་ཀྱང་འདོད་པ་དག་རབ་ཏུ་ཐོབ་པ་ལ་ཤིན་ཏུ་ཆགས་པའི་ [116b.6]སེམས་ཀྱིས་གནས་པ་ཡིན་ཏེ། དེ་ནས་བཅིངས་ནས་འཇོག་པ་ཡིན་ནོ། །མི་རྣམས་ནི་འདོད་པ་ཡོངས་སུ་ཚོལ་བས་རྟག་ཏུ་དོན་དུ་གཉེར་བར་བྱེད་པ་ཡིན་ནོ། །ཡང་ན་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ནི་སྙོམས་པར་འཇུག་པ་ལ་ཆགས་པས་བཅིངས་ནས་འཇོག་པར་བྱེད་པ་དེ་ [116b.7]ཉིད་དོ། །འདོད་པ་ན་སྤྱོད་པའི་ལྷ་དང་མི་རྣམས་ནི་ད་ལྟར་བྱུང་བའི་འདོད་པ་དག་ལ་འདོད་ཅིང་ཆགས་ལ་མ་འོངས་པ་དག་ལ་དོན་དུ་གཉེར་བའི་སྒྲར་བརྗོད་དོ། །དོན་དུ་གཉེར་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་དོན་དུ་གཉེར་བའོ། །ཡུལ་ལ་སྲེད་པ་ཞེས་བྱ་བ་ནི་ཡུལ་རྣམ་པ་སྣ་ཚོགས་ལ་ཀུན་དུ་ [117a] [117a.1]ཆགས་པ་དེ་ནི་ཡུལ་ལ་སྲེད་པ་སྟེ། འདིས་ནི་སྲེད་པའི་རང་གི་ངོ་བོ་བསྟན་ཏོ། །དེ་ལས་རྒོལ་ཞེས་བྱ་བ་ནི་སྲེད་པ་སྤོངས་ཤིག་པ་དང་། འདའ་བར་གྱིས་ཤིག་པའོ། །འདིར་བག་མེད་པར་མ་བྱེད་ཅིག་པ་སྟེ། དལ་བ་ལས་འདས་པར་མ་བྱེད་ཅིག་པའོ། །བྱ་བ་མ་ཡིན་པ་མི་བྱ་བ་ཉིད་བསྟན་པའི་ [117a.2]ཕྱིར་སྨྲས་པ། དལ་འབྱོར་ཆུད་ནི་མི་གསན་པར། །ཞེས་བྱ་བ་སྨོས་ཏེ། མི་ནི་མི་ཁོམ་པ་བརྒྱད་སྤངས་པའི་དལ་བ་སྟེ། དེ་ཁྱོད་ཀྱིས་ཆུང་མ་གསན་ཅིག་པ་ནི་ཐོབ་ནས་འདས་པ་དང་དོན་མེད་པས་འདའ་བར་མ་བྱེད་ཅིག་པའི་དོན་ཏོ། །ཅིའི་ཕྱིར་དེ་ལྟར་སྦྱར་བ་ཡིན་ཞེ་ན། སྨྲས་པ། དལ་འབྱོར་ཐལ་བས་ཞེས་བྱ་བ་ [117a.3]སྨོས་ཏེ། དལ་བ་ནི་ཇི་སྐད་དུ་བསྟན་པ་ཉིད་དོ། །ཐལ་བ་ནི་དལ་བ་ལས་འདས་པ་སྟེ་དལ་བ་ཉམས་པའོ། །བས་ཞེས་བྱ་བ་ནི་རྒྱུ་བསྟན་པའི་དོན་ཏེ། གང་གི་ཕྱིར་འདི་ལྟར་དལ་འབྱོར་ལ་གནས་ནས་བག་མེད་པས་སྲེད་པའི་དབང་དུ་ཅི་དགར་སྤྱོད་པ་དེ་ནི་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་བ་ཡིན་ཏེ། བག་མེད་པ་དང་སྲེད་ [117a.4]པ་དེ་གཉིས་ཀྱིས་འབྲས་བུ་མངོན་སུམ་དུ་གྱུར་ན་ནི་འགྱོད་པར་འགྱུར་ཏེ། སྲིད་པའི་དབང་གིས་སྔོན་བག་མེད་པ་བྱས་པ་ནི་བདག་གིས་ལེགས་པར་མ་བྱས་སོ་ཞེས་སོ། །གང་གི་ཕྱིར་སྔོན་བདག་གིས་བྱས་པ་མ་དྲན་པར་གྱུར་པ་དེའི་ཚེ་ན་ཡང་སྡུག་བསྔལ་གྱི་ཚོར་བའི་རེག་པ་དྲག་པོས་མྱ་ངན་དང་སྨྲེ་སྔགས་ [117a.5]འདོན་པར་འགྱུར་ཏེ། ཀྱི་ཧུད་བདག་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ལ་སོགས་པའོ། །ལྷ་དང་མི་རྣམས་ཀྱི་འཆིང་བ་དོན་དུ་གཉེར་བ་ཉིད་བསྟན་ནས། ངན་སོང་པ་རྣམས་ཀྱི་ཡང་དེ་ལ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་རྣམ་པར་སྨིན་པའི་སྒྲིབ་པས་བཅིངས་པ་ཡིན་ཏེ། དེས་ན་ཐར་པ་ཐོབ་པར་མི་འགྱུར་རོ། །ལྷ་དང་ [117a.6]མི་རྣམས་ཀྱི་ཡང་སྲེད་པའི་སྒྲིབ་པ་ཉིད་ཡིན་ཏེ། དེས་ན་ནུས་སུ་ཟིན་ཀྱང་གཟུང་བ་ནི་སྐྱོན་དང་བཅས་པ་ཡིན་པས་སྲེད་པ་སྤང་བ་ལ་གཟུད་པའི་ཕྱིར་བསྟན་ཏོ། །སྲེད་པ་ལས་འདའ་བར་མ་བྱས་ན་སྡུག་བསྔལ་ཐམས་ཅད་འབྱུང་བ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གང་ཕྱིར་སྲེད་པའི་མཚོ་ཞེས་བྱ་བ་ལ་སོགས་པ་སྨོས་ [117a.7]སོ། །ཡང་ན་ཅིའི་སྲེད་པ་ཉིད་ཀྱིས་འགྱོད་པར་འགྱུར་ཞེ་ན། སྨྲས་པ། གང་ཕྱིར་སྲེད་མཚོ་ཞེས་བྱ་བ་ལ་སོགས་པའོ། །སྲེད་པ་ནི་གསུམ་སྟེ། འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པའོ་ཞེས་མདོ་ལས་གསུངས་པ་ཡིན་པས་འདི་གསུངས་སོ། །སྲེད་པ་མ་སྤངས་པ་ལ་ [117b] [117b.1]ནི་རྒྱུན་མི་འཆད་པར་སྡུག་བསྔལ་གྱི་འཁོར་ལོ་འཁོར་བ་ཡིན་ནོ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ཏོ། །སྲེད་པ་ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བའོ། །གང་ཕྱིར་ཞེས་བྱ་བ་ནི་དེ་ཉིད་ཀྱི་དོན་ཏེ། སྲེད་པ་ཁོ་ན་ཞེས་བྱ་བའོ། །གང་གི་ཕྱིར་དེ་ཉིད་ནི་གཙོ་བོའི་རྒྱུ་ཉིད་དུ་བསྒྲུབ་པ་སྟེ། འདི་ལྟར་ཡང་སྡུག་ [117b.2]བསྔལ་གྱི་རྒྱུ་ཉིད་ཡིན་ཏེ། མ་བཏུལ་ན་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། །རྒྱུར་གྱུར་པ་ཞེས་བྱ་བ་ནི་བྱེ་བྲག་མེད་པས་འཁོར་བ་འགྲུབ་པའི་རྒྱུར་གྱུར་པ་ཡིན་ཏེ། ཀུན་འབྱུང་གི་བདེན་པ་གང་ཞེ་ན། སྲེད་པའོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །འདིར་མཚོ་ཞེས་བྱ་བ་ནི་ཆུ་བོ་སྟེ། དེ་དང་ཆོས་མཐུན་པ་ཡིན་པས་སྲེད་པའི་ [117b.3]མཚོ་དེ་བརླན་པའི་བདག་ཉིད་དང་། འཕོ་ཞིང་རྒྱུན་ལས་འབབ་པའི་བདག་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་ཆུ་བོ་ཡང་རྒྱུན་ལས་འབབ་ཅིང་གཤེར་བ་ཡིན་ཏེ་དེ་བཞིན་དུ་སྲེད་པའོ། །ཡུལ་ལ་སྲེད་པ་ཞེས་བྱ་བ་ནི་ཡུལ་རྣམ་པ་སྣ་ཚོགས་ལ་ཀུན་དུ་ཆགས་ཤིང་ལྷག་པར་ཞེན་པའི་ཕྱིར་རོ། །འབྲས་ཀྱི་གཞི་ཞེས་བྱ་བ་ནི་རྣག་མང་ [117b.4]པོ་ལ་སོགས་པས་ཁེངས་པའི་འབྲུམ་བུའི་མཚན་མ་ལས། མི་གཙང་ཞིང་སྡུག་བསྔལ་གྱི་གཞིའི་ལུས་ལ་འཇུག་པའི་ཕྱིར་རོ། །ཁེབས་བྱེད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སྣ་ཚོགས་པ་འབྱུང་བས་སྲིད་པ་གསུམ་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །དྲ་བ་ཞེས་བྱ་བ་ནི་ཤིན་ཏུ་སྡུག་པའི་དྲ་བ་གང་ལ་ཡོད་པ་དེ་ནི་དྲ་ [117b.5]བ་སྟེ། ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་དྲ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །འཁྲི་ཤིང་ཞེས་བྱ་བ་ནི་ནགས་ཀྱི་འཁྲི་ཤིང་དང་འདྲ་བ་སྟེ་གཡོ་བའི་ཕྱིར་དང་། མ་འོངས་པའི་ཕུན་སུམ་ཚོགས་པ་རིང་བ་ལ་བསམ་པ་རྗེས་སུ་འཇུག་པའི་ཕྱིར་རོ། །གདུང་བར་བྱེད་པ་ཞེས་བྱ་བ་ནི་འདོད་པའི་ཡུལ་གྱི་ལོངས་སྤྱོད་ཐོབ་པ་ [117b.6]རྣམས་ཀྱིས་ངོམས་པ་མེད་པའི་ཕྱིར་རོ། །མ་བཏུལ་ན་ཞེས་བྱ་བ་ནི་མ་སྤངས་པ་ཞེས་མ་དོར་ནའོ། །རྣམ་པ་ཀུན་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དང་རྣམ་པའི་ས་དེ་དང་། ཡང་ན་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའོ། །དེ་ལྟར་ན་རྣམ་པ་ཀུན་དུ་ཞེས་བྱ་བ་འདིས་ནི་རྣམ་པ་ཐམས་ཅད་དུ་སྤངས་པ་ཞེས་བྱ་བའི་དོན་ཏོ། ། [117b.7]ལྡོག་མི་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་སྲེད་པས་བྱས་པའི་སྡུག་བསྔལ་བསྟན་ཏེ། ལྡོག་པར་མི་འགྱུར་བ་ནི་སྐྱེ་བ་དང་རབ་ཏུ་འབྱུང་བའོ། །སྡུག་བསྔལ་ནི་ནང་གི་སྐྱེ་བ་ལ་སོགས་པའོ། །འདི་ནི་ཞེས་བྱ་བ་ནི་མངོན་སུམ་དུ་ཉེ་བར་བླངས་པའམ་འཁོར་བའོ། །ཡང་དང་ཡང་ཞེས་བྱ་བ་ནི་མ་བཅད་ན་ཡང་དང་ [118a] [118a.1]ཡང་དུ་སྟེ། འཇིག་རྟེན་གྱི་གཞི་ཉམས་ན་ཡང་སྡུག་བསྔལ་ལྡོག་པ་མེད་པ་ཉིད་དུ་བསྟན་ཏོ། །སྲེད་པ་མ་སྤངས་ན་འཇིག་རྟེན་པ་དང་འདོད་ཆགས་དང་བྲལ་བ་རྣམས་ཡང་དང་ཡང་དུ་འོང་བའི་ཕྱིར་རོ། །སྲེད་པས་བྱས་པའི་ཉེས་དམིགས་བསྟན་པས་དེ་སྤང་བ་ལ་གཟུད་པའི་ཕྱིར་འདི་ [118a.2]གསུངས་སོ། །འདར་ཡང་དཔེས་དོན་བསྒྲུབ་པའི་ཕྱིར་སྨྲས་པ། དཔེར་ན་ལྗོན་ཤིང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བད་སའི་རྒྱལ་པོ་འཆར་བྱེད་བཙུན་མོའི་འཁོར་དང་བཅས་ཏེ། སྐྱེས་མོས་ཚལ་དུ་རྩེ་བའི་ཕྱིར་ཞུགས་སོ། །ཡང་དྲང་སྲོང་ལྔ་བརྒྱ་ཙམ་ནམ་མཁའ་ལ་འཕུར་བས་ཕྱོགས་དེ་ནས་སྒྲ་ [118a.3]ཤིན་ཏུ་ཡིད་དུ་འོང་བ་ཐོས་པ་དང་དྲི་བསུང་བཟང་ཞིང་དགའ་བ་དག་བསྣམས་པ་ལས་མཐུ་ཉམས་པར་གྱུར་ཏེ། གཤོག་པ་ཆད་པའི་བྱ་བཞིན་དུ་དེའི་སྐྱེད་མོས་ཚལ་དུ་ལྷུང་བར་གྱུར་ཏེ། ཇི་ཙམ་ན་དེས་དེ་དག་གི་ལག་པ་དང་རྐང་པ་བཅིངས་པར་གྱུར་ཏོ། །དུས་གཞན་ཞིག་ན་རྒྱལ་པོ་དེ་དང་བ་སྐྱེས་ཏེ། དེ་ལྟར་ལྷུང་བ་དག་ [118a.4]ལ་བལྟས་ནས་སྨྲས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །གང་གི་ཉན་ཐོས་ཀྱང་ཡུལ་ཁྱད་པར་ཅན་བརྟན་པས་མི་འགྱུར་བ་ཡིན་ནོ་ཞེས་སྨྲས་སོ། །དྲང་སྲོང་དེ་རྣམས་ཀྱིས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་ [118a.5]མ་ཐོས་པ་ཐོས་པས་བ་སྤུ་ཐམས་ཅད་ལངས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་དེ་དག་ཁྱེར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཞེས་བྱ་བ་ནས། རྒྱ་ཆེར་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ། དེའི་དབང་དུ་མཛད་ནས་བད་སའི་རྒྱལ་པོ་འཆར་བྱེད་ལ་བོས་ཏེ་ཚིགས་སུ་བཅད་པ་འདི་ [118a.6]གསུངས་སོ། །ཀུན་འབྱུང་གི་བདེན་པ་གཏན་དུ་མ་སྤངས་པ་ལས་ནི་སྡུག་བསྔལ་གྱི་བདེན་པ་གཏན་དུ་འགག་པར་མི་འགྱུར་རོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །དཔེར་ན་ཞེས་བྱ་བ་ནི་ཇི་ལྟར་རོ། །རྩ་བ་ཞེས་བྱ་བ་ནི་སྐྱེས་པའི་གཞིའོ། །མ་བཏོན་ན་ཞེས་བྱ་བ་ནི་ཉམས་པར་མ་བྱས་པ་དང་མ་ཕྱུང་བ་དང་མ་ [118a.7]བཤིག་པའི་དོན་ཏོ། །ན་ཞེས་བྱ་བ་ནི་ཡང་དག་པར་ཡོད་པ་སྟེ། མི་འཇུག་པ་ཉིད་དུའོ། །བཅད་ཀྱང་ལྗོན་ཤིང་ཞེས་བྱ་བ་ནི་སྟ་རེ་ལ་སོགས་པས་ཤིང་དུམ་བུ་གཉིས་སུ་བྱས་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད་ཅེས་བྱ་བ་ཡིན་ཏེ། ཡང་སྐྱེ་བར་འགྱུར་རོ། །དཔེ་བསྟན་པས་དཔེས་མཚོན་པའི་དོན་བཤད་པའི་ཕྱིར་ [118b] [118b.1]སྨྲས་པ། དེ་བཞིན་ཞེས་བྱ་བ་ནི་དེ་ལྟར་རོ། །སྲིད་པའི་ཕྲ་རྒྱས་ཞེས་བྱ་བ་ནི་སྲིད་པའི་ཀུན་དུ་སྦྱོར་བ་སྟེ་རྩ་བར་གྱུར་པའོ། །མ་བཏོན་ན་ཞེས་བྱ་བ་ནི་རྩ་བའམ་དྲུངས་ནས་མ་ལུས་པར་མ་ཕྱུང་བ་སྟེ། འདི་ལྟར་སྲིད་པའི་རྩེ་མོའི་སྲེད་པ་འཁོར་བའི་རྩ་བ་དེ་ཡང་ཕྱི་རོལ་པས་སྤང་བར་མི་ནུས་སོ། །འདིས་ནི་འཇིག་ [118b.2]རྟེན་པའི་འདོད་ཆགས་དང་བྲལ་བས་ཡིད་བརྟན་དུ་མི་རུང་བ་ཉིད་དུ་བསྟན་ཏོ། །མི་ལྡོག་ཅེས་བྱ་བ་ནི་ཤིན་ཏུ་སྡུག་བསྔལ་བའི་ཕུང་པོའི་བདག་ཉིད་སྐྱེ་བར་འགྱུར་བའོ། །འདི་ཞེས་བྱ་བ་ནི་ནང་ངོ་། །ཡང་དང་ཡང་དུ་ཞེས་བྱ་བ་ནི་ཕྱིར་ཞིང་ཕྱིར་ཞིང་སྟེ། འཁོར་བ་ཐོག་མ་མེད་པ་ནས་སྲེད་པ་དེས་ཡང་དང་ཡང་དུ་སྡུག་ [118b.3]བསྔལ་བའི་ཕུང་པོ་འབྱུང་བའི་ཕྱིར་རོ། །འཇིག་རྟེན་པའི་ལམ་གྱི་ནུས་པ་བསྟན་པས་འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །གང་ལ་གནས་པས་སྲེད་པ་སྐྱེ་བ་ཉིད་ཀྱིས་ངེས་པར་མེ་བཞིན་དུ་ཕུང་བར་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་སྨྲས་པ། དཔེར་ན་བདག་ཉིད་ཀྱིས་ [118b.4]ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །མགར་བ་ཞིག་མཚོན་བྱས་པ་རྣམས་འཚོང་ཞིང་འཚོ་བར་བྱེད་པ་ཞིག་ཡོད་དེ། ཇི་ཙམ་དུས་གཞན་ཞིག་ན་བདག་ཉིད་ཀྱིས་བྱས་པའི་རལ་གྱི་མཆན་ཁུང་དུ་བཅུག་སྟེ། བྱ་བ་ཞིག་གི་ཕྱིར་གྲོང་བར་དུ་ཆས་སོ། །དེ་ལམ་དེ་ན་རྐུན་པོ་སྡིག་པ་ཅན་ [118b.5]དག་གནས་ཏེ། དེས་དེ་མཚོན་དེ་ཉིད་ཀྱིས་བསད་ནས་རྫས་ཁྱེར་ཏེ་སོང་བ་ལས་དེའི་དབང་དུ་མཛད་དེ་འདི་གསུངས་སོ། །སྲེད་པ་བདག་ཉིད་ལས་སྐྱེས་པ་སྟེ། རང་གི་ས་བོན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ས་བོན་ལྟ་བུ་ལས་ལྕུག་མ་ལ་བསྒོས་པས་ལྕུག་མ་དེ་འཕེལ་བ་དང་འཕེལ་བར་བྱེད་པའོ། །དེ་ [118b.6]བཞིན་དུ་སྡིག་པ་སྐྱེད་པར་བྱེད་པས་མི་འདོད་པའི་འབྲས་བུ་ངན་སོང་ཡིན་ནོ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་དུ་བསྟན་ཏོ། །དཔེར་ན་ཞེས་བྱ་བ་ནི་ཇི་ལྟར་རོ། །མཚོན་ནི་མདའི་མདེའུ་ལ་སོགས་པའི་མཚོན་ཏེ། ཕྱི་རོལ་གྱི་མཚོན་གྱིས་ནང་གི་མཚོན་གྱི་དཔེ་བྱས་པ་ཡིན་ནོ། །བདག་ཉིད་ཀྱིས་ནི་བྱས་པ་ཞེས་ [118b.7]བདག་ཉིད་ཀྱིས་བྱས་པ་ཡིན་ཏེ། གཞན་གྱིས་བྱས་པ་ནི་མ་ཡིན་པའོ། །བདག་ཉིད་ཅེས་བྱ་བ་ནི་དོན་འདི་ལ་ཚིག་གི་ཕྲད་དུ་བྱུང་བ་སྟེ། བདག་ཅེས་བྱ་བ་བདག་ཉིད་འདོད་པས་བྱས་པ་སྟེ། གཞན་གྱིས་བྱེད་དུ་བཅུག་པ་ནི་མ་ཡིན་ནོ། །དེ་ཡིས་བདག་གསོད་པ་ལྟར་ཞེས་བྱ་བ་ནི་གང་བྱས་པ་དེ་ཉིད་ཀྱིས་བསད་ [119a] [119a.1]པའོ། །ཇི་ལྟ་བུ་ཞེ་ན། སྨྲས་པ། རྐུན་པོའི་མཐུ་ཡིས་ཞེས་བྱ་བ་སྨོས་ཏེ། མཐུ་གང་ལ་ཡོད་པ་དེ་ནི་མཐུ་ཅན་ཏེ། མཐུ་དང་ལྡན་པ་དེས་ཡོངས་སུ་གཟུང་སྟེ་ལུས་ལ་བསྣུན་པ་དེ་བཞིན་དུ། ཕྱི་རོལ་གྱི་མཚོན་དང་ཆོས་མཐུན་པར་སྦྱར་བ་ཡིན་པས་དེ་བཞིན་དུ་ཞེས་བྱ་བ་ཡིན་ [119a.2]ནོ། །ནང་གི་སེམས་ལས་བྱུང་བ་ཞེས་བྱ་བ་ནི་བདག་དང་འབྲེལ་ནས་འབྱུང་བ་སྟེ། བདག་ཉིད་ཀྱི་རྒྱུད་ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །དཔེར་ན་མཚོན་བདག་ཉིད་ཀྱིས་བྱས་པ་དེ་བཞིན་དུ་སྲེད་པ་འདི་ཡང་ནང་ཉིད་ལས་བྱུང་བ་ཡིན་ཏེ། འདིས་ནི་སྲེད་པ་རང་གི་རྒྱུད་ཉིད་ལས་སྐྱེས་པ་ཉིད་དུ་སྟོན་ཏེ། དབང་ཕྱུག་ [119a.3]ལ་སོགས་པས་བྱས་པ་དང་། བྱེད་དུ་བཅུག་པས་ནི་མ་ཡིན་ནོ། །དཔེར་ན་མཚོན་ནི་བདག་ཉིད་བྱེད་པ་པོ་འཇིག་པ་ཡིན་ལ་དེ་བཞིན་དུ་སྲེད་པ་དེ་ཉིད་ཀྱིས་ཀྱང་བདག་ཉིད་འཇིག་པ་ཡིན་ཏེ། གང་གིས་བསྒོས་ཤིང་འཕེལ་བར་བྱས་པ་དེ་ཉིད་ལ་ཕྱིས་ཀྱང་གསོད་པར་འགྱུར་ཏེ། ངན་སོང་དག་ཏུ་སྡུག་བསྔལ་དྲག་པོ་ [119a.4]མང་པོ་འབྱུང་བའི་ཕྱིར་རོ། །དཔེར་ན་མཚོན་མཐུ་དང་ལྡན་པའི་ལག་ན་འདུག་ན་གསོད་པར་བྱེད་དེ་དེ་བཞིན་དུ་སྲེད་པ་ཡང་ངན་སོང་གི་སྟོབས་དང་ལྡན་པའི་ལས་ལ་གནས་ན་སེམས་ཅན་རྣམས་ངན་སོང་དུ་གསོད་པར་འགྱུར་ཞིང་འགྲོ་བ་དང་ཉེ་བར་འགྲོ་བར་འགྱུར་རོ། །འདི་ན་ཞེས་བྱ་བ་ནི་འདོད་པའི་ཁམས་ནའོ། ། [119a.5]ལུས་ཅན་ཞེས་བྱ་བ་ནི་སྲེད་པ་དང་མ་བྲལ་བའི་སེམས་ཅན་ནོ། །ཅིའི་ཕྱིར་ཁྱེར་བར་བྱེད་ཅེ་ན། སྨྲས་པ། གསོད་པར་བྱེད་པ་སྟེ་རྣམ་པ་སྣ་ཚོགས་པའི་གནོད་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཕྱིར་རོ། །བདག་ཉིད་ལ་སྲེད་པ་ཕན་འདོགས་པ་ཉིད་ཡིན་ནོ་ཞེས་མི་བདེན་པར་སྨྲ་བ་དག་དགག་པའི་ཕྱིར་འདི་ [119a.6]གསུངས་སོ། །གང་གི་ཕྱིར་རྣམ་པ་སྣ་ཚོགས་པའི་ཉེས་པས་མ་རུང་བར་གྱུར་པ་འདི་ནི་སྲེད་པ་ལས་བྱུང་བ་ཡིན་ཏེ། དེས་ན་སྤང་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་སྨྲས་པ། དེ་ལྟར་སྲེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོའི་ཚིག་རྐང་གཉིས་ཀྱིས་འདིར་སྲེད་པ་སྤང་བའི་རྒྱུ་བསྟན་ཏོ་ [119a.7]ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །དེ་ལྟར་ཉེས་དམིགས་ཞེས་བྱ་བ་ནི་གནོད་པ་འདི་དག་གོ། །ཤེས་གྱིས་ཏེ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཤེས་པའོ། །ཉེས་དམིགས་ཀྱི་རང་གི་ངོ་བོ་གང་ཡིན་ཞེ་ན། སྨྲས་པ། སྲེད་ལས་ཞེས་བྱ་བ་སྨོས་ཏེ། སྲེད་པའི་ཀུན་ཏུ་སྦྱོར་བ་ལས་སོ། །དེ་ནི་གང་གི་ [119b] [119b.1]ཕྱིར་རང་ཉིད་གནོད་པར་བྱེད་པ་སྟེ། གཅིག་ཏུ་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །གཞན་དག་ནི་ཉོན་མོངས་པ་དང་འབྲེལ་བ་ཡིན་ནོ་ཞེས་དེ་ཉིད་གསལ་བར་བསྟན་པའི་ཕྱིར་སྨྲས་པ། སྡུག་བསྔལ་འབྱུང་བ་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་རབ་ཏུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་ལས་ནི་སྡུག་བསྔལ་ [119b.2]རབ་ཏུ་འབྱུང་བ་ཡིན་ལ་སྲེད་པ་དང་བྲལ་བ་རྣམས་ལ་ནི་སྡུག་བསྔལ་མི་འབྱུང་བའི་ཕྱིར་རོ། །འདི་ལས་འབྱུང་བ་ཡིན་པས་འབྱུང་བ་སྟེ་རྒྱུའོ། །ཡང་ན་དེ་ལྟར་ཞེས་བྱ་བ་ནི་གང་སྔར་བསྟན་པའི་ཚིགས་བཅད་ཀྱིས་ཉེས་དམིགས་བསྟན་པ་སྟེ། སྲེད་པས་ལུས་ཅན་འདི་ན་གསོད་སར་ཁྱེར་བར་བྱེད། །ཅེས་བྱ་བ་ [119b.3]ཡིན་ཏེ། ཇི་ལྟར་ཡང་གསོད་སར་ཁྱེར་བར་བྱེད་ཅེ་ན། ངན་སོང་གི་ལས་ཉེ་བར་བསྒྲུབས་ནས་ངན་སོང་རྣམས་སུ་ཉེ་བར་ལེན་པ་ཡིན་ནོ་ཞེས་འདི་ལ་ཉེས་དམིགས་ཆེན་པོར་ཤེས་པར་བྱས་ནས་སོ། །སྲེད་ལས་སྡུག་བསྔལ་འབྱུང་བ་ཞེས་བྱ་བ་འདིས་ནི་ཉེས་དམིགས་གཉིས་པ་བསྟན་པ་ཡིན་ཏེ། འཁོར་ [119b.4]བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །སྲེད་སྤོངས་ཞེས་བྱ་བ་ནི་བྲལ་ཞིང་སྤངས་པའི་སྲེད་པ་གང་ཡིན་པ་དེ་ནི་སྲེད་པ་སྤངས་པ་སྟེ། སྲེད་པའི་བག་ཆགས་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་སྤངས་ན་འཁོར་བའི་འཆིང་བའི་གཞི་ཐམས་ཅད་སྤངས་པ་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། ཉེ་བར་ལེན་མེད་ [119b.5]ཅེས་བྱ་བ་སྨོས་ཏེ། ལེན་པ་ངེས་པར་སྤངས་པ་ནི་འདིའི་ཉེ་བར་ལེན་པ་མེད་པ་སྟེ། ལེན་པའི་རྐྱེན་སྲིད་པ་སྤངས་པའི་ཕྱིར་དེ་ནི་འཇིག་རྟེན་དུ་ཅུང་ཟད་ཀྱང་ལེན་པ་མེད་དེ། འདོད་པའམ། ལྟ་བའམ། ཚུལ་ཁྲིམས་དང་བརྟུལ་ཞུགས་སམ། བདག་ཏུ་སྨྲ་བའོ། །དྲན་ལྡན་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་ [119b.6]པ་བཞི་ལ་སེམས་ཡང་དག་པར་ཉེ་བར་གནས་པ་ཡིན་ནོ། །དགེ་སློང་ཞེས་བྱ་བ་ནི་ཡོངས་སུ་བཟུང་བ་མཐའ་དག་སྤངས་པ་ཡིན་ཏེ། གཞན་ལས་བླངས་པ་ལ་སོགས་པས་ཐོབ་པ་ཙམ་ལ་མངོན་པར་ཕྱོགས་ཤིང་ཆོག་ཤེས་པའོ། །འདིས་ནི་ལུས་དང་སེམས་དབེན་ཞིང་ཆོག་ཤེས་པ་ལ་སོགས་པའི་ཁྱད་པར་ [119b.7]དང་ལྡན་པར་བསྟན་ཏོ། །ཡང་ན་ཉོན་མོངས་པ་བཅོམ་པའི་ཕྱིར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བསྟན་ཏོ། །ཡོངས་སུ་རྒྱུས་ཞེས་བྱ་བ་འདིས་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། འོག་ནས་བརྗོད་པའི་ཕྱིར་རོ། །དེས་ན་ཡང་འདི་གཉིས་ཀྱིས་ནི་སྲེད་པ་དང་བྲལ་ཞིང་ཉེ་བར་ལེན་ [120a] [120a.1]པ་མེད་པའི་ཐབས་རྟོགས་པ་ཡིན་ནོ། །ཀུན་དུ་རྒྱུས་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །འདིར་ཀུན་དུ་ཞེས་བྱ་བ་ནི་ཡོངས་སུ་ཞེས་བྱ་བའི་ཚིག་ཡིན་ཏེ། ཡོངས་སུ་འགྲོ་བ་ཡིན་པས་གང་ཡང་སྐྱེ་བ་གཅིག་མི་འཛིན་པའི་ཕྱིར་སྲིད་པའི་རྩེ་མོ་མ་ཡིན་པར་ཡང་ [120a.2]ཞེས་བྱ་བའི་དོན་ཏོ། །ཡང་ན་སྲེད་པ་དང་བྲལ་བ་ནི་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཐམས་ཅད་དུ་འགྲོ་ཞེས་བྱ་བའི་དོན་ཏེ། ཇི་སྐད་དུ་གསུངས་པ། དགེ་སློང་དག་ང་ནི་འཆིང་བ་ཐམས་ཅད་ལས་གྲོལ་བས་ན་གང་ལྷ་དང་མིའི་བར་དུ་འགྲོ་སྟེ། ཡུལ་དག་ཏུ་རྒྱུ་ཞིང་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞེས་རྒྱ་ [120a.3]ཆེར་གསུངས་སོ། །སྲེད་པའི་སྐྱོན་མངོན་པར་མ་ཤེས་པ་དང་། དེ་སྤངས་པའི་ཕན་ཡོན་མི་ཤེས་པ་ལ་གཉི་ག་བསྟན་པའི་ཕྱིར་འདི་གསུངས་སོ། །སྲེད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་སྟེ་གསུམ་པ་རྫོགས་སོ།། །།དེའི་འོག་ཏུ་སྲེད་པ་སྤོང་བར་ནུས་པའི་གཉེན་པོ་བསྟན་པའི་ཕྱིར་བག་ཡོད་པའི་ [120a.4]ཚོམས་བཀོད་པ་ཡིན་ཏེ། དེའི་ཕྱིར་བཤད་པ། སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ། །འཁྲི་ཤིང་བཞིན་དུ་སྲེད་པ་འཕེལ་འགྱུར་ཏེ། །ཞེས་བྱ་བས་སོ། །བག་མེད་པས་དེ་འཕེལ་བའི་རྒྱུ་ཉིད་དུ་འགྲུབ་པ་ཡིན་པས་འདིར་མ་བཤད་ཀྱང་དེ་ལྟར་འགྲུབ་པ་ཉིད་དོ་ཞེ་ན། འདི་ལྟ་སྟེ་བག་མེད་པ་འདི་ནི་སྲེད་པ་ཟད་ [120a.5]པ་དང་། འགོག་པ་ཡིན་པའི་ཕྱིར་ཚོམས་འདི་ཉིད་ཀྱི་འགྲེལ་པ་བཤད་པར་བྱ་སྟེ། དེའི་ཕྱིར་སྨྲས་པ། བག་ཡོད་འཆི་མེད་གནས་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་གླེང་གཞི་ནི་ཡུལ་ཀཽ་ཤཱམྦཱི་ན་གན་དི་ཀ་ཞེས་བྱ་བའི་བློན་པོས་ཉེས་པ་མེད་པ་དཔེ་མེད་པའི་བུད་མེད་སྔོ་བསངས་ཅན་ཞེས་ [120a.6]བྱ་བ་ལ་སོགས་པ་ལྔ་བརྒྱ་མེ་ལ་བསྲེགས་སོ། །དེའི་ཕྱིར་ཡང་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་བློན་པོ་ལྔ་བརྒྱ་བསད་དེ། དེ་ལས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །དེ་ལ་ཚིག་རྐང་དང་པོས་ནི་ལམ་གྱི་བདེན་པ་དང་། འགོག་པའི་བདེན་པ་བསྟན་ཏོ། །གཉིས་ [120a.7]པས་ནི་ཀུན་འབྱུང་གི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །གསུམ་པས་ནི་གང་དག་གིས་འགོག་པ་ཐོབ་པའོ། །བཞི་པས་ནི་གང་དག་གིས་མ་ཐོབ་པའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །བག་ཡོད་པ་ཞེས་བྱ་བ་ནི་ཀུན་དུ་ཟག་པ་དང་དག་པའི་གནས་ཀྱི་ཆོས་གང་དག་ལས་སེམས་ཀུན་དུ་སྲུང་ [120b] [120b.1]བའོ། །དགེ་བའི་ཆོས་རྣམས་ལ་བསྒོམ་པ་ནི་བག་ཡོད་པའི་ཆོས་སོ་ཞེས་བསྟན་པ་ཡིན་ཏེ། འདི་ལྟར་འདིའི་མཚན་ཉིད་བསྟན་པ་སྟེ། རང་ལ་ཕན་པ་སྐྱེས་པའི་ལུས་དང་ངག་དང་ཡིད་ཀུན་དུ་བསྲུང་བ་མཆོག་ཏུ་བྱེད་པ་བག་མེད་པ་དང་འགལ་བའི་ཆོས་ནི་བག་ཡོད་པའོ། །གང་གི་དགེ་བ་དག་ལས་བག་མེད་པར་ [120b.2]མི་འགྱུར་བ་དང་། མི་ཞིག་པ་སྟེ། དགེ་བའི་རྩ་བ་ཐམས་ཅད་ཀྱིས་བརྟེན་པའི་ཕྱིར་ཏེ། ཇི་སྐད་དུ་འདི་ལྟ་སྟེ་དགེ་སློང་དག་དུད་འགྲོའི་སྐྱེ་གནས་ཀྱི་སྲོག་ཆགས་གང་ཇི་སྙེད་པའི་རྗེས་དེ་དག་ཐམས་ཅད་ནི་གླང་པོ་ཆེའི་རྗེས་ཀྱི་ནང་དུ་འདུས་ཤིང་དེའི་ཁོངས་སུ་འདུས་ཤིང་དེའི་ཁོངས་སུ་གཏོགས་པར་འགྱུར་ཏེ། གླང་པོ་ [120b.3]ཆེའི་རྗེས་ནི་དེ་རྣམས་ལས་མཆོག་ཏུ་བཤད་དེ། འདི་ལྟ་སྟེ་ཆེ་བ་ཉིད་ཀྱིས་སོ། །དེ་བཞིན་དུ་གང་དག་དགེ་བའི་ཆོས་དེ་དག་ཐམས་ཅད་ཀྱི་རྩ་བ་ནི་བག་ཡོད་པ་ཡིན་ཏེ། བག་ཡོད་པ་ནི་དེ་དག་ཐམས་ཅད་ཀྱི་མཆོག་ཏུ་བཤད་དོ་ཞེས་གསུངས་སོ། །འཆི་མེད་གནས་ཞེས་བྱ་བ་ནི་གང་དུ་འཆི་བ་མེད་པ་དེ་ནི་འཆི་ [120b.4]མེད་དེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ན་འཆི་བ་ལ་སོགས་པའི་གནོད་པ་མེད་པའི་ཕྱིར་རོ། །དེའི་གནས་ནི་བཞི་སྟེ་གང་གི་ཕྱིར་བག་ཡོད་པ་ལ་གནས་པས་མྱ་ངན་ལས་འདས་པ་འཐོབ་པའོ། །ཡང་ན་འདིས་འཆི་བ་མེད་པ་རྟོག་པར་བྱེད་པས་གནས་ཏེ། མྱ་ངན་ལས་འདས་པ་འཐོབ་པར་ [120b.5]བྱེད་པའི་ཐབས་ཞེས་བྱ་བའི་དོན་ཏོ། །བག་མེད་ཅེས་བྱ་བ་ནི། བག་ཡོད་པའི་མཚན་ཉིད་ལས་བཟློག་པར་ཤེས་པར་བྱའོ། །འཆི་བའི་གནས་ཞེས་བྱ་བ་འཆི་བ་ཉིད་ཀྱི་གཞི་སྟེ། བག་མེད་པ་ལ་གནས་པས་འཁོར་བ་དག་ཏུ་ཡང་དང་ཡང་དུ་འཆི་བར་འགྱུར་བའོ། །ཡང་ན་འཆི་བ་འཐོབ་པའི་ཐབས་ཡིན་ནོ། ། [120b.6]ཅིའི་ཕྱིར་ཡང་བག་ཡོད་པ་ནི་མི་འཆི་བའི་གནས་ཡིན་ལ། བག་མེད་པ་ནི་འཆི་བའི་གནས་ཡིན་ཞེ་ན། འདིར་སྨྲས་པ། འདི་ལྟར་བག་ཡོད་འཆི་བར་མི་འགྱུར་ཏེ། །ཞེས་བྱ་བ་ཡིན་ཏེ། བག་ཡོད་པ་ཤཱ་རིའི་བུ་ལ་སོགས་པ་ནི་འཆི་བ་མེད་པའི་གནས་སུ་ཞུགས་ཏེ། ནམ་ཡང་འཆི་བར་མི་འགྱུར་རོ། ། [120b.7]བག་མེད་པ་ནི་ཉ་སེར་སྐྱེ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་གཉིས་དང་འདིར་ཡང་འཆི་བའི་ཆོས་ཡིན་པའི་ཕྱིར་རྟག་ཏུ་འཆི་བར་བརྗོད་པར་བྱའོ། །བག་ཡོད་པས་མི་འཆི་བ་ཞེས་བཤད་པ་ཡང་ཅི་ཕའི་བག་ཡོད་པས་བུ་མི་འཆི་བར་འགྱུར་རམ། བུའི་བག་ཡོད་པས་ཀྱང་ [121a] [121a.1]ཕ་མི་འཆི་བར་འགྱུར་རམ། དེ་བཞིན་དུ་བླ་མ་དང་སློབ་མ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །བག་ཡོད་པས་ཀྱང་མི་འཆི་བར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་འོན་ཀྱང་། བག་ཡོད་འཆི་བར་མི་འགྱུར་ཏེ། ཞེས་བྱ་བ་སྨྲས་ཏེ། གང་བདག་ཉིད་ཀྱི་བག་ཡོད་པའམ། བག་ [121a.2]མེད་པ་དེ་ཉིད་ཀྱིས་ཏེ་བག་ཡོད་པས་ནི་འཆི་བར་མི་འགྱུར་རོ། །བག་མེད་པས་ནི་འཆི་བར་འགྱུར་ཏེ། གཞན་གྱི་རྒྱུད་ཀྱིས་རྣམ་པའི་བག་ཡོད་པའམ། བག་མེད་པ་གཉིས་ཀྱིས་ནི་གང་ལ་ཡང་མི་འཆི་བ་དང་། འཆི་བ་འཐོབ་པར་མི་འགྱུར་རོ། །གལ་ཏེ་ཡང་ཐོབ་པར་འགྱུར་ན་ནི་གང་སངས་རྒྱས་བཅོམ་ལྡན་ [121a.3]འདས་ཉིད་ལ་བག་ཡོད་པ་མངའ་བས་སེམས་ཅན་ཐམས་ཅད་ཀྱང་འཆི་བར་མི་འགྱུར་རོ། །དེ་ལ་འདི་ནི་བག་མེད་པ་རྣམས་བག་ཡོད་པ་ལ་གཟུད་པའི་ཕྱིར་དང་། བག་ཡོད་པ་རྣམས་བརྟན་པར་བྱ་བའི་ཕྱིར་དང་། ལམ་ངན་པའི་བརྟུལ་ཞུགས་དང་། དཀའ་ཐུབ་དང་མཆོད་སྦྱིན་ལ་སོགས་པས་འཆི་བ་ [121a.4]མེད་པའི་གནས་ཐོབ་པར་བྱའོ་ཞེས་མི་བདེན་པར་སྨྲ་བ་དག་དགག་པའི་ཕྱིར་གསུངས་སོ། །བག་ཡོད་པའི་ཡོན་ཏན་ཡོངས་སུ་ཤེས་པའི་མཁས་པ་ནི་དེ་ཉིད་དུ་འཇུག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་བསྡུས་པའི་དོན་ནི་འདིའི་ལམ་ཡོངས་སུ་ཤེས་ཤིང་བག་ [121a.5]ཡོད་པའི་ཁྱད་པར་ཤེས་པ་དེས་མཁས་པ་དག་བག་དང་བཅས་པ་ལས་མི་ཉམས་པར་བྱེད་དོ། །བག་ཡོད་པ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། འབད་པ་ལ་གནས་པ་ཕུན་སུམ་ཚོགས་པའོ། །དེ་ལ་དེ་ལྟར་རབ་ཏུ་ཞུགས་པ་ལས་ནི་བག་མེད་པ་ཁ་ན་མ་ཐོ་བ་མེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། ། [121a.6]འཕགས་པའི་སྤྱོད་ཡུལ་ལ་དགའ་བ་ཉིད་ཀྱིས་ནི་སྔ་ཕྱིའི་ཁྱད་པར་རྟོགས་པའོ། །དེའི་ཞེས་བྱ་བ་ནི་གང་སྔར་བསྟན་པའི་ཚིགས་སུ་བཅད་པ་བག་ཡོད་པའི་ཁྱད་པར་བསྟན་པ་སྟེ། བག་ཡོད་འཆི་མེད་གནས་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཁྱད་པར་རིག་པ་ནི་འདིར་ཕན་ཡོན་ནོ། །ཁྱད་པར་ [121a.7]ཉིད་ཡིན་པས་ཁྱད་པར་རོ། །དེ་རིག་པས་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་མཚོན་པ་ཉིད་དོ། །གང་གི་ཁྱད་པར་ཞེ་ན། སྨྲས་པ། བག་དང་བཅས་ཞེས་བྱ་བ་སྨོས་ཏེ། འདིར་བག་མེད་པའི་སྐྱོན་རིག་པའོ་ཞེས་ཀྱང་བརྗོད་པར་བྱ་སྟེ། གཅིག་གིས་གཉིས་པ་མཚོན་པ་ཡིན་ནོ། ། [121b] [121b.1]ཡང་ན་ཡོན་ཏན་ཡང་དག་པར་སྒྲོགས་པ་ཉིད་ལ་མངོན་པར་སྦྱོར་བར་བྱེད་དེ། མཁས་པ་རྣམས་ནི་སྐྱོན་བརྗོད་པ་མ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །མཁས་པ་ཞེས་བྱ་བ་ནི་སྔ་མའི་ཚོགས་ཀྱི་རྣམ་པ་ལ་འཇིགས་པ་མེད་པ་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་སྟེ། གང་གི་ཕྱིར་དེ་ཉིད་ [121b.2]ཀྱིས་ནི་ནུས་པ་དང་ལྡན་པའི་ཕྱིར་རོ། །རིག་པར་བྱས་ནས་ཅི་ཞིག་ཏུ་འགྱུར་ཞེ་ན། སྨྲས་པ། བག་ཡོད་པ་ཞེས་བྱ་བ་སྨོས་ཏེ། བག་ཡོད་པ་ལ་གནས་པའོ། །དེའི་གནས་སྐབས་ཀྱི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། རབ་དགའ་བ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་ཚིམ་པ་དང་མགུ་བ་ཐོབ་པས་རབ་ཏུ་ [121b.3]དགའ་བ་ཉིད་དོ། །དགེ་བ་རྒྱ་ཆེ་བ་དག་ལ་ངེས་པར་འབྱུང་བ་དང་ལྡན་ཞིང་བསམ་གཏན་འཐོབ་པས་སོ། །དྲན་པ་བསྒོམ་པ་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར་སྨྲས་པ། འཕགས་པའི་སྤྱོད་ཡུལ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་དང་སངས་རྒྱས་ཀྱི་སྲས་ཀྱི་སྤྱོད་ཡུལ་ཏེ། དྲན་པ་ཉེ་བར་གཞག་པ་ [121b.4]བཞི་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དྲན་པ་ཉེ་བར་གཞག་པ་བཞི་ནི་འཕགས་པའི་སྤྱོད་ཡུལ་ཞེས་གསུངས་སོ། །དགའ་བ་ཡིན་ཞེས་བྱ་བ་ནི་མངོན་པར་དགའ་བ་སྟེ་བསྟན་པའི་རོ་ཤེས་པ་དེས་གཞན་གྱིས་བཀྲིར་མི་ནུས་པ་ཉིད་དུ་བསྟན་ཏོ། །བག་ [121b.5]ཡོད་པ་དང་ཐར་པའི་ལམ་རྙེད་པར་དཀའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་གསུངས་སོ། །བག་ཡོད་འཆི་མེད་གནས་ཡིན་ཏེ། །ཞེས་བསྟན་པ་དེ་ཇི་ལྟ་བུ་ཞེ་ན། འདིར་གོ་རིམས་བཞིན་དུ་བསྟན་པའི་ཕྱིར། དེ་ལ་རྒྱུན་དུ་བསྒོམ་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་ཤོ་ན་ཀའི་དབང་ [121b.6]དུ་མཛད་ནས་འདི་གསུངས་སོ། །ཤོ་ན་ཀ་བག་ཡོད་པ་ནི་གཞི་ཡིན་ཏེ། དགེ་བའི་ཆོས་གང་ཇི་རྙེད་པ་ནི་བག་ཡོད་པ་ལས་རབ་ཏུ་འབྱུང་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་ཀྱང་བག་ཡོད་པར་འཐོབ་པ་ཡིན་ཏེ། དེ་བས་ན་ཁྱོད་ [121b.7]ཀྱིས་དགེ་བ་དག་ལ་བག་མེད་པར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་ཏེ། ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །འདིར་ཏིང་ངེ་འཛིན་གྱིས་བསྡུས་པའི་དོན་ནི་ཏིང་ངེ་འཛིན་བསྒོམས་པ་དང་། ཏིང་ངེ་འཛིན་བསྒོམ་པའི་ཐབས་དང་། ཏིང་ངེ་འཛིན་བསྒོམས་པའི་འབྲས་བུ་དང་། གྲུབ་པ་དང་བདེ་ [122a] [122a.1]བ་བླ་ན་མེད་པའི་ཕན་ཡོན་བསྟན་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་བག་ཡོད་པའོ། །བསྒོམ་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་བསྒོམ་པ་སྟེ། བསམ་གཏན་དང་པོ་ལ་སོགས་པ་ཐོབ་པའོ། །ཡང་ན་གང་དག་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་སྟེ། འདི་གཉིས་ནི་གཅིག་ལ་ [122a.2]གཅིག་འབྲེལ་པ་ཉིད་དེ། ཇི་སྐད་དུ་བཤད་པ། བསམ་གཏན་མེད་པར་ནི་ཤེས་རབ་མེད་དོ། །ཤེས་རབ་མེད་པར་ཡང་བསམ་གཏན་མེད་དོ་ཞེས་པའོ། །དེ་ཡང་རང་བཞིན་གྱིས་བསམ་པ་བཟང་བར་བྱས་ཏེ། བག་ཡོད་པ་ལ་བརྟེན་ནས་དགེ་བའི་བཤེས་གཉེན་ཉེ་བར་བསྟེན་པ་ཡིན་ཏེ། དེས་ན་ཡང་རྣལ་ [122a.3]འབྱོར་དང་རྗེས་སུ་མཐུན་པའི་ཉེ་བར་བསྟེན་པ་ལ་གུས་པར་བྱེད་ཅིང་ཉན་པར་བྱེད་ལ། ཐོས་ནས་ཀྱང་ཕྱིན་ཅི་མ་ལོག་པར་དེས་རྣམ་པར་བསམས་ཏེ། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་བསྐྱེད་པའི་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་བསྒོམ་པར་འགྱུར་རོ། །རྒྱུན་དུ་ཞུགས་པ་ཞེས་བྱ་བ་ནི་རྟག་ [122a.4]པར་ཡིན་པས་རྒྱུན་དུ་སྟེ། བསྒོམ་པ་དེ་ཉིད་ལ་རྟག་ཏུ་སྦྱོར་བའི་ཕྱིར་རོ། །དེ་དགུན་དང་སོ་ག་ལ་སོགས་པར་མི་རྟག་པ་ཡིན་ནམ་ཞེ་ན། རྒྱུན་མི་འཆད་པར་སྦྱོར་བའི་ཕྱིར་ཏེ། ཇི་སྲིད་མཐར་ཐུག་གི་བར་དུའོ། །འདི་ནི་རྟག་ཏུ་བྱེད་པ་ཉིད་དུ་བསྟན་ཏོ། །ཕ་རོལ་གནོན་བརྟན་པའི་ཞེས་བྱ་བ་ལ་བརྟན་པ་ནི་མི་ལྷོད་པའོ། ། [122a.5]ཕ་རོལ་གནོན་པ་ནི་སྤྲོ་བ་གང་ལ་ཡོད་པ་སྟེ། འདིས་ནི་མི་ལྷོད་པ་དང་གུས་པར་སྦྱོར་བ་བསྟན་ཏེ། རྩོད་པ་དང་འཚེ་བ་ཐམས་ཅད་ཀྱིས་ཀྱང་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་རོ། །རེག་པ་ཡིན་ཞེས་བྱ་བ་ནི་ཐོབ་པར་འགྱུར་བའོ། །འདིར་རེག་པ་ཡང་རྣམ་པ་གཉིས་ཏེ། ལམ་དང་མྱ་ངན་ལས་འདས་པའོ། ། [122a.6]དེ་ལ་འདིར་ནི་མྱ་ངན་ལས་འདས་པ་ཉིད་ལ་དགོངས་ཏེ། འདི་ཉིད་འོག་ནས་བརྗོད་པའི་ཕྱིར་རོ། །བརྟན་པ་ནི་བློ་དང་ལྡན་པ་སྟེ། ཐབས་འདི་དག་དང་ལྡན་པ་ཉིད་དུ་ཕ་རོལ་གནོན་བརྟན་པའི་ཞེས་བྱ་བས་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་བརྟན་པའི་བར་དུ་མི་སྐྲག་ཅིང་སྒྱིད་ལུག་པར་མི་འགྱུར་རོ། །མྱ་ངན་ [122a.7]ལས་འདས་པ་ཞེས་བྱ་བ་ནི་སྡུག་བསྔལ་མཐར་བྱེད་པ་སྟེ་འགོག་པའོ། །གྲུབ་པ་དང་བདེ་བ་ཞེས་བྱ་བ་ནི་རིག་པ་སྟེ། འབད་པས་བསྒྲུབས་པའི་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བའི་ལམ་ནི་གྲུབ་པའོ། །དེས་ཐོབ་པ་ནི་བདེ་བ་སྟེ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ནི་འཇིག་པ་ཐམས་ཅད་དང་གཏན་དུ་ [122b] [122b.1]འབྲལ་བའི་ཕྱིར་རོ། །འཇིག་རྟེན་པའི་བསམ་གཏན་ཡང་རྣམ་གྲངས་ཀྱི་མྱ་ངན་ལས་འདས་པར་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཇི་སྲིད་དུ་སྲིད་པའི་རྩེ་མོའི་རྒྱུན་གྱི་བར་དུ་ནི་བླ་ན་ཡོད་པའོ། །འདི་ནི་ཁྱད་པར་ཆེ་བ་ཡིན་པས་བྱེ་བྲག་བསྟན་པའི་ཕྱིར་སྨྲས་པ། བླ་ན་མེད་པ་ཞེས་བྱ་བ་ཡིན་ནོ། །བག་ [122b.2]མེད་པའི་སྐྱོན་མི་ཤེས་པ་དང་། བག་ཡོད་པ་ནི་ཕན་ཡོན་ཐམས་ཅད་ཀྱི་གཞི་ཡིན་པས་གཟུད་པའི་ཕྱིར་འདི་གསུངས་སོ། །བག་མེད་པ་སྤངས་པ་ནི་ཕན་ཡོན་ལྷག་པ་སྟེ། ཆེ་བ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གང་ཚེ་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལས་ངན་པས་འཚོ་བའི་ཁྱེའུ་ཞིག་ [122b.3]ལ་ཆོས་བསྟན་པའི་དབྱིག་པས་དྲང་བ་སྦྱིན་པའི་ཐབས་ཀྱིས་ལས་ངན་པའི་མི་གཙང་བའི་ཕུང་པོ་ལས་དབྱུང་བ་དང་། ཡང་དག་པའི་བསྒྲུབ་པ་ལ་གཞག་པས་ཁྱད་པར་དུ་བདེན་པ་ཐོབ་པར་བྱ་བ་དང་། དེ་ལ་འདི་སྐད་གསུངས་སོ། །གཞན་དག་ན་རེ་ལོངས་སྤྱོད་ཆེན་པོ་རྒྱ་ཆེ་བ་སྤངས་ནས་རབ་ཏུ་བྱུང་སྟེ། [122b.4]བསྒྲུབ་པས་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་འཕགས་པ་འོད་སྲུངས་ཆེན་པོའི་དབང་དུ་བྱས་ནས་གསུངས་སོ་ཞེས་ཟེར་རོ། །དང་པོའི་ཚིག་རྐང་གཉིས་ཀྱིས་ནི་ནག་པོའི་ཕྱོགས་སྤངས་པ་དང་། དཀར་པོའི་ཕྱོགས་བསྟེན་པ་ཉིད་དུ་བསྟན་ཏོ། །གསུམ་པས་ནི་དེའི་འབྲས་བུ་ཤེས་རབ་ [122b.5]ཀྱི་མཐར་ཕྱིན་པ་བསྟན་ཏོ། །ལྷག་མས་ནི་དེའི་ཕན་ཡོན་བསྟན་ཏོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །བག་མེད་པ་ནི་བདག་དང་གཞན་གྱི་ཕན་པ་ཉམས་པ་སྟེ། ཐ་མལ་པའོ། །ཡང་ན་རྣམ་པ་བཞི་སྟེ། སྲོག་དང་སྟོབས་དང་། སེམས་དང་ཉོན་མོངས་པ་ཀུན་དུ་མི་བསྲུང་བ་ཡིན་ཏེ། ཡང་དག་པའི་ [122b.6]སྦྱོར་བ་ལ་རྗེས་སུ་མི་འཇུག་པའི་སྦྱོར་བས་སོ། །བག་ཡོད་པ་ཤེས་པ་ལ་བག་མེད་པའི་མཚན་ཉིད་ལས་བཟློག་པ་ནི་བག་ཡོད་པར་གནས་པ་ཡིན་ཏེ། འདི་ནི་བག་མེད་པར་གསལ་བར་ནུས་ཏེ། རྗེས་སུ་མཐུན་པའི་གཉེན་པོ་ཡིན་པའི་ཕྱིར་མུན་པའི་སྒྲོན་མ་བཞིན་ནོ། །གང་གི་ཚེ་ཞེས་བྱ་བ་གང་གི་དུས་ [122b.7]ནའོ། །བཅོམ་པ་ནི་རབ་ཏུ་སྤངས་པའོ། །དེ་གང་གིས་སྤོང་བར་བྱེད་ནུས་པ་ཡིན་ཞེ་ན། སྨྲས་པ། མཁས་པ་ཞེས་བྱ་བ་ལ་མཁས་པ་ནི་རྟོགས་པ་སྟེ། སློབ་པ་ཞེས་བྱ་བའི་དོན་ཏོ། །མི་སློབ་པའི་གནས་སྐབས་བསྟན་པའི་ཕྱིར་སྨྲས་པ། ཤེས་རབ་ཁང་བཟངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཇི་ [123a] [123a.1]སྐད་དུ་གསུངས་པ་བག་ཡོད་པ་ལ་བརྟེན་པས་ཇི་སྐད་བསྟན་པ་བག་མེད་པ་སྤོང་བ་ཡིན་ཏེ། དེ་ཉིད་ཁྱད་པར་དུ་བྱེད་པས་མི་སློབ་པའི་ཤེས་རབ་ཐོབ་པར་འགྱུར་རོ། །ཤེས་རབ་ནི་ཁང་བཟངས་བཞིན་དུ་ཐམས་ཅད་ཀྱི་སྟེང་ན་གནས་པའི་ཕྱིར་དང་། ཤིན་ཏུ་ཉམས་དགའ་བར་ [123a.2]གྱུར་པའི་ཕྱིར་རོ། །འཛེག་པ་ནི་ཕྱིན་པའོ། །འཛེགས་ནས་ཇི་ལྟ་བུས་ཅི་ཞིག་བྱེད་པ་ཡིན་ཞེ་ན། སྨྲས་པ། མྱ་ངན་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མྱ་ངན་དང་བྲལ་བ་གང་ཡིན་པ་དེ་ནི་མྱ་ངན་མེད་པ་སྟེ། འདིས་མྱ་ངན་དང་བྲལ་བར་བདག་ལ་མཐོང་བ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། ། [123a.3]དེས་གཞན་དག་ལ་ཡང་ཇི་ལྟར་མཐོང་བ་ཡིན་ཞེ་ན། སྨྲས་པ། གདུང་བ་ཞེས་བྱ་བ་སྨོས་ཏེ། མྱ་ངན་གང་ལ་ཡོད་པ་དེ་ནི་གདུང་བ་སྟེ་བྱིས་པ་ཞེས་བྱ་བ་དེ་དང་སྦྱར་རོ། །སྡུག་བསྔལ་གྱི་ཚོགས་ཆེན་པོའི་གནས་ཡིན་པའི་ཕྱིར་དཔག་ཏུ་མེད་པའི་ཡིད་ཀྱི་གདུང་བ་དང་ལྡན་པའོ། །ཇི་ལྟ་བུ་གང་ཡིན་ཞེ་ན། འདིར་དཔེ་བསྟན་ [123a.4]པ། སའི་སྟེང་རི་བོའི་སྤོ་དག་ལས་ཞེས་ཏེ། སའི་སྟེང་ན་གནས་པ་ཡིན་པས་ས་སྟེང་ངོ་། །དེ་རིའི་སྟེང་ན་གནས་པ་ཡིན་པས་རི་བོའི་སྤོ་དག་ལས་ཏེ། དཔེར་ན་རིའི་རྩེ་མོ་ལས་མིག་དང་ལྡན་པས་སྲོག་ཆགས་ཀྱི་རྣམ་པ་ལ་འོག་ཏུ་བལྟས་ན་འབད་མི་དགོས་པར་མཐོང་ངོ་། །དེ་བཞིན་དུ་ཁྱད་པར་དུ་འཕགས་པ་ [123a.5]ཐོབ་པའི་ཤེས་རབ་ཀྱི་ཁང་བཟངས་ཀྱི་སྟེང་དུ་འཛེགས་ཏེ། ངན་པའི་ཕུང་པོ་ལ་གནས་པའི་བྱིས་པ་རྣམས་ལ་ལྟ་ཞིང་རྟོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །བརྟན་རྣམས་ཞེས་བྱ་བ་ནི་ཞུམ་པ་མེད་པ་སྟེ། གཞན་གནོད་པར་བྱ་བའི་བྱེད་པ་ལ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ། དེའི་དོན་ལ་ལྟ་བའོ། །བག་ཡོད་པ་དང་ [123a.6]བརྟན་པ་དང་། །བདག་ཉིད་ལ་ནི་རྟག་ཏུ་དགའ། །ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་འདིས་གཞན་དག་བརྗོད་མོད་ཀྱི། འདི་ནི་ཡང་དག་པ་མ་ཡིན་ཏེ། ཕྲན་ཚེགས་ཀྱི་སྡེ་སྣོད་ལས་ཚིག་རྐང་དྲུག་པོ་འདི་ཉིད་སྨོས་པའི་ཕྱིར་དང་། འདིར་དོན་ལྷག་པ་ཡང་མེད་པས་བརྗོད་པར་མི་བྱའོ། །བག་མེད་པ་རྣམས་ [123a.7]ཐར་པར་འདོད་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །བག་ཡོད་པ་གཅིག་པུས་ནི་མངོན་པར་འདོད་པའི་དོན་མི་འགྲུབ་པ་སྟེ། འོན་ཀྱང་འབྲས་བུའི་ཚོགས་ཐམས་ཅད་ཀྱི་ཚོགས་པ་ལ་རག་ལུས་པའི་ཕྱིར་བརྩོན་འགྲུས་དང་བཅས་པ་ཉིད་དུ་འདིར་བསྟན་པའི་ཕྱིར་སྨྲས་པ། བརྩོན་འགྲུས་དང་ནི་ཞེས་བྱ་བ་ལ་སོགས་ [123b] [123b.1]པ་སྨོས་སོ། །ཨ་སི་བད་ད་ཀའི་བུ་གྲོང་དཔོན་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ནི་གཅིག་ལ་ཐུགས་བརྩེ་བར་གྱུར་པ་བཙུན་པ་རྒྱུ་གང་ལགས་རྐྱེན་གང་ལགས་ཞེས་གསོལ་པ་དང་། གྲོང་དཔོན་དེ་ནི་གནས་མེད་དེ་ཇི་སྲིད་དུ་འདི་ལྟ་སྟེ། [123b.2]ཇི་ལྟར་ཡང་ཞིང་པ་ཁྱིམ་བདག་གི་ཞིང་ནི་གསུམ་ཡོད་དེ། དེ་ལ་ཞིང་དང་པོ་ནི་ལེགས་པར་རྨོས་པ་དང་། ལེགས་པར་བདལ་ཞིང་བསྙམས་པ་དང་། ས་སྣུམ་ཞིང་འཇམ་པ་དང་། རྩྭ་དང་ཚེར་མ་མེད་པའོ། །གཉིས་པ་ནི་ལེགས་པར་རྨོས་པ་སྟེ་དགོན་དུང་ངོ་། །གསུམ་པ་ནི་ཚྭ་སྒོ་ཅན་མ་རྨོས་པའོ། །དེ་ལ་གྲོང་ [123b.3]དཔོན་ཞིང་པ་ཁྱིམ་བདག་གིས་ས་བོན་གང་དུ་འདེབས་པར་བྱེད། སྔ་མ་མ་གཏོགས་པར་གཞན་དུ་ནི་མ་ཡིན་ཏེ། དེ་མེད་ན་ནི་གཉིས་པའོ། །གྲོང་དཔོན་དེ་བཞིན་དུ་དེ་བཞིན་གཤེགས་པས་གདུལ་བྱའི་བསམ་པ་ལ་ལྟོས་ཏེ། ཆོས་སྟོན་པ་ལ་སོགས་པའི་བྱ་བ་མཛད་པར་འགྱུར་རོ་ཞེས་བྱ་བ་སྟེ། ཇི་ཙམ་ན་འདི་ [123b.4]གསུངས་སོ། །གཞན་དག་ན་རེ་འོད་མའི་ཚལ་ན་གནས་བརྟན་ལམ་ཕྲན་བསྟན་ལས་བརྩམས་པ་ཡིན་ནོ་ཞེས་ཟེར་རོ། །གཞི་དང་བཅས་པའི་ཚུལ་ཁྲིམས་དང་། སེམས་དང་ལྟ་བ་རྣམ་པར་དག་པ་དང་། དེའི་འབྲས་བུ་འདིར་བསྟན་ཏོ་ཞེས་བྱ་བ་ནི་འདིའི་བསྡུས་པའོ། །བརྩོན་འགྲུས་ནི་ཀུན་ནས་སློང་ཞིང་བརྩོན་ [123b.5]འགྲུས་རྩོམ་པ་སྟེ། དེ་མེད་པར་ནི་མངོན་པར་འདོད་པའི་འབྲས་བུ་མི་འཐོབ་བོ། །བག་ཡོད་པ་ཞེས་བྱ་བ་ནི་དོན་འདི་ལ་ཤེས་བཞིན་གྱིས་གནས་པ་དེས་སེམས་སྲུང་བ་སྟེ། བག་ཡོད་པ་དེས་སོ། །ཡང་དག་པར་སྡོམ་པ་ནི་ལུས་དང་ངག་ཡང་དག་པར་སྡོམ་པ་སྟེ། དེས་སྡིག་པ་ལ་ཁྱད་དུ་གསོད་པ་ལས་ [123b.6]ལྡོག་པ་ཡིན་ནོ། །དུལ་བ་དང་ཞེས་བྱ་བ་ནི་དབང་པོའི་སྒོ་བསྲུང་བ་དེས་མིག་ལ་སོགས་པའི་དབང་པོ་རྣམས་ཡོངས་སུ་འདུལ་བ་སྟེ། གང་ཡུལ་གྱིས་མི་འཕྲོགས་པའོ། །དང་གི་སྒྲ་ནི་འདིས་གླིང་དུ་བྱེད་པ་ཡང་ཡིན་ནོ་ཞེས་པའོ། །གླིང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་རབ་ཏུ་འཇུག་པའི་ཕྱིར་ཏེ། དེའི་ཕྱིར་ [123b.7]མདོ་སྡེ་པ་ལ་ལས་མྱ་ངན་ལས་འདས་པའི་རྣམ་གྲངས་སུ་བརྗོད་དེ། འདི་ལྟར་འདུས་མ་བྱས་དང་། བལྟ་བར་དཀའ་བ་དང་། མི་འགྱུར་བ་དང་། མཐའ་ཡས་པ་དང་། ཟག་པ་མེད་པ་དང་། གནས་དང་། གླིང་དང་། སྐྱོབ་པ་ཞེས་རྒྱ་ཆེར་གསུངས་སོ། །དེས་བྱས་པ་ནི་མྱ་ངན་ལས་འདས་པ་འཐོབ་བོ་ཞེས་ [124a] [124a.1]བྱ་བའི་དོན་ཏེ། འདིར་བྱས་པ་ནི་ཐེག་པ་ལ་འཇུག་སྟེ། ཇི་ལྟར་གཞན་དག་ཏུ་བཤད་པ། སྡུག་བསྔལ་མཐར་བྱེད་པ་ཡིན་ནོ་ཞེས་པའོ། །མཁས་པ་ཞེས་བྱ་བ་ནི་ཡུལ་ཇི་ལྟ་བ་ཉིད་ལ་ཤེས་པའི་མཁས་པ་དེ་གང་ལ་ཡོད་པ་སྟེ། བདེན་པ་མཐོང་བ་ཞེས་བྱ་བའི་དོན་ཏོ། །ཆུ་བོ་ [124a.2]ཆེན་པོ་མངོན་དུ་བཟློག །ཅེས་བྱ་བ་ནི་གང་དེ་མཁས་པས་གླིང་དུ་བྱས་པས་ནི་ཞེས་བྱ་བས་ཆུ་བོ་རྣམ་པ་བཞིས་ཟིལ་གྱིས་མནན་པར་མི་འགྱུར་ཞིང་འཕྲོགས་པར་མི་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། འཕགས་པའི་ཉན་ཐོས་བརྩོན་འགྲུས་ཕུན་སུམ་ཚོགས་ [124a.3]པ་ལ་གནས་པས་བག་ཡོད་པར་འགྱུར་ཞིང་ཤེས་བཞིན་ལ་གནས་པར་འགྱུར་རོ། །བག་ཡོད་པ་ལ་གནས་པས་ནི་ཉེས་པར་སྤྱོད་པ་དང་། ཀུན་ནས་ཉོན་མོངས་པ་ལ་ལུས་དང་ངག་གིས་ཡང་དག་པར་སྡོམ་པར་བྱེད་དོ། །ཚུལ་ཁྲིམས་ཡོངས་སུ་སྦྱངས་པའི་ཕྱིར་ཡུལ་དང་ཉོན་མོངས་པ་ལས་དབང་པོ་འདུལ་ [124a.4]བར་བྱེད་དོ། །སེམས་ཡོངས་སུ་སྦྱངས་པའི་ཕྱིར་དམ་པ་རྣམས་ཀྱི་སྡོམ་པ་དང་བཅས་ཤིང་། ཚུལ་ཁྲིམས་ལ་སོགས་པ་རྣམ་པར་དག་པ་ལ་བརྟེན་ནས་གླིང་དུ་བྱེད་དོ། །གང་དུ་ཉོན་མོངས་པ་ཟད་པ་ཐོབ་ན་ནི་ཡང་ཆུ་བོ་བཞིས་འཕྲོགས་པར་མི་འགྱུར་རོ། །བརྩོན་འགྲུས་ཀྱིས་ནི་བརྩོན་འགྲུས་ཀྱི་དབང་པོ་ [124a.5]བསྟན་ཏོ། །བག་ཡོད་པས་ནི་དྲན་པའི་དབང་པོ་ལ་ཉེ་བར་གནས་པ་སྟེ། གང་གི་ཕྱིར་དྲན་པ་ཡོད་ན་ནི་བག་ཡོད་པར་འགྱུར་རོ། །ཡང་དག་པར་སྡོམ་པས་ནི་ཡུལ་ལ་མཆེད་པའི་སེམས་ཡང་དག་པར་སྡོམ་པ་ཡིན་པའི་ཕྱིར་ཏིང་ངེ་འཛིན་གྱི་དབང་པོ་བསྟན་ཏོ། །དུལ་བས་ནི་ཤེས་རབ་ཀྱི་དབང་པོ་བསྟན་ཏེ། གང་ [124a.6]གི་ཕྱིར་ཤེས་རབ་ཀྱིས་སེམས་ཡོངས་སུ་འདུལ་བར་བྱེད་དོ། །ཇི་ལྟར་ཡང་ཉོན་མོངས་པས་བྱས་པའི་རྣམ་པར་སྨིན་པར་ཡང་མི་འགྱུར་རོ། །མཁས་པས་གླིང་དུ་བྱས་ནས་ནི། །ཞེས་བྱ་བ་ནི། འཕགས་པའི་ཉན་ཐོས་དེ་འདི་ལ་དད་པས་ཐར་པ་དོན་དུ་གཉེར་བས་ནི་དབང་པོ་རྣམ་པ་བཞི་འབྲས་བུ་དང་བཅས་ [124a.7]པར་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཚིག་གི་རྣམ་པའི་དོན་ཏོ། །དེ་ལ་འདི་ནི་ཐར་པ་འདོད་པ་རྣམས་ཀྱིས་ལེ་ལོ་ལ་སོགས་པའི་སྐྱོན་དེ་སྤང་བར་བྱ་བའི་ཕྱིར་འདི་གསུངས་སོ། །སྟོན་གྱི་ཟླ་བ་དྲི་མ་མེད་པ་ལས་ཀྱང་ལྷག་པའི་དྲི་མ་མེད་པའི་གྲགས་པ་ནི་བག་ཡོད་པ་ཉིད་ལས་འཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ [124b] [124b.1]སྨྲས་པ། བརྩོན་འགྲུས་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲགས་པ་འདོད་པའི་རྒྱལ་པོའི་བུ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ། ཀྱེ་གཽ་ཏ་མ་གང་གིས་གྲགས་པ་འཕེལ་བར་འགྱུར་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་སོ། །གཞན་ [124b.2]དག་ན་རེ་རྒྱལ་པོའི་ཁབ་ཏུ་ཀུན་པ་གོ་ཤ་ཞེས་བྱ་བ་ལས་བརྩམས་ཏེ་གསུངས་སོ་ཞེས་འདི་ལ་བསྡུས་པའི་དོན་ནི་བརྩོན་འགྲུས་ལྡན་ཞིང་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དྲན་པ་ནི་དྲན་པའི་དབང་པོའོ། །སྤྱོད་པ་གཙང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དབང་པོ་སྟེ། གང་གི་ཕྱིར་བསམ་གཏན་ཐོབ་ [124b.3]ན་ནི་ཚུལ་ཁྲིམས་ཡོངས་སུ་དག་གོ། །བརྟགས་ནས་བྱེད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་པོ་སྟེ། དེའི་དབང་གིས་ནི་འཇིག་རྟེན་ལས་འདས་པའི་ལམ་འཐོབ་ཅིང་ཡང་དག་པར་སྡོམ་པ་ལ་སོགས་པ་རྣམས་ཀྱིས་ཚུལ་ཁྲིམས་དང་འཚོ་བ་དང་སེམས་ཤིན་ཏུ་ཡོངས་སུ་དག་པར་ཀུན་དུ་བསྟན་པའི་ཕྱིར་རོ། ། [124b.4]བརྩོན་འགྲུས་གང་ལ་ཡོད་པ་དེ་ནི་བརྩོན་འགྲུས་དང་ལྡན་པ་སྟེ། བརྩོན་འགྲུས་རྩོམ་པ་དང་ལྡན་པའོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་དྲན་པ་གང་ལ་ཡོད་པ་དེ་ནི་དྲན་པ་དང་ལྡན་པའོ། །སྤྱོད་པ་གཙང་བ་དང་ལྡན་པ་ཞེས་བྱ་བ་ལ་གཙང་ཞིང་དྲི་མ་མེད་པའི་སྤྱོད་པའི་ཚུལ་འདི་ལ་ཡོད་པའོ། །བརྟགས་ནས་བྱེད་པ་ [124b.5]ཞེས་བྱ་བ་ནི་བརྟགས་ཤིང་ངེས་པར་རྟོག་པ་དང་ལེགས་པར་སྤྱོད་པའི་ཚུལ་གང་འདི་ལ་ཡོད་པ་སྟེ། རྟོག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་སྡོམ་པར་བྱེད་པ་ཞེས་བྱ་བ་ནི་སྡིག་པ་ལས་གཏན་དུ་ལྡོག་པ་དང་། མི་བྱེད་པའི་སྡོམ་པ་ཐོབ་པས་འཕགས་པའི་གང་ཟག་གཏན་དུ་ཡང་དག་པར་སྡོམ་ [124b.6]པར་འགྱུར་རོ། །ཡང་དག་པར་སྡོམ་པ་དག་པའི་ཐབས་བསྟན་པ། ཆོས་ཀྱིས་འཚོ་བ་དང་ཞེས་བྱ་བ་ལ་ཆོས་ནི་རིགས་པ་སྟེ། དེས་འཚོ་བའི་ངང་ཚུལ་འདི་ལ་ཡོད་པ་དེ་ནི་དེ་ལྟ་བུ་སྟེ་ཤེས་རབ་ཀྱིས་འཚོ་བས་སོ། །ཡང་ན་ཚུལ་འཆོས་པ་ལ་སོགས་པ་ལོག་པའི་འཚོ་བ་སྤངས་པའོ། །བག་ཡོད་རྣམས་ཀྱིས་ [124b.7]ཞེས་བྱ་བ་ནི་བག་ཡོད་པའི་ཕྱིར་གང་ཡང་འབྱུང་བར་མི་འགྱུར་བ་དེ་ནི་འདིར་དོན་དམ་པས་བག་ཡོད་ཅིང་དགྲ་བཅོམ་པ་ཡིན་ཏེ། དྲུག་ལ་རྟག་ཏུ་གནས་པ་ཡིན་ནོ། །གྲགས་པ་མངོན་པར་འཕེལ་ཞེས་བྱ་བ་ནི་སྙན་པས་སྲིད་པ་གསུམ་མ་ལུས་པར་ཁྱབ་པར་འགྱུར་ཏེ། ཇི་སྐད་དུ་པ་རི་ཛ་ཀའི་མདོ་ལས་གསུངས་པ། [125a] [125a.1]སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷའི་འདུན་སའི་ཆོས་བཟངས་སུ་འདུས་ཤིང་འཁོད་ནས་ཡང་དང་ཡང་དུ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་གྲགས་པ་སྒྲོགས་པའི་ཚུལ་གྱིས་འདུག་གོ་ཞེས་སོ། །གྲགས་པ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་འདོད་པ་རྣམས་ཀྱིས་བག་ཡོད་པ་ལ་ [125a.2]ནན་ཏན་དུ་སྦྱར་བའི་ཕྱིར་འདི་གསུངས་སོ། །བག་ཡོད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་གནས་ཡིན་པས་གང་སྤང་བའི་དངོས་པོ་དེ་བསྟན་པའི་ཕྱིར། དམན་པའི་ཆོས་ལ་མི་རྟེན་ཅིང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །འདིའི་གླེང་གཞི་ནི་ལོག་པའི་ལྟ་བ་མཆོག་ཏུ་ཁ་ན་མ་ཐོ་བ་མེད་ [125a.3]པ་ལ་ལོག་པར་ལྟ་བའི་སྐྱེས་བུ་གང་ཟག་གང་ཡང་ལུས་ཀྱི་ལས་ལ་དེ་ལྟར་ལྟ་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །གཞན་དག་ནི་དགེ་སློང་ཞིག་དམན་པ་ལ་མོས་ཤིང་ལེ་ལོ་ཅན་ཞིག་གི་དབང་དུ་མཛད་ནས་གསུངས་ཞེས་ཟེར་རོ། །ཚིག་རྐང་དང་པོས་ནི་ཚུལ་ཁྲིམས་ [125a.4]འཆལ་བ་བཟློག་ཅིང་ལྷག་པའི་ཚུལ་ཁྲིམས་ལ་གཟུད་པ་ཡིན་ནོ། །ཚིག་རྐང་གཉིས་པས་ནི་འདོད་པའི་ཡོན་ཏན་དག་ལ་གཡེང་བ་ལས་བཟློག་ཅིང་ལྷག་པའི་སེམས་ལ་གཟུད་པའོ། །གསུམ་པས་ནི་ཕྱིན་ཅི་ལོག་གི་ལྟ་བ་ལ་མཆོག་ཏུ་འཛིན་པ་བཟློག་པ་སྟེ། ལྷག་པའི་ཤེས་རབ་ལ་གཟུད་པ་ཡིན་ནོ། །བཞི་པས་ [125a.5]ནི་བསླབ་པའི་འབྲས་བུ་སྟོན་ཏོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡང་ན་ཚིག་རྐང་དང་པོས་ནི་སྡིག་པ་སྤྱོད་པ་ལས་བཟློག་པའོ། །གཉིས་པས་ནི་འདོད་པ་སྤྱོད་པ་ལས་བཟློག་པའོ། །གསུམ་པས་ནི་དཀའ་བ་སྤྱོད་པ་ལས་བཟློག་པ་ཡིན་ཏེ། གང་གི་དཀའ་ཐུབ་ཀྱིས་བདག་ཉིད་ཡོངས་སུ་གདུང་བར་བྱེད་ཅིང་འདིས་ [125a.6]ཡོངས་སུ་དག་པར་བལྟ་བའོ། །བཞི་པས་ནི་དེ་བསྟེན་པའི་ཉེས་དམིགས་བསྟན་ཏོ། །ཡན་ལག་གི་དོན་ནི། དམན་པའི་ཆོས་ལ་མི་རྟེན་ཅིང་། །ཞེས་བྱ་བ་ནི་ངན་པར་སྤྱོད་པ་ལྷག་པར་མི་བྱེད་པ་འདིས་ངན་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་ལས་བཟློག་པ་ཡིན་ནོ། །བག་མེད་པ་ལ་བརྟེན་མི་བྱ། །ཞེས་པ་ནི་ [125a.7]བག་མེད་པའི་དངོས་པོ་དང་ལྷན་ཅིག་མི་རྟེན་ཅིང་མི་འབྲེལ་བར་བྱ་བ་སྟེ། འདིས་ནི་ཡུལ་ལ་སྲེད་པའི་ཉོན་མོངས་པ་ལས་བཟློག་པ་ཡིན་ནོ། །ལོག་པར་ལྟ་ལ་འདོད་མེད་དང་། །ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་གཅོད་པར་བྱེད་པ། ལྟ་བ་ངན་པའི་ལྟ་བ་དེ་ལ་འདོད་པ་མེད་པ་སྟེ། །དེའི་ཡུལ་ལ་འདོད་ [125b] [125b.1]པར་མི་བྱ་སྟེ། འདིས་ནི་ལྟ་བའི་ཀུན་ནས་ཉོན་མོངས་པ་ལས་བཟློག་པ་ཡིན་ནོ། །འཇིག་རྟེན་འཕེལ་བར་མི་བྱའོ། །ཞེས་བྱ་བ་ནི་འཇིག་རྟེན་སོགས་པར་མི་བྱེད་པ་སྟེ། གང་གིས་འཇིག་རྟེན་འཕེལ་བ་ནི་སྐྱེ་བ་གཞན་དུ་འཁོར་བ་སྟེ། རྒྱུ་དང་འབྲས་བུ་རྒྱུན་ཆགས་པར་འབྱུང་བས་སོ། །འཇིག་རྟེན་ [125b.2]ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ་ཞེས་བསྟན་ཏོ། །དེ་ཡང་འཇིག་ཅིང་རབ་ཏུ་འཇིག་པ་ཡིན་པས་འཇིག་རྟེན་ནོ། །འཕེལ་བར་བྱ་བ་མ་ཡིན་པ་ནི་འཕེལ་བར་མི་བྱའོ། །འཇིག་རྟེན་གྱི་འཕེལ་བ་ནི་འཇིག་རྟེན་འཕེལ་བའོ། །དེ་ལ་འདིས་ནི་ཀུན་ནས་ཉོན་མོངས་པ་གསུམ་སྤང་ཞིང་ཡོངས་སུ་སྦྱོར་བར་བསྟན་པ་ཡིན་ [125b.3]ནོ། །དེ་དག་ཡོངས་སུ་མ་སྤངས་ན་ནི་འཁོར་བ་འཕེལ་བར་འགྱུར་ལ་ཡོངས་སུ་སྤངས་ན་ནི་འཕེལ་བར་མི་འགྱུར་རོ་ཞེས་བསྟན་ཏོ། །ཡང་ན་དམན་པ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། ཉན་ཐོས་ལ་སོགས་པའི་ལམ་ནི་གཞན་གྱི་དོན་བྱེད་པར་འདོད་པ་སྤངས་པའི་ཕྱིར་རོ། །བག་མེད་ [125b.4]པ་ཞེས་བྱ་བ་ནི་དེ་སྤོང་བའི་ལམ་གྱི་གཉེན་པོ་དང་བྲལ་བ་ཉིད་དུ་སྟོན་ཏོ། །ལོག་པར་ལྟ་ལ་ཞེས་བྱ་བ་ནི་སྐྱོན་ཐམས་ཅད་རྩ་བ་ནས་འབྱིན་པ་ལ་གཟུད་པའོ། །དེ་ལྟ་ན་ནི་འདིར་ཕན་འདོགས་པ་ཉིད་དུ་ཉེ་བར་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་འཕེལ་བར་མི་བྱའོ། །ཞེས་བྱ་བ་ཡིན་ནོ། །འཁོར་བ་ཡོངས་ [125b.5]སུ་སྤོང་བར་འདོད་པས་ནི་ཇི་སྐད་དུ་བཤད་པ་སྤྱད་པར་མི་བྱའོ་ཞེས་ཡང་དག་པར་འཛིན་པར་བྱེད་དུ་གཞུག་པའི་ཕྱིར་འདི་གསུངས་སོ། །གང་སྔར་བཤད་པའི། ལོག་པར་ལྟ་ལ་འདོད་མེད་དང་། །ཞེས་བྱ་བ་དེ་དང་པོར་གང་གིས་སེལ་བ་ཡིན་ཞེ་ན། འཇིག་རྟེན་པའི་ཡང་དག་པའི་ལྟ་བས་ཡིན་ཏེ། དེས་ན་ [125b.6]དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡང་མཐུ་འདི་ལྟ་བུ་ཡོད་དེ། འདི་ལྟར་ངན་སོང་གསུམ་དུ་ལྟུང་བ་འགོག་པར་བྱེད་པ་ཡིན་ན། འཇིག་རྟེན་ལས་འདས་པ་ལྟ་སྨོས་ཀྱང་ཅི་དགོས་སོ་ཞེས་ཕན་ [125b.7]ཡོན་བསྟན་པ་ནི་འདིའི་བསྡུས་པའི་དོན་ཏོ། །ཕྱིན་ཅི་མ་ལོག་པ་ལ་འཇུག་པའི་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། གང་སོ་སོའི་སྐྱེ་བོའི་དགེ་བ་གང་མཐོང་བའི་དབང་གིས་ལས་དང་། འབྲས་བུ་ཡོད་པ་ཉིད་ལས་བརྩམས་ཏེ། དཀོན་མཆོག་གསུམ་དང་བདེན་པ་རྣམས་ལ་ཡིད་ཆེས་ཤིང་མོས་པ་དང་འདོད་པའོ། ། [126a] [126a.1]ཆེན་པོ་ཞེས་བྱ་བ་ནི་ཤས་ཆེ་བ་དང་ལྡན་པ་སྟེ། མདོར་ན་ཁྱད་པར་གྱི་གནས་སྐབས་ཐོབ་པའི་དོན་ཏེ། དེའི་ཕྱིར་དྲོ་བར་གྱུར་པ་ཡང་དག་པར་འཛིན་པ་ནི་ཐ་མའོ། །རྩེ་མོ་ཡང་དག་པར་འཛིན་པ་ནི་བར་མའོ། །བཟོད་པ་ཡང་དག་པར་འཛིན་པ་ནི་ཆེན་པོའོ། །འཇིག་རྟེན་པ་ཉིད་ཡིན་པས་ [126a.2]འཇིག་རྟེན་པའོ་སྟེ་ཟག་པ་དང་བཅས་པའོ། །གང་གི་གནས་སྐབས་ཀྱིས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཆེན་པོ་ཡིན་ཞེ་ན། སྨྲས་པ། འདི་ལྟ་སྟེ་སོ་སོའི་སྐྱེ་བོར་གྱུར་པ་འདི་ལ་འཕགས་པའི་བདེན་པ་བཞི་ལ་བཟོད་པ་ཆེན་པོ་ཡོད་པ་སྟེ། དེ་ཡང་ངེས་པར་འབྱེད་པའི་ཆའི་བཟོད་པ་ཐོབ་པའི་སོ་སོའི་སྐྱེ་བོ་ཞེས་ [126a.3]བརྗོད་དོ། །སུ་ལ་ཞེས་བྱ་བ་ནི་གང་ཟག་གོ། །ཡོད་པར་གྱུར་པ་ཞེས་བྱ་བ་ནི་རྒྱུད་ལ་ཡོད་པའོ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ཞེས་བྱ་བ་ནི་འཁོར་བ་ན་འཁོར་བའི་སྐྱེ་བ་སྟོང་ཕྲག་དུ་ཡང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཆེན་པོ་ཐོབ་པར་གྱུར་པ་དེ་ནི་ངན་འགྲོར་འགྲོ་བར་མི་འགྱུར་ཏེ། ངན་སོང་གསུམ་དུ་སྐྱེ་བར་མི་འགྱུར་བ་ [126a.4]ཉིད་དེ། དེ་ནི་དེས་ན་སོ་སོར་བརྟག་པའི་འགོག་པ་ཐོབ་པར་གྱུར་པའི་ཕྱིར་ཏེ། བཟོད་ཐོབ་ངན་སོང་གསུམ་དུ་མི་ལྟུང་ངོ་། །ཞེས་པའི་ལུང་གིས་སོ། །ངན་སོང་གིས་འཇིགས་ཤིང་ལམ་ངན་པ་ལ་ཞུགས་པའི་འཇིག་རྟེན་པ་རྣམས་ལ་ཡང་དག་པའི་ལྟ་བའི་ཕན་ཡོན་བསྟན་པས་གཟུད་པའི་ཕྱིར་འདི་གསུངས་སོ། །གང་ [126a.5]གི་ཕྱིར་ཡང་བག་མེད་པ་དང་། བག་ཡོད་པ་གཉིས་ཉེས་དམིགས་དང་ཕན་ཡོན་དང་ལྡན་པ་འདི་ལྟ་བུ་ཡིན་པས་བག་ཡོད་པ་ཉིད་འཛིན་དུ་གཞུག་པའི་ཕྱིར་སྨྲས་པ། ལྷག་པའི་སེམས་ལ་བག་བྱ་སྟེ། །ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་ཉན་ཐོས་རབ་ཏུ་ [126a.6]མང་པོ་སྙོམས་པར་འཇུག་པའི་རོ་ལ་མྱོང་བར་བྱེད་ཅིང་གནས་པ་ལས་དེའི་དབང་དུ་མཛད་ནས་སོ་སོར་ཐར་པ་མདོར་བསྡུས་པའི་ཚིགས་སུ་བཅད་པ་འདི་གསུངས་སོ། །གཞན་དག་ནི་རྒྱལ་བྱེད་ཀྱི་ཚལ་ན་དགེ་སློང་གློ་བུར་དུ་འོངས་པ་ཞིག་ཤིན་ཏུ་བག་མེད་པའི་དབང་དུ་མཛད་དེ་འདི་གསུངས་སོ་ཞེའོ། །འདིར་བསྡུས་ [126a.7]པའི་དོན་ནི་ཚིག་རྐང་དང་པོས་ནི་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་ལ་ཐོས་པ་ཙམ་གྱིས་ཆོག་པར་འཛིན་ཅིང་ཤེས་རབ་ཀྱི་ཚོགས་ཀྱི་བྱ་བ་དང་ལྡན་པ་དག་ལྷག་པའི་སེམས་ཀྱི་བསླབ་པ་ལ་སྦྱོར་བ་ཡིན་ནོ། །ཚིག་རྐང་གཉིས་པས་ནི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་མི་ལྷོད་པ་དང་། ལྷག་པའི་སེམས་ཀྱི་ [126b] [126b.1]བསླབ་པ་བསྒོམ་པར་འགྱུར་བའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྦྱོར་བའོ། །ལྷག་མས་ནི་དེ་ལྟར་སློབ་པའི་འབྲས་བུའི་ཕན་ཡོན་བསྟན་ཏོ། །ལྷག་པའི་སེམས་ཞེས་བྱ་བ་ལ། སེམས་ལྷག་པ་ཡོད་པ་ནི་ལྷག་པའི་སེམས་སོ། །ལྷག་པའི་སེམས་ལས་ནི་བསམ་གཏན་འབྱུང་ངོ་། །གང་ [126b.2]གི་ཕྱིར་བསམ་གཏན་གྱིས་ནི་སེམས་དབང་དུ་འགྱུར་རོ། །ཡང་ན་གང་ལ་ལྷག་པའི་སེམས་ཡོད་པ་དེ་ནི་ལྷག་པའི་སེམས་སོ། །བག་བྱ་སྟེ་ཞེས་བྱ་བ་ནི་བག་མེད་པ་མི་བྱེད་པའོ། །ཇི་ལྟར་ན་ལྷག་པའི་སེམས་ལ་བག་བྱ་བ་ཡིན་ཞེ་ན། གལ་ཏེ་སེམས་རྩེ་གཅིག་པས་ཡང་དག་པའི་ཡིད་ལ་བྱེད་པ་སྐྱེས་ [126b.3]པར་གྱུར་པ་དེ་ལ་ནི་མྱ་ངན་མེད་པ་ཡིན་ཞེས་བྱ་བ་འདི་དང་སྦྱར་རོ། །འདིས་ནི་དགེ་སློང་བསམ་གཏན་གྱི་རོ་མྱོང་བར་བྱེད་པ་ཟློག་པར་བྱེད་པ་ཡིན་ཏེ། དེའི་བདེ་བ་ནི་ཆགས་པའི་གནས་ཡིན་པས་བག་མེད་པར་བྱེད་པའི་ཕྱིར་རོ། །ཐུབ་པའི་ཞེས་བྱ་བ་ནི་ཐུབ་པ་ཞེས་བྱ་བའི་དོན་ཏོ། །དེས་ཉེ་བར་བསྟན་པའི་ཕྱིར་ཐུབ་པས་ཞེས་བྱ་བ་ [126b.4]ཡིན་ནོ། །གང་ཐུབ་པས་བསྟན་པ་ནི་མི་གཡོ་བ་ཡིན་ཏེ། གང་བློ་དང་ལྡན་པ་ཐུབ་པས་བསྟན་པའི་ཚུལ་ལོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་ཤིང་བྲལ་བར་གྱུར་པ་ཡིན་ནོ་ཞེས་བསྟན་པ་ནི་དོན་དམ་པའི་ཐུབ་པ་སྟེ་ཐུབ་པའི་དབང་པོའོ། །དེ་ལྟ་ན་ནི་དགྲ་བཅོམ་པ་ཐམས་ཅད་ཀྱང་ཐུབ་པ་ཡིན་ [126b.5]ནོ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་ཐུབ་པ་ཆེན་པོའོ་ཞེས་བསྟན་པས་སོ། །ཐུབ་པས་གསུངས་པའི་གཞི་ནི་ཐུབ་པའི་གཞི་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་བཅས་པའི་བསླབ་པའི་གཞི་རྣམས་སོ། །ཐུབ་པ་ཉིད་ཡིན་པས་ཐུབ་པ་སྟེ་དེའི་གཞི་འདི་དག་གོ། །དེ་དག་ལ་རབ་ཏུ་གནས་ན་ནི་ཐུབ་པའི་ད [126b.6]ངོས་པོ་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །བསླབ་ཅེས་བྱ་བ་ནི་བརྩོན་པས་བྱ་བ་སྟེ། ད་ལྟར་བྱུང་བའི་ཐུབ་པའི་གཞི་དག་ལའོ། །མྱ་ངན་མེད་པ་ཡིན་ཞེས་བྱ་བ་ནི་ཡིད་ཀྱི་གདུང་བ་དེ་ལ་མི་སྐྱེ་བ་ཉིད་དེ། འདི་ལ་ཉོན་མོངས་པའི་སྐྱོན་མེད་པ་དང་། ཉོན་མོངས་པ་སྤངས་པའི་ཕྱིར་རོ། །ཇི་ལྟ་བུ་ལ་འདིར་མྱ་ངན་ [126b.7]མེད་པ་ཡིན་ཞེ་ན། སྨྲས་པ། སྐྱོབ་པ་ཞེས་བྱ་བ་སྟེ་རྣམ་པར་གྲོལ་བས་ཆོས་ཡོངས་སུ་མ་ཉམས་པའོ། །ཉེ་བར་ཞི་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་བ་ལས། ལྷག་པར་ཉེ་བར་ཞི་བ་ཐོབ་པའོ། །འདིས་ནི་ཉོན་མོངས་པ་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །རྟག་ཏུ་དྲན་ལྡན་པ་ཞེས་བྱ་བ་ནི་རྟག་ཏུ་དྲན་པ་ [127a] [127a.1]མངོན་དུ་བྱས་པ་སྟེ། དྲན་པ་ཉམས་པ་མེད་པའི་ཆོས་ཡིན་པའི་ཕྱིར་དང་། དྲུག་ལ་གནས་པའི་ཕྱིར་རོ། །ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་བསྒོམས་པས་མངོན་པར་འདོད་པའི་དོན་ཐོབ་པ་དེ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །ཁྱད་པར་རིག་པས་བག་ཡོད་ [127a.2]པ་ལ་འབད་པར་བྱ་བ་ཡིན་ཏེ། འདི་ལྟར། བག་མེད་པ་ལ་སྦྱོར་བྱེད་པ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་སོ། །མཉན་ཡོད་ན་དེད་དཔོན་གཉིས་ཡོད་དེ། གཅིག་ནི་ཕྱུག་ཅིང་ནོར་མང་ངོ་། །གཅིག་ནི་ནོར་ཉུང་བ་ཞིག་ཡོད་དོ། །ཇི་ཙམ་ན་ནོར་མང་ཤོས་ནི་བུད་མེད་དང་ [127a.3]རྒྱན་པོ་ལ་སོགས་པ་ལ་ཆགས་པས་འབྱོར་པ་ཟད་པར་གྱུར་ཏེ། སློང་མོའི་འཚོ་བ་ལ་ཞུགས་སོ། །ཅིག་ཤོས་ཀྱིས་ནི་བརྩོན་འགྲུས་ལ་གནས་པར་བྱས་ཏེ། རྒྱ་མཚོར་འགྲོ་བ་ལ་སོགས་པའི་རིམ་གྱིས་ནོར་ཉེ་བར་བསགས་ཏེ། འབྱོར་བ་དང་བདེ་བ་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ལྟ་བུའི་གཏམ་རྒྱལ་ [127a.4]པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །དེ་ལ་འདིར་ཚིག་རྐང་དང་པོས་ལོག་པར་བསྒྲུབ་པ་བསྟན་ཏོ། །གཉིས་པས་ནི་ལོག་པར་བསྒྲུབ་པའི་རྒྱུ་བསྟན་ཏོ། །ལྷག་མས་ནི་ཡང་དག་པར་བསྒྲུབ་པ་དེའི་རྒྱུད་དང་དེའི་དཔེ་བསྟན་ [127a.5]པ་ནི་འདིའི་བསྡུས་པའི་དོན་ཏོ། །བག་མེད་པ་ཞེས་བྱ་བ་ནི་བྱ་བ་ནན་ཏན་དུ་བསྒྲུབ་པ་ལ་ཡལ་བར་དོར་བས་ཉེ་བར་མཚོན་པའི་སེམས་ལས་བྱུང་བའོ། །སྦྱོར་བྱེད་པས་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་སྟེ། དགེ་བ་དང་མི་མཐུན་པའི་ཆོས་བསྟེན་པས་ཞེས་བྱ་བའི་དོན་ཏོ། །འདིས་ནི་ལོག་པར་བསྒྲུབ་པ་བསྟན་ཏོ། །བྱིས་ [127a.6]པས་ནི་རྨོངས་པ་སྟེ་འདིས་ནི་མི་ཤེས་པ་དང་ལྡན་པར་བསྟན་ཏོ། །བསམ་བརླག་ཅེས་བྱ་བ་འདིས་ནི་ལོག་པར་ཤེས་པ་དང་ལྡན་པར་བསྟན་ཏོ། །ཁ་ཅིག་ན་རེ་མི་ཤེས་པ་ལས་ནི་བག་མེད་པ་འབྱུང་སྟེ། ཆོས་མ་ཐོས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ལོག་པར་ཤེས་པ་ལས་བག་མེད་པ་འབྱུང་སྟེ། ཆོས་ལོག་པར་ཐོས་ [127a.7]པའི་ཕྱིར་དཔེར་ན་བྲམ་ཟེ་བུ་འདོད་པའི་ཕྱིར་ཚངས་པར་སྤྱོད་པ་བྱེད་པ་དང་། མཐོ་རིས་འདོད་པའི་ཕྱིར་ཕྱུགས་གསོད་ཅིང་རིག་བྱེད་འདོན་པ་དང་། ཚིག་ཀྱལ་པ་སྨྲ་བར་བྱེད་པས་བདག་ནི་བག་ཡོད་པ་ཡིན་ནོ་སྙམ་པ་དང་། གཅེར་བུ་པ་དག་ཐར་པ་འདོད་པའི་ཕྱིར་ཤིན་ཏུ་དཀའ་བའི་དཀའ་ཐུབ་ལ་སོགས་པ་སྤྱོད་པ་ཡིན་ནོ། ། [127b] [127b.1]སྐྱེ་བོ་ཞེས་བྱ་བ་ནི་སྐྱེ་བའི་ཆོས་དང་ལྡན་པའི་ཕྱིར་འགྲོ་བ་ཐམས་ཅད་དེ། ཡོངས་སུ་མ་སྨིན་པའི་སེམས་ཅན་གྱི་ཚོགས་སྟོན་པ་ཡིན་ནོ། །མཁས་པས་བག་དང་ལྡན་པར་བྱ། །ཞེས་བྱ་བ་ནི་སྔར་བཤད་པའི་མཚན་ཉིད་ཀྱི་བག་མེད་པ་དེ་མཁས་པས་བསྲུང་བར་བྱ་བའོ། །དང་གི་སྒྲ་ནི་ཁྱད་པར་ཏེ། བྱིས་ [127b.2]པ་ལས་མཁས་པ་ཁྱད་པར་གྱི་ལས་ལ་བརྟེན་པས་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །འདི་ལྟར་བྱིས་པ་ནི་བག་མེད་པ་ལ་གཞོལ་བར་འགྱུར་ཏེ། འདི་ནི་བག་ཡོད་པའོ། །མཁས་པ་གང་ལ་ཡོད་པ་དེ་ནི་བློ་དང་ལྡན་པ་སྟེ། ཕྱིན་ཅི་མ་ལོག་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་བག་ཡོད་པ་འདི་ནི་བསྲུངས་ [127b.3]པ་ཡིན་ཞེ་ན། སྨྲས་པ། ཚོང་དཔོན་ལྟར་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཞེས་པ་དང་། རིན་ཆེ་བའི་ནོར་ཞེས་ཀྱང་འདི་དང་སྦྱར་ཏེ། དབྱིག་དང་གསེར་དང་ནོར་བུ་ལ་སོགས་པ་ནི་ནོར་ཏེ། དཔེར་ན་འབྱོར་བ་འདོད་པའི་སྐྱེས་བུས་ནོར་བུ་རིན་པོ་ཆེ་ལ་སོགས་པ་བསགས་པ་བྱས་ནས། ཡོངས་སུ་སྲུང་བར་བྱེད་པ་དེ་ [127b.4]བཞིན་དུ་མཁས་པ་བག་ཡོད་པ་བསྲུང་བ་ཡིན་ཏེ། བདག་གི་དད་པའི་དབང་པོ་ལ་སོགས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་ལ་འདི་ནི་བྱིས་པ་དང་མཁས་པའི་མཚན་ཉིད་ལ་ཀུན་དུ་རྨོངས་པ་རྣམས་ལ་དེ་བསྟན་པའི་ཕྱིར་དང་། རབ་ཏུ་ཆགས་པ་རྣམས་བག་ཡོད་པ་ལ་གཟུད་པའི་ཕྱིར་ [127b.5]གསུངས་སོ། །དེས་ན་ཡང་དེ་ཉིད་ལ་གཟུད་པའི་ཕྱིར། བག་མེད་པ་ལ་མི་སྦྱོར་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིག་རྐང་དང་པོས་ནི་ངན་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་བཟློག་པ་ཡིན་ནོ། །གཉིས་པས་ནི་འདོད་པའི་ཀུན་ནས་ཉོན་མོངས་པ་ལས་བཟློག་པ་ཡིན་ནོ། །གསུམ་པས་ [127b.6]ནི་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་ལས་བཟློག་པ་ཡིན་ནོ། །སྙོམས་པར་ཞུགས་པའི་ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་གཉིས་ཏེ། རོ་མྱང་བ་དང་། རྟག་ཏུ་སྒོམ་པར་མི་བྱེད་པའོ། །དེ་ལ་བག་ཡོད་པ་ཞེས་བྱ་བ་ནི་རོ་མྱང་བ་མ་ཡིན་པར་བསྟན་ཏོ། །རྟག་ཏུ་སེམས་བྱེད་པ་ཞེས་བྱ་བས་ [127b.7]ནི་རྟག་ཏུ་བསྒོམ་པ་ཉིད་དུ་བསྟན་ཏོ། །ཟག་པ་ཟད་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི། ཀུན་ནས་ཉོན་མོངས་པ་གསུམ་ལས་རྣམ་པར་གྲོལ་བའི་ཕན་ཡོན་བསྟན་ཏོ། །ཡང་ན་ཚིག་རྐང་སྔ་མ་གཉིས་ཀྱིས་ནི་ཟག་པ་ཟད་པ་དང་འགལ་བའི་ཆོས་ལས་བཟློག་པ་ཡིན་ནོ། །འོག་མ་གཉིས་ཀྱིས་ནི་ཟག་པ་ཟད་པ་ཐོབ་ [128a] [128a.1]པར་བྱེད་པའི་ཆོས་ལ་ཡང་དག་པར་སྦྱོར་བ་ཡིན་ནོ། །བག་མེད་པ་ལ་མི་སྦྱོར་ཞིང་། །ཞེས་བྱ་བ་ནི་བག་མེད་པའི་སྐྱོན་འདི་ལྟ་བུའོ་ཞེས་རྟོགས་ནས་རྗེས་སུ་མི་འཇུག་པ་སྟེ། དགེ་བའི་ཆོས་མི་བསྒོམ་པའི་ཚུལ་གྱིས་ལེ་ལོ་ལས་ལྡོག་པའོ། །འདོད་ལ་དགའ་བ་མི་སོགས་ [128a.2]དང་། །ཞེས་བྱ་བ་ནི། འདོད་པའི་དགའ་བ་དང་མཚུངས་པར་ལྡན་པའི་ཡིད་བདེ་བ་ནི་ཡིད་དགའ་བའོ། །དེ་ལ་སོགས་པ་ནི་འབྲེལ་བ་དང་འདྲིས་པ་སྟེ། འདིར་ཡང་མི་སྦྱོར་ཞིང་ཞེས་བྱ་བ་རྗེས་སུ་འབྲང་ངོ་། །འདོད་པ་ལ་དགའ་བས་བྱས་པའི་མཚུངས་པར་ལྡན་པས་གནས་པ་ལས་བཟློག་པའོ། །རྒྱུ་གཉིས་ [128a.3]ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་བྱུང་བར་གྱུར་ཀྱང་ཟག་པ་ཟད་པ་ལས་རིང་དུ་གནས་པ་ཡིན་ཏེ། ལེ་ལོ་དང་དགེ་བའི་ཆོས་བསྒོམ་པ་ན་འདོད་པ་ལ་དགའ་བ་བསྟེན་པ་སྟེ། གང་དེ་ཐོབ་པ་ལ་འགལ་བའི་ཆོས་བསྟེན་པ་དེས་ན་དེ་ཉིད་ཀྱི་ཕྱིར་གཉིས་པོ་དེ་ལས་ལྡོག་པ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ལྟར་བག་ཡོད་ [128a.4]ཅེས་བྱ་བ་སྨོས་ཏེ། གང་བག་མེད་པ་ལ་མི་སྦྱོར་ཞིང་བརྩོན་འགྲུས་རྩོམ་པ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་སེམས་བྱེད་པ་ཞེས་བྱ་བ་ནི་རྟག་ཏུ་བསྒོམ་པའི་ངང་ཚུལ་འདི་ལ་ཡོད་པ་སྟེ། ཞི་གནས་དང་ལྷག་མཐོང་གི་ཚུལ་གྱིས་རྒྱུན་མི་འཆད་པར་བསྒོམ་པ་ལ་འཇུག་ཅིང་མི་མཐུན་པའི་ཕྱོགས་སེལ་བར་བྱེད་པ་ཡིན་ [128a.5]ཏེ། གང་འདོད་པ་ལ་དགའ་བ་ལ་སོགས་པ་ལ་མི་སྦྱོར་བ་དེ་ཞེས་བྱ་བའི་དོན་ཏོ། །ཐོབ་པར་གྱུར་པ་ནི་ཕྱིན་པར་འགྱུར་བའི་དོན་ཏོ། །ཟག་པ་ཟད་པ་ནི་ཉོན་མོངས་པ་ཟད་པ་སྟེ་དགྲ་བཅོམ་པ་ཉིད་དོ། །དེ་ཐོབ་པར་གྱུར་ན་ནི་ཟག་པ་གསུམ་ཟད་པར་འགྱུར་རོ། །དེ་ལ་ཚིགས་སུ་བཅད་པ་འདི་ནི་ཐར་པ་འདོད་པ་ལ་ [128a.6]ལེ་ལོ་ཆེ་བ་དང་། ཡུལ་ལ་མངོན་པར་དགའ་བ་རྣམས་ལ་དེའི་གཉེན་པོ་ལ་གཟུད་པའི་ཕྱིར་གསུངས་སོ། །གང་གི་ཕྱིར་བག་ཡོད་པས་ཟག་པ་ཟད་པ་ཐོབ་པ་ཡིན་ཏེ་དེའི་ཕྱིར་སྨྲས་པ། ཟག་པ་ཟད་པ་མ་ཐོབ་ཀྱང་། །ཞེས་བྱ་བ་སྨོས་སོ། །བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་དགོན་པ་དག་ཏུ་རྒྱུ་ཞིང་ [128a.7]གཤེགས་པ་ལས་རི་དྭགས་ཀྱི་མ་ཞིག་གིས་གཡང་ས་ནས་ལྟུང་བའི་སེང་གེ་རལ་པ་ཅན་སྲོག་དང་ལྡན་པའི་མིག་གཉིས་ཕྱུང་བ་གཟིགས་ནས་བག་མེད་པའི་དགེ་སློང་དག་གི་དབང་དུ་མཛད་དེ་འདི་གསུངས་སོ། །འདིའི་བསྡུས་པའི་དོན་ནི་ཚིགས་བཅད་སྔ་མ་ཕྱེད་ཀྱིས་ནི་ལམ་རྣམ་པར་ཉམས་པར་སྟོན་ཏོ། །འོག་ [128b] [128b.1]མ་ཕྱེད་ཀྱིས་དེ་རྣམ་པར་ཉམས་པའི་འབྲས་བུ་སྟོན་ཏོ། །དུས་འདིར་བག་མེད་མི་བྱ་སྟེ། །ཞེས་བྱ་བ་ནི་མི་ཁོམ་པ་བརྒྱད་སྤངས་པའི་མིའི་ལུས་འདི་ནི་འདིར་ཁོམ་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བག་མེད་པས་ཡལ་བར་དོར་ཞིང་འབྲས་བུ་མེད་པར་བྱ་བ་ནི་མི་རིགས་ཏེ། གང་ཡོད་པར་གྱུར་ཞེ་ན། མ་ཐོབ་ཀྱང་ [128b.2]ཞེས་བྱ་བ་སྨོས་ཏེ། མ་རྟོགས་ཀྱང་ངོ་། །ཟག་པ་ཟད་པ་ཞེས་བྱ་བ་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པའོ། །དཔེར་ན་རིན་པོ་ཆེའི་གླིང་ནས་འོངས་ལ་རིན་པོ་ཆེ་བསགས་པ་མ་བྱས་པ་ནི་རབ་ཏུ་དགའ་བར་བྱས་པ་མ་ཡིན་པ་དེ་བཞིན་ནོ། །དེ་ལ་འདིས་ནི་ཟག་པ་ཟད་པ་ཐོབ་པར་བྱ་བའི་ཕྱིར། བག་ཡོད་པ་ [128b.3]བསྒོམ་པ་ལ་གཟུད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བག་མེད་པ་དག་བསད་པར་འགྱུར། །ཞེས་སྨོས་ཏེ། དགེ་བའི་ཆོས་སྲོག་དང་འདྲ་བ་འདིས་གསོད་པ་ཡིན་པས་ཉམས་པར་བྱེད་ཅེས་བྱ་བའི་དོན་ཏེ། འཆི་བདག་དང་ཉོན་མོངས་པ་ལ་སོགས་པས་སོ། །བག་མེད་པ་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་གསོད་པའི་ཕྱིར་རྗེས་ [128b.4]སུ་འགྲོ་བ་ཡིན་ཏེ། འདིར་དཔེ་བསྟན་པ། རི་དྭགས་མ་ཡིས་སེང་གེ་ལྟར། །ཞེས་བྱ་བ་སྟེ། རི་དྭགས་ཀྱི་མས་གསད་པའི་ཕྱིར་སེང་གེའི་རྗེས་སུ་འབྲང་བ་བཞིན་ནོ། །རི་དྭགས་ཀྱི་མ་ཞེས་བྱ་བའི་རིགས་ཡོད་དེ། དེ་སེང་གེའི་རྗེས་སུ་འབྲངས་ནས་ལྕེས་བལྡག་ཅིང་དེ་ལྟར་བདེ་བར་བྱེད་དོ། །ཇི་ཙམ་ན་དེ་ [128b.5]གཉིད་ཤིན་ཏུ་སྟུག་པོས་ནོན་ཏེ་གཉིད་ལོག་པ་དེའི་ཚེ་མིག་གཉིས་འདྲུ་བར་བྱེད་པ་ཡིན་ནོ། །འདི་ལྟར་སེང་གེ་དེ་ཡང་བག་མེད་པའི་གཉིད་ཀྱི་རྗེས་སུ་འགྲོ་བས་ཉམས་པ་ཡིན་ན། རི་དགས་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་དེ་ལྟར་སྟོབས་དང་ལྡན་པའི་དགེ་བའི་རྩ་བ་ལ་རབ་ཏུ་གནས་པ་སེང་གེ་དང་འདྲ་བའི་ [128b.6]སློབ་པ་དང་མི་སློབ་པའི་གང་ཟག་ཀྱང་བག་མེད་པའི་ཉོན་མོངས་པའི་བདུད་རྗེས་སུ་འབྲང་ནས་ཡེ་ཤེས་ཀྱི་མཐོང་བ་ཉམས་པར་བྱེད་ན། སོ་སོའི་སྐྱེ་བོའི་ཡོན་ཏན་ཉམས་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། འཆི་བདག་གི་བདུད་ཀྱིས་བྱ་བ་མ་བྱས་པའི་སློབ་པ་དག་ཀྱང་བག་མེད་པས་གསོད་པར་བྱེད་ན། འདོད་ཆགས་ [128b.7]དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་དང་ལོག་པའི་ཆོས་མ་སྤངས་པ་དང་། དེའི་གཉེན་པོ་དགེ་བའི་ཆོས་མ་བསྒོམས་པའི་བྱིས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། གཞན་དག་ཏུ་ནི། རི་དགས་མ་ཡིས་སེང་གེ་ལྟར། །ཞེས་བརྗོད་དེ། རི་དགས་མ་ནི་རི་དྭགས་མོ་སྟེ། སེང་གེ་བཟའ་བའི་ཆེད་དུ་རྗེས་སུ་འབྲང་ [129a] [129a.1]བ་དེ་བཞིན་དུ་བག་མེད་པའི་བདུད་དོ། །དེ་ལ་འདི་ནི་བག་མེད་པའི་སྐྱོན་བསྟན་པས་བག་ཡོད་པ་ལ་གཟུད་པའི་ཕྱིར་གསུངས་སོ། །བག་མེད་པའི་ཉེས་དམིགས་ནི། བག་མེད་ཕ་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་གཞན་གྱི་བུད་མེད་ལ་འགྲོ་བའི་ [129a.2]སྐྱེས་བུ་གཞན་གྱི་ཆུང་མ་དང་དགའ་བར་སྤྱོད་ཅིང་འདུག་པ་ལ་རྒྱལ་པོའི་སྐྱེས་བུས་བཟུང་ནས་མ་སྐྱེས་དགྲས་གཤེད་མ་ལ་གཏད་དེ། ལག་པ་དང་རྐང་པ་དང་སྐྱེས་པའི་དབང་པོ་དང་ཕྲལ་ནས་དུར་ཁྲོད་ཀྱི་གནས་སུ་བསྐྱལ་ལོ། །དེ་བཀྲེས་པ་དང་སྐོམ་པ་ལ་སོགས་པས་ཉེ་བར་གདུངས་བཞིན་ [129a.3]དུ་དེ་ནས་ཤི་བའི་དུས་བྱས་ཏེ་དམྱལ་བར་སྐྱེས་པ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །གཞན་དག་ནི་མགོན་མེད་ཟས་སྦྱིན་གྱི་སྣག་གི་ཚ་བོ་ཀྵེ་མ་ཀ་ཞེས་བྱ་བའི་ཚོང་དཔོན་གྱི་བུ་ལས་བརྩམས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་གྱི་བུད་མེད་ལ་ཆགས་པས་ནི་ཉེས་པ་རྣམ་པ་བཞི་འཐོབ་པར་འགྱུར་ཏེ། [129a.4]འདི་ལྟ་སྟེ་རང་གི་ལས་དང་། གཞན་གྱི་ཆུང་མ་དང་། འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་ནས་གོ་རིམས་བཞིན་དུ་བསོད་ནམས་མ་ཡིན་པའི་ལས་སོགས་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གནས་སྐབས་ཞེས་བྱ་བ་ནི་གནས་ཀྱི་ཉེས་དམིགས་ཞེས་བྱ་བའི་དོན་ཏེ། འདིར་ [129a.5]སྡུག་བསྔལ་བས་གནས་པ་ནི་གནས་སྐབས་ཡིན་ཏེ། དེ་ཡང་སྡུག་བསྔལ་བའི་བདག་ཉིད་ཀྱི་ཉེས་དམིགས་ཚིགས་བཅད་འོག་མས་གསལ་བར་བྱེད་པར་འགྱུར་རོ། །བཞི་ཞེས་བྱ་བ་ནི་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གྲངས་སྨོས་སོ། །མི་གང་ཡིན་ཞེས་བྱ་བ་ནི་འདོད་ཆགས་ཅན་གྱི་ [129a.6]སེམས་ཅན་ནོ། །བག་མེད་པ་ནི་མཆོག་ཏུ་བག་མེད་པ་ཡིན་ཏེ། གང་གི་ཕྱིར་བག་ཡོད་པས་ནི་སྐྱོན་འདི་དག་མི་འཐོབ་པོ། །འབྱུང་ཞེས་བྱ་བ་ནི་འཐོབ་པར་འགྱུར་བའོ། །མི་གང་གིས་འདི་དག་ཐོབ་པར་འགྱུར་ཞེ་ན། སྨྲས་པ། ཕ་རོལ་བུད་མེད་སྟེན་བྱེད་པའི། །ཞེས་བྱ་བ་སྟེ། མི་གང་ཞིག་གིས་གཞན་ [129a.7]གྱི་བུད་མེད་ལ་སྤྱོད་ཅིང་། གཞན་གྱི་ཆུང་མ་ལ་འཁྱུད་པར་བྱེད་པའི་རང་བཞིན་ཅན་བྱི་པོ་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ལ་གནས་སྐབས་འདི་དག་བསྟན་པ་ཡིན་ནོ། །བསོད་ནམས་མི་ཐོབ་ཅེས་བྱ་བ་ལ་བསོད་ནམས་མེད་པ་ནི་བསོད་ནམས་མ་ཡིན་པ་ཡིན་ཏེ། ངན་པར་སྤྱོད་པའོ། ། [129b] [129b.1]དེ་ཐོབ་པ་ནི་རྙེད་པ་སྟེ་རེ་ཞིག་འདི་ནི་གནས་སྐབས་དང་པོའོ། །བདེ་བར་མི་ཉལ་དང་ཞེས་བྱ་བ་སྨོས་པ་ལ། བག་མེད་པར་ཉལ་པོ་བྱེད་པ་ནི་འཇོལ་ཉོག་གི་བདེ་བའོ། །དེ་ལ་ཉལ་བ་ནི་རྗེས་སུ་མྱོང་བ་སྟེ། རྒྱུ་ལ་འབྲས་བུ་བཏགས་པ་ཡིན་པས་སྨན་པ་བསྟེན་པའི་བདེ་བ་ལྟ་བུའོ། །བདེ་བར་ཉལ་བ་མ་ཡིན་པ་ [129b.2]ནི་བདེ་བར་མི་ཉལ་བ་སྟེ། བདེ་བླག་ཏུ་འདོད་པ་ཉེ་བར་ལོངས་སྤྱོད་པ་མ་ཡིན་པའོ། །འདི་ནི་གནས་སྐབས་གཉིས་པ་ཡིན་ནོ། །གསུམ་པ་སྨད་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱིས་སྨད་པའོ། །གསུམ་ཚང་བ་ཡིན་པས་གསུམ་པའོ། །བསོད་ནམས་མི་འཐོབ་པ་ནི་དང་པོ་ཡིན་ལ། བདེ་བར་ [129b.3]མི་ཉལ་བ་ནི་གཉིས་པའོ་ཞེས་ཅིའི་ཕྱིར་མ་བསྟན་ཞེ་ན། སྨྲས་པ། གདུལ་བྱ་དབང་པོ་ཐ་མ་ལ་ཕན་གདགས་པའི་ཕྱིར་འདི་ལྟར་བསྟན་པ་ཡིན་ཏེ། དེ་ཡང་གཅིག་བསྟན་པས་གཉིས་གྲངས་མ་སྨོས་པ་ཡང་འཛིན་པར་ནུས་ཏེ། ལྷག་པ་ནི་མ་ཡིན་ནོ་ཞེས་འཛིན་པར་ནུས་པ་ཡིན་ཏེ། དེས་ན་དེ་ལྟར་བྱས་ [129b.4]སོ། །ཡང་ན་བཤད་པའི་རྣམ་གྲངས་བསྟན་པའི་ཕྱིར་ཏེ། གྲངས་དང་བཅས་པ་ནི་དབང་པོ་ཞན་པ་ལ་བསྟན་ཏོ། །གྲངས་མེད་པ་ནི་དབང་པོ་རྣོ་བ་ལ་བསྟན་ཏོ། །བཞི་པ་དམྱལ་བར་འགྱུར་ཞེས་བྱ་བ་ནི་དམྱལ་བ་ནི་ངན་སོང་གསུམ་མོ། །འབྱུང་ཞེས་བྱ་བ་ནི་འདིར་ཡང་རྗེས་སུ་འབྲེང་ངོ་། །རྣ་བ་བྱེ་བ་རིའི་ [129b.5]རྟོགས་པ་བརྗོད་པ་ལས་ཤན་པ་དང་། བྱི་བོ་བྱེད་པ་མཐོང་བ་ཡང་འདིར་དཔེར་བརྗོད་པར་བྱའོ། །གཞན་གྱི་བུད་མེད་ལ་ཆགས་པའི་གང་ཟག་དག་དེ་ལས་སྐྱོ་བ་བསྐྱེད་པའི་ཕྱིར་འདི་གསུངས་སོ། །ཚིགས་བཅད་སྔ་མར་བཤད་པའི་གཞན་གྱི་བུད་མེད་ལ་བརྟེན་པའི་ཉེས་དམིགས་ཀྱི་སྐྱོན་དེ་ཉིད་ [129b.6]བསྟན་པའི་ཕྱིར་སྨྲས་པ། བསོད་ནམས་མ་ཐོབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དང་ཕ་རོལ་གཉི་ག་ལ་སྐྱོན་དང་བཅས་པ་ཡིན་ནོ་ཞེས་བསྟན་པ་ནི་འདིའི་བསྡུས་པའི་དོན་ཏོ། །བསོད་ནམས་མ་ཐོབ་པར་གྱུར་ན་སྡིག་པའི་འགྲོ་བར་ལོས་ཀྱང་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་བསོད་ནམས་ [129b.7]མ་ཐོབ་པ་དང་། དེ་དང་འབྲེལ་བས་ནི་བདག་ལ་གནས་སྐབས་ངན་པའི་འགྲོ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དང་གི་སྒྲ་གཉིས་སྨོས་སོ། །དཔེར་ན་ལྷས་ཆར་ཕབ་པ་དང་ལོ་ཏོག་ཀྱང་སྐྱེའོ་ཞེས་བྱ་བ་ལྟ་བུའོ། །འདི་ནི་རེ་ཞིག་བསོད་ནམས་མ་ཡིན་པ་འཐོབ་པའི་སྐྱོན་ནོ། །འཇིགས་པ་དང་ཞེས་བྱ་བ་ནི་ [130a] [130a.1]རང་གི་རྒྱུད་ལ་འཇིགས་པས་གཡེན་སྤྱོ་བ་སྟེ། སྐྱེས་བུས་འཇིགས་པ་དེས་བུད་མེད་དང་ལྷན་ཅིག་བདེ་བ་ཆུང་བ་ཡིན་ཏེ། ཉེ་བར་ལོངས་སྤྱོད་པའི་བདེ་བ་ཆུང་བ་ཡིན་ནོ། །འདི་ནི་བདེ་བར་མི་ཉལ་བའི་སྐྱོན་བསྟན་ཏོ། །རྒྱལ་པོ་ཞེས་བྱ་བ་ནི་མིའི་བདག་པོ་སྟེ། ཡུལ་གྱི་རྗེའོ། ། [130a.2]ཆད་པ་ཆེན་པོ་ཞེས་བྱ་བ་ནི་ཡན་ལག་བཅད་པ་ལ་སོགས་པའི་ཆད་པ་ཆེན་པོའོ། །གཅོད་པར་འགྱུར་བ་ནི་བྱེད་པར་འགྱུར་བའོ། །དང་གི་སྒྲ་ནི་ཐམས་ཅད་དུ་ཡང་བསྡུ་བའི་དོན་ཏེ། འདི་དང་འདིའི་སྐྱོན་ཡིན་ནོ་ཞེས་མཚོན་པ་ཡིན་ནོ། །འདི་ནི་སྨད་འགྱུར་ཞེས་བྱ་བ་ནི་སྐྱོན་བསྟན་པ་ཡིན་ཏེ། འཇིག་རྟེན་ [130a.3]ཐམས་ཅད་ཀྱིས་སྨད་པར་འགྱུར་ན་དེའི་གཏམ་རྒྱལ་པོས་ཐོས་ནས་ཆད་པས་གཅོད་པར་འགྱུར་རོ། །ལུས་ཞིག་ཅེས་བྱ་བ་ནི་རིས་མཐུན་པ་ཆད་པའི་འོག་ཏུའོ། དམྱལ་བ་རྣམས་སུ་འཚེད་ཅེས་བྱ་བ་ནི་ཡང་སོས་ལ་སོགས་པའི་དམྱལ་བའི་མེས་ཉ་ཆུ་ཚན་གྱི་ནང་དུ་འདུས་པ་བཞིན་དུ་འཚེད་པའོ། ། [130a.4]འདི་ནི་དམྱལ་བར་འགྲོ་བའི་ཉེས་དམིགས་ཀྱི་སྐྱོན་བསྟན་པ་ཡིན་ནོ། །འདོད་པས་ལོག་པར་གཡེམ་པ་ལ་ཆགས་པ་དག་བཟློག་པའི་ཕྱིར་འདི་གསུངས་སོ། །བག་ཡོད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞི་ཡིན་པས་དེ་ལ་གཟུད་པའི་ཕྱིར་གང་ཞིག་བདག་བདེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། [130a.5]བཅོམ་ལྡན་འདས་ས་ཀེ་ཏའི་ཨ་ནའི་ནགས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་དགེ་སློང་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་ས་ཀེ་ཏའི་གྲོང་ཁྱེར་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་སོ། །དེའི་ཚེ་གཞན་ཞིག་ཤིང་རྟ་ལམ་བཟང་པོ་བོར་ནས་ལམ་ལོག་པ་དག་ཏུ་སོང་སྟེ། ཤིང་རྟའི་སྲོག་ཤིང་ [130a.6]ཆག་པར་གྱུར་ནས། དེ་ནས་ལམ་བཟང་པོ་བོར་བ་དེ་ཕྱོགས་གཅིག་ཏུ་འདུག་སྟེ། སེམས་ཁོང་དུ་ཆུད་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། ཤིང་རྟ་པ་དེ་ལ་རྒྱ་ཆེར་ཚིགས་སུ་བཅད་པ་གསུམ་པོ་འདི་གསུངས་སོ། །དེ་ལ་དང་པོ་རེ་ཞིག་བཤད་པར་བྱ་སྟེ། གང་ཞིག་བདག་བདེ་ཞེས་བྱ་བ་ནི་ [130a.7]བརྟེན་པས་ཕན་པ་ཉིད་དུ་རྟོགས་པས་ནན་ཏན་དུ་བྱས་ལ་གཞན་ཐམས་ཅད་སྤངས་ནས་དེར་བདག་མེད་པར་ནི་མི་བྱ་སྟེ། ཤིང་རྟ་བ་དེ་བཞིན་དུ་སྡུག་བསྔལ་བསྟེན་པར་འགྱུར་རོ་ཞེས་བྱ་བ་ནི་གང་བདག་ལ་ཕན་འདོགས་པར་འདོད་པས་བརྟག་པར་བྱ་ཞིང་ཤེས་པར་བྱ་སྟེ། གང་དང་གང་ཕན་འདོགས་པར་བྱེད་པ་ [130b] [130b.1]སྟེ། འདི་དང་གཞན་དང་མྱ་ངན་ལས་འདས་པ་ལ་བདག་ཉིད་ཀྱི་ཕན་འདོགས་པ་ལ་ལྟ་ཞིང་དེ་དང་དེ་ཉིད་དང་པོར་བག་ཡོད་པར་བྱ་བ་ལ་དམིགས་པར་བྱས་ལ་མཁས་པས་དེ་ལ་བག་མེད་པས་འཇུག་པར་ནི་མི་བྱ་སྟེ། ནོར་གྱི་ཆེད་དང་དགེ་བ་བྱས་པ་ལ་ལེ་ལོ་མི་བྱའོ། །བདག་གི་ཕན་པ་གྲུབ་ན་ནི་གཞན་ལ་ཕན་པ་ [130b.2]ཡང་དེ་ལ་རག་ལས་ཤིང་དེས་འགྲུབ་པ་ཡིན་པས་གཞན་ལ་ཕན་པ་ནི་མ་བཤད་དོ། །འདིར་དཔེ་ནི་མི་མཐུན་པའི་ཆོས་ཀྱི་དཔེ་བསྟན་པ་ཡིན་ཏེ། ཤིང་རྟ་བ་བཞིན་ཞེས་བྱ་བ་སྨོས་ཏེ། ཤིང་རྟས་ཉོ་ཚོང་བྱེད་པ་ནི་ཤིང་རྟ་སྟེ་ཚོང་པའོ། །ཇི་ལྟར་འདི་བག་མེད་པས་མིག་འབྲུ་མར་གྱིས་བསྐུས་ཏེ། ལམ་བཟང་པོ་ [130b.3]བོར་ནས་ལམ་ལོག་པར་སོང་བ་ལས་སྲོག་ཤིང་ཆག་པར་གྱུར་ཏོ་སེམས་ཁོང་དུ་ཆུད་པ་དེ་བཞིན་དུའོ། །ཤིང་རྟ་བ་ཡང་ཇི་ལྟ་བུ་ཞེ་ན། སྨྲས་པ། བྱིས་པ་ཞེས་བྱ་བ་སྨོས་ཏེ་བླུན་པོའོ། །རྨོངས་པ་མེད་པར་ནི་བྱ་བ་རྣམས་ལ་བརྩོན་འགྲུས་ཞན་པར་མི་འགྱུར་རོ། །བསྟན་པ་ཞེས་བྱ་བ་ནི་སྒྱིད་ཞན་པ་མེད་པ་སྟེ། གང་བདུད་ [130b.4]དང་གཡུལ་འགྱེད་པར་འདོད་པ་ཡོན་ཏན་དང་། སྐྱོན་གྱི་བྱེ་བྲག་ཤེས་པ་དང་བརྟན་པའི་ཕྱིར་རོ། །བརྩོན་འགྲུས་ཞན་མི་བྱ་ཞེས་བྱ་བ་སྨོས་ཏེ། མི་བྱ་བ་ཞེས་བྱ་བ་ནི་སྒྱིད་ཞན་པ་དང་འབད་པ་ཆུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཡུན་རིང་དུ་འདུག་པ་དང་བག་མེད་པར་གནས་པ་བག་ཡོད་པ་ལ་གཟུད་པའི་ཕྱིར་ [130b.5]གསུངས་སོ། །དཔེ་དེ་ཉིད་ཚིགས་སུ་བཅད་པ་གཉིས་ཀྱིས་གསལ་བར་བསྟན་པའི་ཕྱིར་སྨྲས་པ། དཔེར་ན་བྱིས་པའི་ཤིང་རྟ་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འདིར། དེ་བཞིན་ཆོས་ནི་སྤངས་ནས་ཀྱང་། །ཞེས་བྱ་བ་ཚིགས་བཅད་ཀྱི་ཕྱེད་དང་པོས་ནི་བག་མེད་པའི་ངོ་བོ་ཉིད་བསྟན་ཏོ། །བྱིས་པ་ [130b.6]ཞེས་བྱ་བ་འདིས་ནི་བག་མེད་པའི་གཞི་བསྟན་ཏེ། རྨོངས་པ་ནི་བག་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལྷག་མས་ནི་བག་མེད་པའི་ཉེས་དམིགས་བསྟན་ཏོ། །ཚིགས་བཅད་སྔ་མས་ནི་མཐུན་པའི་ཆོས་ཀྱི་དཔེ་བསྟན་ཏོ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ཏོ། །དཔེར་ན་ཞེས་བྱ་བ་ནི་ཇི་ལྟར་རོ། །བྱིས་པ་ཞེས་ [130b.7]བྱ་བ་ནི་ཤེས་རབ་ཉམ་ཆུང་བའོ། །བཟང་པོ་ཞེས་བྱ་བ་ནི་སྐྱེ་བོ་མང་པོ་རྒྱུས་ཤིང་རྡོ་དང་ཚེར་མ་ལ་སོགས་པའི་སྐྱོན་དང་བྲལ་བའོ། །བོར་ནས་ཞེས་བྱ་བ་ནི་སྤངས་ནས་སོ། །ལམ་ཆེན་ཞེས་བྱ་བ་ནི་ལམ་ཡངས་པ་སྟེ། རྒྱལ་པོའི་ལམ་སྲང་ཞེས་བྱ་བའི་དོན་ཏོ། །ལམ་ངན་དག་ཏུ་འགྲོ་བྱེད་པ། །ཞེས་བྱ་བ་ནི་རྡོ་དང་ [131a] [131a.1]ཚེར་མ་དང་རྡུལ་ལ་སོགས་པའི་སྐྱོན་དང་ལྡན་པའི་ལམ་ལ་བརྟེན་ཅིང་གནས་པའོ། །མིག་ཆག་ཅེས་བྱ་བ་མིག་འདི་ལ་ཆག་པ་ཡོད་པ་ནི་མིག་ཆག་སྟེ། ཤིང་རྟའི་འཁོར་ལོ་ཆག་ཅེས་བྱ་བའི་དོན་ཏོ། །ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་ཅིང་མྱ་ངན་བྱེད་པའོ། །ཇི་ལྟ་བུར་ཁོང་དུ་ [131a.2]ཆུད་པ་ཡིན་ཞེ་ན། སྨྲས་པ། སེམས་ཁོང་དུ་ཆུད་པ་ཞེས་བྱ་བ་ཡིན་ཏེ། ཡིད་མི་བདེ་བ་འདི་ལ་ཡོད་པ་དེ་ནི་སེམས་ཁོང་དུ་ཆུད་པ་སྟེ། ཡིད་མི་བདེ་བའི་མེས་གདུངས་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རྨོངས་པས་གང་གི་ཤིང་རྟ་དང་བྲལ་བས་སྐྱོན་ཐམས་ཅད་འབྱུང་བ་སྟེ། རྒྱལ་པོའི་ལམ་ [131a.3]སྲང་བོར་ནས་ཤིན་ཏུ་ངན་པའི་ལམ་བསྟེན་པས་གང་ལས་གནོད་པ་འདི་ལྟ་བུ་འབྱུང་ཞིང་ཤིང་རྟ་མིག་ཆག་པར་གྱུར་པ་དེའི་གསོ་བ་མི་ཤེས་པ་ཡིན་ཏེ། དེས་རྒྱུད་གདུང་བར་བྱེད་ཅིང་དེ་སེམས་པ་ཡིན་པ་ལྟར། དེ་བཞིན་སྤངས་ནས་ཀྱང་ཞེས་བྱ་བ་སྨོས་ཏེ། དེ་ལྟར་བོར་བའོ། །གང་སྤངས་པ་ཡིན་ཞེ་ན། ཆོས་ [131a.4]ཞེས་བྱ་བ་སྨོས་ཏེ། ལེགས་པར་སྤྱོད་པ་དང་བདེ་འགྲོ་དང་ཐར་པའི་ཐབས་ཞེས་བྱ་བའི་དོན་ཏོ། །ཆོས་མིན་རྗེས་སུ་འཇུག་བྱེད་པ། །ཞེས་བྱ་བ་ནི་ངན་པར་སྤྱོད་པ་ཡང་འདི་ལྟ་བུ་ཡིན་ཏེ། གང་དུ་ལྟུང་བའི་རྒྱུ་ལ་ནན་ཏན་གྱིས་བྱེད་པའོ། །དེ་གང་ཡིན་ཞེ་ན། སྨྲས་པ། བྱིས་པ་སྟེ་བླུན་པའོ། །འཆི་བདག་དབང་འགྲོ་ [131a.5]ཞིང་ཞེས་བྱ་བ་ནི་འཆི་བའི་རྗེས་སུ་འགྲོ་ཞིང་འཆི་བདག་ལ་རག་ལས་པའོ། །དཔེར་ན་བྱིས་པའི་ཤིང་རྟ་ལྟ་བུ་ནི་བག་མེད་པའི་ཆོས་ལ་གནས་པའི་གང་ཟག་ཡིན་ནོ། །ཇི་ལྟར་ལམ་ཆེན་པོ་བཟང་པོ་ལྟ་བུ་ནི་བདེ་འགྲོར་འཇུག་ཅིང་འབྲེལ་བའི་ཆོས་ཡིན་ནོ། །ཇི་ལྟར་ལམ་ངན་པར་འགྲོ་བ་ལྟ་བུ་ནི་ཆོས་མ་ཡིན་པའོ། ། [131a.6]ཇི་ལྟར་ཤིང་རྟ་ལྟ་བུ་ནི་དེ་དང་དེས་སྐྱེས་པའི་བདག་གི་དངོས་པོའོ། །ཇི་ལྟར་ལམ་ཆེན་པོ་བཟང་པོ་བོར་ནས་ལམ་ངན་པ་དག་ཏུ་འགྲོ་བར་བྱེད་པའི་ཤིང་རྟ་ལྟ་བུ་ནི་འདི་ལ་ནང་གི་ཆོས་སྤངས་ནས་ཆོས་མ་ཡིན་པ་ལ་འཇུག་པའི་གང་ཟག་གོ། །ཇི་ལྟར་དེ་མིག་ཆག་ཅིང་སེམས་ཡོངས་སུ་གདུང་བ་སྟེ། ད་ཇི་ལྟར་ [131a.7]བྱ་ཞེས་སེམས་ཁོང་དུ་ཆུད་ཅིང་ཡིད་ལ་གཅགས་ཏེ། དེ་གསོ་བ་མི་ཤེས་པ་དེ་བཞིན་དུ་བག་མེད་པ་ལ་གནས་པའི་གང་ཟག་འཆི་བདག་གི་དབང་དུ་འགྲོ་བ་ན་ཡང་དེས་སྤང་བར་མི་ནུས་ཤིང་ཡིད་ལ་གཅགས་པར་གྱུར་ནས་བཅོམ་པ་འཐོབ་པ་སྟེ། རྣམ་པར་ཉམས་པར་འགྱུར་ཞིང་མངོན་པར་འདོད་པའི་འབྲས་ [131b] [131b.1]བུ་མ་ཐོབ་པའི་ཕྱིར་དང་། མཐའ་མེད་པར་ལྟུང་བའི་ཕྱིར་རོ། །ཇི་ལྟ་བུར་བཅོམ་པ་ཡིན་ཞེ་ན། སྨྲས་པ། མིག་ཆག་བཞིན་དུ་ཞེས་བྱ་བ་སྨོས་ཏེ། མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་ཡང་རྒྱ་ཆེར་མ་བསྟན་ཏེ། དཔེ་ནི་མདོར་བསྡུས་པ་ཡིན་ནོ། །ཡང་ན་དཔེ་དེས་ [131b.2]འདུལ་བ་དག་ལ་རྗེས་སུ་གཟུང་བའི་ཕྱིར་རོ། །ཡང་ན་དཔེ་འདི་ནི་སྔ་མའི་ཁྱད་པར་ཡིན་པའི་ཕྱིར་རོ། །འདི་ཇི་ལྟ་བུར་འཆི་བདག་གི་དབང་དུ་འགྲོ་ཞིང་བཅོམ་པ་ཡིན་ཞེ་ན། མིག་ཆག་ཅེས་བྱ་བ་སྨོས་ཏེ། ཆག་ཅིང་འགག་པའི་མིག་དང་དབང་པོ་གང་ཡིན་པ་སྟེ། མིག་ལ་སོགས་པའི་དབང་པོ་ [131b.3]ཉམས་པ་ཞེས་བྱ་བའི་དོན་ཏེ། འཆི་བའི་དུས་སུ་རིམ་གྱིས་མིག་ལ་སོགས་པའི་དབང་པོ་འགག་པ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་ཉིད་ཀྱི་དོན་ཏེ་བཅོམ་པ་ཉིད་དོ། །ཡང་ན་བཞིན་ཞེས་བྱ་བའི་སྒྲ་ནི་ཅིག་ཅར་འཆི་བ་ཉིད་དུ་སྟོན་པའི་ཕྱིར་ཏེ། དེར་ཡང་ངན་སོང་དུ་ལྟུང་བས་བཅོམ་པ་ཉིད་དོ། ། [131b.4]གནོད་པ་ཐམས་ཅད་ཀྱི་རྒྱུ་བག་མེད་པ་སྤང་བ་ལ་གཟུང་བའི་ཕྱིར་འདི་གསུངས་སོ། །བག་མེད་པའི་འབྲས་བུ་ནི་ཟག་པ་འཕེལ་བ་དང་ཐར་པ་ཤིན་ཏུ་ཐག་རིང་བ་ཡིན་པས་དེ་བསྟན་པའི་ཕྱིར། གང་ཞིག་བྱ་བ་རྣམས་སྤངས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་ལྷ་སྦྱིན་གྱིས་འོད་སྲུངས་ [131b.5]སྟོབས་བཅུ་པ་ལས་བསྒྲུབས་ཏེ། དེའི་རྫུ་འཕྲུལ་གྱི་ལམ་གྱིས་བརྟུལ་ཞིང་རྫུ་འཕྲུལ་གྱིས་གཞོན་ནུ་མ་སྐྱེས་དགྲ་རྣམ་པ་སྣ་ཚོགས་ཀྱིས་དགའ་བར་བྱས་ནས། དེའི་དཔུང་གིས་བྱ་བ་མ་ཡིན་པ་རྣམ་པ་དུ་མ་བྱས་ཏེ། འདི་ལྟ་སྟེ་དགེ་འདུན་གྱི་དབེན་པ་དང་། བཅོམ་ལྡན་འདས་བགྲོངས་ [131b.6]པའི་ཕྱིར་སྒྱོགས་འཕངས་པ་དང་། གླང་པོ་ཆེ་སྨྱོན་པ་ནོར་སྐྱོང་ཞེས་བྱ་བ་བཏང་བ་ལ་སོགས་པ་བྱས་ཏེ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །འདིར་བསྡུས་པའི་དོན་ཡང་ཉམས་པ་རྣམ་པ་གཉིས་ཏེ། ཀུན་འབྱུང་གི་བདེན་པ་འཕེལ་ཞིང་འགོག་པའི་བདེན་པ་དང་རིང་དུ་གྱུར་པ་དང་། དེའི་རྒྱུ་བྱ་བ་མ་ཡིན་ [131b.7]པ་བྱེད་པ་ཡོངས་སུ་བསྟན་པ་ཡིན་ནོ། །གང་ཞིག་བྱ་བ་ཞེས་བྱ་བ་ནི་བསྒྲུབ་པའི་ལས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ལ་སོགས་པའོ། །ཡང་ན་ལུས་སུ་གཏོགས་པ་དྲན་པ་སྟེ་ཇི་སྐད་དུ་གསུངས་པ། ཆོས་གཅིག་བསྒོམ་པར་བྱ་སྟེ། འདི་ལྟ་སྟེ་ལུས་སུ་གཏོགས་པ་དྲན་པའོ་ཞེས་པའོ། །རྣམས་སྤངས་ཞེས་ [132a] [132a.1]བྱ་བ་ནི་བསྩལ་བ་སྟེ་དེས་ངེས་པར་བྱ་བའོ། །མི་བྱ་བ་དག་བྱེད་པ་དང་། །ཞེས་སྨོས་ཏེ། དགེ་འདུན་གྱི་དབྱེན་ལ་སོགས་པའི་གླེང་གཞི་དང་སྦྱར་བར་བྱའོ། །ཡང་ན་སྲེད་པ་རྣམ་པ་བཞི་བསྐྱེད་པ་ཡིན་ཏེ། ཇི་སྐད་དུ་གསུངས་པ། ཆོས་གོས་ཀྱི་ཕྱིར་སྲེད་པ་བསྐྱེད་ཅིང་རབ་ཏུ་ [132a.2]གནས་པ་དང་། ཇི་སྲིད་དུ་ཟས་དང་གནས་མལ་དང་འཁོར་བའི་འབྱོར་བའི་ཆེད་དུའོ། །ཀྱེ་མ་ཞེས་བྱ་བ་ནི་ཐུགས་བརྩེ་བ་ཡིན་ཏེ། རྗེས་སུ་མི་མཐུན་པའི་ཚུལ་གྱིས་སྤྱོད་ཅིང་བག་མེད་པ་དེ་ལ་ཐུབ་པའི་དབང་པོ་རྣམས་ཐུགས་བརྩེ་བར་མཛད་དོ། །གང་ཡང་དེ་ལྟར་བྱེད་པ་དེའི་ཉེས་དམིགས་བསྟན་པའི་ [132a.3]ཕྱིར། རློམ་བྱེད་པ་ཞེས་བྱ་བ་སྨོས་ཏེ། མཐོ་བ་དང་བསྙེམས་ཤིང་ལོག་པར་སྤྱོད་པ་སྟེ། གང་ཡང་མི་བསྟེན་ཞིང་ང་རྒྱལ་ཆེ་ལ་སྤྱོད་པ་ལོག་པ་དེ་ཐམས་ཅད་ནི་བྱ་བ་མ་ཡིན་པ་བསྟེན་པར་འགྱུར་ཏེ། འདིས་ནི་བྱ་བ་མ་ཡིན་པ་བྱེད་པའི་རྒྱུ་བསྟན་ཏོ། །བག་མེད་པ་ཞེས་བྱ་བ་ནི་བྱ་བ་ལ་ནན་ཏན་མེད་ཅིང་མངོན་པར་ [132a.4]མི་བརྩོན་པ་སྟེ། འདིས་ནི་བྱ་བ་མི་བྱེད་པའི་རྒྱུ་བསྟན་ཏེ། གང་གི་ཕྱིར་བག་མེད་པས་ནི་བྱ་བ་སྤོང་བར་འགྱུར་རོ། །དེ་དག་རྣམས་ཀྱི་ཞེས་བྱ་བ་ནི་དེ་ལྟར་གྱུར་བའི་རྒྱུད་ལ་ནི་ཟག་པ་འཕེལ་བར་འགྱུར་བ་སྟེ། ཟག་པ་ནི་མ་སྐྱེས་པ་སྐྱེ་བ་དང་སྐྱེས་ཟིན་པའི་ཕྱིར་ཞིང་རྒྱས་པར་འགྱུར་བའོ། །ཟག་པ་ནི་ཁམས་ [132a.5]གསུམ་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའོ། །ཟག་པ་འཕེལ་བའི་སྐྱོན་སྨྲས་པ། །འཕེལ་གྱུར་པ་ཞེས་བྱ་བ་ནི། གང་དེ་ལྟར་ཟག་པ་འཕེལ་བ་སྐྱེ་བ་ནི་ཟག་པ་མེད་པ་རྒྱང་རིང་བ་ན་གནས་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཐག་རིང་དུ་གྱུར་པའོ། །འདིར་རྒྱང་མ་ཞེས་བྱ་བའི་སྒྲ་ནི་ཤིན་ཏུ་ཐག་རིང་བའི་ [132a.6]དངོས་པོའི་ཚིག་གོ། །སྡུག་བསྔལ་གྱི་རྒྱུ་ཟག་པ་ཡོད་པར་གྱུར་ན་ནི་སྡུག་བསྔལ་ཁོ་ན་ཉེ་བར་གནས་པར་འགྱུར་ཏེ། དེ་ཞི་བར་ནི་མི་འགྱུར་རོ། །དེ་ལས་ལྡོག་པས་དཀར་པོའི་ཕྱོགས་སྨྲས་པ། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཀྱིས་དགེ་འདུན་ཕྱེ་བའི་ཉི་མ་ [132a.7]དེ་ཉིད་ལ་དེའི་བསྡུམས་བྱས་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །འདིར་བསྡུས་པའི་དོན་ནི་དྲན་པ་དང་ཤེས་བཞིན་མི་ཉམས་པའི་ཐབས་བསྟན་པ་དང་། ལྷག་མས་དེའི་ཕན་ཡོན་བསྟན་པའོ། །གང་ཞིག་ཅེས་བྱ་བ་ནི་གང་དག་བདག་ཉིད་ཆེན་པོ་དག་གོ། །ལེགས་པར་བརྩམས་པ་ཞེས་བྱ་བ་ནི་ [132b] [132b.1]ཕྱིན་ཅི་མ་ལོག་པ་དང་གུས་པས་བསྒོམ་པའོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའོ། །ལུས་གཏོགས་དྲན་པ་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པ་ཡིན་པས་ལུས་གཏོགས་ཏེ་ལུས་ལ་དམིགས་པའོ། །དྲན་པ་ནི་ཤེས་རབ་དེའི་ཚོགས་ཏེ་དྲན་པ་ཤས་ཆེར་འཇུག་པའི་ཕྱིར་རོ། །དྲན་པ་དེ་ཉེ་བར་གནས་པར་བྱས་པ་འདིས་ནི་ [132b.2]དྲན་པ་ཉེ་བར་གཞག་པ་བཞི་བསྟན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་དགེ་སློང་ཇི་ལྟར་ཡང་རྣ་བླགས་ཏེ་ཉན་པ་དང་གུས་པར་བྱེད་པ་དང་། ཞེན་པར་བྱེད་པ་དང་། སེམས་རྩེ་གཅིག་ཏུ་བྱེད་པ་དང་། སེམས་ཐམས་ཅད་ཀྱིས་བསམས་པ་ལུས་སུ་གཏོགས་པའི་དྲན་པ་བསྒོམ་པ་ཡིན་ཏེ། དགེ་སློང་ [132b.3]དག་འདི་ལ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ནས་ཇི་སྲིད་དུ་ཆོས་ཀྱི་བར་དུའོ། །ཇི་ལྟར་ཡང་ཚོར་བ་ལ་སོགས་པ་ལུས་ཉིད་དུ་གཞག་ཅེ་ན། ལུས་ནི་ཚོགས་ཏེ་མིང་གི་ཚོགས་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་ཡང་གསུངས་པ། ཚོར་བའི་ཚོགས་དྲུག་དང་རྣམ་པར་ཤེས་པའི་ཚོགས་དྲུག་དང་། སེམས་ [132b.4]པའི་ཚོགས་དྲུག་གོ་ཞེས་བྱ་བ་ཡིན་ཏེ། དེ་ཡང་ཚོར་བ་དང་སེམས་དང་ཆོས་ཀྱི་ལུས་ཡིན་པའི་ཕྱིར་རོ། །ལུས་སུ་གཏོགས་པའི་དྲན་པ་བསྒོམ་པའི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། བྱ་བ་མ་ཡིན་ཞེས་བྱ་བ་སྨོས་ཏེ་ལས་མ་ཡིན་པའོ། །ལུས་སུ་གཏོགས་པའི་དྲན་པ་བསྒོམ་པ་དེ་ནི་མི་བྱེད་ཅིང་མི་སྤྱོད་པར་འགྱུར་རོ། ། [132b.5]བྱ་བ་ནི་ལས་དང་བསྒྲུབ་པ་སྟེ། དེ་ལ་ཡང་རྒྱུན་དུ་བྱེད་པར་འགྱུར་ཏེ་རྟག་ཏུ་བྱེད་པའི་ངང་ཚུལ་འདི་ལ་ཡོད་པ་དེ་ནི་དེ་ཉིད་དེ་རྒྱུན་དུ་ལྷག་པར་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །བྱ་བ་བྱས་པ་དང་། བྱེད་པ་བྱས་པ་འདི་ཉིད་ཀྱི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། དྲན་དང་ཤེས་བཞིན་ཞེས་བྱ་བ་སྨོས་ཏེ། དྲན་པའི་ཁྱད་ [132b.6]པར་གྱིས་ནི་སེམས་རབ་ཏུ་གནས་པའོ། །ཤེས་བཞིན་དང་ལྡན་པ་ནི་ཕྱིན་ཅི་མ་ལོག་པའི་དོན་བློས་རྟོགས་པའོ། །ཟད་པར་འགྱུར་བ་ནི་མི་སྣང་བར་འགྱུར་བ་སྟེ། མ་སྐྱེས་པ་སྐྱེ་བར་འགྱུར་བ་དང་། སྐྱེས་པ་ཟད་པར་འགྱུར་བའོ། །གང་གི་ཟག་པ་ཟད་གྱུར་པ། །ཞེས་བྱ་བ་འདིས་ནི་གང་གི་ཉོན་མོངས་པ་དང་ [132b.7]ཉེ་བའི་ཉོན་མོངས་པ་རིམ་གྱིས་སྤོང་བར་འགྱུར་བ་ཡིན་ཏེ། ཟག་མེད་ཐོབ་ཅེས་བྱ་བ་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ། མྱ་ངན་ལས་འདས་པ་ཐོབ་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །ལམ་གྱི་ཆོས་ལ་བག་མེད་པ་མ་བྱས་པའི་ཕན་ཡོན་བསྟན་པས་བག་ཡོད་པ་ལ་གཟུད་པའི་ཕྱིར་འདི་ [133a] [133a.1]གསུངས་སོ། །ཡང་དག་པར་མི་བསྒྲུབ་པ་ལ་བག་ཡོད་པའི་ཕན་ཡོན་དུ་མི་བརྗོད་དོ་ཞེས་བསྟན་པའི་ཕྱིར་རོ། །ཇི་ཙམ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཙུན་པ་ཆོས་འཛིན་པ་ནི་དགེ་སློང་ཞེས་བརྗོད་ན། བཙུན་པ་ཇི་ཙམ་གྱིས་དགེ་སློང་ཆོས་འཛིན་པར་འགྱུར་ཞེས་ [133a.2]ཞུས་པ་ན་རྒྱ་ཆེར་ཚིགས་སུ་བཅད་པ་འདི་གསུངས་སོ། །དགེ་སློང་གི་ལས་ནི་གསུམ་སྟེ། བསམ་གཏན་དང་། ཀློག་པ་དང་། དགེ་འདུན་གྱི་ལས་བྱེད་པའོ། །དེ་ལ་འདིར་བསམ་གཏན་གྱི་ཕན་ཡོན་བསྟན་པས་གཞན་ལས་གཉིས་པོ་ནི་རྣམ་པར་གཅད་པ་ཡིན་ཏེ། ཐོས་པ་མང་བ་དང་དགེ་འདུན་ [133a.3]གྱི་ལས་བྱེད་པ་ནི། ཡང་དག་པར་ཆོས་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་དག་མ་ཡིན་ཞེས་བྱ་བ་ནི་དེ་ཙམ་གྱི་ཁྱད་པར་གྱིས་སོ། །དམ་ཆོས་འཛིན་པ་ནི་ཆོས་འཛིན་པ་ཡིན་པས་ཆོས་སྟོན་པ་སྟེ། གང་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འགྲུབ་པའི་དམ་པའི་ཆོས་ [133a.4]ལེགས་པར་སྤྱོད་པ་དེ་དང་། རྗེས་སུ་མཐུན་པར་འཇུག་པ་ནི་དམ་པའི་ཆོས་འཛིན་པ་ཞེས་འདོད་དོ། །གང་དང་དེ་གཉིས་རྟག་ཏུ་འབྲེལ་བ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། ཇི་ཙམ་ནི་ཁྱད་པར་གྱིས་སོ། །མང་དུ་སྨྲ་བྱེད་པ་ཞེས་བྱ་བ་ནི་མདོ་མང་པོ་འདོན་ཅིང་སྟོན་པ་སྟེ། ལྷ་སྦྱིན་དང་སེར་སྐྱ་དང་ཉེ་ [133a.5]དགའ་ལ་སོགས་པ་འདིར་དཔེར་བརྗོད་པར་བྱ་སྟེ། དེ་དག་ཀྱང་སྡེ་སྣོད་གསུམ་དང་བཅས་པ་སྨྲ་ཞིང་སྤོབས་པ་ཡོད་ལ་ཆོས་འཛིན་པར་འདོད་དོ། །དེ་ལྟ་བས་ན་ཡང་དག་པར་ཆོས་འཛིན་པ་གང་ཡིན་ཞེ་ན། ཆོས་དག་མངོན་སུམ་བྱས་ཞེས་བྱ་བ་སྨོས་ཏེ། གང་ཡང་ཆོས་བསྒྲུབ་པའི་ཚུལ་དེ་ནི་ཚོགས་ [133a.6]ཀྱི་ལམ་གྱི་འབྲས་བུའི་ཚུལ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་པ་ནི་རེག་པའམ་གོམས་པར་བྱས་པ་སྟེ། ཇི་ལྟ་བ་བཞིན་ནོ། །གང་གིས་མངོན་སུམ་དུ་བྱས་ཤེ་ན། ལུས་ཀྱིས་ཞེས་བྱ་བ་སྨོས་ཏེ། རྒྱུད་ལ་གནས་པར་བྱས་པ་སྟེ། ལམ་གྱི་ཡེ་ཤེས་ཀྱིས་ཀུན་འབྱུང་བ་ལས་ཐར་པ་ནི་ཕུང་པོའམ་ [133a.7]ཚོགས་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཡང་མིང་གི་ཚོགས་ཡོངས་སུ་གཟུང་བས་དེ་ལྟར་རྟོགས་པའོ། །ཐོས་ཉུང་ཡང་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་གཅིག་གམ་ཕྱེད་ཙམ་ཐོས་པ་ཡང་སྟེ། ཀོ་ལེ་ཏ་དང་། ལམ་ཕྲན་བསྟན་དང་། སྤུན་བཞི་ལ་སོགས་པ་ཡང་འདིར་དཔེར་ [133b] [133b.1]བརྗོད་པར་བྱའོ། །གང་དག་ཅེས་བྱ་བ་ནི་གང་བསྟན་པའི་ཆོས་འཛིན་པ་དེ་ནི་ཆོས་འཛིན་པ་མ་ཡིན་ནོ། །གང་ཡང་བསྟན་པ་ཙམ་གྱིས་ལམ་དང་ཐར་པ་རྟོགས་པ་དང་། མངོན་སུམ་དུ་བྱས་པ་དེ་ནི་དོན་དམ་པའི་ཆོས་འཛིན་པ་ཡིན་ནོ། །འདི་ལ་ཞེས་བྱ་བ་ནི་བསྟན་པ་འདིར་གང་གི་ཕྱིར་ལུང་ཕོག་པ་ཉུང་ [133b.2]ཟད་ཀྱིས་ཀྱང་བྱང་ཆུབ་ཀྱི་ལམ་ཐོབ་པ་ཡིན་ཏེ། མུ་སྟེགས་པ་ཐམས་ཅད་ཀྱི་ཚིག་མི་གཙང་བ་དང་འདྲེ་བ་ལྟ་བུས་ནི་མ་ཡིན་ནོ། །དེ་དག་ནི་དེ་ཉིད་དོ། །དམ་ཆོས་འཛིན་པ་ཡིན་ཞེས་བྱ་བ་ནི་དོན་དམ་པའི་ཆོས་འཛིན་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། སྨྲས་པ། གང་དག་ཆོས་ལ་བག་བྱེད་པ། །ཞེས་བྱ་བ་ [133b.3]སྨོས་ཏེ། དགེ་བའི་ཆོས་བསྒོམ་པའི་ཚུལ་དང་། དེའི་འབྲས་བུ་ཐ་དད་པར་མི་འགྱུར་རོ། །གང་ཡང་དག་པར་ནན་ཏན་དུ་འབད་པའི་ཆོས་དེ་ཉིད་ནི་བསྟན་པ་ཡིན་ནོ། །བག་མེད་པ་རྣམ་པར་བསྒྲུབ་པ་ལ་བསྟན་པ་ཙམ་གྱིས་གྲོལ་བ་འཐོབ་པར་འགྱུར་རོ་ཞེས་འདོད་པ་བསྒྲུབ་པ་ལ་གཟུད་པའི་ཕྱིར་འདི་ [133b.4]གསུངས་སོ། །འོ་ན་སྡེ་སྣོད་གསུམ་ཤེས་པ་ཡང་དམ་པའི་ཆོས་འཛིན་པ་ཉིད་ཡིན་ལ། མདོ་སྡེ་འཛིན་པ་ལ་སོགས་པ་ཡང་ཆོས་འཛིན་པ་ཡིན་ནོ་ཞེས་རྒོལ་བའི་ལན་བསྟན་པའི་ཕྱིར་དང་། ཚིགས་བཅད་སྔ་མར་དམ་བཅས་པ་ཉིད་བསྒྲུབ་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། [133b.5]རྒྱལ་པོའི་ཁབ་ཏུ་ལྷ་སྦྱིན་གྱིས་དགེ་སློང་མ་ཨུཏྤ་ལའི་མདོག་ཁུ་ཚུར་གྱིས་བསྣུན་ཏེ་བསད་ནས་བྱ་བ་མ་ཡིན་པ་སྣ་ཚོགས་པ་བྱེད་ཅིང་། དུས་གཞན་ཞིག་ན་འཁོར་མང་པོའི་ནང་དུ་འདུག་ནས་རྣམ་གྲངས་དུ་མས་སྙན་པར་ཆོས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རི་ལ་དུས་ཇི་ཙམ་ཉིད་ན་དེ་ [133b.6]ཉིད་དང་ཉེ་བའི་ཕྱི་འབྲེད་ཀྱི་དུས་སུ་བ་ལང་བགྲང་ཞིང་འགྲོ་བ་གཟིགས་ཏེ། དེ་ལ་འདི་གསུངས་སོ། །དེའི་ཚེ་ལམ་ཕྲན་བསྟན་ཤིང་ཞིག་གི་དྲུང་ན་འདུག་ཅིང་བསྒོམ་པ་དེའི་དབང་དུ་མཛད་ནས། གལ་ཏེ་རིགས་བཅས་ཉུང་ངུ་ཞེས་བྱ་བའི་ཚིགས་བཅད་གསུངས་སོ། །གཞན་དག་ནི་གྲོགས་པོ་ [133b.7]གཉིས་ཤིག་ཡོད་དེ། དེ་ལས་གཅིག་ནི་ཀློག་པ་ལ་མངོན་པར་བརྩོན་ནོ། །གཅིག་ནི་བསྒོམ་པ་ལ་མངོན་པར་བརྩོན་པར་བྱེད་པ་ཞིག་སྟེ། དེ་གཉིས་ཀྱི་དབང་དུ་མཛད་ནས་འདི་གསུངས་སོ་ཞེས་ཟེར་རོ། །དེ་ལས་རེ་ཞིག་དབང་པོ་རྣམ་པར་དགྲོལ་བར་བྱ་སྟེ། སྨྲས་པ། མང་པོ་ཡང་ཞེས་བྱ་བ་ནི་ཕལ་ [134a] [134a.1]ཆེར་ཡང་ངོ་། །གལ་ཏེ་ཞེས་བྱ་བ་ནི་ཅི་སྟེའོ། །རིགས་བཅས་ཞེས་བྱ་བ་ནི་རིགས་པ་དང་ལུང་དང་འབྲེལ་པའོ། །ཡང་ན་སྔ་ཕྱི་མི་འགལ་བའོ། །སྨྲས་པ་ནི་སྟོན་པའོ། །དེ་ལྟར་མི་བྱེད་པ་ནི་ཚིག་ལྷུར་བྱེད་ཅིང་ཚིག་དེའི་བསྒྲུབ་པས་ནི་སྦྱོར་བར་མི་བྱེད་པ་སྟེ། ཆོས་མ་ཡིན་པ་སྒྲུབ་ [134a.2]པར་བྱེད་ཀྱི། ཆོས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐུབ་པའི་དབང་པོའི་གསུང་རབ་ལ་ནི་སྒྲུབ་པ་སྙིང་པོ་བྱ་བ་ཡིན་གྱི། ཚིག་འབྲུ་ལྷུར་བླངས་པ་མ་ཡིན་ནོ། །དེ་ལྟར་མི་བྱེད་པ་སུ་ཞིག་ཡིན་ཞེ་ན། བག་མེད་མི་ཞེས་བྱ་བ་སྨོས་ཏེ། གང་དེ་ལྟར་བག་མེད་པ་ལ་གནས་པའི་གང་ཟག་དེ་ཉིད་དེ་ལྟར་བྱེད་དོ། ། [134a.3]གང་གི་ཕྱིར་ཞེས་བྱ་བའི་སྒྲ་ནི་རབ་ཏུ་བསྒྲུབ་པའི་ཕྱིར་རམ། ཡང་ན་རྒྱུ་བསྟན་པའི་ཕྱིར་ཏེ། གང་གི་ཕྱིར་བག་མེད་པ་དེའི་ཕྱིར་དེ་ལྟར་མི་བྱེད་པ་སྟེ་གང་དེ་ལྟར་མི་བྱེད་པ་བསྟན་པའོ། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན། །ཞེས་བྱ་བ་ནི་དེས་འཕགས་པའི་ལམ་གྱིས་འཐོབ་པ་མི་རྙེད་དེ། འདིར་དཔེ་བསྟན་ [134a.4]པ། དཔེར་ན་ཕྱུགས་རྫི་ཞེས་བྱ་བ་སྟེ། ཕྱུགས་སྐྱོང་བ་བཞིན་ནོ། །ཕྱུགས་བགྲངས་པ་ནི་ཕྱུགས་ཀྱི་ཚོགས་རྩིས་བཏབ་པའོ། །གཞན་གྱི་ཞེས་བྱ་བ་ནི་ཕ་རོལ་གྱིའོ། །དཔེར་ན་ཕྱུགས་རྫིས་སྔ་དྲོའི་དུས་སུ་ཕྱུགས་བགྲངས་ཤིང་བླངས་ནས་ཡང་ཕྱི་དྲོའི་དུས་སུ་བདག་པོ་ལ་སྦྱིན་པར་བྱེད་དེ། དེ་ནི་དེ་ [134a.5]ལས་གླ་རྔན་ཙམ་ཞིག་འཐོབ་ཀྱི། སྐལ་བ་ཆེར་མི་འཐོབ་ཅིང་དེ་ལས་སྙིང་པོ་འོ་མ་དང་ཞོ་དང་ཞུན་མར་ལ་སོགས་པ་མི་འཐོབ་པ་དེ་བཞིན་དུ་གང་རིགས་པ་དང་བཅས་པས་མང་དུ་སྨྲས་ཀྱང་དེ་དང་རྗེས་སུ་མཐུན་པར་སྒྲུབ་པ་མ་བྱས་ན་དེ་ནི་ཚིག་དང་ལྡན་པ་ཡིན་ནོ་ཞེས་བསྔགས་པ་ཉི་ཚེ་ཙམ་ཐོབ་པར་ཟད་ [134a.6]ཀྱི། དགེ་སྦྱོང་གི་འབྲས་བུ་ཐོབ་པ་ནི་མ་ཡིན་ནོ། །ཚིག་འབྲུ་ཙམ་ལ་བརྟེན་པ་རྣམས་སྒྲུབ་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །དེ་ལྟར་ན་གང་གིས་དགེ་སྦྱོང་གི་སྐལ་བ་འཐོབ་ཅེ་ན། གལ་ཏེ་རིགས་བཅས་ཉུང་ངུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔར་བསྟན་པའི་ཚིགས་བཅད་ཀྱི་དཀར་ [134a.7]པོའི་ཕྱོགས་ཞེས་བྱ་བ་ནི་འདི་ཡིན་པར་ཤེས་པར་བྱའོ། །ཉུང་ཡང་ཞེས་བྱ་བ་ནི་ཅུང་ཟད་ཀྱང་ཞེས་བྱ་བ་སྟེ། ཡང་གི་སྒྲ་ནི་མང་པོ་ལྟ་ཅི་སྨོས་ཞེས་པའི་སྒྲུབ་པའི་དོན་ཏོ། །གལ་ཏེ་རིགས་བཅས་སྨྲ་ཞེས་བྱ་བ་ནི་ཚིགས་བཅད་ཀྱི་དོན་ཏོ། །གང་གི་ཕྱིར་ཆོས་ཀྱི་རྗེས་སུ་ཞེས་བྱ་ལ། གང་ཕྱིར་ཞེས་བྱ་བ་ནི་ [134b] [134b.1]རྒྱུ་བསྟན་པའི་དོན་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པས་བསྟན་པ་ནི་ཁྱད་པར་དུ་གྱུར་པ་ཡིན་ཏེ། དེས་ན་འདི་ཉིད་ཀྱིས་ཆོས་ལ་སྤྱད་པར་བྱའོ་ཞེས་པའི་དོན་ཏོ། །བསྟན་པའི་ཆོས་གང་ལ་ཡོད་པ་ནི་ཆོས་ཀྱི་རྗེས་སུ་སྤྱོད་པ་སྟེ། བསྟན་པའི་ཆོས་དེ་དང་རྗེས་སུ་མཐུན་པར་བསྒྲུབ་ཅིང་ཆོས་ལ་ནན་ [134b.2]ཏན་དུ་བྱེད་པའི་ངང་ཚུལ་ཅན་ནོ། །སྒྲུབ་པའི་ཆོས་ལ་ནན་ཏན་དུ་བྱེད་པ་དེའི་ཕན་ཡོན་ནི་འདོད་ཆགས་ཞེ་སྡང་ཞེས་བྱ་བ་སྨོས་ཏེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་ཀུན་དུ་སྦྱོར་བའོ། །གཏི་མུག་ནི་མ་རིག་པའི་ཀུན་དུ་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །སྤོང་བྱེད་པ་ཞེས་བྱ་བ་ནི་གཉེན་པོ་བསྒོམ་པས་དེའི་ [134b.3]འཐོབ་པ་བཅད་པའོ། །དེ་དག་ནི་དེ་དག་གཉིས་ཀྱིས་ཏེ། དགེ་སྦྱོང་དང་འཕགས་པའི་ལམ་གྱི་སྐལ་བ་འཐོབ་པར་འགྱུར་བ་ནི་རྙེད་པར་འགྱུར་བའོ། །སྒྲུབ་པ་ཉིད་ཀྱིས་མྱ་ངན་ལས་འདས་པ་ཡང་དག་པར་འཛིན་དུ་གཞུག་པ་སྟེ། དེ་བས་ན་ཐབས་འདིས་རྟོགས་པ་ཉིད་དུ་བྱ་བའི་ཕྱིར་འདི་གསུངས་སོ། ། [134b.4]བག་མེད་པ་དང་བག་ཡོད་པས་སྤང་བ་དང་། བླང་བའི་སྐྱོན་དང་ཡོན་ཏན་བཤད་དེ། བག་ཡོད་བསྔགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སེམས་ལ་འདི་ལྟ་བུའི་རྣམ་པར་རྟོག་པ་སྐྱེས་ཏེ། ཆོས་གཅིག་བརྟེན་ཅིང་བསྒོམ་པ་དང་མང་དུ་བྱས་པས་མཐོང་བའི་ཆོས་ [134b.5]ལ་དོན་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཕྱི་མའི་དོན་ཡོངས་སུ་རྫོགས་པར་འགྱུར་བའམ། ཚེ་འདི་དང་ཕྱི་མའི་དོན་ཡོངས་སུ་རྫོགས་པར་འགྱུར་བ་ཡོད་དམ་སྙམ་པ་ན། ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཡོད་དེ་འདི་ལྟར་དགེ་བའི་ཆོས་ཐམས་ཅད་ལ་བག་ཡོད་པའོ་ [134b.6]ཞེས་གསུངས་ནས་ཚིགས་བཅད་གསུམ་བཀའ་སྩལ་ཏོ། །གཞན་དག་ནི་ཡུལ་ཡངས་པ་ཅན་གྱི་ཁང་པ་བརྩེགས་པའི་གནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་ལྟར་ཞུས་པ་ལས་བརྩམས་པ་ཡིན་ནོ་ཞེས་ཟེར་རོ། །བག་ཡོད་བསྔགས་པ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་མཚན་ཉིད་ཀྱིས་བག་ཡོད་པ་ལ་ [134b.7]རབ་ཏུ་བསྟོད་པ་ཡིན་ཏེ། དམ་པ་དེའི་བྱེ་བྲག་ལ་མཁས་པའོ། །བག་མེད་པ་ལ་སྨོས་པ་ནི་གཤུང་བའོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུའི་དུས་དང་འབྲས་བུའི་དུས་ནའོ། །གང་གི་ཕྱིར་བག་ཡོད་པ་ཡོན་ཏན་གྱིས་རྟག་ཏུ་བསྔགས་པ་དང་། དེའི་མི་མཐུན་པའི་ཕྱོགས་བག་མེད་པ་ལ་སྨོད་པར་བྱེད་པ་དེ་གང་གིས་ [135a] [135a.1]ཤེ་ན། འདི་ལྟར་བག་ཡོད་ཅེས་བྱ་བ་སྨོས་ཏེ། དེའི་རྒྱུས་སོ། །བདག་དང་མཉམ་པའི་མཆོད་སྦྱིན་ཏེ་གཞན་ལ་མེད་པས་མཆོད་སྦྱིན་བརྒྱ་པ་ཡིན་པའི་ཕྱིར་མཆོད་སྦྱིན་བརྒྱ་པ་ཞེས་བྱའོ། །ལྷ་རྣམས་ཞེས་བྱ་བ་ནི་རྒྱལ་ཆེན་རིས་བཞི་དང་སུམ་ཅུ་རྩ་གསུམ་མོ། །གཙོ་བོར་གྱུར་ [135a.2]ཞེས་བྱ་བ་ནི་དབང་པོ་འཐོབ་པའོ། །གལ་ཏེ་རྒྱུ་འདིས་ནི་བག་ཡོད་པའི་བསྔགས་པ་བརྗོད་པ་ཡིན་ན། དེ་ལྟ་ན་བག་མེད་པའི་སྨད་པ་གང་ཞིག་གིས་བྱེད་པ་ཡིན་ཞེ་ན། སྨྲས་པ། འདིར་བསྐང་བར་བྱ་སྟེ། བག་མེད་པས་ནི་དམྱལ་བ་མི་བཟད་པ་ཐོབ་ཅེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ། དོན་མཐར་མ་ཕྱིན་པའི་ [135a.3]གཞུང་དག་ལ་ནི་ཚིག་གི་ལྷག་མས་རྗེས་སུ་དཔག་པ་ནི་རིགས་པ་ཡིན་ནོ། །ཡང་ན་རྒྱལ་པོས་ཆོས་གཅིག་མཆིས་སམ་ཞེས་ཞུས་པ་དང་། ཐུབ་པས་བག་ཡོད་པས་བསྟན་པ་ཉིད་ཀྱི་མདོར་བརྗོད་པ་བསྟན་པའོ། །དེ་ལྟ་ན་ནི་བག་མེད་པ་ལ་སྨོད་པ་ཞེས་བརྗོད་པ་མི་རིགས་སོ་ཞེ་ན། བག་ཡོད་པའི་སྒྲིབ་པ་ [135a.4]ནན་གྱིས་སྤང་བར་བྱ་བ་བསྒྲུབ་པའི་ཕྱིར་ཉེས་པ་མེད་དོ། །བདེ་འགྲོའི་ཁྱད་པར་འདོད་པས་དེ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །བག་ཡོད་པ་ནི་ཐམས་ཅད་དུ་བསྔགས་པ་ཡིན་ནོ་ཞེས་བསྟན་པའི་བྱ་བ་བྱས་རུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟོད་པ་སྨྲ་བ་ཡིན་པས་བསྔགས་པ་བརྗོད་པའོ། །གང་ལ་ [135a.5]ཞེ་ན། བྱ་བ་བྱས་རུང་མ་བྱས་རུང་། །ཞེས་བྱ་བ་སྨོས་ཏེ། གང་རྣམ་པར་དག་ཅིང་རྗེས་སུ་མཐུན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དེ་ནི་བྱ་བ་བྱས་པའོ། །གང་དེ་ལས་གཞན་པ་བདེ་འགྲོ་དང་རྗེས་སུ་མཐུན་པ་ཡང་དེ་དང་རྗེས་སུ་མཐུན་པར་བྱས་པའོ། །མཁས་པ་ནི་མངོན་པར་རིག་པ་སྟེ། དེ་ཡང་འཇིག་རྟེན་ [135a.6]པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་ལས་འདས་པ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །འཇིག་རྟེན་པ་ནི་འཇིག་རྟེན་ན་གྲགས་པའི་མཁས་པའོ། །དེའི་ཕྱིར་རིམ་པ་བཞིན་དུ། བྱ་བ་བྱས་རུང་མ་བྱས་རུང་། །ཞེས་བྱ་བ་ལ་བག་ཡོད་པའི་བསྔགས་པ་བརྗོད་པ་ཡིན་ནོ། ། [135a.7]གཉིས་པོ་ནི་གཉི་ག་ཡིན་པས་གཉི་ག་ཉིད་དོ། །ཅིའི་ཕྱིར་འདི་ལ་དེ་ལྟར་བསྔགས་པ་སྨྲ་བ་ཡིན་ཞེ་ན། འདི་ལྟར་བག་དང་བཅས་པས་དོན་གཉིས་ཞེས་བྱ་བ་སྨོས་ཏེ། བག་ཡོད་པའི་གང་ཟག་གི་ཕན་ཡོན་ནི་རྣམ་པ་གཉིས་སོ། །ལེན་པར་བྱེད་ཅེས་བྱ་བ་ནི་རབ་ཏུ་བརྟན་པར་ལེན་པའོ། །གང་ཡིན་ [135b] [135b.1]ཞེ་ན། མཁས་པ་ཡིས་ནི་ཞེས་བྱ་བ་སྨོས་ཏེ། བྱ་བ་དང་བྱ་བ་མ་ཡིན་པ་རྟོགས་པའོ། །བླུན་པ་ནི་མ་ཡིན་ཏེ། དེས་ནི་བདག་དང་གཞན་ལ་ཕན་པའི་རྣམ་པ་གཉིས་མི་ཤེས་པས་སོ། །ཇི་ལྟར་རྗེས་སུ་མྱོང་བའི་དོན་ཡིན་ཞེ་ན། ཚེ་འདིའི་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཀྱི་ཕུང་པོའམ་མཐོང་བའི་ཕུང་པོ་ [135b.2]ཉིད་ལ་རྗེས་སུ་མྱོང་བ་སྟེ་ཟིན་པའི་ཕུང་པོ་ལ་ཞེས་བྱ་བའི་དོན་ཏོ། །དོན་ནི་གང་ཡིན་དང་ཞེས་བྱ་བ་ལ་ནི་ཞེས་བྱ་བའི་སྒྲ་ནི་ཁྱད་པར་བསྒྲུབ་པའི་དོན་ཏོ། །གང་ཚེ་འདིའི་ཕན་ཡོན་ཁྱད་པར་དུ་གྱུར་པ་ནི་ནོར་གྱི་འབྱོར་པ་ལ་སོགས་པའི་མཚན་ཉིད་དོ། །ཕྱི་མའི་དོན་ནི་གང་ཡིན་དང་། །ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ [135b.3]གྱི་སྟེ། བདེ་འགྲོར་འགྲོ་བ་ལ་སོགས་པའི་ཚུལ་ལོ། །སྔར་བཤད་པའི་མཁས་པ་ཞེས་བསྟན་པ་དེའི་ངོ་བོ་ཉིད་སྨྲས་པ། རྟོགས་པས་ནི་ཞེས་བྱ་བ་སྨོས་ཏེ། དོན་གྱི་དེ་ཉིད་རྟོགས་པའོ། །ཡང་ན་འཕགས་པའི་བདེན་པ་བཞི་རྟོགས་པའོ། །བརྟན་པ་ནི་བརྩོན་འགྲུས་ཀྱི་སྦྱོར་བ་ཁྱད་པར་དུ་འཕགས་ [135b.4]པ་སྟེ། ལེ་ལོས་ནི་དོན་ཇི་ལྟ་བ་བཞིན་དུ་རྟག་པར་མི་ནུས་པའི་ཕྱིར་ཏེ། དེ་བས་ན་རྟོག་པ་དང་བརྩོན་འགྲུས་རྣམ་པ་གཉིས་ཀྱིས་ཁྱད་པར་དུ་བློ་རྣམ་པར་གསལ་བའི་ཕྱིར་མཁས་པའོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་དོན་ཏོ། །འདི་ཉིད་ཀྱིས་མཁས་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་སོ། །མཁས་ [135b.5]པ་བསྒྲུབ་པར་འདོད་པ་རྣམས་ལ་དེ་ཁོ་ན་ཉིད་བརྟག་པ་དང་། བརྩོན་འགྲུས་བརྩམས་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །ཡང་རྣམ་པ་གཞན་གྱིས་བག་ཡོད་པའི་ཡོན་ཏན་བསྟན་པའི་ཕྱིར། དགེ་སློང་བག་ཡོད་ལ་དགའ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་རབ་ཏུ་ [135b.6]མང་པོ་རྒྱལ་བྱེད་ཀྱི་ཚལ་དང་ཉེ་བ་ཞིག་ན་ནགས་སྟུག་པོའི་ནང་དུ་ཡང་དག་པར་བསྟན་པ་ལ་བརྩོན་འགྲུས་བརྩམས་ཤིང་བསམ་གཏན་བསྒོམ་པ་བྱས་པ་ཁྱད་པར་གྱི་གོ་འཕང་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལས་གཞན་པའི་དགེ་སློང་ཡང་ཁྱད་པར་དེ་ལ་གཟུད་པར་དགོངས་ནས། [135b.7]རྒྱལ་བྱེད་ཀྱི་ཚལ་ནས་མངོན་པར་བྱུང་ཞིང་གང་ན་དགེ་སློང་དེ་དག་ཡོད་པ་དེར་གཤེགས་སོ། །དེ་དག་གིས་ཀྱང་བཅོམ་ལྡན་འདས་རྒྱང་རིང་པོ་ནས་དེ་ལྟར་གཤེགས་པ་མཐོང་ནས་ཞེ་ས་དང་བཅས་པར་བཅོམ་ལྡན་འདས་ཀྱི་སྔོན་བསུ་བ་བྱས་སོ། །ཇི་ཙམ་ན་དེ་རྣམས་དང་ཐབས་ཅིག་ཏུ་དགོན་ [136a] [136a.1]པའི་ཕྱོགས་རྒྱུ་ཞིང་གཤེགས་པ་དང་། ཕྱོགས་དེ་ན་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་པྲ་བེེ་ཀ་ཞེས་བྱ་བ་གླང་པོ་ཆེ་འདམ་དུ་ཞུགས་པ་ལས་སྐྱེ་བོའི་ཚོགས་ཆེན་པོས་ཕྱུང་བར་གྱུར་ཏོ། །དེ་ནས་ཡང་གཤེགས་པ་དང་། རླུང་ཤུགས་དང་ལྡན་པས་ཤིང་གི་ལོ་མ་རྣམས་ལྷགས་ [136a.2]པར་བྱེད་པ་གཟིགས་སོ། །དེའི་འོག་ཏུ་མེ་མཆེད་དེ་ནགས་ཆེན་པོ་ཚིག་པ་གཟིགས་སོ། །དེ་བཞིན་དུ་ཕྱོགས་ཉམས་དགའ་བ་ཞིག་ན། པད་མ་དང་བཅས་པའི་ཆུ་མིག་དང་སྐྱེད་མོས་ཚལ་གཟིགས་ཏེ། གནས་སྐབས་དེ་དག་དང་མཐུན་པའི་ཚིགས་སུ་བཅད་པ་དྲུག་གསུངས་སོ། །དེ་ཐོས་པས་དགེ་སློང་ [136a.3]རབ་ཏུ་མང་པོ་དང་། ལྷ་རབ་ཏུ་མང་པོ་ཡང་ཁྱད་པར་ཐོབ་པར་གྱུར་ཏོ། །བག་ཡོད་པ་ལ་དགའ་བ་ཡིན་པས་བག་ཡོད་དགའ་བ་སྟེ། བག་ཡོད་པའི་ཕན་ཡོན་བསྟན་པས་དེ་ཉིད་ལ་རོ་མྱང་བ་ཐོབ་པར་གྱུར་ཅེས་བྱ་བའི་དོན་ཏོ། །དེ་ཉིད་གང་ཡིན་ཞེ་ན། དགེ་སློང་ཞེས་བྱ་བ་སྨོས་ཏེ། བྱ་བ་ངན་པ། གཡེང་བ་བཅོམ་ [136a.4]པ་དང་། རབ་ཏུ་བྱུང་ཞིང་དབེན་པ་ཡིན་ནོ། །གང་གི་ཕྱིར་དབེན་པ་ལ་ནི་བག་ཡོད་པ་ཡོད་ཀྱི། འདུ་འཛི་དང་འབྲེལ་པ་བྱས་པ་ལ་ནི་མེད་དོ། །བག་མེད་པ་ལ་འཇིགས་ལྟ་བས། །ཞེས་བྱ་བ་སྨོས་ཏེ། གང་ལ་འཇིགས་པ་མཐོང་བའི་ལྟ་བས་སོ། །བག་མེད་པའི་ཉེས་དམིགས་བསྟན་པས། བག་མེད་པ་ལ་ [136a.5]འཇིགས་པར་ལྟ་ཞིང་གཉེན་པོ་དགེ་བའི་ཆོས་བསྒོམ་པ་ལ་མངོན་པར་རྩོམ་པར་བསྟན་ཏོ། །བག་ཡོད་པའི་ཕན་ཡོན་བསྟན་པའི་ཕྱིར། ངན་འགྲོ་ལས་འདྲེན་ཏེ་ཞེས་བྱ་བ་སྨོས་ཏེ། ངན་འགྲོར་འགྲོ་བ་ནི་ངན་པར་སྤྱོད་པའམ་འབྲས་བུ་ལས་ཀུན་ནས་སློང་ཞིང་འདྲེན་པ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ནི་བདག་ [136a.6]རང་ངན་སོང་དུ་ལྟུང་བའམ། དེ་ལ་གཞོལ་བའོ། །གང་བག་མེད་པ་ཆུང་ངུས་ཀྱང་ངན་པར་སྤྱོད་ཅིང་དེས་ངན་འགྲོར་འགྲོ་བར་འགྱུར་གྱི། བག་མེད་པ་ཆེན་པོས་ནི་མ་ཡིན་ཏེ། སོར་མོའི་ཕྲེང་བ་དང་། ཛེན་ཏ་ཀ་ཀྲིད་ཅེས་བྱ་བ་ལ་སོགས་པ་ཡང་འདིར་དཔེར་བརྗོད་པར་བྱའོ། །འདི་ལྟར་གང་ཞིག་ཇི་ལྟ་བུ་ཞེ་ན། [136a.7]འདམ་རྫབ་ལས་ནི་གླང་ཆེན་བཞིན། །ཞེས་བྱ་བ་སྨོས་ཏེ། སྐྱེ་བོའི་ཚོགས་ཆེན་པོའི་གྲོགས་ལ་བརྟེན་ནས་གླང་པོ་ཆེ་འདམ་དུ་བྱིང་བ་ལས་འབྱིན་པ་དེ་བཞིན་དུ་བག་ཡོད་པ་ལ་བརྟེན་ནས་བདག་ཉིད་ཤེས་པའི་དགེ་སློང་གིས་ངན་འགྲོ་ལས་གྲོལ་བར་བྱེད་པ་ཡིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་ [136b] [136b.1]པའི་བཟོད་པ་ཐོབ་པའི་ཕྱིར་རོ། །ངན་སོང་གི་འཇིགས་པ་རྣམས་ལ་བག་ཡོད་པ་ཉིད་ལ་བརྟེན་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །བག་ཡོད་པ་ལ་བརྟེན་པས་ངན་སོང་གསུམ་སྤོང་བ་ཡིན་ནོ་ཞེས་བསྟན་ནས་མི་དགེ་བའི་ཆོས་ཀྱང་འདིས་སྤོང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དགེ་སྦྱོང་བག་ཡོད་ལ་ [136b.2]དགའ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིགས་བཅད་ཕྱེད་ཀྱི་དོན་ནི་སྔར་བསྟན་པའི་ཕྱིར་ད་ཡང་མི་བཤད་དོ། །སྤྱུགས་པར་བྱེད་པ་ནི་སྤོང་བར་བྱེད་པའོ། །ཅི་ཞིག་སྤོང་བར་བྱེད་པ་ཡིན་ཞེ་ན། སྡིག་པའི་ཆོས་རྣམས་ཞེས་བྱ་བ་སྨོས་ཏེ། མི་དགེ་བའི་འདུས་བྱས་རྣམས་ཏེ་འདོད་པ་ན་སྤྱོད་ [136b.3]པའི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ཞེས་པའི་དོན་ཏེ། གང་གི་ཕྱིར་དེ་སྤང་ན་ནི་མི་དགེ་བ་ཐམས་ཅད་སྤང་བའི་ཕྱིར་རོ། །འདིར་དཔེ་བསྟན་པ། རླུང་གིས་ལྗོན་ཤིང་ལོ་མ་བཞིན། །ཞེས་བྱ་བ་སྨོས་ཏེ། བཞིན་ཞེས་བྱ་བའི་སྒྲ་ནི་ཉིད་ཀྱི་དོན་ཏོ། །རླུང་ནི་རླུང་དྲག་པོའོ། །དཔེར་ན་རླུང་གི་ཤུགས་ [136b.4]དྲག་པོས་ལོ་མ་སྨིན་པ་ལ་ཕྱོགས་པ་ཅུང་ཟད་ལྷོད་པ་དག་སྤྲུགས་ཤིང་ལྷུང་བ་དང་འབྲུལ་བར་བྱས་པ་དེ་བཞིན་དུ་བག་ཡོད་པའི་དགེ་སློང་གིས་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་ལམ་ལ་སོགས་པ་ལ་གོམས་པར་བྱས་ཤིང་ཀུན་དུ་སྤྱོད་པ་ལ་ལྷོད་པར་བྱས་ཏེ། མི་དགེ་བའི་ཆོས་རྣམས་སྤང་བར་ [136b.5]བྱའོ། །གཟུགས་དང་གཟུགས་མེད་པ་ལ་སྤྱོད་པའི་ཕྲ་རྒྱས་རྣམས་ཀྱང་འདིས་སྤོང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དགེ་སློང་བག་ཡོད་ལ་དགའ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ཀུན་དུ་སྦྱོར་བ་ཡིན་པས་ན་ཀུན་དུ་སྦྱོར་བ་སྟེ། མདོ་ལས་ཀུན་དུ་སྦྱོར་བ་དགུ་བསྟན་པ་ལས་འདིར་ [136b.6]སྤྱིའི་ཚིག་ཏུ་ཡོངས་སུ་གཟུང་ངོ་། །ཕྲ་སྦོམ་དག་ཅེས་བྱ་བ་ནི་ཕྲ་བ་དང་རགས་པའོ། །འདི་ལྟར་བསམ་གཏན་དང་པོའི་ས་པའི་ཀུན་དུ་སྦྱོར་བ་ནི་རགས་པའོ། །བསམ་གཏན་གཉིས་པའི་ས་པའི་ཀུན་དུ་སྦྱོར་བ་ནི་ཕྲ་བའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདིས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ་པས་སྤོང་ [136b.7]ཞིང་རབ་ཏུ་སྤོང་བར་སྟོན་ཏོ། །འདིར་དཔེར་བརྗོད་པ། མེ་ཡིས་བསྲེགས་པ་བཞིན་དུ་འགྲོ། །ཞེས་བྱ་བ་ཡིན་ཏེ། དཔེར་ན་མེ་ནི་ཆེན་པོའམ་ཆུང་ངུ་ཡང་རུང་བདག་ཉིད་ཐོབ་ནས་ཤིང་ལ་སོགས་པ་སྲེག་པར་བྱེད་དོ། །དེ་བཞིན་དུ་ཟག་པ་མེད་པའི་ཡེ་ཤེས་ཀྱི་མེས་ཀྱང་ཀུན་དུ་སྦྱོར་བ་རྣམས་བསྲེགས་ [137a] [137a.1]ཤིང་ཡང་སྐྱེ་བ་མེད་པར་བྱེད་དོ། །ཟག་པ་མེད་པའི་ལམ་བསྒོམ་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །བག་ཡོད་པའི་སྟོབས་ཉིད་ཀྱིས་ཟད་པ་ཤེས་པ་ཐོབ་པར་འགྱུར་རོ་ཞེས་སྟོན་པའི་ཕྱིར་རོ། །དགེ་སློང་བག་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཉམས་སུ་མྱོང་ [137a.2]བར་འགྱུར་ཞེས་བྱ་བ་ནི་རིག་པར་འགྱུར་བའོ། །རིམ་གྱིས་ཞེས་བྱ་བ་ནི་མཐར་གྱིས་ཏེ། འདི་ལྟར་ཐོག་མར་ནི་ལམ་ཆུང་བ་སྐྱེ་བར་འགྱུར་རོ། །དེ་ནས་ནི་བར་མ་ཞེས་བྱ་བ་ལ་སོགས་པའོ། །དང་པོ་ཡང་ཉོན་མོངས་པ་རགས་པ་སྤོང་བར་འགྱུར་རོ། །དེ་ནས་ནི་བར་མ་ཞེས་བྱ་བ་ལ་སོགས་པ་ལུང་ལས་གསུངས་ [137a.3]སོ། །ཀུན་དུ་སྦྱོར་བ་ཀུན་ཟད་པ། །ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་དགུ་སྤངས་པ་སྟེ། གང་གི་ཕྱིར་ཟད་པ་ཤེས་པའི་ཡེ་ཤེས་འཐོབ་པའི་དུས་སུ་ཁམས་གསུམ་གྱི་ཀུན་དུ་སྦྱོར་བ་རྣམས་ལས་གཅིག་ཏུ་བྲལ་བའི་འཐོབ་པ་རྙེད་པ་ཡིན་ནོ། །ཁམས་གསུམ་གྱི་ཀུན་དུ་སྦྱོར་བ་སྤང་བའི་ཕྱིར་སྲིད་པས་སྐྱོ་བ་རྣམས་ལ་ [137a.4]གཟུད་པའི་ཆེད་དུ་འདི་གསུངས་སོ། །བག་ཡོད་པ་མ་སྤངས་པ་ལས་ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱང་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དགེ་སློང་བག་ཡོད་ལ་དགའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སོ་སོར་རྟོག་པ་ཞེས་བྱ་བ་ནི་མངོན་པར་ [137a.5]རྟོགས་པ་བསྒྲུབ་པར་གྱིས་ཤིག་པའི་དོན་ཏོ། །གོ་འཕང་ཞེས་བྱ་བ་ནི་གནས་སོ། །ཇི་ལྟ་བུ་ཞེ་ན། ཞི་བའི་ཞེས་བྱ་བ་སྨོས་ཏེ། འཁོར་བའི་མེ་འབར་བ་ལྟ་བུ་ཐམས་ཅད་ཉེ་བར་ཞི་བའོ། །འདུ་བྱེད་ཉེར་ཞི་ཞེས་བྱ་བ་ལ་འདིར་འདུ་བྱེད་ནི་ཡང་སྲིད་པར་འགྱུར་བའི་ཕུང་བོའོ། །ཉེ་བར་ཞི་བ་དང་བསལ་བ་ [137a.6]འདི་ལ་ཐོབ་པ་དེ་ནི་དེ་ཉིད་དོ། །ཞི་བའི་ཞེས་བྱ་བ་ནི་འཆི་བ་ལ་སོགས་པའི་འཇིགས་པ་མེད་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པ་ཡིན་ནོ། །ཞི་བར་བྱེད་པ་ཡིན་པས་ཞི་བ་སྟེ། ཞི་བ་ལ་སྦྱོར་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་སྲིད་པའི་སྡུག་བསྔལ་མི་འདོད་པ་རྣམས་ལ་ [137a.7]ཟད་པ་ཤེས་པ་ཐོབ་པ་ལ་སྦྱར་བའི་ཕྱིར་འདི་གསུངས་སོ། །མི་སྐྱེ་བ་ཤེས་པ་ཐོབ་པས་མཐོང་བའི་ཆོས་ལས་ཡོངས་སུ་ཉམས་པ་མེད་པར་སྟོན་ཏེ། དགེ་སློང་བག་ཡོད་ལ་དགའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མི་སྲིད་དོ་ཞེས་བྱ་བ་ནི་མི་རིགས་པའོ། །གང་མི་རིགས་ཤེ་ན། ཡོངས་ [137b] [137b.1]སུ་ཉམས་པར་འགྱུར་ཞེས་བྱ་བ་སྨོས་ཏེ། ཡོངས་སུ་ཉམས་པ་ནི་དགྲ་བཅོམ་པའི་འབྲས་བུ་ལས་ཐག་རིང་དུ་གྱུར་པའོ། །གང་ལ་སྐྱེ་བ་ཤེས་པའི་ཡེ་ཤེས་སྐྱེས་པ་དེ་ལ་ནི་ལམ་དང་དེའི་འབྲས་བུ་ཡོངས་སུ་ཉམས་པ་མེད་པར་སྟོན་པ་ཡིན་ནོ། །ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དག་ལས་ཁྱད་པར་ [137b.2]དུ་གྱུར་པ་ཡིན་ཏེ། གང་གི་ཕྱིར་དེ་དག་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ཏེ། མྱ་ངན་ལས་འདས་པ་ལས་རིང་བ་ཡིན་ཞིང་གོང་མ་དག་ཏུ་སྐྱེས་ནས་དེར་མངོན་པར་རྟོགས་པ་མེད་པ་ཡིན་ཏེ། འདི་ལ་རྣམ་པ་འདི་ལྟར་དེར་མཐར་ཐུག་པ་ཡིན་ནོ་ཞེས་ལུང་ལས་འབྱུང་བ་ཡིན་པའི་ཕྱིར་རོ། །ཆོས་འདིའི་དངོས་པོ་ [137b.3]ལ་ཡང་དག་པར་ཞུགས་ན་ནི་ཡོངས་སུ་ཉམས་པར་ཡང་མི་འགྱུར་ཏེ། མྱ་ངན་ལས་འདས་པ་དང་ཉེ་བར་འགྱུར་རོ། །མྱ་ངན་འདས་དང་ཞེས་བྱ་བ་ནི་ཡང་འཁོར་བར་མི་སྐྱེ་བ་ཡིན་ནོ། །ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་གཉིས་ནི་ཕན་ཚུན་ཉེ་བར་གྱུར་པའི་ཕྱིར་ས་བོན་དང་མྱུ་ [137b.4]གུ་བཞིན་ནོ། །ཉེ་བའི་ཕྱིར་ཞེས་བྱ་བ་ནི་མི་རིང་བ་དང་དྲུང་ན་འདུག་པ་ཡིན་ཏེ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ན་གནས་པ་ཡང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚུལ་དུ་གནས་པ་ཡིན་ནོ་ཞེས་རིག་པར་བྱ་སྟེ། དེ་ལ་གཞོལ་བའི་ཕྱིར་དགེ་སློང་དགྲ་བཅོམ་པ་ནི་མྱ་ [137b.5]ངན་ལས་འདས་པ་ལ་གཞོལ་བ་དང་། མྱ་ངན་ལས་འདས་པ་ལ་འབབ་པ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་ཏེ། དེ་དག་ནི་གཅིག་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །འཁོར་བས་སྐྱོ་བ་རྣམས་འདི་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །ཚིགས་བཅད་སྔ་མ་དག་གིས་འཇིག་རྟེན་གཉི་གའི་ངེས་ [137b.6]པར་ལེགས་པ་དང་ཕན་པ་བརྩོན་འགྲུས་དང་བག་ཡོད་པས་བྱེད་པ་ཡིན་ནོ་ཞེས་ཡང་དག་པར་བསྟན་ནས། ད་ནི་དེ་ཉིད་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར། བརྩོན་འགྲུས་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་ཞུས་པ། གང་གིས་འཇིག་རྟེན་འདི་དང་ [137b.7]ཕ་རོལ་དུ་མཆོག་ཏུ་བདེ་བ་འཐོབ་པ་ལགས། བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ཀྱིས་བདག་ལ་བཤད་དུ་གསོལ། བདག་གིས་དེ་ལ་ནན་ཏན་དུ་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། བརྩོན་འགྲུས་ལྡན་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདི་གསུངས་སོ། ། [138a] [138a.1]བརྩོན་འགྲུས་ནི་ལྡང་བ་དང་དགེ་བ་བྱ་བ་དག་ལ་ཀུན་དུ་སྤྲོ་ཞིང་ཀུན་དུ་རྩོམ་པ་བྱེད་པའི་ཕྱིར་རོ། །བག་ཡོད་པས་ནི་བྱ་བ་བརྩམས་པ་དག་ལ་བར་དུ་གཅོད་པར་མི་འགྱུར་ཏེ། བག་མེད་པར་གྱུར་ན་ནི་རེས་འགའ་བརྩོན་འགྲུས་རྩོམ་པར་མི་འགྱུར་རོ། །བརྩོན་འགྲུས་དང་བག་ཡོད་པ་ལ་ [138a.2]གནས་ནས་ཅི་ཞིག་བྱེད་པ་ཡིན་ཞེ་ན། སྨྲས་པ། ཆོས་སྤྱོད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ་རིགས་པ་སྤྱོད་པའོ། །ཆོས་ཀྱི་ངོ་བོ་ཉིད་སྨྲས་པ། ལེགས་པར་སྤྱོད་ཅེས་བྱ་བ་ལ་སོགས་པ་སྟེ་ལུས་ལ་སོགས་པའི་དགེ་བའི་ཆོས་ཏེ། དེ་གང་ཞེ་ན། སྲོག་གཅོད་པ་ལས་སླར་ལྡོག་པ་ལ་སོགས་པ་མདོ་ལས་གསུངས་ [138a.3]པའོ། །འདིའི་ཕན་ཡོན་ནི། ཆོས་སྤྱོད་པས་ནི་ཞེས་བྱ་བ་སྨོས་ཏེ། ཆོས་ལ་ལེགས་པར་སྤྱོད་ཅིང་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་བདེ་བ་འཐོབ་པ་སྟེ། བདེ་བ་ལ་གནས་པའོ། །དེ་ནི་འཁོར་བའི་གནས་སུ་གདུང་བ་མེད་པར་གནས་པའི་དོན་ཏེ། གང་ལེགས་པར་སྤྱོད་པ་ལ་ནི་རྣམ་པར་སྨིན་པ་ [138a.4]ཡིད་དུ་མི་འོང་བ་འཐོབ་པ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །འཇིག་རྟེན་འདི་ནི་སྐྱེ་བ་འདིའོ། །ཕ་རོལ་ནི་སྐྱེ་བ་གཞན་ནོ། །ཐམས་ཅད་དུ་བདེ་བ་འདོད་པ་རྣམས་དེའི་ཐབས་མ་ཤེས་པ་དང་ཕྱིན་ཅི་ལོག་ཏུ་འཇུག་པ་རྣམས་ལ་ཕྱིན་ཅི་མ་ལོག་པར་བསྟན་ [138a.5]པའི་ཕྱིར་འདི་གསུངས་སོ། །བསྟན་མ་ཐག་པ་དེ་ནི་བར་ཆད་དང་བཅས་པ་ཡིན་ཏེ། དེའི་ཁྱད་པར་བསྟན་པའི་ཕྱིར། །རྩོལ་བ་དང་ནི་བརྩོན་འགྲུས་སྐྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་དུ་དགེ་སློང་གསར་བུ་བ་མང་པོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་འདི་སྐད་ཅེས་གསོལ་ཏོ། ། [138a.6]བཙུན་པ་བདག་ཅག་གིས་གང་གིས་ཇི་ལྟར་བསླབ་པར་བྱ་བ་དང་། གང་བསླབ་པའི་བར་ཆད་དུ་འགྱུར་ཞིང་བདག་ཅག་གིས་གང་སྤངས་ཏེ། བདེ་བར་གནས་པས་གནས་པར་བགྱི་ཞེས་གསོལ་པ་དང་། དེའི་དབང་དུ་མཛད་དེ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །བརྩོན་འགྲུས་སྐྱེད་ཅེས་བྱ་བ་ནི་ [138a.7]བརྩོན་འགྲུས་བསླང་ཤིང་བརྩམས་པར་གྱིས་ཤིག་པ་སྟེ། ཡོན་ཏན་ཐམས་ཅད་ཀྱི་ཐབས་སུ་གྱུར་པའི་ཕྱིར་དང་། ཕོངས་པ་ཐམས་ཅད་ཀྱི་རྒྱ་མཚོ་ལས་སྒྲོལ་བའི་བཀྲ་ཤིས་ཀྱི་ཐེག་པའི་སྣོད་དུ་གྱུར་པའི་ཕྱིར་རོ། །འདིས་ནི་ངན་སོང་ལས་སློང་བའི་ཐབས་མཐོང་བའི་ལམ་ལ་གཟུད་པའོ། །རྩོལ་བ་དང་ནི་ [138b] [138b.1]ཞེས་བྱ་བ་ནི་འབད་པའི་ཁྱད་པར་བརྩམས་པས་འདོད་པའི་ཁམས་ལས་འདས་པར་སྦྱོར་བ་ཡིན་ནོ། །བསླབ་པ་ལ་བརྟེན་དང་ཞེས་བྱ་བ་ནི་འབད་པ་མི་ལྷོད་པ་སྟེ་མཉམ་པར་གཞག་པའི་ས་པ་རྣམས་ཀྱིས་ནི་སྤང་དཀའ་བ་ཡིན་ཏེ། དེ་སྤོང་བར་བྱེད་པའི་ལམ་རྙེད་པར་དཀའ་བའི་ཕྱིར་བརྟན་ཞེས་བྱ་བ་ [138b.2]བསྟན་ཏོ། །ཅིའི་ཕྱིར་ཞི་བར་བྱ་ཞེ་ན། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཏེ། ཁམས་གསུམ་གྱི་ཉོན་མོངས་པ་ཟད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་ལྟར་བསླབ་པ་རྣམ་གསུམ་ལ་བསླབས་པས་ནི་བགེགས་ཐམས་ཅད་ཟད་པའི་ཕྱིར་རོ། །འདིས་ནི་ཁམས་གོང་མའི་སྤང་བ་ལ་གཟུད་པའི་ཕྱིར་རོ། ། [138b.3]དེ་ལྟར་བསླབ་པ་གསུམ་ལ་འཇུག་པས་བགེགས་མི་འབྱུང་བར་བྱ་བའི་ཕྱིར། མི་དྲན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དྲན་པ་ནི་དྲན་པ་ཉམས་པའོ། །དང་གི་སྒྲས་ནི་ལོག་པའི་དྲན་པ་ཡང་གཟུང་ངོ་། །བག་མེད་དང་ཞེས་བྱ་བ་ནི་དགེ་བའི་ཆོས་རྣམས་ལ་མི་བསྒོམ་པའོ། །དང་གི་སྒྲས་ནི་ཉོན་མོངས་པའི་ [138b.4]ཆོས་བསྒོམ་པ་ཡང་གཟུང་ངོ་། །བརྩོན་འགྲུས་ཆུང་དང་ཞེས་བྱ་བ་ནི་ལེ་ལོ་སྟེ་བརྩོན་འགྲུས་ཞན་པའོ། །དང་གི་སྒྲས་ནི་ཐབས་མ་ཡིན་པ་ལ་འཇུག་ཅིང་སྤྲོ་བའོ། །ཀུན་སྡོམ་མེད་ཅེས་བྱ་བ་ནི་ཡང་དག་པར་མི་སྡོམ་པའོ། །ཡང་ན་ལུས་དང་ངག་དང་དབང་པོ་མི་འདུལ་བའོ། །གཉིད་ནི་གཉིད་ཉིད་དོ། །སྙོམ་པ་ [138b.5]པ་ནི་ལེ་ལོའི་རྣམ་པ་སྟེ་གང་གི་དབང་གིས་ལུས་ཉམ་ཆུང་བར་བྱེད་ཅིང་དགེ་བའི་ཆོས་བྱ་བ་དང་བྱེད་པ་དག་ལ་དེས་གཉིད་འབྱུང་བ་དང་། རྗེས་སུ་མཐུན་པའི་སེམས་ལས་བྱུང་བའི་ཆོས་དེ་ནི་སྙོམ་པའོ། །གཡེང་བ་ཞེས་བྱ་བ་ནི་རྣལ་འབྱོར་མེད་པ་སྟེ། སེམས་དང་སེམས་ལས་བྱུང་བ་གཅིག་ཏུ་དམིགས་ [138b.6]པར་སྦྱོར་བ་ལས་འཕྲོ་བ་ཏིང་ངེ་འཛིན་ལ་ཀུན་དུ་སྦྱོར་བའི་མི་མཐུན་པའི་ཕྱོགས་ནི་གཡེང་བའོ། །འདི་དག་ཅེས་བྱ་བ་ནི་སྔར་བཤད་པའི་མི་དྲན་པ་ལ་སོགས་པའོ། །བསླབ་པའི་བར་ཆད་པས་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པའི་བསླབ་པའི་བགེགས་ཏེ། བར་ཆད་དང་བགེགས་དེ་ན་ཡོད་པ་ནི་བགེགས་ [138b.7]བྱེད་པ་དང་བར་དུ་གཅོད་པ་ཞེས་བྱ་བའི་དོན་ཏོ། །དེར་ཞེས་བྱ་བ་ནི་དེའི་ཕྱིར་ཏེ་གང་གི་ཕྱིར་འདི་དག་བར་ཆད་ཡིན་པས་དེ་བས་ནའོ། །ཁྱོད་ཀྱིས་སོ་སོར་རྟོགས་ལ་ཞེས་བྱ་བ་ནི་འོག་ནས་འཆད་དོ། །ཡན་ལག་ཅེས་བྱ་བ་ནི་སྐྱེས་བུ་སྡུག་པ་ལ་བོད་པ་ཡིན་ཏེ། ཀྱེ་སྐལ་ལྡན་ཞེས་བྱ་བའི་དོན་ཏོ། །སོ་སོར་རྟོགས་ [139a] [139a.1]ཞེས་བྱ་བ་ནི་སོ་སོར་རིག་ཅིང་ངེས་པར་བྱ་བའོ། །འདི་དག་ནི་ལམ་གྱི་བར་དུ་གཅོད་པ་ཡིན་ཏེ། དེ་བས་ན་ཁྱོད་ཀྱིས་སོ་སོར་རྟོགས་ཤིག་ཅེས་བྱ་བ་འོག་ནས་སྨོས་སོ། །དྲན་པ་མེད་པའི་ཉེས་དམིགས་སུ་འགྲོ་བ་ཤེས་པ་བྱས་ནས། བདེ་བར་ཡོངས་སུ་གཟུང་བར་བྱ་སྟེ་སྐྱོན་ [139a.2]དེ་མེད་པར་བསྟན་པའི་ཕྱིར། དྲན་པ་ཆུད་ནི་མ་གསན་ཅིག །ཅེས་བྱ་བ་སྨོས་ཏེ། དྲན་པ་ནི་ལུས་ལ་སོགས་པའི་རྣམ་པ་དེའི་ངོ་བོ་ལ་དམིགས་པ་སྟེ། དྲན་པ་མ་ཉམས་པ་དེའོ། །ཁྱོད་ཀྱི་ཞེས་བྱ་བ་ནི་ཁྱོད་ཉིད་ཀྱི་རྒྱུད་ལའོ། །ཆུད་ནི་མ་གསན་ཅིག་ཅེས་བྱ་བ་ནི་ཉམས་པར་མ་བྱེད་ཅིག་པ་ [139a.3]སྟེ། དེ་ཉམས་ན་ནི་ལམ་གྱི་ཚོགས་ཐམས་ཅད་ཆུད་ཟ་བར་འགྱུར་བ་དང་། བར་དུ་གཅོད་པ་ཐམས་ཅད་ཀྱང་མངོན་དུ་འབྱུང་བར་འགྱུར་རོ། །དེས་ན་བག་ཡོད་པས་ནི་བགེགས་ཐམས་ཅད་སེལ་བར་འགྱུར་བའི་ངང་ཚུལ་ཅན་ཡིན་པས། དྲན་པ་ཉིད་ནི་འབད་པས་སྲོག་བཞིན་དུ་བསྲུང་བར་བྱའོ་ [139a.4]ཞེས་གཟུད་པའི་ཕྱིར་འདི་གསུངས་སོ། །བར་དུ་གཅོད་པ་འདི་དག་གིས་ནི་འཁྲུལ་བར་བྱེད་པ་ཡིན་པས། གཉེན་པོ་ལ་སྦྱར་བའི་ཕྱིར། དགེ་སློང་ཚུལ་ཁྲིམས་བཟང་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཨུ་ཛ་ཡ་ན་ན་ཚོང་དཔོན་གྱི་བུ་བཞི་གནས་ཏེ། དེ་ནས་གཅིག་ནི་བག་མེད་པ་ [139a.5]ལ་གནས་སོ། །གཉིས་པ་ནི་གཞན་གྱི་ཆུང་མ་ལ་འགྲོ་ཞིང་ངན་པར་སྤྱོད་དོ། །གསུམ་པ་ནི་ལོག་པའི་རྣམ་པར་རྟོག་པ་ལ་གནས་སོ། །བཞི་པ་ནི་དྲན་པ་བརྗེད་ངས་པར་གྱུར་ཏོ། །བཅོམ་ལྡན་འདས་དེར་གཤེགས་ནས་དེའི་དབང་དུ་མཛད་དེ་དགེ་སློང་ལ་བསྟན་པའི་ཚུལ་གྱིས་འདི་གསུངས་སོ། ། [139a.6]བག་ཡོད་པ་ཞེས་བྱ་བ་ལ། དེ་ལ་ཁྱོད་ཀྱིས་དགའ་བ་ཐོབ་པར་གྱིས་ཤིག་པ་སྟེ། དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་བག་ཡོད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །འདིས་ནི་བག་མེད་པ་རྣམས་བག་ཡོད་པ་ལ་སྦྱོར་བའོ། །ཚུལ་ཁྲིམས་བཟང་བ་དང་ཞེས་བྱ་བ་ནི་མཛེས་པའི་ [139a.7]ཚུལ་ཁྲིམས་ཀྱིས་སྤྱོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་བཟང་པོ་སྟེ། གཟུགས་བཟང་པོ་བཞིན་ནོ། །ཡང་ན་ཚུལ་ཁྲིམས་ཡོངས་སུ་རྫོགས་པ་སྟེ། བུམ་པ་གང་བ་བཞིན་ནོ། །ཡང་ན་ཚུལ་ཁྲིམས་ལེགས་པར་བྱས་པ་སྟེ། བཟའ་བ་དང་བཏུང་བ་ལེགས་པར་སྤྱད་པ་བཞིན་ནོ། །འདིས་ནི་ཚུལ་ཁྲིམས་ [139b] [139b.1]ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་ཏེ། ཡོན་ཏན་ཐམས་ཅད་དེ་ལ་གནས་པའི་ཕྱིར་ཇི་སྐད་དུ་གསུངས་པ། དཔེར་ན་ལུས་ཅན་དག་དང་ནགས་ཚལ་དང་། །ལྗོན་ཤིང་རྣམས་ཀྱང་ས་ལ་གནས་པ་ལྟར། །དེ་བཞིན་དགེ་བའི་ཆོས་རྣམས་འདི་དག་གི །རབ་ཏུ་འབྱུང་ཞིང་གནས་པའང་ [139b.2]ཚུལ་ཁྲིམས་ཡིན། །ཞེས་པའོ། །དགེ་སློང་ཞེས་བྱ་བ་ནི་བོད་པ་སྟེ། གང་ཚུལ་ཁྲིམས་དང་ལྡན་པ་ཉིད་དགེ་སློང་ཡིན་པའི་ཕྱིར་དང་། ཚུལ་ཁྲིམས་ཡོད་པ་དགེ་སློང་ཡིན། །ཞེས་པའི་ཚིག་གིས་སོ། །ཀུན་རྟོག་ལེགས་པར་མཉམ་གཞག་སྟེ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་ལེགས་པར་འཇུག་པ་སྟེ། ཀུན་ [139b.3]དུ་རྟོག་པ་མཉམ་པར་གཞག་པ་གང་ཡིན་པ་དེ་ཉིད་ནི་ལེགས་པར་མཉམ་པར་གཞག་པའི་ཀུན་དུ་རྟོག་པ་སྟེ། ངེས་པར་འབྱུང་བ་ལ་སོགས་པར་ཀུན་དུ་རྟོག་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཚུལ་ཁྲིམས་ལ་སོགས་པ་དག་པའི་ཐབས་བསྟན་ཏོ། །ཇི་སྐད་དུ་གསུངས་པ། ཚུལ་ཁྲིམས་རྣམ་པར་དག་པ་ [139b.4]བརྗོད་པ་གང་ཞིག་ཡིན་ཞེ་ན། མི་དགེ་བའི་རྣམ་པར་རྟོག་པ་རྣམས་ཀྱིས་མ་བཅོམ་པ་ཡིན་ནོ་ཞེས་རྒྱ་ཆེར་བཤད་དོ། །རང་གི་སེམས་ནི་རྗེས་སུ་སྲུངས། །ཞེས་བྱ་བ་ནི་དྲན་པའི་སྟོབས་ཀྱི་བདག་ཉིད་ཀྱིས་སེམས་རྗེས་སུ་སྐྱོངས་ཤིག་པ་སྟེ། དྲན་པས་སྒོ་བསྲུངས་པ་དང་ལྡན་པའི་འཕགས་པའི་ཉན་ཐོས་ནི་ [139b.5]མི་དགེ་བའི་ཆོས་ཐམས་ཅད་སྤོང་ཞིང་དགེ་བའི་ཆོས་ཐམས་ཅད་བསྒོམ་པ་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །སྒོ་བསྲུངས་པ་ཡིན་པས་སྒོ་བསྲུངས་སོ། །འདིས་ནི་བག་ཡོད་པ་ལ་སོགས་པ་ལ་རབ་ཏུ་གནས་པས་འཕགས་པའི་ལམ་མངོན་སུམ་དུ་བྱ་བའི་ཐབས་བསྟན་ཏེ། གང་གི་ཕྱིར་དྲན་པ་ [139b.6]ཉམས་པར་གྱུར་པས་ནི་དྲི་མ་མེད་པའི་ལམ་ཐོབ་པར་མི་འགྱུར་རོ། །འདི་སྟེན་ཅིང་ཐོས་པས་ནི་འཁོར་དེ་དག་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དགེ་སློང་ལྔ་བརྒྱ་ཙམ་ཡང་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །འདིར་སྔ་མས་ནི་རྒྱུ་བསྟན་ཏོ། །ཕྱི་ [139b.7]མས་ནི་འབྲས་བུ་བསྟན་པར་ཤེས་པར་བྱའོ། །གང་གི་ཕྱིར་བག་ཡོད་པས་ནི་ཚུལ་ཁྲིམས་བཟང་པོ་ཡིན་ལ། དེས་ཀྱང་ཡང་དག་པའི་རྟོག་པ་ཡིན་ནོ། །དེ་ལས་ནི་ཡང་དག་པའི་དྲན་པ་ཡིན་ནོ། །བག་མེད་པ་ལ་སོགས་པ་དེའི་སྐྱོན་ལ་བརྟེན་པ་དག་དེ་དག་གི་གཉེན་པོ་ལ་སྦྱར་བའི་ཕྱིར་འདི་གསུངས་ [140a] [140a.1]སོ། །བག་ཡོད་པ་ལ་བརྟེན་ཅིང་མངོན་པར་འདོད་པའི་ཡོན་ཏན་ལ་སོགས་པའི་ཚུལ་བསྟན་པའི་ཕྱིར། བརྩམ་པར་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སིན་དུའི་ཡུལ་རོ་རུ་ཀ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོའི་རྒྱལ་པོ་ཨུ་ཏྲ་ཡ་ནས་ཤར་ཕྱོགས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་ [140a.2]པོ་ལ་མ་མཐོང་བའི་གྲོགས་པོ་ཡིན་ནོ་ཞེས་ཁས་བླངས་ཏེ། རིན་པོ་ཆེའི་རང་བཞིན་གྱི་ཁྲབ་རིན་ཐང་མེད་པ་ཞིག་བསྐུར་རོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་དང་རྗེས་སུ་མཐུན་པའི་སྐྱེས་མ་རྙེད་དེ་བཅོམ་ལྡན་འདས་ལ་ཐམས་ཅད་དུ་བསྟེན་པར་བྱའོ་ཞེས་བསམས་ནས་ཕྱིན་ཏེ་ཞུ་བ་ཞུས་སོ། །ཇི་ཙམ་ན་ [140a.3]རས་ལ་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་བརྩམས་པའི་ཚིགས་སུ་བཅད་པ་གཉིས་བྲིས་སོ་ཞེས་བྱ་བ་ལ་སོགས་པ་འདིར་དཔེར་བརྗོད་ཅིང་གླེང་གཞིར་སྦྱར་བར་བྱའོ། །བརྩམ་པར་བྱ་ཞེས་བྱ་བ་ནི་རྩོམ་པའི་དང་པོར་བྱ་བ་ཡིན་ [140a.4]པས་བརྩམ་པར་བྱ་བ་སྟེ། སྐྱབས་སུ་འགྲོ་ཞིང་ཡང་དག་པར་ལེན་པ་ལ་སོགས་པ་ལ་ཡང་དག་པར་གཟུད་པ་ཡིན་ཏེ། བསྟན་པ་འདི་ནི་རྒྱ་མཚོ་ཆེན་པོ་འདྲ་བས་དེ་ལ་འཇུག་པ་དང་འདྲ་བར་རྩོམ་པའོ། །འབྱུང་བར་བྱ་ཞེས་པ་ནི་རབ་ཏུ་འབྱུང་བ་སྟེ་དེའི་ཕྱིར་གང་དག་ལྷོད་ཅིང་སྒྲིབ་པས་ཁྱིམ་གྱི་ [140a.5]གནས་ཡོངས་སུ་གཏོང་བར་མི་ནུས་པ་དག་སྣང་ན་དེ་ཉིད་ལ་གཟུད་པ་ཡིན་ཏེ། སྐྱབས་སུ་སོང་བའི་འོག་ཏུ་རབ་ཏུ་བྱུང་བ་ཡོངས་སུ་གཟུང་བ་ནི་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་མེད་པར་ནི་སོ་སོར་ཐར་པའི་སྡོམ་པ་མེད་དོ། །ཡང་ན་སྐྱབས་སུ་འགྲོ་བ་ཉིད་ཀྱིས་ཀྱང་ཞེས་བྱ་བའི་ཚིག་གིས་སོ། །འཇུག་ [140a.6]པར་བྱ་ཞེས་བྱ་བ་ནི་འབད་པར་བྱ་ཞེས་བྱ་བ་ཡིན་ཏེ། ཇི་སྐད་དུ་གསུངས་པ། ཚུལ་ཁྲིམས་ལ་གནས་ཤིང་ཚུལ་ཁྲིམས་ལ་བརྟེན་པས་ཆོས་གཉིས་བསྒོམ་པར་བྱ་སྟེ། ཞི་གནས་དང་ལྷག་མཐོང་ངོ་ཞེས་སོ། །འཆི་བདག་སྡེ་ནི་གཞོམ་པར་བྱ། །ཞེས་བྱ་བ་ནི་འཕགས་པའི་ལམ་བསྒོམ་པའི་ [140a.7]འབྲས་བུ་ལ་སྦྱོར་བ་ཡིན་ནོ། །འཆི་བདག་གི་སྡེ་ནི་ཁམས་གསུམ་གྱིས་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྟེ་འཆི་བདག་དང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་རོ། །དེ་གཞོམ་པ་ནི་སྤངས་པ་སྟེ་དེའི་འཐོབ་པ་གཅད་ཅིང་རྒྱུད་ལ་གནས་པ་ལས་བསལ་ [140b] [140b.1]བའོ། །འདིར་མཐུན་པའི་ཆོས་ཀྱི་དཔེ་བསྟན་པ། འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །ཞེས་བྱ་བ་ཡིན་ཏེ། འདམ་བུ་དག་གི་ཁྱིམ་ནི་འདམ་བུའི་ཁྱིམ་སྟེ་འདམ་བུའི་ཁང་པའོ། །དཔེར་ན་གླང་པོ་ཆེ་སྨྱོན་པ་འདམ་བུའི་ཁྱིམ་ལ་བཏང་ན་དེ་མ་ཐག་འཇོམས་ཤིང་ཕྱེ་མར་འཐག་པར་བྱེད་དོ། །དེ་བཞིན་ [140b.2]དུ་ཁྱེད་ཀྱིས་འཆི་བདག་གི་སྡེ་གཉེན་པོ་བསྒོམས་པའི་སྟོབས་ཀྱིས་རྒྱུད་ལ་བསལ་བར་གྱིས་ཤིག་པའོ། །བཅོམ་ལྡན་འདས་ནི་སྒྲུབ་པ་འབྲས་བུ་མེད་པར་དེ་ལྟར་མི་སྦྱོར་ཞིང་མི་སྟོན་པ་སྟེ། དེ་བས་ན་ལམ་བསྒོམ་པས་ཉོན་མོངས་པ་བསལ་བའི་ཁྱད་པར་བསྟན་པའི་ཕྱིར། གང་ཞིག་ཆོས་འདུལ་ཞེས་བྱ་བ་ལ་ [140b.3]སོགས་པ་སྨོས་སོ། །གང་ཞིག་ནི་གང་ལ་ལ་སྟེ། སྐྱེ་བ་ལ་སོགས་པ་ལ་ལྟོས་པ་མེད་པར་ཐམས་ཅད་ལ་འབྱུང་བ་ཡིན་ནོ། །ནི་ཞེས་བྱ་བའི་སྒྲ་ནི་རྒྱུ་བསྟན་པའི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ནི་བདེ་བར་གཤེགས་པས་བསྟན་པ་འདི་ལའོ། །ཆོས་འདུལ་ཞེས་བྱ་བ་ནི་ཆོས་ཀྱི་ཚུལ་གྱི་འདུལ་བ་ཡིན་པས་ [140b.4]ཆོས་འདུལ་ཏེ་སྐྱོན་མེད་པར་འདུལ་བའི་ཐབས་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་ལ་ཆོས་ཀྱིས་འདུལ་བས་འདུལ་བ་སྟེ། གང་སངས་རྒྱས་ཀྱི་ཛེེབསྟན་པ་ལའོ། །འདིར་ནི་མཚོན་ཆས་བསྣུན་པ་དང་ནོར་ཕྲོག་པ་ལ་སོགས་པས་འདུལ་བ་ནི་མ་ཡིན་ནོ། །ཡང་ན་ལམ་ཡན་ལག་ལྔ་སྟེ། ཡང་དག་པའི་ལྟ་བ་ [140b.5]དང་། རྟོག་པ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏོ། །ཡང་ན་འདུལ་བ་ནི་གསུམ་སྟེ། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བའོ། །དེས་ན་ཡང་ཆོས་འདུལ་བ་ནི་འདིར་འཕགས་པའི་ལམ་ཡིན་ནོ། །བག་དང་ལྡན་པར་སྤྱོད་བྱེད་པ། །ཞེས་བྱ་བ་ནི་བག་མེད་པ་ལ་སོགས་པ་ངན་ [140b.6]པར་སྤྱོད་པ་ཐམས་ཅད་དང་བྲལ་བར་སྤྱོད་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། འདི་ལྟར་གང་གིས་གཡེང་བ་ཐམས་ཅད་སྤངས་ཤིང་ཟག་པ་མེད་པའི་ལམ་བསྒོམ་པ་ལ་འཇུག་པར་བྱེད་པས་འཁོར་བའི་སྐྱོན་ཐམས་ཅད་ནི་སྤངས་ལ། ཁ་ན་མ་ཐོ་བ་མེད་པའི་བདེ་བའི་ངོ་བོ་ཐར་པའི་ལམ་ནི་སྒྲུབ་པར་བྱེད་པའོ། ། [140b.7]རབ་སྤངས་པ་ཞེས་བྱ་བ་ནི་ཡོངས་སུ་དོར་བའོ། །སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་སྐྱེ་བ་ཉེ་བར་མཚོན་པ་སྟེ། ཁམས་གསུམ་གྱི་བདག་གི་དངོས་པོའོ། །གང་གི་ཕྱིར་སྐྱེ་བ་མེད་པ་ནི་ཁམས་གསུམ་ན་ཡོད་པའི་གྲངས་སུ་མི་འགྲོ་སྟེ། མྱ་ངན་ལས་འདས་པའོ་ཞེས་བྱ་བའི་ཚིག་གིས་སོ། །སྡུག་བསྔལ་ཐ་མར་ [141a] [141a.1]ཞེས་བྱ་བ་ནི་ཐ་མ་རྣམ་པ་གསུམ་ལས་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །བྱེད་པར་འགྱུར་ཞེས་བྱ་བ་ནི་ཐོབ་པ་དང་། དེའི་བདག་ཉིད་དུ་བྱེད་པའོ། །བག་ཡོད་པའི་ཚོམས་ཏེ་བཞི་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།དེའི་འོག་ [141a.2]ཏུ་སྡུག་པའི་ཚོམས་དགོད་པ་ནི་བག་ཡོད་པ་མཆོག་ཏུ་བྱེད་པས་ཀྱང་། བདག་ཉིད་སྡུག་པ་ལ་ཆགས་པའི་བགེགས་ལས་བཟློག་པའི་ཕྱིར་ཏེ་གང་གི་ཕྱིར་སྡུག་པ་ལ་ཆགས་པར་གྱུར་ན་ནི་དགེ་བ་ལ་མངོན་པར་བརྩོན་པ་ཁྱད་དུ་གྱུར་པ་ཐམས་ཅད་ཀྱང་སྤངས་ནས། དེས་ན་སྡུག་པའི་སྐྱེ་བོ་དག་རྗེས་སུ་དྲན་ [141a.3]ཞིང་འཁོར་བའི་ལམ་དག་སྲུང་ལ་ཡང་དག་པར་སྟོན་པར་བྱེད་དོ། །འདི་ཀ་ལིང་ཀ་དང་ཤཱཀྱ་ཙི་ཏྲ་ཞེས་བྱ་བ་ལ་སོགས་པ་ཡང་དཔེར་བརྗོད་པར་བྱའོ། །ད་ནི་སྡེ་ཚོམས་ཀྱི་རྣམ་པར་འགྲེལ་པ་བཤད་དེ་སྡུག་པ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་དགའ་བ་ཅན་ཞེས་བྱ་བའི་ཁྱེའུ་ [141a.4]གཟུགས་ཟླ་མེད་པར་བཟང་བ་ཞིག་གིས་དགའ་མོ་ཞེས་བྱ་བའི་བུ་མོ་དེ་དང་མཉམ་པའི་གཟུགས་ཡོད་པ་ཞིག་བླངས་སོ། །དེའི་ཁྱིམ་ཐབ་ཟླ་བ་དྲུག་ཙམ་ནས་དུས་བྱས་པར་གྱུར་ཏོ། །དེ་དང་བྲལ་བས་དེ་སྨྱོས་པར་གྱུར་ཏེ། གཅེར་བུས་མཉན་ཡོད་ཐམས་ཅད་དུ་ཤི་བའི་ཁྱིམ་ཐབ་ཚོལ་ཞིང་རྒྱུས་སོ། །ཇི་ [141a.5]ཙམ་ན་བཅོམ་ལྡན་འདས་ཀྱིས་དེ་གདུལ་བའི་དུས་ལ་བབ་པར་གཟིགས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་རྗེས་སུ་འབྲེང་བ་དང་དེའི་ཐད་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་མཐོང་མ་ཐག་དྲན་པ་རྙེད་དེ་རང་གི་ལུས་ལ་གོས་མེད་པར་མཐོང་ནས་ཤིན་ཏུ་ངོ་ཚ་བར་གྱུར་ཏོ། །ཚེ་དང་ལྡན་པ་ཀུན་ [141a.6]དགའ་བོས་དེའི་བསམ་པ་ཤེས་ནས་བླ་གོས་དེ་ལ་བྱིན་ཏེ། དེ་ལུས་ལ་གྱོན་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་གུས་པ་དང་བཅས་པར་བྱས་ནས་ཕྱག་འཚལ་ཏེ། ཐུབ་པ་མཆོག་གིས་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ་འདི་གསུངས་སོ། །གང་གིས་ཆོས་གཅིག་མ་སྤངས་པས། །འགྲོ་བ་ [141a.7]འདི་ཀུན་བཅིངས་པར་གྱུར། །ཀུན་རྨོངས་འཇིགས་རུང་འདི་ལྟ་བུ། །རྩ་ནས་ཁྱོད་ཀྱིས་ཟད་གྱུར་ཅིག །ཅེས་སོ། །དེ་ནས་ཀུན་དགའ་བོ་ལ་ལྷུང་བཟེད་གཏད་དེ། སྔོན་སུ་ཡང་མ་ཤི་བའི་ཁྱིམ་ལས་ཆུ་ལོང་ལ་ཤོག་ཤིག་ཅེས་བཀའ་སྩལ་པ་དང་། དེ་བཅོམ་ལྡན་འདས་ཀྱི་མཐུས་བྱེ་བ་ཕྲག་བཅོ་ [141b] [141b.1]བརྒྱད་ཀྱི་ཁྱིམ་དག་ཏུ་མྱུར་བ་ཉིད་དུ་སོང་བ་དང་། དེས་ཆུ་མ་རྙེད་ནས་ལྷུང་བཟེད་སྟོང་པ་ཉིད་དུ་སླར་འོངས་སོ་དེ་བསྟན་ནས་ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །གཞན་དག་ནི་བུ་དང་ཆུང་མ་དང་མནའ་མ་ཤི་བའི་ཉེ་དུ་ཞིག་རྒྱུན་མི་འཆད་པར་མྱ་ངན་བྱེད་པ་ལས་བརྩམས་པ་ནི་ཚིགས་སུ་བཅད་ [141b.2]པ་དང་པོའོ། །བྱི་ཤ་ཀ་ཞེས་བྱ་བའི་དགེ་བསྙེན་དང་། ཡུལ་ཡངས་པ་ཅན་གྱི་ལིཙྪ་བཱི་ལས་བརྩམས་པ་ནི་གཉིས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་དང་པོའི་དབྱེ་བ་བཤད་པ། སྡུག་པ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་བསྡུས་པའི་དོན་ནི་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་ [141b.3]བ་དག་གི་ཉེས་དམིགས་དང་ཕན་ཡོན་བསྟན་པའོ། །སྡུག་པ་རྣམས་ལས་ཞེས་བྱ་བ་ནི་སྡུག་པའི་ཡུལ་དག་ལས་ཞེས་བྱ་བ་ཡིན་ཏེ། འདིར་ཉོན་མོངས་པ་དང་བཅས་པའི་སྡུག་པ་བསྟན་པ་སྟེ། མྱ་ངན་ལ་སོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །དོན་ཡང་རྣམ་པ་གཉིས་ཏེ། སེམས་དང་ལྡན་པ་དང་སེམས་དང་མི་ལྡན་ [141b.4]པ་སྟེ། གང་ལ་སྲེད་པ་འཇུག་པའོ། །གང་དང་འབྲེལ་པ་ཟང་ཟིང་ལ་དགའ་ཞིང་རྗེས་སུ་མྱོང་བ་དེ་ལ་སྡུག་པ་ཞེས་བརྗོད་དོ། །འདི་ལྟ་སྟེ། ཕ་དང་། མ་དང་། བུ་དང་། ཆུང་མ་དང་། དབྱིག་དང་། གསེར་དང་། ནོར་བུ་དང་། གོས་དང་། སྐྱེད་མོས་ཚལ་ལ་སོགས་པའོ། །དེ་དང་བྲལ་ཞིང་སྤངས་ཏེ་ཞིག་པ་ལས་ནི་མྱ་ [141b.5]ངན་སྐྱེ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་སེམས་གདུང་ཞིང་ཡིད་མི་བདེ་བར་གྱུར་ཅེས་བྱ་བའི་དོན་ཏོ། །དཔེར་ན་ཤིང་བཅད་པ་ལྷུང་བ་ལ་ཚ་བའི་དུས་ཀྱི་ཉི་མའི་འོད་ཀྱིས་སྐམ་པ་ལྟ་བུ་ནི་མྱ་ངན་ནོ། །དེ་ཡང་བཤད་པ། ཡིད་ལ་གདུང་བ་འཕེལ་བའི་མིས། །བདུད་རྩི་དག་ལ་ལོངས་སྤྱད་ཀྱང་། །ཉིན་རེ་བཞིན་དུ་སྐམ་ [141b.6]འགྱུར་ཏེ། །ཁོང་སྟོང་ཤིང་གི་མེ་བཞིན་ནོ། །འདས་པ་དག་གི་གནོད་པ་བསྟན་ནས། ད་ལྟར་བྱུང་བའི་རྣམ་པ་དེ་དང་དེ་དག་ལས་ཡང་སྨྲས་པ། སྡུག་པ་དག་ལས་འཇིགས་པ་སྐྱེ། །ཞེས་བྱ་བ་འཇིགས་པ་ཡིན་པས་འཇིགས་པ་སྟེ། མ་འོངས་པ་ན་གནོད་པ་འབྱུང་བར་དོགས་པ་སྐྱེ་བའི་སེམས་གནོད་པ་ཞེས་བྱ་ [141b.7]བའི་དོན་ཏོ། །དགྲ་ལས་འཇིགས་པ་སྐྱེ་ཞེས་མ་བརྗོད་ཅེ་ན། མྱ་ངན་གྱི་འཇིགས་པ་ནི་སྡུག་པ་ཉིད་ཀྱི་དབང་ལས་གྱུར་པ་ཡིན་པའི་ཕྱིར་དེ་ལྟར་ནི་མ་བསྟན་ཏོ། །དེ་དག་ཉིད་ལས་མྱ་ངན་དང་འཇིགས་པ་འབྱུང་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཉིད་སྨྲས་པ། སྡུག་པ་དག་ནི་རྣམ་སྤངས་ན། །ཞེས་བྱ་བ་ [142a] [142a.1]སྨོས་ཏེ། ཇི་སྐད་བསྟན་པའི་མཚན་ཉིད་ཀྱི་སྡུག་པ་རྣམས་ལ་ཆགས་པ་མེད་ཅིང་། དེ་ལ་མ་དམིགས་ན་སྲེད་པ་ཟད་པའི་ཕྱིར་རོ། །ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་ལ་ནི་འདོད་ཆགས་ཐམས་ཅད་སྤངས་པའི་ཕྱིར་དེ་དང་འབྲེལ་བའི་མྱ་ངན་དང་འཇིགས་ [142a.2]པ་མེད་དོ། །སྡུག་པའི་དངོས་པོ་དང་འབྲེལ་བ་མྱ་ངན་ལ་སོགས་པ་དེ་སྤང་བ་ལ་སྦྱར་བའི་ཕྱིར་འདི་གསུངས་སོ། །སྡུག་པ་དང་འབྲེལ་ན་ནི་ཉེས་དམིགས་འདི་སོགས་པ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར། སྡུག་གུ་མ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁ་ཅིག་འདི་སྐད་སྨྲ་སྟེ། མཉན་ཡོད་ན་བྲམ་ [142a.3]ཟེ་ཞིག་གི་བུ་གཉིས་དང་། གླང་བཞི་དང་འབྲས་ཀྱི་ཞིང་དག་ལ་སེར་བ་བབ་སྟེ་ཤི་ཞིང་ཉམས་པར་གྱུར་ཏོ། །ཆུང་མ་ཡང་ཁྱིམ་གྱི་ལས་བྱེད་པ་ལས་དེ་ཞིག་ནས་ལྷུང་སྟེ་དུས་ལས་འདས་སོ། །དེ་དེ་དག་དུས་བྱས་པ་དང་འབྲས་ཀྱི་ཞིང་ཉམས་པར་གྱུར་པ་ལས་སྨྱོས་ཤིང་གཅེར་བུར་བྱུང་སྟེ། སེམས་ [142a.4]འཁྲུགས་པར་གྱུར་ནས་ཀུན་དུ་རྒྱུ་བ་དེའི་དབང་དུ་མཛད་དེ་གསུངས་སོ་ཞེའོ། །སྡུག་པ་ཉིད་དང་བྲལ་བ་ལས་དེ་ལྟར་གྱུར་པ་ཡིན་གྱི། གཞན་དུ་ནི་དེ་ལྟ་མ་ཡིན་ནོ། །སྐྱེས་པ་ནི་འབྱུང་བའོ། །མྱ་ངན་ནི་སྒྱིད་ལུག་པའོ། །སྡུག་བསྔལ་ནི་ཀུན་འབྱུང་སྲེད་པའི་འབྲས་བུར་གྱུར་པའི་ཕུང་པོ་ཞེས་པའི་ [142a.5]ཚིག་གིས་སོ། །འཇིགས་པ་ནི་སེམས་ཀྱི་གནོད་པའོ། །སྡུག་པ་ལས་གསུམ་པོ་དེ་དག་འབྱུང་བ་འབའ་ཞིག་ཏུ་མ་ཟད་དེ། སྡུག་གུ་མ་དག་གཞན་གྱུར་ན། །ཞེས་བྱ་བ་ནི་མེད་པ་དང་བྲལ་བར་གྱུར་པའི་དོན་ཏོ། །ཡི་མུག་འགྱུར་བ་ཞེས་བྱ་བ་ནི་སེམས་འཁྲུགས་པའོ། །ཐོབ་པར་འགྱུར་བ་ཞེས་ [142a.6]བྱ་བ་ནི་རྙེད་པར་འགྱུར་བའོ། །གནོད་པ་ཐམས་ཅད་སྤང་བར་འདོད་པས་སྡུག་པ་ཡོངས་སུ་སྤང་བར་བྱ་བ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །སྡུག་པ་དང་འབྲེལ་ན་དེ་ལས་གཞན་པའི་གནོད་པ་བསྟན་པའི་ཕྱིར། འཇིག་རྟེན་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་ཞིག་བཅོམ་ [142a.7]ལྡན་འདས་ཀྱི་ཐད་དུ་ཕྱིན་ནས། ཀྱེ་གཽ་ཏ་མ་གང་ལ་བརྟེན་ནས་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བར་འགྱུར་ཞེས་གསོལ་བ་དང་། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དྲུག་གསུངས་སོ། །ཇི་རྙེད་པ་ཞེས་བྱ་བ་ནི་གང་དག་འཇིག་རྟེན་ན་མྱ་ངན་ [142b] [142b.1]ལ་སོགས་པ་ཡོད་པའོ། །སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནི་གང་ཅུང་ཟད་ཡིད་མི་བདེ་བས་བསྐྱེད་པའི་ཚིག་བརྗོད་པའོ། །སྡུག་བསྔལ་ཞེས་བྱ་བ་ནི་ནང་གི་ནད་དོ། །ཇི་ལྟ་བུ་ཞེ་ན། རྣམ་པ་དུ་མ་ཞེས་བྱ་བ་སྨོས་ཏེ། རྣམ་པ་སྣ་ཚོགས་པའོ། །འདིས་ནི་མྱ་ངན་ལ་སོགས་པ་ཐམས་ཅད་ཁྱད་པར་དུ་བྱེད་པ་ [142b.2]ཡིན་ཏེ། དེ་རེ་རེ་ཡང་མཐའ་ཡས་པའི་དབྱེ་བ་ཡོད་པའི་ཕྱིར་རོ། །འདི་ལྟ་བུ་སུ་ལ་འབྱུང་བ་ཡིན་ཞེ་ན། སྨྲས་པ། འཇིག་རྟེན་ཞེས་བྱ་བ་སྟེ་སེམས་ཅན་གྱི་འཇིག་རྟེན་ཡིན་གྱི་སྣོད་ཀྱི་འཇིག་རྟེན་ནི་མ་ཡིན་ཏེ། སེམས་མེད་པའི་ཕྱིར་མྱ་ངན་ལ་སོགས་པ་མེད་པ་ཉིད་དོ། །སྡུག་པ་དག་ལ་བརྟེན་ཏེ་ཞེས་བྱ་བ་ནི་ [142b.3]སྡུག་པའི་དངོས་པོ་ལ་གནས་པའོ། །བྱུང་ཞེས་བྱ་བ་ནི་རབ་ཏུ་སྐྱེ་བའོ། །དེ་དག་ཅེས་བྱ་བ་ནི་མྱ་ངན་ལ་སོགས་པ་སྔར་བཤད་པའོ། །ཅིའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། སྡུག་ཀྱང་ཞེས་བྱ་བ་སྨོས་པ་ལ། ཡང་གི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་སྡུག་པ་སྤངས་ཤིང་མེད་པར་གྱུར་ན་མྱ་ངན་ལ་ [142b.4]སོགས་པ་དེ་དག་མེད་པར་འགྱུར་ཏེ། དེ་དག་འབྱུང་བར་མི་འགྱུར་རོ། །འདི་གཉིས་ནི་རྒྱུ་དང་རྒྱུ་ཅན་གྱི་མཚན་ཉིད་དུ་བརྗོད་དོ། །གང་རྒྱུ་ཡོད་ན་ནི་འབྱུང་ལ་གང་མེད་ན་ནི་མི་འབྱུང་སྟེ། དེ་ཡང་དཔེར་ན་ས་བོན་དང་མྱུ་གུ་བཞིན་ནོ། །མྱ་ངན་མེད་པའི་བདེ་བའི་ཁྱད་པར་འདོད་པ་སྟེ། བྲམ་ཟེ་དེ་སྡུག་པ་ཡོངས་སུ་ [142b.5]སྤང་བ་ལ་གཟུད་པའི་ཕྱིར་གསུངས་པ། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཡིན་ཞེས་བྱ་བའི་སྒྲ་ནི་ཉིད་ཀྱི་དོན་ཏེ། བདེ་བ་ཉིད་ཡིན་ནོ། །འདི་ལྟར་དེ་དག་ནི་འདོད་ཆགས་དང་བྲལ་བའི་རྣམ་པ་སྟེ། ཁམས་གང་ན་ཡང་ཅུང་ཟད་སྡུག་པ་མེད་དེ་ཁམས་གསུམ་གྱི་འདོད་ཆགས་སྤངས་པའི་ [142b.6]ཕྱིར་རོ། །དེ་བས་གདུང་མེད་ཅེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་བདེ་བ་ཡང་དག་པར་སྐྱེས་པ་དེ་བས་ན་དེ་ལ་མངོན་པར་ཕྱོགས་ཤིང་བདེ་བ་ཐོབ་པར་འདོད་པས་ནི་འགའ་ལ་ཡང་སྡུག་པ་སྐྱེས་པར་མི་བྱ་སྟེ། གདུང་བ་ཐམས་ཅད་དང་སྲེད་པར་བྱེད་པ་ཐམས་ཅད་ནི་དེ་དང་འབྲེལ་པའི་ཕྱིར་རོ། །གདུང་མེད་ཅེས་ [142b.7]བྱ་བ་ནི་གང་ལ་མྱ་ངན་མེད་པ་ཐོབ་པ་དེ་ཉིད་དེ། གདུང་བ་ཐམས་ཅད་བསལ་བ་ཞེས་བྱ་བའི་དོན་ཏོ། །རྡུལ་བྲལ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་བ་སྟེ་འདིར་འདོད་ཆགས་ཉིད་རྡུལ་ཡིན་གྱི། སའི་རྡུལ་ནི་མ་ཡིན་ནོ་ཞེས་པའི་ལུང་གིས་སོ། །གོ་འཕང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཉིད་ན་ [143a] [143a.1]སྡུག་བསྔལ་དེའི་རྒྱུ་མེད་པའི་ཕྱིར་རོ། །དོན་གཉེར་བ་ཞེས་བྱ་བ་ནི་ཀུན་དུ་འདོད་པའོ། །ཡང་ན་ཐོབ་པར་འདོད་པ་སྟེ་སྒྲུབ་པར་འདོད་པའོ། །སྡུག་པར་བྱ་བ་དེ་མི་བྱ། །ཞེས་བྱ་བ་ནི་ཆགས་པའི་དངོས་པོ་ཡོངས་སུ་གཟུང་བར་མི་བྱ་བའོ། །ནམ་ཡང་ཞེས་བྱ་བ་ནི་རྣམ་པ་གང་ [143a.2]གིས་ཀྱང་སྟེ། ནང་དང་ཕྱི་རོལ་དེས་མཉམ་པར་གཞག་པ་དང་མཉམ་པར་གཞག་པའི་ས་ལ་སོགས་པའོ། །སྡུག་པ་དང་ཕྲད་པར་འདོད་པ་བྲམ་ཟེ་དེའི་དགའ་བ་དང་བཅས་པའི་བློ་ངེས་པར་བྱས་པ་ལས་བཟློག་པའི་ཕྱིར། སྡུག་པ་མ་མཐོང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནམ་ཡང་འདོད་ཆགས་ [143a.3]ཀྱིས་ཀུན་ནས་དཀྲིས་པའི་ཡུལ་ལ་ཕྲད་པར་མ་བྱེད་ཅིག་པའོ། །ནམ་ཡང་ཞེས་བྱ་བ་ནི་ནམ་ཞིག་ཀྱང་ངོ་། །གདོལ་བ་ལ་སོགས་པའི་སྡུག་པ་དང་ཕྲད་པ་ཡང་ཕུང་ཁྲོལ་ཆེན་པོར་བསྐྱེད་ན། བྲམ་ཟེ་ལ་སོགས་པའི་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །ཅི་སྡུག་པ་དང་ཕྲད་པ་བཞིན་དུ་མི་སྡུག་པ་དང་ཕྲད་པ་ཡང་ [143a.4]འགག་གམ་མ་ཡིན་ཞེ་ན། མི་སྡུག་མཐོང་ནའང་དེ་བཞིན་ནོ། །མི་འདོད་པའི་དངོས་པོ་རྣམས་དང་ཡང་ནམ་ཡང་ཕྲད་པར་མ་བྱེད་ཅིག་པའོ། །འང་ཞེས་བྱ་བའི་སྒྲས་ནི་ཁྱད་པར་དུ་སྡུག་པ་དང་ཕྲད་པ་དགག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། སྡུག་པ་མ་མཐོང་སྡུག་བསྔལ་ལ། །ཞེས་བྱ་བ་སྨྲས་ཏེ། བྲལ་ [143a.5]བ་ལ་སོགས་པས་སྡུག་པ་མཐོང་ན་ནི་གདུང་བ་སྐྱེ་བར་འགྱུར་རོ། །མི་སྡུག་དང་ཡང་ཕྲད་མི་བྱ། །ཞེས་བྱ་བ་ལ། ཡང་གི་སྒྲས་ནི་སྡུག་བསྔལ་རྗེས་སུ་འབྲང་ངོ་། །སྔོན་མ་མཐོང་བའི་དངོས་པོ་དང་ཕྲད་ན་ཡང་རྒྱུན་དུ་སྡུག་བསྔལ་མང་པོ་འབྱུང་ངོ་། །དེས་ན་ཡང་སྡུག་པ་དང་མི་སྡུག་པ་གཉིས་མཐོང་བ་དང་ [143a.6]མ་མཐོང་བ་སྡུག་བསྔལ་གྱི་རྒྱུར་གྱུར་པ་མཉམ་པ་ཡིན་ཏེ། འདི་བྱ་བ་མ་ཡིན་ནོ། །སྡུག་པ་དང་མི་སྡུག་པ་མཐོང་བ་དང་མ་མཐོང་བ་ལས་སྡུག་བསྔལ་ཞེས་བྱ་བ་དེ་གང་ལས་ཤེ་ན། སྡུག་པ་དང་ནི་ཞེས་བྱ་བ་སྨོས་ཏེ། སྡུག་པ་ནི་ཕ་དང་མ་དང་བུ་དང་ཆུང་མ་ལ་སོགས་པ་དང་རྗེས་སུ་ཆགས་པའི་ཡུལ་དང་། བྱེ་ [143a.7]ཞིང་བྲལ་བ་ཞེས་བྱ་བ་སྨོས་ཏེ། བྲལ་བར་སྣང་བ་ན་མྱ་ངན་མི་བཟད་སྐྱེ་བར་འགྱུར་ཞེས་བྱ་བ་འདི་དང་སྦྱར་རོ། །མི་སྡུག་པ་དང་ཕྲད་པ་ཡིས་ཞེས་བྱ་བ་ལ་མི་སྡུག་པ་ཡང་དགྲ་བོ་ལ་སོགས་པ་ཡང་ཕྲད་པའོ། །མྱ་ངན་མི་བཟད་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་གདུང་བ་ཆེན་པོ་སྐྱེ་བ་ཡིན་ནོ། །གདུང་བ་ [143b] [143b.1]ཆེ་ཉིད་བསྟན་པའི་ཕྱིར། །གང་གིས་མི་དག་རྒས་བྱེད་པའི། །ཞེས་བྱ་བ་སྨོས་ཏེ། གང་མྱ་ངན་སྐྱེས་པ་ནི་འདམ་བུ་བརྔས་པ་ཉི་མས་གདུངས་པ་བཞིན་དུ་འདོད་ཆགས་ཅན་འཇོམས་པར་འགྱུར་ཏེ། བྲམ་ཟེ་བ་ལ་བྱ་ཞེས་བྱ་བའི་བུ་མོ་དང་སློབ་མ་གཉིས་ཡུན་རིང་པོར་བལྟས་པས་རྗེས་སུ་ཆགས་པ་ [143b.2]རྒྱ་ཆེར་གྱུར་ཏོ། །དུས་ཅུང་ཟད་ཅིག་བྲལ་བ་ལས་ཤིན་དུ་ཕྲད་པར་འདོད་དེ། ཕྲད་པར་གྱུར་པ་ལ་ཕན་ཚུན་གཅིག་ལ་གཅིག་ཤས་ཆེར་ཆགས་ཤིང་འཁྱུད་པ་ཙམ་གྱིས་ཤི་ཞིང་ལུས་སྐམས་པར་གྱུར་ཏོ། །ཙཎྜ་གི་རི་ཀ་ཞེས་བྱ་བ་ལ་བལྟས་པ་ཙམ་ཉིད་ཀྱིས་ཙམ་པའི་ཕ་ཤི་བ་ཡང་འདིར་དཔེར་བརྗོད་པར་ [143b.3]བྱའོ། །གསོན་པ་ལ་མི་སྡུག་པ་ཉིད་དེ་དང་འབྲེལ་བའི་མྱ་ངན་ལ་སོགས་པ་བསྟན་ནས། འཆི་བར་འགྱུར་བའི་བསྟན་པར་བྱ་སྟེ། སྡུག་པ་ཤི་བར་གྱུར་པ་ན། །ཞེས་བྱ་བ་སྨོས་ཏེ། ཉེ་དུ་དང་རྩ་ལག་དང་གྲོགས་བཤེས་ལ་སོགས་པ་ནི་སྡུག་པའོ། །ཤི་བར་གྱུར་པ་ནི་དུས་ལས་འདས་པ་སྟེ། སྲོག་ [143b.4]དང་བྲལ་བར་གྱུར་པའོ། །ན་ཞེས་བྱ་བ་ནི་གང་གི་ཕྱིར་སྡུག་པ་དང་བྲལ་ན་ཉེ་དུ་ལ་སོགས་པ་སྡུག་བསྔལ་ཞིང་ཡུན་རིང་དུ་མྱ་ངན་བྱེད་པ་ཡིན་པའི་ཕྱིར། འཚོ་བའི་ཚེ་གཅིག་པུར་མ་ཟད་དེ། སྡུག་བསྔལ་མི་བཟད་པས་གདུངས་པར་གྱུར་པ་ཡིན་ནོ། །དེ་བས་ན་སྡུག་པའི་སྐྱེ་བོ་ཡོངས་སུ་སྤང་བར་བྱའོ་ཞེས་ [143b.5]བསྟན་ཏོ། །སྡུག་བསྔལ་གྱིས་ཉམ་ཐག་པ་ནི་ལུས་དང་སེམས་ཀྱི་སྡུག་བསྔལ་གྱིས་གནོད་པའོ། །གང་ཡིན་ཞེ་ན། གཉེན་འདུན་ཞེས་བྱ་བ་སྨོས་ཏེ། ཕ་དང་མ་དང་གཉེན་དུ་འབྲེལ་པ་ལ་སོགས་པ་སྟེ། རང་བཞིན་གྱིས་གཉེན་དུ་འབྲེལ་པར་སྟོན་པ་ཡིན་ནོ། །བཅོས་མ་ནི་མཛའ་བཤེས་ཞེས་བྱ་བ་སྨོས་ [143b.6]ཏེ། མཛའ་བཤེས་དག་ལ་ཤིན་ཏུ་བརྩེ་བའི་སྙིང་ཡོད་པ་དེ་ནི་མཛའ་བཤེས་སོ། །ཇི་ལྟར་མྱ་ངན་བྱེད་ཅིང་གདུང་བར་བྱེད་ཅེ་ན། སྨྲས་པ། མང་པོ་སྟེ་ལྷག་མའི་རྣམ་པ་དུ་མའོ། །དུས་ཇི་ཙམ་ཞེ་ན། སྨྲས་པ། ཡུན་རིང་དུས་སུ་ཞེས་བྱ་བ་ཡིན་ཏེ། དུས་རིང་པོ་ཞེས་བྱ་བའི་དོན་ཏོ། །དེས་ན་དེའི་ཕྱིར། [143b.7]སྡུག་དང་བྲལ་བས་སྡུག་བསྔལ་འགྱུར། །ཞེས་བྱ་བ་སྨོས་ཏེ། གདུང་བར་བྱེད་པ་ནི་སྐྱེ་བོ་སྡུག་པ་དང་བྲལ་བ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་ཤིན་ཏུ་མི་བཟད་པའི་དུག་བཞིན་ནོ། །གང་གི་ཕྱིར་ཇི་སྐད་དུ་གསུངས་པ་སྟེ། དེའི་ཕྱིར། སྡུག་པར་བྱེད་པ་མི་བྱའོ། །ཞེས་བྱ་བ་སྨོས་ཏེ། ཆགས་པའི་དངོས་པོ་ [144a] [144a.1]ནི་ཅུང་ཟད་ཀྱང་མི་བྱའོ། །ཅིའི་ཕྱིར་ཞེ་ན། སྡུག་ཉིད་སྡིག་ཅན་ལ་ཞེས་བྱ་བ་སྨོས་ཏེ། གང་ལ་སྡུག་པ་བསྟན་པ་ཡོད་པ་ནི་ཉོན་མོངས་པའི་དགའ་བ་ཞེས་བྱ་བའི་དོན་ཏེ། དེ་ཡང་དཔག་ཏུ་མེད་པའི་སྡིག་པའི་རྒྱུ་ཡིན་པའི་ཕྱིར་སྡིག་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ [144a.2]གང་ལས་ངན་པར་སྤྱོད་པ་ཐམས་ཅད་ཀྱི་གཞི་ནི་འདི་ལས་བྱུང་བ་ཡིན་པས་དེ་བས་ན་བྱེད་པར་མི་བྱའོ། །ཡང་ན་སྡུག་པ་ཉིད་ཅེས་བྱ་བ་ནི་སྡུག་པའི་དངོས་པོ་སེམས་དང་བཅས་པ་དང་སེམས་མེད་པའི་དངོས་པོ་ལ་ཆགས་པ་སྟེ། སྤྱིར་རབ་ཏུ་གཟུང་ངོ་། །མི་སྡུག་པ་ལ་ཡང་འདི་ལས་བཟློག་པར་བརྗོད་པར་བྱ་སྟེ། མི་ [144a.3]སྡུག་པ་དག་མ་ཤི་བར་གྱུར་ན་གཉེན་འདུན་དང་མཛའ་བཤེས་མང་པོ་དུས་ཡུན་རིང་དུ་མྱ་ངན་བྱེད་དེ། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་གྱིས་སོ། །དེས་ན་དེ་མི་སྡུག་པར་བྱེད་པར་མི་བྱའོ་ཞེས་བྱ་བ་ཡིན་ཏེ། སྡུག་ཉིད་སྡིག་ཅན་ལ་ཞེས་བྱ་བ་ལྟ་བུའོ། །སྡུག་པ་དང་མི་སྡུག་པ་གཉིས་ཀྱི་སྐབས་ཡིན་པའི་ཕྱིར་དེའི་ [144a.4]འོག་ཏུ་ཡང་འདི་གཉིས་ཀྱི་མཇུག་བསྡུ་བའི་ཚིག་སྣང་བའི་ཕྱིར་རོ། །ཅིའི་ཕྱིར་མངོན་སུམ་དུ་མི་བརྗོད་ཅེ་ན། སྨྲས་པ། ཞེ་སྡང་གི་གཉེན་པོར་སྤྱོད་པ་དང་བཅས་པ་ནི་སྤང་བར་སླ་བ་ཡིན་ནོ་ཞེས་གསལ་བར་བསྟན་པའི་ཕྱིར་དང་། སྲེད་པའི་བཅས་པ་ནི་རབ་ཏུ་སྤང་བར་དཀའ་ཞེས་བསྟན་པའི་ཕྱིར་མངོན་སུམ་དུ་དེ་ [144a.5]ཉིད་གཟུང་བ་ཡིན་ནོ། །དེ་ལ་མདུད་པ་ཡོད་མིན་པས། །ཞེས་བྱ་བ་ནི་མདུད་པ་རྣམ་པ་བཞི་སྟེ། བརྣབ་སེམས་ལུས་ཀྱི་མདུད་པ་དང་། གནོད་སེམས་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའོ། །དེ་དག་མེད་པ་ནི་ལམ་བསྒོམ་ [144a.6]པས་དེའི་ཐོབ་པ་བཅད་པའོ། །དེ་གང་ཡིན་ཞེ་ན། གང་ལ་མེད་ཅེས་བྱ་བ་སྨོས་ཏེ། སྡུག་པ་དང་སྡུག་པ་མ་ཡིན་པ་ནི་སྡུག་དང་སྡུག་མིན་ནོ། །གང་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པའི་ཕྱིར་སྡུག་པ་དང་། མི་སྡུག་པའི་དངོས་པོ་མེད་དེ། དེ་ཁོ་ན་ལ་མདུད་པ་ཐམས་ཅད་མེད་པ་ཡིན་ནོ། །མདུད་པ་ [144a.7]མེད་པས་ནི་གནོད་པ་དང་མྱ་ངན་ལ་སོགས་པ་མེད་དོ། །གང་ཞིག་སྡུག་པ་ཡོངས་སུ་འཛིན་པར་བྱེད་པ་དེ་ནི་དོན་ཡོངས་སུ་བཏང་ནས་གནོད་པ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྡུག་ལ་བལྟས་ཏེ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་བྱེད་ཀྱི་ཚལ་ན་དགེ་སློང་གྲོགས་པོ་གསུམ་ཞིག་ [144b] [144b.1]གནས་པ་ལས་དེ་དག་ལ་བོས་ཏེ་བཀའ་སྩལ་བ། དགེ་སློང་ཁྱེད་ཀྱིས་ཐོས་སམ། སྐྱེ་མཆེད་དྲུག་གི་རེག་པ་ཞེས་བྱ་བའི་དམྱལ་བ་གང་དུ་མིག་གིས་མཐོང་བ་ན་ཡིད་དུ་མི་འོང་བ་ཉིད་དུ་མཐོང་སྟེ་ཡིད་དུ་མི་འོང་བར་གྱུར་ཅིང་ཇི་ཙམ་ན་འདི་ལྟར་ཡང་དགེ་བའི་ལས་རྣམས་ངེས་པར་མ་བྱས་པའི་ཕྱིར་དང་། སྡིག་པའི་ [144b.2]ལས་རྣམས་ཉེ་བར་བསགས་པའི་ཕྱིར་རོ། །དགེ་སློང་དག་ཐོས་སམ་སྐྱེ་མཆེད་དྲུག་གི་རེག་པ་ཞེས་བྱ་བ་ལ། གང་དུ་མིག་གིས་གཟུགས་རྣམས་མཐོང་བ་ན་ཡིད་དུ་འོང་བར་མཐོང་བ་ཡིན་ཏེ་ཞེས་བྱ་བ་ནས། རྒྱ་ཆེར་ཚིགས་སུ་བཅད་པ་འདི་གསུངས་སོ། །མི་སྦྱོར་ཞེས་བྱ་བ་སྨོས་པ་ལ། སྦྱོར་ཞིང་ལེགས་པར་ [144b.3]བྱེད་པ་ཡིན་པས་སྦྱོར་བ་སྟེ་ལེགས་པར་སྤྱོད་པའོ། །སྦྱོར་བ་མ་ཡིན་པས་མི་སྦྱོར་བ་སྟེ། ངན་པར་སྤྱོད་པས་དེ་ལ་སྡིག་པ་ཁྱད་དུ་གསོད་ཅེས་བྱ་བའི་དོན་ཏོ། །གཞན་དག་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའམ་སྤྱོད་ཚུལ་མ་ཡིན་པ་ཞེས་ཟེར་རོ། །སྦྱོར་བ་ཞེས་བྱ་བ་ནི་འཇུག་པར་བྱེད་པའོ། །དེ་ལ་གང་སྦྱོར་བ་ཡིན་ [144b.4]ཞེ་ན། སྨྲས་པ། སེམས་ཏེ་ཡིད་དོ། །སྦྱོར་བ་ཉིད་ལའང་མི་འཇུག་པའོ་ཞེས་བྱ་བ་ནི་སྦྱོར་བ་མེད་པ་ལས་བཟློག་པས་ནམ་ཞིག་ན་སྦྱོར་བ་ལ་ཡང་མི་འཇུག་པའོ། །ཡང་གི་སྒྲ་ནི་བསྡུས་པའི་དོན་ཏོ། །ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། དེ་ཉིད་དུ་སེམས་མི་སྦྱོར་བའོ། །དེ་དག་བྱས་པའི་ཉེས་དམིགས་ [144b.5]བསྟན་པ་ནི། །དོན་བཏང་ནས་ཞེས་བྱ་བ་སྟེ། བདག་ལ་སོགས་པའི་དོན་ནི་ཕན་འདོགས་པའི་དངོས་པོ་སྤངས་ནས་ངན་པར་སྤྱོད་པ་ལ་མངོན་པར་བརྩོན་པས་བསླབ་པ་གསུམ་སློང་བ་ལ་མངོན་པར་མི་བརྩོན་པའི་ཕྱིར་རོ། །སུ་ཞིག་དེ་ལྟར་བྱེད་པ་ཡིན་ཞེ་ན། སྨྲས་པ། སྡུག་ལ་ལྟ་བ་ཞེས་བྱ་བ་སྨོས་ཏེ། སྡུག་ [144b.6]པ་ཡོངས་སུ་འཛིན་པ་དེ་མཆོག་ཏུ་བྱེད་པའོ། །དེ་ཅི་ཞིག་འཐོབ་ཅིང་གང་ལེན་པ་ཡིན་ཞེ་ན། སྨྲས་པ། རེག་པར་བྱེད་པ་སྟེ་དོན་དུ་གཉེར་བར་བྱེད་པའོ། །དཔེར་ན་མེ་ཏོག་དག་ལ་རེག་པར་བྱེད་པ་ནི་རེག་པར་འདོད་པ་སྟེ། བཞི་པའི་སྦྱོར་བ་བསྟན་ཏོ། །དོན་སྦྱོར་བ་ཞེས་བྱ་བ་ནི་དོན་ལ་སྦྱོར་བ་སྟེ། མངོན་ [144b.7]པར་འདོད་པའི་འབྲས་བུ་དང་ལྡན་པའོ། །དེ་གང་ལ་ཡོད་པ་དེ་ནི་བསླབ་པ་གསུམ་དང་ལྡན་པའི་གང་ཟག་གོ། །འདོད་ཆགས་ཀྱི་དབང་དུ་འགྲོ་བའི་སྐྱེས་བུས་ནི་སྡུག་པ་ལ་ཆགས་པས་གཟུང་སྟེ། དེའི་ཆེད་དུ་བྱེད་ཅིང་དེ་མཆོག་ཏུ་འཛིན་པར་བྱེད་ལ། བག་མེད་པའི་རྗེས་སུ་འགྲོ་ཞིང་བསླབ་པ་གསུམ་གྱི་བསླབ་ [145a] [145a.1]པ་ལ་བཏང་སྙོམས་སུ་བྱེད་དེ་འཆི་བའི་དུས་སུ་དེ་མཆོག་ཏུ་ཡོན་ཏན་གྱིས་བརྒྱན་པ་ཡིན་ནོ་ཞེས་རྟོགས་ཏེ། དེ་ལས་ཤིན་ཏུ་མི་བཟད་པའི་ཚོར་བ་དྲག་པོས་མྱ་ངན་ཡང་དག་པར་སྐྱེ་བར་འགྱུར་ཞིང་རེག་པར་འགྱུར་རོ། །དེ་ལྟར་ངན་སོང་ལ་སོགས་པར་སྐྱེ་བར་འགྱུར་ཏེ། ཡིད་ལ་གཅགས་ [145a.2]བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་ཞིང་ལུས་ཞིག་ནས་དམྱལ་བར་སྐྱེ་བར་འགྱུར་རོ་ཞེས་པའི་དོན་ཏོ། །གཞན་དག་ནི་དོན་རིག་སྦྱོར་བར་མི་འགྱུར་བ་ཞེས་བརྗོད་དེ་རེག་པ་ནི་ཐོབ་པའོ། །དོན་ནི་དངོས་པོའོ། །མི་སྦྱོར་བར་ནི་མི་རིགས་པར་འབྲེལ་བ་སྟེ། མི་རིགས་པར་བྱས་ཞེས་བྱ་བའི་དོན་ཏོ། །ངན་པར་སྤྱོད་པ་ [145a.3]ལས་བཟློག་པའི་ཕྱིར་དང་། ལེགས་པར་སྤྱད་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །སྡུག་པ་དང་འབྲེལ་བ་ནི་སྡུག་བསྔལ་ཐམས་ཅད་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཟུགས་སྡུག་བསྔལ་བདེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཡངས་པ་ཅན་ན་ཚོང་དཔོན་ཞིག་གི་བུ་སྐྱེས་ནས་ལོ་བཅུ་གཉིས་ [145a.4]ལོན་པ་ཞིག་གནས་སོ། །ཇི་ཙམ་ན་ཤིང་སཱ་ལ་བན་ཛི་ཀ་ཞེས་བྱ་བའི་དགའ་སྟོན་གྱི་ཕྱིར་གཉེན་བཤེས་དང་ལྷན་ཅིག་གྲོང་ཁྱེར་ལས་ཕྱི་རོལ་གྱི་སྐྱེད་མོས་ཚལ་དུ་བྱུང་སྟེ་ཤིང་སཱ་ལ་ལ་འཛེགས་ནས། མེ་ཏོག་མང་པོ་བསྡུས་ཏེ་ཉེ་དུ་རྣམས་ལ་མེ་ཏོག་མན་ད་ར་བ་རྣམས་བྱིན་ནོ། །དེའི་ཆུང་མས་འདི་དག་ [145a.5]ལ་ནི་བྱིན་ཏེ། བདག་ལ་ནི་མ་བྱིན་ནོ་ཞེས་མི་བཟོད་པ་སྐྱེས་ཏེ་ཤིང་ཤིན་ཏུ་མཐོ་བ་ཞིག་ལ་འཛེགས་པ་ལས་ཡལ་ག་ཆག་སྟེ་ལྷུང་ངོ་། །དེའི་ཚེ་བཅོམ་ལྡན་འདས་སྤྲེའུའི་མཚོ་བྲན་གྱི་འགྲམ་ན་བཞུགས་ཏེ་ཆོས་སྟོན་ཏོ་ཞེས་དེ་ལྷུང་བཞིན་དུ་ཐོས་ནས་ཡིད་ལ་བྱས་པ་ལས་བར་མ་དོར་མྱ་ངན་ལས་འདས་པར་ [145a.6]གྱུར་ཏོ། །དེའི་ཕྱིར་ཉེ་དུའི་ཚོགས་ཐམས་ཅད་འདུས་ཏེ་མྱ་ངན་ཆེན་པོ་བྱེད་པར་གྱུར་ཏོ། །ལྷའི་འཇིག་རྟེན་དུ་ཡང་མན་ད་རའི་ཤིང་ལས་ལྷའི་བུ་ཞིག་ལྷུང་སྟེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །དེའི་ཆེད་དུ་ལྷའི་ཚོགས་རྣམས་ཀྱང་ཡོངས་སུ་མྱ་ངན་བྱེད་ཅིང་འདུག་པ་ལས་འདིར་ [145a.7]བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །དེ་ལས་དང་པོའི་འགྲེལ་པ་སྨྲས་པ། གཟུགས་སྡུག་ཅེས་བྱ་བ་སྨོས་ཏེ། གཟུགས་ཀྱང་ཡིན་ལ་སྡུག་པའང་ཡིན་པས་གཟུགས་སྡུག་གོ། །ཡང་ན་གཟུགས་སྡུག་པའི་རྒྱུ་ཅན་ནོ། །བདེ་བ་ནི་མྱོང་བའོ། །གཟུགས་སྡུག་པའི་བདེ་བས་བསྡམས་པ་ [145b] [145b.1]ཞེས་བྱ་བ་ནི་བཅིངས་པ་སྟེ། དེའི་ཆེད་དུ་སོ་སོའི་སྐྱེ་བོ་འཁོར་བ་ལ་ཆགས་ནས་འདུག་པའོ། །དེ་ཡང་གང་ཡིན་ཞེ་ན། ལྷའི་རིས་དག་ཏུ་ཞེས་བྱ་བ་སྨོས་ཏེ། རྒྱལ་ཆེན་རིགས་བཞི་ལ་སོགས་པའི་ལྷའི་ཚོགས་དག་ཏུའོ། །སོ་སོ་ནི་རྣམ་པ་སྣ་ཚོགས་པ་ཉིད་ཀྱི་ལུས་དང་སེམས་ཡིན་ [145b.2]པའི་ཕྱིར་རོ། །མིང་དང་ཞེས་བྱ་བ་ལ། དང་གི་སྒྲ་ནི་སོ་སོའི་སྐྱེ་བོ་འདྲེན་པ་ཡིན་ཏེ། དེ་ཡང་རྣམ་པ་སྣ་ཚོགས་པའོ། །གཟུགས་སྡུག་པའི་བདེ་བས་བསྡམས་པ་དག་ཡོད་པར་གྱུར་པ་དེས་ཅི་ཞིག་ཏུ་འགྱུར་ཞེ་ན། སྨྲས་པ། སྡུག་པ་བྱེད་ཅིང་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་གནོད་པར་བྱེད་པ་ཡིན་པས་སྡིག་ [145b.3]པ་སྟེ། སྡིག་པའི་ལས་དེའི་རྒྱུས་སེམས་ཅན་ཐམས་ཅད་ལ་གདུང་བར་བྱེད་པ་སྟེ། དེ་དང་འདིར་རྗེས་སུ་མཐུན་པར་བསྒྲུབ་པའི་ཚུལ་གང་ཡིན་པ་དེ་ནི་དེ་ཉིད་དེ་སྡིག་པ་བྱེད་པ་ཞེས་བྱ་བའི་དོན་ཏོ། །བདེ་བ་རྗེས་སུ་མྱོང་བར་བྱེད་པའི་ཕྱིར་སེམས་ཅན་རྣམས་འདོད་པ་ལ་མངོན་པར་ཆགས་པར་བྱེད་དེ། འདོད་ [145b.4]པའི་ཆེད་དུ་ཡང་ངན་པར་སྤྱོད་པ་ཐམས་ཅད་སྤྱོད་དོ། །སྡིག་པའི་འབྲས་བུ་སྨྲས་པ། ཡོངས་ཉམས་ནས་ཞེས་བྱ་བ་ཡོངས་སུ་ཟད་པ་སྟེ། འཇིག་རྟེན་འདིར་ལུས་ཡོངས་སུ་ཉམས་པ་དང་སྨད་པ་ལ་སོགས་པའི་སྡུག་བསྔལ་གྱི་གཞི་ཡིན་པའི་ཕྱིར་བདག་ཉིད་ལ་སྟོབས་མེད་པ་ཡིན་ཏེ། མངོན་པར་མི་འདོད་པ་ཞེས་ [145b.5]བྱ་བའི་དོན་ཏོ། །ཇི་སྐད་དུ་བཤད་པ། གལ་ཏེ་སྲིད་པ་རྩད་བཅད་ནས། འབྱོར་པ་ཐམས་ཅད་ལག་ཏུ་རྙེད། །དེ་ལ་སྐབས་ནི་ཡོད་བྱས་ན། །བྲན་བཞིན་བཀའ་ནི་སྤྱི་བོས་ནོད། །ཅེས་སོ། །རྒ་དང་འཆི་བའི་དབང་དུ་འགྲོ། །ཞེས་བྱ་བ་ནི། རྒ་བ་དང་འཆི་བའི་རྗེས་སུ་འཇུག་པ་སྟེ། ཡང་དང་ཡང་དུ་སྐྱེ་བ་ [145b.6]བླངས་ནས་འཆི་བ་རྗེས་སུ་མྱོང་བར་འགྱུར་རོ། །དེ་ལ་འདིས་ནི་ཉོན་མོངས་པ་དང་ངན་པར་སྤྱོད་པས་སྐྱེ་བ་ལ་ཕན་པར་བསྟན་ཏོ། །འདིས་སྤང་བར་འདོད་པས་སྡུག་པ་ཡོངས་སུ་སྤང་བར་བྱའོ་ཞེས་བསྒྲུབ་པའི་ཕྱིར་གསུངས་སོ། །སྡུག་པ་ཡོངས་སུ་སྤངས་པའི་ཕན་ཡོན་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ [145b.7]ཏེ། གང་ཞིག་ནི་གང་དག་གོ། །ཉིན་དང་མཚན་མོ་ཞེས་བྱ་བ་ནི་ཉིན་པར་དང་མཚན་མོའོ། །དང་གི་སྒྲ་ནི་རྒྱུན་མི་འཆད་པའི་སྦྱོར་བ་བསྒྲུབ་པའི་ཕྱིར་རོ། །བག་ཡོད་ཅེས་བྱ་བ་ནི་བག་ཡོད་པར་བྱེད་པ་སྟེ། གཟུགས་སྡུག་པ་སྤང་བའི་ཕྱིར་གཉེན་པོ་བསྒོམ་པ་ཞེས་བྱ་བའི་དོན་ཏོ། །གཟུགས་སྡུག་སྤོང་ [146a] [146a.1]བྱེད་པ་ཞེས་བྱ་བ་ནི་སྡུག་པ་ཡོངས་སུ་འདོར་བ་སྟེ་དངོས་པོ་དེ་ལ་དམིགས་པའི་ཉོན་མོངས་པ་སྤང་བའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་སོ། །དྲུངས་ནས་ཕྱུང་ཞེས་བྱ་བ་ནི་རྩ་བ་ནས་ཕྱུང་བའོ། །སྡིག་པའི་རྩ་བ་ཞེས་བྱ་བ་ནི་སྡིག་པ་འཕེལ་བའི་ཕྱིར་བག་ལ་ཉལ་ཞེས་བྱ་བའི་དོན་ཏོ། ། [146a.2]བདུད་ཟས་དང་ཞེས་བྱ་བ་ནི་འཆི་བར་བྱེད་པའི་འདྲེན་པ་དང་། ཟས་དང་ཟང་ཟིང་དང་ཕན་འདོགས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེའི་ཕྱིར་ཉོན་མོངས་པ་མ་སྤངས་པ་ལ་ནི་སྐྱེ་བ་དང་འཆི་བ་རྙེད་སླ་བ་ཡིན་ནོ། །སྡིག་པའི་རྩ་བ་ནི་སྡིག་པ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་བདུད་ཀྱི་ཟས་ཏེ་ཇི་སྐད་ [146a.3]དུ་བསྟན་པ། གང་དུ་འདོད་པ་དེ་ན་འཆི་བ་ཡོད། །གང་དུ་ཟས་ཡོད་དེ་ན་བྱ་རྒོད་ལྟུང་། །ཞེས་གཞན་དག་ཟེར་རོ། །སྤང་དཀའ་ཞེས་བྱ་བ་ནི་འདའ་བར་དཀའ་བའོ། །བདག་ཉིད་མ་སྦྱངས་པ་རྣམས་ལ་ནི་ཀུན་དུ་སྦྱོར་བ་རྣམས་སྤང་བར་དཀའ་བ་ཉིད་དུ་བསྟན་པའི་ཕྱིར་འདི་གསུངས་སོ། །བྱིས་པ་རྣམས་ཀྱི་སྡུག་ [146a.4]པའི་དངོས་པོ་ནི་སླུ་བ་ཉིད་དུ་བསྟན་པའི་ཕྱིར། ལེགས་མིན་ལེགས་པའི་ཚུལ་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཨ་མ་ལ་ཀ་ལ་བ་ཞེས་བྱ་བའི་ཤཱཀྱའི་གྲོང་རྡལ་ན་བཞུགས་ཏེ། དེའི་ཚེ་སུ་པྲ་བེ་ཤ་ཀྲོ་ཏ་ཞེས་བྱ་བའི་བུ་མོ་དེ་ལས་ཁྱེའུ་ཞིག་བཙས་སོ། །དེ་ནས་ཡང་ཨ་མ་ [146a.5]ལ་ཀ་ལ་བ་ཞེས་བྱ་བ་ན་གནས་པའི་ལྷ་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་གསོལ་བ། བཙུན་པ་སུ་པྲ་བེེ་ཤ་ཀྲོ་ཏ་ཞེས་བྱ་བའི་བུ་མོ་དེ་ལས་ཁྱེའུ་ཞིག་བཙས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྷ་དེ་ནི་མ་ལེགས་ཏེ་ཤིན་ཏུ་ཡང་མ་ལེགས་སོ། །ལྷ་དེས་གསོལ་བ། འཇིག་རྟེན་ན་ནི་བུ་ [146a.6]སྐྱེས་བདེ་ཞེས་བརྗོད། །བུ་སྐྱེས་ན་ནི་ཡིད་ཀྱང་ཤིན་ཏུ་དགའ། །ཕ་མ་རྒས་ན་གསོ་བར་བྱེད་ཡིན་ན། །ཅི་ཕྱིར་ཁྱོད་ནི་ལེགས་པ་མིན་ཞེས་གསུངས། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ལེགས་མིན་ལེགས་པའི་ཚུལ་དང་ནི། །ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ། །སྡུག་པའི་དངོས་པོ་ [146a.7]འདི་དག་ཐམས་ཅད་ནི་ལེགས་པ་མ་ཡིན་ཏེ་གནོད་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང་། སྐྱེ་བོ་དམ་པས་སྨད་པའི་ཕྱིར་རོ། །དེ་ཡང་ལེགས་པའི་ཚུལ་གྱིས་ཏེ་ལེགས་པའི་ཐབས་ཀྱིས་བག་མེད་པའི་སེམས་ཅན་མངོན་པར་འཇོམས་པ་ཡིན་ཏེ། སླུ་བར་བྱེད་པའི་ཆུའི་ཤ་ཟ་བཞིན་ནོ། །སྡུག་པའི་ཚུལ་ [146b] [146b.1]གྱིས་དང་ཞེས་བྱ་བ་ནི་སྡུག་པ་ལྟ་བུའམ་ཡིད་དུ་འོང་བའི་ཚུལ་གྱིས་སོ། །སྡུག་མིན་ཞེས་བྱ་བ་ནི་ཡིད་དུ་མི་འོང་བའི་ཚུལ་གྱིས་སོ། །སྡུག་ཅེས་བྱ་བ་ནི་ཡིད་མི་རྟག་པས་མ་རུང་བར་བྱས་པ་དེ་ལྟ་མོད་ཀྱི་ཁ་ན་མ་ཐོ་བ་མེད་པས་སླུ་བ་ཡིན་ནོ། །སྡུག་བསྔལ་བདེ་བའི་ཚུལ་གྱིས་སུ། །ཞེས་བྱ་བ་ནི་འཁོར་བའི་སྲིད་ [146b.2]པར་བསྡུས་པ་ཐམས་ཅད་སྡུག་བསྔལ་ཞིང་སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པ་ཡིན་ཏེ་ཅི་རིགས་པར་ཡིན་ན་དེ་ལྟ་ཡང་ནན་གྱིས་བདེ་བ་ཉིད་དུ་ཡོངས་སུ་འཛིན་པ་ཡིན་ནོ། །ལེགས་མིན་ལེགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གསུམ་གྱིས་ནི་སྡུག་པ་རྣམས་མི་གཙང་བ་དང་། མི་རྟག་པ་དང་བདག་ [146b.3]མེད་པ་དང་། སྡུག་བསྔལ་བའི་ཚུལ་དུ་ཡོད་པ་ཡིན་ཡང་། དེ་ལྟ་མོད་ཀྱི་གཙང་བ་དང་རྟག་པ་དང་། བདག་དང་བདེ་བ་ཉིད་དུ་ནན་གྱིས་ཕྱིན་ཅི་ལོག་པར་གྱུར་ཏོ་ཞེས་བྱ་བ་ནི་གཞན་དག་ཟེར་རོ། །ཡང་ན་ལྷ་སྦྱིན་གྱིས་བསྟན་པའི་ཚིགས་སུ་བཅད་པ་ལུགས་ལས་བཟློག་པ་ནི་ལན་འདིས་བསྟན་པ་ཡིན་ནོ། ། [146b.4]ཁྱེའུ་དེ་ཆེར་སྐྱེས་པ་དང་ཕ་དང་མ་གསོད་པར་འགྱུར་ཞིང་རིགས་རྒྱུད་ཐམས་ཅད་རླག་པར་བྱེད་པ་དང་། ཉེ་དུའི་རིགས་ཐམས་ཅད་ཀྱང་འཇིག་པར་འགྱུར་ཞིང་ཐམས་ཅད་སྡུག་བསྔལ་ལ་སྦྱོར་བར་བྱེད་པ་ཡིན་ཏེ། དེ་ལྟར་དོན་རྣམ་པ་གསུམ། ལེགས་མིན་ལེགས་པའི་ཚུལ་དང་ནི། །ཞེས་བྱ་བ་ལ་སོགས་པའི་ [146b.5]ཚིག་རྐང་གསུམ་གྱིས་བསྟན་ཏོ། །བག་མེད་རྣམས་ནི་ཞེས་བྱ་བ་ནི་རྨོངས་པ་སྟེ། གང་གི་ཕྱིར་རྨོངས་ན་ནི་བྱ་བ་རྣམས་ལ་བག་མེད་པར་འགྱུར་རོ། །མངོན་དུ་འཇོམས་པ་ནི་ཟིལ་གྱིས་གནོན་པ་སྟེ། ལམ་བཟང་པོ་ཉམས་ཞེས་བྱ་བའི་དོན་ཏོ། །སླུ་བས་འཇིགས་པ་རྣམས་སྡུག་པ་སྤང་བ་ལ་གཟུད་པའི་ཕྱིར་ [146b.6]འདི་གསུངས་སོ། །གཞན་སྡུག་ཅིང་མངོན་པར་འདོད་པ་རྣམས་ནི་ཡལ་བར་དོར་བར་ནུས་ན་བདག་ལ་དགའ་བ་ནི་མི་ནུས་པ་ཡིན་པས་བདག་ལ་ཕན་པར་འདོད་པར་མི་བྱའོ། །ཇི་ལྟར་བདག་ལ་དགའ་བར་བྱ་བ་དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་བདག་ལ་དགའ་བྱེད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། [146b.7]ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གཅིག་པུ་དབེན་པར་སོང་སྟེ་འདི་ལྟ་བུའི་སེམས་ལ་སེམས་ཀྱི་རྟོག་པ་སྐྱེས་སོ། །གང་བདག་ལ་དགའ་བ་འདི་དག་ནི་བདག་ལ་དགའ་བ་མ་ཡིན་ནོ་ཞེས་རྒྱ་ཆེར་སྦྱར་ཏེ། བཅོམ་ལྡན་འདས་དེའི་གན་དུ་གཤེགས་ཏེ། རྒྱལ་པོ་ཆེན་པོ་གང་ལ་ལུས་ཀྱིས་ལེགས་པར་སྤྱད་པ་ [147a] [147a.1]སྤྱོད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དེ་ནི་བདག་ལ་དགའ་བ་ཡིན་ནོ་ཞེས་བྱ་བའི་བར་དུ་སྟེ། དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་ལྔ་གསུངས་སོ། །འཇིགས་སུ་རུང་བའི་ནགས་ན་གཞོན་ནུ་བྱང་ཆུབ་རྒྱལ་པོ་བདག་ལ་དགའ་ཞིང་ངན་ [147a.2]པར་སྤྱོད་པ་དེའི་དབང་དུ་མཛད་པ་ཞེས་སྡེ་པ་གཞན་དག་ཟེར་རོ། །གལ་ཏེ་བདག་ལ་དགའ་བྱེད་ན། །ཞེས་བྱ་བ་ནི་རེ་ཞིག་མཁས་པས་ནི་བདག་མི་རྟག་པ་ཡིན་པའི་ཕྱིར་དགའ་བར་མི་བྱའོ། །གལ་ཏེ་གང་ཞིག་བདག་གི་ལ་བདག་གི་དངོས་པོར་དགའ་བར་བྱེད་པར་འདོད་ན་ནི་འདི་ནི་མི་བྱའོ་ཞེས་པ་སྟེ་ [147a.3]བདག་ཉིད་དོ། །སྡིག་ལ་གཞུག་པར་བྱས་པ་ནི་ངན་པར་སྤྱོད་པ་ལ་འཇུག་པའོ། །གང་ཡང་བདག་ཉིད་ཀྱིས་ལུས་ལ་སོགས་པའི་ངན་པར་སྤྱོད་པ་དེ་དག་ལས་བཟློག་པ་དེ་ནི་བདག་ལ་དགའ་བར་གནས་པ་ཡིན་ཏེ། དེ་སྡུག་བསྔལ་གྱི་རྒྱུ་སྤོང་བའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་བྱེད་དུ་གཞུག་པ་ཡིན་ཞེ་ན། [147a.4]བདེ་བླག་ཁོ་ནར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བདག་ཉིད་ལ་ཕན་པར་འདོད་པས་བདེ་བ་ནི་བདེ་བླག་ཏུ་མི་འཐོབ་ཅིང་ལེགས་པ་མི་རྙེད་དོ། །གང་དག་གིས་ཤེ་ན། ཉེས་པར་བྱེད་པས་ཞེས་བྱ་བ་སྨོས་ཏེ། སྡིག་པ་བྱེད་པའི་སེམས་ཅན་རྣམས་ནི་མེའི་ནང་དུ་འཇུག་པ་ལ་གྲང་ཞིང་སྤུ་ལྡང་བ་ལ་སོགས་པ་ [147a.5]མི་འབྱུང་བ་བཞིན་ནོ། །ནག་པོའི་ཕྱོགས་བསྟན་ནས་དཀར་པོའི་ཕྱོགས་བསྟན་པའི་ཕྱིར། གལ་ཏེ་བདག་ལ་དགའ་བྱེད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་དག་ནི་གང་གི་ཕྱིར་བདེ་བླག་ཁོ་ནར་ཐོབ་པ་ཡིན་ནོ། །ལེགས་པར་བྱེད་པས་ཞེས་བྱ་བ་ནི་ལེགས་པར་སྤྱོད་པ་སྟེ། གང་དག་རྒྱུན་མི་འཆད་ [147a.6]པར་ལེགས་པར་སྤྱད་པ་སྤྱོད་པ་དེ་དག་གིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་བདེ་བླག་ཏུ་འཐོབ་པ་ཡིན་པས་ལེགས་པར་སྤྱོད་པ་ནི་བདེ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཡིན་ཏེ། ཇི་སྐད་དུ་གསུངས་པ། དགེ་སློང་དག་བསོད་ནམས་དག་ལས་འཇིགས་པར་མ་བྱེད་ཅིག །དེ་ཅིའི་ [147a.7]ཕྱིར་ཞེ་ན། འདི་ནི་བདེ་བ་ཞེས་བྱ་བའི་ཚིག་བླ་དྭགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་སོ། །འདི་ནི་སྡིག་ལ་གཞུག་མི་བྱ། །ཞེས་བྱ་བ་ལ། གཞུག་པ་ཞེས་བྱ་བའི་སྒྲའི་དོན་ནི་རྣམ་པ་གཉིས་ཏེ། ལྡོག་པ་དང་འཇུག་པའི་མཚན་ཉིད་ཀྱིས་སོ། །དེ་ལ་རེ་ཞིག་ལྡོག་པའི་མཚན་ཉིད་རྣམ་པར་ [147b] [147b.1]དབྱེ་བའི་ཕྱིར། །དཔེར་ན་དགོན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་བསྲུང་བས་ཞེས་བྱ་བ་ནི་བདག་ཉིད་སྡིག་པ་ལས་བཟློག་པས་བསྲུང་བར་བྱ་བ་ཡིན་ཏེ། འདི་ནི་བཟློག་པའི་སྒྲ་ལ་འཇུག་སྟེ། དཔེར་ན་ནས་དག་ལས་གླང་སྲུངས་ཤིག་ཅེས་བྱ་བ་ནི་བཟློག་པའི་དོན་ཏོ། །ཇི་ལྟར་བསྲུངས་ [147b.2]པ་ཡིན་ཞེ་ན། ལེགས་པར་བསྲུང་ཞེས་བྱ་བ་སྨོས་ཏེ། འདི་ནི་བྱ་བའི་བྱེ་བྲག་ཡིན་ཏེ། འདི་བཟང་པོར་བསྲུང་བའི་ལས་སོ། །ཤིན་ཏུ་བསྟན་པར་བྱ་ཞེས་བྱ་བའི་དོན་ཏེ། ཇི་ལྟར་ལེགས་པར་བསྲུང་བར་འགྱུར་བ་དེ་ལྟར་བདག་བསྲུང་བར་བྱའོ། །ཇི་ལྟ་བུར་བསྲུང་བར་བྱ་ཞེ་ན། དགོན་པའི་གྲོང་ཁྱེར་ལྟ་ [147b.3]བུར་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ཐག་རིང་བའི་ཕྱོགས་གང་ཡིན་པ་དེ་ནི་དགོན་པ་སྟེ། ཡུལ་ཕྱོགས་མི་མཉམ་པ་ཐག་རིང་བའོ། །གྲོང་ཁྱེར་ཞེས་བྱ་བ་ནི་དགྲ་སེང་གེ་ལྟ་བུས་བབ་ཅོལ་དུ་བཟར་མི་འདོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ། །དགོན་པ་ཡང་ཡིན་ལ་གྲོང་ཁྱེར་ཡང་ཡིན་ཞེས་བྱ་བ་ནི་ [147b.4]ལས་འཛིན་པའི་བསྡུ་བའོ། །རི་ལ་སོགས་པའི་གནས་མི་མཉམ་པའི་ཕྱོགས་ན་གནས་པ་སྟེ། རྫོང་ཞེས་བྱ་བའི་དོན་ཏོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། འོབས་ཀྱིས་བསྐོར་བ་ལྟར་ཞེས་བྱ་བ་སྨོས་ཏེ། བརྐོས་པའི་འོབས་ཀྱིས་བསྐོར་བའི་གྲོང་ཁྱེར་གང་ཡིན་པ་དེ་ཉིད་དེ། འོབས་ཟབ་པ་ཞེས་བྱ་ [147b.5]བའི་བར་དུའོ། །ཇི་སྐད་དུ་བཤད་པ། རྒྱལ་པོའི་དགོན་པའི་གྲོང་ཁྱེར་དུ་ནི་འོབས་བརྐོ་བར་འགྱུར་བ་ཡིན་ཏེ། ཤིན་ཏུ་ཟབ་པར་བརྐོ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །དེར་སོགས་པའི་སྒྲ་ནི་བསྐང་བར་བྱ་བ་ཡིན་ཏེ། དེ་ཡང་མདུང་དང་ཡིད་ཆེས་པའི་མི་དག་དང་། མཚོན་དང་ [147b.6]ཟས་ལ་སོགས་པ་ཡོངས་སུ་གཟུང་ངོ་། །གང་གི་ཚེ་དགོན་པའི་གྲོང་ཁྱེར་ལ་འོབས་རྣམ་པ་བདུན་གྱིས་བསྐོར་ཅིང་ཟས་རྣམ་པ་བཞི་ཅི་འདོད་པ་རྙེད་པ་དེ་ལ་ནི་ཕ་རོལ་གྱི་ཕྱིར་རྒོལ་བ་རྣམས་ཀྱིས་བགྲོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །བསྟན་པ་ཞེས་བྱ་བ་ནི་དེ་བཞིན་དུ་སྐྱེ་བོ་མཛའ་ [147b.7]བཤེས་དང་ལྡན་པའི་ཕྱིར་ཏེ། གང་གི་ཕྱིར་གྲོང་ཁྱེར་གྱི་སྐྱེ་བོ་ནི་མེད་དེ། དེས་ནི་འཁུ་ཞིང་འབྱེད་པའི་ཕྱིར་རྫོང་བསྲུང་དཀའ་བར་འགྱུར་རོ། །དཔེར་ན་རྒྱལ་པོས་གྲོང་ཁྱེར་དེ་དགྲ་དག་ལས་བསྲུངས་པས་ཅི་ནས་ཀྱང་ཕྱི་རོལ་གྱི་ཕྱིར་རྒོལ་བ་རྣམས་ཀྱིས་བགྲོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ། [148a] [148a.1]བདག་ལ་ཕན་པར་འདོད་པའི་སྐྱེ་བོས་བདག་དང་བདག་གི་བསྲུང་བར་བྱ་སྟེ། དེ་ལྟར་ངན་པར་སྤྱོད་པ་དག་ལ་ཇི་ལྟར་སྡིག་པ་ལས་མ་གོས་ཤིང་ཉམས་པར་མི་འགྱུར་བ་དེ་ལྟར་བྱ་སྟེ། ཇི་སྐད་དུ་གསུངས་པ། དད་པའི་མཚོན་དང་ལྡན་པའི་འཕགས་པའི་ཉན་ཐོས་ཀྱིས་ནི་ [148a.2]མི་དགེ་བ་སྤོང་བར་འགྱུར་ཞེས་རྒྱ་ཆེར་བཤད་དོ། །ཇི་ལྟར་རྟག་ཏུ་འདི་དག་བསྲུང་བར་ནུས་ཤེ་ན། གལ་ཏེ་བདག་ལ་དགའ་བྱེད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉིན་པར་རམ་མཚན་མོ་ཆ་གསུམ་དུ་བགོས་པ་ནི་ཐུན་ཏེ། དེའི་གསུམ་ནི་ཐུན་གསུམ་མོ། །དེ་ལས་གང་ཡང་རུང་བ་ཅིག་ནི་ཐུན་གཅིག་ [148a.3]སྟེ། དེ་ཙམ་གྱི་དུས་ལའོ། །མཁས་པ་ནི་རྟོག་པའོ། །མེལ་ཙེ་བྱ་བ་ཡིས་ཞེས་བྱ་བའི་ཁྱད་པར་དུ་དགེ་བ་དག་ལ་བརྩོན་པར་བྱ་བ་སྟེ། ཇི་སྐད་དུ་བཤད་པ། དོན་མེད་པའི་ཉི་མ་མི་བྱ་སྟེ། བསོད་ནམས་ནི་ཆུང་བ་མ་ཡིན་ཡང་ཉུང་ངུ་ཉུང་ངུས་བསྟེན་ན་ནི་དེ་བསགས་པའི་ཕུན་སུམ་ཚོགས་པས། གྲོག་ [148a.4]མཁར་ལྟ་བུར་དེ་བསགས་པར་འགྱུར་ཞིང་དེ་དང་མཐུན་པའི་དངོས་པོ་དེའི་མངོན་པར་དགའ་བའི་ཕུན་སུམ་ཚོགས་པར་འགྱུར་རོ། །འཇུག་པའི་མཚན་ཉིད་ཀྱི་སྦྱོར་བ་སྨྲས་པ། གལ་ཏེ་བདག་ལ་དགའ་བྱེད་ན། །ཞེས་བྱ་བའི་དོན་ནི་བསྟན་ཟིན་ཏོ། །འདི་ནི་སྦ་བས་ཞེས་བྱ་བ་ནི་བདག་ཉིད་སྦ་བ་སྟེ། [148a.5]གང་གི་ཕྱིར་ལེགས་པར་སྤྱོད་པ་ལ་འཇུག་པས་ནི་བདག་བསྲུང་བར་འགྱུར་ཏེ། ཇི་སྐད་དུ་གླང་པོ་ཆེ་དྲེགས་པ་མུར་འགྲམ་གྱི་ཕྱོགས་སུ་རྡུལ་འབྱུང་བའི་སྟོབས་ཀྱིས་ཨན་ཛ་ནའི་རི་འཇོམས་པར་བྱེད་པ་དང་། འཕངས་གློ་བ་ཉེ་བ་རྣམས་ཀྱིས་ལག་པ་ན་མདུང་དང་མདུང་ཐུང་དང་མཚོན་ཆ་ཐོགས་པ་ [148a.6]རྣམས་ཀྱིས་ཀྱང་གཡུལ་ངོར་འཇུག་པ་ལས་མི་རྣམས་བསྲུང་བར་མི་ནུས་སོ། །གང་གཡུལ་དང་འཐབ་མོ་དང་འཐབ་མོ་མ་ཡིན་པ་དག་ཏུ་ཡང་བསོད་ནམས་ཀྱི་ཚོགས་བསགས་པས་ནི་སྲུང་བར་བྱེད་དོ། །ཇི་ལྟར་སྦ་བ་ཡིན་ཞེ་ན། ལེགས་པར་སྦ་བ་ཞེས་སྨྲས་ཏེ། ལེགས་པར་སྦ་བ་ནི་འདི་ལྟ་བུ་ཡིན་ [148a.7]ཏེ། འདིར་དཔེ་བརྗོད་པ་སྨྲས་པ། དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །སྲུང་བར་བྱེད་པ་ལྟར་ཞེས་བྱ་བ་ནི་ལེགས་པར་སྐྱོང་བའོ། །ཕྱི་ནི་ཕྱི་རོལ་གྱི་འོབས་ཀྱི་ཨི་ཤི་ཀ་ལ་སོགས་པའི་ཡོ་བྱད་དོ། །ནང་ཞེས་བྱ་བ་ནི་ནང་རོལ་གྱི་སྒོ་སྲུང་བ་སྟེ། དཔེར་ན་དགོན་པའི་གྲོང་ཁྱེར་ལ་རྒྱལ་པོས་ཕྱི་ནང་གི་ཡོ་ [148b] [148b.1]བྱད་ཐམས་ཅད་ཀྱིས་ལེགས་པར་བསྲུངས་ན། ཕྱིར་རྒོལ་བ་རྣམས་ཀྱིས་དེ་འཕྲོགས་པར་མི་འགྱུར་རོ། །དེ་བཞིན་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་ཕྱི་རོལ་གྱི་སྲོག་གཅོད་པ་སྤོང་བ་དང་། ནང་གི་བསྒོམ་པ་ལ་སོགས་པས་བདག་ལེགས་པར་བསྲུང་བར་འགྱུར་ཏེ། དེ་ལེགས་པར་བསྲུངས་པས་ [148b.2]ནི། བདུད་ཀྱིས་མི་འཕྲོགས་པར་འགྱུར་རོ། །དེ་ལྟར་ན་བདག་རིམ་གྱིས་བསྲུང་བར་འགྱུར་རོ། །དེ་ལྟར་བསྲུང་བར་བྱ་ཞེས་བྱ་བ་ནི་དེ་ལྟར་མྱུར་དུ་བདག་བསྲུང་བར་བྱ་བའོ། །ཇི་ལྟར་ཡང་། དལ་འབྱོར་ཆུད་ནི་མི་ཟོས་པར། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་འབྱུང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང་མིར་ [148b.3]སྐྱེ་བ་ནི་དལ་བ་སྟེ། དེ་ཁྱོད་ཀྱིས་ཆུད་མ་ཟོས་ཤིང་མ་འདས་པ་དང་དོན་མེད་པར་མ་བྱེད་ཅིག་པའོ། །དེ་ལས་འདས་པའི་ཉེས་དམིགས་སྨྲས་པ། དལ་འབྱོར་ཐལ་བས་ཞེས་བྱ་བ་ཡིན་ཏེ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་དལ་བའི་དལ་འབྱོར་ལས་ཐལ་ཞིང་འདས་པ་སྟེ། ཉམས་པའི་མཚན་ཉིད་ཅེས་བྱ་ [148b.4]བའི་དོན་ཏོ། །བས་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་པའོ། །འགྱོད་པར་འོང་ཞེས་བྱ་བ་ནི་མྱ་ངན་བྱེད་པར་འགྱུར་བའོ། །གང་དུ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བར་ཞེས་བྱ་བ་སྟེ། ཡང་སོས་ལ་སོགས་པ་དག་ཏུའོ། །སྐྱེ་བ་ནི་འབྱུང་བའོ། །འདི་ལྟར་གང་དལ་བ་ཕུན་སུམ་ཚོགས་པ་དོན་མེད་པར་ [148b.5]བྱས་ཤིང་འདས་པ་དེས་དམྱལ་བར་འགྱུར་རོ་ཞེས་མྱ་ངན་བྱེད་ཅིང་སྡུག་བསྔལ་གྱིས་གདུངས་བཞིན་དུ་བདག་གིས་ནི་ངན་པར་སྤྱད་པ་བྱས་ཤིང་བསགས་པས་འདིར་ལྷུང་ངོ་ཞེས་སོ། །དེ་བས་ན་ཇི་ལྟར་དལ་བ་ལས་ཐལ་བར་མི་འགྱུར་བ་དེ་ལྟར་བྱའོ། །བསྲུང་བ་དང་སྦ་བའི་ཁྱད་པར་བསྟན་པའི་ཕྱིར་སྨྲས་པ། [148b.6]འདི་གཉིས་ནི་ཐ་དད་པ་མ་ཡིན་ཏེ། གདུལ་བ་ཉེ་བར་འོངས་པ་དག་ལ་དེའི་སྒྲ་བསྒྲུབ་ཅིང་ཕན་གདགས་པའི་ཕྱིར་གཉི་ག་གསུངས་སོ། །ཡང་ན་སྡིག་པ་ལ་འཇུག་པ་དག་བཟློག་པ་ནི་བསྲུང་བའོ། །དགེ་བ་ལ་འཇུག་པ་དག་ནི་སྦ་བའོ། །ཕྱིར་རོལ་གྱི་གནོད་པ་དག་ལས་བསྲུང་བ་དང་། ནང་དག་ཏུ་སྦ་བ་ཞེས་ [148b.7]བྱ་བ་ལ་སོགས་པས་སོ། །བདག་ཉིད་སྡུག་པར་བྱེད་པ་མི་ཤེས་པ་དེ་དག་ལ་བདག་ཉིད་སྡུག་པར་བྱེད་པའི་རང་གི་ངོ་བོ་བསྟན་པས་དེ་ལ་གཞུག་པའི་ཕྱིར་འདི་གསུངས་སོ། །བདག་དང་གཞན་བསྲུང་བའམ་སྦ་བར་ནི་སུ་ཞིག་གིས་ནུས་ཞེས་པ་དང་། གང་མི་འཚེ་བ་ཞེས་སྨོས་ཏེ། སུ་ཞིག་མི་འཚེ་བ་ [149a] [149a.1]ལ་སྟོད་པར་བྱེད་ཅེས་པ་ལ་བསྟན་པའི་ཕྱིར། ཕྱོགས་རྣམས་ཀུན་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་བཙུན་མོ་ཕྲེང་ལྡན་མས་བཅོམ་ལྡན་འདས་སྤྱན་དྲངས་པ་དེའི་ཚེ་བདག་ཉིད་ཀྱི་ལག་བཙུགས་ཤིང་ཚད་མང་དུ་གཡོས་བྱ་བ་ལས་རྒྱལ་པོ་འདིའི་ཆུང་མ་འགྲན་ [149a.2]ཟླ་ཞིག་ཡོད་པས་འདིའི་དོན་བྱེད་ཅིང་འདི་ལ་དགའ་བོ་ཞེས་ཕྲ་མ་བྱས་སོ། །དེ་ནས་རྒྱལ་པོ་དེ་འཁྲུགས་ནས། རལ་གྱི་རྣོན་པོ་ཤུབས་ནས་ཕྱུང་སྟེ་བཙུན་མོ་ཕྲེང་ལྡན་མ་ལ་བསྡིགས་ནས་འཇིག་རྟེན་ན་ཁྱོད་ལ་ཆེས་སྡུག་པ་གང་ཡིན་སྨྲོས་ཤིག་ཅེས་བྱས་སོ། །དེ་བག་ཚ་བ་མེད་པར་བདག་ཉིད་ཡིན་ནོ་ཞེས་སྨྲས་སོ། ། [149a.3]དེ་ལྟ་བུའི་གནས་སྐབས་ལས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །གཞན་དག་ནི་དྲུག་སྡེས་དགེ་སློང་རྣམས་ལ་རྒྱུན་དུ་རྣམ་པར་འཚེ་བ་བྱས་པས་དེའི་དབང་དུ་མཛད་དོ་ཞེས་ཟེར་རོ། །ཕྱོགས་རྣམས་ཀུན་དུ་ཞེས་བྱ་བ་ནི་ཕྱོགས་ཀྱི་དབྱེ་བ་མ་ལུས་པ་སྟེ་ཕྱོགས་མཐའ་དག་གོ། ། [149a.4]ཡོངས་བརྟགས་ཀྱང་ཞེས་བྱ་བ་ནི་བརྟགས་ཤིང་བཙལ་ཀྱང་ངོ་། །སེམས་ཞེས་བྱ་བ་ནི་བློས་སོ། །ཀྱང་གི་སྒྲ་ནི་ངེས་པར་གཟུང་བ་དང་། རིམ་པ་གཞན་དུ་སྦྱར་བའོ། །མ་མཐོང་ན་ཞེས་བྱ་བ་ནི་དེ་ཉིད་མ་དམིགས་པ་ཞེས་བྱ་བའི་དོན་ཏོ། །ཆེས་སྡུག་ཅེས་བྱ་བ་ནི་ཆེས་འདོད་པའོ། །ག་ལས་ཤེ་ན། བདག་ [149a.5]ལས་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ལས་ཏེ། བདག་དང་མཉམ་པར་སྡུག་པ་ནི་མེད་དོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་ནོ། །ཇི་ལྟར་སེམས་ཅན་གཅིག་བདག་ཉིད་ལ་དགའ་བ་ལྟར་ནི་གཞན་ལ་ཆེས་དགའ་བ་གང་ཡང་ཅུང་ཟད་མེད་དོ། །དེ་བཞིན་དུ་བདག་དང་གཞན་དག་བདག་ [149a.6]ལ་སོ་སོར་སྡུག་པ་ཉིད་དོ། །སོ་སོ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་འགྲོ་བ་སྟེ། སྐྱེ་བ་དང་ཕྱོགས་དང་སྐྱེ་གནས་སོ། །གཞན་ལ་ཞེས་བྱ་བ་སྲོག་ཆགས་གཞན་དག་ཀྱང་བདག་ཉིད་བཞིན་དུ་སྡུག་པ་ཡིན་ནོ་ཞེས་ཤེས་པར་བྱ་སྟེ། ཇི་སྐད་དུ། བདེ་ལ་གནས་ཤིང་སྡུག་བསྔལ་བྲལ་བ་ནི། སེམས་ཅན་ [149a.7]མཉམ་པར་སེམས་པར་རྟོགས་བྱས་ཏེ། །དེ་བས་བདག་ནི་འདོད་པ་གང་ཡིན་པ། །དེ་ནི་གཞན་དག་ལ་ཡང་སྤྱད་མི་བྱ། །ཞེས་གསུངས་སོ། །དེའི་ཕྱིར་གནོད་མི་བྱ་ཞེས་བྱ་བ་ནི་འཚེ་བ་མི་བྱ་བའོ། །གཞན་ལ་ཞེས་བྱ་བ་ནི་སེམས་ཅན་གཞན་ནོ། །གང་གིས་ཤེ་ན། བདག་གིས་ཞེས་བྱ་བ་སྨྲས་ཏེ། [149b] [149b.1]བདག་ལ་ཕན་པར་འདོད་པ་སྟེ། གང་བདག་ལ་སྡུག་པར་བྱེད་པར་འདོད་པ་དེས་ནི་གཞན་ལ་གནོད་པར་མི་བྱའོ་ཞེས་སྟོན་ཏོ། །ཚིགས་སུ་བཅད་པ་སྔ་མའི་དོན་དེ་གསལ་བར་བསྟན་པའི་ཕྱིར་སྨྲས་པ། ཐམས་ཅད་ལ་ཡང་སྲོག་འདི་སྡུག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཆད་པས་འཇིགས་པས་ [149b.2]ན། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་འཇིགས་ཤིང་བག་ཚ་བར་འགྱུར་བའོ། །གང་ལས་ཤེ་ན། ཆད་པས་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སེམས་དང་ལྡན་པ་སུ་ཞིག་གནོད་པས་མི་འཇིགས་པར་འགྱུར། ཅིའི་ཕྱིར་ཞེ་ན། འདི་ལྟར། ཐམས་ཅད་ལ་ཡང་སྲོག་འདི་སྡུག །ཅེས་བྱ་བ་སྨོས་ཏེ། གང་གི་ [149b.3]ཕྱིར་སྲོག་ཆགས་ཐམས་ཅད་ནི་ཚེ་འདི་འདོད་ཅིང་ཡོངས་སུ་མི་གཏོང་བ་ཡིན་ཏེ། དེ་བས་ན་ཐམས་ཅད་སྲོག་ལ་གནོད་པར་བྱེད་པའི་ཆད་པ་ཉིད་ཀྱིས་འཇིགས་པ་ཡིན་ནོ། །དེས་ན་དེའི་ཕྱིར་སྨྲས་པ། རང་གི་ཉམས་ལས་དཔག་བྱས་ཏེ། །ཞེས་བྱ་བ་བདག་རང་ཉིད་ལས་དཔེར་བྱ་བའོ། །བརྡེག་པར་མི་བྱ་ཞེས་བྱ་བ་ནི་ [149b.4]བདག་དང་གཞན་གྱིས་གནོད་ཅིང་འཚེ་བ་མི་བྱ་བའོ། །གསད་མི་བྱ་ཞེས་བྱ་བ་ནི་གཞན་གྱི་ལག་གིས་ཀྱང་། གཞན་བསད་པ་ལ་ནན་ཏན་མི་བྱའོ། །ཡང་བཤད་པ། ཇི་ལྟར་ཧ་ལ་ཧ་ལའི་དུག །རང་ངམ་ཡང་ན་གཞན་གྱིས་ཀྱང་། །བྱིན་ནས་འཆི་བར་འགྱུར་བ་ནི། །བྱེ་བྲག་དག་ནི་མེད་པར་འགྱུར། །ཞེས་ [149b.5]པའོ། །ཆད་པས་འཇིགས་པས་ནི་གཞན་ལ་གནོད་པར་བྱེད་པ་སྟེ། སྲོག་འགག་པར་བྱེད་ཅིང་གསོད་པར་བྱེད་པ་དང་། བརྡེག་པར་མི་བྱ་བ་ཆད་པ་ལ་སོགས་པས་འཚེ་བར་མི་བྱ་བའོ། །འབྱུང་པོ་རྣམས་ལ་གསད་པར་མི་བྱ་ཞིང་གཙེ་བར་མི་བྱ་ཞེས་གཞན་དག་ཟེར་རོ། །བདག་ལ་དགའ་བ་རྣམས་འཚེ་བ་ [149b.6]ལས་བཟློག་པའི་ཕྱིར་འདི་གསུངས་སོ། །བདག་ལ་དགའ་བ་རྣམས་གཞན་ལ་གང་གིས་ཀྱང་མི་འཚེ་བ་དེ་ལ་བསོད་ནམས་དཔག་ཏུ་མེད་པ་འབྱུང་བར་མཁས་པ་རྣམས་ཀྱིས་བཤད་ཅིང་། འཚེ་བ་མེད་པས་མི་འཚེ་བ་ཉིད་ནི་དོན་དམ་པར་བསོད་ནམས་དེ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། དགེ་ལ་ལྷ་རྣམས་ [149b.7]ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་སྨོས་སོ། །མཉན་ཡོད་ཀྱི་གནས་ཆེན་པོ་ཞིག་ན་ནོར་ཆེན་པོ་དང་ལྡན་པའི་ཁྱིམ་བདག་ཅིག་ཤི་བའི་དུས་བྱས་པ་ལས། རྒྱལ་པོ་གསལ་རྒྱལ་གྱིས་ཉེ་བར་ཕྱིན་ཏེ། སྐྱེས་བུ་དམ་པ་ཆེན་པོ་རྒྱལ་པོ་ཆེན་པོས་ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་པ་ནི། བདག་ [150a] [150a.1]ཉིད་ཀྱིས་ཡང་དག་པར་བདེ་བས་དགའ་བ་མེད་དོ་ཞེས་རྒྱ་ཆེར་སྔོན་གྱི་སྦྱོར་བ་ཏ་ག་ར་ཤི་ཁི་ཞེས་བྱ་བའི་རང་སངས་རྒྱས་ལ་གུས་པར་བྱས་ཏེ། བསོད་སྙོམས་ཅིག་སྦྱིན་པ་བྱས་ནས། དམྱལ་བ་ངུ་འབོད་ཆེན་པོའི་སྐྱེ་བའི་ཆོས་བཤད་དེ་ཞེས་རྒྱ་ཆེར་རོ། །ཇི་ཙམ་ན་རྒྱལ་པོ་ [150a.2]གསལ་རྒྱལ་མཆི་མ་ཕྱུང་སྟེ། གོས་ཀྱི་མཐའ་མས་ཕྱི་ཞིང་བཅོམ་ལྡན་འདས་ལ་ནོར་དང་འབྲུ་དང་ས་ལེ་སྦྲམ་ལ་སོགས་པས་ནི་བགྱི་བ་ཅི་ཡང་མ་མཆིས་སོ་ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉི་གར་ཡང་བསོད་ནམས་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ནི་ཀུན་དགའ་ [150a.3]བོས་ཅི་བཙུན་པ་དྲང་སྲོང་སྨྲ་བ་དག་ཏུ་ལྷ་ལ་སོགས་པ་ཅུང་ཟད་འཇིག་རྟེན་གཉི་གར་ཡང་ཕན་པ་བྱེད་པ་ཡིན་ནོ་ཞེས་ཞུས་པ་དེའི་དབང་དུ་མཛད་པ་ཡིན་ནོ་ཞེས་ཟེར་རོ། །དགེ་བ་ནི་ལུས་ལ་སོགས་པའི་ལེགས་པར་སྤྱད་པ་སྤྱོད་པའི་སྐྱེས་བུས་རིགས་པས་འོངས་པའི་ཕུན་སུམ་ཚོགས་པ་རྣམས་ཞེས་བྱ་བ་ནི་དེའི་ངེས་ [150a.4]པའི་ཚིག་གོ། །ལྷ་རྣམས་སྟོད་པར་བྱེད་པ་ནི་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷ་རྣམས་དགེ་བ་ཉིད་ལ་བསྔགས་པ་བརྗོད་པ་ཡིན་ཏེ། བ་རི་ཛ་ཏ་ཀའི་མདོ་ལས་དགེ་སློང་དག་ཚེས་བརྒྱད་དང་། ཟླ་བ་ཕྱེད་ཅེས་བྱ་བ་ལ་སོགས་པ་འདིར་དཔེར་བརྗོད་པར་བྱའོ། །གང་ཞིག་ལེགས་སྤྱད་སྤྱོད་བྱེད་པའི། །ཞེས་བྱ་བ་ [150a.5]ལ། གང་ཞིག་ནི་གང་ཟག་གོ། །ལེགས་སྤྱོད་ཅེས་བྱ་བ་ནི་བསོད་ནམས་ཀྱི་ཚུལ་ལྷག་པར་སྤྱོད་པ་སྟེ། དགེ་བ་བྱེད་པ་དེ་ལ་གཞན་ཡང་བསྔགས་པ་སྨྲ་བ་ཡིན་ནོ། །དེ་ལྟར་ན་མི་རྣམས་ཀྱི་ཕར་འཛིན་པ་དང་། མར་འཛིན་པ་དང་། ཇི་སྲིད་དུ་ལྷའི་ལུས་མངོན་པར་བསྐྱེད་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་ [150a.6]ཚིག་གིས་སོ། །ཡང་ན་དགེ་བ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ཀྱིས་ལེགས་པར་སྤྱད་པ་ནི་ཐུན་མོང་དུ་འགྱུར་བའོ། །འདིར་བསོད་སྙོམས་ཀྱི་འབྲས་བུ་ལེགས་པར་སྤྱོད་པར་བྱེད་པ་ཉི་ཚེ་ཙམ་དུ་མ་ཟད་དེ། ཡང་འདི་ནའང་ཞེས་བྱ་བ་ནི་མཐོང་བའི་ཆོས་ཉིད་ལའོ། །སྨད་པར་མི་འགྱུར་ལ་ཞེས་བྱ་བ་ནི་དགའ་ཞིང་ [150a.7]རངས་པ་རྒྱ་ཆེ་བ་སྐྱེ་བར་འགྱུར་བ་སྟེ། སྐྱེ་བོ་ཐམས་ཅད་དགའ་བར་བྱེད་པའི་ཕྱིར་དང་། སྐྱེ་བོ་དམ་པ་རྣམས་ཀྱིས་བསྔགས་པའི་ཕྱིར་དང་། འཁོར་བར་མི་འཁོར་བ་ལ་སོགས་པའི་ཁྱད་པར་དང་ལྡན་པའོ། །ཡང་ན་སྨད་པར་མི་འགྱུར་བ་ཞེས་བྱ་བ་ནི་མི་རྣམས་སུའོ། །མཐོ་རིས་སུ་ཡང་དགའ་བ་འཐོབ། ཅེས་ [150b] [150b.1]བྱ་བ་ནི་ཤི་ནས་འཇིག་རྟེན་ཕ་རོལ་ཏེ། བདེ་འགྲོ་དག་ཏུ་ཡང་དགའ་བར་འགྱུར་རོ། །ཡང་གི་སྒྲ་ནི་བསོད་ནམས་བྱེད་པ་རྣམས་འདི་དང་། ཕ་རོལ་གཉི་གར་ཡང་བདེ་བ་དང་འབྲེལ་བ་ཉིད་དུ་སྟོན་ཏོ། །ཇི་ལྟར་བསོད་ནམས་བྱེད་པ་འཇིག་རྟེན་ཕ་རོལ་དུ་དགའ་བར་འགྱུར་ཞེ་ན། རྒྱང་ཐག་བཅད་ [150b.2]པར་སྤྱུགས་པའི་མི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུན་རིང་པོའི་དུས་སུ་བསྐྲད་པའི་ཚུལ་འདི་ལ་ཡོད་པ་ནི་རྒྱང་ཐག་ཆད་པར་སྤྱུགས་པ་སྟེ་ཡུལ་ཕྱོགས་གཞན་དག་ཏུའོ། །མི་ནི་བུ་ལ་སོགས་པའི་ཚུལ་གྱི་སེམས་ཅན་ནོ། །རིང་ནས་ཞེས་བྱ་བ་ནི་ཡུལ་ཐག་རིང་བ་ནས་སོ། །ཉེ་ཞོ་མེད་འོངས་ན་ [150b.3]ཞེས་བྱ་བ་ནི་བདེ་བར་བསྡོགས་པ་དང་བཅས་པར་དེ་འོངས་པར་མཐོང་བའོ། །གཉེན་ནི་ཕ་དང་མ་ལ་སོགས་པའོ། །བཤེས་ནི་ཆུང་མ་དང་བུ་ལ་སོགས་པའོ། །མཛའ་བོ་ནི་གྲོགས་པོ་ལ་སོགས་པའོ། །མངོན་པར་དགའ་ཞེས་བྱ་བ་ནི་ལྷག་པར་མགུ་བའོ། །ཇི་ལྟར་མངོན་པར་དགའ་བ་ཡིན་ཞེ་ན། ཨ་ལ་ལ་ [150b.4]ཞེས་བྱ་བ་སྨོས་ཏེ། ཨ་ལ་ལ་ནི་དགའ་བའམ་ཡང་ན་ངོ་མཚར་ཏོ། །ཨེ་མའོ་བྱ་བ་ཤིན་ཏུ་བཟང་ཞིང་ཆེ་བ་གྲུབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དཔེ་བསྟན་ནས་དེས་བསྒྲུབ་པར་བྱ་བའི་དོན་སྨྲས་པ། དེ་བཞིན་བསོད་ནམས་བྱས་པའི་མི། །ཞེས་བྱ་བ་སྟེ། གང་ཟག་གང་གིས་བསོད་ནམས་ཀྱི་ཚོགས་ཡང་ [150b.5]དག་པར་བསགས་ཤིང་ལྷག་པར་སྩོགས་པའོ། །དེ་བཞིན་དུ་འཇིག་རྟེན་འདི་ནས་ཞེས་བྱ་བ་འདི་ལྟར་རིས་མཐུན་པ་ལས་སོ། །ཕ་རོལ་ཕྱིན་ཚེ་ཞེས་བྱ་བ་ནི་འཇིག་རྟེན་གཞན་འཐོབ་པའོ། །གང་ཞིག་ཅེ་ན། བསོད་ནམས་བསགས་པ་དེ་དག་སྟེ། སྦྱིན་པ་ལ་སོགས་པའི་ལེགས་པར་སྤྱད་པའོ། །མངོན་ [150b.6]པར་དགའ་བར་བྱེད་ཅེས་བྱ་བ་ནི་མངོན་པར་དགའ་བ་ལ་སྦྱོར་བར་བྱེད་པ་སྟེ། དེ་ལ་ཕན་འདོགས་པའི་ཕྱིར་འཇུག་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། སྨྲས་པ། གཉེན་བཞིན་འོངས་ནས་ཞེས་བྱ་བ་སྟེ། གཉེན་སྡུག་པའི་སྐྱེ་བོ་དག་འོངས་པ་བཞིན་དུ་སྟེ། གཉེན་གཞན་དག་གིས་ [150b.7]མཐོང་ན་མངོན་པར་དགའ་བར་བྱེད་པ་དེ་བཞིན་ནོ། །འདིར་དཔེ་རྒྱ་ཆེར་སྔར་བཤད་མོད་ཀྱི། ཕྱིས་འོངས་པ་དང་མདོར་བསྡུས་པ་ལ་དགའ་བའི་གདུལ་བྱ་དག་རྗེས་སུ་གཟུང་བའི་ཕྱིར་མདོར་བསྡུས་ཏེ་ཡང་བསྟན་པའོ། །ཡང་ན་སྔ་མས་ནི་མངོན་པར་དགའ་བའི་དཔེ་བསྟན་ཏོ། །འདིས་ནི་ཕན་འདོགས་པའི་ [151a] [151a.1]བྱ་བ་ཞེས་བྱ་བ་ལ་སོགས་པར་བརྗོད་དོ། །གང་གི་ཕྱིར་དེ་ལྟར་བསོད་ནམས་ནི་ཁྱད་པར་དུ་མཐུ་ཆེ་བ་ཡིན་ཏེ། དེ་བས་ན་འདི་ཉིད་ལ་གཞུག་པའི་ཕྱིར་སྨྲས་པ། དེ་བས་ཞེས་བྱ་བ་ལ་སོགས་པའོ། །དེས་ན་དེའི་ཕྱིར་བསྐྱེད་པ་དང་བསགས་པ་གྱིས་ཤིག་པའོ། །ཅི་ཞིག་ཅེ་ན། [151a.2]བསོད་ནམས་བསགས་པ་ཞེས་བྱ་བ་སྟེ། ལེགས་པར་སྤྱད་པའི་ཚོགས་སོ། །འཇིག་རྟེན་ཕ་རོལ་གྱི་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ཏེ། སྐྱེ་བ་ཕྱི་མའི་ཆེད་དུའོ། །དེར་འབྱུང་བ་ནི་འཇིག་རྟེན་ཕ་རོལ་གྱི་སྟེ། འཇིག་རྟེན་ཕ་རོལ་ལ་ཕན་འདོགས་པར་བྱེད་པའོ། །ཅིའི་ཕྱིར་འཇིག་རྟེན་ཕ་རོལ་གྱི་ཆེད་དུ་ཞེ་ན། [151a.3]སྨྲས་པ། འདི་ལྟར་བསོད་ནམས་འཇིག་རྟེན་ཕ་རོལ་གྱི་ཞེས་བྱ་བ་སྟེ། གང་གི་ཕྱིར་སྦྱིན་པ་ལ་སོགས་པའི་ལེགས་པར་སྤྱོད་པ་དག་རྒྱུད་ལ་ཡོངས་སུ་བསགས་པས་འཇིག་རྟེན་ཕ་རོལ་དུ་སེམས་ཅན་སྲོག་ཆགས་རྣམས་ཀྱི་གནས་དང་རྟེན་དུ་འགྱུར་ཏེ། ཇི་སྐད་དུ་བཤད་པ། འཁོར་བ་ཉམ་ང་བ་དག་ཏུ་སྐྱེ་ [151a.4]ཞིང་འཁོར་བ་ན་འཇིག་རྟེན་པ་རྣམས་ཀྱི་གནས་ཀྱི་མཆོག་ནི་བསོད་ནམས་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །བདེ་བ་འདོད་པ་རྣམས་བསོད་ནམས་བྱ་བ་ལ་བག་མེད་པ་དག་ལ་དེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །གཞན་ཡང་བདག་ཉིད་བསོད་ནམས་མཆོག་ཏུ་བྱེད་པ་ལ་ཡང་སྐྱེ་བོ་ [151a.5]ཐམས་ཅད་དགའ་བར་འགྱུར་ཏེ། དེ་ཉིད་སྨྲས་པ། ཆོས་གནས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་སུན་ད་རི་ཀ་ཞེས་བྱ་བའི་རྒྱལ་པོའི་བུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ། བཙུན་པ་སྐྱེས་བུ་དམ་པ་རྣམས་ཀྱིས་ཅི་ཞིག་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་ཞེས་ཞུས་པ་དང་། རིགས་ཀྱི་ [151a.6]བུ་འདི་ལ་ཆོས་ཀྱིས་འཚོ་བ་བརྟག་པར་བྱའི་ཆོས་མ་ཡིན་པས་ནི་མ་ཡིན་ནོ་ཞེས་རྒྱ་ཆེར་འདི་གསུངས་སོ། །ཆོས་གནས་ཞེས་བྱ་བ་ལ། ཆོས་ནི་སྙིང་རྗེ་སྟེ་འཚེ་བ་མེད་པ་ནི་ཆོས་ཀྱི་མཆོག་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །འཚེ་བ་མེད་པ་ཡང་གཡོ་ལ་སོགས་པ་གཞན་གནོད་པ་བྱེད་པ་ལ་སྙིང་རྗེས་ [151a.7]ལྟ་བར་བྱེད་པའོ། །དེ་ཡང་གསུངས་པ། བདག་ནི་སེམས་ཅན་ལ་བརྩེ་བ། །རྒྱལ་པོ་ཆོས་ནི་མདོར་བསྡུས་ཡིན། །ཞེས་སོ། །དེ་ལ་གནས་པ་ནི་ཆོས་གནས་ཏེ། དེ་སྙིང་རྗེ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། ཚུལ་ཁྲིམས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་ [151b] [151b.1]སྟེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའོ། །ཇི་སྐད་དུ་ཚུལ་ཁྲིམས་འཆལ་བའི་དེའི་རྒྱུ་སྤོང་བ་ནི་དེའི་གཉེན་པོ་བསྟེན་པ་ཡིན་ནོ་ཞེས་གསུངས་ཏེ། དེ་དང་ལྡན་པ་ནི་འདིའི་ཕུན་སུམ་ཚོགས་པ་སྟེ། ཚུལ་ཁྲིམས་མ་ཚང་བ་མེད་པ་དང་ལྡན་པ་དེ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་ [151b.2]པའོ། །ངོ་ཚ་ཤེས་ཤིང་ཞེས་བྱ་བ་ལ། ཡོན་ཏན་དང་ཡོན་ཏན་ཅན་དག་ལ་གུས་པ་ནི་ངོ་ཚའོ། །ཡང་ན་བདག་ཉིད་ལ་མངོན་པར་བརྟགས་ནས་ཉེས་པ་རྣམས་ཀྱིས་འཛེམ་པ་སྟེ། དེ་ནི་ངོ་ཚ་ཞེས་བརྗོད་དེ། དེ་གང་ལ་ཡོད་པ་དེ་ནི་ངོ་ཚ་ཤེས་པའོ། །བདེན་པར་སྨྲ་ཞེས་བྱ་བ་ནི་བདག་དང་གཞན་ལ་གནོད་པ་ [151b.3]སྤངས་པས་དབེན་པར་སྨྲ་བ་སྟེ། བཞི་པོ་འདི་དག་ནི་བདེ་འགྲོར་འགྲོ་བའི་སྐབས་སུ་གྱུར་པ་ཡིན་ནོ། །རང་གི་བྱ་བ་བྱེད་པ་ལ། །ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕན་པ་བྱེད་པའོ། །དམ་པ་ནི་དགེ་བ་སྟེ་གང་གི་ཕྱིར་དགེ་བ་རྣམས་ནི་སྔར་བསྟན་པའི་ཡོན་ཏན་དང་ལྡན་པས་རྟག་ཏུ་བདག་ལ་ཕན་པས་ལེགས་པར་སྤྱོད་ [151b.4]པ་སྟེ། དེ་ལ་ནི་དགྲ་བོ་དག་ཀྱང་དགའ་ཞིང་ཡིད་དུ་འོང་བར་བྱེད་ན། ཐ་མལ་པ་དང་གྲོགས་བཤེས་ལྟ་སྨོས་ཀྱང་ཅི་དགོས། དེ་ཉིད་དུ་བཤད་མ་ཐག་པ་བསྟན་པ་དེ་ཁྱད་པར་དུ་འཕགས་པ་ཡང་དག་པར་བསྟན་པའི་ཕྱིར་སྨྲས་པ། དགའ་འགྱུར་ཞིང་ཞེས་བྱ་སྟེ། གང་གི་ཕྱིར་སྙིང་རྗེ་ལ་སོགས་པའི་ཡོན་ཏན་བཞི་ [151b.5]བསྟེན་པ་དེ་ནི་སྡུག་ཅིང་ཕངས་པར་འགྱུར་རོ། །གང་དག་ལ་ཞེ་ན། སྨྲས་པ། གཞན་རྣམས་ཞེས་བྱ་བ་སྟེ། ལྷ་དང་མི་རྣམས་སོ། །ཇི་སྐད་དུ་གཞུང་གི་དབང་དུ་བྱས་པ་སྟེ། དེ་ལ་ལྷ་བདུན་བརྒྱ་རྒྱ་ཆེ་བའི་ཚངས་པའི་གཞལ་མེད་ཁང་ནས་ཉེ་བར་ཕྱིན་ཏོ་ཞེས་གསུངས་པ་ལྟ་བུའོ། །ཡང་ན་གཞན་ [151b.6]རྣམས་ཞེས་བྱ་བ་ནི་གཞན་སྒྲ་རྣམས་ཀྱང་ཞེས་བྱ་བའི་དོན་ཏོ། །རང་གི་དོན་ནི་བྱེད་པ་ལ། །ཞེས་བྱ་བ་ནི་ཐམས་ཅད་དགའ་བར་འགྱུར་བ་དང་། བདག་ལ་ཕན་འདོགས་པ་སྐྱེད་པར་བྱེད་པ་ཡང་ཡིན་ཏེ། འཇིག་རྟེན་ནི་ལས་བདག་གིར་བྱེད་ཅེས་པའི་ཚིག་གིས་སོ། །མཐོང་བའི་ཆོས་ལ་བསྔགས་པ་དང་། ། [151b.7]ཞེས་བྱ་བ་ནི་ཚེ་འདི་ལ་ཐམས་ཅད་དུ་སྟོད་པར་བྱེད་པའང་ཡིན་ནོ། །ཕ་རོལ་དུ་ཡང་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དུ་ཡང་ངོ་། །བདེ་འགྲོར་འགྲོ་འགྱུར་ཞེས་བྱ་བ་ནི་དམ་པར་འགྲོ་བར་སྐྱེ་བ་ཡོངས་སུ་འཛིན་པ་དེ་ནི་དེ་ལྟ་བུའོ། །ཆོས་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་རེ་རེས་འདིར་མཐོང་བ་དང་། མ་ [152a] [152a.1]མཐོང་བའི་ཕན་ཡོན་བརྗོད་པར་བྱ་སྟེ། གོ་རིམས་བཞིན་ནོ། །གཞན་དག་ནི་ཡོན་ཏན་བཞིའི་ཕན་ཡོན་བཞི་ནི་འདིར་བརྗོད་པར་བྱའོ་ཞེས་ཟེར་རོ། །དགའ་བ་ལ་སོགས་པའི་ཁྱད་པར་འདོད་པ་རྣམས་དེའི་ཐབས་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །འོ་ན་བདག་ཉིད་ [152a.2]ལེགས་པར་སྤྱོད་པ་མཆོག་ཏུ་བྱེད་པར་གྱུར་ཀྱང་གཞན་ལ་ཡང་ནས་ཡང་དུ་བྱ་བ་མ་ཡིན་པ་ལས་ཟློག་པར་བྱེད་པ་ལ་དགའ་བར་འགྱུར་རོ་ཞེ་ན། གཏམས་ན་གནང་བའི་ཚིག་སྨྲ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ། བཅོ་ [152a.3]ལྔ་པའི་གསོ་སྦྱོང་དེ་ཅུང་ཟད་ལུས་པ་དང་། སྡིག་པ་སྤང་བ་དང་ཡོན་ཏན་ལས་བརྩམས་པའི་ཆོས་ཀྱི་གཏམ་སྟོན་ཏོ། །དེ་བཞིན་དུ་གཞན་ཡང་འདི་ལྟ་སྟེ་བརྩོན་འགྲུས་བརྩམས་པ་དང་བག་ཡོད་པ་དང་། བཀའ་བློ་བདེ་བ་དང་། རྒྱ་ཆེར་རོ། །གང་དགེ་སློང་འདི་དག་དེས་ཡོན་ཏན་དང་ལྡན་པ་དང་། དེ་ཡིད་ [152a.4]དགའ་བ་དང་མགུ་བར་གྱུར་ཏོ། །ལྷ་སྦྱིན་འཁོར་དང་བཅས་པ་སྡུག་བསྔལ་ཞིང་ཡིད་མི་བདེ་བས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །གཏམས་ན་ཞེས་བྱ་བ་ནི་རང་ཉིད་ [152a.5]ཚུལ་ཁྲིམས་ལ་སོགས་པའི་ཁྱད་པར་ལ་གནས་ཤིང་གཞན་དག་ཀྱང་དེ་ཉིད་ལ་འཛུད་པ་ནི་གཏམས་པ་སྟེ། འདི་དག་ནི་བྱ་བའོ། །འདི་དག་ནི་བྱ་བ་མ་ཡིན་པའོ་ཞེས་རྗེས་སུ་མཐུན་པའི་ཚུལ་དུ་སྟོན་པའོ། །གནང་བའི་ཚིག་སྨྲ་དང་ཞེས་བྱ་བ་ནི་ཏིང་ངེ་འཛིན་བསྐྱེད་པའི་རིམ་པའི་ཐབས་སྟོན་ [152a.6]ཅིང་ཡིད་ལ་བྱེད་པ་བསྐྱེད་པའི་ཐབས་སྟོན་པ་ནི་གནང་བའི་ཚིག་སྨྲ་བའོ། །མི་རིགས་སྤྱོད་ལས་ཞེས་བྱ་བ་ནི་ཚོགས་པར་རུང་བའི་ཚིག་ནི་བསྔགས་པའོ། །དེ་ལས་བཟློག་པ་ཚོགས་པར་མི་རུང་བ་སྟེ། མི་རིགས་པས་བྱས་པའི་ལས་སོ། །ཇི་སྐད་དུ་གང་མ་བརྟགས་ [152a.7]པ་བརྟེན་པ་དེ་ནི་བཅོལ་ཀྱང་ནན་ཏན་དུ་མི་བྱའོ། །དེ་བས་ན་དེ་ལས་བཟློག་པར་བྱ་སྟེ་གྲགས་པ་མ་ཡིན་པ་ལ་སོགས་པ་སྐྱེད་པར་བྱེད་པས། འདི་ནི་ཡང་སྐྱེ་བར་མི་འགྱུར་བར་ནམ་ཡང་མི་འབད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །དེ་ལྟར་གྱུར་པ་ནི་སྐྱེས་བུ་དམ་པའོ། ། [152b] [152b.1]དམ་པ་མ་ཡིན་དགའ་མི་འགྱུར། །ཞེས་བྱ་བ་ནི་སྡིག་པ་བྱེད་པ་རྣམས་ཞེ་སྡང་བར་འགྱུར་ཏེ། ཉེ་དུ་དག་འཆི་ལྟས་བྱུང་བ་ལྟ་བུ་དང་། ཉི་མའི་འོད་ཟེར་གྱིས་མིག་ལ་གནོད་པ་ལྟ་བུའོ། །དམ་པ་རྣམས་ནི་དགའ་བར་བྱེད། །ཅེས་བྱ་བ་ནི་གང་ཡང་དམ་པ་ནི་མཁས་པ་དག་སྟེ། བདག་ལ་ཕན་ [152b.2]པར་འདོད་པ་དེ་རྣམས་ནི་གཏམས་ན་གནང་བའི་ཚིག་སྨྲ་བའི་ཕ་རོལ་པོ་ལ་བླ་མ་བཞིན་དུ་ཁྱད་པར་དུ་དགའ་བར་འགྱུར་ཏེ། སྟོན་ཀའི་ཟླ་བ་ལྟ་བུའམ། ལུས་ནད་ཀྱིས་གདུང་ཞིང་འདུག་པ་ལ་གློ་བུར་དུ་གྲུབ་པའི་སྨན་པ་ཉེ་བར་འོངས་པ་ལྟ་བུའོ། །འདི་ལྟར་གང་གི་ཕྱིར་དམ་པ་དང་དམ་པ་མ་ཡིན་པ་ [152b.3]ཡང་དག་པར་ཉེ་བར་བསྟན་པས་དགའ་བ་དང་མི་དགའ་བ་ཡིན་ཏེ། དེ་བས་ན་དེའི་ཕན་ཡོན་དང་ཉེས་དམིགས་བསྟན་པའི་ཕྱིར། དེ་བས་མཆོག་དང་མཆོག་མིན་ལ། །ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་མཆོག་མ་ཡིན་པ་ནི་ཕན་པ་བསྟན་པ་ལ་རྨོངས་པའི་ཕྱིར་མི་དགའ་བའོ། །མཆོག་ནི་ཁྱད་པར་ [152b.4]ཤེས་པ་དེས་དགའ་བར་འགྱུར་ཏེ། རྒྱུ་དེའི་ཕྱིར་འདི་ལས་གཉི་ག་འཆི་བའི་ཆོས་ལ་ནི་བྱེ་བྲག་མེད་ཀྱང་ཕ་རོལ་ཏུ་ནི་ཁྱད་པར་དང་ལྡན་པར་འགྱུར་བ་ཡིན་ཏེ། ཤི་འཕོས་བྲལ་བར་གྱུར་པ་ན། །ཞེས་བྱ་བ་སྨོས་ཏེ། ཤི་འཕོས་པ་ནི་ཤི་བའོ། །དེ་རྟོགས་པའི་ཚུལ་གང་ལ་ཡོད་པ་དེ་ཉིད་ནི་འཆི་བར་ [152b.5]རྗེས་སུ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །གཉི་ག་ཡང་འཆི་བའི་ཆོས་ལ་ཡང་བྱེ་བྲག་མེད་དོ་ཞེས་སྒྲུབ་པའི་ཕྱིར་དང་གི་སྒྲའོ། །ཇི་ལྟར་འདི་དག་འཆི་བ་ལ་བྱེ་བྲག་མེད་པ་དེ་བཞིན་དུ། ཇི་ལྟར་སྐྱེད་པར་གྱུར་པ་ན་ཡང་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྨྲས་པ། འདི་ལྟར། དམ་པ་མ་ཡིན་དམྱལ་བར་འགྲོ། ། [152b.6]ཞེས་བྱ་བ་ཡིན་ཏེ། གང་བླ་མ་རྣམས་ཀྱི་གདམས་ངག་ལ་རྗེས་སུ་མི་འཇུག་པ་དེ་ནི་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་རོ། །དམ་པ་མཐོ་རིས་འགྲོ་བར་འགྱུར། །ཞེས་བྱ་བ་ལ། མཐོ་རིས་ནི་ལྷའི་གནས་ཏེ། དེར་འགྲོ་ཞིང་རབ་ཏུ་གནས་པ་གང་ཡིན་པ་སྟེ། དམ་པ་ནི་བདེ་འགྲོར་འགྲོ་ཞིང་ [152b.7]འབྱུང་བ་ཞེས་བྱ་བའི་དོན་ཏོ། །སྡུག་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་སྟེ་ལྔ་པ་རྫོགས་སོ།། །།འགྲོ་བ་སྡུག་པ་དང་མི་སྡུག་པ་ཡོངས་སུ་སྤངས་ན་ནི། ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་རྗེས་ཐོགས་ལ་ཚུལ་ཁྲིམས་ཀྱི་ཚོམས་བསྟན་པ་ཡིན་ཏེ། [153a] [153a.1]སྡུག་པ་དང་མི་སྡུག་པ་དང་ལྷན་ཅིག་གནས་པ་རྣམས་ནི་ནམ་ཡང་ཚུལ་ཁྲིམས་རྣམ་པར་དག་པར་མི་འདོད་དོ། །བཤད་མ་ཐག་པའི་སེམས་ཅན་དམ་པ་ཡང་གང་ཞིག་དང་པོ་དམིགས་ཤིང་གང་ལ་གནས་པས་དམ་པ་རྫོགས་པ་འཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་ [153a.2]བསྔགས་པར་འགྱུར་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གི་རྩོམ་པ་སྨྲས་ཏེ། ཚུལ་ཁྲིམས་བསྲུང་བར་བྱ་ཞེས་བྱ་བ་ནི་བདེ་བ་གསུམ་འཐོབ་པར་བྱ་བའི་ཕྱིར། མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ་སྟེ། བསྔགས་པར་འགྱུར་བ་བསྐྱེད་པར་བྱ་བ་ནི་གཞན་དག་ལས་ཆོས་ཐམས་ཅད་ཀྱིས་དོན་དུ་ [153a.3]གཉེར་བས་མཁས་པས་ཚུལ་ཁྲིམས་བསྲུང་བ་དང་། ལོངས་སྤྱོད་འབྱུང་བ་དང་། ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་བྱ་བའི་ཕྱིར། ཚིགས་སུ་བཅད་པ་གཅིག་གི་བར་གྱིས་གསུངས་སོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་ལེགས་པར་སྤྱོད་པ་སྟེ། [153a.4]ལུས་དང་སེམས་ཚིམ་པར་བྱེད་པས་ཆུ་བསིལ་བ་དང་། ཙན་དན་ལ་སོགས་པ་དང་འདྲའོ་ཞེས་བཤད་དོ། །དེ་ཡང་འཇུག་པ་དང་ལྡོག་པའི་དབྱེ་བས་རྣམ་པ་གཉིས་ཏེ། དེ་ལ་འཇུག་པའི་ཚུལ་ཁྲིམས་ནི་རྗེས་སུ་བསྒྲུབ་ཅིང་སྤྱད་པར་བྱ་བའི་ཚུལ་ཇི་སྐད་དུ་བཤད་པ་སྟེ། ནང་པར་ལངས་ནས་སོ་ཤིང་ [153a.5]བཅས་ཏེ་བླ་མའི་ཐད་དུ་སོང་ནས་ཡོངས་སུ་དྲི་བ་ལ་སོགས་པ་བྱའོ་ཞེས་བྱ་བ་ལ་སོགས་པའོ། །ལྡོག་པའི་ཚུལ་ཁྲིམས་ནི་གང་བྱ་བ་མ་ཡིན་པ་ལས་ལྡོག་པར་བྱ་བ་ཇི་སྐད་དུ་བཤད་པ་སྟེ། ལྷམ་མཁན་དང་། རིགས་ངན་དང་། གདོལ་བ་དང་། དེ་ལྟ་བུ་ལས་རབ་ཏུ་དབྱུང་བར་མི་བྱ་བ་དང་། རྐུན་ [153a.6]མ་ལ་སོགས་པ་མ་ཡིན་པ་དང་། གཙེས་པ་དང་། ཡ་མཚན་ཅན་ལ་སོགས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །བསྲུང་བར་བྱ་ཞེས་བྱ་བ་ནི་ཡོངས་སུ་བསྐྱང་བར་བྱ་བ་སྟེ། བདག་ཉིད་ཀྱིས་བྱས་པའི་འབྲས་བུ་ཉིད་ཕུལ་དུ་བྱུང་བས་བདག་ཉིད་དང་། མངོན་པར་འབྲེལ་ཅིང་བདག་ཉིད་ [153a.7]གང་གིས་འདི་ཉིད་ཆོ་ག་བཞིན་དུ་བསྲུང་བར་བྱ་ཞེ་ན། མཁས་པས་ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་རྟོགས་པའི་བློ་ཡོད་པ་སྟེ། རིག་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་ཐམས་ཅད་ཉེ་བར་བསྡུ་ཞིང་ཡོངས་སུ་བསྐྱང་བའི་རྩ་བ་ནི། ཡེ་ཤེས་ཡིན་ལ་ཉེས་པ་ཐམས་ཅད་ལ་འཇུག་པའི་རྩ་བ་ནི་ [153b] [153b.1]མི་ཤེས་པ་ཡིན་པས་རྟོགས་པ་དང་ལྡན་པ་རྣམས་ནི། དགོས་པ་མེད་པ་ཅི་ཡང་མི་བྱེད་དེ་དེ་བས་ན་འདིར་དགོས་པ་ནི་བསྔགས་པ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ཏེ། དེ་ལ་བསྔགས་པར་འགྱུར་བ་ཞེས་བྱ་བ་ནི་བསྟོད་པར་འགྱུར་བའོ། །ནོར་ཐོབ་པ་ནི་དབྱིག་དང་གསེར་ལ་སོགས་པ་དངོས་པོ་ [153b.2]མཆོག་ཏུ་གྱུར་པ་འཐོབ་པའོ། །སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་གི་གྲངས་སུ་བྱ་བ་ལས་འདོད་པས་འཐོབ་པར་འགྱུར་བ་བསྟན་པའི་ཕྱིར་དང་གི་སྒྲ་སྨོས་སོ། །ཕ་རོལ་ཞེས་བྱ་བ་ལུས་དང་བྲལ་ནས་འགྲོ་བའི་ཕྱིར་རོ། །བདེ་འགྲོ་ཞེས་བྱ་བ་ནི་ལྷའི་འགྲོ་བའམ། མཐོ་རིས་སུ་འགྲོ་བ་ནི་ལེགས་པར་སྤྱོད་ [153b.3]པའི་འབྲས་བུ་ཡིན་པའི་ཕྱིར་བདེ་འགྲོར་སྐྱེ་བའོ། །བསྔགས་པ་དང་ནོར་ཐོབ་པར་འདོད་པ་འབའ་ཞིག་གི་ཕྱིར། ཚུལ་ཁྲིམས་བསྲུང་བ་མ་ཡིན་གྱི་བདེ་འགྲོར་སྐྱེ་ཞིང་བདེ་བ་རྗེས་སུ་མྱོང་བར་ཡང་འགྱུར་བའི་ཕྱིར་དང་ཞེས་བྱ་བའི་སྒྲ་སྨོས་སོ། །དགའ་བར་འགྱུར་ཞེས་བྱ་བ་ནི་མགུ་བར་འགྱུར་བ་སྟེ། བདེ་བ་གསུམ་པོ་ [153b.4]ནི་བདེ་བ་རྣམ་པ་གསུམ་གྱི་རྒྱུར་གྱུར་པ་ཞེས་བྱ་བའི་དོན་ཏོ། །བསྔགས་པར་འགྱུར་བ་དང་། ནོར་ཐོབ་པ་དག་ནི་བདེ་བའི་རྒྱུར་གྱུར་པའི་ཕྱིར་བདེ་བ་ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་ལྟ་བུའོ། །ཅིག་ཤོས་ནི་འདིར་བདེ་བ་ཉིད་དེ། གང་ཡང་བདེ་བ་དང་། གང་ཡིད་བདེ་བ་དེ་ནི་ [153b.5]བདེ་བའོ་ཞེས་བྱ་བའོ། །དོན་གཉེར་བས་ཞེས་བྱ་བ་ནི་ཀུན་དུ་ཚོལ་ཏེ། གང་ཞིག་ཅེ་ན། བདེ་བ་གསུམ་མོ། །སྔར་སྨྲས་པའི་ཚིགས་སུ་བཅད་པ་དོན་ཁྱད་པར་དང་བཅས་པས་གསལ་བར་བྱ་བའི་ཕྱིར་འཕགས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་ཞེས་བྱ་བ་ནི་ཡིད་ལ་འདོད་པའི་འབྲས་ [153b.6]བུ་འབྱོར་པར་འགྱུར་བའི་དངོས་པོར་གནས་ཤིང་མངོན་པར་འདོད་པར་བྱའོ། །འདི་དག་མཐོང་བ་ཡིས་ཞེས་བྱ་བ་ནི་སྔར་བཤད་པའི་བསྔགས་པ་ལ་སོགས་པ་གསུམ་པོ་འདི་དག་མཐོང་ཞིང་། ཡང་དག་པར་རྟག་ལ་ངེས་པར་བསམ་པའི་ཕྱིར། ཚུལ་ཁྲིམས་ཡོངས་སུ་བསྲུང་བའི་ཕྱིར་འབྲས་བུ་ [153b.7]ནི་འདི་དག་ཡིན་པར་ཁོང་དུ་ཆུད་པའི་ཕྱིར། ཚུལ་ཁྲིམས་ཡོངས་སུ་བསྲུང་བར་བྱའོ། །མངོན་པར་འདོད་པར་བཤད་པའི་བདེ་བའི་རྒྱུ་ཉིད་དོ། །འདི་ཉིད་ཁོང་དུ་ཆུད་པ་ནི་མཁས་པ་སྟེ། དེ་ཉིད་དུ་གུས་པས་ཡོངས་སུ་སྐྱོང་བར་བྱེད་དོ། །ཚུལ་ཁྲིམས་བསྲུང་བའི་ཕྱིར་མཁས་པས་ཞེས་ [154a] [154a.1]བྱ་བ་སྨྲས་ཏེ། ཐོས་པ་དང་བསམ་པ་དང་བསྒོམ་པའི་གནས་ལ་རབ་ཏུ་སྦྱོར་ཞིང་འཇུག་པ་སྟེ། རིམ་པ་འདིས་ངེས་པར་འབྱེད་པའི་ཆ་ཐོས་པས་བློ་གྲོས་བྱང་བར་འགྱུར་བའོ། །ཚུལ་ཁྲིམས་ཡོངས་སུ་བསྲུངས་པའི་ཕན་ཡོན་དམ་པ་འཇིག་རྟེན་ལས་འདས་པ་བསྟན་པའི་ [154a.2]ཕྱིར་འཕགས་པ་དང་ཞེས་བྱ་བ་སྨྲས་ཏེ། མཆོད་པར་བྱ་ཞིང་སྡིག་པའི་སྒྲིབ་པ་མི་སོགས་པས་འཕགས་པའི་གང་ཟག་སྟེ། སྡིག་པ་མི་སྤྱོད་ཅིང་བྱ་བ་མ་ཡིན་པ་སྡོམ་པ་ཐོབ་པའོ། །དེ་ཡང་ཚུལ་ཁྲིམས་འདི་ལ་གནས་ཤིང་ཞི་གནས་དང་ལྷག་མཐོང་ལ་བསྒོམ་པས་མཐོང་བའི་ལམ་ཐོབ་སྟེ། འཕགས་པར་ [154a.3]གྱུར་ཅིང་། འབྲས་བུ་དེ་ལས་དང་ཉོན་མོངས་པའི་ངན་འགྲོའི་དོགས་པ་དང་བྲལ་བའོ། །མཐོང་བ་ཕུན་ཚོགས་དང་ཞེས་བྱ་བ་ནི་འཕགས་པའི་བདེན་པ་ཕུན་སུམ་ཚོགས་ཤིང་། ཡང་དག་པར་རྗེས་སུ་མྱོང་བ་སྟེ། འདིས་ནི་བདེན་པ་མཐོང་བ་ཞེས་བྱ་བའི་དོན་ཏོ། །འདིས་བསྒོམ་པའི་ལམ་འཐོབ་པར་ [154a.4]བསྟན་པའི་ཕྱིར། འཇིག་རྟེན་ཞེས་བྱ་བ་སྨོས་ཏེ། དེ་དེ་ལྟ་བུའི་ལམ་གྱི་ཚོགས་ལ་ལམ་བསྒོམ་པའི་རྗེས་སུ་འཇུག་ཅིང་། མཐོང་བའི་ཆོས་འདི་ཉིད་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །ཞི་བ་རྟེན་གྱུར་པའི་ཞེས་བྱ་བ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་བ་སྟེ། མི་སློབ་པའི་ལམ་ [154a.5]ལ་མྱ་ངན་ལས་འདས་པར་འགྱུར་ཞེས་བྱ་བའི་དོན་ཏེ། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དེ་ཐོབ་པས་མི་སློབ་པའི་ལམ་ལ་གནས་པའི་དོན་ཏེ། ཉེ་བར་ཞི་ཞིང་དེས་ཞི་བ་ཉིད་དེ་སྲིད་པ་ཟད་པའི་བདེ་བ་དོན་དུ་གཉེར་བས་ཀྱང་། ཚུལ་ཁྲིམས་འདི་ཉིད་བསྲུང་བར་བྱའོ་ [154a.6]ཞེས་བྱ་བ་སྟེ། སྔར་བཤད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་འཐོབ་པར་འདོད་པས། དེའི་ལས་སྐྱེད་པར་བྱེད་པའི་ལམ་ཚུལ་ཁྲིམས་ཞེས་བྱ་བ་ལ་ངེས་པར་སྦྱར་བའི་ཕྱིར་འདི་གསུངས་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་སྒྲའི་དོན་ཉིད་རྣམ་པར་དབྱེ་བའི་ཕྱིར། ། [154a.7]ལུས་ལ་ཡོངས་སུ་གདུང་མེད་པར། །ཚུལ་ཁྲིམས་ཀྱིས་ནི་བདེ་བ་འཐོབ། །ཅེས་སྨོས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ཚུལ་ཁྲིམས་འདོད་པ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཚུལ་ཁྲིམས་ནི་བདེ་བའོ། །ཚུལ་ཁྲིམས་ཡང་དག་པར་འཛིན་པ་ནི་བདེ་བའོ། །དེ་ཅིའི་ཕྱིར་ཞེ་ན། [154b] [154b.1]རིགས་ཀྱི་བུ་ཚུལ་ཁྲིམས་དང་ལྡན་པ་རྣམས་བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པ་དང་། ཉལ་བ་ན་འདི་ལ་ལྷ་རྣམས་བསྲུང་བར་འགྱུར་རོ། །འདི་ལྟ་སྟེ་སོ་གའི་དུས་སུ་དགོན་པའི་ནང་དུ་ཆུད་པའི་ལམ་དུ་ཞུགས་པ་རྣམས་ནི་ལུས་ཤིན་ཏུ་ཡོངས་སུ་གདུངས་ཤིང་ངལ་བ་རྣམས་གྲིབ་མ་དང་བཅས་ [154b.2]ཤིང་ཆུ་མིག་བསིལ་བ་དང་བཅས་པའི་ཤིང་དྲུང་དུ་ཕྱིན་པའམ། དབུལ་ཕོངས་གཏེར་ཆེན་པོ་རྙེད་པའམ། ལོང་བས་མིག་གམ། མགོན་མེད་པ་རྣམས་ལ་མགོན་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་ནས། བདེ་བ་ཞེས་བྱ་བ་མངོན་པར་འདོད་པའི་བདེ་བ་མ་ལུས་པར་འཐོབ་པར་བྱེད་པ་ནི། ཚུལ་ཁྲིམས་ཡང་ [154b.3]དག་པར་ལེན་པའོ་ཞེས་བྱ་སྟེ། ལེགས་པར་སྤྱོད་པའི་བྱ་བ་སྔོན་དུ་འགྲོ་བར་ཁས་བླངས་པའོ། །བདེ་བ་དེ་ཡང་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་ན་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་ནི། ལུས་ལ་ཡོངས་སུ་གདུང་མེད་པར། །ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་ཀྱིས་བརྒྱན་པ་རྣམས་ལ་ནི་གདུང་བའི་རྒྱུར་ [154b.4]གྱུར་པའི་ཉེས་པར་སྤྱོད་པ་མི་སྲིད་པས་དེ་རྒྱུར་གྱུར་པའི་ལུས་ཀྱི་གདུང་བ་མི་སྲིད་དེ། ཚུལ་ཁྲིམས་འཆལ་བ་རྣམས་ལ་ནི། བདག་དང་གཞན་ལ་གནོད་པ་ལག་པ་གཅོད་པ་ལ་སོགས་པ་ཀུན་དུ་མ་བསྡམས་པས། ལུས་ཀྱིས་ཀུན་ནས་གདུང་བ་རྗེས་སུ་མྱོང་བར་འགྱུར་རོ། །དེ་བས་ན་བསིལ་བར་ [154b.5]གྱུར་པས་ན་ཚུལ་ཁྲིམས་སོ་ཞེས་ངེས་པའི་ཚིག་ཏུ་སྦྱར་བ་སྟེ། ཚིམ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། གང་ཞིག་ཆུན་འཕྱང་ཙན་དན་མཆོག་བརླན་དང་། །ཆུ་ཐིགས་བསིལ་བའི་ཆར་དང་བཅས་པའི་རླུང་། །ཟླ་ཟེར་སྒྲ་མེད་དགོན་པ་ཀུ་མུ་ད། །གདུང་བ་སེལ་བར་གྱུར་པ་མ་ཡིན་ཏེ། །སྲོག་ [154b.6]འཇིག་ཚེ་ན་ཀུན་དུ་འབྱུང་བ་ཡི། །དུས་མཐའི་མེ་ལྟར་སྲེག་ཅིང་འཇིག་པ་དང་། །ཚུལ་ཁྲིམས་དྲན་ནའང་རྗེས་སུ་སེལ་བྱེད་དེ། །གང་ཕྱིར་དེ་ནི་ཚིམ་བྱེད་རྣམས་ཀྱི་མཆོག །ཅེས་གསུངས་པ་ལྟ་བུའོ། །མཚན་མོ་བདེ་བར་ཉལ་དང་ཞེས་བྱ་བ་ནི་མཚན་མོ་ཤིན་ཏུ་བག་ཕབ་སྟེ། གཉིད་ཀྱིས་ལོག་པ་སྟེ་ [154b.7]གཡེང་བ་མེད་པའི་ཕྱིར་རོ། །དེ་བས་ན་ཚུལ་ཁྲིམས་ཡང་དག་པར་བླངས་པའི་ཁམས་ལ་ཡང་དག་པར་བརྟེན་ནས་ཚུལ་ཁྲིམས་ཀྱི་སྒྲའི་དགོད་པར་བསྟན་པ་ཡིན་ནོ། །སད་པ་ན་ཡང་དགའ་བར་འགྱུར། །ཞེས་བྱ་བ་ནི་གཉིད་དང་བྲལ་བར་གྱུར་ཅིང་མ་ཉལ་བའི་གནས་སུ་ཉེ་བར་འཚེ་བ་ཟད་ཅིང་ཆོས་ཀྱི་ལུས་ [155a] [155a.1]ལ་སྤྱོད་ལ་བར་ཆད་མེད་པའི་ལམ་ལ་སློབ་པས་ཡང་དག་པར་དགའ་བར་འགྱུར་ཞིང་མགུ་བར་གྱུར་པ་སྟེ། ཟང་ཟིང་མེད་པར་དགའ་བ་ཉམས་སུ་མྱོང་བར་འགྱུར་ཞེས་པའི་དོན་ཏོ། །འདིས་ནི་གོམས་པའི་དོན་གྱིས་ཚུལ་ཁྲིམས་ཀྱི་སྒྲ་རྣམ་པར་འབྱེད་པ་རྟོགས་པར་བྱེད་དེ། [155a.2]གདུང་བ་མ་ལུས་པར་སེལ་བར་བྱེད་པའི་ཚུལ་ཁྲིམས་ལ་ངེས་པར་སྦྱར་བའི་ཕྱིར་འདི་གསུངས་པ་ཡིན་ནོ། །སྦྱིན་པ་ལ་སོགས་ལམ་གྱི་ཚོགས་གཞན་ཡོངས་སུ་དག་པ་ཡང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉིད་ཡིན་པར་བསྟན་པའི་ཕྱིར། སྦྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་དང་སྦྱིན་པ་ [155a.3]པོ་དང་། སོ་སོར་ལེན་པ་རྣམ་པར་དག་པ་ལ་སོགས་པ་ཡོད་དོ་ཞེས་མདོ་ལས་གསུངས་སོ་ཞེས་པ་ནི་ཚིགས་སུ་བཅད་པ་འདི་ཡིན་ནོ་ཞེས་སྡེ་པ་གཞན་དག་སྨྲ་བའོ། །སྦྱིན་པ་ནི་ཟས་དང་། སྐོམ་དང་། དབྱིག་དང་། རྟ་དང་། གླང་པོ་ཆེ་ལ་སོགས་པ་སོ་སོར་སྟེར་བའོ། །སྦྱིན་པར་བྱ་བ་ཇི་ལྟ་བུ་ཞེ་ན། ཚུལ་ [155a.4]ཁྲིམས་དང་ལྡན་པ་དག་ཅེས་བྱ་བ་སྟེ། གང་ཞིག་ཤིན་ཏུ་ཚུལ་ཁྲིམས་དང་ལྡན་ཞིང་གཞན་དག་ཉེ་བར་འཚེ་བ་མེད་པ་དང་བཅས་པའི་སྦྱིན་པ་རྣམས་སྟེར་ཞིང་སྦྱིན་པར་བྱེད་པའི་སྦྱིན་པ་དག་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །བྱིན་པ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པའི་ཚུལ་ཁྲིམས་དང་ལྡན་པ་ཉིད་ཀྱིས་ན་ [155a.5]དེ་ལས་གཞན་པའི་ཟག་པ་མེད་པའི་ཕུན་སུམ་ཚོགས་པ་ནི་ཚུལ་ཁྲིམས་དང་ལྡན་པར་གྱུར་པས་ཚུལ་ཁྲིམས་དང་ལྡན་པ་ཉིད་ནི་སྦྱིན་པ་དག་བྱེད་ན། དེ་ནི་ངེས་པར་བདེ་བ་འཐོབ་པར་འགྱུར་རོ། །ལ་ལ་ནི་ཐམས་ཅད་ལ་ཡང་འདི་ལྟར་ཁྱད་པར་མེད་པར་གཟུང་བས་སོ་ཞེས་ཟེར་ཏེ། ཇི་ལྟར་དུང་ལ་བརྟེན་ [155a.6]ནས་རླུང་དེ་ཉིད་རྒྱས་པར་འགྱུར་ཏེ། ཚུལ་ཁྲིམས་ལ་བརྟེན་པའི་སྦྱིན་པ་ཡང་དེ་བཞིན་ནོ། །དེ་བས་ན་སྦྱིན་པ་རྣམས་ཀྱི་ཞེས་བྱ་བ་ཚིག་མང་པོ་པར་རིགས་ཏེ། དམན་པ་དང་། བར་མ་དང་། ཁྱད་པར་ཅན་གྱི་ཞིང་ལ་སོ་སོར་སྦྱིན་པ་དེ་ནི་ཚུལ་ཁྲིམས་ཀྱི་དབང་གིས་འབྲས་བུ་ཆེ་བར་འགྱུར་རོ། །བསོད་ [155a.7]ནམས་ཀྱིས་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་སོགས་པ་ལེགས་པར་སྤྱོད་པ་ཕུན་སུམ་ཚོགས་པའོ། །གང་གིས་འཐོབ་ཅེ་ན། མཁས་པས་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་འབྲས་བུ་ཡང་དག་པར་འབྲེལ་པ་ལ་སོགས་པ་ངེས་པར་གྱུར་ཅིང་གསུང་རབ་ལ་སོགས་པ་ལ་རབ་ཏུ་བྱུང་ལ། ཐོས་པ་མང་བ་དང་བཅས་ [155b] [155b.1]པས་མཁས་པའི་སྟོབས་ཀྱིས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཚོགས་རྣམ་པར་སྦྱོང་བར་བྱེད་དོ། །ཇི་སྐད་དུ། ཤེས་རབ་ཀྱིས་ནི་མུན་པ་མ་བསལ་གང་། །དེ་ཡི་ཚུལ་ཁྲིམས་དག་པར་ག་ལ་འགྱུར། །ཕལ་ཆེར་ཚུལ་ཁྲིམས་བྲལ་བ་དེ་དག་ནི། །བཟོད་པ་མེད་པས་དྲི་མར་བྱས་ [155b.2]པར་འགྱུར། །ཞེས་གསུངས་པའོ། །གཞན་དག་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་གི་བསོད་ནམས་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ཇི་སྐད་དུ་བཤད་པའོ་ཞེས་ཟེར་རོ། །འདི་དང་ཞེས་བྱ་བ་ནི་ཡང་དག་པར་རྙེད་པར་འགྱུར་བའོ། །སྐྱེས་ཟིན་པའི་སྐྱེ་བའོ། །ཕ་རོལ་ཞེས་བྱ་བ་ནི་འཇིག་རྟེན་གཞན་དག་ [155b.3]ཏུའོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུ་སྟེ། ཅིའི་ཕྱིར་ཞེ་ན། རྟག་པ་ནི་མྱ་ངན་ལས་འདས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །བདེ་བའི་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པའོ། །འཐོབ་པར་འགྱུར་བ་ནི་ཡང་དག་པར་རྙེད་པར་འགྱུར་བའོ། །སྦྱིན་པ་ལ་སོགས་པ་རྣམ་པར་དག་པའི་འབྲས་བུའི་ཁྱད་པར་འདོད་ [155b.4]པ་རྣམས་ལ་ནི་ཐབས་བསྟན་པར་བྱ་བའི་ཕྱིར་འདི་གསུངས་པ་ཡིན་ནོ། །རྒྱུན་དུ་ལྷག་པར་མཛེས་པའི་རྒྱན་ནི་ཚུལ་ཁྲིམས་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། རྒན་པའི་བར་ལ་ཚུལ་ཁྲིམས་དགེ །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་ཞིག་འོངས་ནས་བཅོམ་ལྡན་འདས་ལ། རྒན་པའི་བར་དུ་ [155b.5]དགེ་བ་གང་། །ལེགས་པ་གནས་པར་གང་ཞིག་འགྱུར། །མི་རྣམས་ཀྱི་ནི་རིན་ཆེན་གང་། །ཆོམ་པོས་དབྲོག་དཀའ་གང་ཞིག་ལགས། །ཞེས་ཞུས་པ་དང་། དེ་ནས་རྒན་པའི་བར་ལ་ཚུལ་ཁྲིམས་དགེ་ཞེས་བྱ་བ་འདི་གསུངས་ཏེ། ཚུལ་ཁྲིམས་ནི་བྱིས་པ་ནས་བརྩམས་ཏེ་ཇི་སྲིད་རྒས་པར་གྱུར་གྱི་ [155b.6]བར་དུ་དགེ་ཞིང་བཟང་ལ་རྣམ་པར་མཛེས་པའོ་ཞེས་བྱ་བའི་དོན་ཏེ། རྒྱན་ལ་ལ་དག་ནི་བྱིས་པའི་ཚེ་མཛེས་ཀྱི། རྒས་པར་གྱུར་པ་ལ་ནི་མ་ཡིན་ནོ། །ལ་ལ་ནི་སྐྱེས་པ་ལ་མཛེས་ཀྱི་བུད་མེད་ལ་ནི་མ་ཡིན་གྱི། ཚུལ་ཁྲིམས་ནི་གནས་སྐབས་ཀུན་དུ་ཡང་ཐམས་ཅད་ལ་ཡང་མཛེས་པ་ཡིན་ནོ། །དད་ [155b.7]ལ་རབ་ཏུ་གནས་ན་ལེགས། །ཞེས་བྱ་བ་ནི་སེམས་རབ་ཏུ་དང་བ་ནི་དད་པ་སྟེ། ལེགས་པ་རྣམས་སྟེར་བ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ། །ཇི་སྐད་དུ། དད་པ་མ་བཞིན་དགེ་བ་སྐྱེད་པ་ཡིན། །ཞེས་གསུངས་པའོ། །རབ་ཏུ་གནས་པ་ནི་མི་འབྲལ་བའི་ཚུལ་གྱིས་གནས་པའི་རྩ་བ་ལས་སྐྱེས་པ་ཞེས་ [156a] [156a.1]བྱ་བའི་དོན་ཏོ། །དེ་ནི་ལེགས་པ་སྟེ་དད་པ་ལ་རབ་ཏུ་གནས་པ་ནི་དེ་ཁོ་ན་ཉིད་དུ་རབ་ཏུ་མཛེས་པའོ་ཞེས་གསུངས་པའོ། །མི་ཡི་རིན་ཆེན་ཤེས་རབ་སྟེ། །ཞེས་བྱ་བ་ལ། ཤེས་རབ་ནི་དེ་ཁོ་ན་ཉིད་ལ་ངེས་པ་སྟེ། དེ་ནི་མི་རྣམས་ཀྱི་རིན་པོ་ཆེའི་མཆོག་སྟེ། དགེ་སློང་དག་ [156a.2]འདི་ལྟ་སྟེ་གསེར་རམ་དབྱིག་འདི་ནི་ཅུང་ཟད་ཙམ་གྱི་རིན་པོ་ཆེའོ། །འདི་ལྟ་སྟེ་ཤེས་རབ་ཀྱི་རིན་པོ་ཆེ་ནི་རིན་པོ་ཆེའི་མཆོག་གོ་ཞེས་མདོ་ལས་གསུངས་པའི་ཕྱིར་དང་། རྙེད་པར་དཀའ་བ་དང་། མངོན་པར་འདོད་པའི་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །རིན་པོ་ཆེའི་ཅིག་ཤོས་ནི་རྙེད་པར་སླ་ [156a.3]ཞིང་ཐུན་མོང་དུ་གྱུར་པའི་ཕྱིར་རོ། །ཤེས་རབ་ནི་སྡུག་བསྔལ་གྱི་རྒྱུ་མ་ཡིན་གྱི། ཕལ་ཆེར་ན་གཅིག་ཏུ་བདེ་བའི་རྒྱུ་ནི་ཤེས་རབ་ཡིན་ཏེ་ཇི་སྐད་དུ། རྨོངས་པ་རྒུད་པ་ཀུན་གྱི་རྩ། །ཤེས་རབ་ཕུན་སུམ་ཚོགས་དང་འབྲེལ། །དེ་བས་འདི་ལྟར་མི་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ་ [156a.4]ཡོངས་སུ་རྟོག་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །བསོད་ནམས་ཆོམ་པོས་དབྲོག་པར་དཀའ། །ཞེས་བྱ་བ་ལ། སྦྱིན་པ་ལ་སོགས་པ་ལེགས་པར་སྤྱོད་པ་ནི་བསོད་ནམས་ཏེ། དེ་རྐུན་པོ་རྣམས་ཀྱིས་དབྲོག་པར་མི་ནུས་པ་སྟེ། ཤིན་ཏུ་དཀའ་བས་ཀྱང་དེ་དབྲོག་པར་མི་ནུས་པའོ། །ཇི་སྐད་དུ། སྐྱེས་ [156a.5]པའམ་ནི་བུད་མེད་ཀྱི། །བསོད་ནམས་རྒྱལ་པོ་རྐུན་པོ་དག །གཡོ་ཞིང་བརྩོན་པར་གྱུར་བས་ཀྱང་། །དབྲོག་པར་ནུས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཚིགས་སུ་བཅད་པ་བསྡུས་པའི་དོན་ནི་ཚུལ་ཁྲིམས་ཀྱི་རྒྱུ་ནི་དད་པ་ཡིན་ལ། ལེགས་པར་སྤྱོད་པའི་རྒྱུ་ནི་ཤེས་རབ་སྟེ། །ཚུལ་ [156a.6]ཁྲིམས་དང་ལེགས་པར་སྤྱོད་པ་དག་གིས་ནི་བདེ་འགྲོའི་ཕུན་སུམ་ཚོགས་པ་འབྱོར་པར་འགྱུར་རོ། །ཡང་ན་གང་ལ་ཤེས་རབ་ཡོད་པ་དེ་ནི་དད་པར་འགྱུར་རོ། །གང་ཞིག་དད་པ་དེ་ནི་ཚུལ་ཁྲིམས་ལ་གནས་ཏེ། གང་ཞིག་གསུམ་པོ་འདི་དག་ནི་ལེགས་པར་སྤྱོད་པ་དེ་ནི་བསོད་ནམས་ཆེན་པོ་ཡིན་ནོ་ [156a.7]ཞེས་དེ་ལ་ངེས་པར་སྦྱར་བའི་ཕྱིར་འདི་གསུངས་པ་ཡིན་ནོ། །འབྲུ་ཐམས་ཅད་ས་ལ་བརྟེན་པ་དང་འདྲ་བར་ཡོན་ཏན་ཐམས་ཅད་ནི་ཚུལ་ཁྲིམས་ལ་གནས་པའོ་ཞེས་བསྟན་པར་བྱ་བའི་ཕྱིར། དགེ་སློང་ཚུལ་ཁྲིམས་ལ་གནས་ཤིང་། །ཞེས་བྱ་བ་གསུངས་ཏེ། བཙུན་པ་དགེ་སློང་ཇི་ལྟ་བུ་ཡོངས་སུ་ [156b] [156b.1]ཉམས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་དང་ཉེ་བར་བལྟ་བར་བགྱི། འདི་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། དབང་པོའི་སྒོ་བསྡམས་པ། ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བའི་སྦྱོར་བ་ལ་བརྩོན་པའོ་ཞེས་གསུངས་པ་ནི་ཚིགས་སུ་ [156b.2]བཅད་པ་གཉིས་ཏེ། ཚུལ་ཁྲིམས་ལ་ཞེས་བྱ་བ་ནི་སོ་སོ་ཐར་པའི་སྡོམ་པ་ལའོ། །གནས་ཤིང་ཞེས་བྱ་བ་ནི་དེར་རབ་ཏུ་གནས་ཤིང་ཡོངས་སུ་མ་ཉམས་པའི་ཚུལ་གྱིས་ཏེ། ལྷག་པའི་བསམ་པས་སྐྱོང་བའོ། །དགེ་སློང་པད་མ་ཅན་དཔེར་བྱས་པའི་ཚིག་གིས་ཚུལ་ཁྲིམས་ཀྱི་སྡོམ་པ་གསུངས་ནས་དབང་ [156b.3]པོ་བསྡམས་པ་བསྟན་པའི་ཕྱིར། དབང་པོ་རྣམས་ཀྱང་བསྡམས་པ་ཞེས་གསུངས་ཏེ། མིག་ལ་སོགས་པའི་དབང་པོའི་སྒོ་བསྡམས་ཤིང་སྦས་པ་སྟེ། ཡུལ་ཐམས་ཅད་ལས་བསྲུང་བའོ། །དེ་མ་བསྡམས་པས་ནི་དགེ་བ་ཐམས་ཅད་ཉམས་པར་འགྱུར་ཏེ། ཇི་སྐད་དུ། མི་རྣམས་ཀྱི་ནི་དབང་པོ་ལྔ། ། [156b.4]དབང་པོ་གཅིག་ཅིང་བུ་གར་གྱུར། །རྒྱལ་བའི་རྐང་ལས་ཆུ་བཞིན་དུ། །དེ་ཉིད་ལས་ནི་ཤེས་རབ་འཛག །ཅེས་བཤད་པའོ། །འདིར་དང་ཞེས་བྱ་བ་ཐམས་ཅད་ནི་བསྡུས་པའོ། །ཀྱང་ཞེས་བྱ་བ་འདི་ནི་སྲེད་པ་སྟེ། བདག་མེད་པ་བསྟན་པ་དང་འདྲ་བར་བདེ་འགྲོ་ལ་སོགས་པ་སྲིད་པ་ཡིན་པའི་ཕྱིར་རོ། །ཡང་ན་ [156b.5]ཀྱང་དང་། དང་གཉི་ག་ཡང་ཚིག་གི་ཕྲད་དུ་བསྡུས་པའི་དོན་ཏོ། །ཟས་ཞེས་བྱ་བ་ནི་བཟའ་བ་དང་། བཏུང་བ་ལ་སོགས་པའོ། །ཚོད་རིག་པ་ནི་ཚད་ཤེས་པ་སྟེ། ཟས་ལྷག་པར་ཟོས་པས་ནི་མ་ཞུ་བ་ལ་སོགས་པའི་ནད་དུ་འགྱུར་ལ། ཉུང་དུ་ཟོས་པས་ནི་ལུས་ཉམ་ཆུང་ཞིང་སྤྲོ་བ་དང་སྟོབས་མེད་པར་ [156b.6]འགྱུར་ཏེ། དེ་བས་ན་ཇི་ཙམ་ན་ཉེ་བར་སྤྱད་པར་རིགས་པའི་ཚོད་ཤེས་པ་སྟེ། འདིས་ནི་ཚུལ་ཁྲིམས་དང་དབང་པོ་བསྡོམས་པ་ཉེ་བར་བསྟན་པར་འགྱུར་བའི་རྒྱུ་གསུངས་པ་ཡིན་ནོ། །མི་ཉལ་བ་ལ་འབད་པ་སྟེ། །ཞེས་བྱ་བ་ནི་མི་ཉལ་བར་བྱེད་པས་ན། མི་ཉལ་བ་སྟེ་ལམ་གྱི་ཚོགས་ལ་སོགས་པ་ [156b.7]བསྒོམས་པ་དེ་ལ་བརྩོན་ཞིང་སྙོམས་པར་འཇུག་པ་ལ་སོགས་པ་ལ་མངོན་པར་སྦྱོར་བའོ་ཞེས་གསུངས་པ་ཡིན་ནོ། །ཇི་སྐད་དུ། ཚུལ་ཁྲིམས་ཚུལ་ཁྲིམས་ལ་གནས་ཤིང་། །ཆོས་གཉིས་པོ་ལ་གནས་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པའོ། །དེ་ལྟར་གནས་པར་ཞེས་བྱ་བ་ [157a] [157a.1]ནི་སྔར་བཤད་པའི་ཆོ་གས་གནས་པའི་ཚུལ་གྱིས་གནས་པ་དེ་ནི་དེ་ལྟར་གནས་པ་སྟེ། དེ་ལྟར་ཀུན་དུ་སྤྱོད་པ་ལ་འབད་པའོ། །བརྩོན་པ་དང་ཞེས་བྱ་བ་ནི་བརྩོན་འགྲུས་རྩོམ་པའོ། །དུས་ཇི་སྲིད་ཅིག་ཏུ་ཞེ་ན། ཉིན་མཚན་ཞེས་བྱ་བ་སྨོས་ཏེ། ཉིན་མོ་དང་མཚན་མོ་ནི་ [157a.2]ཉིན་མཚན་ནོ། །དེ་ལྟར་འདིས་ནི་རྟག་ཏུ་བྱ་བའི་སྦྱོར་བ་གསུངས་ནས། གུས་པར་བྱ་བའི་སྦྱོར་བ་བསྟན་པའི་ཕྱིར། སྙོམ་ལས་མི་བྱེད་པ་ཞེས་བྱ་བ་གསུངས་ཏེ། སྙོམ་ལས་ལྷོད་པ་གང་ཡིན་པ་དེ་ནི་སྙོམ་ལས་ཏེ། དེ་རབ་ཏུ་དགག་པ་ནི་སྙོམ་ལས་མི་བྱེད་པའོ། །དེ་ཡང་སྤྲིན་མེད་པའི་ནམ་ [157a.3]མཁའ་དང་འདྲ་བར་ལེ་ལོའི་རྣམ་པར་རྨོངས་ཤིང་བརྩོན་འགྲུས་ཞུམ་པ་དེ་ལྟ་བུའི་སེམས་ཅན་གང་གིས་བཅིངས་པ་ཡིན་ཞེ་ན། ཡོངས་སུ་ཉམས་པར་འགྱུར་ཞེས་བྱ་བ་སྟེ། ཡོངས་སུ་ཉམས་པའི་ཆོས་ཅན་ཡང་ཡོན་ཏན་ལས་ཡོངས་སུ་ཉམས་པའི་ཚུལ་གྱིས་ཡོངས་སུ་ཉམས་པས་སྣོད་མ་ཡིན་ [157a.4]པར་འགྱུར་ན། ཡོངས་སུ་མ་ཉམས་པ་ལྟ་སྨོས་ཀྱང་ཅི་དགོས་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཐར་པ་ཉིད་དེ། འཁོར་བ་མ་ཡིན་པར་རོ། །དེ་ཞེས་བྱ་བ་ནི་ཡང་དག་པར་འཇུག་པའི་སྦྱོར་བ་ལ་སྤྱོད་པའོ། །ཉེ་བའི་ཕྱིར་ཞེས་བྱ་བ་ནི་ཁད་ཉེ་བའོ། །གདུལ་བྱ་རྣམས་བྱ་བ་ཉམས་སུ་ལེན་པ་ལ་དམིགས་ [157a.5]པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་འགྱུར་ཞིང་མྱ་ངན་ལས་འདས་པའི་བདེ་བ་འདོད་པ་རྣམས་ལ་དེ་ཐོབ་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར་འདི་གསུངས་པ་ཡིན་ནོ། །སྡུག་བསྔལ་མ་ལུས་པ་ཟད་པ་དོན་དུ་གཉེར་བས་ཚུལ་ཁྲིམས་ཡོངས་སུ་བསྲུང་བ་ལ་སོགས་པ་ [157a.6]བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། མི་ནི་ཚུལ་ཁྲིམས་ལ་གནས་ནས། །ཞེས་གསུངས་ཏེ། འཕགས་པ་སྲུང་དབང་གི་བུ་སྐྱེས་པ་ནས་བརྩམས་ཏེ་ནད་སྣ་ཚོགས་ཀྱིས་གདུངས་པ་དང་། དེས་བཅོམ་ལྡན་འདས་ལ་བཙུན་པ་དགེ་སློང་ཇི་ལྟ་བུ་སྡུག་བསྔལ་ཟད་པ་རྗེས་སུ་ཐོབ་པར་འགྱུར་ཞེས་ཞུས་པའི་ [157a.7]དོན་དུ་ཇི་སྲིད་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཚུལ་ཁྲིམས་ལ་གནས་ནས་ཞེས་བྱ་བ་ནི་ཁྱིམ་ཡོངས་སུ་སྤངས་ནས་ཐར་པའི་མཆོག་ལ་དམིགས་པའི་བསམ་པས་སོ་སོར་ཐར་པའི་སྡོམ་པ་དག་ཡོངས་སུ་འཛིན་ཅིང་རྗེས་སུ་འཇུག་པར་བྱེད་ཀྱི། འཚོ་བ་མེད་པའི་འཇིགས་པས་ནི་མ་ཡིན་ [157b] [157b.1]ཏེ། དེའི་འབྲས་བུ་ནི་འཁོར་བ་ཡིན་པའི་ཕྱིར་རོ། །མཁས་པ་ཞེས་བྱ་བ་ནི་ཤེས་རབ་ཅན་ཏེ་འདི་ཉིད་ཚུལ་ཁྲིམས་ཡོངས་སུ་དག་པ་ལ་གནས་པའི་སྐལ་བ་ཡོད་པའི་ཕྱིར་རོ། །དེའི་རྗེས་ཐོགས་ལ་ཅི་ཞིག་བྱ་ཞེ་ན། སེམས་དང་ཤེས་རབ་བསྒོམ་པ་ལ། །ཞེས་པ་སྟེ། ཏིང་ངེ་འཛིན་དང་ཡེ་ཤེས་ལ་ [157b.2]བསླབ་པར་བྱ་བ་སྟེ། ཐུབ་པའི་དབང་པོའི་གསུང་སྒྲུབ་པ་སྙིང་པོར་བྱེད་པའོ་ཞེས་གསུངས་པས་ན་སྒྲུབ་པ་ཡང་ལམ་བསྒོམས་པ་ལས་རྡོ་རྗེ་བུལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་ཉོན་མོངས་པ་གསོད་དོ་ཞེས་མདོ་ལས་གསུངས་པས་སེམས་ནི་འདིར་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཏིང་ངེ་འཛིན་རྗེས་སུ་ [157b.3]སྲུང་བར་བྱེད་པའོ་ཞེས་རྣམ་པར་དབྱེའོ། །ཇི་ལྟ་བུར་གཉིས་པོ་དེ་བསྒོམ་པར་བྱ་ཞེ་ན། བརྩོན་ཞིང་ཞེས་བྱ་བ་གསུངས་ཏེ། བརྩོན་འགྲུས་བརྩམས་ཤིང་ཡོན་ཏན་ཉེ་བར་བསོགས་པ་ལ་ངལ་བར་མི་སེམས་པའོ། །ངེས་གནས་ཞེས་བྱ་བ་ནི་འདུལ་བའི་ཉེས་པ་ལས་བདག་ཉིད་རྟག་ཏུ་ཡོངས་སུ་སྐྱོང་བར་བྱེད་ [157b.4]པ་སྟེ། བག་ཡོད་པ་ཞེས་བྱ་བའི་དོན་ཏོ། །རྒྱུན་དུ་བྱ་བ་དང་གུས་པར་བྱ་བའི་སྦྱོར་བས་ཟག་པ་རྣམས་ལས་སེམས་བསྲུང་བས་ན་འབྲས་བུ་འདི་དག་གསུངས་སོ། །དགེ་སློང་གིས་ཞེས་བྱ་བ་ནི་ཉོན་མོངས་པ་མ་ལུས་པར་ཟད་པའི་ཕྱིར་ཏེ། འདིས་ན་སྟིལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་ [157b.5]དབྱིངས་སུ་གསུངས་པ་ཡིན་ནོ། །སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་བསྒྲུབ་པ་སྟེ། དེའི་ཚེ་ཉིད་ན་སྡུག་བསྔལ་མ་ལུས་པ་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཚུལ་ཁྲིམས་ལ་སོགས་པའི་ཕན་ཡོན་དེ་ཉིད་བསྟན་པ་ནི། དེ་ [157b.6]ཕྱིར་རྟག་ཏུ་ཚུལ་ཁྲིམས་དང་། །ཞེས་བྱ་བ་གསུངས་ཏེ། རྟག་ཏུ་འདི་ནི་ཚུལ་ཁྲིམས་བཅོས་མ་མ་ཡིན་པ་དང་། དུམ་བུ་མ་ཡིན་པ་དང་། རྒྱུན་མི་འཆད་པར་ཚུལ་ཁྲིམས་བསྲུངས་པའོ། །ཏིང་འཛིན་རྗེས་སུ་སྲུང་བ་དང་། །ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ཡོངས་སུ་སྐྱོང་བར་བྱེད་པ་སྟེ། [157b.7]ཏིང་ངེ་འཛིན་བསྒོམས་པ་ལ་བརྩོན་པའི་ཕྱིར་རོ། །ལྷག་མཐོང་ལ་ནི་བསླབ་པ་དང་། །ཞེས་བྱ་བ་ནི་དེའི་དོན་དུ་བསླབ་ཅིང་རབ་ཏུ་འཇུག་པས་ཤེས་རབ་ལ་བསླབ་པར་བྱའོ་ཞེས་པའི་དོན་ཏོ། །གང་ཞིག་ཅེ་ན། ཤེས་བཞིན་སོ་སོར་དྲན་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཡང་དག་པའི་ཡེ་ [158a] [158a.1]ཤེས་མངོན་དུ་གྱུར་པ་ལ་འཇུག་པ་ནི་དྲན་པ་ཡིན་པའི་ཕྱིར་འདིས་ནི་དབང་པོ་སྡོམ་པ་བཤད་དེ། ཤེས་བཞིན་དང་དྲན་པའི་རྒྱུ་ལས་དབང་པོ་བསྡམས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་དེ་བསྡམས་པས་ཏིང་ངེ་འཛིན་བསྒོམ་པར་འགྱུར་རོ། །གང་དེ་ལྟ་བུ་དང་ཡང་དག་ [158a.2]པར་ལྡན་པ་དེ་ཅིར་འགྱུར་ཞེ་ན། དེར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་འབྲལ་ཞེས་བྱ་བ་ནི་དགེ་སློང་དྲི་མ་མེད་པ་ཞེས་བྱ་བ་སྔོན་དང་ཕྱི་མའི་མཐའ་ཅན་གྱི་ཉེ་དུ་མང་པོ་རྣམས་ཀྱིས་དེའི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ཉེ་དུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བཙུན་པ་འགྲོ་བ་གང་ལགས་ཞེས་ [158a.3]ཞུས་པ་དང་། ཚིགས་སུ་བཅད་པ་འདི་གསུངས་ཏེ། ཡིད་འབྲལ་ཞེས་བྱ་བ་ནི་ལས་བདག་གིར་བྱ་བ་དང་། གང་ཟག་ལ་ལ་བདག་མེད་པ་ལ་སོགས་པ་རྟོགས་པས་ང་རྒྱལ་མེད་ཅིང་མཐོང་བའི་ལམ་ལ་སྦྱོར་བར་གསུངས་པའོ། །ལྷག་མ་མེད་འགྱུར་ཏེ་ཞེས་བྱ་བ་ནི་མ་རིག་པ་དང་། ང་རྒྱལ་ལ་ [158a.4]སོགས་པའི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་འཚེ་བ་དང་ལྡན་པས་འདིས་ནི་བསྒོམ་པའི་ལམ་བཤད་པ་སྟེ། མི་སློབ་པའི་ལམ་ཡང་གསུངས་པའོ། །གང་གིས་ལྷག་མ་མེད་པར་འགྱུར་ཞེ་ན། ཀུན་སྦྱོར་ཟད་བྱས་ནས་ཞེས་བྱ་བ་གསུངས་ཏེ། གང་གིས་ཀུན་དུ་སྦྱོར་བ་དགུ་ཟད་པར་བྱ་བའམ། [158a.5]གང་གིས་བག་ཆགས་ཟད་པ་དེ་ཉིད་དོ། །ལུས་ཞིག་ཅེས་བྱ་བ་ནི་སྐལ་བ་མཉམ་པའི་སྡེ་བ་དང་བྲལ་བའོ། །ཤེས་རབ་ལྡན་པ་ཞེས་བྱ་བ་ནི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པ་སྟེ་རྨོངས་པ་རྣམས་ལ་འདི་ཡོད་པ་ནི་མ་ཡིན་ནོ། །བགྲང་དུ་མེད་པ་ཞེས་བྱ་བ་ནི་འགྲོ་བ་རྣམས་སུ་ [158a.6]བགྲང་བར་བྱ་བ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་ལྷག་མ་མེད་པའི་ཚུལ་ལ་ཞུགས་པ་སྟེ། དགེ་སློང་དག་དེའི་རྣམ་པར་ཤེས་པ་ནི་ཤར་ཕྱོགས་སུ་འགྲོ་ཞེས་ང་མི་སྨྲའོ་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་མྱ་ངན་ལས་འདས་པའི་བདེ་བ་འདོད་པ་རྗེས་སུ་ [158a.7]བརྟགས་པའི་རིམ་པ་ཉེ་བར་བརྟག་པའི་ཕྱིར་གསུངས་སོ། །སའི་གཞིའི་རྒྱས་པར་གྲགས་པའི་རྒྱུ་ནི་ཚུལ་ཁྲིམས་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཚུལ་ཁྲིམས་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་པ་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་བསྒོམ་པ་དང་། ཏིང་ངེ་འཛིན་བསྒོམ་པ་དང་། [158b] [158b.1]ཤེས་རབ་བསྒོམ་པའོ་ཞེས་གསུངས་པ་ནི་ཚིགས་སུ་བཅད་པ་གཉིས་སོ། །ཁྱིམ་བདག་ལ་ལ་ཞིག་ཉི་མ་ལ་དད་པར་བྱེད་པ་དང་། དེ་ཉི་མ་འཆར་ཞིང་རྣམ་པར་སྣང་བར་གྱུར་པ་མཐོང་ནས། བཅོམ་ལྡན་འདས་ལ། འཇིག་རྟེན་འདི་ན་ཉི་མ་ལྟར། །ལམ་མེར་འབར་བ་སུ་ཞིག་མཆིས། །ཞེས་ཞུས་པ་ [158b.2]དང་། འདི་གསུངས་པ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །ཚུལ་ཁྲིམས་ཞེས་བྱ་བ་ནི། །སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའོ། །ཏིང་ངེ་འཛིན་ནི་དགེ་བ་ལ་སེམས་རྩེ་གཅིག་པའོ། །ཤེས་རབ་ནི་དོན་གྱི་དེ་ཁོ་ན་ཉིད་ངེས་པར་ཤེས་པ་སྟེ། དེ་དག་ཇི་སྐད་དུ་གསུངས་པ་བཞིན་ལེགས་པར་བསྒོམ་ [158b.3]པའོ། །སོ་སོ་བསྟན་པར་བྱ་བའི་ཕྱིར་དང་ཞེས་བྱ་བ་སྨོས་སོ། །དེ་བས་ན་འདི་གསུམ་ཞེས་བྱ་བ་གསུངས་ཏེ། འཕགས་པའི་སྡེ་ཚན་ལ་ནི་འདི་དག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་ཕུང་པོ་གསུམ་གྱི་ལམ་ཡང་དག་པར་བསྡུས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་པ་གང་གིས་ལེགས་ [158b.4]པར་བསྒོམ་པའི་འབྲས་བུ་བསྟན་པའི་ཕྱིར། ཤིན་ཏུ་དྲི་མེད་མཐར་ཕྱིན་ཞེས་བྱ་བ་སྨོས་ཏེ། དྲི་མ་མེད་པ་ནི་འདོད་ཆགས་ལ་སོགས་པའི་དྲི་མ་སྤངས་པའི་ཕྱིར་རོ། །ཤིན་ཏུ་མཐར་ཕྱིན་པ་ནི་སྲིད་པའི་རྩེ་མོ་མན་ཆད་ཀྱི་ཉོན་མོངས་པ་རྩ་བ་ནས་འབྱིན་པའི་ཕྱིར་རོ། །གདུང་མེད་ཅེས་བྱ་བ་ནི་ཉོན་མོངས་པ་ [158b.5]སྤངས་པས་དེས་བསྐྱེད་པའི་ཡིད་ཀྱི་གདུང་བ་དང་བྲལ་བའི་ཕྱིར་རོ། །ཡང་སྲིད་ཟད་གྱུར་དང་ཞེས་བྱ་བ་ནི་སྐྱེ་བའི་རྒྱུ་སྤངས་པའི་ཕྱིར་ཡང་སྲིད་པར་འབྱུང་མི་སྲིད་པའི་ཕྱིར་རོ། །ཆགས་པའི་འཆིང་བ་ལས་གྲོལ་ཞིང་། །ཞེས་བྱ་བ་ནི་སྲེད་པ་སྤངས་པས་ཆགས་པ་དང་བྲལ་བ་སྟེ། གང་གི་ཕྱིར་སྲིད་ [158b.6]པའི་རྩ་བ་ནི་སྲེད་པ་ཡིན་པས་དེ་སྤངས་པས་ན་ཡང་སྲིད་པ་ཟད་པའོ་ཞེས་བྱ་བའི་དོན་ཏོ། །ཀར་མི་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཚོར་བ་སྤངས་པའི་ཕྱིར་ཏེ། ཚོར་བའི་དབང་གིས་འདོད་པ་རྣམས་མངོན་པར་འཕེལ་བའི་ཕྱིར་རོ། །ཤེས་རབ་དང་ལྡན་པ་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་ [158b.7]པའོ། །ཅིའི་ཕྱིར་ཞེ་ན། ལུས་སྤངས་ཞེས་བྱ་བ་སྟེ། སྲིད་པ་གསུམ་གྱི་སྒྲིབ་པ་ལས་ངེས་པར་གྲོལ་བའོ། །དེ་ཡང་དེ་བསྐྱེད་པའི་གགས་སུ་གྱུར་པའོ། །བདུད་ཀྱི་ཡུལ་ལས་འདས་པ་དག །ཅེས་བྱ་བ་ནི་བདུད་ཀྱི་ཡུལ་ལས་འདས་ནས་འཆི་བདག་གི་བདུད་ལ་སོགས་པ་དང་བྲལ་བ་སྟེ། ཇི་སྐད་དུ་གང་ [159a] [159a.1]ཞིག་རྫུ་འཕྲུལ་གྱི་རྐང་པ་བཞི་ཀུན་དུ་བསྒོམ་ཞིང་བསྟེན་པ་ནི་བསྐལ་པའམ། བསྐལ་པ་ལས་ལྷག་པར་གནས་པར་འགྱུར་རོ་ཞེས་གསུངས་སོ། །དཔེ་དམན་པ་དག་བསྟན་པ་ནི། ཉི་མ་བཞིན་དུ་ལམ་མེར་འབར། །ཞེས་བྱ་བ་གསུངས་ཏེ། སྤྲིན་དང་བྲལ་བའི་ནམ་ [159a.2]མཁའི་ཉི་མ་དང་འདྲ་བར་སྲིད་པ་གསུམ་དུ་ཁྱད་པར་དུ་འཕགས་ཤིང་རྣམ་པར་མཛེས་པའོ། །གནས་མ་ལུས་པར་གྲགས་པར་འདོད་པའི་ཐབས་བསྟན་པའི་ཕྱིར་འདི་གསུངས་སོ། །ཉི་མ་ལ་དད་པ་དེ་ཉིད་མངོན་པར་དད་པར་གྱུར་ནས་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་ལྟར་ཚུལ་ཁྲིམས་ལ་སོགས་ [159a.3]པར་བསྒོམ་པ་ནི་འབྲས་བུ་ཆེ་སྟེ། དེ་ལ་འདིར་གང་གི་བ་གེགས་སུ་གྱུར་པ་ནི་གང་ཞིག་ཡིན། ཐམས་ཅད་རྫོགས་པ་ནི་གང་ཡིན་སྙམ་པ་དང་། དེའི་བསམ་པ་མཁྱེན་ནས་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དག་པར་ཞུགས་ཤིང་བསྒོམ་པས་ཡོངས་སུ་རྫོགས་པར་འགྱུར་གྱི། ལོག་པར་ཞུགས་པ་ [159a.4]ནི་མ་ཡིན་ནོ། །ཇི་ལྟར་ན་ལོག་པར་ཞུགས་པ་ཡིན། འདི་ན་གང་ཞིག་ནི་བག་མེད་པར་གྱུར་པ་ཡིན་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་ཞེས་བྱ་བ་གསུངས་སོ། །དགེ་སློང་ཕྱི་དང་ནང་ཉིད་ལ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལ་སེམས་འཕྲོས་པའོ། །དེ་ཉིད་ནི་རེ་རེ་ཞིང་ [159a.5]བགེགས་སུ་གྱུར་པའི་ཕྱིར་རོ། །བག་མེད་ཅེས་བྱ་བ་ནི་བག་མེད་པ་ལ་གནས་པའོ། །རློམ་པར་བྱེད་ཅེས་བྱ་བ་ནི་ཁེངས་པ་སྟེ། བདག་ཏུ་རློམ་སེམས་པས་ཡོན་ཏན་རྣམས་ཀྱི་རྩ་བ་ནས་འབྱིན་པར་གནས་ཏེ། དྲེགས་པས་བཅོམ་པས་ཡོན་ཏན་རིང་མི་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ [159a.6]པས་སོ། །ཡང་ན་འདམ་བུ་མཐོན་པོ་དང་འདྲ་བར་ནང་ན་སྟོང་ཞིང་མནོག་ཆུང་བའོ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ། །དགེ་སློང་ཞེས་བྱ་བ་ནི་རབ་ཏུ་བྱུང་བར་གྱུར་ཀྱང་ངོ་། །ཕྱི་དང་ནང་ཉིད་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་སེམས་འཕྲོས་པ་སྟེ། དེ་རེ་རེས་ཀྱང་གོ་རིམས་ [159a.7]ཇི་ལྟ་བ་བཞིན་དུ་གགས་སུ་གྱུར་ཏེ། ཚུལ་ཁྲིམས་ལ་སོགས་པ་ཡོངས་སུ་རྫོགས་པར་མི་འགྱུར་ཞིང་རབ་ཀྱི་མཐར་ཐུག་པར་བསྒྲུབ་པར་མི་འགྱུར་རོ། །ཚུལ་ཁྲིམས་ལ་སོགས་པ་ཡོངས་སུ་སྦྱོང་ཞིང་དེའི་བར་ཆད་དང་བྲལ་བ་ལ་སྦྱར་བའི་ཕྱིར་འདི་གསུངས་སོ། །ཚུལ་ཁྲིམས་གང་གིས་ [159b] [159b.1]དག་པ་དང་མ་དག་པར་འགྱུར་ཞེ་ན། སྤྲིན་གྱིས་ཁེབས་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་ཀཽ་ཤཱམྦཱིར་ཚེ་དང་ལྡན་པ་འདུན་པ་གནས་པ་ན་དེ་ཡང་དང་ཡང་དུ་ལྟུང་བ་འབྱུང་བ་དང་ཕྱིར་གསོ་བར་མི་བྱེད་དོ། །དེ་ལ་དགེ་སློང་རྣམས་ཀྱིས་བརྩད་ཅིང་དྲིས་པ་ན། ངས་ལྟུང་བའི་རྣམ་པ་འདི་ [159b.2]མ་མཐོང་ངོ་ཞེས་ཟེར་བ་དང་། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། ཇི་སྲིད་ཚིགས་སུ་བཅད་པ་གཉིས་གསུངས་སོ། །སྤྲིན་གྱིས་ཁེབས་ལས་ཞེས་བྱ་བ་ནི་སྤྲིན་གྱིས་ཁེབས་པ་བཞིན་དུ་གང་དུ་ཉེས་པ་རྣམས་སྦེད་པ་དེ་ཉིད་ནི་འདིར་ཚུལ་ཁྲིམས་ཉམས་པའི་ [159b.3]ཁྱད་པར་ཡིན་པར་ཤེས་པར་བྱ་སྟེ། གཞན་དག་མི་སྲིད་པའི་ཕྱིར་རོ། །དེ་ཡང་དྲན་པ་བརྗེད་པ་ལས་ཚུལ་ཁྲིམས་འཆལ་པ་ལ་ཅུང་ཟད་ལ་ཁྱད་དུ་གསོད་ཅིང་གལ་ཏེ་རྙེད་པ་དང་བཀུར་སྟི་རྣམ་པར་གཅོད་པའི་འཇིགས་པས་བཀབ་པ་ན་ཉེ་བར་སྤྱོད་པ་དེ་མངོན་པར་འབབ་ཅིང་གཞན་དག་མངོན་པར་འཕེལ་ [159b.4]བར་འགྱུར་རོ། །ཇི་ལྟར་ནམ་མཁའ་ལ་སྤྲིན་གྱིས་ཁེབས་པ་ལས་ཆར་འབབ་པར་འགྱུར་ཞིང་། སྤྲིན་དང་བྲལ་ཞིང་གནམ་ཐང་བ་ལས་ནི་ཆར་མི་འབབ་པོ། །དེ་བཞིན་དུ་གང་གི་ཚེ། འབའ་ཞིག་གི་དྲུང་དུ་སོ་སོར་འཆགས་ཤིང་སྨྲ་བ་དེའི་ཚེ་རྒྱུད་ལ་འཆིང་བར་མི་འགྱུར་རོ། །དེ་བས་ཁེབས་པ་སོལ་ཅིག་ [159b.5]དང་། །ཞེས་བྱ་བ་དང་། གཏན་ཚིགས་དེ་བས་ན་གཞན་དག་གིས་ཡོངས་སུ་མི་ཤེས་པའི་སྒྲིབ་པ་ཡང་བཤགས་པར་བྱ་སྟེ། དེ་ལྟར་ན་དེ་འབབ་པར་མི་འགྱུར་ཞིང་རྣམ་པ་འདིས་སྡིག་པ་སོགས་ཤིང་འཕེལ་བར་མི་འགྱུར་ཏེ། སྤྲིན་གྱིས་ཁེབས་ལས་ཆར་འབབ་ཅིང་། །ཞེས་བྱ་བ་མི་ཤེས་པའི་ [159b.6]སྒྲིབ་པས་འཕགས་པའི་བདེན་པ་བཞི་ཁེབས་ཤིང་། ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་ཆར་འབབ་པར་འགྱུར་གྱི། སྒྲིབ་པ་དང་བྲལ་བ་རྣམས་ནི་འདི་ལྟར་མི་བྱེད་དོ་ཞེས་གཞན་དག་ཟེར་རོ། །འདིའི་དོན་ནི་ཚུལ་ཁྲིམས་དང་འབྲེལ་པ་མེད་པས་ན་མི་རིགས་སོ་ཞེ་ན། དེ་ནི་ཤིན་ཏུ་ [159b.7]ཡང་ཚུལ་ཁྲིམས་དག་པར་རིགས་ཏེ། དེ་ལྟར་རྟག་ཏུ་མཐོང་བ་དང་། །ཞེས་བྱ་བ་སྨོས་ཏེ། ཡོན་ཏན་ཉེས་པ་འདི་དག་འདིར་རྟོགས་པའོ། །རྟག་ཏུ་བསླབ་ཅེས་བྱ་བ་ནི་དུས་རྟག་ཏུ་ཡང་ཚུལ་ཁྲིམས་ལ་སོགས་པ་ལ་བསླབ་པར་བྱ་བ་སྟེ། དགེ་སློང་དག་སྡིག་པ་གང་ཡིན་པ་དང་སྒྲོགས་པ་དང་། [160a] [160a.1]དགེ་བ་རྣམས་སྦས་པས་གནས་ཤིང་སྡིག་པས་མ་བསྒྲིབས་པར་གྱིས་ཤིག་ཅེས་བྱ་བའོ། །དགེ་སློང་ནི་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་རྗེས་སུ་འཇུག་པ་སྟེ། དེའི་མཚན་ཉིད་ནི་ཚུལ་ཁྲིམས་སྡོམ་པ་དང་ཞེས་བྱ་བ་གསུངས་ཏེ། འདུལ་བའི་སྡེ་སྣོད་ལས་ [160a.2]གསུངས་པའི་སྤྱོད་པ་རྣམས་ལ་ཡང་དག་པར་བསྡམས་ཤིང་། ཚུལ་ཁྲིམས་དང་དབང་པོ་སྡོམ་པ་དག་དང་ཡང་དག་པར་ལྡན་པས་བསྡམས་པའོ། །དེའི་ཁྱད་པར་ཇི་ལྟ་བུ་བསྒྲུབ་ཅེ་ན། མྱ་ངན་ལས་འདས་པར་འགྲོ་བའི་ལམ་ཞེས་བྱ་སྟེ། མྱ་ངན་ལས་འདས་པར་འགྲོ་བའི་ཐབས་སོ། །མྱུར་བ་ཁོ་ནར་ཞེས་བྱ་བ་ [160a.3]ནི་རིངས་པ་ཁོ་ནར་རོ། །རྣམ་པར་དག་ཅེས་བྱ་བ་ནི་བསྒོམ་པས་ཡོངས་སུ་རྫོགས་པར་བྱ་བ་སྟེ། ལམ་ནི་བསྒོམ་པར་བྱ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །ལམ་བསྒོམ་པའི་ཐབས་བསྟན་པར་བྱ་བའི་ཕྱིར་འདི་གསུངས་སོ། །ཚུལ་ཁྲིམས་ནི་དྲི་མཆོག་རྒྱས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། [160a.4]མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་གསུངས་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པར་སོང་ནས་ཡང་དག་པར་གཞག་པ་སྟེ། འདི་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་སྐྱེས་པ་དང་། དེ་བསལ་བའི་ཕྱིར་དྲིའི་རིགས་ནི་རྣམ་པ་གསུམ་ [160a.5]སྟེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །མེ་ཏོག་དྲི་ནི་ཞེས་བྱ་བ་ནི་མེ་ཏོག་གི་དྲི་ཡིད་དུ་འོང་བའོ། །རྫི་ཕྱོགས་མིན་མི་འགྲོ་ཞེས་བྱ་བ་ནི་རླུང་མངོན་པར་མི་ཕྱོགས་པར་མི་འགྲོ་བའོ། །དེ་ལྟ་ན་ནི་པ་རི་ཛ་ཏ་དང་། ཀོ་བི་ད་ར་ལ་སོགས་པ་རྣམས་ནི་རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་བརྒྱར་དྲིས་ [160a.6]ཁྱབ་ལ། རྫི་ཕྱོགས་སུ་ནི་དཔག་ཚད་ལྔ་བརྒྱར་ཁྱབ་བོ་ཞེས་བཤད་ན། དེ་ལྟར་ཤིང་དེ་དཀར་བ་ཡིན་ཞེ་ན། དགོངས་པ་ནི་མི་རྣམས་ཀྱི་མེ་ཏོག་གི་དྲིའི་དབང་དུ་མཛད་པ་ཡིན་པས་ཉེས་པ་མེད་དོ། །རྩ་བ་ཞེས་བྱ་བ་ནི་ཨ་ག་རུ་ལ་སོགས་པའི་དྲི་ནི་རྩ་བའི་དྲི་ཞེས་བྱ་བའི་དོན་ཏོ། །རྒྱ་སྤོས་ཞེས་བྱ་བ་ནི་དྲི་འདི་ [160a.7]ནི་རྒྱ་སྤོས་ཀྱི་ཡིན་ནོ་ཞེས་བྱ་བའོ། །ཙན་དན་རྣམས་ཀྱང་མིན་ཞེས་བྱ་བ་ནི་ཙན་དན་གྱི་དྲི་སྟེ། འདི་དག་གིས་ནི་དྲི་ཐ་མལ་པ་བཤད་པ་ཡིན་ནོ། །དམ་པའི་དྲི་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་རླུང་དང་ཡང་གྲགས་པའི་རང་བཞིན་གྱི་དྲིའོ། །ནི་ཞེས་བྱ་བའི་སྒྲ་ནི་དོན་གསལ་བར་བྱ་བའི་ཕྱིར་རྫི་ཕོྱགས་ [160b] [160b.1]མ་ནི་མི་འགྲོ་ཞེས་བྱ་བ་སྨོས་ཏེ། རླུང་མངོན་པར་མི་ཕྱོགས་པར་ཡང་མི་འགྲོ་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཕྱོགས་རྣམས་ཀུན་དུ་ཞེས་བྱ་བ་སྟེ་ཕྱོགས་ཀྱི་ཆ་མ་ལུས་པར་རོ། །མི་མཆོག་ནི་སྤྱོད་པ་དམ་པའི་དྲི་དང་བཅས་པའོ། །དྲི་ཡིས་ཁྱབ་ཅེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་རང་བཞིན་གྱི་ [160b.2]གྲགས་པའི་དྲིས་ཁྱབ་ཅེས་བྱ་བའི་དོན་ཏོ། །དེ་སྐད་དུ། དམ་པ་ས་ཕྱོགས་གང་ན་གནས་གྱུར་པ། །སྟོན་ཟླ་དྲི་མེད་ལྟ་བུར་གྲགས་པ་སྣང་། །འཇིག་རྟེན་གསུམ་པོ་དག་ཏུའང་སྣང་གྱུར་ཕྱིར། །དེ་བས་ཚུལ་ཁྲིམས་ཕྱི་ནང་བསྲུང་བར་བྱ། །ཅི་ཕྱིར་ཕྱོགས་རྣམས་ཀུན་དུ་ཁྱབ་པ་ཡི། །ཚུལ་ [160b.3]ཁྲིམས་ཕུང་པོ་ལས་གཞན་དྲི་ཡོད་མིན། །ཞེས་གསུངས་པས་སོ། །བླ་ན་མེད་པའི་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། རྒྱ་སྤོས་དང་ནི་ཙན་དན་དང་། ཨུཏྤལ་དང་ཞེས་བྱ་བ་དག་ཡིན་ཏེ། ཨུཏྤལ་ལ་དང་བཅས་པའོ། །མཱ་ལི་ཀ་ནི་མེ་ཏོག་གི་རིགས་སོ། །འདི་དག་པས་ཞེས་བྱ་བ་ནི་སྔར་བཤད་ [160b.4]པའི་དྲིའི་རྣམ་པ་ལས་ཞེས་བྱ་བའི་ཚིག་གི་ལྷག་མ་སྟེ། དེ་རྣམས་ནི་གཅིག་ཏུ་ལུང་དུ་མ་བསྟན་པས་བླ་ན་ཡོད་པ་དང་བཅས་པའོ། །ཚུལ་ཁྲིམས་དྲི་བསུང་ཕུལ་དུ་ཕྱིན། །ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་དྲི་དེ་ནི་མཆོག་ཏུ་གཙོ་བོ་ཡིན་ཏེ། འབྲས་བུ་བདེ་བའི་ཕྱིར་དང་། སྐྱེས་བུ་དམ་པས་བསྔགས་པའི་ [160b.5]ཕྱིར་དང་། གཉིས་པ་མེད་པའི་ཕྱིར་རོ། །དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། ཆུང་ངུ་མ་ཞེས་བྱ་བ་གསུངས་ཏེ། ཆུང་ངུ་མ་ཙམ་དུ་ཡོངས་སུ་གྱུར་པའི་དྲི་ནི་དམན་པའོ་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་འདི་ཉིད་ན་སྣ་ཙམ་གྱིས་ཉེ་བར་ལོངས་སྤྱོད་པ་ཡིན་པའི་ཕྱིར་ཞེས་པའི་དོན་ཏོ། །ཆུང་ངུ་མ་ཙམ་དུ་བརྗོད་ [160b.6]པའི་དྲི་འདི་གང་ཡིན་ཞེ་ན། འདི་ནི་ཞེས་བྱ་བ་གསུངས་ཏེ། རྒྱ་སྤོས་དང་ཙན་དན་ལ་སོགས་པ་གང་ཡིན་པའི་དྲི་དེ་ནི་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་ལྡན་པའི་དྲི་བསུང་གང་། །ཞེས་བྱ་བ་ནི་གང་ཡང་དམ་པ་རྣམས་ཀྱི་གྲགས་པའི་དྲི་དེའི་རླུང་གིས་ཁྱབ་པར་གྱུར་པ་ནི་མཐོ་རིས་ཁྱབ་ཅེས་བྱ་བ་སྟེ། [160b.7]གནས་གཙང་མའི་གནས་སུ་ཡང་ཁྱབ་ན་འདི་ནི་མི་རྣམས་ན་ལྟ་སྨོས་ཀྱང་ཅི་དགོས། ཚུལ་ཁྲིམས་ཀྱི་ཕན་ཡོན་གཞན་བསྟན་པའི་ཕྱིར། ཚུལ་ཁྲིམས་རྣམ་པར་དག་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་འདི་ནི་རྙོག་པ་རྣམས་ཀྱི་བུ་ག་མེད་པ་ལ་སོགས་པའི་ཁྱད་པར་ [161a] [161a.1]དང་ལྡན་པའོ། །ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པའི་གཙོ་བོའི་ཡན་ལག་བསྟན་པར་བྱ་བའི་ཕྱིར། བག་ཡོད་པར་ནི་གནས་བྱ་ཞིང་། །ཞེས་བྱ་བ་གསུངས་ཏེ། བག་མེད་པར་སྤྱོད་པ་རྣམས་ནི་འདིས་ལམ་གྱི་ཚོགས་སུ་གྱུར་པར་བཤད་པའོ། །ཡང་ [161a.2]དག་ཤེས་པས་རྣམ་གྲོལ་ན། །ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་ཅིང་ངེས་པ་ནི་ཡང་དག་པའི་ཡེ་ཤེས་ཏེ། ཟག་པ་མེད་པའི་ཡེ་ཤེས་སོ། །དེས་རྣམ་པར་གྲོལ་བ་ནི་ཁམས་གསུམ་གྱི་ཉོན་མོངས་པ་ལས་གྲོལ་བའོ། །དེ་རྣམས་ནི་འདི་ལྟ་བུའི་ཡོན་ཏན་ལ་བརྟེན་པས། བདུད་ཀྱི་ལམ་ནི་རྙེད་མི་ [161a.3]འགྱུར། །ཞེས་བྱ་བ་སྟེ། ལྷའི་བུའི་བདུད་ཀྱི་བགྲོད་པར་དེ་མི་འགྱུར་བའོ། །སྔར་བཤད་པ་འདི་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ནི་བདེ་བར་འགྲོ་ལམ་སྟེ། །ཞེས་བྱ་བ་གསུངས་ཏེ། བཤད་མ་ཐག་པའི་ཚིགས་སུ་བཅད་པས་བརྗོད་པ་ནི་རྒྱུ་དང་འབྲས་བུ་རྣམ་པར་དག་པ་ཉིད་དེ། ཚུལ་ཁྲིམས་དང་ [161a.4]བག་ཡོད་པ་ལ་སོགས་པ་དང་ལྡན་པའི་ལམ་འདི་ནི་བདེ་བར་འགྲོ་བ་སྟེ་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་སོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཀྱང་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། རྣམ་པར་དག་བྱེད་ལམ་འདི་ལ། །ཞེས་བྱ་བ་གསུངས་ཏེ། ཁམས་གསུམ་གྱི་བག་ལ་ཉལ་སྤང་བ་ནི་རྣམ་པར་དག་པ་སྟེ། [161a.5]དེའི་དོན་གྱི་ཚུལ་ཁྲིམས་ལ་སོགས་པའི་ཚུལ་ནི་ལམ་སྟེ། དེ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་འདི་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། གང་གི་ཕྱིར་རབ་ཏུ་ཞུགས་ཏེ་ཞེས་བྱ་བ་གསུངས་ཏེ། ཚུལ་ཁྲིམས་རྣམ་པར་སྦྱོང་བ་དང་། བག་ཡོད་པ་ལ་གནས་པ་དང་། ལམ་སྒོམ་པར་བྱེད་ [161a.6]པའོ། །བསྒོམས་ནས་ཀྱང་ཞེས་བྱ་བ་ནི་བསྒོམ་པའི་ངང་ཚུལ་ཅན་ཏེ། འདི་ལྟར་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་བརྩོན་པའོ། །དེ་ཡང་། ཤེས་རབ་མེད་ལ་བསྒོམ་པ་མེད། །ཤེས་རབ་དག་ནི་བསྒོམས་ལས་འབྱུང་། །ཞེས་ལུང་ལས་གསུངས་པས་སོ། །བདུད་ཀྱི་འཆིང་བ་ནི་བདུད་ཀྱི་ [161a.7]ཞགས་པ་སྟེ། དེ་ཡོངས་སུ་སྤངས་པ་སྟེ། འཆི་བའི་ཆོས་ཅན་ཉེ་བར་གདུང་བའི་བག་ལ་ཉལ་ནི་བདུད་དེ། དེ་ཉིད་ནི་འཆིང་བའོ། །དེ་སྤང་བ་ནི་ཡོངས་སུ་འདོར་བ་སྟེ། བདུད་ཀྱི་འཆིང་བ་དོར་བར་བྱ། །ཞེས་བྱ་བར་སྦྱར་རོ། །བདུད་ཀྱི་འཆིང་བ་ལས་རྣམ་པར་གྲོལ་བའི་ཐབས་བསྟན་པའི་ [161b] [161b.1]ཕྱིར་འདི་གསུངས་པ་ཡིན་པར་ཤེས་པར་བྱའོ། །ཚུལ་ཁྲིམས་ཀྱི་ཚོམས་ཏེ་དྲུག་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་རབ་ཏུ་བསྟན་པའི་ཕྱིར་རམ། དེའི་རྣམ་གྲངས་བསྟན་པར་བྱ་བའི་ཕྱིར། ལེགས་པར་སྤྱོད་པའི་ཚོམས་བསྟན་པར་བྱ་སྟེ། ལུས་ཀྱིས་ [161b.2]ཉེས་པར་སྤྱོད་སྤང་ཞིང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། མཉན་དུ་ཡོད་པ་ན་དགེ་སློང་གསུམ་ཞིག་ལྷན་ཅིག་གནས་པ་ལས་གཅིག་ཅིག་ལུས་ཀྱིས་ཉེས་པར་སྤྱོད་པའི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པར་གནས་ལ། གཞན་དག་ཀྱང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དག་ལ་གནས་ཏེ། [161b.3]དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་གསུམ་གསུངས་པ་ཡིན་ནོ། །གང་གིས་ཤིན་ཏུ་ཉེས་པར་གྱུར་པ་ནི་ཉེས་པར་སྤྱོད་པ་སྟེ། དྲི་མར་བྱེད་པའི་རྒྱུར་གྱུར་པ་ནི་ཉེས་པར་སྤྱོད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལས་གཞན་པས་ནི་ལུས་ཉེ་བར་བཅོམ་ཞིང་ཉེས་པར་སྤྱོད་པ་མ་ཡིན་ནོ། །དེ་ལ་ཉེ་བར་ [161b.4]གཟུང་བའི་ལས་ཀྱི་ལམ་ཡང་དག་པར་བླངས་པས་ཉེས་པར་སྤྱོད་པ་ཡིན་པའམ། ལུས་ཀྱི་བདག་ཉིད་ཅན་ཡིན་ནམ། ལུས་རྒྱུར་གྱུར་པའི་ཉེས་པར་སྤྱོད་པ་ནི་ལུས་ཀྱིས་ཉེས་པར་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ། དེ་སྤང་ཞིང་དེ་བཟློག་པའི་ཕྱིར་འབད་པས་རྗེས་སུ་མནོས་ཤིག་པའོ། ། [161b.5]ལྡོག་པར་བྱེད་པའི་ཚུལ་གྱིས་ལེགས་པར་སྤྱོད་པའི་ཚུལ་གྱི་རང་བཞིན་སྨྲས་ནས། འཇུག་པའི་བདག་ཉིད་བསྟན་པའི་ཕྱིར། ལུས་ཀྱིས་ལེགས་སྤྱད་སྤྱད་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། ལུས་ཀྱི་སྡོམ་པ་དང་ཡང་དག་པར་ལྡན་པར་འགྱུར་བའོ། །སྔར་གྱི་ཚིགས་སུ་བཅད་པ་ཕྱེད་རྣམ་པར་ [161b.6]དབྱེ་བའི་ཕྱིར། ལུས་ཀྱི་ཉེས་ཆེན་ལས་བསྲུངས་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་ངག་དང་ཡིད་ཀྱི་ཚིགས་སུ་བཅད་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །ལུས་ཀྱིས་ཉེས་པར་སྤྱོད་སྤང་ཞིང་། །ཞེས་བྱ་བ་ནི་དགེ་སློང་ལྷན་ཅིག་གནས་པ་གསུམ་པོ་དེ་ཉིད་ཀྱིས་ཆོས་ཀྱི་རྣམ་ [161b.7]གྲངས་འདི་ཐོས་པས་ཡང་དག་པའི་འདུ་ཤེས་སྐྱེས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་དུ་མདོར་བསྡུས་ནས་བཙུན་པ་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པས་ཡུན་རིང་པོའི་དོན་དུ་འགྱུར་རོ་ཞེས་བྱ་བ་ནས་ཇི་སྲིད་ཚིགས་སུ་བཅད་པ་གསུམ་གསུངས་སོ། །ལུས་ [162a] [162a.1]ཀྱིས་ཉེས་པར་སྤྱོད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་རྣམ་པ་གསུམ་པོ་སྦྱོར་བ་དང་མཇུག་དང་བཅས་པའོ། །སྤང་བ་ནི་དོར་བའོ། །ངག་གིས་ཉེས་པར་སྤྱོད་པ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་ངག་གི་ཉེས་པར་སྤྱོད་པ་བཞིའོ། །ཡིད་ཀྱིས་ཉེས་པར་ [162a.2]སྤྱོད་པ་ཞེས་བྱ་བ་ནི་བརྣབ་སེམས་ལ་སོགས་པ་རྣམ་པ་གསུམ་མོ། །གང་གཞན་ཞེས་བྱ་བ་ནི་གང་ཡང་ལས་ཀྱི་ལམ་གཞན་དག་གིས་བསྡུས་པའི་ཉེས་པར་སྤྱོད་པ་དེ་དག་ཀྱང་སྤང་བར་བྱའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྐྱོན་ལྡན་ཞེས་བྱ་བ་སྟེ། ཉོན་མོངས་པ་དང་འབྲེལ་ཅིང་ཉོན་མོངས་པ་སློང་བ་ [162a.3]ཉིད་དང་འབྲས་བུ་མི་སྡུག་པ་ཉིད་ཀྱི་ཕྱིར་རོ། །དེ་དག་སྤངས་ནས་ཅི་ཞིག་བྱ་ཞེ་ན། ལུས་ཀྱིས་དགེ་བ་རྣམས་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱིས་སྲོག་གཅོད་པ་སྤངས་པ་ལ་སོགས་པ་རང་བཞིན་ཅན་གྱི་ལེགས་པར་སྤྱོད་པར་བྱ་བའོ། །ངག་གིས་དགེ་བ་ཕལ་ཆེར་བྱ། །ཞེས་བྱ་ [162a.4]བ་ནི་ངག་གི་ལེགས་པར་སྤྱོད་པ་རྣམ་པ་བཞི་ཡོད་པས་ཕལ་ཆེར་བ་སྟེ་དེ་བྱ་བའོ། །ཡིད་ཀྱིས་ཇི་ཙམ་དང་ཇི་ལྟ་བུའི་དགེ་བ་བྱ་ཞེ་ན། ཚད་མེད་བཞི་དང་བྲལ་མི་བྱ། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་ཚད་མེད་པ་སྟེ། ལུས་ལ་སོགས་པའི་ལེགས་པར་སྤྱོད་པ་ནི་ [162a.5]སོ་སོར་ངེས་པའི་གང་ཟག་ལ་དམིགས་པས་ན་ཚད་ཡོད་པའི་ཕྱིར་རོ། །བཞི་དང་བྲལ་བ་ནི་འཚེ་བ་དང་བྲལ་བ་སྟེ། མྱ་ངན་ལས་འདས་པའི་དབྱིངས་སུ་གྱུར་པའོ། །ལྷག་པའི་བསམ་པས་དེ་ལྟར་སྤྱོད་པའི་ཕན་ཡོན་བསྟན་པའི་ཕྱིར། ལུས་ཀྱིས་དགེ་བ་རྣམས་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ [162a.6]ཏེ། དེའི་དོན་ནི་བཤད་ཟིན་ཏོ། །འདི་དང་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའོ། །ཕ་རོལ་དག་ཏུ་ཡང་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དུ་སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས་པའི་བདེ་བ་འདིས་འཐོབ་པའོ། །རྟག་ཏུ་བདེ་བ་ཞེས་བྱ་བ་ནི་འདིའི་སྲེད་པ་ཟད་པའི་བདེ་བ་ནི་རྟག་པ་ཡིན་པའི་ [162a.7]ཕྱིར་ཏེ། གང་རྒྱུ་རྟག་པ་དང་མངོན་པར་ལྡན་པ་དེ་ནི་དག་པའི་འབྲས་བུ་འཐོབ་བོ་ཞེས་བྱ་བའི་ཚུལ་གྱིས་ཏེ། དགེ་སློང་དག་དེ་ནས་དེའི་རྗེས་སུ་འབྲང་བས་དེ་ཁྱད་པར་དུ་འཐོབ་པར་འགྱུར་བའོ་ཞེས་བྱ་བའོ། །གང་ཞིག་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་སྤང་བར་ནུས་ཤིང་ལེགས་པར་སྤྱོད་པ་ [162b] [162b.1]ལ་རྗེས་སུ་གནས་ཤིང་འགྱུར་བ་གང་ཡིན་པ་དེ་ནི་འཚེ་བ་མེད་པ་ཉིད་དུ་བསྟན་པའི་ཕྱིར། རྟག་ཏུ་ལུས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་མཆོད་སྦྱིན་འདོད་ཅེས་བྱ་བའི་བྲམ་ཟེ་ཞིག་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། ཇི་ཙམ་ན་བཙུན་པ་བདག་ནི་འཚེ་བ་མེད་པའི་མཆོད་སྦྱིན་ [162b.2]བགྱིད་དེ། དེ་ཅིའི་སླད་དུ་ཞེ་ན། གང་ཡང་མཆོད་སྦྱིན་ལ་བ་གླང་དང་། མ་ཧེ་དང་མ་ཧེ་མོ་ལ་སོགས་པ་ཇི་སྲིད་འདི་དག་ཐམས་ཅད་བསད་པས་བདེ་འགྲོར་འགྲོའོ་ཞེས་བྱ་བ་དེ་ལ་བདག་གློ་བ་མི་ཆེས་ཏེ། ཆོས་ནི་མི་འཚེ་བའི་མཚན་ཉིད་ཅན་ཞེས་བགྱི་བ་ལགས་སོ་ཞེས་གསོལ་པ་དང་། དེ་ [162b.3]ནས་ཚིགས་སུ་བཅད་པ་བཞི་གསུངས་སོ། །གཞན་དག་ནི་དགེ་སློང་ཤིན་ཏུ་ཟིན་ཅིང་དེས་པ་བཞི་བཅུ་པོ་ནི་གང་ལ་ཡང་འཚེ་བར་མི་བྱེད་ལ། དྲུག་སྡེ་འདི་ནི་རྟག་ཏུ་གཞན་ལ་འཚེ་བར་བྱེད་པས་དེ་ལ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །རྟག་ཏུ་ལུས་ནི་བསྡམས་པའི་ཕྱིར། །ཞེས་བྱ་བ་ནི་རྒྱུན་དུ་ [162b.4]སོ་སོར་ཐར་པ་དང་། བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པས་བསྡམས་པའི་ལུས་དང་ལྡན་པའི་ཕྱིར་རོ། །ཐུབ་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་རྣམས་སོ། །འཚེ་བ་མེད་པ་ཡིན་ཞེས་བྱ་བ་ནི་མི་འཚེ་བས་ན་འཚེ་བ་མེད་པ་སྟེ། དབྱིག་པ་དང་མཚོན་ཆ་ལ་སོགས་པས་གཞན་ལ་ [162b.5]མི་འཚེ་བ་ཞེས་བྱ་བའི་དོན་ཏེ། འདིས་ནི་ཕྱི་རོལ་གྱི་འཚེ་བ་དང་། དེའི་རྒྱུ་དང་བྲལ་བའོ། །དེའི་འབྲས་བུ་ནི། དེ་ནི་འཆི་མེད་གནས་འགྲོ་ཞིང་། །ཞེས་བྱ་བ་གསུངས་ཏེ། དེ་འཆི་བ་མེད་པའི་གནས་ཞེས་བྱ་བ་མི་འཆི་བའི་གནས་སོ། །འགྲོ་ཞིང་ཞེས་བྱ་བ་ནི་ཐོབ་པ་སྟེ་མྱ་ངན་ལས་འདས་ [162b.6]པ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་དེའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། གང་དུ་སོང་ན་མྱ་ངན་མེད། །ཅེས་བྱ་བ་གསུངས་ཏེ། གང་དུ་ཞེས་བྱ་བ་ནི་གནས་སོ། །སོང་བ་ཞེས་བྱ་བ་ནི་འདས་པར་གྱུར་པ་སྟེ། ཡང་ཀུན་ནས་གདུང་བའི་མྱ་ངན་རྗེས་སུ་མྱོང་བར་མི་འགྱུར་ཏེ། འཚེ་བ་ཐམས་ [162b.7]ཅད་ཤིན་ཏུ་སྤངས་པའི་ཕྱིར་རོ། །ངག་དང་ཡིད་ལ་ཡང་དེ་བཞིན་བརྗོད་པར་བྱའོ། །ལེགས་པར་སྤྱོད་པའི་མཚན་ཉིད་ཐུབ་པ་འབའ་ཞིག་གི་མ་ཡིན་གྱི། བརྟན་པ་རྣམས་ཀྱི་མཚན་ཉིད་ཀྱང་དེ་ཡིན་ཏེ་དེ་ཉིད་བསྟན་པའི་ཕྱིར། བརྟན་པ་རྣམས་ཀྱི་ལུས་བསྡམ་ཞིང་། །ཞེས་བྱ་བ་ལ་སོགས་ [163a] [163a.1]པ་གསུངས་ཏེ། བརྟན་པ་ཞེས་བྱ་བ་ནི་མཁས་པ་སྟེ། དེ་ཉིད་ནི་ལུས་ཀྱིས་མ་ཆགས་པ་ལ་བརྟེན་པའོ། །ངག་ཅེས་བྱ་བ་ནི་ཚིག་གོ །ཀུན་དུ་བསྡམ་བྱས་ན་ཞེས་བྱ་བ་ནི་གང་ཡང་རེ་རེ་ཞིག་སྡོམ་པ་དེ་ནི་བརྟན་པ་ཡིན་ལ། གང་གཉིས་སྡོམ་པ་དེ་ནི་ཤིན་དུ་ [163a.2]བརྟན་པ་ནི་གཙུག་གི་ནོར་བུའོ། །དེ་དག་འགྲོ་བར་འགྱུར་བ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་སུ་གྱུར་ཅིང་དམ་པའི་ཐར་པའི་གྲོང་ཁྱེར་དུ་འཇུག་པར་འགྱུར་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་ཚོགས་ལ་གནས་པའི་ཕྱིར་རོ། །གང་ཐུབ་པ་དང་བརྟན་པ་དེའི་མཚན་ཉིད་དང་། [163a.3]སྡོམ་པ་བཤད་ནས་དེ་ཇི་ལྟ་བུ་ཡིན་ཞེ་ན། ལུས་ཀྱི་སྡོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་ཉོན་མོངས་པ་ལ་འདུན་ཅིང་སྡིག་པ་རྣམས་ཉེ་བར་སྩོགས་ཏེ་དགེ་བའི་བྱ་བ་རྣམས་ལ་ནི་ཤིན་ཏུ་བརྩོན་པས་མི་འཇུག་སྟེ། དགེ་ [163a.4]བའི་ཕྱོགས་ཅུང་ཟད་ཙམ་གྱིས་མགུ་བར་འགྱུར་བས་ན་དེའི་དབང་དུ་མཛད་དེ། བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། དེ་ལ། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བའི་དོན་དེ་དང་འབྲེལ་པས་སྡིག་པའི་ཚོམས་སུ་བཤད་དེ། གཉིས་པ་ནི་འདིར་བཤད་ [163a.5]དོ། །གཞན་དག་ནི་དགེ་སློང་ལྔ་ལས་བརྩམས་པ་ཡིན་ནོ་ཞེས་ཟེར་རོ། །ལུས་ཀྱི་སྡོམ་པ་ཞེས་བྱ་བ་ནི་བསྡམས་པའོ། །ལེགས་པ་སྟེ་ཞེས་བྱ་བ་ནི་བསྔགས་པ་སྟེ། ཚེ་འདིར་གྲགས་པའི་འབྲས་བུ་ཉིད་དང་། ཕ་རོལ་དུ་མངོན་པར་འདོད་པར་སྨིན་པའི་འབྲས་བུ་ཉིད་དང་། བྲལ་བའི་འབྲས་བུ་ [163a.6]ཉིད་ཀྱིས་ན་ལེགས་པ་སྟེ། གང་འདི་ལུས་ཀྱི་སྡོམ་པ་དེ་ནི་ལེགས་པའི་དངོས་པོར་ཤེས་པར་བྱའོ་ཞེས་པའོ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་བྱ་བ་ཡང་ཅིའི་ཕྱིར་ཞེ་ན། ཀུན་དུ་བསྡམས་པའི་དགེ་སློང་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་གང་ལ་ལ་ལུས་ལ་ [163a.7]སོགས་པ་ཀུན་དུ་བསྡམས་པས་གནས་པ་དེ་ནི་བར་ཆད་མེད་པར་ལམ་བསྒོམས་པའི་སྟོབས་ཀྱིས་མྱུར་དུ་ཉོན་མོངས་པ་ཞི་བར་འགྱུར་ཏེ། དེ་མེད་ཅིང་བཅོམ་པས་ན་དགེ་སློང་སྟེ། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་ནས་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ [163b] [163b.1]ཐོབ་སྟེ། སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་གྲོལ་ཞིང་སྡུག་བསྔལ་མ་ལུས་པ་ལས་བསྐལ་བའི་ཕྱིར་རོ། །སྡོམ་པ་དང་ནི་ལམ་དུ་འབྲེལ་ལ། དེ་དང་འབྲེལ་པས་སྡུག་བསྔལ་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ངག་རྣམས་བསྲུང་ཞིང་ཞེས་བྱ་བ་ལ་སོགས་པ་ [163b.2]གསུངས་ཏེ། ངག་རྗེས་སུ་བསྲུང་བའི་ངང་ཚུལ་ཅན་འདི་ནི་ངག་གི་སྡོམ་པས་བསྡམས་པ་ཞེས་བྱ་བའི་དོན་ཏེ། ངག་རྗེས་སུ་བསྲུང་བའོ། །དེ་ཡང་བསྡམ་པའི་སྒྲའི་དོན་ནམ། ངེས་པར་བརྟགས་ཏེ་མི་དགེ་བ་མི་བྱ་བ་སྟེ། མི་དགེ་བ་དེ་ལས་ལྡོག་པའི་ཚུལ་ཅན་ནི་སྡོམ་པའོ། །ཅི་ལྡོག་པ་ཙམ་ [163b.3]གྱིས་ལམ་ལ་གནས་སམ་མ་ཡིན་ཞེ་ན། ལས་ལམ་གསུམ་པོ་འདི་དག་རྣམ་སྦྱངས་ན། །ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི་ལུས་ལ་སོགས་པའི་ལས་ཀྱི་དགེ་བ་ལ་སོགས་པའི་ལམ་གྱི་ཚོགས་ལ་བསླབ་པས་དྲི་མ་མེད་པར་བྱ་བ་སྟེ། གསུམ་པོ་དེ་ལས་གཞན་པའི་ལས་ཀྱི་ལམ་མི་ [163b.4]སྲིད་པར་བསྟན་པ་ཡིན་ནོ། །དྲང་སྲོང་གསུངས་པའི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་འཕགས་པའི་ལམ་ཞེས་བྱ་བའི་དོན་དེ་ནི་དེའི་གཅིག་པུར་གྱུར་པ་སྟེ། དེ་ཡང་དགེ་སློང་གང་དག་འཕགས་པའི་ཤེས་རབ་ཀྱིས་སྤང་བར་བྱའོ་ཞེས་མདོ་ལས་གསུངས་པས་སོ། །ལམ་ནི་འཐོབ་པར་འགྱུར་ [163b.5]ཞེས་བྱ་བ་ཉོན་མོངས་པའི་གཉེན་པོ་ཀུན་དུ་བསྒྲུབ་པར་གྱུར་པའོ། །ལེགས་པར་སྤྱད་པའི་ཚོམས་ཏེ་བདུན་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།ཚུལ་ཁྲིམས་ཀྱི་ཚོམས་སུ་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་ལས་ལྡོག་པའི་བསྔགས་པ་སྤྱིར་བསྟན་ན་དེ་ཅི་ཐམས་ཅད་ལ་ཀུན་དུ་ [163b.6]ལྡོག་པར་བྱ་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྨྲས་པ། དེ་ལྟ་མོད་ཀྱི་ཁྱད་པར་དུ་ངག་གིས་ཉེས་པར་སྤྱོད་པ་ཡིན་པས་འདི་ལྟར་དེ་ཙམ་གྱིས་དགེ་འདུན་གྱི་འཁོར་ལོའི་དབྱེན་བྱས་པ་ལས་ལྟུང་བ་ཐོབ་པར་འགྱུར་བའི་ཕྱིར་ཏེ། དེས་ན་དེ་ཉིད་སྨྲས་པ། གང་དག་བྱས་བཞིན་མ་བྱས་ཞེས་བྱ་བ་ལ་ [163b.7]སོགས་པའོ། །མཉན་ཡོད་ན་མུ་སྟེགས་ཅན་གཞན་གྱིས་བསྐུལ་ཏེ། ཙན་ཙ་ཞེས་བྱ་བའི་བྲམ་ཟེའི་བུ་མོ་ཤིན་ཏུ་ཡིད་དུ་འོང་ཞིང་བལྟ་ན་སྡུག་པ་ཞིག་གཞོང་པ་དཀུའི་ཕྱོགས་སུ་བཅིངས་ཏེ། བཅོམ་ལྡན་འདས་འཁོར་མང་པོའི་ནང་དུ་ཆོས་སྟོན་པའི་ཐད་དུ་འོངས་ཏེ་སྨྲས་པ། སྐད་ཤིན་ཏུ་ཆགས་ [164a] [164a.1]པ་དང་ཡིད་དུ་འོང་ཞིང་སྙན་པས་བདག་སྦྲུམ་པར་བྱས་སོ་ཞེས་བྱས་ཏེ། ད་ཁྱོད་ཀྱིས་ཆོས་ཤོད་ཅིག་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས། བརྫུན་དུ་སྨྲ་བ་དམྱལ་བར་འགྲོ་བར་འགྱུར། །ཞེས་བཀའ་སྩལ་ཏོ། །དེས་གསོལ་བ་ཡང་གང་ཞིག་བྱས་ནས་མི་སྨྲ་ [164a.2]བ་དེ་ཅིར་འགྱུར་ཞེས་པ་དང་། བཅོམ་ལྡན་འདས་ཀྱིས། གང་དག་བྱས་བཞིན་མ་བྱས་ཟེར་བ་དང་། །ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ། །དེའི་འོག་ཏུ་བརྒྱ་བྱིན་གྱིས་བྱི་བ་ཞིག་ཏུ་སྤྲུལ་ཏེ། དེས་གཞོང་པ་བཅིངས་པའི་སྐུད་པ་བཅད་ནས་སྐྱེ་བོའི་ཚོགས་ཆེན་པོའི་མངོན་སུམ་དུ་ [164a.3]ལྟུང་བར་བྱས་སོ། །དེ་ཡང་སགས་པའི་ནང་དུ་ཞུགས་ཏེ། མནར་མེད་པའི་དམྱལ་བའི་མེ་རབ་ཏུ་འབར་ཞིང་དྲག་པའི་ནང་དུ་སོང་ངོ་། །བརྫུན་ཞེས་བྱ་བ་ནི་མ་ཡིན་བཞིན་དུ་སྨྲ་བ་སྟེ། མེད་པའི་སྐྱོན་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དམྱལ་བར་འགྲོ་བར་འགྱུར་ཞེས་བྱ་བ་ལས་ཀྱི་ཞིང་ [164a.4]གི་གནས་ཇི་ལྟ་བ་བཞིན་དུ་ཡང་སོས་ལ་སོགས་པར་འགྲུབ་པར་འགྱུར་རོ། །གང་དག་བྱས་བཞིན་མ་བྱས་ཟེར་བ་དང་། །ཞེས་བྱ་བ་ནི་གང་ཡང་སྡིག་པ་བྱས་ནས་རྣམ་པར་སྦེད་པར་བྱེད་པ་གཞན་གྱིས་དྲིས་ན་ཡང་དེ་ཚོགས་ཀྱི་ནང་དུ་ཤེས་ཤིང་དྲན་པར་གྱུར་ཀྱང་མི་བརྗོད་དེ། བདག་གིས་ནི་དེ་ [164a.5]ལྟར་མ་བྱས་སོ་ཞེས་སྨྲ་བའོ། །དེ་ཡང་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་དང་གི་སྒྲའོ། །ཅིའི་ཕྱིར་གཉི་ག་ཡང་དམྱལ་བར་འགྲོ་བར་འགྱུར་ཞེ་ན། སྨྲས་པ། གཉི་ག་ཞེས་བྱ་བ་སྟེ། གང་དག་བདག་ཉིད་བཞིན་ལ་ཚིག་ངན་པ་བརྗོད་པ་སྟེ། གང་ཡང་མི་རིགས་པའི་ཚིག་སྨྲ་བ་དང་། དེ་ [164a.6]ལྟར་བདག་ནི་བྱེད་པ་མ་ཡིན་ནོ་ཞེས་སྨྲ་བ་འདི་གཉི་ག་སྟེ། འདི་ལྟར་དམན་པའི་ཆོས་ཞེས་བྱ་བ་དེ་འདིར་བལྟ་བར་བྱའོ། །སོང་ནས་ཞེས་བྱ་བ་ནི་འཇིག་རྟེན་འདི་ནས་ཤི་འཕོས་ནས་འཇིག་རྟེན་གཞན་དུ་འགྲོ་བའོ། །འདྲ་བར་ཞེས་བྱ་བ་ནི་མཉམ་པར་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་བའོ། ། [164a.7]ཅི་ཞིག་ཡིན་ཞེ་ན། སྨྲས་པ། དམན་པའི་ཆོས་ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་སྨད་པར་བྱ་བ་སྤྱད་ཅིང་། ངན་པའི་ལས་བརྫུན་དུ་སྨྲ་བ་བྱས་པས་སོ་ཞེས་དགོངས་སོ། །མི་དེ་ཞེས་བྱ་བ་ནི་སེམས་ཅན་ནོ། །གང་དུ་དེ་ལྟར་རྗེས་སུ་འགྲོ་བ་ཡིན་ཞེ་ན། སྨྲས་པ། ཕ་རོལ་ཏུ་ཕྱིན་ཞེས་ [164b] [164b.1]བྱ་བ་མཁས་པ་རྣམས་ལ་སྟེ། དེ་དག་ནི་སྐྱེ་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཅི་མཐོང་བའི་ཆོས་ཉིད་ལ་དམན་པའི་རྗེས་སུ་བརྗོད་པར་བྱ་བའམ་ཞེ་ན། མ་ཡིན་ཏེ། སྨྲས་པ། འོན་ཀྱང་ཕ་རོལ་དུ་ཞེས་བྱ་བ་འཇིག་རྟེན་ཕ་རོལ་གྱི་ཆེད་དུ་འདི་ལྟར་ངན་པར་སྤྱོད་པ་བྱས་ [164b.2]པར་གྱུར་ན་ཡང་སྐྱེ་བོའི་ཚོགས་ཆེན་པོའི་ནང་དུ་མི་སྟོན་པས་དེས་ལེགས་པར་སྤྱོད་པ་ཡིན་ནོ་ཞེས་འཇིག་རྟེན་དུ་བསྔགས་པར་འགྱུར་གྱི། འཇིག་རྟེན་ཕ་རོལ་དུ་ནི་མ་ཡིན་ཏེ། སྤྱོད་པ་དང་མཐུན་པ་ཉིད་དུ་དེར་འབྲས་བུར་འབྱུང་བ་ཡིན་པའི་ཕྱིར་སོང་ནས་ཞེས་བྱ་བ་དང་འདིར་སྦྱར་བར་བྱ་སྟེ། འདི་ནས་ [164b.3]སོང་ནས་འཇིག་རྟེན་ཕ་རོལ་དུ་ཞེས་བྱ་བའི་དོན་ཏོ། །ཚིག་གི་རྟེན་ལྕེ་དེ་ཡང་དག་གིས་ཉེས་པར་སྤྱོད་པའི་རྒྱུར་གྱུར་བ་ཡིན་པས་སྨད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྐྱེས་བུ་སྐྱེས་པའི་ཁ་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀོ་ཀ་ལི་ཀ་ཞེས་བྱ་བའི་དགེ་སློང་ལྷ་སྦྱིན་གྱི་ཚོགས་པ་ཡོན་ [164b.4]ཏན་ཡང་དག་པར་བླངས་པ་ལ་སོགས་པ་སྤོང་བར་བྱེད་ཅིང་འོད་མའི་ཚལ་ན་གནས་ཏེ། འོད་མའི་ཚལ་དེའི་བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་མ་དད་པར་བྱེད་ཅིང་འདུག་གོ། །ཇི་ཙམ་ན་དེར་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་འོངས་པར་གྱུར་ཏོ། །དེ་གཉིས་ཀྱིས་འདི་ལྟར་ཡི་དམ་བཅས་ཏེ། [164b.5]ཉིན་རེ་ཞིང་སེམས་ཅན་གཅིག་ངན་སོང་ལས་མ་ཕྱུང་བར་བདག་ཅག་གིས་ཟན་མི་བཟའོ་ཞེས་རྒྱ་ཆེར་ཏེ། དེས་ལུང་ཕོག་པའི་མཐུས་གཞན་ཞིག་ལྷའི་འཇིག་རྟེན་དུ་སྐྱེས་ཏེ། དེ་རྫུ་འཕྲུལ་གྱིས་འོད་མའི་ཚལ་དུ་འོངས་ནས་སྨྲས་པ། ཇི་ལྟར་ཉན་ཐོས་ཆེན་པོ་འདི་གཉིས་ལ་བསྙེན་བཀུར་མི་བྱེད་ [164b.6]ཅེས་དད་པ་སྐྱེད་དོ། །དེ་ནས་དེ་དག་ཁྲོས་ཏེ། ཀོ་ཀ་ལི་ཀ་ལ་ཇི་ལྟར་ཁྱོད་ཀྱིས་དོན་འདི་ལྟ་བུ་བདག་ལ་མ་བརྗོད་ཅེས་སྨྲས་སོ། །དེ་ཕྲག་དོག་གིས་རབ་ཏུ་གདུངས་ཏེ་དེ་གཉིས་ཀྱི་སྐྱོན་ཚོལ་བ་མཆོག་ཏུ་བྱེད་པར་གྱུར་པ་དང་། ཇི་ཙམ་ན་ཕུག་ཅིག་ཏུ་དེ་གཉིས་བསམ་གཏན་གྱི་ཕྱིར་ [164b.7]ཞུགས་པར་གྱུར་ཏོ། །སྐྱེས་བུ་གཉིས་ཤིག་དང་བུད་མེད་གཅིག་ཀྱང་སྟོན་ཀའི་ཆར་འབབ་པས་ཉེན་ཏེ། དེ་ཉིད་དུ་ཞུགས་སོ། །སྐྱེས་བུ་གཉིས་ནི་སྔར་སོང་ལ་བུད་མེད་ནི་ཕྱིས་བྱུང་བས་སྐྱེས་བུ་དེ་གཉིས་ཀྱིས་ཉེ་བར་ལོངས་སྤྱོད་པའི་མཚན་མ་མཐོང་ནས། ཀོ་ཀ་ལི་ཀས་འཕགས་པ་དེ་གཉིས་ [165a] [165a.1]ལ་སྡིག་པ་བྱེད་པ་ཡིན་ནོ་ཞེས་ཚིག་ངན་པ་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀོ་ཀ་ལི་ཀ་ཤཱ་རིའི་བུ་མཽད་གལ་གྱི་བུ་གཉིས་ལ་ནི་མངོན་པར་མ་དད་པ་མ་བསྐྱེད་ཅིག །དེ་དག་ནི་ཉེ་བ་ན་གནས་པ་ཡིན་ལ། དེ་གཉིས་ནི་དེས་ཤིང་ཚངས་པ་མཚུངས་ [165a.2]པར་སྤྱོད་པ་ཡིན་ཏེ། ཡུན་རིང་པོར་གནོད་པར་འགྱུར་རོ་ཞེས་གསུངས་སོ། །འདི་ལྟར་ཡང་བཅོམ་ལྡན་འདས་ཀྱིས་བདག་ལ་དད་པར་བྱས་པ་དང་། ཡིད་ཆེས་པར་བྱས་ཀྱང་བཅོམ་ལྡན་འདས་ཀྱིས་བདག་ལ་སྡིག་པ་འདོད་པ་ཡིན་ནོ་ཞེས་སྨྲས་སོ་ཞེས་ཟེར་རོ། །དེ་མ་ཐག་ཏུ་ཡུངས་ཀར་ཙམ་དང་མོན་སྲན་ [165a.3]སྡེའུ་ཙམ་དང་། སྲན་མ་ཙམ་དང་། རྒྱ་ཤུག་གི་ཚི་གུ་ཙམ་དང་། བིལ་འབྲས་བུ་ཙམ་དང་ག་པིད་ཏ་ཙམ་གྱི་འབྲུམ་བུ་རྣམས་ཀྱིས་ལུས་ལ་ཁྱབ་པར་གྱུར་ནས་ཇི་ཙམ་ན་དམྱལ་བ་པདྨ་ཆེན་པོ་ལྟར་གས་པར་སྐྱེས་ཏེ། དེའི་ཕྱིར་ཚིགས་སུ་བཅད་པ་གསུམ་གསུངས་སོ། །འདིར་ཁ་ཅིག་ནི་དེ་ལྟར་དགེ་ [165a.4]སློང་ཨར་གི་ཀ་ཞེས་བྱ་བ་དུས་ཇི་ལྟ་བ་བཞིན་དུ་འོངས་ཏེ། བཅོམ་ལྡན་འདས་ལ་གནོད་སེམས་ཤིན་ཏུ་དྲག་པོ་སྐྱེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ཉི་མ་བདུན་ལ་ཤི་འཕོས་ནས་དམྱལ་བར་སྐྱེ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཐོས་ཏེ་རང་གི་ཡུལ་ནས་ [165a.5]སྤྱུགས་སོ། །དེ་ལྟར་གྲོང་ཁྱེར་ཆེན་པོ་དྲུག་དང་། ཤིང་དྲུང་ལ་སོགས་པར་དེའི་ལྷ་རྣམས་དང་། ཝ་རྣམས་ཀྱིས་ཀྱང་གནས་རྙེད་པ་ཡིན་ན་བདག་གིས་ནི་འཛམ་བུའི་གླིང་དུ་སྐབས་མ་རྙེད་དོ་ཞེས་ཁྲག་དྲོན་པོར་སྐྱུགས་ཏེ་མནར་མེད་པར་སྐྱེས་པ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །སྐྱེས་བུའི་ [165a.6]སྐྱེས་པའི་ཞེས་བྱ་བ་ནི་སེམས་མེད་པ་དང་མ་སྐྱེས་པ་རྣམས་ལ་ནི་ལས་ཀྱིས་འཕགས་པ་ལ་སོགས་པ་མི་སྲིད་པའི་ཕྱིར་ཏེ། ད་ལྟར་འབྱུང་བའི་འབྲས་བུ་ལྔ་ལེན་པ་ཡིན་ནོ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །སྟ་རེ་ནི་ཤིང་ལ་སོགས་པ་གཅོད་པའི་ཆ་བྱད་དེ། དེ་དང་ཆོས་མཐུན་པ་ཡིན་པའི་ཕྱིར་ལྕེ་ལ་དེ་ [165a.7]སྐད་ཅེས་བརྗོད་དོ། །ཁ་ནས་སྐྱེས་གྱུར་ནས་ཞེས་བྱ་བ་ནི་སྡིག་པ་བྱེད་པ་ཁ་ལས་སྐྱེས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ལྕེ་སྟ་རེ་ལྟ་བུ་ལས་གང་ཞིག་བདག་ཉིད་གཅོད་པར་བྱེད་པར་འགྱུར་བའི་ཚིག་ཅེས་བྱ་བ་ཚིག་གང་ཞིག་གི་གནས་སུ་གྱུར་པ་ནི་ལྕེ་ཡིན་ལ། དེས་འདི་ལྟར་བདག་ཉིད་འཇིག་པར་བྱེད་ [165b] [165b.1]པ་ཡིན་ཏེ། ཤིང་མཁན་གྱིས་ཤིང་ལ་སྟ་རེས་བྱ་བ་བྱེད་པ་བཞིན་ནོ། །དེས་ན་དེ་སྟ་རེ་ཡིན་ནོ། །བདག་ཉིད་གཅོད་པར་བྱེད་པ་དེ་གང་ཡིན་ཞེ་ན། སྨྲས་པ། ངན་པ་སྨྲ་བྱེད་པ་ཞེས་བྱ་བ་ཡིན་ཏེ། བརྗོད་པར་བྱ་བ་མ་ཡིན་པ་སྨྲ་ཞིང་ངག་མ་བསྡམས་པ་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། ངན་ [165b.2]པར་སྨྲ་བར་བྱེད་པའི་ངོ་བོ་ཉིད་སྨྲས་པ། གང་ཞིག་སྨད་འོས་སྐྱེ་བོ་སྟོད་བྱེད་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། གང་ལ་ལ་ཞིག་སྨད་པར་རིགས་པའི་སྐྱེ་བོ་དེ་ནི་བསྟོད་ཅིང་བསྟོད་པར་འོས་པའི་སྐྱེ་བོ་ནི་རྣམ་པར་སྨད་པར་བྱེད་པ་སྟེ། ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་བསྟོད་པར་འོས་པའི་སེམས་ཅན། [165b.3]འཕགས་པ་ཤཱ་རིའི་བུ་ལ་སོགས་པ་སྨོད་པའོ། །འདི་དག་ནི་ངན་པ་སྨྲ་བར་བྱེད་པ་སྟེ། དེ་སྐད་སྨྲ་བའི་གང་ཟག་ནི་ཚིག་ངན་པ་སྨྲ་བར་འགྱུར་རོ། །དེ་ནི་ཁ་ཡིས་འཐབ་ཀྲོལ་ཀུན་སྩོགས་ཤིང་། །ཞེས་བྱ་བ་ལ། ཁ་ལ་དེ་གནས་པ་ཡིན་པར་སྟོན་ཏེ། གནས་ཀྱིས་གནས་པ་སྟོན་པའི་ཕྱིར་གྲོང་ཅན་འོངས་པ་ལ་ [165b.4]གྲོང་ཅན་འོངས་ཞེས་བྱ་བ་ལྟ་བུའོ། །གང་ཞིག་ངན་པར་སྨྲ་བར་བྱེད་པ་དེ་ནི་ཁ་ཡིས་འཐབ་ཀྲོལ་ཏེ། ངག་གིས་ཉེས་པར་སྤྱོད་པའི་བདག་ཉིད་གནོད་པ་ཀུན་དུ་བསོགས་པར་འགྱུར་ཞིང་འཐབ་ཀྲོལ་ཅན་གང་གི་རྒྱུ་དེས་ནི་འདི་དང་ཕྱི་མ་གཉི་གར་བདེ་བའམ་འདོད་པའི་འབྲས་བུ་རྗེས་སུ་མྱོང་བར་མི་འགྱུར་རོ། ། [165b.5]གཞན་ཡང་འཐབ་ཀྲོལ་ནི་གནོད་པ་བྱེད་པ་ཉིད་དེ། དེ་ལ་འདི་ཞེས་ཅིའི་ཕྱིར་མ་སྨོས་ཤེ་ན། སྨྲས་པ། འཐབ་ཀྲོལ་དེ་ནི་ཅུང་ཟད་ཙམ་དུ་ཟད། །ཅེས་བྱ་བ་འདིའོ། །འདི་ནི་ཅུང་ཟད་ཙམ་དུ་ཟད་དེ། འདི་ལྟར་འདིའི་གནོད་པ་གང་ཡིན་ཞེ་ན། སྨྲས་པ། གང་འདིར་ཆོ་ལོས་རང་ནོར་ཕམ་བྱེད་པ། །ཞེས་བྱ་བ་ [165b.6]ཡིན་ཏེ། འཐབ་ཀྲོལ་གང་ཞིག་འཇིག་རྟེན་འདིར་རྒྱན་པོ་ལ་སོགས་པ་འཇབ་བུའི་མིས་རང་གི་ནོར་ཏེ་དབྱིག་ལ་སོགས་པ་ལས་ཕམ་པ་དང་། འཇིག་པ་དང་། ཉམས་པར་བྱེད་པའོ། །ཡང་ན་གང་ཞེས་བྱ་བ་ནི་གང་ཟག་སྟེ་དངོས་པོ་གང་གིས་རང་གི་ནོར་ཁྱད་པར་ཅན་འཇིག་པའི་མཚན་ཉིད་ནི་འཐབ་ཀྲོལ་ [165b.7]གྱིས་སྒྲུབ་པར་བྱེད་ཀྱང་འདི་ནི་ཉེས་པ་ཅུང་ཟད་ཙམ་དུ་ཟད་དེ། ཚེ་འདིའི་འབྱོར་པ་ཕུན་སུམ་ཚོགས་པ་ཙམ་འཇིག་པའི་ཕྱིར་རོ། །དེ་འདིར་འཐབ་ཀྲོལ་ཤིན་ཏུ་ཆེན་པོ་ཡིན། །ཞེས་བྱ་བ་ནི་འདི་ཉིད་ནི་ཚེ་འདིར་ཡང་འཐབ་ཀྲོལ་ཤིན་ཏུ་ཆེན་པོ་ཡིན་ཏེ། སུ་ཞིག་ཅེ་ན། གང་ཞིག་བདེ་བར་གཤེགས་ལ་ [166a] [166a.1]ཡིད་འཁྲུགས་པ། །ཞེས་བྱ་བ་སྟེ། སྐྱོན་མེད་པའི་དམ་པ་རྣམས་ལ་སེམས་རབ་ཏུ་འཁྲུགས་པར་བྱེད་པ་སྟེ། ཡིད་ཙམ་འཁྲུགས་པས་ཀྱང་དེ་ལྟ་བུ་ཡིན་ནོ། ངག་གིས་འཁྲུགས་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྐྱེ་བ་དུ་མ་དག་ཏུ་བདེ་བའི་ཁྱད་པར་ཉམས་པའི་ཕྱིར་དང་། [166a.2]ཤིན་ཏུ་མི་བཟད་པའི་སྡུག་བསྔལ་འཐོབ་པའི་ཕྱིར་རོ། །གང་དམ་པ་རྣམས་ལ་ཡིད་འཁྲུགས་པར་བྱེད་ཅིང་འཕྱ་བར་བྱེད་པ་དེ་ནི་དམྱལ་བ་གང་དང་གང་དུ་དུས་ཇི་ཙམ་གནས་པར་འགྱུར་ཞེ་ན། དེའི་ཕྱིར་ངག་ཡིད་འཕགས་པས་ཞེས་བྱ་བ་ལ་སོགས་པའོ། །དམྱལ་བ་འདི་དག་གི་ལོ་དང་ཚེའི་ཚད་རྣམ་པར་ཕྱེ་ [166a.3]བར་བཅོམ་ལྡན་འདས་ཀྱིས་ཀྱང་དཔེ་ཙམ་དུ་གསུངས་ཏེ། དགེ་སློང་དག་འདི་ལྟ་སྟེ། ཡུལ་མ་ག་དྷཱའི་ཁལ་ཉི་ཤུ་ཤོང་བའི་རྫང་ཏིལ་གྱིས་བཀང་སྟེ་ཁ་བཅིངས་པ་ལས། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་ཞིང་ཏིལ་གྱི་འབྲུ་རེ་རེ་ཕྱུང་བས་ནི་དགེ་སློང་དག་མྱུར་བ་ཉིད་དུ་ཡུལ་མ་ག་དྷཱའི་ཏིལ་གྱི་རྫང་ཁལ་ [166a.4]ཉི་ཤུ་ཤོང་བ་དེ་རིམ་གྱིས་ཡོངས་སུ་ཟད་ཅིང་མེད་པར་འགྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་གྱི་ཚེའི་ཚད་ནི་དེ་ལྟར་མཐར་ཐུག་པར་འགྱུར་རོ་ཞེས་ང་མི་སྨྲའོ། །དགེ་སློང་དག་འདི་ལྟར་རྫང་ཁལ་ཉི་ཤུའི་ཚད་ནི་ཆུ་བུར་ཅན་གྱི་ཡིན་ཏེ། དེ་གཅིག་ཏུ་བརྩིས་པའི་ཉི་ཤུ་འགྱུར་ནི་ཆུ་བུར་ [166a.5]རྡོལ་བའི་ཡིན་ནོ། །དེ་བཞིན་དུ་པད་མ་ལྟར་གས་པའི་ཚེ་གཅིག་ཏུ་བརྩིས་པའི་ཉི་ཤུ་འགྱུར་ནི་པད་མ་ལྟར་གས་པ་ཆེན་པོའི་ཡིན་ནོ། །དེ་ལས་རྫང་གཅིག་ནི་ཆུ་བུར་ཅན་གྱི་ཚད་དོ། །རྫང་ཉི་ཤུ་ནི་ཆུ་བུར་རྡོལ་བའིའོ། །རྫང་དེ་བཞི་བརྒྱ་ནི་སོ་ཐམས་ཐམས་ཀྱིའོ། །རྫང་དེ་སྟོང་ཕྲག་བརྒྱད་ཅུ་ནི་ [166a.6]ཨ་ཆུ་ཟེར་བའིའོ། །རྫང་དེ་འབུམ་ཕྲག་དྲུག་ཁྲི་ནི་ཀྱི་ཧུད་ཟེར་བའིའོ། །དེ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་ནི་ཨུཏྤལ་ལྟར་གས་པའིའོ། །རྫང་དེ་བྱེ་བ་ཕྲག་དྲུག་དང་འབུམ་ཕྲག་བཞི་བཅུ་ནི་པད་མ་ལྟར་གས་པའིའོ། །རྫང་དེ་བྱེ་བ་ཕྲག་བརྒྱ་ཉི་ཤུ་རྩ་བརྒྱད་ནི་པད་མ་ལྟར་གས་པ་ཆེན་པོའི་ཡིན་ནོ་ཞེས་ [166a.7]བགྲང་བའོ། །ཚ་བའི་དམྱལ་བ་རྣམས་ཀྱི་ཚེའི་ཚད་ཀྱང་དེ་དང་མཉམ་པ་ཡིན་ཏེ། གྲང་བའི་དམྱལ་བ་རྣམས་ལ་སྐྱོ་བ་བསྐྱེད་པའི་ཕྱིར་གདུལ་བྱ་རྣམས་ལ་དེ་ལྟར་དཔེར་བརྗོད་པ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །འབྲུམ་བུ་ཕྲ་མོས་བར་མཚམས་མེད་པར་ལུས་ལ་ཁྱབ་པའི་ཕྱིར་ཆུ་ [166b] [166b.1]བུར་རྡོལ་བའོ། །འབྲུམ་བུ་ཕྲ་མོ་བར་བར་དུ་སྐྱེས་པའི་ཕྱིར་ཆུ་བུར་ཅན་ནོ། །དུས་དང་གྲངས་དང་ལུས་རྣམ་པར་གནས་པ་ལ་སྐྱེས་པའི་ཆུ་བུར་ཅན་ལ་སོགས་པ་གོ་རིམས་བཞིན་དུ་གཉིས་དང་གསུམ་དང་གསུམ་མོ། །ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ནི་དུས་དང་གྲངས་ཀྱི་ཁྱད་པར་གྱིས་རབ་ཏུ་གྲགས་པའི་ལོ་བྱེ་ [166b.2]བའི་ཚེ་ཚད་ཡོད་པ་དེ་ནི་ཆུ་བུར་ཅན་ནོ། །གང་དག་ལ་བྱེ་བ་ཕྲག་བཅུ་ཡོད་པ་དེ་ནི་ཆུ་བུར་རྡོལ་བའོ། །དེ་དག་ལས་ཆུ་བུར་རྡོལ་བའི་སྟོང་ཕྲག་བརྒྱ་སྟེ། འབུམ་གྱི་གྲངས་ཀྱི་དུས་ཀྱི་བར་དུ་ནི་འཕགས་པས་སྨད་པའི་སྡིག་པ་བསྟེན་ན་དམྱལ་བ་འདིར་འགྲོ་བར་འགྱུར་རོ་ཞེས་སྦྱར་བར་བྱའོ། །བྱེ་བར་ཆུ་བུར་ [166b.3]ཅན་དང་ཞེས་བྱ་བ་ནི་དུས་དེ་སྲིད་ཀྱི་བར་དུ་པད་མ་ཆེན་པོ་ལྟར་གས་པའི་སེམས་ཅན་ཉིད་གནས་པ་ཡིན་ཏེ། ཤིན་ཏུ་ཚེ་རིང་པོར་དུས་དེ་སྲིད་ཀྱི་བར་དུ་ཀོ་ཀ་ལི་ཀ་གནས་པས་དེས་ན་དེ་ཉིད་དབྱེ་བ་ཡིན་ནོ། །གང་ཞེས་བྱ་བ་ནི་དམྱལ་བའོ། །འཕགས་པས་སྨད་པ་ནི་དམ་པ་རྣམས་ཀྱིས་སོ། །འགྲོ་བར་ [166b.4]འགྱུར་ཞེས་བྱ་བ་ནི་འཇུག་པའོ། །ཅི་ཞིག་བྱས་ནས་འགྲོ་བ་ཡིན་ཞེ་ན། ངག་ཡིད་ཅེས་བྱ་བ་སྨོས་ཏེ། སྡིག་པ་ཅན་གྱི་ཚིག་དང་སྡིག་པ་ཅན་གྱི་ཡིད་དོ། །བསྟེན་པ་ནི་འཇུག་པའོ། །སྨད་པ་བསྟེན་པ་ན་ནི་དམྱལ་བར་འགྲོ་བར་འགྱུར་ཏེ། དེ་ལ་འདི་ཙམ་དུ་གནས་པར་འགྱུར་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། ། [166b.5]ངག་གིས་ཉེས་པར་སྤྱོད་པའི་མི་འདོད་པའི་འབྲས་བུ་མ་ཤེས་པ་དག་ལ་དེའི་འབྲས་བུ་བསྟན་པས་དེ་ལས་བཟློག་པར་བྱ་བའི་ཕྱིར་འདི་གསུངས་སོ། །དམ་པ་རྣམས་ནི་བདེན་པ་མ་ཡིན་པས་ཚིག་ངན་པ་བརྗོད་ཀྱང་མི་འགྱུར་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྡིག་པའི་སེམས་ཀྱིས་ཞེས་བྱ་ [166b.6]བ་ལ་སོགས་པའོ། །མཛའ་བོ་དང་ས་ལས་སྐྱེས་ཞེས་བྱ་བའི་དགེ་སློང་དེ་གཉིས་དང་ཚེ་དང་ལྡན་པ་གྱད་བུ་ནོར་ཚེ་རབས་སུ་ཁོན་ཞུགས་པར་གྱུར་པས་དེ་གཉིས་ཀྱིས་ཚིག་ངན་པ་སྨྲས་ཏེ། འདི་ལྟ་སྟེ། གྱད་བུ་ནོར་བདག་ཅག་གིས་དགེ་སློང་མ་ཨུཏྤ་ལའི་མདོག་དང་མི་ཚངས་པར་སྤྱོད་པ་ [166b.7]མཐོང་ངོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་དབང་དུ་མཛད་ནས། སྡིག་པའི་སེམས་ཀྱིས་མ་ཉེས་སྐྱོན་བརྗོད་པ། །ཞེས་བྱ་བ་ལ་སོགས་པ་འདི་གསུངས་སོ། །མ་ཉེས་པ་ནི་མི་བདེན་པའོ། །སྐྱོན་བརྗོད་པ་ནི་ཚིག་ངན་པས་སུན་པར་བྱེད་པའོ། །གང་གིས་ཤེ་ན། སྡིག་པའི་སེམས་ཀྱིས་ [167a] [167a.1]ཞེས་བྱ་བ་སྟེ། ཉོན་མོངས་པའི་ཡིད་ཀྱིས་སོ། །སེམས་ཀྱི་སྐྱོན་དང་བྲལ་ཞིང་སྐྱོན་སྤངས་པའི་འཕགས་པ་རྣམས་ནི་སྐྱོན་བརྗོད་པར་མི་རུང་ངོ་། །སྐྱོན་བརྗོད་པས་ཅི་ཞིག་ཏུ་འགྱུར་ཞེ་ན། བདག་ཉིད་གསད་ཕྱིར་དམྱལ་བ་སྤེལ་བར་ཟད། །ཅེས་བྱ་བ་སྨོས་ཏེ། [167a.2]བདག་ཉིད་བཅོམ་པའི་ཕྱིར་དམྱལ་བའི་འགྲོ་བར་དོར་བར་བྱེད་དེ། རྣམ་པར་སྨིན་པའི་འབྲས་བུ་ཉེ་བར་ལེན་ཅིང་ཤིན་ཏུ་མི་བཟད་པའི་ཚོར་བ་མྱོང་བ་ཡིན་ཏེ། གང་དག་མཐོང་བའི་ཆོས་ཉིད་ཀྱི་ཡུལ་གྱི་རོ་ལ་དམིགས་ཤིང་མཐོང་ལ། མ་འོངས་པའི་སྡུག་བསྔལ་ཆེན་པོའི་རྒྱུན་ནི་མ་ཡིན་པའོ། །གང་ [167a.3]མཁས་པ་དག་ནི་གཞན་གྱིས་གནོད་པ་བྱས་ཀྱང་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་སྟོབས་ལྡན་ཉེས་མེད་ཅེས་བྱ་བ་ནི་འདིའི་སོ་སོར་བརྟགས་པའི་སྟོབས་ཞེས་བྱ་བའི་དོན་ཏོ། །བཟོད་པར་བྱེད་པ་ནི་མི་བཟོད་པ་མེད་པའོ། །དེ་ལ་ཞེས་བྱ་བ་ནི་སྐྱོན་བརྗོད་པ་དེ་ཐོས་ཀྱང་ངོ་། །འདི་ཇི་ལྟར་ཤེས་པར་བྱ་ [167a.4]ཞེ་ན། སེམས་ཀྱང་འཁྲུགས་པར་མི་བྱེད་དོ། །ཞེས་བྱ་བ་སྨོས་ཏེ། སེམས་རྙོག་པར་མ་བྱས་པ་ཡིན་ནོ། །རིགས་པ་ནི་དམ་པ་རྣམས་ཀྱི་གཞུང་ལུགས་ཀྱི་རྗེས་སུ་འབྲང་བ་སྟེ། དམ་པ་རྣམས་ཀྱི་གཞུང་རྗེས་སུ་བསྲུངས་པས་རྙོག་པ་མེད་པའོ། །ཇི་སྐད་དུ། དམ་པ་རྣམས་ནི་འཆིང་གྱུར་ཀྱང་། ། [167a.5]སེམས་ནི་འཁྲུགས་པར་མི་འདོད་དེ། །སྲོག་གི་ཕྱིར་ཡང་མི་འཁྲུགས་པ། །དེ་བས་མཁས་པ་འདོད་མི་བྱེད། །ཅེས་བཤད་དོ། །སེམས་ཀྱང་འབད་པས་འཁྲུགས་པར་མི་བྱེད་དོ་ཞེས་ཁ་ཅིག་བརྗོད་དེ། སྐྱེ་བོ་དམ་པ་རྣམས་ནི་ནམ་ཡང་འཁྲུགས་པ་དང་བཅས་པ་མི་བྱེད་དོ་ཞེས་བྱ་བ་ནི་འདིའི་ [167a.6]དོན་ཏོ། །དམ་པ་དང་དམ་པ་མ་ཡིན་པའི་ཁྱད་པར་བསྟན་པའི་ཕྱིར་འདི་གསུངས་སོ། །གང་གི་ཕྱིར་འདི་ལ་ཡོན་ཏན་ལ་སྨོད་པར་བྱེད་པ་ནི་མི་འདོད་པའི་འབྲས་བུའི་ཁྱད་པར་དུ་འགྱུར་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བསམ་བརླག་གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །ལྷ་སྦྱིན་ [167a.7]གྱིས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ལམ་སྤངས་ཏེ། བསླབ་པའི་གཞི་ལྔ་པོ་འདི་དག་ནི་དོན་དམ་པ་ཐོབ་པར་བྱེད་པ་ཡིན་ནོ་ཞེས་སྟོན་ཏེ། འདི་ལྟར་འོ་མ་བཏུང་བར་མི་བྱ་སྟེ། གང་གི་རྒྱུས་བེའུ་ལ་གནོད་པའི་ཕྱིར་རོ། །ཤ་བཟའ་བར་མི་བྱ་སྟེ། སེམས་ཅན་ལ་གནོད་པའི་ལས་འབྱུང་བའི་ཕྱིར་ [167b] [167b.1]རོ། །ཁ་ཚར་གཅད་པར་མི་བྱ་སྟེ། ཐགས་མཁན་གྱི་སྐྱེས་བུ་བྱེད་པ་ཉམས་པར་འགྱུར་བའི་ཕྱིར་རོ། ལན་ཚྭ་བཟའ་བར་མི་བྱ་སྟེ། དབང་ཕྱུག་ཆེན་པོའི་ཁུ་བ་ལས་ཡང་དག་པར་འབྱུང་བའི་ཕྱིར་རོ། དགོན་པར་གནས་པར་མི་བྱ་སྟེ། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པའི་བསོད་ནམས་ཡོངས་སུ་སྤྱད་པ་ [167b.2]མེད་པའི་ཕྱིར་རོ་ཞེས་སྟོན་ཏེ། དེས་ན་འདི་གསུངས་སོ། །དགེ་སློང་ཞིག་སྔར་མུ་སྟེགས་ཅན་ཞིག་པས་བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པའི་གཏམ་མཛད་པ་ནི། ཇི་ཙམ་ན་ལན་གསུམ་གྱི་བར་དུ་ཡང་ཚིག་ངན་པས་སྨོད་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལ་སྨོད་པ་འདིས་ནི་དམྱལ་ [167b.3]བར་སྐྱེ་བར་འགྱུར་ཏེ། ལོ་བྱེ་བ་སྟོང་ཕྲག་བརྒྱད་ཅུར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཞིང་། དེ་ནས་ཤི་འཕོས་ནས་ཀྱང་འདིར་སྐྱེས་ཏེ། དེའི་ཚིག་ཐམས་ཅད་ཀྱིས་ཀྱང་མཉན་པར་མི་འོས་པར་འགྱུར་རོ་ཞེས་གསུངས་པའོ། །ཞེས་གཞན་དག་ཟེར་རོ། །གང་ཞིག་ཅེས་བྱ་བ་ནི་གང་ལ་ལ་ཞིག་གོ། ། [167b.4]བསྟན་པ་ནི་ཇི་ལྟ་བ་ཉིད་བསྟན་པའོ། འཕགས་པ་ནི་བདེན་པ་མཐོང་བའོ། །དགྲ་བཅོམ་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པ་སྟེ། ཉོན་མོངས་པའི་དགྲ་ཐམས་ཅད་ལས་ངེས་པར་མི་རྒྱལ་བ་ནི་དགྲ་བཅོམ་པར་མི་འགྱུར་རོ། །ཆོས་ཀྱིས་འཚོ་བ་དང་ཞེས་བྱ་བ་ནི་མི་སློབ་པའི་ལམ་ཐོབ་པ་དེས་ནི་དོགས་ [167b.5]པ་མེད་པར་ཆོས་ཀྱིས་འཚོ་བར་རྟག་པ་ཡིན་ཏེ། འདིར་རྩོད་པ་ལ་མངོན་དུ་ཕྱོགས་པའི་ཀུན་དུ་རྒྱུ་བའི་མདོ་ཡང་བརྗོད་པར་བྱའོ། །སྤོང་བར་བྱེད་པ་ཞེས་བྱ་བ་ནི་སངས་རྒྱས་དང་དེའི་ཉན་ཐོས་རྣམས་ཀྱིས་བསྟན་པ་ལས་ཕྱིན་ཅི་ལོག་ཏུ་བྱེད་ཅིང་ཡོངས་སུ་སྤངས་པ་ཡིན་ནོ། །འདི་ལྟར་ནི་མ་ཡིན་ནོ་ཞེས་བརྗོད་ [167b.6]པའོ། །དེ་གང་ཡིན་ཞེ་ན། སྨྲས་པ། བསམ་བརླག་ཅེས་བྱ་བ་སྟེ། བློ་ངན་ཞིང་བླུན་པོ་ཞེས་བྱ་བའི་དོན་ཏོ། །ཅི་ལ་བརྟེན་ནས་དེ་ལྟར་སྤོང་བར་བྱེད་ཅེ་ན། སྡིག་ཅན་གྱི་ལྟ་བ་ལ་བརྟེན་ནས་ཞེས་བྱ་བ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ནི་སྡིག་པ་ཅན་གྱི་ལྟ་བ་ངན་པ་ཐམས་ཅད་ཀྱི་རྩ་བར་གྱུར་བའི་ཕྱིར་རོ། ། [167b.7]ཡང་ན་སྡིག་པ་ཅན་གྱི་ལྟ་བ་ནི་ལྟ་བ་ལོག་པ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་སྡིག་པ་ཅན་ཚོལ་བར་བྱེད་པ་ཉིད་ལ་བརྗོད་དེ། དགེ་བའི་རྩ་བ་ཐམས་ཅད་གཅོད་པའི་ཕྱིར་དང་། དམ་པའི་གཞི་ཉམས་པར་བྱེད་པའི་ཕྱིར་སྡིག་པ་ཅན་གྱི་གདོལ་པ་ལྟ་བུ་དང་། དྲི་ང་བའི་མར་ལྟ་བུའོ། །ཡང་ན་ [168a] [168a.1]མུ་སྟེགས་ཅན་གཞན་གྱི་ལྟ་བ་ལ་བརྟེན་པ་སྟེ་དེ་ལ་བརྟེན་པས་ནི་འདི་ལྟ་བུ་སྤོང་བར་བྱེད་པ་འབྱུང་བའི་ཕྱིར་རོ། །དེའི་ཉེས་དམིགས་བསྟན་པ། སྨྱིག་མ་འབྲུ་ཆགས་ལྟ་བུར་ནི། །ཞེས་བྱ་བ་སྨོས་ཏེ། སྨྱིག་མ་ལ་ཚེར་མ་དང་བཅས་པའི་འབྲས་བུ་ཡོད་དེ། དེ་ནི་རང་ཉིད་གསོད་ [168a.2]པའི་ཕྱིར་སྐྱེ་བར་འགྱུར་ཏེ། དེ་སྐྱེས་ན་དེ་སྐམས་པར་འགྱུར་རོ། །དཔེར་ན་གང་དེ་ལྟར་དེ་རང་གི་འབྲས་བུས་གསོད་པ་བཞིན་དུ་འདི་སྤོང་བར་བྱེད་ན་རང་གི་གནས་འཇིག་པར་བྱེད་པ་ཡིན་ཏེ། རྣམ་པར་སྨིན་པའི་འབྲས་བུ་ངན་སོང་ལ་སོགས་པར་སྨིན་ཅིང་འབྲས་བུ་སྤངས་པ་ཞེས་བྱ་བའི་དོན་ཏོ། །དམ་པའི་ཆོས་ [168a.3]སྤོང་བར་དགག་པའི་ཕྱིར་འདི་གསུངས་པ་ཡིན་ནོ། །གང་གི་ཕྱིར་མན་ངག་མ་རུངས་པ་ཉིད་ཀྱིས་ནི་མི་འདོད་པའི་འབྲས་བུ་ཡིན་ཏེ། དེས་ན་སྨྲས་པ། ཚིག་བཟང་ཁོ་ན་སྨྲ་བ་ཡི། །ཞེས་བྱ་བ་ལ་སོགས་པའོ། །མཉན་ཡོད་ན་བུད་མེད་གཏུམ་མོ་ཁ་ཅིག་བབ་ཅོལ་དུ་ཁྲོ་བ་དང་ལྡན་ཞིང་དམོད་མོ་འདེབས་པ་ཡོད་དེ། [168a.4]དེ་དགེ་སྦྱོང་དང་བྲམ་ཟེ་མཐོང་ན་ཁྱད་པར་དུ་དམོད་མོ་འདེབས་པར་བྱེད་པས་སྐྱེ་བོ་ཐམས་ཅད་ལ་མི་སྡུག་ཅིང་ཡང་དང་ཡང་དུ་ཉོན་མོངས་པས་ཁྲོ་བར་བྱེད་དེ། དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཚིག་བཟང་ཁོ་ན་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། ངག་གི་སྐྱོན་རྣམ་པ་བཞི་ [168a.5]དང་བྲལ་བའོ། །ཚིག་འབྱུང་བ་ཡིན་ཏེ། སྐྱབས་ཀྱིས་ཤེས་པའི་ཕྱིར་རོ། །དེ་ཁོ་ན་སྨྲ་བར་བྱ་བ་ནི་བརྗོད་པར་བྱ་བའོ། །སྡིག་པ་ཅན་དག་སྨྲ་མི་བྱ། །ཞེས་བྱ་བ་ནམ་ཡང་ཁ་ན་མ་ཐོ་བ་དང་བཅས་པ་བརྫུན་ལ་སོགས་པའི་ཉེས་པ་དང་བཅས་པའི་ཚིག་ནི་སྨྲ་བར་མི་བྱའོ། །དེའི་ཕན་ཡོན་དང་ཉེས་དམིགས་སྨྲ་ [168a.6]བ། སྨྲ་བ་ཞེས་བྱ་བ་ནི་ཁ་ནས་བརྗོད་ཅིང་འདོན་པའོ། །ཚིག་བཟང་ཞེས་བྱ་བ་ནི་ངག་དམ་པ་སྟེ། ལེགས་པར་འབྱུང་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ། ཕུན་སུམ་ཚོགས་པའི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །སྡིག་པ་ཅན་ནི་སྔར་བཤད་པ་བཞིན་ནོ། །གདུང་བྱེད་ཅེས་བྱ་བ་ནི་ [168a.7]བདག་དང་གཞན་གདུང་བར་བྱེད་པ་ཡིན་ཏེ་མེ་བཞིན་ནོ། །བྱིས་པ་སྡིག་ཅན་ཞེས་བྱ་བ་ལ་སོགས་པས་ནི་ཁྱད་པར་དུ་བདག་ཉིད་ལ་གདུང་བར་བྱེད་པ་དང་། བདག་ཉིད་ལ་གནོད་པར་བྱེད་པར་སྟོན་ཏེ། གལ་ཏེ་གང་ཞིག་སྡིག་པ་ཅན་གྱི་ཚིག་སྨྲ་བར་བྱེད་ན་དེ་ནི་ངེས་པར་གཞན་སྤོང་བ་ཡིན་ཏེ། འཇིག་ [168b] [168b.1]རྟེན་ཕ་རོལ་ཡོངས་སུ་སྤོང་བ་ཡིན་ནོ། །འདིར་གཞན་ཞེས་བྱ་བའི་སྒྲ་ནི་འཇིག་རྟེན་ཕ་རོལ་གྱི་རྐྱེན་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འཇིག་རྟེན་ཕ་རོལ་མཆོག་ཏུ་བྱེད་པ་ནི་ལེགས་ཀྱང་མི་འདོད་པའི་འབྲས་བུ་སྐྱེད་པར་བྱེད་པའི་སྡིག་པ་མི་བྱེད་ཅིང་བསོད་ནམས་ཉེ་བར་སོགས་པ་ཡིན་ནོ། །དེ་ལས་གཞན་ [168b.2]པ་དག་ནི་ཐེ་ཚོམ་མེད་པར་སྡིག་པ་རྩོམ་པར་བྱེད་དོ། །ཇི་ལྟར་སྡིག་པ་བྱེད་ཅིང་འཇིག་རྟེན་ཕ་རོལ་སྤོང་བ་ཡིན་ཞེས་གཟུང་བར་བྱ་ཞེ་ན། སྨྲ་བའི་ཚེ་ན་འཆིང་འགྱུར་ལ། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་གང་དག་སྡིག་པ་ཅན་གྱི་ཚིག་དམ་པ་རྣམས་ལ་སྨྲ་བ་ན་ངན་སོང་གི་ལས་ཀྱི་ཞགས་པས་འཆིང་ [168b.3]བར་འགྱུར་ཏེ། དེ་ནས་དེར་སྐྱེས་པ་ན་སྡུག་བསྔལ་ཁྱད་པར་ཅན་དག་མྱོང་བ་ཡིན་ནོ། །དེས་ན་དེ་ཉིད་ཀྱི་ཕྱིར་སྨྲས་པ། དེ་དག་འཕགས་པ་མི་གསུང་ངོ་། །ཞེས་བྱ་བ་སྟེ། ངག་མ་རུངས་པ་ནི་དམ་པ་རྣམས་མི་བརྗོད་དོ། །དེ་ལྟ་ན་གང་ཞིག་བརྗོད་པ་ཡིན་ཞེ་ན་བྱིས་པ་ཞེས་སྨོས་ཏེ། དེའི་ཉེས་དམིགས་ [168b.4]མ་མཐོང་བའི་ཕྱིར་རོ། །ངག་གིས་ཉེས་པར་སྤྱོད་པ་ནི་སྐྱོན་མ་ཤེས་པ་རྣམས་ལ་དེའི་སྐྱོན་བསྟན་པས་དེ་ལས་བཟློག་པའི་ཕྱིར་འདི་གསུངས་སོ། །གང་ཞིག་ངག་ཡང་དག་པར་སྡོམ་པར་བྱེད་པས་ཆོས་སྟོན་པ་དེའི་ཚིག་ནི་ཤིན་ཏུ་ཡིད་དུ་འོང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དགེ་སློང་ངག་ནི་ [168b.5]བསྡམས་པ་དང་། །ཞེས་བྱ་བ་ལ་སོགས་པའོ། །བཙུན་པ་དགེ་སློང་རྣམས་ཇི་ཙམ་གྱིས་ན་སྙན་པར་སྨྲ་བ་ཞེས་བརྗོད་པ་ལགས་ཞེས་ཞུས་པ་དང་། ཇི་ཙམ་ན་འདི་གསུངས་སོ། །གཞན་དག་ནི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་སློང་གི་དགེ་འདུན་དང་བཅས་པ་སྤྱན་ [168b.6]དྲངས་ཏེ། ཞལ་ཟས་བཏུང་བ་གྱ་ནོམ་པ་དག་གིས་ཚིམ་པར་བྱས་སོ། །ཚེ་དང་ལྡན་པ་ལན་ཚྭ་བཟང་པོ་འདི་སྙམ་དུ་སེམས་ཏེ། རྒྱལ་པོས་ནི་བདག་ཅག་ལ་ཉིན་པར་ནི་ཟང་ཟིང་གིས་ཚིམ་པར་བྱས་སོ། །མཚན་མོ་ནི་བདག་གིས་ཀྱང་ཆོས་ཀྱིས་ཚིམ་པར་བྱའོ་ཞེས་བྱ་བས་དེས་ཇི་ལྟར་རྣམ་པ་སྣ་ [168b.7]ཚོགས་པའི་ཁྱད་པར་ཐོབ་པ་དེ་ལྟར་སྙན་པའི་ཆོས་བསྟན་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །ངག་བསྡམས་པ་ཞེས་བྱ་བ་ནི་ཁ་ཡང་དག་པར་སྡོམ་པ་ཞེས་བྱ་བའི་དོན་ཏེ། ངག་གིས་ཉེས་པར་སྤྱོད་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དགེ་སློང་ཞེས་བྱ་བ་ནི་ལུང་ [169a] [169a.1]སློབ་ཅིང་སློང་བ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ནི་ངག་ཀྱལ་པ་སྤངས་པ་ཡང་དག་པར་བསྡམས་པའི་ཚིག་ཡིན་ཏེ། གཞན་མུ་སྟེགས་ཅན་གྱི་ཚིག་དག་ནི་འབྲེལ་བ་མེད་པའི་ཚིག་ཏུ་གྱུར་པའི་ཕྱིར་རོ། །དལ་བུས་ [169a.2]སྨྲ་ཞིང་ཞེས་བྱ་བ་ནི་ཉུང་དུ་སྨྲ་བ་ཡིན་ཏེ། དོན་དང་ལྡན་ཞིང་དགོས་པའི་ཚིག་ཙམ་བརྗོད་པའི་ཕྱིར་དལ་བུས་སྨྲ་བའོ། །དེ་ལྟ་བུ་གང་ཡིན་ཞེ་ན། སྨྲས་པ། རློམ་པ་མེད་ཅེས་བྱ་བ་སྟེ་ཉེ་བར་ཞི་ཞིང་མི་བརྟན་པ་སྤངས་པའི་ཕྱིར་རོ། །གང་ཞིག་ཆོས་ལྡན་དོན་སྟོན་པ། །ཞེས་བྱ་བ་ནི་གང་སྔར་ [169a.3]བསྟན་པའི་ཡོན་ཏན་དང་ལྡན་པ་སྟེ། དུས་དང་མཚམས་དག་ཏུ་ཆོས་ཀྱི་དོན་གྱི་ཚིག་ཚུལ་བཞིན་དུ་སྟོན་པ་ཁ་ཏོན་ལ་སོགས་པའི་དུས་སུ་ཡང་དོན་དང་ལྡན་པའི་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་ནོ། །ཡང་ན་དོན་ནི་ཐར་བ་སྟེ་དོན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །ཆོས་ནི་དེ་ [169a.4]ཐོབ་པའི་ལམ་ལ་སོགས་པའོ། །དེ་ནི་སྙན་པར་སྨྲ་བ་ཡིན། །ཞེས་བྱ་བ་ནི་དེ་ཉིད་བདག་ཉིད་ཆེན་པོས་བཤད་པའི་ཚིག་ཡིན་ཏེ། ཡིད་དུ་འོང་བ་དང་སྐྱོན་མེད་པས་སྦྲང་རྩི་བཞིན་དུ་ཆགས་པར་བྱེད་པ་ཡིན་ཏེ། སྙན་ཅིང་རྣ་བའི་དབང་པོ་ཚིམ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ལེགས་པར་ [169a.5]གསུངས་པ་ནི་རབ་ཏུ་བསྔགས་པ་ཡིན་པས་ལེགས་པར་སྨྲ་བ་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིག་རྐང་བཞི་པའི་ཆོས་ཀྱི་རྣམ་གྲངས་ཁྱེད་ལ་བཤད་པར་བྱ་བས། དེ་ཉོན་ཅིག་ཅེས་པ་ནས་ཇི་སྲིད་དུ་འདི་གསུངས་སོ། །ཐ་དད་པ་རྣམས་མཚམས་སྦྱར་ནས་སྨྲས་པ་ནི་ལེགས་པར་སྨྲས་ [169a.6]པའམ་ལེགས་པར་གསུངས་པ་སྟེ། གང་གིས་ཐ་དད་པ་སྦྱར་བར་བྱས་པའོ་ཞེས་བྱ་བ་ནི་ཁོ་ན་ཉིད་དེ་ལེགས་པར་སྨྲས་པ་དེ་ཉིད་མཚམས་སྦྱར་བ་དེ་བཞིན་དུའོ། །མཆོག་གམ་གཙོ་བོ་ནི་ཐ་དད་པ་མེད་པར་བྱེད་པའི་ཚིག་སྟེ། མཚམས་བྱེད་པར་གྱུར་པ་མེད་པའི་ཕྱིར་རོ། །འཕགས་པས་གསུངས་ [169a.7]པ་ནི་སྟོན་པའོ། །འཕགས་པ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་ཏེ། འདི་ནི་ཆོས་ཀྱི་ཚིག་དང་པོའོ། །སྙན་སྨྲ་མི་སྙན་མ་ཡིན་དེ་གཉིས་པ། །ཞེས་བྱ་བ་ནི་འཇམ་པར་སྨྲ་ཞིང་དགའ་བ་བསྐྱེད་པ་སྟེ། མི་རྩུབ་པ་འདི་ནི་ཆོས་ཀྱི་ཚིག་གཉིས་པ་ཡིན་ནོ། །བདེན་སྨྲ་བརྫུན་པ་མ་ཡིན་དེ་གསུམ་ [169b] [169b.1]པ། །ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་སྨྲ་ཞིང་ནམ་ཡང་བརྫུན་གྱི་ཚིག་མི་སྨྲ་བ་འདི་ནི་གསུམ་པའོ། །ཆོས་སྨྲ་ཕལ་པ་མ་ཡིན་བཞི་པའོ། །ཞེས་བྱ་བ་ནི་འདིར་རིགས་པའི་དོན་བཞིན་དུ་སྨྲ་བའོ། །ཕལ་པ་སྟེ་མ་འབྲེལ་བའི་ཚིག་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ལེགས་པར་སྨྲ་བ་ནི་བསྔགས་ [169b.2]པའི་ཚིག་ལེགས་པར་གསུངས་པ་ལ་བརྗོད་དོ། །དེ་ཡང་ཚུལ་གསུམ་སྟེ། ཡིད་དུ་འོང་བ་དང་ཕྱིན་ཅི་མ་ལོག་པ་དང་། ཕན་འདོགས་པའོ། །དེ་གོ་རིམས་བཞིན་དུ་སྙན་སྨྲ་མི་སྙན་མ་ཡིན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྙན་པར་སྨྲ་བས་ནི་མཆོག་ཏུ་དགའ་བར་བྱེད་དོ། །བདེན་པར་སྨྲ་བས་ནི་ [169b.3]ཚུལ་ཁྲིམས་རྫོགས་པར་བྱེད་དོ། །ཅི་ཁྱོད་ནི་ཚུལ་ཁྲིམས་ཉམས་སམ་མ་ཉམས་ཞེས་དྲིས་པ་ན་བདག་གིས་ཇི་ལྟ་བ་བཞིན་དུ་རྗོད་པར་བྱེད་ཅིང་ངོ་ཚ་བས་ཚུལ་ཁྲིམས་སམ་འཆལ་བར་མི་བྱེད་དོ། །འཆལ་པར་གྱུར་ཀྱང་ཇི་ལྟ་བ་བཞིན་དུ་སྦྱངས་པས་ཡང་ཡོངས་སུ་དག་པར་འགྱུར་རོ། །ཆོས་ [169b.4]སྨྲས་པས་ནི་གཞན་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་འཇོག་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་སྙན་པར་སྨྲ་བ་ལ་ནི་བརྫུན་པ་དང་ཆོས་མ་ཡིན་པ་མེད་དོ། །ཕལ་པ་དག་ལ་ནི་མི་བདེན་པར་སྨྲ་བ་ལ་སོགས་པ་ཡོད་དོ་ཞེས་རྗོད་པར་བྱེད་དོ། །འབྲེལ་བ་མེད་པའི་ངག་ཀྱལ་བ་ལ་ཆགས་པ་རྣམས་ལེགས་ [169b.5]པར་བཤད་པ་རྣམས་ཉན་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །ཚིགས་སུ་བཅད་པ་དེ་ཉིད་རྣམ་པར་དབྱེ་བའི་ཕྱིར་སྨྲས་པ། ཚིག་དེ་རྣམས་ནི་སྨྲ་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་བཅོམ་ལྡན་འདས་ཚིག་རྐང་བཞི་པའི་ཆོས་ཀྱི་རྣམ་གྲངས་སྟོན་པ་དེའི་ཚེ་ཚེ་དང་ལྡན་པ་ངག་ [169b.6]དབང་འདི་སྙམ་དུ་སེམས་ཏེ། གང་བདག་གིས་ཚིག་རྐང་བཞི་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་མངོན་པར་བསྟོད་པར་བགྱིའོ་ཞེས་རྒྱ་ཆེར་ཞུས་པ་དང་། གནང་བ་ཐོབ་སྟེ་དེས་འདི་དག་སྨྲས་སོ། །ཚིག་དེ་རྣམས་ནི་སྨྲ་བྱ་ཞིང་། །ཞེས་བྱ་བ་ནི་ཚིག་དེ་ཉིད་བརྗོད་པར་བྱའོ། །གང་གིས་བདག་ཀྱང་མི་ [169b.7]གདུང་ལ། །ཞེས་བྱ་བ་ནི་ཚིག་གིས་བདག་ཉིད་ལ་ཚེ་འདིར་གྲགས་པ་མ་ཡིན་པ་དང་། །ཕ་རོལ་དུ་སྡུག་བསྔལ་བས་གདུང་བར་མི་བྱེད་ཅིང་མི་སྲེག་པའོ། །ཕ་རོལ་ལ་ཡང་གནོད་མེད་པའི། །ཞེས་བྱ་བ་ལ། གནོད་པ་ནི་ལུས་དང་ངག་གིས་གཞན་ལ་གནོད་པ་མི་བྱ་བ་སྟེ། ཐ་དད་པར་མི་བྱ་ཞིང་མི་ [170a] [170a.1]དབྱེ་བར་བྱའོ། །ཚིག་དེ་ལེགས་པར་སྨྲ་བར་བྱ། །ཞེས་བྱ་བ་ནི། ཚེ་དེ་ཉིད་ལ་ལེགས་པར་སྨྲ་བ་ཡིན་ནོ། །ཚིག་རྐང་དང་པོའི་བསྟོད་པ་བྱས་ནས། གཉིས་པ་བསྟོད་པའི་ཕྱིར། གང་གིས་མངོན་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གིས་སྙན་པར་སྨྲ་བས་ [170a.2]དགའ་བར་འགྱུར་བ་དེ་ནི་མངོན་པར་དགའ་བར་འགྱུར་བ་སྟེ། སྙན་པར་སྨྲ་བ་ཞེས་བྱའོ། །དེས་ན་དེ་ཉིད་སྨྲས་པ། གང་ཞིག་ཚིག་འདིས་དགའ་འགྱུར་ཞེས་པ་སྟེ། གང་གིས་ཐོས་པས་ཀྱང་མངོན་པར་དགའ་ཞིང་རངས་པ་སྟེ། འདི་མཉན་པས་དགའ་ཞིང་རངས་པ་སྐྱེ་བར་འགྱུར་བའོ། །ཡང་ན་ [170a.3]ཚིག་རྐང་སྔ་མས་ནི་དོན་སྙན་པར་བསྟན་ཏོ། །འདིས་ནི་ཚིག་འབྲུ་སྙན་པར་བསྟན་ཏོ། །མངོན་པར་དགའ་འགྱུར་ན་ཞེས་བྱ་བ་དེ་ཉིད་དབྱེ་བའི་ཕྱིར་གང་ཞིག་མཁས་པ་ཆགས་པར་བྱེད་པ་ཡོད་ཅེས་བྱ་བ་སྨོས་ཏེ། ཚིག་གང་གིས་ཆགས་པ་མེད་པའི་སྦྱོར་བ་སྟེ། རྟོགས་པ་དག་ནི་ཅུང་ཟད་ཀྱང་མི་ [170a.4]འཁྲུགས་པ་ཡིན་ཏེ། འོན་ཀྱང་དགའ་བར་ནི་བྱེད་དོ། །ཡང་ན་ཕྲ་རྒྱས་ཐམས་ཅད་སིལ་བ་ཡིན་ནོ། །དེ་ནི་སྙན་ཚིག་དམ་པ་ཡིན། །ཞེས་བྱ་བ་ནི་དེའི་ཚིག་དེ་ནི་འཕགས་པ་རྣམས་བཞེད་ཅིང་སྤྱོད་པ་ཡིན་ཏེ། ཇི་སྐད་དུ་འཇམ་ཞིང་འཇམ་པའི་ཚིག་གི་ངག་ཡང་དག་པར་འབྱུང་བ་ནི་བདག་ལ་རག་ལས་ [170a.5]པ་ཡིན་པའི་ཕྱིར་སྙིང་སྟོབས་དང་ལྡན་པའི་སྐྱེས་བུ་སུ་ཞིག་ཚིག་རྩུབ་པོ་སྨྲ་བར་འགྱུར། གསུམ་པ་བསྟོད་པ་ནི། བདེན་པའི་ཚིག་ནི་བདུད་རྩི་སྟེ། །ཞེས་བྱ་བ་སྨོས་ཏེ། ཕྱིན་ཅི་མ་ལོག་པ་སྨྲ་བ་ནི་བདུད་རྩིའི་ཚིག་ཏུ་བཤད་དེ། དེ་ལ་གནས་པས་ན་མྱ་ངན་ལས་འདས་པ་འཐོབ་པའོ། །ཡང་ན་ [170a.6]བདུད་རྩི་ནི་ལྷ་རྣམས་ཀྱིས་ལོངས་སྤྱོད་པ་ཡིན་ཏེ། གང་གི་ཕྱིར་བདེན་པ་ཉིད་ནི་རོ་ཤིན་ཏུ་བསོད་པ་ཡིན་ནོ་ཞེས་ལུང་ལས་འབྱུང་སྟེ། དེས་མཁས་པ་རྣམས་ཚིམ་པའི་ཁྱད་པར་དང་ཉམས་བརྟས་པར་འགྱུར་བའི་ཕྱིར་ལྷ་རྣམས་ཀྱི་བདུད་རྩི་བཞིན་ནོ། །བདེན་པའི་ཚིག་ནི་བླ་མེད་ཡིན། །ཞེས་བྱ་ [170a.7]བ་ནི་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་ཡིན་ཏེ། དོན་ཐམས་ཅད་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །ཡང་ན་ཚིག་ནི་གཙུག་གི་ནོར་བུར་གྱུར་པའི་ཕྱིར་མེ་ཏོག་གི་ཕྲེང་བ་ཤིན་ཏུ་ཡིད་དུ་འོང་བ་རབ་ཏུ་གནས་པ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་ཏེ། ལེགས་པར་ཕ་རོལ་ཏུ་ཕྱིན་པའི་སྐྱེས་པའི་རབས་ [170b] [170b.1]ལ་སོགས་པ་བརྗོད་པར་བྱའོ། །ཅིའི་ཕྱིར་བླ་ན་མེད་པ་ཡིན་ཞེ་ན། འདིར་རྒྱུ་སྨྲས་པ། བདེན་པ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བདེན་པའི་ཚིག་ནི་དོན་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་ལས་འབྱུང་བའི་ཕྱིར་རོ་ཞེས་དམ་པ་རྣམས་བརྗོད་དེ། འཇིག་རྟེན་འདིའི་དགོས་པ་བྱེད་པའི་ཕྱིར་རོ། །ཆོས་ལ་ [170b.2]ཡང་རབ་ཏུ་གནས་པ་ཡིན་ཏེ། འཇིག་རྟེན་ཕ་རོལ་གྱི་དགོས་པ་བྱེད་པའི་ཕྱིར་རོ། །ཡང་ན་དོན་ལ་གནས་པ་ནི་འཇིག་རྟེན་པའི་ཕན་ཡོན་ནོ། །ཆོས་ལ་གནས་པ་ནི་འཇིག་རྟེན་ལས་འདས་པའི་ཕན་ཡོན་ནོ་ཞེས་བྱ་བ་ལ་སོགས་པའོ། །དམ་པའི་དངོས་པོའི་དེ་ཁོ་ན་ཉིད་རེག་པ་སྟེ། ཐམས་ཅད་མཁྱེན་པ་ [170b.3]དང་། དེའི་གཞུང་ལ་སྤྱོད་པའི་ཉན་ཐོས་དག་གོ། །གསུངས་པ་ནི་འཆད་པའོ། །ཚིག་རྐང་བཞི་པ་ལས་བརྩམས་ཏེ། སངས་རྒྱས་ཀྱིས་ནི་གསུངས་ཚིག་གང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པ་ཉིད་དུ་ཐུགས་རྗེ་ཆེན་པོས་གཞན་གྱི་དོན་ལ་བརྩོན་པ་སྟེ། ཚུལ་ཁྲིམས་ [170b.4]ཀྱིས་མཚོན་པ་སེམས་པ་ཁྱད་པར་ཅན་སངས་རྒྱས་སོ། །གང་ཅུང་ཟད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཤད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུས་གསུངས་ཤེ་ན། སྨྲས་པ། བདེན་པ་སྟེ་འཇིགས་པ་མེད་པ་མངོན་པར་མཐོ་བའི་རྒྱུར་ [170b.5]གྱུར་པའི་ཕྱིར་རོ། །མྱ་ངན་ལས་འདས་པར་འགྲོ་བ་ནི་ཐར་པ་ཐོབ་པར་བྱེད་པ་སྟེ། ངེས་པར་ལེགས་པ་སྒྲུབ་པའི་ཕྱིར་རོ། དངོས་པོའི་སྐྱོན་མེད་པས་འདིར་བསམ་པའི་སྐྱོན་ཡང་ནམ་ཡང་མེད་དོ། །བསམ་པའི་སྐྱོན་མེད་པའི་ཕྱིར་གཞན་གྱི་དོན་དུ་གང་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་དེའི་ [170b.6]དོན་ཉིད་སྡུག་བསྔལ་ཐམས་ཅད་སྤངས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །ཚིག་དེ་བླ་ན་མེད་པ་ཡིན། །ཞེས་བྱ་བ་ནི་ཚིག་དེ་ཉིད་ཟླ་མེད་པའོ། །ཚིག་གི་ཚོམས་ཏེ་བརྒྱད་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།ཚུལ་ [170b.7]ཁྲིམས་ལ་སོགས་པའི་ཚོམས་གསུམ་བསྟན་པ་ལས་ཕལ་ཆེར་ལས་ཀྱི་ཚུལ་གསལ་བར་བསྟན་པའི་ཕྱིར། དེའི་འོག་ཏུ་ལས་ཀྱི་ཚོམས་བསྟན་ཏོ། །ཡང་ན་བསྟན་མ་ཐག་པའི་ཚོམས་དེས་ནི་བདེན་པ་ལ་སོགས་པའི་ཚིག་བསྟན་པ་ཡིན་ལ་འདིས་ནི། བརྫུན་དུ་སྨྲ་བ་ལ་སོགས་པའི་ཚིག་བརྗོད་ [171a] [171a.1]པ་ཡིན་ནོ། །ཡང་ན་ཚིག་ལས་ཆེས་ཁྱད་པར་དུ་གྱུར་པའི་ལས་ཉིད་བསྟན་པའི་ཕྱིར་ཏེ་གང་གི་ཕྱིར་སངས་རྒྱས་ཀྱི་བསྟན་པའི་སྟོབས་ཀྱིས་སེམས་ཅན་རྣམས་འཁོར་བ་ལས་འདོན་པ་ཡིན་ལ། དེའི་ཕྱིར་འདི་ནི་ལས་ཆེས་ཁྱད་པར་དུ་གྱུར་པ་ཡིན་པས་དེའི་ [171a.2]རྣམ་པར་འགྲེལ་བ་བརྩམ་པར་འདོད་ནས་སྨྲས་པ། ཆོས་གཅིག་ཅེས་བྱ་བ་ལ་སོགས་པའོ། །རྒྱལ་པོའི་ཁབ་ཀྱི་དཀའ་ཐུབ་འབྱིན་པའི་ཀུན་དགའ་ར་བ་ན་ཚེ་དང་ལྡན་པ་སྒྲ་གཅན་འཛིན་གནས་ཏེ། དེ་གདུལ་བའི་དོན་དུ་བཅོམ་ལྡན་འདས་དེར་གཤེགས་སོ། །དེས་ཀྱང་ཐག་རིང་ [171a.3]པོ་ནས་བཅོམ་ལྡན་འདས་དེར་གཤེགས་པ་མཐོང་སྟེ། གདན་བཤམས་ཤིང་ཞབས་བཀྲུ་བ་དང་ཞབས་རྟེན་ཡང་ཕྱོགས་གཅིག་ཏུ་གཞག་སྟེ། མདུན་བསུ་ནས་ཆོས་གོས་དང་ལྷུང་བཟེད་ཁྱེར་རོ། །ཇི་ཙམ་ན་བཅོམ་ལྡན་འདས་ཉིད་ཀྱིས་ཞབས་བསིལ་ཏེ་ཆུ་སྣོད་ཀྱི་ནང་དུ་ཆུ་ཅུང་ཟད་ [171a.4]ལྷག་པ་གཞག་ནས། ཚེ་དང་ལྡན་པ་སྒྲ་གཅན་འཛིན་ལ་ཆུ་ཅུང་ཟད་ཙམ་འདི་མཐོང་ངམ་ཞེས་བཀའ་སྩལ་ཏོ། །བཙུན་པ་དེ་བཞིན་ནོ་ཞེས་གསོལ་ཏོ། །དེ་ལྟར་ཅུང་ཟད་ཙམ་དེ་བཞིན་དུ་ངས་སྒྲ་གཅན་འཛིན་ཁྱོད་ལ་སྐྱེས་བུ་གཏི་མུག་ཅན་གྱི་དགེ་སྦྱོང་གི་ཆོས་སྨྲ་བར་བྱའོ། །གང་ལ་ལ་ཞིག་ [171a.5]ཤེས་བཞིན་དུ་བརྫུན་དུ་སྨྲ་བ་དང་། ངོ་ཚ་མེད་པ་དང་། འཛེམ་པ་མེད་པ་དང་། འགྱོད་པ་མེད་པ་དེ་ཡང་བོར་བ་ནས་དེ་བཞིན་དུ་འདི་ལ་གཡོན་ཅན་དགེ་སྦྱོང་གི་ཆོས་སོ་ཞེས་ང་སྨྲའོ་ཞེས་བྱ་བ་དང་། ཧ་སྟི་ཤུ་ཎ་ཌ་ཏྱ་གའི་དཔེར་བརྗོད་པས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཆོས་ [171a.6]གཅིག་ནི་གཙོ་བོར་གྱུར་པའི་དོན་ཏེ། གཅིག་གི་སྒྲ་ནི་མཆོག་གི་ཚིག་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྒྲ་ནི་ཡང་དོན་གྱི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། གྲོང་འདི་ན་ནི་རྒྱལ་གྱི་གྲོགས་པོ་གནས་སོ་ཞེས་གཙོ་བོར་ཤེས་པ་བཞིན་ཏེ། དེས་ན་བདེན་པའི་ཚིག་ནི་འདིར་ཆོས་སོ། །འཛིན་པར་བྱེད་ [171a.7]པ་ཡིན་པས་ཆེན་པོའོ། །གཅིག་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་ཆོས་གཅིག་ཅེས་བསྡུ་བ་བྱས་སོ། །དེ་ལས་འདས་པ་ནི་ཐལ་བ་སྟེ། བདེན་པ་ཞེས་བྱ་བ་བོར་བ་དང་ལྡན་པའི་སྐྱེས་བུའོ། །འདི་ཇི་ལྟ་བུ་ཡིན་ཞེ་ན་སྨྲས་པ། བརྫུན་དུ་སྨྲ་བའི་ཞེས་བྱ་བ་སྟེ། བརྫུན་པ་ནི་ཕྱིན་ཅི་ལོག་སྟེ། [171b] [171b.1]སྨྲ་བ་ནི་ཚིག་གོ། །གང་ཞིག་རྟག་ཏུ་བརྫུན་སྨྲ་བ་དེ་ཉིད་ནི་སྐྱེ་བོ་དམ་པས་མ་བསྔགས་པ་བདེན་པའི་ཆོས་ལས་འདས་པ་སྟེ། དཔེར་ན་དུག་ཧ་ལ་ཧ་ལ་ཉེ་བར་ལོངས་སྤྱོད་པ་དེས་སྲོག་འཕྲོག་པར་བྱེད་པ་དེ་བཞིན་དུའོ། །ལུས་ཅན་ནི་སེམས་ཅན་ནོ། །འཇིག་རྟེན་ཕ་རོལ་བཅོམ་པ་ཞེས་པ་ནི་བདེ་འགྲོ་ [171b.2]ཡོངས་སུ་སྤངས་པ་སྟེ། འདིར་ཕ་རོལ་གྱི་སྒྲ་ནི་བསྔགས་པར་བྱས་པའི་ཕྱིར་ཏེ། སོང་ནས་བདེ་བ་སྦྱིན་པ་ནི་ཆོས་སོ་ཞེས་པའི་ཚིག་གིས་སོ། །དེ་སྤངས་པས་ནི་དེའི་འབྲས་བུ་སྤོང་བའོ། །སྡིག་པ་མི་བྱ་ཅི་ཡང་མེད། །ཅེས་བྱ་བ་ནི་དེས་བདེན་པ་སྤངས་ཤིང་བརྫུན་དུ་སྨྲ་བ་ཡོངས་སུ་གཟུང་ [171b.3]བས་སྡིག་པ་བསགས་ཏེ། རིམ་གྱིས་དགེ་བའི་རྩ་བ་རྣམས་རྒྱུན་གཅོད་པར་བྱེད་པ་དེ་ནི་སྔར་བཤད་པའི་སེམས་ཅན་གྱིས་ནི་མི་བྱ་བ་དང་། ངན་པར་སྤྱོད་པ་མི་བྱེད་པ་ཅི་ཡང་མེད་པའོ། །དེས་ན་ཡང་དེ་ཉིད་ཀྱི་ཕྱིར། ལྕགས་གོང་ཟོས་པ་ཆེས་བླ་ཡི། །ཞེས་བྱ་བ་སྨོས་ཏེ། ལྕགས་ཀྱི་གར་ [171b.4]བུའམ་ལྕགས་ཀྱི་གོང་པོ་མིད་པ་ནི་རུང་ངོ་ཞེས་པའོ། །ཇི་ལྟ་བུ་ཞེ་ན། བསྲེག་པ་སྟེ་མེས་བསྲེགས་པའོ། །མེ་ལྕེ་འབར་འདྲ་བ་ཞེས་བྱ་བ་ནི་མེ་འབར་བ་དང་འདྲ་ཞིང་མཚུངས་པ་གང་ཡིན་པ་སྟེ། མེས་སྲེག་ཅིང་འབར་བ་དང་མཉམ་པའོ། །བཟར་མི་རུང་ཞེས་བྱ་བ་ནི་གང་ཞིག་ཟོས་ཤིང་ [171b.5]མིད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གང་ཡང་ལྕགས་ཀྱི་ཐུ་ལུམ་བསྲེགས་ཤིང་མེ་ལྕེ་འབར་བ་ལྟ་བུ་ཟ་བ་དང་། གང་ཡང་ཚུལ་ཁྲིམས་འཆལ་བ་ཡུལ་འཁོར་གྱི་བསོད་སྙོམས་ཟ་བར་བྱེད་པ་འདི་གཉིས་ལས་ནི་ལྕགས་ཀྱི་ཐུ་ལུམ་ཟ་བ་དེ་ནི་བླའི། ཅིག་ཤོས་ནི་མ་ཡིན་ནོ། །ཇི་སྐད་དུ་རྣམ་ [171b.6]པར་སྨྲ་བར་བྱེད་པ་ལས་དམིགས་པ་ནི་ཆོས་མཆོག་ཡིན་གྱི། གང་ཡང་མི་དམིགས་པ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་ལ་བདག་མེད་པའི་རྣམ་པ་ལ་གང་དམིགས་པ་དང་། གང་ཡང་མི་དམིགས་པ་དེ་གཉིས་ལས་དམིགས་པ་ཉིད་ཆེས་མཆོག་ཡིན་ནོ་ཞེས་པའི་དོན་ཏེ། དེ་བཞིན་དུ་བསྟན་ [171b.7]པ་འདི་ཡང་ཤེས་པར་བྱའོ། །ཚུལ་ཁྲིམས་འཆལ་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཉམས་པ་སྟེ། བརྫུན་སྨྲ་བ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །ཡུལ་འཁོར་བསོད་སྙོམས་ཞེས་བྱ་བ་ནི་གྲོང་ལ་སོགས་པ་ལས་རྙེད་པའི་བསོད་སྙོམས་ཏེ། གུས་པ་སྔོན་དུ་བཏང་བས་དགེ་སློང་ལ་བྱིན་པའི་ [172a] [172a.1]ཟས་ཞེས་བྱ་བའི་དོན་ཏོ། །མི་སྡོམ་པས་ཞེས་བྱ་བ་ནི་དབང་པོ་སྡོམ་པ་དང་མི་ལྡན་པའི་ཕྱིར་ཏེ། གང་ཚུལ་ཁྲིམས་དང་ལྡན་ཡང་དབང་པོ་མ་དུལ་བ་དེས་བསོད་སྙོམས་ཉེ་བར་ལོངས་སྤྱོད་པ་མི་རིགས་སོ། །ཡང་ན་དགེ་བའི་ཕྱོགས་ལ་མངོན་པར་མི་བརྩོན་པ་སྟེ། ལེ་ [172a.2]ལོ་ཅན་གྱིས་ཉེ་བར་བླངས་པའི་འཚོ་བ་ནི་བུ་ལོན་དུ་སྤྱོད་པ་ཡིན་ནོ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །འདི་ནི་ཤིན་ཏུ་བསྡམས་པ་ཡིན་ནོ་ཞེས་དེ་ལ་དད་པས་བསོད་སྙོམས་ལ་སོགས་པ་འབུལ་བར་འགྱུར་ཏེ། དེ་ནི་ནང་ན་ཤིན་ཏུ་མ་རུངས་པ་ཡིན་ན་དེ་ཐམས་ཅད་ནི་བུ་ལོན་དུ་འགྱུར་རོ། །བརྫུན་དུ་སྨྲ་ [172a.3]བའི་ཉེས་དམིགས་བསྟོད་པས་དེ་ལས་བཟློག་པའི་ཕྱིར་གསུངས་སོ། །སྡིག་པས་འཇིགས་པ་རྣམས་ལ་འདི་ལྟ་བུའི་སྡིག་པ་མི་བྱའོ་ཞེས་འདིར་བསྟན་པའི་ཕྱིར་ཁྱོད་ནི་སྡུག་བསྔལ་གྱིས་འཇིགས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཅི་ར་བ་ཏྱ་ཞེས་བྱ་བའི་ཆུ་ཀླུང་རྒྱུ་ཞིང་གཤེགས་པ་ [172a.4]ལས་ཉེ་བ་རྒན་པོ་ཞིག་གིས་ཉ་རྒྱས་ཉ་མང་པོ་བཟུང་ཞིང་ཕྱུང་བ་གཟིགས་ཏེ། ཅི་རིགས་ཀྱི་བུ་ཁྱོད་གང་ལ་ལས་འཇིགས་པ་ཡོད་ཅེས་བཀའ་སྩལ་པ་དང་། ཀྱེ་གཽ་ཏ་མ་སྡུག་བསྔལ་ལས་འཇིགས་པ་མཆིས་སོ་ཞེས་གསོལ་ཏོ། །དེ་ལྟ་ན་གཞན་དག་ལ་སྡུག་བསྔལ་མ་བསྐྱེད་ཅིག །དེ་ཅིའི་ [172a.5]ཕྱིར་ཞེ་ན། གང་གིས་སྡུག་བསྔལ་བྱས་ན་བདེ་བར་འགྱུར་བ་ནི་མེད་དོ་ཞེས་པ་ནས་ཇི་སྲིད་དུ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །གཞན་དག་ནི་སྡུག་བསྔལ་གྱི་འཇིགས་པ་ཀུན་དུ་རྒྱུ་ཞིག་གིས་འདི་སྐད་ཅེས། ཀྱེ་གཽ་ཏ་མ་བདག་འདིར་སྡུག་བསྔལ་གྱིས་འཇིགས་པར་གྱུར་ན། དེ་ཐབས་གང་གིས་ [172a.6]བདག་གི་སྡུག་བསྔལ་མེད་པར་འགྱུར་ཞེས་གསོལ་པ་དང་། །དེ་ཉིད་ཀྱི་ཕྱིར་འདི་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །ཁྱོད་ནི་ཞེས་བྱ་བ་ནི་གལ་ཏེའོ། །འཇིགས་པ་ནི་སྐྲག་པའོ། །སྡུག་བསྔལ་གྱིས་ཞེས་བྱ་བ་ནི་ངན་སོང་གི་སྡུག་བསྔལ་ལས་ཞེས་བྱ་བའི་ཚིག་གི་ལྷག་མ་སྟེ། གསུམ་པའི་ [172a.7]གནས་སུ་ལྔ་པ་གཞག་པས་ན་སྡུག་བསྔལ་ལས་ཞེས་བྱ་བའི་དོན་ཏོ། །ཁྱོད་ལ་ཞེས་བྱ་བ་ནི་གལ་ཏེ་ཁྱོད་ལ་སྡུག་བསྔལ་མི་སྡུག་པ་སྟེ། བདེ་འགྲོའི་སྡུག་བསྔལ་ལམ་འདུ་བྱེད་ཀྱི་སྡུག་བསྔལ་མི་འདོད་པ་ཡིན་ན་སྟེ། ངན་སོང་གི་སྡུག་བསྔལ་ནི་སྔར་བཤད་པའི་ཕྱིར་རོ། །གང་གི་ཕྱིར་ཡང་ [172b] [172b.1]དེས་ཉེ་བར་གདུང་བ་ཡིན་པའི་ཕྱིར་མངོན་པར་མི་འདོད་པ་སྟེ། དེ་བས་ན་དེའི་འོག་ཏུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་སྡུག་བསྔལ་ལས་འཇིགས་པ་ཡིན་ཏེ། བདག་སྡུག་བསྔལ་བར་ནམ་ཡང་མ་གྱུར་ཅིག་པའོ། །དེར་ལྟུང་བ་ཡོངས་སུ་སྤང་བའི་སྨན་བསྟེན་པའི་ཐབས་བསྟན་པའི་ཕྱིར་ [172b.2]སྨྲས་པ། མེ་བྱ་ཞེས་པ་སྟེ་ནམ་ཡང་མ་བྱེད་ཅིག་པའོ། །སྡིག་པ་ཅན་གྱི་ལས་ཞེས་བྱ་བ་ནི་ངན་པར་སྤྱོད་པའོ། །མངོན་སུམ་ནི་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་དུ་གསལ་བར་རོ། །ལྐོག་ཏུའང་རུང་ཞེས་བྱ་བ་ནི་ཡང་ན་སྐྱེ་བོས་དབེན་པའི་ཕྱོགས་ཏེ། ཕག་ཏུ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། མ་ [172b.3]མཐོང་ལྐོག་ཏུའང་མི་བྱ་སྟེ། །ལས་དེ་འཕགས་པས་མི་བྱའོ། །ཞེས་གསུངས་པའོ། །གལ་ཏེ་སྡིག་པའི་ལས་བྱས་སམ། །བྱེད་ཀྱང་རུང་སྟེ་ཞེས་བྱ་བ་ནི་གལ་ཏེ་ཡང་ཁྱོད་མི་ཤེས་པས། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་སྲོག་གཅོད་པ་ལ་སོགས་པའི་ཉེས་དམིགས་ཉེས་པར་སྤྱོད་དམ་ [172b.4]ང་ཉིད་ད་ལྟར་འདུག་བཞིན་དུ་མདུན་དུ་ཁྱོད་ཀྱིས་བྱས་ན་དེས་ན་ཁྱོད་ནི། སྡུག་བསྔལ་ལས་ཞེས་བྱ་བ་སྨོས་ཏེ། ལུས་དང་སེམས་གདུང་བ་ལས་སོ། །ཐར་མི་འགྱུར་ཞེས་བྱ་བ་ནི་ངེས་པར་འབྱུང་བའོ། །ཅི་ཞིག་བྱས་ན་ཐར་བར་མི་འགྱུར་ཞེ་ན། སྨྲས་པ། ཀོག་ཅེས་ལངས་ཏེ་བྲོས་བྱས་ཀྱང་། །ཞེས་ [172b.5]བྱ་བ་སྟེ། རང་གི་ཡུལ་ལམ་རྒྱ་མཚོ་ལ་སོགས་པ་ལས་རྒལ་ཞིང་འདས་པར་བྱས་པའམ། ཡུལ་ཐག་ཤིན་ཏུ་རིང་པོར་སོང་བར་གྱུར་ཀྱང་སྟེ་ཇི་སྐད་དུ། སྡིག་ཅན་བདག་ཉིད་གར་འགྲོ་བ། །སྡུག་བསྔལ་ཉིད་ནི་དེར་འགྲོ་སྟེ། །གང་དང་གང་དུ་མེ་གནས་པ། །དེ་ཉིད་ན་ནི་བསྲེག་པར་འགྱུར། །ཞེས་ [172b.6]གསུངས་པའི་ཕྱིར་རོ། །བར་སྣང་ལ་སོགས་པར་བྲོས་ན་དེ་ལས་ཐར་བར་འགྱུར་རོ་ཞེས་བདེན་པར་སྨྲ་བ་གཅད་པའི་ཕྱིར་སྨྲས་པ། གང་དུ་གནས་ན་འཆི་བས་མི་ཚུགས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། འདིར་གླེང་གཞི་དང་འབྲེལ་པ་ནི་མི་རྟག་པའི་ཚོམས་སུ་བཤད་དེ། འཆི་བའི་གནས་ [172b.7]སུ་ལས་ཉི་ཚེ་བརྗོད་པ་ཡིན་ནོ། །ལས་ཀྱིས་ཟིལ་གྱིས་ནོན་པར་བྱེད་པས་དེ་བྱ་བར་མི་རུང་བའི་ཕྱིར་སྨྲས་པ། ཕ་རོལ་པོ་ལ་བརྟགས་ནས་གང་། །ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་མ་སྐྱེས་དགྲས་ཀཱར་ཥཱ་པ་ཎའི་བཞི་ཆ་བརྐུས་པ་ཙམ་དང་། གཞན་གྱིས་བསྒྱུར་བ་ཙམ་གྱིས་ཀྱང་གསོད་བར་ [173a] [173a.1]བྱེད་དོ། །དེ་རེ་ཞིག་ཅིག་ན་རྐུན་མ་དང་བྱི་བོ་བྱེད་པ་དང་། ཞལ་ཆེ་ལ་གཡོ་བྱེད་པ་མང་པོ་དག་གསད་པའི་ཕྱིར་གཤེད་མ་པའི་ལག་ཏུ་གཏད་དེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །གང་ཞེས་བྱ་བ་དང་། སྡིག་པ་ཅན་གྱི་ལས་ཞེས་བྱ་བ་འདིར་སྦྱར་བར་བྱའོ། ། [173a.2]ཕ་རོལ་པོ་ལ་ཞེས་བྱ་བ་ནི་རྐུན་པོ་དང་བྱི་བོ་བྱེད་པ་ལ་སོགས་པ་དག་ལའོ། །བརྟགས་ནས་ཞེས་བྱ་བ་ནི་ཉེ་བར་བརྟགས་པ་དང་། ཡོངས་སུ་བཙལ་བ་སྟེ། སྐྱེས་བུ་གང་གིས་སྡིག་པ་བྱས། །ཞེས་སོ། །སྡིག་པ་ཅན་ཞེས་བྱ་བ་ནི་འོག་ནས་བཤད་དོ། །མཐོང་བ་ནི་འཇིག་རྟེན་ངེས་པར་བྱས་ [173a.3]པའོ། །སྡིག་པ་ཅན་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པ་དང་མི་འདོད་པའི་འབྲས་བུའོ། །བདག་གིས་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ། །དེ་དག་མི་བྱ་ཞེས་བྱ་བ་ནི་སྡིག་པ་ཅན་གྱི་ལས་མི་བྱ་བའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། སྡིག་བྱས་ལས་ནི་རྗེས་སུ་འབྲང་། །ཞེས་བྱ་བ་ཡིན་ཏེ། སྡིག་ [173a.4]པ་བྱེད་པ་ཡིན་ནོ་ཞེས་སྐྱེ་བོ་རྣམས་སྨོད་ཅིང་སྡིག་པ་ཅན་གྱི་སྐྱེ་བོ་ནི་ཐ་མ་ཡིན་ནོ་ཞེས་བྱ་བའི་ཕྱིར། རང་གིས་བྱས་པའི་སྡིག་པའི་ལས་དེ་ནི་འདི་དང་ཕ་རོལ་ཏུ་རྗེས་སུ་འབྲང་བ་ཡིན་ཏེ། ཇི་ལྟར་བདག་གིས་མིག་གིས་ཐམས་ཅད་མཐོང་བ་བཞིན་ནོ། །སྡིག་པའི་ལས་ཀྱི་སྐྱོན་བསྟན་པས་དེ་ [173a.5]འགག་པའི་ཕྱིར་འདི་གསུངས་སོ། །གང་ཡང་ལས་ཀྱི་ཞགས་པས་བཅིངས་པར་གྱུར་ན་ནི་གཡང་སར་ལྟུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ལས་གང་ཤིན་ཏུ་མི་བཟད་དང་། །ཞེས་བྱ་བ་ལ་སོགས་པའོ། །དེ་ནས་སྲང་ལ་གཡོ་བྱེད་པའི་ཚོང་དཔོན་ཞིག་དང་། འཐབ་མོས་འཚོ་ [173a.6]བའི་གྲོང་དཔོན་ཞིག་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ལ་ཟོལ་བྱེད་པས་གཞལ་བླུགས་གཅིག་ཏུ་འཚོས་པ་དང་། ལོག་པའི་འཚོ་བས་འཚོ་བར་བྱེད་པ་སྟེ། འདི་ལྟ་སྟེ་ཁར་བའི་སྲང་ལ་ཟོལ་བྱེད་པ་དང་། གཞལ་བླུགས་ལག་ཅིག་ཏུ་ཟོལ་བྱེད་པ་དང་མཆོག་ཏུ་ [173a.7]གཏུམ་ཞིང་མི་བཟད་པ་ལག་པ་ཁྲག་གིས་སྤགས་པ་ནི་ཇི་སྲིད་དུ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །གང་ཞེས་བྱ་བ་དང་། མིའི་ཞེས་བྱ་བར་སྦྱར་ཏེ་སེམས་ཅན་ནོ། །ཟོལ་བྱེད་གཞལ་བླུགས་འཆོས་པ་དང་། །ཞེས་བྱ་བ་ནི་སྔ་ན་མེད་པའི་ [173b] [173b.1]བྲེ་ལ་སོགས་པ་འཆོས་པའོ། །འདིས་འཇལ་བ་ཡིན་པས་གཞལ་བླུགས་ཏེ། དེ་ཡང་བཅོས་མ་དེའི་སྦྱོར་བ་བྱས་པའོ། །དེ་ལས་གབ་པ་ལས་གཞན་ལ་འཚེ་བའི་ཐབས་བསྟན་ནས་བསལ་བར་སྨྲས་པ། ལས་གང་ཤིན་ཏུ་མི་བཟད་པ། །ཞེས་བྱ་བ་སྨོས་ཏེ། སྲོག་གཅོད་པ་ལ་སོགས་ [173b.2]པ་རྣམ་པར་སྨད་པའི་སྤྱོད་པ་དེའོ། །མི་ལ་འཚེ་བར་བྱེད་པ་དང་། །ཞེས་བྱ་བ་ནི་སེམས་ཅན་གཞན་ལ་ཉེ་བར་གདུང་བར་བྱེད་པ་ཡིན་ནོ། །གཞན་ལ་བྱེད་དུ་འཇུག་པ་ཞེས་བྱ་བ་ནི་གཞན་བྱེད་པར་འཇུད་པའམ། གཞན་གྱི་ལག་གིས་ཞེས་བྱ་བའི་དོན་ཏོ། །དེ་ཡིས་གཡང་སར་ལྟུང་བར་བྱེད། །ཅེས་ [173b.3]བྱ་བ་ནི་རབ་ཏུ་འགྲོ་བ་དང་འཇུག་པ་ཞེས་བྱ་བའི་དོན་ཏོ། །གཡང་ས་ནི་ངན་སོང་ངོ་། །དེ་ཡིས་ཞེས་བྱ་བ་ནི་འཚེ་བ་བྱེད་པ་ལ་སོགས་པས་སོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། ལས་དེ་མི་ཡི་རྗེས་འབྲང་བས། །ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་སེམས་ཅན་དེ་སྡིག་པ་ངན་སོང་གི་འབྲས་བུའི་ལས་ནག་པོའི་ [173b.4]ཞགས་པ་ཉིད་ཀྱིས་བཅིངས་པ་སྟེ། གཞན་གྱིས་དབང་དུ་བྱས་པ་ཡིན་པས་དེ་བས་ན་མི་འདོད་ཀྱང་ངན་སོང་དུ་འགྲོ་བ་ཉིད་དོ། །འོ་ན་ལུས་ཀྱིས་ལས་བྱས་པ་ནི་ལུས་ཉམས་པས་འཇིགས་པར་འགྱུར་ཏེ། གང་གི་ཕྱིར་གནས་ཉམས་ན་གནས་པ་ཉམས་པར་སྣང་ངོ་ཞེ་ན། སྨྲས་པ། མི་ཡིས་ [173b.5]གང་དང་གང་བྱས་པའི། །ཞེས་བྱ་བ་སྟེ། གང་ཅུང་ཟད་ཀུན་ནས་ཉོན་མོངས་པ་སེམས་ཅན་འདི་སྤྱོད་པའོ། །དེ་གང་ཡིན་ཞེ་ན། སྨྲས་པ། དགེ་བ་འམ་ནི་སྡིག་པ་ཡི། །ཞེས་བྱ་བ་སྨོས་ཏེ། མི་དགེ་བའི་ལས་སམ་དགེ་བའི་ལས་སོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་རང་གིས་ [173b.6]བྱས་པ་ལས་སོ། །འབྲས་བུར་འགྱུར་ཞེས་བྱ་བ་ནི་བགོ་སྐལ་ལ་སྤྱོད་པའོ། །ཅིའི་ཕྱིར་དེ་ལྟར་འགྱུར་ཞེ་ན། ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཞེས་བྱ་བ་སྟེ་གང་གི་ཕྱིར་ལས་བྱས་ཤིང་བསགས་པ་ནི་འབྲས་བུ་མེད་པར་མི་འགྱུར་ཏེ། དེ་བས་ན། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ [173b.7]ཟ་བའང་ཚོགས་དང་དུས། །ཞེས་བྱ་བའི་ཚིག་གིས་སོ། །སྡུག་བསྔལ་གྱིས་འཇིགས་པ་རྣམས་ལ་སྡིག་པའི་ལས་སྤོང་བ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །དུས་ཅུང་ཟད་དུ་ཉེས་པར་སྤྱོད་པ་བྱས་ཀྱང་ཇི་སྲིད་མ་ཤིའི་བར་དུ་བདེ་བ་ཡོད་དོ་ཞེས་པ་ལ། དེ་ཉིད་སྨྲས་པ། དེ་ཡི་ཚོགས་པ་དེ་སྲིད་དུ། ། [174a] [174a.1]ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྒྱལ་པོ་གསལ་རྒྱལ་དང་། རྒྱལ་པོ་མ་སྐྱེས་དགྲ་གཉིས་ཕན་ཚུན་མི་མཐུན་པར་གྱུར་ཏེ། ཇི་ཙམ་ན་མ་སྐྱེས་དགྲས་རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེའི་ཚོགས་ལ་སོགས་པ་ཐམས་ཅད་ཕྲོགས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་ [174a.2]རྒྱ་ཆེར་དགེ་སློང་རབ་ཏུ་མང་པོ་བསོད་སྙོམས་ལ་འོངས་པ་དག་ལས་གསན་ནས་བཅོམ་ལྡན་འདས་ཀྱིས་དགྲ་ལས་རྒྱལ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་བཀའ་སྩལ་པ་དང་། ཡང་འཐབ་མོ་ལ་ཞུགས་ཏེ་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་མ་སྐྱེས་དགྲ་དེ་གསོན་བཞིན་དུ་བཟུང་སྟེ། བཅོམ་ [174a.3]ལྡན་འདས་ཀྱི་སྤྱན་སྔར་ཁྱེར་ཏེ་འོངས་ནས་གསོལ་པ། བཙུན་པ་འདི་ནི་བདག་དང་ཡུན་རིང་པོ་ནས་ཁོན་མེད་པ་ལགས་ན། འདི་ཉིད་ཀྱིས་དགྲ་བགྱིས་པ་ཉི་ཚེར་ཟད་དོ་ཞེས་པ་ནས། གྲོགས་པོའི་བུ་ཡིན་ནོ་ཞེས་བྱ་བའི་བར་དུ་ཇི་སྲིད་དུ་གང་གིས་ཀྱང་མ་བཏང་ངོ་ཞེས་པ་ནས། རྒྱལ་པོ་ཆེན་པོ་འདི་ [174a.4]ཁྱོད་ཀྱིས་མ་བཏང་བ་དེས་ནི་ཡུན་རིང་པོར་གནོད་པར་འགྱུར་ཞིང་མི་ཕན་པར་འགྱུར་རོ་ཞེས་གསུངས་ཏེ། དེས་ན་ཇི་ཙམ་ན་འདི་གསུངས་སོ། །རུང་བར་བྱེད་ཅེས་བྱ་བ་ནི་རྣམ་པར་འཇིག་པ་དང་། རྣམ་པར་འཇོམས་པར་བྱེད་པའོ། །དེ་སྲིད་ཅེས་བྱ་བ་ནི་དེ་སྲིད་ཀྱི་དུས་སོ། །འདི་ནི་ཞེས་བྱ་བ་ནི་མ་སྐྱེས་ [174a.5]དགྲ་ལ་སོགས་པའོ། །དུས་ཇི་སྲིད་ཅིག་ཏུ་འདི་རུང་བར་བྱེད་ཅེ་ན། དེ་ཡི་ཚོགས་པ་ཇི་སྲིད་པར། །ཞེས་བྱ་བ་སྨོས་ཏེ། དུས་ཇི་སྲིད་ཀྱི་བར་དུ་དེའི་དགེ་བའི་ལས་མ་ཟད་ཅིང་ནུས་པ་མངོན་དུ་ཕྱོགས་ཤིང་གནས་པའམ། སྒྲུབ་པའི་འདུ་འཕྲོད་རྗེས་སུ་མཐུན་པར་གྱུར་པ་འཇུག་པ་དེ་སྲིད་དུའོ། །དེ་ནས་ [174a.6]གཞན་ཡང་རུང་བྱེད་དེ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་དེའི་ཕྱི་ནས་ཏེ། སྔར་བཤད་པའི་ཚོགས་པ་དང་བྲལ་བར་གྱུར་པ་དང་། ཁྱོད་ལ་སོགས་པ་ཅི་ལ་རག་པ་མེད་པར་ཆས་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་སོགས་པ་གང་ཡང་རུང་བ་ཟིལ་གྱིས་གནོན་པར་བྱེད་དོ། །གཞན་དག་ནི་སྔར་ [174a.7]གྱིས་རུང་བར་བྱེད་པ་དེ་འཇིག་པའི་འོག་ཏུ་དེ་ལས་བཟློག་པ་སྟེ། ཚོགས་པ་འདུས་པའི་ཕྱིར་རུང་བར་བྱེད་པ་གཞན་དག་གིས་རུང་བར་བྱེད་དོ། །བཅོམ་ལྡན་འདས་དམྱལ་བའི་གནས་སུ་རྒྱུ་ཞིང་གཤེགས་པའི་ཚེ། དམྱལ་བ་པ་རྣམས་ཀྱིས་གསོལ་བ་བཏབ་པ་ན། ཚེ་རབས་སྔ་མའི་གཤིན་རྗེའི་ [174b] [174b.1]སྲུང་མ་དག་བསྟན་ནས། འདི་གསུངས་སོ་ཞེས་ཟེར་ཏེ། གང་གི་ཕྱིར་དེ་ནི་ཇི་སྲིད་འཚོའི་བར་དུ་དམྱལ་བ་དེ་དག་ལ་གནོད་པ་བྱེད་ལ། ཤི་ནས་ནི་དམྱལ་བའི་སྲུང་མ་ཤིན་ཏུ་མི་བཟད་པ་གཞན་དག་ཀྱང་དེར་སྐྱེས་ནས་གནོད་པར་བྱེད་དོ་ཞེས་སོ། །འབྱོར་བ་ཐམས་ཅད་ཀྱི་མཐའ་ནི་ [174b.2]རྒུད་པ་ཡིན་ཏེ། དེའི་ཕྱིར་བག་མེད་པ་མི་བྱའོ་ཞེས་བསྟན་པའི་ཕྱིར་འདི་གསུངས་སོ། །གལ་ཏེ་མི་འདོད་པའི་འབྲས་བུའི་ལས་བྱེད་པའི་དུས་སུ་མི་རྟོགས་ཀྱང་སྨིན་པའི་དུས་སུ་མི་དེ་རྟོགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ནི་བདག་རྗེས་མི་འབྲང་བས། །ཞེས་བྱ་བ་ལ་སོགས་ [174b.3]པ་སྨོས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྱིན་པ་སོ་སོའི་སྐྱེ་བོ་འདི་དག་ནི་ངེས་པར་དམུས་ལོང་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ལུས་ཀྱིས་ཉེས་བར་སྤྱད་པ་སྤྱོད་ཅིང་ཞེས་རྒྱ་ཆེར་དམྱལ་བར་སྐྱེ་བར་འགྱུར་ཏེ་ཞེས་ [174b.4]པ་ནས་ཇི་སྲིད་དུ་ཚིགས་སུ་བཅད་པ་ལྔ་པོ་འདི་གསུངས་སོ། །བྱས་པ་ནི་འབྱུང་བའོ། །མ་བརྟགས་པ་ནི་མི་ཤེས་པའོ། །བྱིས་པ་ནི་སྐྱེ་བོ་རྨོངས་པ་སྟེ། བྱིས་པའི་སྐྱེ་བོ་དེ་ནི་བྱས་པའི་ལས་ཀྱང་དག་ལུས་བཞིན་དུ་སྐྱེ་བ་གཞན་དུ་འབྱུང་བར་མི་འགྱུར་རོ་ཞེས་ [174b.5]འདི་ལྟར་ངེས་པར་རྟོག་གོ། །ཇི་ལྟར་མ་བརྟགས་པ་ཡིན་ཞེ་ན། །འདི་ནི་བདག་རྗེས་མི་འབྲང་བས། །ཞེས་བྱ་བ་སྟེ། སྡིག་པའི་ལས་འདི་ནི་བདག་འགྲོ་བའི་རྗེས་སུ་འབྲང་བ་མ་ཡིན་ཏེ། དཔེར་ན་ལུས་བྱེད་པ་པོ་འདི་ནི་འདི་ཉིད་དུ་འཇིག་པར་འགྱུར་ཏེ། དེ་བཞིན་དུ་དེས་བྱས་པས་ [174b.6]ལས་ཀྱང་འཇིག་པར་འགྱུར་རོ་སྙམ་པའོ། །ཇི་ལྟར་གང་དང་གང་དུ་ལུས་འགྲོ་བ་དེ་དང་དེར་གྲིབ་མ་འགྲོ་བར་འགྱུར་ལ། དེ་མེད་ན་ནི་དེ་མེད་པར་འགྱུར་བ་དེ་བཞིན་དུ་ཕ་རོལ་དུ་ནི་ཞེས་བྱ་བ་སྟེ། འཇིག་རྟེན་ཕ་རོལ་ཏུ་རྟོག་པར་འགྱུར་བའོ། །གང་དུ་གནས་ནས་ཤེས་པར་འགྱུར་ཞེ་ན། སྡིག་ [174b.7]པའི་ལས་ཀྱིས་འགྲོ་བ་དག །ཅེས་བྱ་བ་ཡིན་ཏེ། དེ་ན་གནས་པར་གྱུར་པ་ན། །ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྡིག་པའི་ལས་གང་ཡིན་པ་དེ་ནི་སྡིག་པའི་ལས་ཉིད་དོ། །སྡིག་པ་བྱེད་པ་གང་ཡིན་པ་དམྱལ་བ་ལ་སོགས་པའི་འགྲོ་བ་དག་ཏུ་གནས་ཤིང་དེ་དང་འབྲེལ་པ་ན་སྡིག་པ་ [175a] [175a.1]ཤེས་པར་འགྱུར་རོ། །ནམ་ཞིག་ཅེ་ན་སྨྲས་པ། ནམ་ཞིག་ན་འདི་ཉིད་ཀྱིས་ཚ་བར་འགྱུར་བ་སྟེ། གང་གི་ཚེ་འདི་ཉིད་ཀྱིས་སྡིག་པའི་ལས་བྱས་པའི་བྱིས་པ་དེ་ཉིད་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སོ་སོར་བསྟན་པ་ན་སྡུག་བསྔལ་ཆེན་པོ་སྐྱེ་བར་འགྱུར་ཞིང་དེའི་ཚེ་སྡུག་ [175a.2]བསྔལ་གྱི་འབྲས་བུས་ཉེ་བར་གདུངས་པས་དེའི་སྐྱོན་ཤེས་ནས་ཡིད་ལ་གཅགས་པར་འགྱུར་ཏེ། བདག་གིས་ནི་གང་སྡིག་པ་སྤྱོད་པ་ནི་ལེགས་པར་མ་བྱས་པ་སྟེ། ཇི་སྐད་དུ། རིགས་པའམ་ཡང་ན་མི་རིགས་པས། །ལོངས་སྤྱོད་བདག་གིས་གང་བསགས་པ། །གཞན་དག་བདེ་བས་དགའ་བར་འགྱུར། ། [175a.3]བདག་ནི་སྡུག་བསྔལ་སྐལ་བ་ལེན། །ཞེས་བཤད་པའོ། །ཇི་ལྟར་ཡང་སྔོན་སྡིག་པ་བྱས་པ་མི་ཤེས་པ་ནི་ཉོན་མོངས་པ་ལ་འཇུག་ཅིང་ཕྱིས་ཀྱང་ཀུན་ནས་དཀྲིས་པ་དང་མ་བྲལ་བའམ། ཡང་ན་མི་འདོད་པའི་འབྲས་བུ་འབྱུང་བ་ནི་ཡིད་ལ་གཅགས་པར་འགྱུར་བའི་ཕྱིར་སྨྲས་པ། གལ་ཏེ་ཞེས་བྱ་བ་སྨོས་ཏེ། [175a.4]ཇི་ལྟར་ཡང་བྱིས་པའི་སྐྱེ་བོས་སྡིག་པ་སྟེ། ལུས་ལ་སོགས་པའི་ལས་བྱས་པ་ན་རྨོངས་པས་སྡིག་པ་ཉིད་དུ་མི་ཤེས་པའི་ཕྱིར་རོ། །རང་གི་ལས་ཀྱིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱས་པའི་སྡིག་པའི་ལས་དེ་དག་གིས་སོ། །དེའི་འོག་ཏུ་ནི་ཀུན་ནས་དཀྲིས་པ་དང་མ་བྲལ་བའི་གནས་སྐབས་ན། བྱིས་པ་ [175a.5]དེ་གདུང་བར་འགྱུར་ཏེ། ཡིད་ལ་གཅགས་ཤིང་ཚེ་འདི་དང་ཕ་རོལ་ཏུ་སྡུག་བསྔལ་གྱིས་གཟིར་བར་འགྱུར་རོ། །མེ་ཡིས་བསྲེགས་པ་བཞིན་ཞེས་བྱ་བ་ནི་དཔེར་ན་ལ་ལ་ཞིག་མེས་བསྲེགས་པར་གྱུར་ན་གདུང་ཞིང་ཉམ་ཐག་པ་དེ་བཞིན་ནོ། །མི་ཤེས་པས་བདག་ཉིད་ཀྱི་དོན་དུ་སྡིག་པ་སྤྱོད་པའི་གླེན་པ་དེ་ནི་ [175a.6]དམྱལ་བར་ལྟུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བྱིས་པ་ཤེས་རབ་ཆུང་ངུ་དག །ཅེས་བྱ་བ་ལ་སོགས་པའོ། །གཞན་དག་ནི་རྒྱལ་བྱེད་ཀྱི་ཚལ་ན་ལེགས་པར་རབ་ཏུ་སད་པ་ཞེས་བྱ་བའི་ཀུན་དུ་རྒྱུ་མཛེ་ཅན་ཞིག་ཡོད་དེ། དེས་དེ་བཞིན་གཤེགས་པ་ལ་ཚིག་ངན་པ་བརྗོད་པ་ལས་ [175a.7]བརྩམས་སོ་ཞེས་ཟེར་རོ། །བྱེད་པ་ནི་སྤྱོད་པའོ། །བྱིས་པའི་མཚན་ཉིད་སྨྲས་པ། ཤེས་རབ་ཆུང་ངུ་ཞེས་བྱ་བ་སྟེ། ལས་དང་འབྲས་བུ་ལ་སོགས་པའི་ཚུལ་མི་ཤེས་པའམ། ཕྱིན་ཅི་ལོག་པའི་བློའོ། །ཇི་ལྟར་བྱེད་པ་ཡིན་ཞེ་ན། སྨྲས་པ། བདག་ལ་དགྲ་བཞིན་ཞེས་བྱ་བ་སྟེ། རྗེས་སུ་གནོད་ [175b] [175b.1]པ་བྱེད་ཅིང་མི་མཛའ་བའམ། དགྲ་བོ་དང་ཕྱིར་རྒོལ་བ་སྟེ། བདག་གི་ལུས་ལ་མི་བཟད་པའི་དགྲར་ཞེས་པའི་དོན་ཏོ། །ཅི་ཞིག་གཅོད་པར་བྱེད་པ་ཡིན་ཞེ་ན། སྡིག་ཅན་ལས་ནི་སྤྱོད་པར་བྱེད། །ཅེས་བྱ་བ་ཡིན་ཏེ། སྤྱོད་པ་ནི་ལུས་ལ་སོགས་པའི་ཉེས་པར་སྤྱོད་པའོ། །དེ་གང་ཡིན་ཞེ་ན། [175b.2]གང་ཞིག་ཚར་འགྱུར་བ་ཞེས་བྱ་བ་སྨོས་ཏེ། གང་ལས་སྨིན་པའི་དུས་སུ་གདུང་བར་བྱེད་པ་ཡིན་ཏེ། སྡིག་པ་དེའི་འབྲས་བུ་ནི་མི་འདོད་པ་ཡིན་པའི་ཕྱིར་རོ། །ལས་དེ་ཡང་དམ་པ་རྣམས་ཀྱིས་སྨད་པ་དང་། མི་འདོད་པའི་འབྲས་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ལས་དེ་དག་ནི་མ་བྱས་ [175b.3]ལེགས། །ཞེས་བྱ་བ་ལ་སོགས་པའོ། །ལས་དེ་དག་ནི་བྱས་ཀྱང་ལེགས་པ་མ་ཡིན་ཞིང་བཟང་པོ་མ་ཡིན་ཏེ། དམ་པ་རྣམས་ཀྱིས་སྨད་པ་ཡང་ཡིན་ལ་གང་དག་བྱས་པས་གདུང་བར་ཡང་འགྱུར་ཞེས་བྱ་བ་ཡིན་ཏེ། ལས་གང་བསྟེན་པའི་འོག་ཏུ་ཡིད་ལ་གཅགས་པ་ལ་སོགས་པའི་མེས་ [175b.4]གདུང་བར་འགྱུར་རོ། །རྒྱུ་དེས་ན་ལེགས་པ་མ་ཡིན་ནོ། །འཇིག་རྟེན་འདིའི་ཉེས་དམིགས་བསྟན་ནས་འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་སྨྲས་པ། ངུ་བཞིན་དུ་ཞེས་བྱ་བ་ཡིན་ཏེ། ཉམ་ཐག་པས་ང་རོ་འདོན་བཞིན་དུའོ། །མཆི་མས་ཁྱབ་པའི་གདོང་གང་ཡིན་པ་དེ་ནི་མཆི་མས་གདོང་ཡོག་ [175b.5]པ་སྟེ། རྟག་ཏུ་མཆི་མའི་རྒྱུན་འབབ་ཅིང་གདོང་གནག་པའོ། །ཡང་ན་ངུ་བ་ནི་མཆི་མའི་རྒྱུན་འཛག་པ་སྟེ། འདིས་ནི་སྡུག་པ་ལ་འཇུག་པར་བྱེད་པའི་གནས་སྐབས་བསྟན་ཏོ། །མཆི་མས་གདོང་ཡོག་ཅེས་བྱ་བ་ནི་མཆི་མ་འབབ་པས་གདོང་གཤེར་བར་བྱས་པ་སྟེ། འདིས་ནི་འགག་པའི་ [175b.6]གནས་སྐབས་བསྟན་ཏོ། །གང་གིས་ལས་བྱས་ཤིང་བསགས་ནས་རྣམ་པར་སྨིན་པ་སོ་སོར་བསྟན་པ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་རྗེས་སུ་མྱོང་བར་འགྱུར་བའོ། །ནག་པོའི་ཕྱོགས་བསྟན་ནས་དཀར་པོའི་ཕྱོགས་བསྟན་པའི་ཕྱིར་སྨྲས་པ། ལས་དེ་དག་ནི་བྱས་ན་ལེགས། །ཞེས་བྱ་བ་ [175b.7]སྨོས་ཏེ། དེ་ཡང་ལས་བྱེད་པས་ན་དགེ་བ་དམ་པ་རྣམས་ཀྱིས་བསྔགས་པ་གང་ཞིག་བྱས་ན་འཇིག་རྟེན་འདིར་ཡང་རྗེས་སུ་མི་གདུང་བ་དང་། ཕ་རོལ་དུ་ཡང་། དགའ་ཞིང་ཡིད་ནི་བདེ་བ་ཡིས། །ཞེས་བྱ་བ་སྟེ། གང་གིས་ལས་བྱས་ཤིང་བསགས་པས་དགའ་བ་ཡང་དག་པར་སྐྱེས་ཤིང་ལྡན་ [176a] [176a.1]པའོ། །ཕྱི་རོལ་གྱི་ཡོ་བྱད་ཕུན་སུམ་ཚོགས་པ་ཐོབ་པས་ཡིད་བདེ་བའོ། །ནང་གི་གཟུགས་མཛེས་པ་ལ་སོགས་པའི་ཁྱད་པར་གྱིས་ནི་དགའ་ཞིང་ཡིད་བདེ་བའོ། །དགའ་བའི་ཚིག་གིས་བདེ་བའོ། །ཡིད་བདེ་བ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ཡིད་བདེ་བ་སྟེ། [176a.2]བསམ་གཏན་ལས་སྐྱེས་པ་སྟེ་གོ་རིམས་བཞིན་ནོ། །སྡིག་པའི་ལས་ཀྱི་འབྲས་བུ་བསྟན་པས་སྡིག་པ་ལས་བཟློག་པའི་ཕྱིར་དང་། ལེགས་པར་སྤྱོད་པའི་འབྲས་བུ་བསྟན་པས་དེ་ཉིད་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །རྨོངས་པས་བདག་ཉིད་ཀྱིས་བདེ་བ་ལ་དགོད་བཞིན་དུ་བརྐམ་པས་ནི་ [176a.3]འབྲས་བུ་མི་འདོད་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདག་ཉིད་བདེ་བ་འདོད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོའི་ཁབ་ན་གནས་བརྟན་ཤཱ་རིའི་བུའི་ཐད་དུ་ཡི་དྭགས་ཤིག་འོངས་ཏེ་སྨྲས་པ། འཕགས་པ་བདག་ནི་སྔོན་རྒྱལ་པོའི་ཁབ་ཀྱི་ཚོང་པར་གྱུར་ཏེ། སེར་སྣ་ [176a.4]དང་རིགས་ཀྱི་དྲེགས་པའི་དབང་དང་ཡི་དྭགས་ཀྱི་ཕྱོགས་སྤྱོད་པའི་དབང་གིས་ཡི་དྭགས་སུ་སྐྱེས་སོ། །བདག་གི་ཉེ་དུ་རྣམས་ལ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་བཤོས་གསོལ་བར་བྱེད་དུ་གཞུག་ན་དེ་ནི་ལེགས་སོ་ཞེས་རྒྱ་ཆེར་སྨྲས་ཏེ། དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་ [176a.5]ལྔ་གསུངས་སོ། །གཞན་དག་ནི་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་མནར་མེད་པར་སོང་བ་ན་ལྷ་སྦྱིན་གྱི་ལུས་དཔག་ཚད་དུ་མ་ཅན་མཐོང་བ་ན་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཁྱོད་ལ་ནད་མེད་དམ་ཞེས་ཀྱང་གསུངས་སོ། །དེས་ཀྱང་མཐོང་ནས་ཤིན་ཏུ་ངུ་བར་གྱུར་ནས་དེའི་ཕྱིར་གསུངས་སོ་ཞེས་ཟེར་ [176a.6]རོ། །དགོད་བཞིན་ཞེས་བྱ་བ་ནི་བཞིན་འཛུམ་པ་དང་ལྡན་པའོ། །སྡིག་པའི་ལས་བྱས་པ་ཞེས་བྱ་བ་ནི་མི་འདོད་པའི་འབྲས་བུའི་བྱ་བ་ཀུན་དུ་སྤྱོད་པའོ། །གང་ཡིན་ཞེ་ན། བདག་ཉིད་བདེ་བ་འདོད་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། དེ་དང་འབྲེལ་བ་ནི་བདག་ཉིད་ཀྱི་ལུས་ལ་བདེ་བ་ཚོལ་བའི་བྱིས་པ་ [176a.7]ཞེས་བྱ་བའི་དོན་ཏེ། གཞན་དག་ནི་དེ་ལྟར་བདེ་བ་མི་འདོད་དོ། །ངུ་བཞིན་རྣམ་སྨིན་དག་ཅེས་བྱ་བ་སྨོས་ཏེ། བདག་ཉིད་བདེ་བ་འདོད་པའི་ཕྱིར། །བྱས་པའི་སྡིག་པའི་ལས་དེས་ངན་སོང་དུ་སྐྱེས་ཏེ། ངུ་བཞིན་དུ་མི་འདོད་པའི་འབྲས་བུ་ཉམས་སུ་མྱོང་བ་ཡིན་ཏེ། རྣམ་པར་སྨིན་པ་དེ་ནི་གདུང་ [176b] [176b.1]བའི་བདག་ཉིད་ཡིན་པའི་ཕྱིར་རོ། །སྡིག་ལས་ཞེས་བྱ་བ་ནི་བསགས་པས་ན་སྡིག་པ་སྟེ། དེའི་འབྲས་བུ་དེ་ཡང་ཉེ་བར་བསགས་པའམ་སྤྱོད་པའི་ཚུལ་གང་ལ་ཡོད་པ་དེ་ནི་དེ་ཉིད་དེ། གང་གི་ཕྱིར་སྡིག་པ་ཉེ་བར་བསགས་པ་དེས་ནི་ངེས་པར་དེའི་འབྲས་བུ་མྱོང་བར་འགྱུར་ཏེ། ཇི་སྐད་དུ་གང་གིས་བསམས་ [176b.2]བཞིན་དུ་ལས་བྱས་ཤིང་བསགས་པས་ནི་རྣམ་པར་སྨིན་པ་ཡང་དག་པར་མྱོང་བར་མི་འགྱུར་རོ་ཞེས་ང་མི་སྨྲའོ་ཞེས་གསུངས་སོ། །བསམས་བཞིན་དུ་སྡིག་པ་བསགས་པ་དང་། མཐར་ཕྱིན་པར་བྱས་པ་གཉིས་དང་འགྱོད་པ་མེད་པའི་ཉེས་དམིགས་ཡིན་ནོ། །ཇི་ལྟར་དེ་སྡིག་པའི་ལས་དགོད་བཞིན་དུ་བྱེད་པ་ [176b.3]ཡིན་ཞེ་ན་སྨྲས་པ། འདི་ལྟར་ངེས་པར་སྡིག་ལས་ཞེས་བྱ་བ་སྟེ། རྒྱལ་བྱེད་ཀྱི་ཚལ་ན་ཡི་དྭགས་སྐོམ་པས་ཉམ་ཐག་པ་ཞིག་ལས་བརྩམས་པ་ཡིན་ནོ། །ངེས་པར་ཞེས་བྱ་བ་ནི་གཅིག་ཏུ་སྡིག་པ་ཅན་གྱི་ལས་སོ། །འཕྲལ་དུ་ཞེས་བྱ་བ་ནི་དུས་དེ་ཉིད་དུ་མྱུར་དུ་འགྱུར་ཞིང་རྣམ་པར་མི་འགྱུར་ཏེ། བྱས་པའི་ [176b.4]དུས་དེ་ཉིད་དུ་མི་སྨིན་ཏོ་ཞེས་བྱ་བའི་དོན་ཏོ། །ལས་ཐམས་ཅད་ཀྱི་མཐོང་བའི་ཆོས་ཉིད་ལ་མྱོང་བའི་མི་སྣང་བའི་ཕྱིར་རོ། །མཐུན་པའི་ཆོས་ཀྱི་དཔེ་བསྟན་པ། འོ་མ་ལྟ་བུར་ཞེས་བྱ་བ་ཡིན་ཏེ། དཔེར་ན་འོ་མ་ནི་དུས་དེ་ཉིད་དུ་ཞོར་མི་འགྱུར་ཏེ་འོན་ཀྱང་དུས་ཕྱི་མ་ཞིག་ན་ཞོར་འགྱུར་བ་དེ་བཞིན་ནོ། །ཡང་ན་ [176b.5]ཆོས་མི་མཐུན་པའི་དཔེ་ནི་འཕྲལ་དུ་ཞེས་བྱ་བ་ནི་སད་ཏྱ་ཞེས་བྱ་བའི་རྩྭའི་རིགས་ཡོད་དེ་འོ་མ་ལ་དེས་བཏབ་ན་བཅུག་པ་ཙམ་ཉིད་དུ་ཞོར་འགྱུར་ཏེ། སྡིག་པའི་ལས་ནི་དེ་ལྟ་བུ་མ་ཡིན་ནོ། །དེས་ནི་བྱིས་པ་སྲེག་པར་བྱེད། །ཅེས་བྱ་བ་ནི་སྡིག་པའི་ལས་སྨིན་པར་འགྱུར་བའི་དུས་ན་ཤིན་ཏུ་གནོད་པར་བྱེད་ [176b.6]པའི་ཕྱིར་ཏེ། སྡིག་པ་བྱེད་པའི་སྐྱེ་བོའི་རྗེས་སུ་འབྲང་བར་འགྱུར་རོ། །ཐལ་བས་གཡོགས་པའི་མེ་ལྟ་བུར། །ཞེས་བྱ་བ་ནི་ཐལ་བས་གཡོགས་པའི་མེ་ལ་དཔེར་ན་བྱིས་པའི་གོམ་པ་བག་རྐྱོང་སྟེ་འགྲོ་བ་སྲེག་པར་བྱེད་པ་དེ་བཞིན་ནོ། །འདི་ཉིད་ཀྱི་དངོས་པོ་རྣམ་པ་གཞན་གྱིས་སྟོན་པ་ཡིན་ཏེ། སྡིག་ [176b.7]ལས་འཕྲལ་དུ་ངེས་པར་ནི། །ཞེས་བྱ་བ་ལ་སོགས་པས་སོ། །གཅོད་པས་ནི་གཅོད་ཅིང་དུམ་བུར་བྱེད་པ་སྟེ། ཟད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཡིན་ཞེ་ན། ཆོས་མི་མཐུན་པའི་དཔེ་མཚོན་བཞིན་དུ་ཞེས་བྱ་བ་བསྟན་ཏོ། །དཔེར་ན་མཚོན་ཤིན་ཏུ་རྣོན་པོས་ནི་རེག་པ་ཙམ་གྱིས་གཅོད་པར་བྱེད་ [177a] [177a.1]དོ། །སྡིག་པའི་ལས་ནི་དེ་ལྟ་བུ་མ་ཡིན་ནོ། །གལ་ཏེ་འཕྲལ་དུ་མི་གཅོད་ན་ཕྱིས་ཀྱང་དེ་བཞིན་དུ་ཡིན་ནམ་ཞེ་ན། ཕ་རོལ་དུ་ནི་མངོན་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་ཕ་རོལ་དུ་ནི་གང་གིས་སྡིག་པ་བྱས་པས་སྐྱེ་བ་གང་དུ་སྐྱེ་བ་དེར་སྐྱེས་པ་ན་ཤེས་ [177a.2]པར་འགྱུར་ཏེ། སྡིག་པ་བྱས་པས་སྡུག་བསྔལ་བའོ། །གང་གི་ཕྱིར་འཇིག་རྟེན་ཕ་རོལ་དེར་ནི་འདིར་བྱས་པའི་སྡིག་པའི་འབྲས་བུ་ཤིན་ཏུ་ཚ་བ་ཉམས་སུ་མྱོང་བར་འགྱུར་ཞིང་ཡིད་དུ་མི་འོང་བའི་སྡུག་བསྔལ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཀྱི་ལུས་ལས་བསྐྱེད་པའི་སྡིག་པ་ཡིན་ན་ [177a.3]ཡང་མེ་བཞིན་དུ་རང་གི་གནས་འཇིག་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ལྕགས་ལས་གཡའ་ནི་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་བྱེད་ཀྱི་ཚལ་ན་གནས་བརྟན་རྒྱལ་དང་། ཨ་ཀྲོ་ཤ་ཀ་དང་། རོ་ཤ་ཀ་དང་། པ་རི་བྷ་ཤ་ཀ་ལ་བསྟན་པའི་ཕྱིར་གསུངས་སོ་ཞེས་གཞན་དག་ཟེར་རོ། ། [177a.4]ལྕགས་ནི་ལྕགས་ཉིད་དེ་འདི་ལྟར་གཡའ་ནི་དྲི་མའོ། །ལངས་པར་གྱུར་པ་ནི་ཡང་དག་པར་བྱུང་བའོ། །ཇི་ལྟར་ལྕགས་ལས་དྲི་མ་བྱུང་ཞིང་གནས་པའི་དྲི་མ་དེ་ནི་དེ་ལས་བྱུང་བའི་དང་དེ་ལས་སྐྱེས་པ་ཡིན་ཞིང་དེ་ལས་ལངས་པ་ཡིན་ཡང་རང་གི་གནམ་ལྕགས་སམ་མཚོན་དེ་ཉིད་ཟ་བར་བྱེད་ཅིང་ [177a.5]ཟད་པ་དང་འཇིག་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན། དེ་བཞིན་མ་བརྟགས་བྱས་པ་ཡི། །ཞེས་བྱ་བ་ནི་ཡོངས་སུ་མ་བརྟགས་པར་བྱེད་པའི་བྱིས་པའོ། །རང་གི་ལས་ཀྱི་ཞེས་བྱ་བ་ནི་རང་གིས་བྱས་པའི་ཉེས་པར་སྤྱད་པའོ། །ངན་འགྲོར་འགྲོ་ཞེས་བྱ་བ་ནི་ངན་སོང་དུ་སྐྱེ་བ་ཐོབ་པར་འགྱུར་བའོ། ། [177a.6]དེ་བས་ན་ངན་པར་སྤྱོད་པས་འཇིགས་པར་བྱའོ་ཞེས་བསྟན་པའི་ཕྱིར་འདི་གསུངས་སོ། །ལས་ཀྱི་ཚོམས་ཀྱི་རྣམ་པར་འགྲེལ་པ་སྟེ་དགུ་པ་རྫོགས་སོ།། །།ཇི་སྐད་དུ་བཤད་པའི་སྡིག་པའི་ལས་ཟད་པའི་ཐབས་བསྟན་པའི་ཕྱིར་དེའི་འོག་ཏུ་དད་པའི་ཚོམས་བསྟན་ཏེ། གང་གི་ཕྱིར་དེ་ལ་བརྟེན་ [177a.7]པས་ནི་མ་སྐྱེས་དགྲ་ལ་སོགས་པའི་སྡིག་པ་ཟད་པར་གྱུར་པའི་ཕྱིར་རོ། །འདིའི་འགྲེལ་པ་བརྩམ་པར་བྱ་སྟེ། དད་དང་ངོ་ཚ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཚོང་དཔོན་གྱི་བུ་གྲོགས་པོ་བཞི་ཞིག་ཡོད་དེ། གཅིག་ནི་དད་པ་མེད་ཅིང་ཅི་ལ་ཡང་ཡིད་ཆེས་པ་མེད་དོ། །གཉིས་པ་ [177b] [177b.1]ནི་ངོ་ཚ་མེད་དོ། །གསུམ་པ་ནི་སྡིག་པ་ལ་སྤྱོད་དོ། །བཞི་པ་ནི་སེར་སྣ་ཆེ་བའོ། །དེ་རྣམས་ཀྱང་རྟག་ཏུ་བསམ་པ་འདི་ལྟ་བུ་སྐྱེས་ཏེ། ནམ་ཞིག་ན་བདག་ཅག་མཐོ་རིས་ཀྱི་ལམ་བསྒྲུབས་ཏེ། གང་གིས་མཐོ་རིས་སུ་སོང་ནས་དེའི་ཕུན་སུམ་ཚོགས་པ་ཡང་མྱོང་བར་བྱའོ་ཞེས་ [177b.2]བསམས་སོ། །དེ་དག་ཀྱང་མ་ཚང་བ་མེད་པ་ལ་སོགས་པ་ཐོབ་པས་ཡོངས་སུ་དགའ་ཞིང་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པ་དང་། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །དད་པ་ནི་སེམས་ཀྱི་རབ་ཏུ་དང་བ་སྟེ། མངོན་པར་ཡིད་ཆེས་པ་དང་། དོན་དུ་གཉེར་བའི་མཚན་ཉིད་ཀྱི་ [177b.3]དབྱེ་བས་རྣམ་པ་གཉིས་སོ། །གང་མངོན་པར་ཡིད་ཆེས་པ་སྐྱེས་པ་དེ་ནི་ཁ་ཅིག་དོན་དུ་གཉེར་བར་འགྱུར་བའི་ཕྱིར་རོ། །གང་ལ་མངོན་པར་ཡིད་ཆེས་པ་ཞེས་བྱ་བ་ནི་ལས་དང་འབྲས་བུ་འབྲེལ་པ་དང་དཀོན་མཆོག་གསུམ་ལ་སོགས་པ་ལའོ། །མངོན་པར་འདོད་པས་སྤྲུལ་པའི་དངོས་པོ་ལ་ [177b.4]དོན་དུ་གཉེར་བ་ཡང་ཡིན་ཏེ། དེས་ན་འདི་ནི་ཡོན་ཏན་ཐམས་ཅད་སྐྱེད་པ་ཡང་ཡིན་པའི་ཕྱིར། ཡང་བཤད་པ། དད་པ་དགེ་བ་སྐྱེད་བྱེད་མ་ལྟ་བུ། །སྐྱེ་བོ་དགེ་ཡིད་དང་པོ་དེ་ལ་འཇུག །དད་བྲལ་བྱང་ཆུབ་ཕྱོགས་དང་དམ་ཆོས་ཀྱི། །རིན་ཆེན་ཚོགས་འཛིན་ནུས་པ་མ་ཡིན་ནོ། །ཞེས་པས་སོ། ། [177b.5]རེ་རེ་ལ་ཡང་མཐོ་རིས་ཀྱི་ལམ་དུ་བསྟན་པའི་ཕྱིར་དང་གི་སྒྲའོ། །ངོ་ཚ་བ་ནི་གང་གིས་སྡིག་པ་ལས་འཛེམ་ཞིང་ཞུམ་པར་བྱེད་ལ། ཡོན་ཏན་དང་ཡོན་ཏན་ཅན་དག་ལ་གུས་པར་བྱེད་པའོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་འཆལ་པ་སྤངས་པ་སྟེ། ཇི་སྐད་དུ་སྔར་བཤད་པ་ཉིད་དོ། །སྦྱིན་པ་ནི་ [177b.6]ཡོངས་སུ་གཏོང་བ་སྟེ། འདི་ལ་གཅིག་ཏུ་སྦྱིན་པ་ནི་སྦྱིན་པ་པོ་ཡིན་ཏེ། འདིས་སྦྱིན་པས་སྦྱིན་པའོ་ཞེས་གྲུབ་པའི་མཐའ་ལས་བཤད་དེ། ཇི་སྐད་དུ། དགེ་བའི་སེམས་ཀྱིས་ནོར་དག་ནི། །གང་ཚེ་བདག་གིས་ལ་མ་བྱིན། །སྐད་ཅིག་དེ་ལ་དགེ་བའི་ཚོགས། །སྦྱིན་པ་ཞེས་ནི་བརྗོད་པ་ [177b.7]ཡིན། །ཞེས་སོ། །ཆོས་འདི་རྣམས་ནི་ཞེས་བྱ་བ་ནི་དངོས་པོའི་ཁྱད་པར་གྱི་ཡོན་ཏན་འདི་དག་ནི་ཞེས་བྱ་བའི་དོན་ཏེ་ཆེན་པོ་ཉིད་དུ་བྱེད་པའི་ཕྱིར་རོ། །ཆོས་ནི་ཡོན་ཏན་དང་དགེ་བ་བྱེད་པ་པོ་ཡིན་ནོ་ཞེས་པའི་ཚིག་གིས་སོ། །དེས་ན་དེ་ཉིད་སྨྲས་པ། སྐྱེས་བུ་དམ་པས་བསྔགས་ཞེས་བྱ་བ་སྟེ་ [178a] [178a.1]སངས་རྒྱས་དང་དེའི་ཉན་ཐོས་ཀྱིས་བསྔགས་པ་ཡིན་གྱི། སྐྱོན་དང་ལྡན་པ་ནི་བསྔགས་པ་མ་ཡིན་ནོ་ཞེས་པའོ། །འདི་དག་ཇི་ལྟར་བསྔགས་པ་ཡིན་ཞེ་ན། བདེ་བའི་ལམ་ཡིན་པའི་ཕྱིར་ཏེ། དེ་ཉིད་སྨྲས་པ། ལམ་འདི་ཉིད་ཀྱིས་ལྷ་ཡུལ་འགྲོ་བར་གསུངས། ། [178a.2]ཞེས་བྱ་བ་འདི་ལྟར་རྣམ་པ་བཞིའི་ཁྱད་པར་གྱིས་ནི་མཐོ་རིས་སུ་འགྲོ་བའི་ཐབས་སུ་མཁས་པར་བསྟན་པ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། དེ་ཉིད་སྨྲས་པ། འདི་ཡིས་ཞེས་བྱ་བ་ནི་དེ་བཞི་ལས་མ་འདས་ཏེ། མེ་དང་ཆུར་འཇུག་པ་དང་བྲལ་བའི་ལས་མཆོད་པ་སོགས་བསམ་པ་ཡིན་ནོ། །འགྲོ་བར་ [178a.3]འགྱུར་བ་ནི་འགྲོ་བར་བྱེད་པའོ། །ལྷའི་འཇིག་རྟེན་ནི་ལྷ་དང་སྐལ་བ་མཉམ་པའོ། །དེ་ལ་དད་པ་ནི་དགེ་བའི་བྱ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་དང་པོར་སྟོན་ཏོ། །དང་པོ་ཡོད་པ་ལ་ནི་ངོ་ཚ་དང་ལྡན་པར་འགྱུར་རོ། །ངོ་ཚ་དང་ལྡན་པ་ལ་ནི་ཚུལ་ཁྲིམས་དག་པར་འགྱུར་རོ། །ཚུལ་ཁྲིམས་ [178a.4]དག་པ་ལ་ནི་སྦྱིན་པ་རྣམ་པར་དག་པར་འགྱུར་ཏེ། གོ་རིམས་དེ་ལྟ་བུར་འགྱུར་ཏེ། ངོ་ཚ་དང་དད་པ་གཉིས་ཀྱིས་ནི་བསམ་པ་ཕུན་སུམ་ཚོགས་པའོ། །ཚུལ་ཁྲིམས་དང་སྦྱིན་པ་གཉིས་ཀྱིས་ནི་སྤྱོད་པ་ཕུན་སུམ་ཚོགས་པའོ། །ལྷག་མས་ནི་དེའི་ཕན་ཡོན་བསྟན་པ་སྟེ། དེ་ཡང་དག་ [178a.5]པར་འཛིན་དུ་གཞུག་པའི་ཕྱིར་འདི་གསུངས་སོ། །འདིར་སྦྱིན་པ་ནི་ཐམས་ཅད་ཀྱི་མཐར་བཀོད་ཅིང་ཆེས་དམན་པ་ཡིན་པའི་ཕྱིར་ཇི་ལྟར་མཐོ་རིས་ཀྱི་ལམ་ཡིན་ཞེ་ན། འཇུངས་རྣམས་ལྷ་ཡི་འཇིག་རྟེན་མི་འགྲོ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སུམ་ཅུ་རྩ་གསུམ་གྱི་གནས་ [178a.6]སྟོང་ཤིང་ཤི་རི་ཀ་ལས་བྱས་པའི་གཞལ་མེད་ཁང་ན་ལྷའི་བུ་ཞིག་གནས་པ། གནས་བརྟན་པ་བ་ལང་བདག་གིས་མཐོང་ནས་གྲོགས་པོ་ཁྱོད་འདི་ནས་སྔོན་ཡུན་རིང་པོར་ཡང་གནས་པ་མཐོང་ཞེས་སྨྲས་པ་དང་དེ་ཅི་འདི་མ་གསན་ཏམ། འཐོན་པར་འབྱུང་ཡང་སྲིད་ཅེས་བྱ་བ་རྒྱལ་རིགས་སུ་ [178a.7]འགྱུར་བ་དེ་ནི་བདག་ཡིན་ཏེ། དེར་ཆད་པར་སྨྲ་བར་འགྱུར་ན། བདག་བཙུན་པ་འཕགས་པ་གཞོན་ནུར་འོད་སྲུངས་ཀྱིས་བཏུལ་བའི་སྐྱེ་བ་ལ་སོགས་པ་ཞེས་སྨྲས་པ་བཅོམ་ལྡན་འདས་ཀྱི་ལྷའི་རྣ་བའི་མངོན་ཤེས་ཀྱིས་གསན་ཏེ། ཅི་ཙམ་ན་ཚིགས་སུ་བཅད་པ་འདི་གསུངས་སོ། ། [178b] [178b.1]འཇུངས་རྣམས་ལྷ་ཡི་འཇིག་རྟེན་མི་འགྲོ་ཞིང་། །ཞེས་བྱ་བ་སེར་སྣ་ཅན་ཉིད་ནི་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོ་བའི་ལས་མེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། དེ་ཡིས་བྱིས་པ་ཞེས་བྱ་བ་ཡིན་ཏེ་གང་གི་ཕྱིར་གང་དག་འཇུངས་ཤིང་རྨོངས་པ་སྟེ། ལས་དང་འབྲས་བུ་འབྲེལ་བ་ཅི་ལྟ་བ་བཞིན་དུ་ [178b.2]མ་རྟོགས་པའི་ཕྱིར་རོ། །དེས་ན་སྨྲས་པ། སྦྱིན་པའི་བསྔགས་མི་བརྗོད་ཅེས་བྱ་བ་སྨོས་སོ། །སྦྱིན་པའི་བསྔགས་པ་མི་བརྗོད་པར་མ་ཟད་དེ་རྨོངས་པ་རྣམས་ནི་སྨོད་པ་ཡང་ཡིན་པ་ཇི་སྐད་དུ། འཁོར་གསུམ་རྒྱུ་ཡི་ཁྱད་པར་ནོར་ཡིན་པས། །དེ་ཉམས་ཆེས་ན་གང་གིས་མ་ཉམས་ [178b.3]འགྱུར། །ཞེས་འཆད་དོ། །བརྟན་རྣམས་ཞེས་བྱ་བ་ནི་གང་ཡང་མཁས་པ་རྣམས་ཏེ། དེ་ནི་སྦྱིན་ལ་རྗེས་སུ་ཡི་རང་བ། །ཞེས་ནོར་གཏོང་བའི་ཕན་ཡོན་ཡང་དག་པར་བསྔགས་པར་བྱེད་པའོ། །གང་གི་ཕྱིར་སྦྱིན་པའི་སྔ་རོལ་དུ་ནི་ཡིད་བདེ་བ་ཡིན་ལ། སྦྱིན་པ་སྦྱིན་པའི་ཚེ་ན་སེམས་དང་བ་ཡིན་ [178b.4]ཞིང་། བྱིན་ནས་ཀྱང་ཡིད་མགུ་བ་ཡིན་ཏེ་འགྱོད་པ་མེད་པ་ཡིན་ནོ་ཞེས་པའི་ཚིག་གིས་སོ། །དེས་ནི་ཞེས་བྱ་བ་ནི་སྦྱིན་པ་ལ་རྗེས་སུ་ཡི་རང་བའི་རྒྱུས་སོ། །དེ་དག་ཅེས་བྱ་བ་ནི་རྗེས་སུ་ཡི་རང་བར་བྱེད་པ་ཡང་བདེ་བ་མྱོང་བར་འགྱུར་བ་ཡིན་ཏེ། གང་གི་ཕྱིར་པ་ཡ་སི་ཞེས་བྱ་བས་སྦྱིན་ [178b.5]གཏོང་གི་ཁང་པ་བྱས་ནས་ནོར་ལ་སོགས་པ་དང་ལྡན་པར་བྱས་ཏེ། དེར་སྦྱིན་པ་བྱེད་པ་ཡང་གཞག་པས་བདག་ཉིད་ཀྱིས་ནི་མ་བྱིན་མོད་ཀྱི། དེ་མཐོ་རིས་སུ་སྐྱེས་ཏེ་བརྟན་པ་རྣམས་བདེ་འགྲོར་སྐྱེས་ནས། ལྷའི་ལོངས་སྤྱོད་ཅི་འདོད་པ་ཐོབ་ཅིང་བདེ་བ་ཉམས་སུ་མྱོང་ངོ་། །གཞན་དུ་ཞེས་བྱ་བ་ [178b.6]ནི་འཇིག་རྟེན་གཞན་ནོ། །དེས་ནི་དེ་དག་གཞན་དུ་བདེ་བ་འཐོབ། །ཅེས་གཞན་དག་ཏུ་བརྗོད་དོ། །འོ་ན་ཚིགས་སུ་བཅད་པ་འདིར་དད་པའི་སྒྲ་མེད་པའི་ཕྱིར་འདི་ནི་མི་རིགས་སོ་ཞེ་ན། དེའི་དོན་དང་འབྲེལ་པའི་ཕྱིར་ཉེས་པ་མེད་དེ། དེའི་ཕྱིར་མ་དད་པའི་རྟགས་ནི་འཇུངས་པའི་རྟགས་ [178b.7]ཀྱིས་ཏེ། དུ་བའི་རྟགས་ཀྱིས་མེ་ཤེས་པ་ལྟ་བུའོ། །སྦྱིན་པ་ལ་རྗེས་སུ་ཡི་རང་བའི་ཕྱིར་ན་དད་པ་ཉིད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་དྲིས་པའི་ལན་འདི་བརྗོད་པར་བྱའོ། །གང་གི་ཕྱིར་ཡང་དད་པའི་དབང་གིས་བརྟན་པ་རྣམས་སྦྱིན་པས་སེམས་ཡང་དག་པར་ཚིམ་ [179a] [179a.1]ཞིང་རྒྱས་པར་གྱུར་ལ། ཕ་རོལ་ཏུ་བདེ་བར་གྱུར་པའི་ཕྱིར་སྨྲས་པ། འདི་ན་སྐྱེས་བུའི་ནོར་མཆོག་དད་པ་སྟེ། །ཞེས་བྱ་བ་ལ་སོགས་པའོ། །ལྷ་ཞིག་གིས། འདི་ན་སྐྱེས་བུའི་ནོར་མཆོག་གང་ཞིག་ལགས། །ལེགས་སྤྱོད་གང་གིས་བདེ་བ་ཐོབ་པར་འགྱུར། །རོ་ཡི་ [179a.2]ནང་ན་རོ་ཡི་མཆོག་ནི་གང་། །ཚོང་པའི་ནང་ན་ཚོང་མཆོག་གང་ལགས་གསུངས། །ཞེས་གསོལ་པ་དང་། དེའི་ཕྱིར་འདི་གསུངས་སོ། །དད་པའི་དོན་ནི་སྔར་བཤད་ཟིན་ཏོ། །འདི་ན་སྐྱེས་བུའི་ནོར་མཆོག་ཅེས་བྱ་བ་ལ། འདིས་བདེ་བ་མྱོང་བས་ན་ནོར་རོ། །སེམས་ཅན་རྣམས་ཀྱི་ནོར་གྱི་ [179a.3]མཆོག་ནི་འཇིག་རྟེན་ན་བློ་དང་ལྡན་པའི་ནོར་ཏེ། ཇི་སྐད་དུ། ནོར་འདི་དག་ནི་ཅུང་ཟད་ཙམ་ཡིན་ཏེ། དཔེར་ན་དབྱིག་ལ་སོགས་པའི་ནོར་རྣམས་ཀྱི་ནང་ན་ནི་འདི་ལྟ་སྟེ། དད་པའི་ནོར་མཆོག་ཡིན་ནོ་ཞེས་བཤད་པ་དང་། ཕྱི་རོལ་གྱི་ནོར་མཆོག་རྣམས་ནི་གདུང་བར་བྱེད་པའི་ཕྱིར་མཆོག་མ་ཡིན་ཏེ། [179a.4]ཇི་སྐད་དུ། སྩོགས་པས་ཉོན་མོངས་མི་དགའ་ལ། །གང་ཚེ་སྲུང་ལས་འཇིགས་པ་བྱུང་། །འཇིགས་ན་མྱ་ངན་འབའ་ཞིག་སྟེ། །འདི་ལ་སུ་ཞིག་དགའ་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །ཆོས་ནི་སྦྱིན་པའི་བདག་ཉིད་ཀྱི་ལེགས་པར་སྤྱོད་པ་སྟེ། ཚུལ་ཁྲིམས་ཀྱི་བདག་ཉིད་ལ་ [179a.5]སོགས་པ་ནི་འོག་ནས་བརྗོད་པའི་ཕྱིར་རོ། །ལེགས་སྤྱོད་ཅེས་བྱ་བ་ནི་ཚུལ་བཞིན་དུ་སྤྱོད་པ་སྟེ། ཇི་སྐད་དུ་སྐྱེས་བུ་དམ་པའི་སྦྱིན་པ་ལྔའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདེ་བ་འཐོབ་ཅེས་བྱ་བ་ནི་ཕན་འདོགས་པར་བྱེད་པ་སྟེ། འཁོར་བར་ཡོངས་སུ་འཁྱམས་སྡེཔ་ན། །སྦྱིན་པ་མ་ [179a.6]གཏོགས་གཉེན་མེད་དོ། །ཞེས་བྱ་བས་ཤེས་པར་བྱའོ། །བདེན་པ་ཁོ་ན་རོ་བྲོ་རྣམས་ཀྱི་ཕུལ་ཞེས་བྱ་བ་ནི་བདེན་པ་མཆོག་ཏུ་གཟུང་བ་ནི་ཚུལ་ཁྲིམས་ཡིན་ཏེ་འདིས་ནི་ཚུལ་ཁྲིམས་བསྟན་ཏོ། །བདེན་པའི་ཚིག་ཉིད་ནི་མངོན་པར་འདོད་པར་བྱ་བ་ཡིན་པས་ལྷ་དང་མི་རྣམས་ཀྱི་ཟས་གྱ་ནོམ་པ་ [179a.7]ཐམས་ཅད་པས་ཀྱང་ཤིན་ཏུ་བསོད་པ་ཡིན་ཏེ། ལྷ་དང་མི་རྣམས་མགུ་བར་བྱེད་པའི་ཕྱིར་རོ། །ཁོ་ན་ནི་ངེས་པར་གཟུང་བ་ཡིན་ནོ། །ཤེས་རབ་ཀྱིས་འཚོ་བ་ཞེས་བྱ་བ་ལ། ཤེས་རབ་ནི་དེ་བཞིན་ཉིད་ཤེས་པ་སྟེ། དེས་འཚོ་བ་ནི་འཚོ་བ་བཞིན་དུ་གང་ལ་ཡོད་པ་དེའོ། །ཡང་ན་ཤེས་རབ་ཀྱིས་ [179b] [179b.1]འཚོ་བའི་ཚུལ་འདི་ལ་ཡོད་པ་སྟེ། བརྟགས་ནས་བྱེད་པ་ཞེས་བྱ་བའི་དོན་ཏེ། འདིས་ནི་བསྒོམས་པ་ལས་བྱུང་བའི་བསོད་ནམས་བསྟན་ཏོ། །འཚོ་བའི་ཞེས་བྱ་བ་ལ། འཚོ་བར་བྱེད་པ་དེ་རྣམས་ཀྱི་ནང་ནས་ངེས་པར་གཟུང་བ་སྟེ་དྲུག་པའོ། །མཆོག་ཏུ་ཅེས་གསུངས་ཞེས་བྱ་བ་ནི་དམ་པ་ [179b.2]ཞེས་འདི་ཉིད་ཀྱི་ནང་དུ་འོག་ནས་འཆད་པར་འགྱུར་ཏེ། སྩོགས་དང་ཟད་པ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཞེས་བྱ་བ་དག་ཡིན་ནོ། །དེ་ལ་འདིས་ནི་དད་པ་སྔོན་དུ་འགྲོ་བའི་སྦྱིན་པ་དང་། ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསྟན་ [179b.3]ཏོ། །དད་པ་ནི་སྦྱིན་པ་ལ་སོགས་པ་དེ་དག་འབའ་ཞིག་གི་སྔོན་དུ་འགྲོ་བ་མ་ཡིན་གྱི། ཤེས་རབ་ཀྱི་དབང་པོ་ལ་སོགས་པའི་ཡོན་ཏན་གྱི་ཡང་སྔོན་དུ་འགྲོ་བ་ཉིད་དུ་བསྟན་པའི་ཕྱིར། མྱ་ངན་འདས་པར་འགྲོ་བ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་ཞིག་གིས་ཞུས་པ། འཇིག་རྟེན་སྐྱེས་ [179b.4]བུ་ཇི་ལྟ་བུས། །ངེས་པར་བྱེད་པའི་ཤེས་རབ་དག །འཐོབ་འགྱུར་ཡང་དག་ལྟ་བ་ནི། །བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས། །ཞེས་པ་དང་། དེས་ན་འདི་གསུངས་པ་ཡིན་ནོ། །དད་པ་བསྐྱེད་དེ་ཞེས་བྱ་བ་ནི་ཡིད་ཆེས་པར་བྱ་བ་སྟེ། གང་འདི་ལ་རིགས་པ་དང་ལུང་དག་གིས་ཡིད་ཆེས་པར་ [179b.5]བྱའོ། །ཅི་ཞིག་ལ་དད་པ་བསྐྱེད་པ་ཡིན་ཞེ་ན། དགྲ་བཅོམ་ཆོས་ལ་ཞེས་བྱ་བ་སྟེ། སངས་རྒྱས་ཀྱིས་བསྟན་པའི་ལམ་མོ། །མྱ་ངན་ལས་འདས་འགྲོ་བ་ཡི། །ཞེས་བྱ་བ་ནི་ཐར་པ་ཐོབ་པར་བྱེད་པ་སྟེ། དེའི་ཕྱིར་བསྟན་པ་དང་སྒྲུབ་པའི་ཆོས་ལ་བརྟེན་པས་འབྲས་བུའི་ཆོས་འཐོབ་པའོ། །དེ་ལ་ [179b.6]དད་པ་བསྐྱེད་དེ་དེའི་དོན་ལ་མངོན་པར་རྩོམ་པ་ཡོད་པར་གྱུར་ན་ནི་ངེས་པར་འཐོབ་པ་ཡིན་ནོ། །འོ་ན་ཡེ་ཤེས་ཉིད་ཐར་པའི་ལམ་ལ་སོགས་པ་ཐོབ་པར་བྱེད་པ་ཡིན་ན། དེ་ཇི་ལྟར་འདིར་བརྗོད་ཅེ་ན། འདིར་སྨྲས་པ་དད་པ་ཡང་ཡེ་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར་ཏེ། གང་འདི་ལྟར་དད་ནོར་ཡོད་པ་དེས་ནི་ཤེས་ [179b.7]རབ་འཐོབ་པར་འགྱུར་ཏེ། གུས་པར་བྱས་ཏེ་དམ་པའི་ཆོས་མཉན་པ་ནི་དད་པས་མངོན་པར་འདོད་པའོ། །གུས་པར་ཉན་པ་ནི་ཉན་པར་འདོད་པ་སྟེ། གང་གི་ཕྱིར་དད་པ་ཡང་ཉན་པར་འདོད་པ་ཉིད་སྐྱེད་པ་ཡིན་ནོ། །ཤེས་རབ་དེ་ག་ལས་འཐོབ་ཅེ་ན། སྨྲས་པ། དེ་དང་དེ་ཡི་ཞེས་བྱ་བ་ཡིན་ཏེ། [180a] [180a.1]བདེན་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་ངེས་པར་ཐོབ་པར་འགྱུར་བའོ། །མཁས་པས་ཞེས་བྱ་བ་ནི་རྟོགས་པ་སྟེ། རིགས་པས་ཐོབ་པའི་ཡེ་ཤེས་ཀྱི་སྦྱོར་བ་ལས་སོ། །དེ་ལ་བརྟེན་ནས་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་འབྱུང་བའི་ [180a.2]ཕྱིར་རོ། །དད་པའི་སྟོབས་ཀྱིས་ནི་ཤེས་རབ་ལ་སོགས་པ་ཐོབ་པ་གཅིག་པུར་མ་ཟད་ཀྱི་ཉེས་པ་རྣམས་ཀྱང་སྤོང་བ་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། བག་ཅན་གྱིས་ནི་རྒྱ་མཚོ་དང་། །ཞེས་བྱ་བ་ལ་སོགས་པའོ། །ལྷ་ཞིག་གིས་གསོལ་པ། རང་གི་ཆུ་བོ་གང་གིས་རྒལ། །གང་གིས་ [180a.3]རྒྱ་མཚོ་རྒལ་བར་འགྱུར། །བདག་གི་སྡུག་བསྔལ་གང་གིས་སྤོང་། །གང་གིས་ཡོངས་སུ་དག་པར་འགྱུར། །ཞེས་པ་དང་འདི་གསུངས་སོ། །དད་པ་རྒྱུར་འགྱུར་བས་སྒྲོལ་བ་ནི་འདས་པའོ། །ཆུ་བོ་ནི་རྣམ་པ་བཞི་སྟེ། ཉོན་མོངས་པའི་རང་བཞིན་ནོ། །དད་པའི་གཟིངས་ལ་བརྟེན་ནས་ཆུ་ [180a.4]བོ་ཐམས་ཅད་ལས་བརྒལ་བའི་ཕྱིར་རོ། །པས་ཞེས་བྱ་བ་ནི་དེ་ཉིད་ཀྱི་དོན་ཏེ། དད་པ་ཉིད་ཀྱིས་འཕགས་པའི་ལམ་གྱི་ཉོན་མོངས་པ་ཐམས་ཅད་སྤོང་བའི་ཕྱིར་ཏེ། འདིར་དད་པ་ནི་འཕགས་པའི་ལམ་མོ། །བག་ཡོད་པའི་སྟོབས་ཀྱིས་ངན་སོང་གསུམ་གྱི་རྒྱ་མཚོ་ལས་བརྒལ་བ་ཡིན་ཏེ། [180a.5]འདིར་བག་ཡོད་པ་ནི་མཐོང་བའི་ལམ་མོ། །བརྩོན་འགྲུས་ཀྱིས་ནི་སྡུག་བསྔལ་སྤོང་། །ཞེས་བྱ་བ་བརྩོན་འགྲུས་ཀྱི་སྦྱོར་བ་རྟུལ་ཕོད་པ་སྟེ། བསྒོམ་པའི་ལམ་གྱིས་ཁམས་གསུམ་གྱི་སྡུག་བསྔལ་སྤོང་བ་ཡིན་ནོ། །ཤེས་རབ་ཀྱིས་ནི་ཡོངས་དག་འགྱུར། །ཞེས་བྱ་བ་ནི་མི་སློབ་པའི་ལམ་ [180a.6]བསྟན་ཏེ། དེ་ཡོད་ན་ནི་རྒྱུད་ལ་དྲི་མ་མེད་པར་འགྱུར་བས་སོ། །ཡང་ན་དད་པས་ནི་ཁྱིམ་གྱི་གནས་ཀྱི་ཆུ་བོ་ལས་བརྒལ་བ་ཡིན་ཏེ། རབ་ཏུ་འབྱུང་བ་ལ་བརྟེན་པའི་ཕྱིར་རོ། །བག་ཡོད་པས་ནི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པའི་རྒྱ་མཚོ་ལས་བརྒལ་བའི་ཕྱིར་རོ། །བརྩོན་འགྲུས་ཀྱིས་སྡུག་ [180a.7]བསྔལ་སྤོང་བ་ནི་འདོད་པའི་ཁམས་ཀྱི་སྡུག་བསྔལ་དང་བཅས་པ་འཆད་པའི་ཕྱིར་རོ། །ཤེས་རབ་ཀྱིས་ནི་ཡོངས་དག་འགྱུར། །ཞེས་བྱ་བ་ནི་ས་གོང་མ་དག་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དད་པས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་བྱང་ཆུབ་གསུམ་གྱི་ [180b] [180b.1]སྤྱིར་བསྟན་ཏོ་ཞེས་གཞན་དག་ཟེར་རོ། །བག་ཡོད་པའི་སྒྲས་ནི་འདིར་འཕགས་པའི་ལམ་གདུལ་བྱ་རྣམས་ལ་མཚོན་ཅིང་བསྟན་པ་ཡིན་ཏེ། དེའི་ཕྱིར་བག་ཡོད་པ་དང་། མ་དད་པ་དང་། ལེ་ལོ་དང་རྨོངས་པས་མ་རུངས་པར་བྱས་པའི་གདུལ་བྱ་མཐའ་དག་ལ་དད་པ་ལ་སོགས་པའི་མན་ [180b.2]ངག་གི་གཉེན་པོ་བསྟན་པ་ཡིན་ནོ། །དད་པ་ལ་བརྟེན་པས་ནི་འཆིང་བ་ཐམས་ཅད་གཅོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དགེ་སློང་དད་པའི་ཞེས་བྱ་བ་ལ་སོགས་པའོ། །ལྷ་ཞིག་གིས་གསོལ་བ། འདི་ལྟར་གྲོགས་ནི་གང་ཞིག་ལགས། །གདམས་པ་ཡང་ནི་གང་ཞིག་གང་། ། [180b.3]དགེ་སློང་གང་ལ་དགའ་བ་ཡིས། །བཅིངས་པ་ཐམས་ཅད་གཅོད་པར་འགྱུར། །ཞེས་པ་དང་། འདི་གསུངས་སོ། །དད་པའི་གྲོགས་ནི་གཉིས་པ་གང་ལ་ཡོད་པའོ། །དད་པ་ལ་བརྟན་ནས་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའི་ཁྱད་པར་ཐོབ་པར་འགྱུར་ཏེ་དེ་མེད་ན་ནི་དེ་མེད་པའི་ཕྱིར་རོ། ། [180b.4]ཤེས་རབ་ཀྱིས་ནི་གཏམས་པ་དང་། །ཞེས་བྱ་བ་ནི་ཤེས་པའི་རང་བཞིན་གྱི་བློས་དགེ་སློང་འདི་ལ་ཇི་ལྟ་བ་བཞིན་དུ་གཏམས་པ་དང་། སྟོན་པ་སྟེ་འདིས་ནི་རྟག་པ་ཉིད་དུ་བསྟན་ཏོ། །མྱ་ངན་འདས་ལ་མངོན་དགའ་བས། །ཞེས་བྱ་བ་ནི་ཐར་པ་ཉིད་ལ་ཡང་དག་པར་དགའ་བ་སྐྱེས་པར་གྱུར་པའོ། ། [180b.5]འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་པ་དང་། མྱ་ངན་ལས་འདས་པ་ལ་མཁས་པར་འགྱུར་ཏེ། དེས་ན་དེ་ཐོབ་པར་བྱེད་པའི་ལམ་ལ་གོམས་པར་བྱེད་པའི་དགེ་སློང་གིས་འཆིང་བ་ཐམས་ཅད་དེ་ཉོན་མོངས་པའི་ཞགས་པ་ཐམས་ཅད་གཅོད་པར་བྱེད་དོ། །དེ་ལ་དད་པ་དང་ཤེས་རབ་ཀྱིས་ནི་ [180b.6]སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །མྱ་ངན་འདས་ལ་མངོན་དགའ་བས། །ཞེས་བྱ་བས་ནི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ལྷག་མས་ནི་དེའི་ཕན་ཡོན་བསྟན་ཏོ། །དད་པ་ལ་སོགས་པ་དང་ལྡན་པས་ནི་ལེགས་པ་ཞེས་བརྗོད་པ་འཐོབ་པར་འགྱུར་ཏེ། གང་གིས་དད་དང་ཞེས་བྱ་ [180b.7]བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ནི་ལེགས་པའི་ངང་ཚུལ་ཅན་ལ་བརྗོད་དེ། ཇི་ཙམ་གྱིས་ལེགས་པའི་ངང་ཚུལ་ཅན་དུ་བརྗོད་ཅེ་ན་ཞེས་བྱ་བ་ནས་འདི་གསུངས་པ་ཡིན་ནོ། །གང་གིས་ཞེས་བྱ་བ་ནི་སེམས་ཅན་གང་ལ་ལ་ཞིག་གིས་སོ། །དད་དང་ཞེས་བྱ་བ་ནི་སྔ་མ་བཞིན་ [181a] [181a.1]ནོ། །འདི་དག་ནི་རེ་རེ་དང་མཐའ་དག་ལ་ལེགས་པ་ཞེས་བརྗོད་པའི་རྒྱུ་བསྟན་པའི་ཕྱིར། དང་གི་སྒྲ་གསུམ་སྨོས་སོ། །ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། རིམ་པ་གཞན་དུ་སྦྱར་བའི་ཕྱིར་དེ་ཉིད་ལེགས་པའི་ངང་ཚུལ་ཅན་ཞེས་བརྗོད་དོ། །ལེགས་བསྒོམས་ཤིང་ [181a.2]ཞེས་བྱ་བ་ནི་ལེགས་པར་བསྟེན་པའི་ཕྱིར་བསྟན་པར་འགྱུར་ཏེ། ཉོན་མོངས་པ་ཐམས་ཅད་སྤང་བའི་ཕྱིར་སྐྱོན་རྣམས་སྤངས་པ་ཡིན་ཏེ། སྤངས་པ་ནི་བསལ་བ་སྟེ། གང་གིས་བག་ལ་ཉལ་སྤངས་པའོ། །མཁས་པ་ཞེས་བྱ་བ་ནི་འདིར་མཉམ་པར་གཞག་པ་ལ་དགོངས་ཏེ། མཉམ་པར་གཞག་ [181a.3]པའི་སེམས་ལས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་ནོ་ཞེས་པའི་ཚིག་གིས་ཏེ་རྒྱུ་ལས་འབྲས་བུ་བཏགས་པའོ། །དེས་ན་ཡང་དད་པ་འཇུག་པ་ཡིན་ཏེ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕུང་པོ་ནི་དེ་ལ་རག་ལས་པ་ཡིན་ཏེ། ཉོན་མོངས་པ་སྤངས་པ་གང་ལ་ཡོད་པ་ [181a.4]དེའོ། །ལེགས་པའི་ངང་ཚུལ་ཅན་ཞེས་བྱ་བ་ལ། ལེགས་པའི་ངང་ཚུལ་དང་ངོ་བོ་གང་ལ་ཡོད་པ་སྟེ་སྐྱེ་བོ་དམ་པའི་རང་བཞིན་སྐྱེ་བོ་དམ་པས་བསྔགས་པའོ། །བརྗོད་པ་ནི་བཤད་པའོ། །དད་པ་དང་ལྡན་པ་ནི་ཐམས་ཅད་དུ་ཡང་མཆོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དད་དང་ཚུལ་ [181a.5]ཁྲིམས་ཞེས་བྱ་བ་ལ་སོགས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་འཁོར་དང་བཅས་པ་གང་དང་གང་དུ་འགྲོ་བ་དེ་དང་དེར་རྒྱལ་པོ་དང་རྒྱལ་པོའི་བློན་པོ་རྣམས་ཀྱིས་བསྙེན་བཀུར་བྱས་ཏེ། སྐབས་འདི་ལྟ་བུ་གསན་ནས་འདི་གསུངས་སོ། །དད་པ་གང་ལ་ཡོད་པ་དེ་ནི་དད་པའོ། ། [181a.6]དད་པ་དང་ལྡན་པ་ཁོ་ནས་ཚུལ་ཁྲིམས་དང་ལྡན་པར་འགྱུར་བའི་ཕྱིར་ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་སྨོས་ཏེ། སོ་སོར་ཐར་པའི་སྡོམ་པ་དང་ཕྲད་པའོ། །ཚུལ་ཁྲིམས་དང་ལྡན་པ་ལས་ནི་གཏོང་བ་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་སྨྲས་པ། གཏོང་ལྡན་ཞེས་བྱ་བ་སྟེ། ཡོངས་སུ་གཟུང་ [181a.7]བ་ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར་དང་། རྨོངས་པས་ཡོ་བྱད་གཞན་ཡོངས་སུ་མི་འཛིན་པའོ། །གཏོང་བ་དང་ལྡན་པའི་ཕན་ཡོན་སྨྲས་པ། འཇུངས་པ་རྣམ་སྤངས་པ་ཞེས་བྱ་བ་ཡིན་ཏེ། སེར་སྣ་དང་བྲལ་བའོ། །ཇི་སྐད་དུ་སྦྱིན་པ་སེམས་ཀྱི་སེར་སྣ་དང་ནི་ཆགས་པའི་སྐྱོན་གྱི་རྡུལ་ [181b] [181b.1]རྣམས་འཁྲུ་བར་བྱེད་ཅེས་བཤད་པ་ཡིན་ཏེ། དེ་ཉིད་ཀྱིས་བདག་ཉིད་རྣམ་པར་དག་པས་ཡུལ་གང་དང་གང་དུ་འགྲོ་བ་དེ་དང་དེར་ཁྱད་པར་ཤེས་པའི་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་རོ། །དད་པ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་གཉིས་ཀྱིས་ནི་ལུས་དང་ངག་དག་པས་བདག་གི་དོན་ [181b.2]ཕུན་སུམ་ཚོགས་པའོ། །གཏོང་བ་དང་སེར་སྣ་སྤངས་པ་གཉིས་ཀྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དད་པ་དང་ཤེས་རབ་ཀྱི་ནོར་ནི་ནོར་གྱི་མཆོག་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། མཁས་གང་འཚོ་བའི་འཇིག་རྟེན་ན། །ཞེས་བྱ་བ་ལ་སོགས་པའོ། །གཏེར་ལ་ [181b.3]ཆགས་པའི་ཚོང་དཔོན་ཞིག་གིས་ནོར་གྱི་མཆོག་ཇི་སྙེད་པ་དེ་གཏེར་དུ་སྦས་པ་ལས་འདི་སྙམ་དུ་བསམས་ཏེ། གང་བདག་གིས་གཏེར་ཐམས་ཅད་ཕྱུང་ལ་རིན་པོ་ཆེའི་མཆོག་གང་ཡིན་པ་བཙོང་བར་བྱ་ན། བདག་གིས་ནི་མི་ཤེས་ཏེ། གང་དུ་བཅོམ་ལྡན་འདས་བཞུགས་པ་དེར་བདག་སོང་སྟེ་ཞུའོ་ [181b.4]སྙམ་པ་ནས་ཇི་སྲིད་དུ་འདི་གསུངས་སོ། །གང་ནི་གང་ལ་ལའོ། །འཚོ་བའི་འཇིག་རྟེན་ནི་འགྲོ་བའམ། སེམས་ཅན་གྱི་འཇིག་རྟེན་ནའོ། །རྟེན་བྱེད་པ་ཞེས་བྱ་བ་ནི་ཐོབ་པར་བྱེད་པའོ། །དད་དང་ཤེས་རབ་ཅེས་བྱ་བ་ལ། ཁྱད་པར་དུ་འཕགས་པའི་ཤེས་རབ་ནི་འདིར་ཤེས་རབ་བོ། །གང་ཞིག་རྟེན་ [181b.5]པར་བྱེད་ཅེ་ན། །སྨྲས་པ། མཁས་པ་ཞེས་བྱ་བ་སྟེ། མཁས་པ་མ་ཡིན་པ་ནི་དེ་གཉིས་མི་སྒྲུབ་ཅིང་དེ་ལ་བརྩོན་པར་མི་བྱེད་དེ། རིགས་པའི་ཤེས་པའི་སྦྱོར་བ་བསྟན་པ་ཡིན་ནོ། །དེ་དག་དེ་ཡི་ནོར་མཆོག་སྟེ། །ཞེས་བྱ་བ་ནི་གང་གི་ཕྱིར་མཁས་པ་དེའི་ནོར་ནི་འདི་ཉིད་མཆོག་ཏུ་འདོད་པ་ཡིན་ཏེ། [181b.6]ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ཡི་ནོར་གཞན་ཕལ་བར་ཟད། །ཅེས་བྱ་བ་ནི་ཡོངས་སུ་རྟོགས་པར་བྱེད་པ་དེའི་སྟེ། སྐྱེ་བོ་ཐ་མལ་པས་མངོན་པར་བཀུར་བའི་གསེར་ལ་སོགས་པའི་རིན་པོ་ཆེའི་ནོར་དག་ནི་མངོན་པར་མི་བསྔགས་ཏེ། གདུང་བ་ཐམས་ཅད་ཀྱི་རྒྱུར་ [181b.7]གྱུར་པའི་ཕྱིར་རོ། །ཕལ་པར་ཟད་ཅེས་བྱ་བ་ནི་ངེས་པར་དོར་དགོས་པ་ཡིན་པའི་ཕྱིར་དང་ངན་སོང་གི་འབྲས་བུར་གྱུར་པའི་ཕྱིར་རོ། །གང་ཚོང་དཔོན་ལ་བསྟན་པའི་ཆེད་དུ་འདི་གསུངས་པ་སྟེ། དེ་ནི་དད་པ་མེད་པ་དང་ཤེས་རབ་འཆལ་པ་ཡིན་པས་དེས་ན་གཉི་ག་འདིར་བསྟན་ཏོ། །མེའི་རྟགས་དུ་བ་ [182a] [182a.1]ལས་ཤེས་པར་བྱེད་པ་བཞིན་དུ་དད་པ་མི་མངོན་པའི་རྟགས་བསྟན་པའི་ཕྱིར་སྨྲས་པ། འཕགས་པ་ལྟ་བར་འདོད་པ་དང་། །ཞེས་བྱ་བ་ལ་སོགས་པའོ། །དགེ་སློང་དག་དད་པ་གང་གི་དད་པའི་རྟགས་ནི་གསུམ་པོ་འདི་དག་གོ་ཞེས་རྒྱ་ཆེར་ཏེ་འདི་གསུངས་སོ། ། [182a.2]འཕགས་པ་ནི་སྡིག་པ་ལས་རིང་དུ་སོང་བའི་ཕྱིར་རོ། །ཡོན་ཏན་དང་ལྡན་པ་ལ་ལྟ་བར་འདོད་ཅིང་བརྩོན་པ་ནི་ལྟ་བར་འདོད་པ་སྟེ་ཡང་དང་ཡང་དུ་དེ་དང་ཕྲད་པའི་ཕྱིར་ཉེ་བར་འགྲོ་བས་སོ། །གང་གི་ཕྱིར་དད་པ་མེད་པར་ནི་གཞན་གྱིས་བསྐུལ་བར་གྱུར་ཀྱང་མ་དད་པས་འཕགས་པའི་གན་ [182a.3]དུ་མི་འགྲོའོ། །དམ་ཆོས་ཉན་པར་དགའ་བ་དང་། །ཞེས་བྱ་བ་ནི་བདེན་པ་སྟོན་པ་ལ་སོགས་པ་ལེགས་པར་བཤད་པ་མཉན་པ་ལ་ཞེན་པ་སྟེ། སྲོག་གི་ཕྱིར་ཡང་ལེགས་པར་བཤད་པ་མཉན་པར་འདོད་པ་སྐྱེ་བའོ། །སེར་སྣའི་དྲི་མ་རྣམ་སྤངས་པ། །ཞེས་བྱ་བ་ནི་གཏོང་བ་ལ་མཆོག་ [182a.4]ཏུ་འཛིན་པའི་ཕྱིར་སེར་སྣའི་ཚུལ་ཆགས་པའི་དྲི་མ་གང་གིས་སྤངས་པའོ། །ཞེ་སྡང་དང་གཏི་མུག་དང་ཆགས་པ་སྤྱོད་པ་རྣམས་དད་པ་ལ་གོ་རིམས་བཞིན་དུ་དེའི་མཚན་ཉིད་བསྟན་པའི་རྟགས་གསུམ་བསྟན་ཏོ། །ཡང་ན་ཉན་ཐོས་དང་རང་སངས་རྒྱས་དང་། སངས་རྒྱས་ཀྱི་རིགས་ [182a.5]ཅན་རྣམས་ལ་གཅིག་དང་གཉིས་དང་གསུམ་གྱི་རྟགས་དང་ལྡན་པ་ཉིད་དུ་གོ་རིམས་བཞིན་དུ་བསྟན་པའི་ཕྱིར་རོ། །འདུས་པ་དེ་དག་གིས་ནི་དད་པ་རྟོག་པར་བྱེད་པ་ཡིན་ནོ་ཞེས་གཞག་སྟེ། དེ་ཉིད་དད་པ་ཞེས་བརྗོད་ཅིང་དད་པ་དང་ལྡན་པ་ཞེས་ཀྱང་བརྗོད་དེ། དེའི་འབྲས་བུ་མཐོང་ [182a.6]བ་ལས་རྗེས་སུ་དཔག་པས་སོ། །འཇིག་རྟེན་ལ་རབ་ཏུ་གྲགས་པས་དགེ་བའི་མཚམས་སྦྱོར་བའི་དུས་སུ་དད་པ་ཡོད་པ་ཡིན་གྱི། ཐམས་ཅད་ལ་ཉེ་བར་མཚོན་པ་ནི་ངེས་པར་མི་བརྗོད་དོ། །དད་པ་གཅིག་པུ་ནི་འཇིག་རྟེན་ལས་སྙིང་པོ་བླངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དད་པའི་ལམ་ [182a.7]བརྒྱགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་ཞིག་གིས་གསོལ་པ། ལམ་བརྒྱགས་གང་ཞིག་བསྐུར་བྱ་ཞིང་། །རྐུན་པོས་མི་འཕྲོགས་གང་ཞིག་ལགས། །གང་གིས་འཕྲོགས་ན་བཟློག་བགྱི་ཞིང་། །སྐྱེ་བོ་གང་གིས་འཕྲོགས་ན་དགའ། །གང་ཞིག་འོངས་ནས་རྟག་ཏུ་ནི། ། [182b] [182b.1]མཁས་པ་མངོན་པར་དགའ་བར་འགྱུར། །ཞེས་པ་ལ་འདི་གསུངས་སོ། །དད་པ་དེ་ནི་དད་པ་དང་ལྡན་པའོ། །བསྐུར་བ་ནི་ཉེ་བར་བླངས་པའོ། །ལམ་བརྒྱགས་ནི་ལམ་གྱི་འཚོ་བའོ། །སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ནི་དད་པའི་ལག་པས་བསྐུར་བར་ནུས་པ་ཡིན་ཏེ། འཇིག་ [182b.2]རྟེན་ཕ་རོལ་ཏུ་འགྲོ་བའི་ཡོ་བྱད་དོ། །ཇི་སྐད་དུ། །དཔེར་ན་ལམ་བརྒྱགས་མང་པོས་ནི། །བདེ་བས་འདི་ན་འགྲོན་པོ་འགྲོ། །དེ་བཞིན་འདིར་ཡང་དགེ་བྱས་པའི། །སེམས་ཅན་བདེ་འགྲོར་འགྲོ་བ་ཡིན། །ཞེས་བཤད་དོ། །བསོད་ནམས་ཆོམ་པོས་དབྲོག་མི་ནུས། །ཞེས་བྱ་བ་ནི་གྲོང་ [182b.3]འཇོམས་པར་བྱེད་པའི་རྐུན་མས་ཀྱང་གཞན་གྱི་ལེགས་པར་སྤྱད་པ་དབྲོག་པར་མི་ནུས་ཏེ། བསོད་ནམས་རྒྱལ་པོ་ཆོམ་རྐུན་དག །གཡོ་ཞིང་བརྩོན་པར་བྱེད་པས་ཀྱང་། །འཕྲོག་པར་ནུས་པ་མ་ཡིན་ནོ། །ཞེས་པའི་ཚིག་གིས་སོ། །ཆོམ་རྐུན་འཕྲོག་པར་བྱེད་པ་བཟློག །ཅེས་པ་ལ། རྐུན་ [182b.4]མས་གཞན་གྱི་ནོར་འཕྲོག་པར་བྱེད་པ་ནི་རྒྱལ་པོ་ལ་སོགས་པས་གསད་པ་ལ་སོགས་པའི་ཆད་པས་བྱས་པས་བཟློག་པར་བྱ་བ་ཡིན་ནོ། །དགེ་སྦྱོང་རྣམས་ཀྱིས་བླངས་ན་དགའ། །ཞེས་བྱ་བ་ནི་གཞན་གྱི་བཟའ་བ་དང་བཏུང་བ་དང་བགོ་བ་དང་ཁང་པ་ལ་སོགས་པ་འཕྲོག་ཅིང་ལེན་པར་བྱེད་ [182b.5]པའི་སྡོམ་བརྩོན་དགེ་བ་རྣམས་ལ་ནི་སྐྱེ་བོ་དད་པ་དང་ལྡན་པ་དག་ཤིན་ཏུ་དགའ་བར་བྱེད་པ་ཡིན་ཏེ། འཕགས་པས་འཕྲོགས་ཤིང་བླངས་ན་བཟང་བ་བཞིན་ཞེས་བྱ་བའི་ཚིག་གིས་སོ། །དགེ་སྦྱོང་འོངས་པ་ལ་ཞེས་བྱ་བ་ནི་ཉེ་བར་ཞི་བའི་སྤྱོད་པ་ཅན་གྱི་སྡོམ་བརྩོན་འོངས་པ་ལའོ། །རྟག་ཏུ་ [182b.6]ཞེས་པ་ནི་རྒྱུན་དུའོ། །མངོན་པར་དགའ་བ་ནི་མངོན་པར་འདོད་པའོ། །མཁས་པ་ནི་བདག་ལ་ཕན་པར་འདོད་པའོ། །དད་པ་དང་རྗེས་སུ་མཐུན་པའི་ཞིང་ལ་སྦྱིན་བདག་རྣམས་འབུལ་བར་བྱེད་པ་ན། ཕྲག་དོག་གི་དབང་གིས་སྐྱེ་བོ་ངན་པ་རྣམས་ཏིང་ངེ་འཛིན་ཉམས་པར་འགྱུར་བའི་ [182b.7]ཉེས་དམིགས་བསྟན་པའི་ཕྱིར་སྨྲས་པ། སྐྱེ་བོ་རྣམས་ནི་ཅི་རིགས་པར། །ཞེས་བྱ་བ་ལ་སོགས་པའོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འཕགས་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལ་ཆོས་གོས་ལ་སོགས་པས་ཤིན་ཏུ་ཡང་བསྙེན་བཀུར་བྱེད་པར་གྱུར་ཏོ། །ཀོ་ཀ་ལི་ཀ་ [183a] [183a.1]ལ་སོགས་པས་ནི་ཁྱིམ་བདག་འདི་ནི་གང་ཟག་ལ་མངོན་པར་དད་དོ་ཞེས་འཕྱ་བར་བྱེད་དེ་ཇི་ཙམ་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །སྦྱིན་བྱེད་ཅེས་བྱ་བ་ནི་ཡོན་ཏན་ཅན་ལ་འབུལ་བར་བྱེད་པའོ། །གཅིག་ནི་གཅིག་ཏུ་སྟེ་དད་པའི་སེམས་ཅན་དག་གོ། ། [183a.2]དད་པ་ཇི་བཞིན་ཞེས་བྱ་བ་ནི་དད་པ་དང་རྗེས་སུ་མཐུན་པ་སྟེ། དེ་ཆུང་ངུ་ལ་སོགས་པའི་དབྱེ་བ་དང་། དེས་བྱས་པའི་སྦྱིན་པ་ལ་སོགས་པའི་དབྱེ་བས་སོ། །ཅི་རིགས་པར་བྱ་ཞེས་བྱ་བ་ནི་འབྱོར་པ་དང་རྗེས་སུ་མཐུན་པ་སྟེ། འབྱོར་པ་ཅི་བསགས་པ་བཞིན་དུ་སྦྱིན་པ་སྟེ། དད་པ་ཇི་ལྟ་བ་ [183a.3]བཞིན་ནོ། །འབྱོར་པ་མ་བསགས་པ་དག་གིས་ཀྱང་ཇི་ལྟར་འཚལ་བར་རོ། །དེ་ལྟ་ཞེས་བྱ་བ་ནི་ཟས་དང་སྐོམ་སྦྱིན་བདག་སྟེར་བ་ལའོ། །གང་ཞིག་ཡིད་ནི་མི་བདེ་བ། །ཞེས་བྱ་བ་ནི་ཕྲག་དོག་ལ་སོགས་པའི་དབང་གིས་མི་དགའ་བའོ། །གཞན་ཞེས་བྱ་བ་ནི་ལེན་པ་པོ་དང་འབྲེལ་པ་ཞེས་བྱ་བའི་ [183a.4]ཚིག་གི་ལྷག་མའོ། །དེས་ནི་ཉིན་དང་མཚན་རྣམས་སུ། །ཞེས་བྱ་བ་ནི་སྐྱེ་བོ་ངན་པ་དེ་ནི་ཉིན་པར་དང་ནུབ་མོ་རྣམས་སུའོ། །ཏིང་འཛིན་འཐོབ་པར་མི་འགྱུར་རོ། །ཞེས་བྱ་བ་ནི་སེམས་རྩེ་གཅིག་པ་མི་རྙེད་པ་སྟེ། ཕྲག་དོག་གིས་བྱས་པའི་གཡེང་བ་དང་ལྡན་པ་ཞེས་བྱ་བ་འོག་ནས་སྨོས་ཏེ། རང་ [183a.5]གི་རྙེད་པ་ལ་བརྙས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པའོ། །ནག་པོའི་ཕྱོགས་བསྟན་ནས། དཀར་པོའི་ཕྱོགས་སྨྲས་པ། གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་སྐྱེས་བུ་དམ་པས་སོ། །དེ་འདྲ་ཀུན་དུ་སྤྱོད་བྱེད་པ། །ཞེས་བྱ་བ་ནི་གཞན་གྱི་རྙེད་པའི་རྒྱུར་གྱུར་པའི་ཡིད་མི་ [183a.6]བདེ་བ་དྲུངས་འབྱིན་པའོ། །ཡང་ཕྱིས་མི་སྐྱེ་བར་བྱ་བའི་ཕྱིར་སྨྲས་པ། ཏ་ལའི་མགོ་བཅད་ལྟར་ཞེས་བྱ་བ་ས་བོན་མེད་པར་བྱ་བ་སྟེ། ཏ་ལའི་མགོ་དང་མཉམ་པར་འཇུག་པ་ནི་ཏ་ལའི་རྩེ་མོ་སྟེ། འདི་ལྟར་ཤིང་ཏ་ལའི་རྩེ་མོ་བཅད་པས་ཡང་མི་སྐྱེ་བ་དེ་བཞིན་དུ་སྤང་བའོ། །དེས་ནི་ཉིན་དང་ [183a.7]མཚན་རྣམས་སུ། །ཞེས་བྱ་བ་ལ་སོགས་པ་ནི་རྟག་པར་སླའོ། །དད་པ་མེད་པ་ནི་དམ་པ་རྣམས་ཀྱིས་བསྟེན་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཁྲོན་པ་སྐམ་པོ་ཞེས་བྱ་བ་ལ་སོགས་པའོ། །དགེ་སློང་དག་དད་པ་མེད་པའི་གང་ཟག་ནི་སྟེན་པར་མ་བྱེད་ཅིག །དེ་ཅིའི་ [183b] [183b.1]ཕྱིར་ཞེ་ན། དད་པ་མེད་པ་བསྟེན་པ་ནི་སྡུག་བསྔལ་བ་སྟེ། གང་གི་ཕྱིར་དད་པ་མེད་པ་བསྟེན་ཅིང་བསྟེན་པ་ལས་ནི་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་པ་ནས་ཇི་སྲིད་དུ་དམྱལ་བར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དཀར་པོའི་ཕྱོགས་ཀྱི་ཚིགས་སུ་བཅད་ [183b.2]པ་ཡང་སྟེ་འདི་གཉིས་གསུངས་སོ། །དད་པ་མེད་པ་ཞེས་བྱ་བ་ནི་སེམས་དད་པ་དང་བྲལ་བའི་སྐྱེ་བོ་ཞེས་བྱ་བའི་དོན་ཏོ། །བསྟེན་མི་བྱ་ཞེས་བྱ་བ་ནི་བསྙེན་པར་མི་བྱ་བ་སྟེ། དེ་དང་ལྷན་ཅིག་འབྲེལ་པར་མི་བྱའོ། །ཁྲོན་པ་སྐམ་པོ་ཇི་ལྟ་བར། །ཞེས་བྱ་བ་ལ། ཆུ་བཏུང་བར་བྱ་བའི་གནས་དེ་ནི་ [183b.3]ཁྲོན་པ་སྟེ་རྫིང་བུ་ལ་སོགས་པའོ། །ཇི་ལྟར་ཆུ་མེད་པའི་སྐམ་པ་དེ་ཆུ་དོན་དུ་གཉེར་བ་དག་གིས་མི་བསྟེན་པ་དེ་བཞིན་ནོ། །འོན་ཀྱང་ཁྲོན་པ་ཆུ་མེད་ཅིང་སྐམ་དུ་ཟིན་ཀྱང་བརྐོས་པར་གྱུར་ན་ཆུ་སྦྱིན་པར་བྱེད་དོ་ཞེ་ན། ཇི་སྟེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གལ་ཏེ་རྫིང་བུ་ལ་སོགས་པ་ [183b.4]ཆུ་མེད་ཅིང་སྐམ་པོ་ལ་ཆུ་དོན་དུ་གཉེར་བས་དེ་ཀུན་དུ་བརྐོས་ཀྱང་དེ་མ་ཐག་མི་འབྱུང་ལ། གལ་ཏེ་བྱུང་བར་གྱུར་ན་ཡང་འདམ་ཆུ་དྲི་ང་བ་འབྱུང་བར་འགྱུར་ཞེས་བྱ་བ་སྨོས་ཏེ། འདམ་རུལ་པ་དེ་ལྟ་བུའི་དྲི་གང་ལ་ཡོད་པ་དེ་ནི་འདམ་ཆུ་དྲི་ང་བ་སྟེ། དེ་ནི་དབྱིག་པ་ཅན་བཞིན་ནོ། །ཤེས་ [183b.5]རབ་ཅན་གྱིས་དད་ལྡན་བསྟེན། །ཞེས་བྱ་བ་ནི་གང་ལ་ཡང་དག་པར་རྟོགས་པ་ཡོད་པ་དེས་ནི་དད་པ་ཅན་དང་ལྷན་ཅིག་བསྟེན་པར་བྱའོ། །འདིར་དཔེ་བསྟན་པ། མཚོ་ལ་ཆུ་འདོད་ཇི་ལྟ་བར། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ཆུ་འདོད་པ་སྟེ། ཁྲུས་དང་བཏུང་བ་དང་དེའི་ནང་དུ་ཞུགས་པར་ [183b.6]འདོད་པས་ནི་མཚོ་ཆེན་པོ་ལ་སྟེན་པར་བྱེད་དོ། །མཚོ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཆུ་མང་ཞེས་བྱ་བ་སྟེ། ཆུ་མང་པོ་གང་ལ་ཡོད་པ་དེ་ནི་ཆུ་མང་སྟེ། བྱ་རོག་གིས་བཏུང་དུ་རུང་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དང་བ་ནི་རྙོག་པ་དང་བྲལ་ཞིང་ཤིན་ཏུ་གཙང་བའོ། །བསིལ་བར་གྱུར་ཅིང་ [183b.7]ཞེས་བྱ་བ་ནི་དེ་ཡང་ཤིང་གི་གྲིབ་མས་ཡོངས་སུ་བསྐོར་བའི་ཕྱིར། ཡིད་ཚིམ་པར་བྱེད་དོ། །རྙོག་པ་མེད་པ་ཞེས་བྱ་བ་ནི་རྡུལ་མེད་ཅིང་ན་ཀྲ་ལ་སོགས་པ་སེམས་ཅན་གདུག་པ་ཅན་དང་འདམ་དང་ཆུ་བལ་ལ་སོགས་པས་མ་རྙོག་པའི་ཕྱིར་རོ། །ཇི་ལྟར་ཁྲུས་དང་བཏུང་བ་ལ་སོགས་པ་འདོད་ [184a] [184a.1]པས་ནི་མཚོ་འདི་ལྟ་བུ་ཉེ་བར་སྟེན་པར་བྱེད་པ་དེ་བཞིན་དུ་ཁྱད་པར་གྱི་རྣམ་པ་མང་པོ་དོན་དུ་གཉེར་བས་ཀྱང་ལྷག་པར་གཡོ་མེད་པ་དང་བསམ་པ་དག་པས་གཞན་ལ་ཕན་འདོགས་ཤིང་དགའ་བར་བྱེད་པ་དང་། མི་ཤེས་པ་དང་། ཚུལ་འཆོས་པ་ལ་ [184a.2]སོགས་པ་དང་བྲལ་བས་རྙོག་པ་མེད་པའི་དད་པ་ཅན་བསྟེན་ན་དེས་ནི་ཡིད་ལ་མངོན་པར་འདོད་པའི་འབྲས་བུ་འགྲུབ་པར་འགྱུར་རོ། །མཁས་པས་ནི་དད་པ་ཅན་བསྟེན་པར་བྱའི། ཅིག་ཤོས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཆགས་སམ་མ་ཆགས་ཞེས་བྱ་བ་ལ་སོགས་པའོ། ། [184a.3]ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་དགོན་པའི་ཕྱོགས་གཅིག་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་བླངས་ནས། བྲམ་ཟེའི་གྲོང་ཁྱེར་ཞིག་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། མུ་སྟེགས་ཅན་གཞན་དག་གིས་ཤིན་ཏུ་སྤྱོས་ཤིང་བརྒྱད་དེ་ལྷུང་བཟེད་ཀྱི་ [184a.4]ནང་དུ་ཡང་རྡུལ་གྱིས་བཀང་ངོ་། །བྲམ་ཟེ་དད་པ་དག་གིས་ནི་མཆོད་པར་ཡང་གྱུར་ཏོ། །དེ་གཉིས་དམྱལ་བ་དང་མཐོ་རིས་དག་ཏུ་མི་དགའ་ཞིང་དགའ་བ་ཡིན་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །ཆགས་པ་ནི་ཁ་ཅིག་དད་ཅིང་བློ་དང་ལྡན་པའི་བྲམ་ཟེ་དང་ཁྱིམ་བདག་དམ་པ་རྣམས་ལ་རྗེས་ [184a.5]སུ་ཆགས་པར་བསྟན་པ་ཡིན་ནོ། །སམ་ཞེས་བྱ་བའི་སྒྲ་ནི་མ་ཆགས་ཀྱང་རུང་ཞེས་བྱ་བ་ཡིན་ཏེ། སྐྱེ་བོ་ངན་པ་ཁ་ཅིག་དམ་པ་རྣམས་ལ་རྣམ་པར་སྡང་བ་བསྐྱེད་པའོ། །དེ་ཡིས་ཐུབ་སྐུ་མི་ངས་པས། །ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་རྣམས་ནི་ཆགས་པའམ་མ་ཆགས་པ་སྟེ། དད་པ་དང་མ་དད་ [184a.6]པའི་སེམས་ཅན་གྱི་རྒྱུར་གྱུར་པ་ཞེས་སྐུ་མི་ངས་པ་སྟེ། འགྱུར་བར་མི་མཛད་དོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་ལྟར་ཐུབ་པ་དེ་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གལ་ཏེ་སྐུ་མི་ངས་ན་དེས་ཅི་ཞིག་བྱ་བ་ཡིན་ཞེ་ན། སྨྲས་པ། མ་དད་པ་དག་སྤང་བར་བྱ། །ཞེས་བྱ་བ་ [184a.7]སྟེ། མ་དད་པའི་སེམས་ཅན་དོར་བར་བྱ་སྟེ། ཆུ་དང་བྲལ་བའི་ཕྱིར་ཆུ་འདོད་པས་ཁྲོན་པ་སྐམ་པོ་བཞིན་དུ་སྡིག་པ་བྱེད་པ་དེ་ཡོངས་སུ་སྤང་བར་བྱའོ། །དད་པ་རྣམས་ནི་ཉེ་བར་བསྟེན། །ཞེས་བྱ་བ་ནི་དད་པ་ཅན་དག་དང་བསྙེན་པར་བྱ་བ་ཉིད་དེ། ཆུ་འདོད་པ་དག་གིས་མཚོ་ཆེན་པོ་བཞིན་དུ་སྟེ། [184b] [184b.1]དེའི་བསོད་ནམས་ཀྱི་ཚོགས་ཉེ་བར་སྐྱེད་པའི་ཕྱིར་རོ། །དད་པའི་ཚོམས་ཏེ་བཅུ་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།དད་པའི་ཁྱད་པར་གྱི་འབྲས་བུ་བསྟན་པའི་ཕྱིར། དེའི་འོག་ཏུ་དགེ་སྦྱོང་གི་ཚོམས་བསྟན་པ་ཡིན་ཏེ། དད་པའི་སྟོབས་ཀྱིས་ནི་འཕགས་པའི་ལམ་སྐྱེ་ལ། དེའི་ [184b.2]མཐུས་ནི་དགེ་སྦྱོང་དུ་འགྱུར་རོ། །ཡང་ན་བསྟན་མ་ཐག་པའི་ཚོམས་སུ་ཐུབ་པ་ཞེས་བྱ་བ་དེའི་རྣམ་གྲངས་དགེ་སྦྱོང་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ་འགྲེལ་པ་སྨྲས་པ། བྲམ་ཟེས་འདོད་པ་ཞེས་བྱ་བ་ལ་སོགས་པའོ། །རབ་ཏུ་དང་བ་ཕལ་ཆེ་བ་ཞེས་བྱ་བའི་བྲམ་ཟེ་ཞིག་སེར་སྐྱའི་ཐར་པ་བསྒྲུབ་ [184b.3]པར་འདོད་པ་ལས་དེའི་ཐབས་མི་ཤེས་ཏེ། སངས་རྒྱས་ལ་ཡིད་ཆེས་པ་སྐྱེས་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཞུས་པ་ལས། དེའི་ཕྱིར་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། དེ་ཐོས་པས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ཆོད་ཅིག་ཅེས་བྱ་བ་ནི་ [184b.4]སྤང་ཞིང་དོར་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །གང་ཡིན་ཞེ་ན། རྒྱུན་ཞེས་བྱ་བ་སྟེ་སྐྱེ་བའི་རྒྱུན་ནོ། །གང་གི་ཕྱིར་འདི་མ་སྤངས་ན་ནི་གཅིག་ཏུ་ཐོབ་པར་མི་འགྱུར་རོ། །ཅི་ཞིག་བྱས་ནས་རྒྱུན་བཅད་པར་ནུས་ཤེ་ན། བརྩོན་འགྲུས་ཀྱིས་ནི་ཞེས་བྱ་བ་སྨོས་ཏེ། སྦྱོར་བས་བསྐྱེད་པར་བྱ་བའི་ཁྱད་ [184b.5]པར་ནི་བརྩོན་འགྲུས་ཏེ། དད་པས་དམ་པ་བསྟེན་ཅིང་ལེགས་པར་གསུངས་པ་མཉན་པ་དང་། རབ་ཏུ་བྱུང་བ་ཡོངས་སུ་བཟུང་བ་དང་དགེ་བ་ལ་སོགས་པའི་ལམ་གྱི་ཚོགས་ལ་འཇུག་པ་ཞེས་བྱ་བའི་དོན་ཏོ། །ཚོགས་འདི་ལ་བརྟེན་ནས་དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། སྨྲས་པ། ཉོན་མོངས་པ་ [184b.6]སྤང་བར་བྱ་སྟེ། དེ་སྤང་བའི་རིམ་པ་བསྟན་པའི་ཕྱིར་སྨྲས་པ། འདོད་པ་རབ་སྤང་ཞིང་ཞེས་བྱ་བ་སྟེ། འདོད་པ་ན་སྤྱོད་པའི་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ཡིན་ཏེ། དེ་ནས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ་ཞེས་སྟོན་ཏེ། འདོད་པའི་ [184b.7]ཁམས་ཀྱི་ཡོངས་སུ་རྫོགས་པར་སྤངས་ན་བྲམ་ཟེར་འགྱུར་ཏེ། འདོད་པའི་མི་གཙང་བའི་ནང་དུ་འབྱིང་བ་ལས་ནི་བྲམ་ཟེར་སྐྱེ་བར་མི་འགྱུར་རོ་ཞེས་དེ་ཉིད་བསྟན་པའི་ཕྱིར་བྲམ་ཟེ་ཞེས་བྱ་བ་སྨོས་ཏེ། འདིའི་དོན་ནི་འདོད་པ་དག་ལས་ཡིད་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ་ཞེས་རྒྱུ་ཅིའི་ཕྱིར་འདོད་པ་ [185a] [185a.1]ལ་སོགས་པ་སྤང་བར་བྱ་བ་ཡིན་ཞེ་ན། རབ་ཏུ་མ་སྤངས་པར་ཞེས་བྱ་བ་སྟེ། ཇི་སྲིད་དུ་འདོད་པ་ལ་སྤྱོད་པ་ལ་སོགས་པའི་ཉོན་མོངས་པ་སྤངས་པར་མ་གྱུར་པ་དེ་སྲིད་དུ་ནི་དེ་ཐུབ་པ་མ་ཡིན་ཏེ། གཅིག་ཏུ་ཡང་ཐོབ་པ་མ་ཡིན་ནོ། །ཐུབ་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་ [185a.2]དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པར་གྱུར་པའོ། །གཅིག་ཏུ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། དེ་གཉིས་ཀྱང་ཉོན་མོངས་པ་སྤངས་པས་འཐོབ་པ་ནི་རྟོགས་པའོ། །དེ་མ་ཐོབ་པར་ནི་རྒྱུན་ཆོད་པ་མ་ཡིན་ཏེ། དེས་ན་འདོད་པ་ལ་སོགས་པ་ངེས་ [185a.3]པར་སྤང་བར་བྱ་བ་ཉིད་ཡིན་ནོ། །འདིར་དགེ་སྦྱོང་གི་སྒྲ་མེད་ཀྱང་བྲམ་ཟེ་དང་ཐུབ་པའི་སྒྲ་ནི་དེའི་རྣམ་གྲངས་ཡིན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དགེ་སྦྱོང་གི་ཚོམས་སུ་དགོད་པར་རིགས་པ་ཉིད་དོ། །ཚིགས་སུ་བཅད་པ་གཉིས་པོར་ཡང་ཀུན་དུ་རྒྱུའི་སྒྲའི་ནི་ཀུན་རྫོབ་ཏུ་དགེ་སྦྱོང་ལ་ [185a.4]བཏགས་པའི་རྒྱུ་ཡིན་པའི་ཕྱིར་རྩོད་པ་མེད་དོ། །རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་སྦྱོར་བས་སྔར་བསྟན་པའི་བྱ་བ་ནུས་པ་ཡིན་ཏེ། གཞན་དུ་ནི་མ་ཡིན་ནོ་ཞེས་འདིར་བསྟན་པའི་ཕྱིར། ཀུན་དུ་རྒྱུ་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་བྱ་བ་ཞེས་བྱ་བ་ལ་བཟླས་པ་ནི་གྱིས་ཤིག་གྱིས་ [185a.5]ཤིག་པའི་དོན་ཏོ། །རྟག་ཏུ་དེ་ཉིད་ཅེས་བྱ་བ་ནི་སྔར་བསྟན་པའི་རྒྱུན་གཅད་པར་བྱ་བ་སྟེ། རང་དང་རྗེས་སུ་མཐུན་པའི་གཉེན་པོའི་ཕྱོགས་བསྒོམས་པས་རྟག་ཏུ་དེ་ཉིད་དུ་བསྒྲུབ་པར་བྱ་སྟེ། འདིར་བག་མེད་པར་ནི་མི་བྱའོ་ཞེས་པའོ། །གུས་པའི་སྦྱོར་བ་ལ་གཟུད་པའི་ཕྱིར། བརྩོན་འགྲུས་ [185a.6]བརྟན་པ་ཁོ་ན་ཡིས། །ཞེས་བྱ་བ་སྨོས་ཏེ། དགེ་བའི་བཤེས་གཉེན་བསྟེན་ཅིང་། དམ་པའི་ཆོས་མཉན་པ་ལ་སོགས་པ་བསྐྱེད་པ་ལ་བར་ཆད་མེད་པ་ཉིད་དུ་བརྩོན་འགྲུས་བརྩམས་པས་འཇུག་པར་གྱིས་ཤིག་པའོ། །དེ་ལྟར་ག་ལས་བྱེད་དུ་འཇུག་པ་ཡིན་ཞེ་ན། ཀུན་དུ་རྒྱུ་བ་ཞན་པ་ [185a.7]དག །ཅེས་བྱ་བ་ནི་སྦྱོར་བ་ལྷོད་པ་སྟེ། འདི་ལྟར་ཀུན་དུ་རྒྱུ་གལ་ཏེ་བརྩོན་པ་མེད་པ་དང་། སྐྱོ་བ་མེད་པར་གྱུར་ཏེ། ང་རྒྱལ་དང་ཕྲག་དོག་ལ་སོགས་པ་དང་ལྡན་པས་ནི་དེའི་ཚེ་སྤྱིར་ཡང་ཤས་ཆེར་སྩོགས་ཤིང་འཕེལ་བ་ཡིན་ནོ། །ཉོན་མོངས་པ་ནི། ལས་དང་ཉོན་མོངས་པ་དང་ [185b] [185b.1]སྐྱེ་བའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་མ་སྤངས་པའོ། །གང་སྔར་བསྟན་པའི་ཀུན་དུ་རྒྱུ་བ་ཞན་པས་ཉེས་པ་འབྱུང་བར་ཡང་མ་ཟད་དེ། མངོན་པར་འདོད་པའི་འབྲས་བུ་ཡང་སྦྱིན་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར། ཞན་པའི་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་ [185b.2]བསྙེན་མ་ཞིག་གི་བུ་ཡན་ལག་བརྒྱད་པའི་བསྙེན་གནས་ཀྱི་གསོ་སྦྱོང་གི་བསླབ་པ་དང་ལྡན་པ་ལས་ཉམས་པར་གྱུར་ཏེ། དེ་གནོད་སྦྱིན་ཞིག་གིས་བཟུང་བར་གྱུར་ཏོ། །དེ་ནས་དེའི་མས་གནོད་སྦྱིན་དེ་རྗེས་སུ་དྲན་པར་བྱས་ཏེ། ཚིགས་སུ་བཅད་པ་གཉིས་སྨྲས་སོ། །ཇི་སྲིད་བཅུ་བཞི་བཅོ་ [185b.3]ལྔ་ནི། །བསྙེན་གནས་ཡན་ལག་བརྒྱད་པ་ལ། །འདི་ན་ལེགས་པར་མཉམ་གཞག་དང་། །གང་ཞིག་ཚུལ་ཁྲིམས་ལྡན་པ་ལ། །གནོད་སྦྱིན་འཚེ་བར་མི་འགྱུར་ཞེས། །བདག་གིས་ཐོས་ན་རིགས་ཡིན་ནམ། །ཞེས་སོ། །གནོད་སྦྱིན་གྱིས་སྨྲས་པ། ཐོས་པ་ཇི་སྙེད་པ་དེ་དག་ནི་ [185b.4]ལེགས་ཏེ། རིགས་པ་ཡིན་ནོ་ཞེས་སྨྲས་སོ། །དེའི་ཕྱིར་གནོད་སྦྱིན་ཐོང་ཤིག་ཅེས་བྱས་པ་དང་། གནོད་སྦྱིན་དེས་ཀྱང་དེ་བཏང་སྟེ། སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་གསུམ་ཡང་བརྗོད་དོ། །དེ་ནས་དགེ་བསྙེན་མ་དེས་རང་གི་བུ་དེ་དགོན་པའི་གནས་སུ་ཁྲིད་དེ་སོང་ [185b.5]ནས་རབ་ཏུ་ཕྱུང་ཞིང་ཅི་ནས་ཀྱང་སྐྱོ་བ་བསྐྱེད་དེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པར་གྱུར་ཏོ། །ཇི་སྙེད་ཅེས་བྱ་བ་ནི་ཐམས་ཅད་དོ། །ཞན་པའི་ལས་བྱས་ཞེས་བྱ་བ་ནི་རྣམ་པར་སྤྱོད་པ་དག་ལ་སྤྲོ་བ་ཉམས་པའོ། །དོན་ཆེན་འགྱུར་སྙམ་མི་བྱེད་དོ། །ཞེས་བྱ་བ་དང་འདིར་སྦྱར་བར་བྱའོ། ། [185b.6]འཇིག་རྟེན་པ་རྣམས་ཀྱི་ལས་ཞིང་རྨོད་པ་དང་། བ་ལང་སྲུང་བ་དང་། རྒྱལ་པོ་ལ་ཞ་འབྲིང་བྱེད་པ་ལ་སོགས་པ་ཡང་རྟག་ཏུ་བྱས་པ་དང་གུས་པའི་སྦྱོར་བ་མ་གཏོགས་པ་འབྲས་བུ་ཆུང་བ་ཉིད་ཡིན་ན། འཇིག་རྟེན་ལས་འདས་པའི་ལས་ཀུན་དུ་མི་སྤྱོད་པ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ [185b.7]པའོ། །ཀུན་ནས་ཉོན་མོངས་དཀའ་ཐུབ་དང་། །ཞེས་བྱ་བ་ནི་གང་ཡང་ཅུང་ཟད་དུས་མ་ཡིན་པའི་ཟས་ལ་སོགས་པ་ལས་ལྡོག་པའི་ཚུལ་གལ་ཏེ་མ་སྤྱད་དམ། ཀུན་ནས་ཉོན་མོངས་པས་ཇི་ལྟ་བ་བཞིན་དུ་མ་སྤྱད་པས་དྲི་མ་ཅན་དུ་གྱུར་པ་དེ་ཡང་། དོན་ཆེན་འགྱུར་སྙམ་མི་བྱེད་ [186a] [186a.1]དོ། །ཞེས་བྱ་བ་འདི་དང་སྦྱར་རོ། །ཡང་ན་ཀུན་ནས་ཉོན་མོངས་པའི་དཀའ་ཐུབ་ནི་ཕྱི་རོལ་གྱི་མེ་ལྡ་བསྟེན་པ་ལ་སོགས་པ་སྟེ། དེ་ནི་གཅིག་ཏུ་འབྲས་བུ་མེད་པ་ཡིན་ནོ་ཞེས་བསྟན་ཏོ། །ཚངས་སྤྱོད་ཡོངས་སུ་མ་དག་དེ། །ཞེས་བྱ་བ་ལ། འདིར་ལམ་གྱི་ [186a.2]ཚོགས་ཚུལ་ཁྲིམས་ནི་ཚངས་པར་སྤྱོད་པར་བཤད་དོ། །ཡང་ན་འཁོར་བར་ཡོངས་སུ་ཟད་པའི་ཚུལ་ཁྲིམས་ཡོན་ཏན་གྱི་ཁྱད་པར་ལ་བསྟེན་པ་ཡིན་གྱི། དོན་ཆེན་འགྱུར་སྙམ་མི་བྱེད་དོ། །ཞེས་བྱ་བ་འདི་དང་སྦྱར་ཏེ། ལས་ལ་སོགས་པ་ནི་མི་རིགས་པས་བསྐྱེད་པ་གང་བསྟན་པ་སྟེ། [186a.3]དེས་ནི་མངོན་པར་འདོད་པའི་འབྲས་བུ་རྒྱ་ཆེན་པོ་ཐོབ་པར་མི་འགྱུར་རོ། །དོན་ཆེན་པོར་མི་འགྱུར་བར་མ་ཟད་དེ། ངན་སོང་གི་རྒྱུར་ཡང་འགྱུར་བའི་ཕྱིར་ཏེ། ཇི་ལྟ་བུ་ཞེ་ན། ཇི་ལྟར་མདའ་ནི་ཞེས་བྱ་བ་སྟེ། དཔེར་ན་མདའ་གཟུང་ཉེས་པ་ཞེས་བྱ་བ་ལྷོད་པར་གཟུང་བས་སོ། །ལག་པ་ནི་ལག་ [186a.4]པ་ཉིད་དེ་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཆོད་པར་གྱུར་པ་ཞེས་བྱ་བ་ནི་དུམ་བུ་གཉིས་སུ་བྱ་ཞིང་རྨ་འབྱུང་བར་བྱས་པ་ཞེས་བྱ་བའི་དོན་ཏོ། །དགེ་སྦྱོང་བསྲུང་བ་བྱ་ཉེས་དང་། །ཞེས་བྱ་བ་ལ། དགེ་སྦྱོང་དུ་བཏགས་པའི་རྒྱུ་ནི་འདིར་ཚུལ་ཁྲིམས་ལ་དགེ་སྦྱོང་ཞེས་བཤད་པའོ། །ཡང་ན་དེ་ལྟར་ [186a.5]ཚུལ་ཁྲིམས་གཟུང་བ་ལེགས་པར་མ་བསྲུངས་སམ། ལེགས་པར་མ་བླངས་པས་བསྲུང་ཉེས་པའོ། །དམྱལ་བར་ཉེ་བར་ཁྲིད་པར་བྱེད། །ཅེས་བྱ་བ་ནི་ངན་སོང་དུ་འདྲེན་པར་བྱེད་པའོ། །ཇི་ལྟར་མདའ་ནི་གཟུང་ལེགས་དང་། །ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །མ་ཤེས་ [186a.6]པས་ནི་དགེ་སྦྱོང་ཡོངས་སུ་བསྲུང་བ་ནི་དཀའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དགེ་སྦྱོང་རྣམ་པར་མ་ཤེས་དང་། །ཞེས་བྱ་བ་ལ་སོགས་པའོ། །དགེ་སློང་དག་རྒལ་དཀའ་བ་ནི་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་ལ་རབ་ཏུ་བྱུང་བ་ནི་མཆོག་ཏུ་རྒལ་དཀའ་བ་ཡིན་ཏེ། དེ་ [186a.7]ཅིའི་ཕྱིར་ཞེ་ན། དགེ་སློང་དག་གང་གི་ཕྱིར་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་འདི་ནི་གྲོང་ངམ་གྲོང་རྡལ་དག་ཏུ་ཉེ་བར་བསྟེན་ཅིང་གནས་ཏེ། ཇི་ཙམ་ན་དེར་ཆགས་པར་འགྱུར་བའི་བུད་མེད་མཐོང་ན་ཞེན་ཅིང་ཆགས་པར་འགྱུར་རོ་ཞེས་རྒྱ་ཆེར་ཏེ། རྣམ་པར་རྟོག་པས་གཙེས་པ་ན་ [186b] [186b.1]བསླབ་པ་གཏོང་ཞིང་འདོར་བར་འགྱུར་རོ་ཞེས་གསུངས་ཏེ། དེས་ན་ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་པ་ཡིན་ནོ། །སྡུག་བསྔལ་གྱིས་རྒལ་བར་བྱ་བ་ཡིན་པས་རྒལ་དཀའ་སྟེ་འདའ་བར་དཀའ་བའོ། །དེ་ཐོབ་པའི་ཐབས་ནི་ཐོབ་པར་དཀའ་བའི་ཕྱིར་རོ། །བཟོད་པར་དཀའ་བ་ཞེས་བྱ་ [186b.2]བ་ནི་བཟོད་པར་སླ་བ་མ་ཡིན་པ་སྟེ། གྲོགས་དང་གནས་ཀྱི་ཁྱད་ལ་རག་ལས་པའི་ཕྱིར་རོ། །ཡང་ན་གཏིང་དཔག་དཀའ་བའི་ཕྱིར་ཕ་རོལ་ཏུ་རྒལ་དཀའ་བའོ། །གང་གི་ཕྱིར་དགེ་སྦྱོང་གི་ཕ་རོལ་ཏུ་ཕྱིན་པ་ནི་དཀའ་བས་འཐོབ་པ་ཡིན་ཏེ། རྒྱ་མཚོ་ལྟ་བུའོ། །དེའི་ཕ་རོལ་ནི་ཐར་པའོ། །བཟོད་ [186b.3]དཀའ་དང་ཞེས་བྱ་བ་ནི་འདི་ལ་སྡུག་བསྔལ་གྱིས་ཐེག་ཅིང་བཟོད་པ་ཡིན་པས་བཟོད་དཀའ་བ་སྟེ། བདག་ཉིད་མ་སྦྱངས་པ་དག་དུས་དང་གནས་སྐབས་རྒྱུན་དུ་བསྲུང་བ་མི་བཟོད་པའི་ཕྱིར་རོ། །དེ་ལ་གནས་པ་ན་ཡང་དགའ་བ་ཉི་ཚེར་མ་ཟད་དེ་མཐར་ཐུག་པར་རྟོགས་པར་དཀའ་བའི་ཕྱིར་དང་གི་སྒྲ་ [186b.4]སྨོས་སོ། །འདིར་དགེ་སློང་ནི་རབ་ཏུ་བྱུང་བའི་ཚུལ་ཁྲིམས་སོ། །དེ་ཡང་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་རྣམ་པ་གཉིས་སོ། །གང་གིས་རྒལ་དཀའ་བ་དང་། བཟོད་པར་དཀའ་བ་ཡིན་ཞེ་ན། རྣམ་པར་མ་ཤེས་པས་ཞེས་བྱ་བ་སྟེ། དངོས་པོའི་དེ་བཞིན་ཉིད་ལ་ཀུན་དུ་རྨོངས་པ་སྟེ། དེའི་ངོ་བོ་ [186b.5]དང་རྣམ་པ་ལ་སོགས་པ་མ་རྟོགས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཡིན་ཞེ་ན། སྡུག་བསྔལ་མང་པོ་དེ་དག་འབྱུང་། །ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བ་ལ་གནོད་པ་དཔག་ཏུ་མེད་པ་འབྱུང་སྟེ། ཉམས་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། གཞན་གྱི་ངོར་བལྟས་བསགས་ [186b.6]ཤིང་འཚོ་བ་དང་། །ངན་པ་བཞིན་དུ་སྐྱེ་བོས་མ་བརྩིས་ཤིང་། །གོས་ངན་ཉེ་དུ་གྲོགས་བཤེས་རབ་བྲལ་བས། །ནགས་མཐར་ལུས་བོར་བ་ཡི་དུ་བ་བཞིན། །ཞེས་བྱ་བ་ལྟ་བུའོ། །གང་དག་ཅེས་བྱ་བ་ནི་གང་དག་ལ་སྡུག་བསྔལ་བཟོད་པར་དཀའ་བ་དག་གིས་ཟིལ་གྱིས་མནན་པར་ [186b.7]གྱུར་པ་ནའོ། །ཞན་པ་ནི་རྨོངས་པ་སྟེ། ཡོན་ཏན་དང་སྐྱོན་གཉིས་ལ་རྟོག་པ་པའི་ཕྱིར་ཏེ། ཇི་སྐད་དུ། རབ་ཏུ་བྱུང་ལ་སྐྱེ་བོ་ཕལ་ཆེར་ནི། །མ་གོམས་པས་ན་རབ་ཏུ་སྐྱེ་བར་གྱུར། །འདོད་པའི་འདོད་ཆགས་ཀྱི་ནི་རྗེས་འབྲང་བས། །གཡང་ས་བཞིན་དུ་རབ་ཏུ་རྟོག་པར་ [187a] [187a.1]འགྱུར། །ཞེས་པའོ། །འགྱོད་འགྱུར་བ་ཞེས་བྱ་བ་ནི་དེ་ཉིད་ལས་ཉམས་པ་ཞེས་བྱ་བའི་དོན་ཏེ། མི་དགའ་བ་སྐྱེ་བར་འགྱུར་བ་ནི་བདག་ནི་འདི་ལྟར་ཉམ་ང་བར་གྱུར་ཏོ་ཞེས་པའོ། །དགེ་སྦྱོང་ཡོངས་སུ་བསྲུང་བས་ནི་ཤེས་རབ་གཅིག་པུ་དག་པར་མ་ཟད་ [187a.2]དེ། སེམས་ཀྱང་དུལ་བའི་རྒྱུ་ཡིན་ཏེ། ཤེས་རབ་དང་སེམས་དུལ་བ་གཉིས་ཀྱིས་ནི་དེ་དག་པ་ཕུན་སུམ་ཚོགས་པར་འགྱུར་ཏེ། དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། སྤྱོད་པ་ཇི་ལྟར་བྱ་ཞེས་བྱ་བ་སྨོས་ཏེ། རྣམ་པ་གང་གིས་འཇུག་པའོ། །གང་ལ་ཞེ་ན། དགེ་སྦྱོང་གི་ཚུལ་ཁྲིམས་ཡོངས་ [187a.3]སུ་བསྲུང་བ་ལའོ། །སེམས་ནི་བཟློག་པ་མ་བྱས་པར། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་ལོག་པ་དང་བྱ་བ་མ་ཡིན་པ་ལས་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ནི་ཞེས་བྱ་བའི་སྒྲ་ནི་གལ་ཏེ་ཞེས་བྱ་བའི་དོན་ཏེ། གལ་ཏེ་སེམས་བྱ་བ་མ་ཡིན་པ་དང་། འདོད་པའི་ཀུན་དུ་རྟོག་པ་ལ་སོགས་པའི་ [187a.4]ཚུལ་ལས་མ་བཟློག་པ་དང་། ཡང་དག་པའི་རྟོག་པ་ལ་སོགས་པ་ལ་མ་སྦྱར་བ་དེའི་ཚེ་ནི་འདི་ཇི་ལྟར་དགེ་སྦྱོང་དུ་ཁས་བླངས་པ་ཡིན་ཏེ། དགེ་སྦྱོང་གི་སྤྱོད་པ་ལ་ཇི་ལྟར་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྣམ་པར་རྟོག་པ་ལ་སོགས་པས་ཉམས་པར་བྱས་ [187a.5]ན་ཚུལ་ཁྲིམས་མ་དག་པ་ཉིད་དུ་བསྟན་ཏོ། །གལ་ཏེ་སེམས་དུལ་བ་མེད་ན་ཇི་ལྟར་དགེ་སྦྱོང་གི་སྤྱོད་པ་ནུས་པ་ཡིན་ཞེ་ན། ཡང་དང་ཡང་དུ་ཞེས་སྨོས་ཏེ། བརྩམ་ཞིང་བརྩམས་པ་ན་སྟེ་བཤགས་པ་ལ་སོགས་པའི་གནས་སྐབས་ན་ཞེས་བྱ་བའི་དོན་ཏོ། །འགྱོད་པ་ཞེས་བྱ་བ་ནི་སྐྱོ་བ་དང་མི་ [187a.6]དགའ་བར་གྱུར་བ་འབྲེལ་ན་ཇི་ལྟར་དེ་ཡང་བར་སྤྱོད་པ་ནུས་པར་འགྱུར་བའོ། །ཅིའི་ཕྱིར་དེ་ཐམས་ཅད་དུ་འགྱོད་པར་འགྱུར་ཞེ་ན། འདི་ལྟར། ཀུན་རྟོག་དབང་དུ་འགྲོ་བ་ཡི། །ཞེས་བྱ་བ་ཡིན་ཏེ། འདོད་པ་ལ་སོགས་པའི་ཀུན་དུ་རྟོག་པ་སྟེ། འདོད་པའི་རྗེས་སུ་འགྲོ་བར་གྱུར་པའོ། །ཀུན་དུ་རྟོག་ [187a.7]པ་གཞན་གྱི་དབང་དུ་གྱུར་པའི་ཕྱིར་ཉོན་མོངས་པའི་དབང་དུ་འགྲོ་བ་སྟེ། ཉོན་མོངས་པས་ནི་ཚུལ་ཁྲིམས་ཉམས་པར་བྱེད་དོ། །གང་གིས་ཤེས་པས་དགེ་སྦྱོང་གི་སེམས་དུལ་བར་མ་བྱས་པ་དེའི་ཚེ་ནི་ཉེས་པར་དགའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉེས་པར་རབ་བྱུང་ཉེས་དགའ་ [187b] [187b.1]བ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཡུལ་ན་ཡོངས་སུ་འདྲི་བ་ཞེས་བྱ་བའི་བྲམ་ཟེ་ཞིག་ཡ་མཚན་གྱིས་བརྟུལ་ཞུགས་དུ་མ་བླངས་ཤིང་རབ་ཏུ་བྱུང་བར་ཡང་བྱེད་པ་ཞིག་ཡོད་དེ། དེ་རང་གི་ཆུང་མ་བོར་ཏེ་གཞན་གྱི་ཆུང་མ་དང་སྨད་འཚོང་མ་ [187b.2]དག་ལ་ཆགས་པར་གྱུར་ཏོ། །དེའི་ཆུང་མ་ཡང་སྐྱེས་བུ་གཞན་དག་ལ་ཆགས་པས་དེའི་ནོར་ཟད་པར་བྱས་སོ། །དེ་ཡང་རྒྱན་ལ་སོགས་པ་བླངས་པ་ལས་དེས་མ་ཐོབ་པ་དང་། དེ་ཚིག་ངན་པ་སྨྲ་བར་གྱུར་ཏོ། །དེས་ཀྱང་དེ་བརྡུངས་སོ། །ཇི་ཙམ་རྒྱལ་པོ་དང་ལྷན་ཅིག་ཏུ་བཅོམ་ལྡན་ [187b.3]འདས་ཀྱི་སྤྱན་སྔར་སོང་སྟེ་ཞུས་པ། འཇིག་རྟེན་ན་ནི་ཉེས་དགའ་གང་། །ཁྱིམ་དུ་ཉེས་པར་འདུག་འདོད་གང་། །སྡུག་བསྔལ་བསྟེན་པར་འདོད་པ་གང་། །སྡུག་བསྔལ་ཉེར་སྩོགས་གང་ཞིག་ལགས། །འདི་ན་གང་ཞིག་རབ་བརྟགས་པས། །འདི་ནས་ངན་འགྲོར་འགྲོ་བ་གང་། ། [187b.4]ཞེས་ཞུས་པ་ལས། དེའི་དབང་དུ་མཛད་དེ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། དེ་ཐོས་པས་སྐྱོ་བ་སྐྱེས་ནས་རབ་ཏུ་བྱུང་སྟེ། དགྲ་བཅོམ་པར་གྱུར་ཏོ། །གཞན་དག་ནི་ཡུལ་ཡངས་པ་ཅན་གྱི་ནགས་ཆེན་པོ་ན་བ་ལང་རྫིའི་བུ་ཞིག་རབ་ཏུ་བྱུང་བ་ལ་མངོན་པར་མི་དགའ་བ་ལས་ [187b.5]བརྩམས་སོ་ཞེས་ཟེར་རོ། །ཉེས་པ་རབ་ཏུ་བྱུང་བ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཕུན་སུམ་ཚོགས་པ་དང་བྲལ་བ་སྟེ། རང་གི་ཡོན་ཏན་གྱིས་སྤངས་པའི་རབ་ཏུ་བྱུང་བ་ཞེས་བྱ་བའི་དོན་ཏོ། །དེའི་ཡོན་ཏན་ཡང་ཚུལ་བཞིན་དུ་བཟུང་བ་དང་བསྲུང་བ་དང་། མི་གཙང་བ་ལ་སོགས་པའི་ཁྱད་པར་ [187b.6]བསྐྱེད་པས་ཐར་པ་འཐོབ་པ་ཡིན་ནོ། །དེ་ལ་འདི་ནི་ཉེས་དགའ་ཞེས་བྱ་བ་ནི་རབ་ཏུ་བསྔགས་པ་ལ་མངོན་པར་དགའ་བ་དང་བྲལ་བའི་ཕྱིར་དང་། དམ་པ་རྣམས་ཀྱི་སེམས་རངས་པར་མི་བྱེད་ཅིང་ཞེས་པའི་དོན་ཏེ། རབ་ཏུ་བྱུང་བ་ཡོངས་སུ་བསྲུངས་ཤིང་མཉམ་པས་ནི་ཁྱད་པར་དུ་མངོན་པར་ [187b.7]དགའ་བ་བསྐྱེད་པའི་ཕྱིར་བདག་བཞིན་དུའོ། །ཉེས་རྩོམ་བྱེད་པ་དག་ཅེས་བྱ་བ་ནི་བརྩམ་པར་འོས་པ་ནི་བརྩམ་པར་བྱ་བ་སྟེ་ཡོངས་སུ་བསྐྱེད་པའོ། །དེ་ཡོངས་སུ་བསྐྱེད་པས་བསྒྲུབས་པར་དཀའ་བ་ནི་ཉེས་རྩོམ་བྱེད་པ་དག་ཅེས་བྱ་བ་ཡིན་ནོ། །འཇུག་པར་བྱེད་པ་ཡིན་པས་འདུག་པ་སྟེ། ཐམས་ [188a] [188a.1]ཅད་དང་ལྷན་ཅིག་ཏུ་ཡང་དག་པར་འདུག་པས་ཚུལ་ཉམས་པ་ཞེས་བྱ་བའི་དོན་ཏོ། །གང་ཡིན་ཞེ་ན། ཁྱིམ་དུ་ཞེས་བྱ་བ་སྨོས་ཏེ། ཆུང་མ་ལེན་པ་ཡིན་ནོ་ཞེས་བྱ་བའོ། །ཇི་སྐད་དུ་སྐྱེ་དགུ་ཁྱིམ་སྟེན་པར་བྱེད་པ་ནི་བུ་འཐོབ་པའི་ཕྱིར་ཆུང་མ་བསྟན་ཏེ། [188a.2]འདོད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །ངན་པར་སྤྱོད་པའི་བུད་མེད་ནི་ལྷ་རྣམས་ཀྱིས་ཀྱང་མགུ་བར་ནུས་པ་མ་ཡིན་ནོ། །ལྷག་པར་ཞེན་པ་ཡིན་པས་འདུག་པ་སྟེ། ཕ་དང་མ་དང་བུ་སྨད་ལ་སོགས་པ་དེ་དག་དང་གང་གི་ཕྱིར་རྟག་ཏུ་ཁྱིམ་ན་འདུག་པ་ཡིན་ནོ། །ཡང་ན་སྡུག་བསྔལ་ [188a.3]གྱིས་ཁྱིམ་མམ་གནས་གང་དག་ན་འདུག་ཀྱང་དེ་ནི་དེ་ཉིད་དོ། །ཉེས་དགའ་བ་ཞེས་བྱ་བ་ཡང་འདིར་སྦྱར་བར་བྱ་སྟེ། ཉེས་པའམ་སྡུག་བསྔལ་མེད་པས་གཟུང་བའི་ཁྱིམ་ནི་མེད་དོ། །སྡུག་བསྔལ་ལྷན་ཅིག་ང་རྒྱལ་ལ་སྟེན་པས་དང་ཞེས་བྱ་བ་ལ། ང་རྒྱལ་དང་བཅས་པ་ནི་ང་རྒྱལ་ [188a.4]དང་ལྷན་ཅིག་པ་སྟེ། ངར་འཛིན་པ་དེ་དང་བཅས་པའི་གནས་སྐབས་ན་ནི་ང་རྒྱལ་དང་ལྷན་ཅིག་བསྟེན་པ་ཡིན་ནོ། །དེ་དང་ལྷན་ཅིག་གནས་པས་ནི་སྡུག་བསྔལ་བར་བྱེད་པ་ཡིན་ཏེ། སྡུག་བསྔལ་བ་ནི་གདུང་བར་བྱེད་པ་ཡིན་ནོ། །ཡང་སྲིད་སྡུག་བསྔལ་སྩོགས་པར་ཟད། །ཅེས་བྱ་བ་ [188a.5]ལ། སྲིད་པ་ནི་སྐྱེ་བ་སྟེ། ལས་བསགས་པ་དེའི་འབྲས་བུའོ། །གདུང་བར་བྱེད་པའི་ཕྱིར་སྡུག་བསྔལ་ཏེ། དགེ་སློང་དག་འཁོར་བ་མངོན་པར་འགྲུབ་པ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །ངུར་སྨྲིག་གྱོན་པ་དག་ཞེས་བྱ་བ་ལ། གོས་ངུར་སྨྲིག་ནི་ [188a.6]ཚོན་གྱིས་བསྒྱུར་བའི་ཆོས་གོས་ཏེ། དེ་གྱོན་པ་གང་ཡིན་པ་དེ་ནི་ཆ་བྱད་ཙམ་འཛིན་པ་ཞེས་བྱ་བའི་དོན་ཏོ། །ཚེམ་བུ་ནི་མང་པོ་སྟེ། གང་ཞིག་ཅེ་ན། ངུར་སྨྲིག་གྱོན་པ་དག་ཅེས་བྱ་བ་སྨོས་ཏེ། འདི་ལྟར་སྡིག་པའི་ཆོས་ཅན་ཞེས་བྱ་བའོ། །འདི་དག་ལ་སྡིག་པའི་ཆོས་ཡོད་པ་ནི་ [188a.7]སྡིག་པའི་ཆོས་ཏེ་ལྟ་བ་ངན་པའོ། །ལྟ་བ་ལོག་པས་ཉམས་པར་བྱས་པ་ནི་བསམ་པ་རྒུད་པ་ཡིན་ཏེ། ཆོས་དེ་ནི་བཅོས་མ་ཉིད་དེ་ཞེས་བྱ་བའི་དོན་ཏོ། །ཡང་དག་མི་སྡོམ་ཞིང་ཞེས་བྱ་བ་ནི་ཤིན་ཏུ་མ་བསྡམས་པ་སྟེ། ལུས་དང་ངག་དང་ཡིད་རྣམས་ཀྱི་ཕོངས་པ་ཞེས་བྱ་བའི་དོན་ཏོ། ། [188b] [188b.1]ཚིགས་བཅད་ཀྱི་ཕྱེད་ཀྱིས་བདག་གི་དོན་རྒུད་པར་བསྟན་ནས། གཞན་གྱི་དོན་རྒུད་པར་བསྟན་པའི་ཕྱིར། སྡིག་ལ་དགའ་ཞེས་བྱ་བ་སྟེ། དགའ་ཞེས་བྱ་བའི་དོན་ནི་སྡིག་པའི་ཆོས་སྟོན་ཅིང་བརྗོད་པ་ཡིན་ཏེ། གཞན་དག་ལ་ལོག་པར་སྟོན་ཅིང་འཆད་པ་ཞེས་བྱ་བའི་དོན་ཏོ། །གང་ [188b.2]འདི་ནི་ཤིན་ཏུ་ཡང་སྡིག་ཆེ་བ་ཡིན་ཏེ། བདག་ཉིད་རྨོངས་པར་བྱས་ནས། གཞན་རྨོངས་པར་བྱེད་པའོ། །སྡིག་ཅན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱས་པའི་སྡིག་པའི་ལས་ཏེ། ལུས་ལ་སོགས་པས་ཉེས་པར་སྤྱོད་པ་ངན་སོང་གི་རྒྱུར་གྱུར་བས་དེ་དག་ངན་འགྲོ་ཞེས་བྱ་བའི་ [188b.3]བསྟན་པ་འདི་འམ་འཇིག་རྟེན་འདི་ནས་དེར་འགྲོ་སྟེ། ངན་སོང་དུ་འགྲོ་བ་ཡིན་ནོ། །དགེ་སྦྱོང་དུ་བསྟན་པའི་རྒྱུ་ཚུལ་ཁྲིམས་ཉམས་པ་ལས་འཇིག་རྟེན་གཉི་གར་ཕོངས་པར་འགྱུར་བའི་ཕྱིར་སྨྲས་པ། སཱ་ལུའི་ཤིང་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ངང་ཚུལ་ངན་པ་ཞེས་བྱ་བའི་ [188b.4]གྲོང་དཔོན་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་གང་ལ་ལས་ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་པས་དེའི་འགྲོ་བ་ཅིར་འགྱུར་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གྲོང་དཔོན་འདི་ལ་གཅིག་ཏུ་ཚུལ་ཁྲིམས་ཉམས་པས་སྲོག་གཅོད་པར་འགྱུར་ན་ [188b.5]དམྱལ་བར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་བསྟན་ཏེ་འདི་གསུངས་སོ། །གང་ཞིག་ཅེས་བྱ་བ་ནི་གང་ལ་ལའོ། །ཤིན་ཏུ་ཚུལ་ཁྲིམས་འཆལ་ཞེས་བྱ་བ་ནི་རབ་ཏུ་སྡིག་པའི་ཚུལ་ཅན་ཏེ། ལྟུང་བ་ཐ་མ་སྤྱད་པས་ཚུལ་ཁྲིམས་ཉམས་པས་ཀུན་དུ་གནས་ཞེས་བྱ་བའི་དོན་ཏོ། །ཇི་ [188b.6]ལྟ་བུ་ཡིན་ཞེ་ན། སཱ་ལའི་ཤིང་ལ་འཁྲི་ཤིང་ལྟར། །ཞེས་བྱ་བ་ལྟ་བུ་སྟེ། དཔེར་ན་སཱ་ལའི་ཤིང་ལ་འཁྲི་ཤིང་ལྕུག་མ་དག་གིས་ཀུན་ནས་འཁྱུད་པ་དེ་བཞིན་དུ་ལུས་ལ་སོགས་པའི་ཉེས་པར་སྤྱོད་པའི་བདག་ཉིད་དཔག་ཏུ་མེད་པའི་ཚུལ་ཁྲིམས་འཆལ་པས་བདག་ཉིད་ཀུན་དུ་ཉམས་པར་ [188b.7]བྱས་པའོ། །དེ་ནི་དེ་ལྟར་བདག་ལ་བྱེད། །ཅེས་བྱ་བ་ནི་ཤིན་ཏུ་ཚུལ་ཁྲིམས་འཆལ་པའི་གང་ཟག་དེ་ནི་རྣམ་པ་དེ་ལྟར་བདག་ལ་སྒྲུབ་པར་བྱེད་དེ། དམྱལ་བ་ལ་སོགས་པའི་ཕུང་པོར་མངོན་པར་འགྲུབ་པར་བྱེད་དོ། །ཇི་ལྟར་དགྲ་བཞིན་བྱེད་པར་འདོད། །ཅེས་བྱ་བ་ནི་འདི་ནི་བདག་ལ་ [189a] [189a.1]སྡང་ཞིང་མི་དགའ་བ་སྟེ། མི་བདེ་བ་དང་སྡུག་བསྔལ་ལ་སྦྱོར་ཞིང་ཕྲད་པར་བྱེད་པར་འདོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་འཆལ་པའི་གང་ཟག་ཀྱང་བདག་ལ་མ་བྱེད་པར་འདོད་དོ། །འདི་ནི་འདི་ལྟར་མཚོན་པ་ཡིན་ཏེ། ཇི་ལྟར་ཡང་བདག་ཉིད་ལ་བདེ་བ་ལ་སོགས་པའི་ [189a.2]ཁྱད་པར་ལ་སྦྱོར་བ་ནི་མི་འདོད་ཀྱི། སྡུག་བསྔལ་ལ་སོགས་པའི་ཁྱད་པར་ལ་ནི་སྦྱོར་བར་འདོད་པ་ཡིན་ནོ། །དེའི་ཕྱིར་དགེ་སྦྱོང་གི་དམ་བཅས་པའི་ཚུལ་ཉམས་པ་ལས་ནི་འཇིག་རྟེན་འདིར་གྲགས་པ་མ་ཡིན་པ་དང་། ཕ་རོལ་ཏུ་བདག་ཉིད་སྡུག་བསྔལ་ལ་སྦྱོར་བ་ཡིན་ནོ། །ཚུལ་ཁྲིམས་ལ་ [189a.3]སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་ལ་ནི་རྒན་རབས་ཞེས་བྱའི། དགེ་སྦྱོང་གང་ཡང་རུང་བ་ནི་རྒན་རབས་མ་ཡིན་ཏེ། དོན་དམ་པར་ནི་རིགས་ལ་སོགས་པ་རྒན་རབས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། མགོ་བོ་སྐྱེ་བོར་གྱུར་བར་དུ། །ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ [189a.4]ཡུལ་བེ་ར་ཏྱའི་བི་ར་ཏི་ན་ཌེ་ར་བི་ཙུ་མན་དའི་རྩ་བ་ན་བཞུགས་ཏེ། དེ་ནས་ཡུལ་བེ་ར་ཏྱའི་བྲམ་ཟེ་ལོ་བརྒྱ་ཉི་ཤུ་ལོན་པ། རྒས་ཤིང་འཁོགས་པས་གཟིར་བ་ཞིག་གིས་བཅོམ་ལྡན་འདས་ཀྱི་ཆོས་གོས་ཀྱི་གྲྭ་ལས་བཟུང་སྟེ་གསོལ་བ། ཀྱེ་གཽ་ཏ་མ་ཁྱེད་ཤིན་ཏུ་རྒན་པ་དག་མཐོང་ན་ཅིའི་ཕྱིར་གུས་ [189a.5]པར་སྨྲས་པ་དང་། ཕྱག་བཙལ་བ་དང་། སྟན་ལས་ལྡང་ཞིང་སྟན་བསྟབ་པ་ལ་སོགས་པ་མི་བྱེད་ཅེས་གསོལ་བ་དང་། ངས་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་བྲམ་ཟེ་དེ་ལྟ་བུ་ཡང་དག་པར་མ་མཐོང་བས་སོ་ཞེས་རྒྱ་ཆེར་རོ། །གཽ་ཏ་མ་དེ་ནི་རོ་མེད་པའོ། །གང་གིས་བྲམ་ཟེའི་གྲངས་ནི་ཡོད་ [189a.6]དེ། ང་ནི་རོ་མེད་པ་མ་ཡིན་ཏེ། གཟུགས་དང་འདོད་པའི་ཡོན་ཏན་སྤངས་པ་ཉེ་བར་ལོངས་སྤྱོད་སྤྱོད་པ་མེད་པ་དང་། དེ་བཞིན་དུ་མངལ་དུ་འཇུག་པ་མེད་པ་དང་། ཡང་སྲིད་པའི་ཕུང་པོ་སྤངས་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན་བྲམ་ཟེ་ཁྱིམ་བྱའི་སྒོ་ང་རྣམས་སྐྱེ་བར་གྱུར་པ་ཇི་སྙེད་པ་ལ་ཇི་སྙམ་ [189a.7]དུ་སེམས། བྲམ་ཟེ་གང་ཁྱིམ་བྱའི་ཕྲུག་པ་དེ་རྣམས་ལས་དང་པོར་མཆུ་འམ་རྐང་པའི་སེན་མོའི་སྒོ་ངའི་སྦུབས་དྲལ་ཅིང་ཐོག་མར་བྱུང་བ་དེ་ལ་ཇི་སྐད་དུ་བརྗོད་པར་བྱ། ཀྱེ་གཽ་ཏ་མ་དེ་ནི་རྒན་རབས་ཞེས་བྱའོ། །དེ་བཞིན་དུ་ང་ཡང་དེ་རྣམས་ཀྱི་ནང་ན་མ་རིག་པའི་སྒོ་ངའི་སྦུབས་དྲལ་ནས་བྱུང་བ་ཡིན་ [189b] [189b.1]ཏེ་དེ་བས་ན་ང་ནི་ལུས་ཅན་ཐམས་ཅད་ཀྱི་རྒན་རབས་ཡིན་ནོ་ཞེས་པ་ནས། ཇི་སྲིད་དུ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །གཞན་དག་ནི་ཉེ་དགའ་རྒན་པོ་དག་དང་ལྷན་ཅིག་འདུག་ཅིང་ཚུལ་མཉམ་ལ་འཕྱ་བ་བཞིན་དུ་སྟོན་པ་ལས་སོ་ཞེས་ཟེར་རོ། །གཞན་དག་ནི་རྒན་རབས་ནི་ [189b.2]གསུམ་སྟེ། རིགས་ཀྱི་རྒན་རབས་དང་། ཀུན་རྫོབ་ཀྱི་རྒན་རབས་དང་། ཆོས་ཉིད་ཀྱི་རྒན་རབས་ལས་ཐ་མ་ཉིད་ལས་བརྩམས་སོ་ཞེས་ཟེར་རོ། །རྒན་རབས་ནི་རྒན་པར་གྱུར་བའོ། །ད་དུང་མ་ཆུད་པ་ཞེས་བྱ་བ་ནི་དེ་ཙམ་གྱི་རྒྱུས་མི་འགྱུར་བའོ། །གྱུར་བར་དུ་ཞེས་བྱ་བ་ནི་དེ་ཙམ་གྱི་མཚན་ [189b.3]མས་སོ། །མགོ་བོ་སྐྱ་བོ་ནི་མགོའི་སྐྲ་དཀར་བ་སྟེ། གང་གི་ཕྱིར་འདིའི་སྐྲ་དཀར་བས་ན་རྒན་རབས་ཡིན་ནོ་ཞེས་བྱ་བ་དེ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་ཙམ་ན་རྒན་རབས་མ་ཡིན་ན་ཅི་བྱེད་བྱིས་པ་ཡིན་ནམ་ཞེ་ན། དེ་ནི་རྒན་བླུན་ཞེས་བྱའོ། །ཞེས་བྱ་བ་ཡིན་ཏེ། ཅིའི་ཕྱིར་དེ་ [189b.4]ལྟར་བརྗོད་པར་བྱ་ཞེ་ན། དེའི་རྒྱུ་བསྟན་པའི་ཕྱིར། དེ་ནི་ལང་ཚོ་གཏུགས་པ་སྟེ། །ཞེས་བྱ་བ་དུས་ལ་ལྟོས་པའི་ལུས་ཀྱི་གནས་སྐབས་ཀྱི་ན་ཚོད་ནི་ལང་ཚོ་སྟེ། འདིར་ལང་ཚོ་འདི་ཉིད་ཡོངས་སུ་སྨིན་ཅིང་གྱུར་པ་ནི་གཏུགས་པ་སྟེ། འདིའི་ལས་ལ་སོགས་པ་ནི་ནུས་པ་ཉམས་པར་གྱུར་ [189b.5]པའོ། །དེ་ནི་རྒན་བླུན་ཞེས་བྱའོ། །ཞེས་བྱ་བ་བརྗོད་དེ། བླུན་པས་རྒ་བ་བཅོམ་པ་ཡིན་ཏེ། རྒས་པས་དོན་མེད་པར་གྱུར་པའོ། །གང་གི་ཕྱིར་ཡོན་ཏན་བསྒྲུབས་པ་དེས་བུནི་དོན་དང་བཅས་པའི་རྒན་པའོ། །ཡང་ན་བླུན་པས་བཅོམ་པ་སྟེ། བྱ་བ་ངན་པས་ནུས་པ་དང་བྲལ་བ་ཞེས་བྱ་བའི་ [189b.6]དོན་ཏོ། །འདི་ཉིད་ཀྱིས་ནི་རིགས་དང་གཟུགས་དང་འབྱོར་པ་ལ་སོགས་པའི་ཁྱད་པར་གྱིས་འཇིག་རྟེན་ན་ཀུན་རྫོབ་ཏུ་རྒན་རབས་ཞེས་བརྗོད་པ་ཡང་དགག་པ་ཡིན་ནོ། །ཐུབ་པ་མེད་པའི་ཕྱིར་དང་། ཡོན་ཏན་གྱི་རང་བཞིན་མ་ཡིན་པའི་ཕྱིར་ཏེ། དེ་ལ་འདིས་ནི་གཞན་རིགས་ཀྱི་རྒན་རབས་སུ་ [189b.7]འདོད་པ་ཡང་དགག་པ་ཡིན་ནོ། །ཆོས་ཉིད་ཀྱི་རྒན་རབས་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཞིག་དགེ་དང་ཞེས་བྱ་བ་ནི་བདེ་བའི་འབྲས་བུའི་ལས་སོ། །སྡིག་པ་དག་ཅེས་བྱ་བ་ནི་དོན་སྡིག་སྡུག་བསྔལ་གྱི་འབྲས་བུ་ལས་སོ། །སྤངས་ཤིང་ཞེས་བྱ་བ་ནི་རྗེས་སུ་ [190a] [190a.1]མཐུན་པ་རབ་ཏུ་དོར་བའོ། །འདིར་འཕགས་པའི་ལམ་ཉིད་ནི་སྡེགཉེན་པོ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཚངས་པར་སྤྱོད་པ་དང་ཞེས་བྱ་བ་སྟེ། ཚངས་པའི་འབྲས་བུའི་ཕྱིར་སྤྱོད་པ་ནི་མྱ་ངན་ལས་འདས་པའི་འབྲས་བུ་ལས་ནན་ཏན་དུ་བྱེད་པ་སྟེ། འཕགས་པའི་ [190a.2]ལམ་ཞེས་བྱ་བའི་དོན་ཏོ། །ཚངས་པར་སྤྱོད་པས་དགའ་བ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་ཏེ། དེ་གང་ལ་ཡོད་པ་དེ་ནི་ཚངས་པར་སྤྱོད་ལྡན་ནོ། །ཅི་ཕྲ་རྒྱས་ཐམས་ཅད་སྤངས་པར་བྱས་ཤིང་མྱ་ངན་ལས་འདས་པར་གྱུར་པ་ཙམ་གྱིས་ཀྱང་རྒན་རབས་ཞེས་བྱ་བའི་མིང་དུ་བརྗོད་དམ་ཞེ་ན་སྨྲས་པ། ཡང་ [190a.3]གང་གི་ཚེ། སྡེ་ཚོགས་སྤངས་ནས་ཞེས་བྱ་བ་སྨོས་ཏེ། ཚོགས་དང་འབྲེལ་པ་ནི་སྡེ་ཉིད་དུ་བྱེད་པ་སྟེ། སྡེ་ནི་ཕུང་པོ་དང་འབྲེལ་པ་ཡིན་ནོ། །དེ་སྤངས་པ་ནི་སྡེ་ཚོགས་སྤངས་པ་སྟེ། ཡང་སྲིད་པའི་ཕུང་པོ་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེར་སྐྱེ་བ་མེད་པ་ནི་ཀུན་དུ་སྦྱོར་བ་སྤངས་པའི་ཕྱིར་རོ། །མི་ [190a.4]སློབ་པའི་ལམ་ལ་གནས་པར་བྱས་ནས་གཞན་གྱི་དོན་བྱེད་པའི་གནས་སྐབས་དེ་ནི་རྒན་རབས་ཀྱི་སྒྲར་བརྗོད་པའི་ཕྱིར། དེ་ནི་རྒན་རབས་ཞེས་བྱའོ་ཞེས་པ་སྟེ། དེ་ཉིད་དོན་དམ་པར་རྒན་རབས་ཡིན་ཏེ། བདག་དང་གཞན་གྱི་རྒྱུད་ལ་ཕན་པར་བྱེད་པའི་ཕྱིར་རོ་ཞེས་བྱའོ་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་ [190a.5]བཤད་དོ། །ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་ནི་དགེ་སྦྱོང་ཡིན་གྱི། ཆ་བྱད་ཙམ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བརྟུལ་ཞུགས་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་དབྱིག་པ་ཅན་ཡུལ་ལྡ་ལེན་ན་གནས་པའི་རྒྱས་པ་དང་། རོ་ཧི་ཏ་ཀ་ཞེས་བྱ་བའི་བྲམ་ཟེས་ [190a.6]བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་ཁྱོད་ལ་དྲི་སྟེ། བཙུན་པ་ཇི་སྲིད་དུ་ཆ་བྱད་བླངས་པ་ཙམ་གྱིས་དགེ་སྦྱོང་དང་བྲམ་ཟེར་འགྱུར་རམ། དེའི་ཕྱིར་བཙུན་པ་ལྷོ་ཕྱོགས་ཀྱི་ཡུལ་ལྔ་ལེན་ན། དགེ་སློང་རབ་ཏུ་མང་པོ་དང་བྲམ་ཟེ་རབ་ཏུ་མང་པོ་ཆ་བྱད་འཛིན་པ་མཆིས་ཤིང་ཚུལ་ [190a.7]ཁྲིམས་འཆལ་ལ་སྡིག་པ་སྤྱོད་པ་ཞེས་རྒྱ་ཆེར་ཏེ། དེའི་ཆེད་དུ་ཚིགས་སུ་བཅད་པ་གསུམ་པོ་འདི་གསུངས་སོ། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །ཞེས་བྱ་བ་ནི་སྐྲ་དང་ཁ་སྤུ་བྲེགས་པ་ཙམ་དེ་ནི་ཀུན་རྫོབ་ཏུ་ཡང་དགེ་སྦྱོང་དུ་མི་འགྱུར་ཏེ་རྩིག་པ་ལ་བྲིས་པའི་མར་མེ་ལྟ་བུའོ། །ཅིའི་ [190b] [190b.1]ཕྱིར་ཞེ་ན། བརྟུལ་ཞུགས་མེད་ཅིང་ཞེས་བྱ་བ་སྨོས་ཏེ། བརྟུལ་ཞུགས་ཡོད་པ་མ་ཡིན་པ་སྟེ། འདི་ལ་སོ་སོར་ཐར་པའི་ཚུལ་ཁྲིམས་ཐོག་མར་གཟུང་བ་ལ་སོགས་པས་དེ་མ་བསྐྱེད་པའི་ཕྱིར་རོ། །ཅིང་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། དགེ་སློང་ནི་འདིར་ཚུལ་ཁྲིམས་དང་ལྡན་ [190b.2]པ་ཡིན་ནོ་ཞེས་པའི་ཚིག་གིས་སོ། །ཇི་ལྟར་ཚུལ་ཁྲིམས་ལེགས་པར་མི་འཛིན་པར་འགྱུར་བའི་རྒྱུ་སྨྲས་པ། དེ་གཅིག་པུར་མ་ཟད་དེ། དེ་ལས་གཞན་པའི་ཚུལ་ཁྲིམས་ཀྱིས་ཀྱང་དགེ་སྦྱོང་མཚོན་པ་ཡིན་ཏེ། བདེན་པར་སྨྲས་པ་ལ་སོགས་པས་སོ། །རབ་ཏུ་བྱུང་བ་ནི་བདེན་པ་ལ་དགོངས་ [190b.3]པ་ཡིན་ནོ་ཞེས་པའི་ཚིག་གིས་ཏེ། དེ་ཉིད་སྨྲས་པ། བརྫུན་སྨྲ་ན་ཞེས་བྱ་བ་སྟེ། བརྫུན་པ་དང་མི་བདེན་པ་སྨྲ་བ་སྟེ། གང་གིས་སོ་སོར་ཐར་པའི་ཚུལ་ཁྲིམས་ཚུལ་བཞིན་དུ་བླངས་པ་ཡང་ངག་གིས་ཡང་དག་པར་བསྡམས་པ་མ་ཡིན་པའོ། །དེས་ན་དེ་ནི་ཀུན་རྫོབ་ཏུ་ཡང་དགེ་སྦྱོང་མ་ཡིན་ [190b.4]ནོ། །རབ་ཏུ་བྱུང་བར་གྱུར་ནས་ཇི་ལྟར་བརྫུན་སྨྲ་བ་ཡིན་ཞེ་ན། རྨོངས་པ་འདོད་ལ་ཞུགས་པ་དག །ཅེས་བྱ་བ་ཡིན་ཏེ། སྲིད་པ་དང་མ་རིག་པ་གཉིས་ཀྱིས་བསྐུལ་བའི་ལྟ་བ་དེ་ཉིད་ལ་དམིགས་པའོ། །ཇི་ག་དགེ་སྦྱོང་ཡིན་ནམ་ཀྱེ། །ཞེས་བྱ་བ་ནི་མ་ཞི་བ་དེ་ཉིད་ནི་ནམ་ཡང་དགེ་སྦྱོང་དུ་མི་ [190b.5]འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བཤད་པ་ཚུལ་ཁྲིམས་དང་བདེན་པ་དང་བྲལ་བ་ལ་ནི་ཀུན་རྫོབ་ཏུ་ཡང་དགེ་སྦྱོང་ཞེས་བྱ་བའི་གདགས་པ་མེད་པར་འགྱུར་ཏེ། དེ་གཉི་ག་དང་ལྡན་ན་ནི་དགེ་སྦྱོང་དུ་འགྱུར་རོ། །དེ་ལྟ་ན་དོན་དམ་པའི་དགེ་སྦྱོང་གང་ཡིན་ཞེ་ན། སྨྲས་པ། འཕགས་པའི་ [190b.6]གང་ཟག་རྣམ་པ་གཉིས་ཏེ། ཉོན་མོངས་པའི་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའོ། །དེ་ལ་ཉོན་མོངས་པའི་ལྷག་མ་དང་བཅས་པའི་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་བདུན་ལས་བརྩམས་པ་སྟེ་ཚིགས་སུ་བཅད་པ་གཅིག་གོ། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །ཞེས་བྱ་བ་ [190b.7]ནི་ངེས་པར་བརྟགས་པའི་དོན་ཏོ། །གང་གི་སྡིག་པ་ཞི་གྱུར་ཏེ། །ཞེས་བྱ་བ་ནི་གང་གི་རྒྱུད་ལ་མཐོང་བའི་ལམ་གྱི་མཐུས་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་ངན་སོང་གི་རྒྱུ་དང་བྲལ་བའོ། །དེ་ནི། མཁས་པས་དགེ་སྦྱོང་ཡིན་པར་ཤེས། །ཞེས་བྱ་བ་ནི་གང་ཟག་དེ་ནི་དོན་དམ་པར་སངས་ [191a] [191a.1]རྒྱས་ཀྱི་དགེ་སྦྱོང་ཡིན་ནོ་ཞེས་ཤེས་ཤིང་ཁོང་དུ་ཆུད་པར་བྱའོ། །ཉོན་མོངས་པའི་ལྷག་མ་མེད་པ་ལས་བརྩམས་ཏེ། གང་དག་སྡིག་པ་ཆེ་ཕྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡིག་པ་ཞི་བ་དེ་དག་ནི། །ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སྡིག་པ་སྤངས་ [191a.2]ཤིང་བོར་བའོ། །དེ་གང་ཞེ་ན། ཆེ་ཕྲ་དག་ཅེས་བྱ་བ་སྟེ། ཁམས་གསུམ་གྱི་བསྒོམ་པས་སྤང་བར་བྱ་བའི་ཕྲ་རྒྱས་སོ། །ཀུན་ལ་ཞེས་བྱ་བ་ནི་མཐའ་དག་སྟེ། ས་ཐམས་ཅད་ཀྱི་རྣམ་པ་སྤངས་པའི་ཕྱིར་རོ། །ཡང་ན་ཆུང་ངུ་ལ་སོགས་པའོ། །དེའི་ཕྱིར་ཡང་སྡིག་པ་བརྟགས་ནས་སྤངས་པའི་ [191a.3]ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་མཐའ་དག་སྤངས་པའི་རྒྱུས་དགེ་སྦྱོང་ཉིད་ཅེས་བརྗོད་པར་བྱ་ཞིང་དེ་ཉིད་ཡོངས་སུ་རྫོགས་པའི་དགེ་སྦྱོང་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །གལ་ཏེ་དགེ་སྦྱོང་གི་རྣམ་གྲངས་བྲམ་ཟེ་ལ་སོགས་པར་ཅིའི་ཕྱིར་བརྗོད་ཅེ་ན། སྡིག་པ་སྤངས་པ་ཞེས་བྱ་བ་ [191a.4]ལ་སོགས་པ་སྨོས་སོ། །བྲམ་ཟེ་མེ་སྦྱིན་གྱིས་བཅོམ་ལྡན་འདས་ལ་ཞུས་པ། ཇི་ལྟ་བུ་ནི་བྲམ་ཟེ་ལགས། །དགེ་སྦྱོང་དག་ནི་ཇི་ལྟ་བུ། །རབ་ཏུ་བྱུང་བ་ཅི་ཞིག་ལགས། །དེ་ནི་བདག་ལ་བཀའ་སྩལ་གསོལ། །ཞེས་པ་དང་། དེས་ན་ཚིགས་སུ་བཅད་པ་འདི་གསུངས་སོ། །སྤངས་པ་ནི་ [191a.5]གང་གིས་སྤངས་པ་བཅོམ་པ་སྟེ། གང་གིས་སྡིག་པ་དེ་བཅོམ་པར་གྱུར་པ་ཉིད་ནི་ཉོན་མོངས་པ་ཐམས་ཅད་ཐག་རིང་དུ་སྤངས་པ་སྟེ། སྡིག་པ་ལ་དགའ་བའམ། འདོད་པ་ལ་དགའ་བའི་སེམས་སྤངས་པ་ནི་བྲམ་ཟེ་ཡིན་གྱི་ཚངས་པའི་སྐུད་པ་གདགས་པ་ཙམ་གྱིས་ནི་མ་ཡིན་ནོ། །ཞི་བར་ [191a.6]སྤྱོད་པ་ཞེས་བྱ་བས་ནི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བ་དེའི་ཕྱིར་སྤྱོད་པ་སྟེ། སྙིང་རྗེ་གདུང་བའི་བློས་སེམས་ཅན་གྱི་དོན་དང་བདག་གི་དོན་གང་བྱེད་པ་དེ་ཉིད་ནི་དོན་དམ་པའི་དགེ་སྦྱོང་དང་ཞི་བར་སྤྱོད་པ་ཞེས་བྱའོ། །བདག་གི་དྲི་མ་རབ་སྤངས་པ། །ཞེས་བྱ་བ་ནི་གང་གི་ཕྱིར་སེམས་ཀྱི་ [191a.7]ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པའི་དྲི་མ་བསལ་ཅིང་སྤངས་པ་དེས་རབ་ཏུ་བྱུང་བ་ཞེས་བྱའི། ཁྱིམ་གྱི་གནས་ཡོངས་སུ་བཏང་བ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །དགེ་སྦྱོང་གི་ཚོམས་ཏེ་བཅུ་གཅིག་པའི་རྣམ་པར་འགྲེལ་བ་རྫོགས་སོ།། །།དོན་དམ་ [191b] [191b.1]པའི་དགེ་སྦྱོང་ནི་འཕགས་པའི་ལམ་ལ་རག་ལས་པ་ཡིན་པའི་ཕྱིར་དེའི་འོག་ཏུ་ལམ་གྱི་ཚོམས་རྟོགས་པར་བྱ་བའི་ཕྱིར་བསྟན་ཏེ། གང་ཚེ་འཕགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཕགས་པའི་དགེ་སྦྱོང་གི་འཕགས་པའི་བདེན་པ་ནི་བཞིའོ་ཞེས་མདོ་ལས་གསུངས་ནས་ཚིགས་སུ་ [191b.2]བཅད་པ་གསུམ་པོ་འདི་བཀའ་སྩལ་ཏོ། །ཟག་པ་མེད་པའི་ལམ་འཐོབ་པའི་འཕགས་པ་དེའི་བདེན་པ་སྟེ། དེ་ཉིད་ཀྱིས་སྡུག་བསྔལ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་ཏེ། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་ལ་ཞུགས་པས་ནི་མ་ཡིན་ཏེ། དེས་ནི་ཕྱིན་ཅི་ལོག་ཏུ་གཟུང་བའི་ཕྱིར་རོ། ། [191b.3]བཞི་ཞེས་བྱ་བའི་གྲངས་འདི་བསྟན་པ་ནི་བླང་བ་དང་དོར་བར་བྱ་བ་ཉིད་ཀྱི་ཐབས་དང་བཅས་པ་ཁོང་ནས་རྟོགས་པའི་ཕྱིར་རྣམ་པར་གྲོལ་བ་ཐོབ་པ་ཡིན་གྱི། སྲིན་བུ་ལ་སོགས་པའི་གྲངས་ཀྱིས་ནི་མ་ཡིན་ནོ། །དེ་དག་ཀྱང་སྡུག་བསྔལ་དང་། ཀུན་འབྱུང་བ་དང་འགོག་པ་དང་ལམ་མོ། །དེ་ལ་ [191b.4]སྡུག་བསྔལ་ནི་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་ཉིད་ཀྱི་རྒྱུར་གྱུར་པ་ནི་ཀུན་དུ་འབྱུང་བའོ། །འགོག་པ་ནི་ཐར་པའོ། །ལམ་ནི་ཡན་ལག་བརྒྱད་དོ། །འདི་དག་ནི་མངོན་པར་རྟོགས་པའི་རིམ་པ་སྟེ། ཐོག་མར་ནད་མཐོང་ཞིང་དེའི་ནད་གཞི་དང་། ནད་མེད་པ་དང་། སྨན་སྟོན་པ་ [191b.5]བཞིན་ནོ། །མཐོང་བ་ནི་སོ་སོར་རྟོགས་པ་སྟེ། ཤེས་རབ་ཀྱིས་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་དེ་དང་པོ་བསྐྱེད་པའི་ཕྱིར་རོ། །གང་ཚེ་ནི་དུས་གང་གི་ཚེ་སྟེ། ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་གནས་སྐབས་ན་ཞེས་བྱ་བའི་དོན་ཏོ། །མཐོང་བའི་ལམ་གྱི་འབྲས་བུ་བསྟན་པའི་ཕྱིར་ [191b.6]སྨྲས་པ། ལམ་འདི་རབ་ཏུ་ཤེས་པ་ཡིས། །ཞེས་བྱ་བ་སྟེ། དེའི་ཚེ་འདིའི་རྣལ་འབྱོར་གྱིས་བསྒོམ་པའི་ལམ་ཐོབ་པ་ཡིན་ཏེ། སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ནི་བསྒོམ་པའི་ལམ་ཡིན་པའི་ཕྱིར་དེས་ན་ཡང་དེའི་འོག་ཏུ་རྟོགས་པའི་ཕྱིར་རོ། །ལམ་གྱི་ཁྱད་པར་ནི། སྲིད་པའི་སྲེད་པ་རབ་ཏུ་ [191b.7]འདྲལ། །ཞེས་བྱ་བ་སྨོས་ཏེ། སྲིད་པའི་སྲེད་པ་སྟེ་སྲེད་པ་ནི་རྣམ་པ་གསུམ་མོ་ཞེས་བྱ་བའི་ཚིག་གིས་སོ། །དེ་རབ་ཏུ་འདྲལ་བ་ནི་སྤངས་པ་སྟེ། གང་གིས་བདེན་པ་མཐོང་བ་ལ་རག་ལས་པ་ཡིན་པས་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའོ། །བདེན་པ་མཐོང་བ་ལ་གཟུད་པའི་ [192a] [192a.1]ཕྱིར་འདི་གསུངས་སོ། །བདེན་པ་མཐོང་བའི་ཕན་ཡོན་འཇིག་རྟེན་ལས་འདས་པ་བསྟན་ནས། འཇིག་རྟེན་པའི་བསྟན་པའི་ཕྱིར་སྨྲས་པ། བསླང་བ་ནི་གཏོར་བའོ། །རླུང་གི་ཞེས་བྱ་བ་ནི་རླུང་མར་གྱི་ཞུགས་ཀྱིས་སོ། །རྡུལ་ནི་ས་རྡུལ་ལོ། །དཔེར་ན་ཞེས་བྱ་བ་ [192a.2]ནི་དཔེས་འཇལ་བའོ། །ཆར་པ་བབ་པས་ཞི་བྱེད་ལྟར། །ཞེས་བྱ་བ་ནི་སྤྲིན་ལས་ཆར་གྱི་རྒྱུན་འོག་ཏུ་འབབ་ན་ཞི་བར་བྱེད་པ་དེ་བཞིན་དུའོ། །ཀུན་རྟོག་ཞི་བར་འགྱུར་ཞེས་བྱ་བ་ནི་དེ་ལྟར་སོ་སོའི་སྐྱེ་བོའི་སེམས་ལ་ངན་སོང་གི་སྡུག་བསྔལ་གྱི་འབྲས་བུ་བསགས་པའམ་འདོད་པ་ལ་སོགས་པའི་ [192a.3]རྣམ་པར་རྟོག་པ་ཞི་བར་འགྱུར་རོ། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །ཞེས་བྱ་བ་ནི་གང་གི་གནས་སྐབས་ན་མཐོང་བའི་ལམ་གྱིས་བདེན་པ་རྟོགས་པ་དེའི་ཚེ་ན་རགས་པ་དང་རྟོགས་པ་ངན་པ་སྤངས་པའི་ཕྱིར་རོ། །མཐོང་བའི་ལམ་གྱི་རྒྱུ་སྨྲས་པ། །ཤེས་རབ་དེ་ནི་གཙོ་བོ་ཡིན། །ཞེས་བྱ་བ་ [192a.4]སྟེ། གང་ངེས་པར་འབྱེད་པར་འགྱུར་བའི་ཤེས་རབ་དེ་ཉིད་འཇིག་རྟེན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏེ། འཕགས་པའི་ལམ་འཐོབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར་ནི་ཞེས་བྱ་བའི་སྒྲ་སྨྲས་སོ། །འཇིག་རྟེན་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ཡིན་ཏེ། དེས་ [192a.5]ལས་ཆེས་གཙོ་བོར་གྱུར་པ་ཡིན་ནོ། །དེ་ནི་ངེས་འབྱེད་འགྱུར་བ་ཡིན། །ཞེས་བྱ་བ་ནི་ངེས་པར་འབྱེད་པ་ཡིན་པས་ངེས་འབྱེད་དེ། མཐོང་བའི་ལམ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་ངེས་པར་འབྱེད་པར་འགྱུར་ཏེ། མཐོང་བའི་ལམ་རྟོགས་པར་བྱེད་པ་དང་། འཐོབ་པར་བྱེད་པ་དང་ [192a.6]འདྲེན་པར་བྱེད་པ་སྟེ། འདི་ལྟ་བུའི་ཚུལ་ནི་དྲོ་བར་གྱུར་པ་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་བཞིའམ། ཆོས་ཀྱི་མཆོག་སྟེ་གང་ཞེ་ན། གང་གིས་ལེགས་པར་རྟོགས་པ་ཡིས། །ཞེས་བྱ་བ་སྨོས་ཏེ། ངེས་པར་འབྱེད་པའི་ཤེས་རབ་ཀྱི་རྒྱུར་འགྱུར་བ་གང་གིས་མི་རྟག་པ་ [192a.7]ལ་སོགས་པ་ཕྱིན་ཅི་མ་ལོག་པ་ཉིད་དུ་རྣལ་འབྱོར་དེས་རྟོག་པ་དེ་ནི་ངེས་པར་འབྱེད་པར་འགྱུར་བར་ཤེས་པར་བྱའོ། །དེ་ལས་ནི་དྲོ་བར་གྱུར་པ་འབྱུང་ངོ་། །དེ་ལས་ནི་བདེན་པ་བཞིའི་སྤྱོད་ཡུལ་བཅུ་དྲུག་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །ཅི་ཞིག་རྟོག་པར་འགྱུར་བ་ [192b] [192b.1]ཡིན་ཞེ་ན། སྐྱེ་ཤི་ལེགས་པར་ཟད་འགྱུར་ཞིང་། །ཞེས་བྱ་བ་སྟེ། སྐྱེ་བ་དང་ཤི་བ་ནི་སྐྱེ་ཤི་སྟེ། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉི་ག་སྟེ། ཉེ་བར་ལེན་པའི་ཕུང་པོའི་བདག་ཉིད་ཡིན་པའི་ཕྱིར་དེ་ནི་སྐྱེ་ཤིའི་རྣམ་གྲངས་ཡིན་ནོ། །ཟད་འགྱུར་ཞིང་ཞེས་བྱ་བ་ནི་འགོག་པ་དང་ [192b.2]ལམ་གཉིས་བསྟན་པ་ཡིན་ཏེ། ཟད་པ་དང་ཀུན་དུ་ཟད་པ་ནི་འགོག་པའོ། །འདིས་ཟད་པར་བྱེད་པས་ན་ཟད་པར་འགྱུར་བ་སྟེ་ལམ་མོ། །སྐྱེ་ཤི་དང་ཟད་པར་འགྱུར་བ་ནི། ཟླས་དབྱེ་བ་གཅིག་ཏུ་བསྡུས་པ་སྟེ། དེས་ན་འཕགས་པའི་བདེན་པ་བཞི་ཞེས་བྱ་བའི་དོན་ཏོ། །གང་དེའི་དབང་གིས་ [192b.3]བདེན་པ་མངོན་པར་རྟོགས་པར་འགྱུར་བ་ནི་དེ་ལས་གཞན་པའི་འཇིག་རྟེན་པའི་ཤེས་པ་ལ་ནུས་པ་མེད་དོ། །དེས་པར་འབྱེད་པའི་ཆ་ཉིད་ནི་འཕགས་པའི་ལམ་དང་འདྲ་ཞིང་མཉམ་པའི་རྣམ་པ་ཡིན་པའི་ཕྱིར་དང་། རྗེས་སུ་མཐུན་པའི་རྒྱུ་ཡིན་པའི་ཕྱིར་འབྲས་བུ་འབྱུང་བར་འདོད་དོ། ། [192b.4]དེ་ནི་སྐལ་བ་མི་མཉམ་པའི་རྒྱུ་ལས་སྐྱེས་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ནི་རྫས་སྐལ་བ་མཉམ་པ་སྟེ། རྣམ་པ་མཉམ་པ་མེད་པའི་ཕྱིར་རོ། །ལམ་གྱི་ཚོགས་ཁྱད་པར་དུ་གྱུར་པ་དང་ལྡན་པའི་ཕྱིར་འཕགས་པའི་ལམ་ནི་ལམ་ཐམས་ཅད་གཙོ་བོ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདེན་ [192b.5]པའི་ནང་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འཚོ་བྱེད་ཀྱི་ཨ་མྲའི་ནགས་ན་བཞུགས་སོ། །དེ་ནས་འཚོ་བྱེད་གཞོན་ནུས་བསྐྱེད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཚིགས་བཅད་ཀྱིས་ཞུས་པ། འབྲས་བུའི་ནང་ན་སྐྱུ་རུ་མཆོག །རྩ་བའི་ནང་ན་ཙི་ [192b.6]ཏྲ་ཀ ། བསྐ་བའི་ནང་ན་མངར་བ་མཆོག །ལན་ཚྭའི་ནང་ན་རྒྱམ་ཚ་མཆོག །ཅེས་པ་དང་། དེའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། །ལམ་ནང་ཞེས་བྱ་བ་ནི་ཐར་པ་ཐོབ་པའི་ཐབས་ཀྱི་ནང་ན་སྟེ། གྲུབ་པའི་ཐབས་གཞན་དག་ཏུ་བསྟན་པའི་འདོན་པ་དང་ཕྱག་འཚལ་བ་དང་། བཟླས་ [192b.7]བརྗོད་དང་། དཀའ་ཐུབ་དང་། མེ་ལ་འཇུག་པ་ལ་སོགས་པའི་ནང་ན་སྟེ། དམིགས་ཀྱིས་དབྱེ་བ་ནི་བདུན་པའོ། །ལམ་ཐམས་ཅད་ཀྱི་ནང་ནས་ཡང་དག་པའི་ལྟ་བ་ལ་སོགས་པ་ཡན་ལག་བརྒྱད་གང་ལ་ཡོད་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དབྱུག་པ་ཅན་བཞིན་ནོ། ། [193a] [193a.1]གང་གི་ཕྱིར་ལམ་ནི་ཡན་ལག་བསྡུས་པའི་སྤྱི་སྟེ། ཡན་ལག་དྲུག་པའི་ཕྱེ་མ་བཞིན་ནོ། །མཆོག་ནི་རབ་མཆོག་སྟེ། རང་གི་འབྲས་བུ་སྦྱིན་པར་བྱེད་པ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །ལམ་གྱི་སྤྱོད་ཡུལ་བསྟན་པའི་ཕྱིར། །བདེན་པའི་ནང་ན་བདེན་ [193a.2]བཞི་དང་། །ཞེས་བྱ་བ་སྨོས་ཏེ་གྲུབ་པའི་མཐའ་སོ་སོ་ལས་ཀྱང་བདེན་པ་ཞེས་བརྗོད་དེ། འདི་ལྟ་སྟེ། སེམས་ཙམ་པ་རྣམས་ཀྱི་བདེན་པ་ནི་གཅིག་གོ། །ཟད་བྱེད་པ་རྣམས་ཀྱི་བདེན་པ་ནི་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་དམ། སྲོག་དང་བཅས་པའམ་སྲོག་མེད་ [193a.3]པའི་བདག་ཉིད་དོ། །བྲམ་ཟེ་རྣམས་ཀྱི་བདེན་པ་ནི་གསུམ་མོ། །འདུས་བྱས་དང་དུས་གསུམ་འདོད་པ་རྣམས་ཀྱི་ནི་བཞིའོ། །ཚིག་གི་དོན་ལྔ་འདོད་པ་རྣམས་ཀྱི་ནི་ལྔའོ། །བྱེ་བྲག་པ་རྣམས་ཀྱི་ནི་དྲུག་གོ། །གྲངས་ཅན་པ་རྣམས་ཀྱི་ནི་ཉི་ཤུ་རྩ་ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནང་ [193a.4]ན་འཕགས་པའི་བདེན་པ་བཞིའོ། །དང་གི་སྒྲ་ནི་མཆོག་གི་དོན་ཏོ། །དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པའི་ཕྱིར་དེའི་ཡུལ་ཉིད་ཁོ་ན་ལས་ལམ་འབྱུང་བའི་ཕྱིར་རོ། །ཆོས་ཀྱི་ནང་ན་ཆགས་བྲལ་མཆོག །ཅེས་བྱ་བ་ནི་ཆགས་པ་མེད་པར་འགྱུར་བ་ནི་འབྱོར་བ་མེད་པར་གྱུར་པ་སྟེ། འདིར་འདོད་ [193a.5]ཆགས་དང་བྲལ་བས་ཐོབ་པའི་མྱ་ངན་ལས་འདས་པ་སྟེ། དོན་ཐམས་ཅད་ཀྱི་ནང་ན་ཐར་པ་ནི་གཙོ་བོ་ཡིན་ཏེ། དགེ་བ་ཉིད་དུ་རྟག་པའི་ཕྱིར་རོ། །གང་ཅུང་ཟད་འདུས་བྱས་ཀྱི་ཆོས་དང་འདུས་མ་བྱས་ཀྱི་ཆོས་དེ་རྣམས་ཀྱི་ནང་ན་ནི་འདོད་ཆགས་དང་བྲལ་བའི་ཆོས་མཆོག་གོ་ཞེས་མདོ་ལས་ [193a.6]གསུངས་པའི་ཕྱིར་རོ། །རྐང་གཉིས་ནང་ན་མིག་ཅན་དང་། །ཞེས་བྱ་བ་ནི་ལྷག་པར་སྤྱན་གསུམ་དང་ལྡན་པའི་ཕྱིར་མིག་ཅན་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པའོ། །དེ་ནི་རྐང་གཉིས་ཐམས་ཅད་ཀྱི་ནང་ན་གཙོ་བོ་ཡིན་ཏེ། སེམས་ཅན་གང་སུ་དག་རྐང་པ་མེད་པ་དང་། རྐང་པ་ [193a.7]གཉིས་དང་། རྐང་མངས་ཞེས་བྱ་བ་ལ་སོགས་པ་ལུང་ལས་འབྱུང་བའི་ཕྱིར་རོ། །སོགས་པའི་སྒྲ་ནི་ཕྱི་ནས་བསྟན་པའི་ཕྱིར་ཏེ། རྐང་གཉིས་ལ་སོགས་པའི་ནང་ན་བདེ་བར་གཤེགས་པ་ཉིད་ཁོ་ན་མཆོག་ཡིན་པས་དང་གི་སྒྲའོ། །དེས་ན་འདིས་ནི་སྨན་པ་ཐམས་ཅད་ཀྱི་ནང་ན་ [193b] [193b.1]མཆོག་ནི་བཅོམ་ལྡན་འདས་ཡིན་ལ། སྨན་ཐམས་ཅད་ཀྱི་ནང་ན་ནི་ལམ་མོ། །ནད་ཐམས་ཅད་ཀྱི་ནང་ན་ནི་འཁོར་བའོ། །ནད་མེད་པ་ཐམས་ཅད་ཀྱི་ནང་ན་ནི་ཐར་པ་སྟེ། དེ་བས་ན་འདི་ལ་ཁྱོད་ཀྱིས་འབད་པར་བྱའི། ཚེའི་རིག་བྱེད་ཡོངས་སུ་ཤེས་པ་ནི་སྨན་པ་ཡིན་ནོ་ཞེས་སྟོན་པ་ [193b.2]ཡིན་ནོ། །དེ་བས་ན་ཚུལ་འདིས་སྟོན་པའི་བདེན་པ་འཁྲུལ་པ་མེད་པའི་ལམ་དེའི་ཡུལ་བདེན་པ་ནི་དོན་ཐམས་ཅད་ཟིལ་གྱིས་ནོན་པས་ཐར་པའི་འབྲས་བུའི་ལམ་ལ་བདག་ཉིད་ལ་ཕན་པར་འདོད་པ་རྣམས་ཀྱིས་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་འདིས་སྟོན་པ་ཡིན་ནོ། །རྒྱུ་གང་གིས་ [193b.3]བདེན་པ་མཐོང་བར་འགྱུར་བ་ཡིན་ཞེ་ན། སྨྲས་པ། འདུ་བྱེད་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །དེ་ནས་དགེ་སློང་གྲོགས་པོ་བཞི་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ། འདི་སྐད་ཅེས་བཙུན་པ་གང་གིས་བདག་ཅག་ཟག་པ་ཟད་པར་འགྱུར་བ་དེ་ལྟར་བདག་ཅག་ལ་བསྡུས་ཏེ་ [193b.4]ཆོས་བསྟན་དུ་གསོལ་ཞེས་ཞུས་པ་དང་། ཇི་ཙམ་ན་དེ་དག་ལས་གཅིག་ནི་ལྟ་བ་གཞན་ནོ། །ལྷག་མ་ནི་བདེ་བ་ལ་སོགས་པའི་ལྟ་བ་ཅན་ཏེ། གོ་རིམས་བཞིན་དུ་དེ་དག་གི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་བཞི་དང་བསྡུས་པ་བཞི་གསུངས་སོ། །འདུ་བྱེད་ཐམས་ཅད་མི་རྟག་པར། ། [193b.5]ཞེས་བྱ་བ་ལ། འབྲས་བུར་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་ཐམས་ཅད་ནི་སྐད་ཅིག་མ་ཡིན་ནོ། །དངོས་པོའི་དོན་ཐམས་ཅད་ནི་འདུས་བྱས་ཡིན་ནོ་ཞེས་མི་རྟག་པ་ཉིད་དུ་ཡིད་ལ་བྱེད་དོ། །འོ་ན་ཀུན་འབྱུང་དང་ལམ་ཡང་འདུ་བྱེད་ཉིད་ཡིན་ན་དེ་གཉིས་ལ་མི་རྟག་པའི་ [193b.6]རྣམ་པར་མ་མཐོང་ན་དེ་ཇི་ལྟར་འདུ་བྱེད་ཐམས་ཅད་ཅེས་བརྗོད་ན་བཤད་པ། ཐམས་ཅད་ཕྱོགས་གཅིག་གི་དབང་དུ་བྱས་པ་སྟེ། དཔེར་ན་མར་ཐམས་ཅད་འཐུངས་ཞེས་བྱ་བ་དང་། ཟས་ཐམས་ཅད་ཟོས་ཞེས་བྱ་བ་བཞིན་ནོ། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །ཞེས་བྱ་བ་ནི་སོ་སོར་ [193b.7]རྟོགས་ཤིང་རིག་པ་སྟེ། མི་རྟག་པའི་རྣམ་པས་གང་གིས་བུགནས་སྐབས་ལ་མཐོང་བའོ། །དེ་ནས་སྡུག་བསྔལ་ལས་ཡིད་འབྱུང་། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་དེའི་ཚེ་ཞེས་བྱ་བའི་དོན་ཏེ། གང་གི་ཚེ་མཐོང་བ་དེའི་ཚེའོ། །ཡིད་འབྱུང་བ་ནི་སྐྱོ་བ་སྐྱེ་བར་འགྱུར་བ་སྟེ། རྣལ་ [194a] [194a.1]འབྱོར་ཅན་དེ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའོ། །གང་ལས་ཤེ་ན། སྡུག་བསྔལ་ལས་ཞེས་བྱ་བ་སྨོས་ཏེ། འབྲས་བུར་གྱུར་པའི་ཕུང་པོ་ལས་ཏེ། སྐྱོ་བའི་གཞི་ཡིན་པའི་ཕྱིར་རོ། །ཅི་ཕྱིར་སྡུག་བསྔལ་ལས་སྐྱོ་བར་འགྱུར་གྱི། ལམ་ལས་མ་ [194a.2]ཡིན་ཞེ་ན། སྨྲས་པ། ལམ་འདི་རྣམ་པར་དག་པར་འགྱུར། །ཞེས་བྱ་བ་ཡིན་ཏེ། ཁམས་གསུམ་གྱི་སྡུག་བསྔལ་ལས་སྐྱོ་བ་སྐྱེད་པ་ཉིད་ནི་མི་རྟག་པའི་ལམ་འདི་ཡིན་ཏེ། ཁམས་གསུམ་གྱི་ཕྲ་རྒྱས་སྤོང་བར་ནུས་པའི་ཐབས་ཞེས་བྱ་བའི་དོན་ཏོ། །རྣམ་པར་དག་པར་འགྱུར་ཞེས་བྱ་ [194a.3]བ་ནི་རྣམ་པར་གྲོལ་བའི་ཕྱིར་ཏེ། འདོད་ཆགས་དང་བྲལ་བ་ཐོབ་པར་བྱེད་པའི་ཕྱིར་འཕགས་པའི་ལམ་མོ། །ཇི་ལྟར་ཡིད་འབྱུང་བ་ཡིན་ཞེ་ན། དེ་བཞིན་དུ་འོག་ནས་འབྱུང་བའི་ཚིགས་བཅད་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །གང་མི་རྟག་པ་ལས་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་ [194a.4]བསྟན་པའི་ཕྱིར། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར། །ཞེས་བྱ་བ་སྨོས་ཏེ། འཕགས་པ་དང་མི་མཐུན་པའི་ཕྱིར་ཏེ། གང་གི་ཕྱིར་འཕགས་པ་ནི་མྱ་ངན་ལས་འདས་པ་ལས་གཞོལ་ཞིང་སྲིད་པ་ལ་མི་གཞོལ་བ་ཡིན་ཏེ། ཇི་ལྟར་སྤྱོད་པ་བཞིན་དུ་ཡང་རྣམ་པར་འབྱུང་བ་ཡིན་ནོ། །གང་ [194a.5]གི་ཕྱིར་ཕུང་པོ་དག་ལ་རྟག་པར་འཛིན་པ་ལ། གོམས་པ་ཡིན་པས་དེ་མི་རྟག་པའི་རྣམ་པས་མཐོང་བའི་ལམ་ལ་གཟུད་པ་ཡིན་ནོ། །གང་བདེ་བ་ལས་བཟློག་པ་དེའི་སྡུག་བསྔལ་གྱི་རྣམ་པས་ཞེས་བྱ་བ་ལ་སོགས་པའོ། །མགོན་མེད་པ་ཉིད་སྡུག་བསྔལ་གྱི་བདག་ཉིད་ཡིན་པར་བསྟན་པའི་ [194a.6]ཕྱིར་སྨྲས་པ། འདུ་བྱེད་ཐམས་ཅད་སྟོང་པ་ཉིད། །ཅེས་བྱ་བ་ལ། སྟོང་པ་ཉིད་ཞེས་བྱ་བ་ནི་སུས་ཀྱང་གནས་པ་མེད་པའི་ཕྱིར་ཏེ། དཔེར་ན་གྲོང་ན་རྒྱལ་པོ་གནས་པ་བཞིན་དུ་འདུས་བྱས་འདི་དག་བདག་གང་གིས་ཀྱང་གནས་པ་མེད་དོ། །མ་བཟློག་པའི་ནད་ལ་སོགས་པ་ནི་དྲི་མས་ཉེ་བར་ [194a.7]གདུང་བའི་ཕྱིར་རོ། །འདུས་བྱས་ཀྱི་ཚོགས་འདི་དག་ནི་སྟོང་པ་སྟེ། འདི་ལ་སེམས་ཅན་མེད་དོ། །ཞེས་བྱ་བ་མདོ་ལས་གསུངས་སོ། །བདེ་བ་དང་སྡུག་བསྔལ་ལ་སོགས་པ་ནི་རྟག་པའི་རྒྱུའི་དངོས་པོ་ལས་འབྱུང་བ་ཡིན་པའི་ཕྱིར་སྨྲས་པ། འདུ་བྱེད་ཐམས་ཅད་བདག་མེད་པ། ། [194b] [194b.1]ཞེས་བྱ་བ་སྟེ། དངོས་པོ་ཐམས་ཅད་ལ་བདག་མེད་པའི་ཚུལ་གྱིས་མཐོང་བ་ཡིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་རང་དབང་མེད་པས་རྒ་བ་དང་འཆི་བ་ཡིན་ཏེ། འདོད་བཞིན་དུ་བྱེད་པ་དང་བྲལ་བའི་ཕྱིར་རོ། །མཐོང་བའི་ལམ་ལ་ཡང་སྡུག་བསྔལ་གྱི་བདག་ཉིད་ཆོས་ལ་བདག་མེད་ [194b.2]པ་ཉིད་དུ་རྟོག་དུཔ་ཡིན་ནོ། །བདེན་པའི་ཡུལ་ནི་སོ་སོར་ངེས་པ་ཡིན་པའི་ཕྱིར་ཏེ། མངོན་པར་རྟོགས་པ་ཡང་སྡུག་བསྔལ་གྱི་བདེན་པའི་རྣམ་པས་ཡིན་ནོ། །ལྷག་མའི་རྒྱུ་ནི་མཚོན་པ་ཙམ་དུ་བྱས་ཏེ། དེ་ཡང་བསྟན་བཅོས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །དེའི་ཕྱིར་གང་ལ་མི་རྟག་པའི་རྣམ་ [194b.3]པ་ལ་སོགས་པའི་ལམ་སྐྱེས་པ་དེ་ལ་ནི་ངེས་པར་ཀུན་འབྱུང་གི་བདག་ཉིད་རྣམ་པ་བཅུ་གཉིས་གང་ཟག་ཇི་ལྟ་བ་དང་། དུས་ཇི་ལྟ་བ་བཞིན་དུ་སྐྱེ་བར་འགྱུར་ཏེ། ངེས་པར་དེ་ལས་ཞེས་བྱ་བ་སྨོས་སོ། །ཀུན་འབྱུང་ཡང་རྣམ་པ་བཞིར་བཅད་པ་སྟེ། བདེན་པ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་ [194b.4]བདེན་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པར་བརྗོད་པར་བྱའོ། །ཇི་སྐད་དུ་བཤད་པའི་ལམ་ལ་གདུལ་བྱ་དག་གཟུད་པའི་ཕྱིར་སྨྲས་པ། བསྟན་ཞེས་བྱ་བ་ནི་བཤད་པའོ། །ཁྱེད་ཅག་རྣམས་ལ་ཞེས་བྱ་བ་ནི་ཁྱེད་ཅག་རྣམས་ཀྱི་ཕྱིར་རོ། །ངས་ནི་ཞེས་བྱ་བ་ནི་བདག་གི་དོན་ཐམས་ཅད་གྲུབ་ཅིང་ [194b.5]བྱ་བ་བྱས་སོ། །གལ་ཏེ་གཞན་དག་བརྗོད་པ་ནི་གཞན་དུ་ཡང་བརྗོད་དེ། ང་ནི་ཐམས་ཅད་མཁྱེན་པ་སྟེ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་གང་བདག་གིས་བཤད་པ་ནི་མ་ནོར་བ་དེ་བཞིན་ཉིད་དུ་བསྟན་ཏོ། །ལམ་ནི་ཕྱིན་ཅི་མ་ལོག་པའི་ཐར་པ་ཐོབ་པའི་ཐབས་སོ། །ཨ་རཎྜ་དྲ་ཀ་ཞེས་བྱ་བ་ [194b.6]ལ་སོགས་པས་བསྟན་པའི་ལམ་དགག་པའི་ཕྱིར་སྨྲས་པ། མི་ཤེས་ཟུག་རྔུ་གཅོད་བྱེད་ཅེས་བྱ་བ་ནི་ལམ་གཞན་དག་གིས་ནི་འདི་ལྟར་ནུས་པ་ཡིན་ཏེ། མི་ཤེས་པ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་དེ་ཐོབ་པས་ཀུན་ཤེས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ལུང་ལས་འབྱུང་བས་སོ། །དེའི་ཟུག་རྔུ་ནི་ [194b.7]མངོན་སུམ་དུ་གེགས་ཡིན་ཏེ། སྲིད་པའི་རྩེ་མོའི་ཉོན་མོངས་པ་དེ་གཅོད་པས་ན་གཅོད་པ་སྟེ་རྩ་བ་ནས་བཅད་པའོ། །འདིས་ནི་སྟོན་པའི་ལམ་གྱི་ཉེས་པ་བསལ་ཏོ། །ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། །ཞེས་བྱ་བ་ནི་ཁྱེད་ཅག་ཉིད་ཀྱིས་བྱ་དགོས་པའི་ཕྱིར་ཏེ། ལམ་དེ་རྟོགས་ཤིང་ [195a] [195a.1]གོམས་པར་བྱ་བ་ལ་བག་ཡོད་པར་བྱ་བ་སྟེ། གང་གི་ཕྱིར་གཞན་བྱེད་པ་ནི་མེད་དོ། །གལ་ཏེ་དེ་ལྟ་ཡིན་ན་ནི་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ནན་ཏན་དུ་མཛད་པ་དགྱེས་པར་འགྱུར་རོ། །ལམ་བསྟན་པ་ཇི་ཙམ་གྱིས་ནུས་པ་དེ་ལ་བག་ཡོད་ [195a.2]པར་བྱའོ་ཞེས་དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། སྟོན་པ་སྟེ་ཞེས་བྱ་བ་སྟེ། སྟོན་པ་པོ་ཁོ་ན་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། རྫུ་འཕྲུལ་དང་། མཆོག་སྦྱིན་པ་ལ་སོགས་པའི་མཐུས་གཞན་གྱི་རྒྱུད་ལ་ལམ་བསྐྱེད་པར་མི་མཛད་དོ། །ཇི་སྲིད་པའི་རྩེ་མོའི་ཕྲ་རྒྱས་སྤང་པའི་ལམ་ཉི་ཚེ་སྟོན་ [195a.3]པར་ཟད་ཀྱི། ས་གཞན་གྱི་གཉེན་པོ་མ་ཡིན་ནམ་ཞེ་ན། སྲེད་པའི་ཟུག་རྔུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་པ་ཞེས་བྱ་བ་ནི་རྒྱ་ཆེར་རྣམ་པར་ཕྱེ་བའོ། །སྲེད་པའི་ཟུག་རྔུ་ཞེས་བྱ་བ་ནི་འཁོར་བ་ཐམས་ཅད་ཀྱི་རྒྱུ་ཐར་པ་འཐོབ་པའི་བགེགས་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ཡིན་ [195a.4]ཏེ། ཇི་ལྟར་མཁྲིས་པ་ཡང་དག་པར་སྐྱེས་ཤིང་སྐོམ་པའི་ནད་ལ་བཀྲུ་སྨན་ཐབས་ཡིན་པ་དེ་བཞིན་དུ་ཆགས་པ་འདི་ལ་ཡང་འདི་བསྟན་པའི་ཕྱིར་སེལ་བའི་ལམ་ཞེས་བྱ་བ་སྨོས་ཏེ། ལམ་གྱིས་ཆགས་པའི་ཟུག་རྔུ་དྲུངས་འབྱིན་པ་ཞེས་བྱ་བའི་དོན་ཏོ། །སེལ་བ་ནི་འགྲོ་བའི་དོན་ཏེ། རྒྱུད་ [195a.5]ལས་བསྩལ་ཅིང་འགྲོ་བར་བྱེད་པ་སྟེ། ཕྲལ་བ་དང་ཐ་དད་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །སྟོན་པ་དང་བསྟན་པ་ནི་བསྡུས་པ་དང་རྒྱ་ཆེར་བསྟན་པའི་དབྱེ་བ་ཡིན་ནོ། །ཡང་ན་སྟོན་པ་ནི་ཅུང་ཟད་འཆད་པ་སྟེ། བསྡུས་ནས་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྔར་ནི་ཉེ་བར་གནས་པའི་གདུལ་ [195a.6]བྱ་དག་གི་ངོར་སྲིད་པའི་རྩེ་མོའི་སྤང་བ་ཙམ་གསུངས་ལ། འོག་མར་ནི་ས་དགུའི་འདོད་ཆགས་སྤང་བའོ། །སྟོན་པ་པོ་ནི་སྟོན་པར་བྱེད་པའོ། །འོ་ན་མཐོང་བའི་ལམ་ཁོ་ན་འདི་ལྟར་བསྟན་པས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་མི་ནུས་ན་དེ་ཇི་ལྟར་འདི་སྐད་བཤད་ཅེ་ན། དང་པོ་མཐོང་བ་ [195a.7]ལས་ནི་མཐོང་བའི་ལམ་དུ་བསྟན་ཏེ། དེ་ཉིད་གོམས་པར་བྱས་ན་བསྒོམ་པའི་ལམ་ཉིད་ཡིན་གྱི། གཞན་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །ལྟ་བ་རྣམ་པར་དག་བྱེད་ཅེས་བྱ་བ་ལ་སོགས་པའོ། །འདི་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་སྟེ། ཇི་སྐད་དུ་བཤད་པའི་རྣམ་པ་འཕགས་པའི་ལམ་ [195b] [195b.1]ཉིད་ཐར་པ་འཐོབ་པའི་ཐབས་ཡིན་གྱི་གཞན་མ་ཡིན་ཏེ། འཇིག་རྟེན་པའི་ལམ་གྱིས་ནི་སྲིད་པའི་རྩེ་མོའི་ཉོན་མོངས་པ་སྤང་བར་མི་ནུས་ཤིང་འཐོབ་པར་མི་ནུས་སོ། །ལམ་དེ་ལྟ་བུས་ཅིའི་ཕྱིར་ཞེ་ན། ལྟ་བ་རྣམ་པར་དག་བྱེད་པ། །ཞེས་བྱ་བ་སྟེ། བློ་དྲི་མ་མེད་པའི་ཕྱིར་ཕྲ་རྒྱས་ཐམས་ [195b.2]ཅད་སྤོང་བ་ཡིན་ཏེ། བློ་ངན་པ་དག་ལ་ནི་སྤོང་བར་ནུས་པ་མེད་དོ། །དེའི་ཕྱིར་དགེ་སློང་དག་གང་གི་ཚེ་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་ཞེས་མདོ་ལས་གསུངས་སོ། །ཡང་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་དེ་ལ་ལྟ་བ་རྣམ་པར་དག་པ་སྟེ། དེ་སྤང་བའི་ཕྱིར་ལམ་འདི་ [195b.3]ལ་འཇུག་པ་ཡིན་ཏེ། འདི་ཉིད་མཐོང་བ་རྣམ་པར་དག་པར་བྱེད་པ་ཡིན་ནོ། །ག་ལས་ཤེས་པར་བྱ། དད་པ་ཙམ་མམ་ཚིག་ཙམ་གྱིས་མ་ཡིན་ནམ་ཞེ་ན། རབ་ཏུ་ཞུགས་ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་ལ་ཞུགས་པ་སྟེ། འཕགས་པའི་ལམ་བསྒོམས་པ་ལ་མཆོག་ཏུ་བྱེད་པའོ། །སྤང་བར་གྱིས་ [195b.4]ཞེས་བྱ་བ་ནི་ཡོངས་སུ་སྤོངས་ཤིག་ཅེའོ། །ཏིང་ངེ་འཛིན་ལ་ཞེས་བྱ་བ་ནི་སེམས་རྩེ་གཅིག་པ་ལ་ཞུགས་པའི་ཞི་གནས་ཏེ། ཡིད་གཡེང་བས་ནི་ཚོགས་འདི་བསྒྲུབ་ཅིང་དམིགས་པར་མི་ནུས་སོ། །དེ་ལྟ་བུས་ཅི་ཞིག་སྤང་བར་བྱ་ཞེ་ན། བདུད་ཀྱི་འཆིང་བ་ཞེས་བྱ་བ་སྟེ། འཆིང་བ་འཐོབ་པར་ [195b.5]བྱེད་པའི་ཕྱིར་བདུད་དེ་ཉོན་མོངས་པའི་འཆིང་བ་འཐོབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །ལམ་འདི་ཇི་སྐད་བཤད་པའི་འབྲས་བུ་ཡོད་པ་ཉི་ཚེར་མ་ཟད་དེ། འདི་ལྟ་བུར་ཡང་ཡོད་དོ་ཞེས་བརྟག་པའི་ཕྱིར། འདི་ནི་དྲང་ལམ་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་ཞེས་བྱ་བ་ལ་བསྟན་མ་ཐག་པ་སྟེ། [195b.6]འཕགས་པའི་ལམ་མོ། །མཆོག་ཏུ་མ་ཡོ་བ་སྟེ་བདག་མེད་པའི་རྣམ་པ་ལ་སོགས་པས་མྱ་ངན་ལས་འདས་པ་དྲང་པོ་ཡིན་པའི་ཕྱིར་ན་ཕྱིར་མི་ལྡོག་ཅིང་དྲང་བ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཕ་རོལ་གནོན་པ་ཞེས་བྱ་བའི་ལམ་འདི་ཁོ་ན་ནི་ཉི་མ་ཤར་བ་བཞིན་དུ་ཉོན་མོངས་པ་དང་མུན་པའི་ [195b.7]ཚོགས་སེལ་བ་ཡིན་ཞིང་། འདིས་ནི་སྡུག་བསྔལ་གྱི་རྒྱ་མཚོ་ལས་རྒལ་བའི་ཕྱིར་རོ། །གཞན་ཟིལ་གྱིས་གནོན་པ་སྟེ། སྐྱེས་བུ་བྱེད་པ་གང་རང་གི་གཉེན་པོ་བསྟེན་པར་ནུས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གཉིས་ཀྱི་ཁྱད་པར་གྱི་སྦྱོར་བ་སྨྲས་པ། བགྲོད་པ་གཅིག་པ་ཞེས་བྱ་བ་ [196a] [196a.1]སྨོས་ཏེ། གཅིག་པོ་འདིས་འགྲོ་བར་བྱེད་པས་ན་བགྲོད་པ་གཅིག་པ་སྟེ། ཐུན་མོང་མ་ཡིན་པའི་ཐར་པའི་ལམ་འདི་ལ་ཐོག་མར་དགེ་སྦྱོང་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །ཇི་ལྟ་བུ་ཞེ་ན། ངང་པའི་སྲང་ལྟར་ཞེས་བྱ་བ་ཡིན་ཏེ། ངང་ [196a.2]པའི་ལམ་ཡིན་པས་ངང་པའི་སྲང་སྟེ་ངང་པའི་འགྲོ་བ་ཞེས་བྱ་བའི་དོན་ཏོ། །དཔེར་ན་ངང་པ་ནི་མཚོ་ཞེས་བྱ་བ་སྟེ། མཚོ་ཆེན་པོ་ལ་བགྲོད་པ་གཅིག་པ་ཞེས་བྱ་བ་ནི་གཅིག་ཏུ་དེར་འབབ་པ་ཡིན་ཞིང་དུར་ཁྲོད་ཀྱི་ས་ཕྱོགས་སུ་ནི་མ་ཡིན་ནོ། །དེ་བཞིན་དུ་འཕགས་པའི་ལམ་ཡང་ཐར་པ་ལ་ [196a.3]གཅིག་ཏུ་འབབ་པ་ཡིན་གྱི་འཁོར་བར་ནི་མ་ཡིན་ནོ། །དེ་ཡང་གང་ཡིན་ཞེ་ན། རྟོགས་ནས་ཞེས་བྱ་བ་སྨོས་ཏེ། ལམ་གང་རྟོགས་པ་དང་ལྡན་པའོ། །ཤཱཀྱ་ཐུབ་པས་ནི་རྡོ་རྗེའི་གདན་ལ་བཞུགས་པ་ནས་ལམ་འདི་ཉིད་བཤད་དོ། །ད་ལྟར་གྱི་བསྟན་པའི་སྟོན་པ་ནི་ཤཱཀྱ་ཐུབ་པ་ཡིན་ཏེ། དེས་ [196a.4]ན་ཉེ་བར་གནས་པའི་ཕྱིར་སྨོས་པ་ཡིན་གྱི། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ལམ་འདི་ཉིད་རྟོགས་པ་ཡིན་ནོ། །ཇི་ལྟ་བུ་ལ་གནས་ནས་ཤེ་ན། མཉམ་གཞག་ཅེས་བྱ་བ་སྟེ། གཡེང་བ་ཐམས་ཅད་སྤངས་ནས་སེམས་རྩེ་གཅིག་ཏུ་བྱས་པ་ཡིན་ཏེ། མཉམ་པར་གཞག་པའི་ [196a.5]སེམས་ལས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་སོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ངེས་པར་ཟིལ་གྱིས་གནོན་ཏོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཏིང་ངེ་འཛིན་མེད་པར་ནི་དེ་མེད་པ་ [196a.6]ཡིན་ནོ་ཞེས་བསྟན་ཏོ། །བཤད་པ་འདི་ཞེས་བྱ་བ་ནི་ཉིད་ཀྱིས་ཐུགས་སུ་ཆུད་པའི་ལམ་ཉིད་བཤད་པ་ཡིན་ཏེ། ཐུགས་རྗེའི་དབང་གིས་གཞན་དག་ལ་སྟོན་ཏེ། བདག་ཉིད་ཀྱིས་རྟོགས་པ་གཅིག་པུར་མ་ཟད་དེ། གཞན་དག་ལ་ཡང་དེ་ཉིད་ཇི་ལྟ་བ་བཞིན་དུ་སྟོན་ཞེས་བྱ་བའི་དོན་ཏོ། །ཚོགས་ [196a.7]ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཕུང་པོ་ལ་སྟེ། འདིས་ནི་ཕྱོགས་སུ་ལྟུང་བ་མེད་པར་བསྟན་ཏོ། །ཡང་དང་ཡང་ཞེས་བྱ་བ་ནི་སྐད་ཅིག་སྐད་ཅིག་ལ་སྟེ། འདིས་ནི་ཡང་འབྱུང་བ་མེད་པར་བསྟན་ཏོ། །སྔར་བསྟན་པ་ཉིད་ཀྱི་ནུས་པ་བསྟན་པའི་ཕྱིར་སྨྲས་པ། སྐྱེ་ཤིའི་མཐའ་ཞེས་བྱ་བ་ལ་སོགས་ [196b] [196b.1]པའོ། །དགེ་སློང་དག་འདི་ལ་དུས་གཅིག་ན་ཨུ་རུ་བིལ་བ་ནང་གནས་ཏེ། ཆུ་བོ་ནཻ་རཉྫ་ནའི་ངོགས་ན་ཇི་ཙམ་ན་བདག་ཉིད་གཅིག་པུ་འདུག་སྟེ། རིང་པོར་མི་ཐོགས་པར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་རྟོག་པ་སྐྱེས་སོ། །བགྲོད་པ་གཅིག་པའི་ལམ་འདི་ནི་སེམས་ [196b.2]ཅན་རྣམ་པར་དག་པའི་ཕྱིར་དང་། མྱ་ངན་གྱིས་གདུངས་པ་རྣམས་ལས་འདས་པའི་ཕྱིར་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་མེད་པར་བྱ་བའི་ཕྱིར་དང་། རིགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར་ཏེ། འདི་ལྟ་སྟེ་དྲན་པ་ཉེ་བར་གཞག་པ་བཞི་གང་ལ་ལས་འདི་དག་ཏུ་གྲུབ་པའི་འཕགས་པ་ [196b.3]དེས་ནི་རིགས་པའི་ཆོས་འཐོབ་པ་ཡིན་ཏེ། གང་འཕགས་པའི་རིགས་པའི་ཆོས་འཐོབ་པ་དེས་ནི་ཇི་སྲིད་དུ་འཕགས་པའི་ལམ་གྱི་བདུད་རྩི་ཐོབ་པས་དེ་ཡོངས་སུ་མི་གཏང་བ་ཡིན་ཏེ། སྐྱེ་ཤི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞིའོ། །བགྲོད་པ་གཅིག་ནི་མྱ་ངན་ལས་འདས་པ་ཁོ་ [196b.4]ནའི་ཐབས་ཡིན་གྱི། འཁོར་བའི་ཕྱིར་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱེ་ཤིའི་མཐའ་རྟོགས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །སྐྱེ་ཤི་ཞེས་བྱ་བའི་སྒྲ་ནི་འཁོར་བ་རྒྱུ་དང་བཅས་པ་ལ་བརྗོད་དོ། །མཐའི་སྒྲ་ནི་ཐར་པ་སྟེ། དེ་གཉི་ག་མངོན་སུམ་དུ་གཟིགས་པ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་ [196b.5]བའི་དོན་ཏོ། །སྐྱེ་བ་དང་རྒ་བ་དང་འཆི་བ་ལ་སོགས་པའི་གནོད་པ་དག་རྟོགས་པའི་ཕྱིར་ཕྱིན་ཅི་མ་ལོག་པར་རྟོགས་པ་དང་སྟོན་པ་ནི་དེ་ཉིད་དོ། །ལམ་ནི་རབ་ཏུ་བསྟན་མཛད་པ། །ཞེས་བྱ་བ་ནི་ཐར་པའི་ཐབས་གཞན་དག་ལ་སྟོན་པའོ། །གཞན་ལ་སྟོན་པའི་རྒྱུ་ནི་ཐུགས་རྗེ་ཉིད་ཡིན་པར་བསྟན་ [196b.6]པའི་ཕྱིར། ཕན་མཛད་ཐུགས་བརྩེ་བ་ཞེས་བྱ་བ་སྨོས་ཏེ། ཕན་པས་འབྲས་བུའི་རྗེས་སུ་བརྩེ་བ་གང་ལ་ཡོད་པ་སྟེ། ཐུགས་རྗེ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཐུགས་རྗེ་ཆེན་པོ་ནི་ཐུགས་རྗེ་ཆེ་བར་བྱེད་པ་དང་ཡོངས་སུ་སྐྱོབ་པར་བྱེད་པ་ཡིན་ནོ། །བགྲོད་པ་གཅིག་པ་འདི་ཡང་ག་ [196b.7]ལས་ཤེ་ན། འདི་ལྟར་ལམ་འདི་ཞེས་བྱ་བ་ཡིན་ཏེ། འཕགས་པའི་ལམ་ཉིད་ཀྱིས་སོ། །སྔོན་ཞེས་བྱ་བ་ནི་སྔོན་གྱི་དུས་སོ། །རྒལ་བ་ནི་རྒལ་བ་སྟེ། ཉོན་མོངས་པའི་རྒྱ་མཚོ་དང་འཁོར་བའི་རྒྱ་མཚོ་ལས་རྒལ་བ་སྟེ། མར་མེ་མཛད་ལ་སོགས་པའི་ཐུབ་པ་དང་། དེའི་ཉན་ཐོས་དང་རང་སངས་རྒྱས་ [197a] [197a.1]རྣམས་སོ། །དེ་བཞིན་རྒལ་བར་འགྱུར་ཞིང་ཞེས་བྱ་བ་ལ། ལམ་འདིས་ཞེས་བྱ་བ་དྲང་བའི་དོན་ནི་དེ་བཞིན་གྱི་སྒྲ་སྟེ། འདིས་ནི་བྱམས་པ་ལ་སོགས་པ་མ་འོངས་པ་ན་འབྱུང་བ་འཁོར་དང་བཅས་པ་རྒལ་བར་འགྱུར་བའོ། །རྒལ་བར་མཛད་ཅེས་བྱ་བ་ནི་ད་ལྟར་བྱུང་ [197a.2]བའི་དུས་ཀྱི་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་ཡང་རྒལ་བ་ཡིན་ནོ། །གང་ལས་རྒལ་བ་ཡིན་ཞེ་ན། སྨྲས་པ། ཆུ་བོ་རྣམ་པ་བཞི་སྟེ། ཉོན་མོངས་པའི་ཆུ་བོའམ། འཁོར་བའི་རྒྱ་མཚོ་ལས་སོ། །འཕགས་པའི་ལམ་བསྟན་པས་དེའི་ཚོགས་དང་། འཇིག་རྟེན་པའི་དགོས་པ་སྨྲས་པ། ཤིན་ [197a.3]ཏུ་མཐར་གཏུགས་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་དག་ནི་རྗེ་ངར་སྤོམ་པོ་ཞེས་བྱ་བའི་ཀུན་དུ་རྒྱུ་ཞིག་གིས་བཅོམ་ལྡན་འདས་ལ། ཅིའི་ཕྱིར་དེ་བཞིན་གཤེགས་པས་ལམ་བསྟན་ཞེས་གསོལ་པ་ལས། དེའི་དབང་དུ་མཛད་པ་ཡིན་ནོ་ཞེས་ཟེར་རོ། །ཤིན་ཏུ་ཞེས་བྱ་བ་ནི་ཡང་ལྡོག་པ་མེད་ [197a.4]པའོ། །མཐར་ཐུག་ཅིང་ཐ་མར་གྱུར་པ་གང་ལ་ཡོད་པ་དེ་ནི་མྱ་ངན་ལས་འདས་པ་སྟེ། ཕུང་པོ་ལྷག་མ་མེད་པའི་མིང་ཙམ་དེ་ལའོ། །དེ་རྟོགས་པའི་ཕྱིར་བསྟན་པ་སྟེ། ལམ་མ་རྟོགས་པར་ནི་དེ་ཐོབ་པ་མེད་པའི་ཕྱིར་རོ། །འཕགས་པའི་ལམ་གྱི་འབྲས་བུ་ཐུན་མོང་དུ་བསྟན་ནས། ཐུན་ [197a.5]མོང་མ་ཡིན་པ་བསྟན་པའི་ཕྱིར། གདུལ་བྱ་ཞེས་བྱ་བ་སྨོས་ཏེ། དབང་པོ་ཉེ་བར་ཞི་བའི་ཕྱིར་སྐྱེས་པ་སྟེ། མི་སློབ་པའི་ལམ་ནི་དབང་པོ་དུལ་བ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་འདིས་བསྟན་ནས་བསྒོམ་པའི་ལམ་གྱི་འབྲས་བུ་ [197a.6]སྨྲས་པ། དག་བྱ་དང་ཞེས་བྱ་བ་ཡིན་ཏེ། དེ་ལ་བརྟེན་ནས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་སེམས་དྲི་མ་རྣམ་པར་དག་ཅིང་རྣམ་པར་གྲོལ་བ་དེའི་ཕྱིར་འདི་ཡང་ལམ་གྱི་འབྲས་བུ་ཡིན་ནོ། །འཁོར་བའི་སྐྱེ་ཤི་ཟད་པར་བྱ་བ་དང་། །ཞེས་བྱ་བ་སྨོས་ཏེ། འདིར་འཁོར་བ་ནི་ [197a.7]ངན་སོང་གི་ཕུང་པོ་ལྔའི་བདག་ཉིད་མཐོང་བའི་ལམ་གྱི་འབྲས་བུའི་གནས་སྐབས་སོ། །དེ་ལ་གང་སྐྱེ་ཤི་ནི་སྐྱེ་བ་དང་འཇིག་པ་གཉིས་སོ། །ཟད་པ་ནི་བྲལ་བ་སྟེ་དེའི་ཕྱིར་མཐོང་བའི་ལམ་གྱི་སྟོབས་ཀྱིས་ངན་སོང་གི་ཕུང་པོ་ནི་སོ་སོར་མ་བརྟགས་པའི་འགོག་པ་ཐོབ་པའི་ཕྱིར་རོ། །དང་གི་ [197b] [197b.1]སྒྲ་ནི་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པ་ལ་སོགས་པ་ཡོངས་སུ་གཟུང་བའི་ཕྱིར་རོ། །འཕགས་པའི་ལམ་གྱི་ཚོགས་སུ་གྱུར་པའི་ལམ་གྱི་ཕན་ཡོན་སྨྲས་པ། ཁམས་རྣམས་དུ་མ་སོ་སོར་རྟོགས་བྱའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཁམས་དུ་མ་ནི་ཁམས་མང་པོ་པ་ཞེས་བྱ་བ་ལ་ [197b.2]སོགས་པའི་མདོ་ལས་གསུངས་ཏེ། བསམ་པ་དང་རང་བཞིན་དེ་རྣམས་སོ་སོར་ཡང་དག་པར་རིག་པའོ། །གནས་དང་གནས་མ་ཡིན་པ་སོ་སོར་རིག་ཅིང་། གནས་རྣམ་པ་བདུན་ལ་མཁས་པ་ལ་སོགས་པ་དེ་ནི་འདིའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བསྟན་པའི་ལམ་གྱི་མཐུ་ཉིད་ [197b.3]ཀྱིས་དབང་པོ་ལས་འདས་པའི་ཚིག་གི་དོན་ཡང་ཡོངས་སུ་ཤེས་པར་འབྱུང་བའི་ཕྱིར་རོ། །སྤྱན་ལྡན་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་སྟེ། སངས་རྒྱས་ཀྱི་སྤྱན་གྱིས་ཀུན་དུ་ལྟ་བ་དང་། རྣམ་པར་ལྟ་བ་ཡིན་ནོ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །འདིར་ཐམས་ཅད་རྟོགས་པ་ནི་སྤྱན་ཞེས་བྱ་བ་ [197b.4]སྟེ། དེ་དང་ལྡན་པ་ནི་སྤྱན་དང་ལྡན་པའོ། །དེའི་ལམ་ནི་འཕགས་པའི་ལམ་དང་དེའི་ཚོགས་ཏེ། འདིར་ནི་འཇིག་རྟེན་འདིར་རོ། །རབ་ཏུ་བསྟན་པ་ནི་བཤད་པའོ། །འདིའི་དགོས་པའི་གཙོ་བོ་ནི་ཐར་པ་ཉིད་ཡིན་ཏེ། དེ་ལ་གཞོལ་བའི་ཕྱིར་རོ་ཞེས་དེ་ཉིད་ཀྱི་དོན་ཡང་དཔེ་དང་བཅས་པར་བསྟན་པའི་ [197b.5]ཕྱིར་རོ། །ཇི་ལྟར་ཆུ་ཀླུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་གང་གཱ་ཞེས་བྱ་བ་ནི་ཆུ་བོའོ། །ཆུ་རྒྱུན་ནི་ཆུའི་རྒྱུད་དོ། །རྒྱ་མཚོ་ནི་ཆུ་ཆེན་ནོ། །དེ་ལས་གཞན་ནི་དེའི་སྣོད་དང་རྗེས་སུ་མཐུན་པ་མེད་པའི་ཕྱིར་རོ། འབབ་པར་འགྱུར་བ་ནི་འབྲུབ་པར་འགྱུར་བའི་དོན་ཏོ། །ཆུ་ཀླུང་ནི་ཆུ་བོའོ། ། [197b.6]ཇི་ལྟར་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དོན་ཏེ། རྒྱ་མཚོ་ཉིད་གང་གཱའི་ཆུ་ཀླུང་དང་མཐུན་པ་ཡིན་གྱི། ཆུ་བོ་ཆེན་པོ་གཞན་དག་ནི་མ་ཡིན་ཏེ། དེ་དག་གི་རྒྱུན་འདི་ཉིད་དུ་ཟད་པར་ཡང་སྲིད་པའི་ཕྱིར་ཏེ། དེ་ཉིད་བསྟན་པའི་ཕྱིར་ཤུགས་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ཆེ་བའི་ཕྱིར་རྒྱུན་ཆད་པར་ [197b.7]མི་འགྱུར་ཞིང་འབྱུང་བའི་མཚན་ཉིད་ཀྱི་ཤུགས་གང་ལ་ཡོད་པ་དེ་ནི་གང་གཱའོ། །དེ་བཞིན་ནི་དེ་ལྟར་ཏེ། སྔར་བསྟན་པས་ལམ་མོ། །ཤེས་རབ་ཡངས་པས་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཤེས་རབ་ཡོད་པ་དེས་བསྟན་པ་སྟེ། ཐམས་ཅད་མཁྱེན་པས་བསྟན་པའོ། །འཇུག་ཅེས་ [198a] [198a.1]བྱ་བ་ནི་དེའི་སྤྱོད་པར་རོ། །འཆི་མེད་ཐོབ་པར་བྱ་ཕྱིར་ཞེས་བྱ་བ་ནི་འཆི་བ་ལ་སོགས་པས་འཇིགས་པ་དང་བྲལ་བ་ཐོབ་པར་བྱ་བའི་ཕྱིར་རོ། །དཔེར་ན་ཆུ་བོ་གང་གཱ་ནི་རྒྱ་མཚོར་བགྲོད་པ་གཅིག་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ལམ་ཡང་མྱ་ངན་ལས་ [198a.2]འདས་པ་འཐོབ་པའི་བགྲོད་པ་པ་དུགཅིག་པའོ། །ཤེས་རབ་ཡངས་པས་བཤད་པ་དེ་གང་ཡིན་ཞེ་ན། གང་ཞིག་འབྱུང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོས་ནི་འདིར་འཕགས་པའི་ལམ་སྟེ། དེ་འཁོར་ལོ་བཞིན་དུ་རྩིབས་ལ་སོགས་པ་ཆོས་ཀྱིས་མཐུན་པའི་ཕྱིར་རོ། །འདིའི་འབྱུང་བ་ནི་ [198a.3]ལྷ་ཞིག་གིས་མངོན་པར་བརྗོད་དེ། གནས་བརྟན་ཀཽཎྜི་ནྱས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ་ཞེས་ལུང་ལས་འབྱུང་ངོ་། །སྔོན་ཆད་མ་ཐོས་ཞེས་བྱ་བ་ནི་སྐྱེ་བ་གཞན་དག་ཏུ་སློབ་དཔོན་བརྒྱུད་པ་ལས་མ་འོངས་ཤིང་སྔོན་གྱི་བ་ར་ད་ལ་སོགས་པས་མི་རྙེད་པའི་ཕྱིར་ཏེ། [198a.4]དེས་ནི་འཇིག་རྟེན་པའི་ལམ་གྱི་གཏམ་གྱི་གནས་སྐབས་ཐོབ་པ་ཡིན་གྱི། འཕགས་པའི་ལམ་ནི་མ་ཡིན་ནོ། །བསྐོར་ཞེས་བྱ་བ་ནི་བསྐོར་བར་གྱུར་པ་སྟེ། འདི་ཇི་ལྟར་བདག་གིས་རྟོགས་པ་དེ་བཞིན་དུ་གཞན་གྱི་རྒྱུད་ལ་ཡང་བསྟན་པས་བསྒྲུབ་པའི་ཕྱིར་རོ། །འབྱུང་པོ་ཀུན་ལ་ཐུགས་བརྩེ་ [198a.5]བས། །ཞེས་བྱ་བ་ནི། གང་ལ་སེམས་ཅན་ཐམས་ཅད་ལ་བྱེ་བྲག་མེད་པར་འཇུག་པའི་ཐུགས་རྗེ་མངའ་བ་སྟེ། རྒྱུ་མེད་པར་གཞན་ལ་ཕན་པ་མཛད་པའི་ཕྱིར་དེ་བཞིན་གཤེགས་པས་ལམ་བསྟན་པ་ཡིན་ཏེ། གྲགས་པ་ལ་སོགས་པས་གོས་པའི་ཕྱིར་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། ། [198a.6]སྐྱོབ་པ་ནི་འདིས་སྐྱོབ་པར་བྱེད་པས་སྐྱོབ་པ་སྟེ། དེ་ཉིད་སྟོན་པའོ། །དེ་ནི་འཕགས་པའི་ལམ་བསྟན་པས་གདུལ་བའི་སྐྱེ་བོའི་རྒྱུད་ཡོངས་སུ་སྲུང་བ་སྟེ། དཔེར་ན་བུ་གཅིག་པ་ལ་བརྩེ་བའི་མ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་གསུངས་པའོ། །ཡང་ན་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་ [198a.7]མངའ་བརྙེས་པས་སྐྱོབ་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །དེ་བསྟན་པ་གསལ་བར་བྱ་བའི་ཕྱིར། ལྷ་དང་མི་རྣམས་འདུལ་མཛད་པ། །ཞེས་བྱ་བ་སྨོས་ཏེ། ལྷ་དང་མི་གཉིས་གདུལ་བར་མཛད་པ་ཞེས་བྱ་བའི་ཚིག་སྦྱར་ཏེ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ [198b] [198b.1]ཞེས་ལུང་ལས་འབྱུང་ཞིང་དེ་གཉིས་འབའ་ཞིག་བདེན་པ་རྟོག་པའི་སྐལ་བ་དང་ལྡན་པའི་ཕྱིར་རོ། །འདུལ་མཛད་པ་ནི་སྟོན་པ་མཛད་པའོ། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་སེམས་ཅན་ཁྱད་པར་ཅན་འདི་ལྟ་བུ་སྟེ། འཕགས་པའི་ཁྱད་པར་ཤེས་པ་དང་སོ་སོའི་སྐྱེ་བོ་གུས་པ་དང་ [198b.2]བཅས་པས་རྒྱུན་དུ་སྟེ། ཡོངས་སུ་མྱ་ངན་ལས་འདས་ཀྱང་ཕྱག་འཚལ་བར་འགྱུར་ན་བཞུགས་པར་གྱུར་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །འགྱུར་བ་ཞེས་བྱ་བ་ནི་སྒྲ་བསྟན་པའི་ཕྱིར་སྲེད་པའི་མཐར་ཕྱིན་ཞེས་བྱ་བ་སྨོས་ཏེ། འཁོར་བའི་མཐར་ཐུག་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ [198b.3]ལས་འདས་པར་ཕྱིན་པས་ཀྱང་བསྙེན་བཀུར་བྱ་བའོ། །གང་གི་ཕྱིར་ཐུབ་པ་ནི་ཡོན་ཏན་དང་ལྡན་ཞིང་སྐྱོན་མེད་པའི་ཕྱིར་དང་། གཞན་ལ་ཕན་པ་མཛད་པའི་ཕྱིར་སྐྱེ་བོ་དམ་པ་ཐམས་ཅད་ཀྱིས་མཆོད་པ་ཡིན་ཏེ། དེ་བས་ན་དེས་བསྟན་པ་ཡང་གཟུང་བར་བྱའོ་ཞེས་ཚིགས་སུ་བཅད་པ་འདིས་ [198b.4]བསྟན་ཏོ། །དེ་ནས་བསྟན་པ་འདི་ལ་བརྟེན་པས་དེའི་འབྲས་བུ་ཐོབ་པ་ཡིན་གྱི། གཞན་སེམས་སྐྱོ་བ་དང་ལྡན་པ་རྣམས་ཀྱིས་ནི་མ་ཡིན་གྱི། དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། རྣམ་རྟོག་དགེ་བ་ཞེས་བྱ་བ་ལ་སོགས་པའོ། །སྡིག་པ་རྣམ་པར་རྟོག་པ་ནི་གསུམ་སྟེ། འདོད་པའི་རྣམ་པར་རྟོག་ [198b.5]པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པའོ། །དགེ་བའི་རྣམ་པར་རྟོག་པ་ཡང་གསུམ་སྟེ། ངེས་པར་འབྱུང་བའི་རྣམ་པར་རྟོག་པ་ལ་སོགས་པའོ་ཞེས་པ་ནས་ཇི་ཙམ་ན་འདི་གསུངས་སོ། །གསུམ་ནི་གྲངས་གསུམ་མོ། །དེ་ལས་གཞན་པའི་ [198b.6]རྣམ་པར་རྟོག་པ་ནི་འདིའི་དབྱེ་བ་ཡིན་པས་འདིའི་ནང་དུ་འདུས་པའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་ཀུན་དུ་རྟོག་པའོ། །དགེ་བ་ནི་འདོད་པའི་འབྲས་བུ་སྟེ། ངེས་པར་འབྱུང་བ་ལ་སོགས་པའི་རྣམ་པར་རྟོག་པ། བསམ་གཏན་དང་པོའི་ས་པའི་བརྟག་བྱ་ཞིང་། །ཞེས་བྱ་བ་ནི་མངོན་དུ་ཕྱོགས་པ་དང་ [198b.7]གོམས་པར་བྱ་བའོ། །དེ་ལ་བརྟེན་ནས་ཇི་སྲིད་ན་སྤོང་བ་ཡིན་ཏེ། དེ་སྨྲས་པ། དགེ་བ་མ་ཡིན་གསུམ་ཡང་རྣམ་པར་སྤངས། །ཞེས་བྱ་བའི་འདོད་པ་རྣམ་པར་རྟོག་པ་ལ་སོགས་པ་གསུམ་ནི་འབྲས་བུའི་མི་འདོད་པ་ཡིན་པས་རྣལ་འབྱོར་ཅན་གྱི་རྒྱུད་ལས་ཐག་རིང་དུ་སྤང་བར་བྱའོ། །དེ་ནས་ [199a] [199a.1]ཞེས་བྱ་བ་ནི་མི་དགེ་བའི་རྣམ་པར་རྟོག་པ་གསུམ་སྤངས་ཤིང་མཉམ་པར་གཞག་པས་དགེ་བ་རྣམ་པར་རྟོག་པ་གསུམ་ཡོངས་སུ་བླངས་ནས་སོ། །རྟོག་དང་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་དང་། བསམ་གཏན་དང་པོའི་ས་བའི་སེམས་རགས་པའི་མཚན་ཉིད་ [199a.2]མཐའ་དག་གོ། །དཔྱོད་པ་ནི་སེམས་ཕྲ་བའི་མཚན་ཉིད་དེ་དཔྱད་པ་ནི་བསམ་གཏན་ཁྱད་པར་ཅན་གྱི་ས་པ་ཡིན་ནོ། །ཞི་བར་བྱ་བ་ཞེས་བྱ་བ་ནི་བསལ་བ་དང་སྤང་བར་བྱ་བ་སྟེ། འདི་ལྟར་བསམ་གཏན་དང་པོ་ལ་བརྟེན་ནས། འདོད་པ་ན་སྤྱོད་པའི་དགེ་བ་དང་མི་དགེ་བའི་རྣམ་པར་རྟོག་ [199a.3]པ་དང་། རྣམ་པར་དཔྱོད་པ་སྤོང་བ་ཡིན་ནོ། །བསམ་གཏན་གཉིས་པ་ལ་བརྟེན་ནས་ཀྱང་བསམ་གཏན་དང་པོའི་སྤོང་བ་ཡིན་ཏེ། འདིར་མཐུན་པའི་དཔེ་བསྟན་པ། ཀུན་ནས་རྡུལ་ལངས་ཆར་གྱིས་མནན་པ་ལྟར། །ཞེས་བྱ་བ་ཡིན་ཏེ། དཔེར་ན་ཆར་འབབ་པས་ནི་རླུང་ཆེན་པོ་ལངས་ [199a.4]པས་ཀུན་ནས་བསླང་པའི་རྡུལ་ཉེ་བར་ཞི་བར་བྱེད་པ་དེ་བཞིན་དུའོ། །དེ་ནས་ཞེས་བྱ་བ་ནི་མི་དགེ་བའི་རྣམ་པར་རྟོག་པ་དང་། དགེ་བའི་རྣམ་པར་རྟོག་པ་དང་། དཔྱོད་པ་གཉིས་ཀྱང་མཉམ་པར་གཞག་པའི་ས་པ་དག་གིས་སྤོང་ཞིང་། བླ་མེད་བྱང་ཆུབ་བདེ་ལ་རེག་པར་འགྱུར། །ཞེས་བྱ་བ་ [199a.5]འདི་དང་སྦྱར་རོ། །སེམས་ལ་རྣམ་རྟོག་ཉེར་ཞི་ནས། །ཞེས་བྱ་བ་ནི་གང་ལ་རྣམ་པར་རྟོག་པ་རྣམས་ཉེ་བར་ཞི་ཞིང་བྲལ་བའི་སེམས་ལ་གཅིག་ཏུ་གྱུར་པ་བསམ་གཏན་གཉིས་པ་ལ་སོགས་པ་ཉིད་ལ་བྱེད་པའི་རྒྱུས་འདོད་པའི་ཁམས་སྤང་དཀའ་བ་དེ་དང་། བསམ་གཏན་དང་པོའི་ [199a.6]གཡེང་བའི་རྣམ་པར་ཤེས་པ་འགོག་པར་བྱེད་པ་ནི་གོང་མའི་སྟེ། དེའི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །བྱང་ཆུབ་བདེ་ལ་རེག་པར་འགྱུར། །ཞེས་བྱ་བ་ནི་རྣལ་འབྱོར་ཅན་དེས་ཟས་ལ་མི་སྐྱེ་བའི་ཡེ་ཤེས་དང་འབྲེལ་པས་སྲེད་པ་ཟད་པའི་ཕྱིར་འཐོབ་པའམ། སྙོམས་པར་ཞུགས་ [199a.7]པའི་ཁྱད་པར་གྱི་བདེ་བའོ། །བླ་ན་མེད་ཅེས་བྱ་བའི་སྐྱོན་དང་བྲལ་བའི་ཕྱིར་བྱང་ཆུབ་ཀྱི་བདེ་བ་ནི་མཆོག་ཡིན་ནོ། །དབེན་པ་ལས་སྐྱེད་པ་ཉིད་ཁོ་ནའི་བསམ་གཏན་ལ་སོགས་པས་ཉོན་མོངས་པའི་མདུད་པ་སྤོང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་ [199b] [199b.1]པའོ། །མདུད་པ་རྣམ་པ་བཞི་སྟེ་བརྣབ་སེམས་ལུས་ཀྱི་མདུད་པ་ཞེས་བྱ་བ་ལ་སོགས་པ་ནས་འདི་གསུངས་སོ། །བཙུན་པ་འདོད་པ་ཐམས་ཅད་གང་གིས་སྤོང་བར་འགྱུར་ཞེས་སུ་འདྲི་བ་པོའི་གཅེར་བུ་བའི་ཉན་ཐོས་ཞིག་ལས་བརྩམས་སོ་ཞེས་གཞན་དག་ཟེར་རོ། །ཏིང་ངེ་འཛིན་ནི་ [199b.2]གསུམ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ། གྲངས་གསུམ་པོ་དེ་རྣམས་ལའོ། །ཡིད་གཏད་ཅིང་ཞེས་བྱ་བ་ནི་རབ་ཏུ་ཆགས་པ་དང་སེམས་ཞེན་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །དེའི་མཐུས་མདུད་པ་ཐམས་ཅད་སྤོང་བའི་ཕྱིར་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་ [199b.3]བའི་མདོ་ལས་འབྱུང་བས་སོ། །ཡང་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ལ་སོགས་པ་གསུམ་མོ། །དབེན་པ་ལས་སྐྱེས་ཚད་མེད་བསྒོམ་པར་བྱ། །ཞེས་བྱ་བ་ནི་གང་ཏིང་ངེ་འཛིན་བསྒོམས་པའི་འབྲས་བུ་བསྟན་པ་སྟེ། དེ་ལ་ཡང་དག་པར་བསྟེན་པས་ཚད་མེད་པ་ལ་སོགས་པའི་ [199b.4]ཁྱད་པར་རྣམས་སོ། །ས་འོག་མ་དག་ལས་སྐྱོ་བ་སྐྱེས་ནས་དེ་བྱམས་པ་ལ་སོགས་པ་ཚད་མེད་པ་བསྒོམ་པར་བྱ་སྟེ། ཏིང་ངེ་འཛིན་གྱི་མཐུས་ཐོབ་པའི་ཕྱིར་རོ། །ཡང་ན་དེ་བསྟེན་པར་བྱའོ། །ཚད་མེད་པ་ནི་སེམས་ཅན་ལ་བརྟེན་ནས་འབྱུང་སྟེ། ཚད་མེད་པའི་བསོད་ནམས་འབྱུང་བའི་ [199b.5]ཕྱིར་དང་། ཚད་མེད་པའི་འདོད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་ཞེས་བརྗོད་པ་ནི་གནོད་སེམས་དང་། རྣམ་པར་འཚེ་བ་ལ་མངོན་པར་དགའ་ཞིང་འདོད་པ་ལ་འདོད་ཆགས་དང་གནོད་སེམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཚད་མེད་པ་བཞིའི་ [199b.6]སྒྲར་བརྗོད་དོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་སྤྱིར་བསྟན་ནས། འཇིག་རྟེན་ལས་འདས་པའི་ལམ་གྱི་རབ་ཏུ་དབྱེ་བ་ནི་གནས་གསུམ་ཞེས་བྱ་བ་སྨོས་ཏེ། ཁམས་གསུམ་པ་འདི་ནི་སེམས་ཅན་རྣམས་ཀྱི་གནས་ཏེ་རྟེན་ཡིན་ནོ། །གཞན་དག་ནི་ངན་སོང་གསུམ་དུ་འདོད་ [199b.7]དེ། དེ་གང་གི་ཕྱིར་དེ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་བཞིན་གྱི་གནས་ཏེ། དེ་ཡང་མཐོང་བའི་ལམ་གྱིས་རིང་དུ་བྱས་པ་ཡིན་ནོ། །གསུམ་པོ་རྣམས་ཀྱིས་གནས་གསུམ་རབ་ཏུ་དྲལ། །ཞེས་བྱ་བ་ནི་སྔར་བཤད་པའི་ཏིང་ངེ་འཛིན་གསུམ་སྟེ། དེའི་གཉེན་པོར་གྱུར་པས་རྡོ་རྗེས་རི་ཆེན་པོ་ཕྱེ་ [200a] [200a.1]མར་འཇོམས་ཤིང་འཐག་པ་བཞིན་དུ་སྤོང་བ་ཡིན་ནོ། །གསུམ་སྨོས་པ་ནི་ཚད་མེད་པ་རྣམ་པར་བཅད་པའི་ཕྱིར་རོ། །དེ་དག་ནི་གཞི་ཡིན་པའི་ཕྱིར་དང་། མོས་པ་ཙམ་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ཉིད་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་སྤོང་བ་ཉིད་དོ། །ཡང་ན་ [200a.2]གསུམ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕུང་པོ་དང་། འཕགས་པའི་ལམ་གྱི་ཕུང་པོ་གསུམ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དག་པར་ཞུགས་པའི་རྣལ་འབྱོར་ཅན་གྱིས་ནི་ཞི་བྱ་ཞིང་ཞེས་བྱ་བ་སྟེ། རབ་ཏུ་སྤང་བའོ། །མདུད་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་ [200a.3]མོངས་པ་འཆིང་བར་འགྱུར་བ་སྟེ། བདག་ཉིད་འཆིང་བར་བྱེད་པའི་ཕྱིར་མདུད་པ་འདི་དག་ནི་ཕྲ་རྒྱས་ཏེ། འཁོར་བའི་རྩ་བ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །འདིས་བསྒོམ་པའི་ལམ་གྱི་བྱ་བ་བསྟན་ནས། མི་སློབ་པའི་ལམ་བསྟན་པ། ངེས་པ་སྲུང་བ་ཡིན་པས་ན་རྟོགས་ཤིང་ [200a.4]མཁས་པ་སྟེ་དེ་ཉིད་ཀྱིས་བདག་དང་གཞན་ཡོངས་སུ་སྲུང་བར་ནུས་པའི་ཕྱིར་རོ། །འདིས་ནི་ཤེས་བཞིན་དང་ལྡན་པར་བསྟན་ཏོ། །ངེས་པར་རྟོག་པ་སྔོན་དུ་འགྲོ་བས་བག་ཡོད་པ་སྟེ། ངེས་པར་རྟོག་པར་བྱེད་པ་ཞེས་གཞན་དག་ཟེར་རོ། །དྲན་ལྡན་ཞེས་བྱ་བ་ནི་དྲན་པ་འཇུག་པ་དང་། དྲན་ [200a.5]པ་དང་ལྡན་པར་རྟག་ཏུ་ཉེ་བར་མཚོན་པ་ཡིན་ཏེ། ཇི་སྐད་དུ། དྲུག་ལ་རྟག་ཏུ་གནས་པ་སྟེ། གང་ཞེ་ན། འདི་ལ་མིག་གིས་གཟུགས་ལྟ་བ་ན་ཡིད་བདེ་བར་མི་འགྱུར་ལ། ཡིད་མི་བདེ་བར་ཡང་མི་འགྱུར་ཞིང་བཏང་སྙོམས་ལ་གནས་པ་ནི་དྲན་པ་ཤེས་བཞིན་ཞེས་བྱ་བ་ལ་སོགས་པའོ། ། [200a.6]ཁམས་གསུམ་སྤངས་པ་ཉིད་དམ་མདུད་པ་ཉེ་བར་ཞི་བ་ཉིད་ནི་ཕ་རོལ་དུ་ཕྱིན་པ་ཡིན་གྱི། རྒྱ་མཚོ་རྒལ་བ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཤེས་རབ་མཚོན་ཆ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །མཚོན་ནི་རྣམ་པ་གསུམ་སྟེ། ཐོས་པའི་མཚོན་ [200a.7]དང་ཤེས་རབ་ཀྱི་མཚོན་དང་། །ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །དེ་ལས་ཤེས་རབ་ཀྱི་མཚོན་ནི་འདིར་ཤེས་རབ་ཀྱི་ཚོགས་ཐོས་པ་ལ་ཤེས་རབ་ཏུ་གསུངས་ཏེ། དེ་ནི་མཚོན་བཞིན་དུ་བག་ལ་ཉལ་ལ་སོགས་པ་འཇོམས་པར་བྱེད་པའི་ཕྱིར་རོ། །བརྩོན་འགྲུས་སྟོབས་ཞེས་ [200b] [200b.1]བྱ་བ་ལ་སོགས་པས་ནི་དབེན་པའི་མཚོན་བསྟན་ཏོ། །འཇིག་རྟེན་སྐྱེ་དང་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་མཚོན་བསྟན་ཏོ། །ཀུན་ལས་རབ་ཏུ་རྣམ་གྲོལ་ཞེས་བྱ་བ་ལ་སོགས་པས་ནི་དེའི་འབྲས་བུ་སྟེ། འདི་ནི་བསྡུས་པའི་དོན་ཏོ། །བཙུན་པ་ཕ་རོལ་དུ་ཕྱིན་པས་ན་དགེ་སློང་ཞེས་བརྗོད་ན་ [200b.2]ཇི་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པར་འགྱུར་ཞེས་པ་ལས་དེའི་དབང་དུ་མཛད་ནས་གསུངས་སོ་ཞེས་གཞན་དག་ཟེར་རོ། །འདིར་དོན་རྒྱ་ཆེར་བཤད་པ་གང་ལ་ཤེས་རབ་ཀྱིས་དེ་བཞིན་ཉིད་ངེས་པར་བྱས་པའི་མཚོན་ཡོད་པ་དེ་ནི་ཤེས་རབ་མཚོན་ནོ། །དཔེར་ན་འཐབ་མོའི་དུས་སུ་མཚོན་གྱིས་དགྲའི་དཔུང་ཕམ་ [200b.3]པར་བྱེད་པ་དེ་བཞིན་དུ་ལེན་པར་རབ་ཏུ་ཞུགས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་སྟེ། ཡེ་ཤེས་ཀྱིས་ནི་ཉོན་མོངས་པ་གཅོད་པ་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །བརྩོན་འགྲུས་སྟོབས་ཞེས་བྱ་བ་ལ། བརྩོན་འགྲུས་ནི་ཡང་དག་པར་སྤོང་བ་བཞི་སྟེ། དེ་དག་ནི་དཔུང་གི་ཚོགས་ཡན་ལག་བཞི་པ་ [200b.4]བཞིན་ཏེ། བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པའི་འཕགས་པ་ཉན་ཐོས་དག་གིས་ནི་མི་དགེ་བ་རྣམས་སྤོང་བར་འགྱུར་རོ་ཞེས་པའི་ཚིག་གིས་སོ། །དེ་དང་ལྡན་པ་ནི་ཐོབ་པ་སྟེ། དེ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་དོན་ཏོ། །མཉམ་པར་གཞག་པ་ཞེས་བྱ་བ་ནི་སེམས་རྩེ་གཅིག་པ་སྟེ། གཡེང་ [200b.5]བ་གཅོད་པར་བྱེད་ཅིང་ནན་ཏན་དུ་ནུས་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་དགའ་བས་ཞེས་བྱ་བ་ནི་དེ་ལ་མོས་པ་སྟེ། ཡིད་ཆེས་པ་སྐྱེས་ཤིང་དད་པ་ཐོབ་པར་གྱུར་ན་ནི་དེ་བསྒོམ་པར་འགྱུར་རོ། །ཡང་ན་དགའ་བ་ནི་རོ་མྱང་བ་སྟེ། དེའི་ཕྱིར་དེ་སྒོམ་པ་མཆོག་ཏུ་བྱེད་པར་འགྱུར་རོ། །དྲན་ལྡན་ [200b.6]ཞེས་བྱ་བ་ནི་དྲན་པ་དང་ལྡན་པ་སྟེ། འདིས་ནི་འཕགས་པའི་ལམ་གྱི་ཚོགས་དབང་པོ་ལྔའི་སྟོབས་བསྟན་ནས་འཕགས་པའི་ལམ་བཤད་པ། འཇིག་རྟེན་སྐྱེ་དང་འཇིག་པར་རྟོགས་ནས་ནི། །ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལ་ཟག་པ་མེད་པའི་ཡེ་ཤེས་ཀྱིས་འབྱུང་བ་དང་འགག་པར་ [200b.7]རྟོགས་པ་དེ་ནི་ཕ་རོལ་དུ་ཕྱིན་ཞེས་བརྗོད་པར་བྱ་བ་དང་སྦྱར་རོ། །ཇི་ལྟ་བུར་ཤེས་པ་ཡིན་ཞེ་ན། དེ་རིག་ཡིན་ཞེས་བྱ་བ་སྨོས་ཏེ། དེ་ཤེས་པར་བྱེད་པ་ཡིན་ཏེ། གང་མཐོང་བ་དེ་ནི་མིག་དང་ལྡན་པར་དེ་བཞིན་ནོ། །འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཀུན་ལས་རབ་ཏུ་རྣམ་གྲོལ་ [201a] [201a.1]ཞེས་བྱ་བ་ནི་ཕྲ་རྒྱས་ཐམས་ཅད་དང་དེའི་གཞི་དག་ལས་ཡོངས་སུ་གྲོལ་བ་སྟེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འཇིག་རྟེན་མཐའ་མ་ཞེས་བྱ་བ་ནི་འཁོར་བའི་མཐའ་མའོ། །ལེགས་པར་རྟོགས་གྱུར་ནས་ཞེས་བྱ་བ་ནི། དེ་ཉིད་ཕྱིན་ཅི་ [201a.2]མ་ལོག་པར་ཡོངས་སུ་རྟོགས་པ་སྟེ། འདིས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བསྟན་ཏོ། །དེའི་འོག་ཏུ་དེ་བཞིན་ཉིད་ཤེས་པ་ཁོ་ནས་འཇིག་རྟེན་གྱི་མཐར་གྲོལ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འཇིག་རྟེན་མཐར་སོན་པ་ཞེས་བྱ་བ་སྨོས་ཏེ། [201a.3]ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཞུགས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །འདིས་ནི་འདུས་བྱས་ཐམས་ཅད་ཀྱི་རྒྱ་མཚོ་ལས་རྒལ་བའི་ཕྱིར་རོ། །ཡང་འཇིག་རྟེན་ལས་འདས་པའི་ལམ་བསྟན་པའི་ཕན་ཡོན་རྒྱ་ཆེར་བཤད་པ། གང་གིས་ཞི་བ་ཞེས་བྱ་བ་ལ་སོགས་ [201a.4]པའོ། །བདེ་འདོད་བདེ་བ་འཐོབ་ཅེས་བྱ་བ་ལ། གལ་ཏེ་བདེ་བ་འདོད་ན་ནི་བདེ་འགྲོའི་བདེ་བ་དང་སྲེད་པ་ཟད་པའི་བདེ་བ་འཐོབ་པར་འགྱུར་རོ། །དེ་གང་གིས་ཤེ་ན། དེ་ལྟར་སྤྱོད་པས་ཞེས་བྱ་བ་སྨོས་ཏེ། སྔར་བསྟན་པའི་རྣམ་པས་ལམ་བསྒོམ་པའི་ཁྱད་པར་ལ་སྤྱོད་པས་སོ། །སྙན་པ་ཐོབ་ [201a.5]ཅེས་བྱ་བ་ནི་མངོན་དུ་རབ་ཏུ་བསྔགས་པ་འཐོབ་པའོ། །གྲགས་པ་འཕེལ་བར་འགྱུར་ཞེས་བྱ་བ་ནི་ལྐོག་ན་གྲགས་པ་དེའི་བསྔགས་པ་ཡང་དག་པར་བརྗོད་པ་སྟེ། དེ་སྩོགས་ཤིང་འཕེལ་བར་འགྱུར་རོ། །གང་གི་ཚེ་ཞེ་ན། སྨྲས་པ། གང་ཟག་གང་གིས་ལམ་དྲང་པོ་བསྒོམ་པ་ཞེས་བྱ་བ་ [201a.6]དང་སྦྱར་རོ། །འཕགས་པ་དེ་ཇི་ལྟ་བུ་ཞེ་ན། ཟག་པ་མེད་པའོ། །ལམ་ཡན་ལག་བརྒྱད་ཅེས་བྱ་བ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་འདི་ལ་ཡོད་པའོ། །དྲང་པོ་ནི་མ་ཡོ་བ་སྟེ། དོན་དམ་པའི་དོན་ཡིན་པའི་ཕྱིར་རོ། །གང་བདེ་བ་འདོད་པ་དག་གིས་བསྒོམ་པ་ཞི་བ་ནི་འཁོར་བའི་གནོད་པ་ [201a.7]ཞི་བ་ཐོབ་པར་བྱེད་པའི་ཕྱིར་རོ། །ལམ་བསྒོམ་པ་ཞེས་བྱ་བ་ནི་ཐར་པའི་ཐབས་ལ་གོམས་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། དེས་ནི་བདུད་རྩི་རྙེད་ཅེས་བྱ་བ་ཡིན་ཏེ། འཆི་བ་མེད་པའི་གནས་སྒྲུབ་པའི་ཕྱིར་རོ། །གང་བདེ་བ་འདོད་པ་དག་གིས་བསྒོམས་ན་ཇི་སྲིད་དུ་བདུད་རྩི་དེས་ངེས་ [201b] [201b.1]པར་འཐོབ་པ་ཡིན་ཏེ། སླུ་བ་མེད་པའི་ཕྱིར་རོ། །ལམ་གྱི་ཚོམས་ཏེ་བཅུ་གཉིས་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།ད་ནི་བཀུར་སྟིའི་ཚོམས་བརྗོད་པར་བྱ་བ་སྟེ། ལམ་བསྒོམས་པ་ལ་ནི་གཅིག་ཏུ་བགེགས་འཇུག་པ་ཡིན་པས་དེ་སྤང་བའི་ཕྱིར་རོ། །རྙེད་པ་དང་བཀུར་སྟི་ [201b.2]ལ་མངོན་པར་དགའ་བ་རྣམས་ནི་ཁྱད་པར་གྱིས་ཐོབ་པ་ལས་ཉམས་པ་ཡིན་ཏེ། གང་ལས་ཤེ་ན། གཙང་བའི་ཐོབ་པ་ལས་སོ། །དྲེའུ་མོ་རང་གི་མངལ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་པོའི་ཁབ་ན་ལྷ་སྦྱིན་གྱིས་འདི་ལྟ་བུའི་ཚུལ་གྱིས་རྙེད་པ་དང་བཀུར་སྟི་བསྒྲུབ་པར་འགྱུར་ཏེ། [201b.3]ལུས་འཕགས་མོའི་བུ་མ་ག་དྷྭའི་རྒྱལ་པོ་མ་སྐྱེས་དགྲ་ཤིང་རྟ་ལྔ་བརྒྱ་ཙམ་དང་ལྷན་ཅིག་ནང་དང་ནུབ་ཏུ་བསྙེན་བཀུར་བྱེད་ཅིང་ཕྱིར་བྱུང་བ་དང་ལྔ་བརྒྱ་ཙམ་གྱི་འདི་ལ་སྣོད་ཀྱི་བཙོ་བ་དག་རིམ་གྱིས་འབྲལ་བར་བྱེད་དོ། །ལྷ་སྦྱིན་ཡང་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཟས་ཀྱི་གྲལ་དང་པོར་ཉེ་ [201b.4]བར་འདུག་པར་གྱུར་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་སྔ་དྲོ་ཞེས་བྱ་བ་ནས། ཇི་ཙམ་ན་དགེ་སློང་དག་ཁྱེད་ཅག་ལྷ་སྦྱིན་གྱི་རྙེད་པ་དང་བཀུར་སྟི་ལ་འདོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ལྷ་སྦྱིན་གྱི་རྙེད་པ་དང་བཀུར་སྟི་ནི་གནོད་པར་བྱེད་པའི་ཕྱིར་ཏེ། འདི་ལྟ་སྟེ་གསོད་ [201b.5]པའི་ཕྱིར་ཆུ་ཤིང་འབྲས་བུ་འབྱུང་བར་འགྱུར་བ་ལྟ་བུའོ་ཞེས་བྱ་བ་ནས་ཇི་སྲིད་དུ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཆུ་ཤིང་འབྲས་བུས་ཕུང་བ་ལྟར། །ཞེས་བྱ་བ་ནི་ཆུ་ཤིང་གི་འབྲས་བུ་མོ་ཙ་ཞེས་བྱ་བ་སྐྱེས་པར་གྱུར་ན་དེ་ཉིད་ཀྱིས་ཆུ་ཤིང་ཕུང་བ་སྟེ་སྐེམ་པར་བྱེད་དོ། །ལྟར་ཞེས་ [201b.6]བྱ་བ་ནི་དེ་བཞིན་ནོ། །སྨྱིག་མ་འབྲས་བུས་ཞེས་བྱ་བ་ནི་གྲོ་ལྟ་བུ་ཞིག་སྐྱེས་པར་གྱུར་ན་དེ་ཉིད་ཀྱིས་སྨྱིག་མའམ། འོད་མ་སྟེ་ཕུང་བ་ནི་སྐམ་པའོ། །འདམ་བུ་འབྲས་བུས་ཞེས་བྱ་བ་ནི་གང་གི་ཚེ་འདམ་བུའི་འབྲས་བུ་སྐྱེས་པ་དེའི་ཚེ་འདམ་བུ་སྐམ་པར་འགྱུར་རོ། །དེའི་འབྲས་བུ་ས་བོན་ [201b.7]ནི་མེ་ཏོག་ཕྲེང་བ་ལྟ་བུ་ཞིག་ཡོད་དེ། མེ་ཏོག་ཙམ་ཁོ་ན་དེའི་འབྲས་བུ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །དྲེའུ་མོ་རང་གི་མངལ་གྱིས་དང་། །ཞེས་བྱ་བ་ནི། གང་གི་ཚེ་དྲེའུ་མོའི་མངལ་ཆགས་པ་དེའི་ཚེ་དེའི་མངལ་དང་བཅས་པར་མ་ཉིད་འཆི་བར་འགྱུར་ཏེ། འདི་ལྟར་དེ་ནང་དུ་ [202a] [202a.1]མངལ་ཆགས་པ་སྨིན་པར་ཤེས་ནས། དེ་ལ་བསླབ་པའི་སྐྱེས་བུ་མཚོན་གྱིས་དཀུ་དྲལ་ཏེ་མངལ་དེ་བླང་བར་བྱའི། གཞན་དུ་ན་མངལ་དང་བཅས་པར་མ་ཉིད་འཆི་བར་འགྱུར་ཏེ། དེས་དཔེ་བསྟན་ནས་དཔེས་གཞལ་བར་བྱ་བ་སྨྲས་པ། ཕོ་བཤལ་བཀུར་སྟིས་ [202a.2]ཕུང་བར་འགྱུར། །ཞེས་བྱ་བ་ཡིན་ཏེ་སྨད་པའི་མི་ནི་སྐྱེས་བུ་ངན་པ་སྟེ་རྨོངས་པའོ། །བདག་ལ་མཆོད་ཅིང་གུས་པར་བྱས་པའི་བསྙེན་བཀུར་གྱིས་ནི་སྐྱེས་བུ་གླེན་པ་ཕུང་བར་འགྱུར་བ་ཡིན་ཏེ། ཐོབ་པའི་ཡོན་ཏན་དག་ལས་ཉམས་ཤིང་ཚུལ་ཁྲིམས་དང་ལྟ་བ་དང་སྤྱོད་པ་དང་། ཀུན་དུ་ [202a.3]འཚོ་བ་ཕུན་སུམ་ཚོགས་པ་དང་མི་མཐུན་པ་ཉིད་ཡིན་ཏེ། དཔེ་རྣམ་པ་བཞིས་བསྟན་པ་ཡིན་ནོ། །རྙེད་པ་དང་བཀུར་སྟི་ཐོབ་པའི་ཡོན་ཏན་དག་ཉམས་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་དེ། སྐྱེ་བའམ་བསྐྱེད་པར་འདོད་པའི་ཡོན་ཏན་དག་གི་ཡང་བགེགས་ཉིད་དུ་བསྟན་པའི་ཕྱིར། ཇི་སྲིད་ [202a.4]བླུན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངེས་པར་བཟུང་ཞིང་བཅད་པའི་ཕྱིར་འདི་ནི་ཚིག་གི་ཕྲད་ཡིན་ཏེ། འདི་ལ་ཇི་ཙམ་གྱི་ཚད་ནི་ཇི་སྲིད་དེ། ཇི་སྲིད་དུ་ཤས་ཆེ་ཞིང་ཆེ་བ་རྣམས་ཀྱི་དབྱེ་བས་བླུན་པོ་དག་ལ་མཆོད་པ་བྱས་པར་འགྱུར་བ་སྟེ། བཀུར་སྟིའི་འཆིང་བ་ཞེས་བསྟན་པ་དེ་ [202a.5]སྲིད་ཀྱི་བར་དུ་ཕུང་བ་ནི་བརླག་པར་འགྱུར་བ་སྟེ། གང་ཡོན་ཏན་ཐམས་ཅད་ཉམས་པ་འཐོབ་པར་འགྱུར་བའོ། །ཇི་སྲིད་ཅེས་བྱ་བའི་སྒྲའི་ནུས་པ་ནི་མ་བཤད་པ་རྣམས་ཀྱང་བསྡུ་བ་སྟེ། དེ་སྲིད་ཅེས་པའི་སྒྲ་དང་འབྲེལ་བ་ཡིན་པའི་ཕྱིར་རོ། །མཆོད་བྱས་པ་ཞེས་བྱ་བ་ནི་བསྙེན་ [202a.6]བཀུར་དང་མཆོད་པ་ཞེས་བྱ་བའི་དོན་ཏེ། འདིར་ཤེས་པའི་སྒྲ་ནི་མཆོད་པ་ལ་འཇུག་པ་སྟེ། ཇི་ལྟར་ཕར་ཤེས་པ་དང་མར་ཤེས་པ་ལ་སོགས་པ་ལྟ་བུའོ། །འོ་ན་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བ་དང་བླ་མར་བྱ་བ་ལ་སོགས་པ་བརྗོད་དེ་བརླག་པར་འགྱུར་ [202a.7]རམ་ཞེ་ན། སྨྲས་པ། བྱིས་པ་ཞེས་བྱ་བ་སྟེ་གླེན་པའོ། །ཇི་ལྟར་འདི་ཉིད་བརླག་པར་འགྱུར་བ་ཡིན་ཞེ་ན། དཀར་པོའི་ཆ་འགྲིབ་ཅིང་ཞེས་བྱ་བ་སྨོས་ཏེ། དཀར་པོ་ནི་ཐར་པ་དང་དེའི་ལམ་སྟེ། དཀར་པོ་ནི་མྱ་ངན་ལས་འདས་པའི་ཡུལ་སྟོན་པ་ཡིན་ནོ་ཞེས་པའི་ཚིག་གིས་ [202b] [202b.1]སོ། །དེའི་ཆ་ནི་ངེས་པར་འབྱེད་པའི་ཆ་སྟེ། དེ་ཡང་རྙེད་པ་དང་བཀུར་སྟིས་ཉམས་པར་བྱེད་པ་ཡིན་ན། དགེ་བ་གཞན་ལྟ་སྨོས་ཀྱང་ཅི་དགོས། དྲོ་བར་གྱུར་བ་ཉམས་པར་འགྱུར་བ་ནི་རེ་ཞིག་ཕར་གཞག་གི །འོན་ཀྱང་དེ་ཡི་སྤྱི་བོའང་ངེས་པར་ཉམས། །ཞེས་བྱ་བ་སྟེ། སྤྱི་བོའི་མིང་ཅན་དེ་ [202b.2]ལ་ཡང་གནོད་པ་ཡིན་ཏེ། བྱིས་པ་འདིས་ངེས་པར་འབྱེད་པའི་ཆ་ཉམས་པར་བྱེད་ཅིང་ཡོངས་སུ་འཇིག་པར་བྱེད་དོ། །ལྷ་སྦྱིན་ལས་བརྩམས་ཏེ་འདི་བཤད་པ་ཡིན་གྱི། རྩེ་མོ་ཐོབ་པར་གྱུར་པ་ལ་ནི་འདི་མེད་དེ། དགེ་བའི་རྩ་བ་རྒྱུན་ཆད་པ་མེད་པའི་ཕྱིར། རྩེ་མོ་ཐོབ་པ་རྩ་མི་འཆད། །ཅེས་ [202b.3]བྱ་བ་ཡིན་པས་སོ། །མ་ཐོབ་པ་ཉམས་པའི་དབང་དུ་བྱས་པ་ཡིན་པས་ཚིག་འདི་ལ་རྩོད་པ་མེད་དོ། །གཞན་དག་ནི་འོད་མའི་ཚལ་ན་ཚོང་དཔོན་གཞལ་བ་ལ་གཡོ་བྱེད་པ་ཞིག་ཡོད་དེ། སྤྱིའི་སྲང་མདའ་ཆ་སྤྱད་བཅོས་པ་ལས་འདི་གསུངས་ཏེ། དེས་ན་དེ་ལ་ཡང་རྩོད་པའི་སྐབས་མེད་དོ། ། [202b.4]བྱིས་པ་ཉིད་ལ་ནི་ཁྱད་པར་དུ་བར་དུ་གཅོད་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏེ། དེ་ག་ལས་ཤེ་ན། སྨྲས་པ། འདི་ལྟར་ངན་པ་ཞེས་བྱ་བ་ལ་སོགས་པའོ། །རིགས་ཁྱད་པར་ཅན་ལས་རབ་ཏུ་བྱུང་བ་བུམ་པ་བཟང་པོའི་རྒན་པོ་ཞིག་གིས་གྲངས་སྟོང་ཙམ་གྱི་དགེ་འདུན་ཉེ་དགའ་ལ་སོགས་པ་ [202b.5]སྤྱན་དྲངས་པ་ལས་དེ་དག་ཀྱང་དེའི་གཙུག་ལག་ཁང་དུ་སོང་སྟེ། དེ་དག་ལ་ཅུང་ཟད་ཀྱང་མ་བྱིན་ནས་དེ་ཐམས་ཅད་དེའི་གནས་སུ་འདུག་པ་ནི་ཉེས་པ་གཅིག་གོ། །དེ་ཉིད་ཀྱིས་གློ་བུར་དུ་འོངས་པའི་ཤིན་ཏུ་རྒན་པ་དག་གི་མདུན་དུ་འདུག་ཅིང་བདག་པོ་བྱེད་པ་འདི་ནི་གཉིས་པའོ། །དེ་བཞིན་དུ་ [202b.6]དགེ་སློང་གཞན་དག་གནས་ན་རབ་ཏུ་གནས་པ་ལས་འབྱིན་པ་འདི་ནི་གསུམ་པའོ། །བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་དང་གཙུག་ལག་ཁང་གཞན་དག་ཏུ་དེ་ཡང་མཆོད་པ་འདོད་པ་འདི་ནི་བཞི་པ་སྟེ། དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་བཞི་གསུངས་སོ། །ངན་པ་ནི་བྱིས་ [202b.7]པ་སྟེ་ཕོ་བཤལ་ཞེས་བྱ་བའི་དོན་ཏོ། །རྙེད་པ་འདོད་པ་ནི་ནོར་ལ་སོགས་པ་ཐོབ་པར་མངོན་པར་འདོད་པའོ། །གཞན་དག་ཏུ་ནི་སྲིད་པ་འདོད་པ་ཞེས་བརྗོད་དེ་སྲིད་པ་ནི་ཡང་དག་པར་སྲིད་པ་སྟེ། ཤེས་པར་བྱེད་པ་དང་བརྗོད་པ་སྟེ་འཇིག་རྟེན་པ་རྣམས་བདག་ལ་མ་དག་པ་ཡིན་ཡང་དད་པར་ [203a] [203a.1]ཤེས་སུ་འཇུག་པ་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་རྙེད་པ་དང་བཀུར་སྟིའི་དངོས་པོ་དོན་དུ་གཉེར་བའོ། །གང་ཡང་སྐྱེ་བོ་ངན་པའི་མཚན་ཉིད་གཅིག་ཏུ་གནས་པ་བསྟན་པའི་ཕྱིར། དགེ་སློང་འཁོར་ནི་འདོད་པ་དང་། །ཞེས་བྱ་བ་སྨོས་ཏེ། ཡོན་ཏན་ཆེ་བའི་རྒན་ [203a.2]ཞིང་རྒན་པའི་དགེ་སློང་རྣམས་ལས་གཙོ་བོ་དང་མཆོག་དང་བཅས་པ་དང་འདྲེན་པ་ཉིད་དུ་འདོད་པ་ནི་དང་གི་སྒྲའོ། །ཡང་ན་འཁོར་ཉིད་དུ་སྟེ། ཀྱེ་མའོ་དགེ་སློང་དག་ང་ལ་འཁོར་གྱི་དྲི་བ་དྲིས་ལ་བསྙེན་བཀུར་གྱིས་ཏེ་འདུག་ཤིག་དང་ཞེས་པའོ། །གནས་ལ་སེར་སྣ་བྱེད་པ་དག །ཅེས་བྱ་བ་ [203a.3]ནི་གཙུག་ལག་ཁང་དང་གནས་ཁང་སྡེ་ལ་སོགས་པ་ལས་དམ་པ་དག་ཀུན་དུ་འཛིན་པ་ཡིན་ཏེ། འདི་དག་ཏུ་ནི་མི་གནས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་གྱིས་ཐོབ་པར་མི་འདོད་ཅིང་བདག་ཉིད་ཀྱིས་ཡོངས་སུ་འཛིན་པ་ཡིན་ནོ། །རིགས་གཞན་དག་གིས་མཆོད་པ་དང་། ། [203a.4]ཞེས་བྱ་བ་ནི་རིགས་གཞན་དེ་དག་ནི་ཉེ་དུའི་རིགས་མ་ཡིན་པ་སྟེ། ཀྱེ་མའོ་ང་ལ་གཉེན་བཞིན་དུ་སྦྱིན་པ་དང་མཆོད་པ་གྱིས་ཤིག་གཞན་དག་ལ་ནི་མ་ཡིན་ནོ་ཞེས་སོ། །ཡོངས་སུ་ཤེས་པར་བྱེད་པས་ཆགས་པ་ལ་སོགས་པ་སྲིད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རབ་ཏུ་བྱུང་དང་ཞེས་བྱ་བ་ [203a.5]ལ་སོགས་པའོ། །ཡང་ངེས་པར་དེ་ལྟར་གྱུར་ཅིག་པ་སྟེ། གང་ཁྱིམ་པ་ཐམས་ཅད་དམ་རབ་ཏུ་བྱུང་བ་ཐམས་ཅད་དེ་གང་ཡང་རུང་བས་བདག་ལ་གཙོ་བོ་ཉིད་དུ་འཕྲིགས་པར་གྱུར་ཅིག་ཅེས་དམ་པ་མ་ཡིན་པ་ཡོངས་སུ་རྟོགས་པར་བྱེད་པའོ། །ཁྱིམ་པ་དག་ནི་ཁྱིམ་ན་གནས་པའོ། །རབ་ཏུ་ [203a.6]བྱུང་བ་ནི་ཁྱིམ་སྤངས་པ་སྟེ། ཁྱིམ་པ་དང་རབ་ཏུ་བྱུང་བ་གང་ཡང་རུང་བས་བདག་ལ་དེ་ལྟར་འཕྲིགས་པར་འགྱུར་གྱི། གཞན་དག་ལ་ནི་མ་ཡིན་པར་རོ། །བདག་དབང་གྱུར་ན་ཞེས་བྱ་བ་ནི་བདག་ལ་རག་ལུས་པ་དང་འབྲེལ་པའོ། །རེ་སྟེས་ཞེས་བྱ་བ་ནི་གྱུར་ཅིག་པ་སྟེ། གང་ཡང་རུང་བ་ [203a.7]ཞེས་བྱ་བ་འདི་རྗེས་སུ་འབྲེང་ངོ་། །གང་དུ་ཞེ་ན། བྱ་བ་བྱས་རུང་མ་བྱས་རུང་། །ཞེས་བྱ་བ་སྨོས་ཏེ། གང་ཅུང་ཟད་བྱ་བ་དང་མི་བྱ་བ་ཐམས་ཅད་ལ་འདི་དག་བྱེད་པའམ་མི་བྱེད་པ་དེ་ཡང་བདག་གི་ལུང་བཞིན་དུ་བྱེད་པར་གྱུར་ཅིག་པའི་དོན་ཏོ། །ཡང་ན་བྱ་བ་ཆེ་ཆུང་ཅུང་ཟད་བྱས་པ་དང་མ་ [203b] [203b.1]བྱས་པ་དག་ལ་སྟེ། ལྷ་མོ་སྐེད་མེད་བཞིན་ནོ། །དེ་ལྟར་བྱིས་པ་ཀུན་རྟོག་ན། །ཞེས་བྱ་བ་ནི་རྣམ་པ་འདིས་ན་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་པའི་ཀླན་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་འཕེལ་བ་ཡིན་ཏེ། རྩྭ་ལ་ཆར་འབབ་པ་བཞིན་དུ། །སེམས་ལ་འདོད་ཆེན་འཕེལ་ [203b.2]བར་འགྱུར། །ཞེས་བྱ་བ་སྟེ། སྲེད་པ་དང་ང་རྒྱལ་འདིའི་ཕྱིར་ཉེ་བར་འཕེལ་བར་འགྱུར་ཏེ། གཉིས་པོ་འདི་དག་ནི་འཁོར་བའི་རྩ་བ་ཡིན་ནོ། །རྙེད་པ་དང་བཀུར་སྟིས་ནི་འཁོར་བར་ཡོངས་སུ་འཁྱམ་པ་ཡིན་ཞིང་ཐར་པ་ཐོབ་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྙེད་པའི་ཐབས་ནི་གཞན་ཡིན་ལ། །ཞེས་བྱ་ [203b.3]བས་བསྟན་ཏེ་ཐབས་ནི་བྱེད་པ་དང་རྒྱུ་ཡིན་ནོ། །དེ་ནི་གཞན་ལྟར་སྣང་བ་ཡིན་ཏེ། འདི་ལྟར་འཁོར་བ་འཐོབ་པའི་ཐབས་ནི་སྲེད་པ་ལ་སོགས་པ་སྟེ། དེ་ཉིད་ནི་ལུས་ལ་སོགས་པ་འཐོབ་པའི་ཐབས་ཡིན་ནོ། །མྱ་ངན་ལས་འདས་པར་འགྲོ་བ་དང་འཐོབ་པར་བྱེད་པའི་ཐབས་ནི་གཞན་ཡིན་ཏེ། དེ་ལས་ [203b.4]གཞན་པ་ཉིད་ནི་ཐར་པར་འགྲོ་བའི་ཐབས་ཡིན་ཏེ། ཆོས་ཤེས་པ་དང་། བདག་མེད་པ་དང་། ཚུལ་ཁྲིམས་ལ་གོམས་པའི་བདག་ཉིད་ཅན་ནོ། །རྙེད་པ་དང་བཀུར་སྟི་ནི་ཐབས་གཞན་ཡིན་ཏེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་ཚུལ་ཏེ། དེའི་འབྲས་བུ་ཡང་འཁོར་བའོ་ཞེས་བྱ་བ་ནི་ཚིག་གི་ [203b.5]ལྷག་མའོ། །ལྷག་མ་ནི་བསྟན་ཟིན་ཏོ། །རྙེད་པ་དང་བཀུར་སྟི་ཐར་པའི་བགེགས་བྱེད་པ་ཡིན་ཏེ། དེ་གང་གིས་གང་ཤེས་པར་འགྱུར་ཞེ་ན། ཤེས་པ་ཅན་གྱིས་ཤེས་པ་ཡིན་ནོ་ཞེས་དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། དེ་ལྟར་ཅི་རིགས་ཤེས་ནས་སུ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་ [203b.6]སྔར་བསྟན་པའམ། འོག་ནས་སྨོས་པ་སྟེ། ཐར་པའི་བར་དུ་གཅོད་པའམ། འཁོར་བར་འཇུག་པ་ཡིན་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་སོ། །སུ་ཞིག་གིས་ཇི་ལྟར་བྱ་ཞེ་ན། དགེ་སློང་ཞེས་བྱ་བ་སྨོས་ཏེ། ཁྱིམ་གྱི་གནས་ཡོངས་སུ་སྤངས་པ་སྟེ། རབ་ཏུ་བྱུང་བའོ། །སེར་སྐྱ་ལ་སོགས་པ་ལ་ [203b.7]ཡང་དགེ་སློང་ཡོད་དོ་ཞེ་ན། སྨྲས་པ། སངས་རྒྱས་ཉན་ཐོས་ཡིན་ཞེས་བྱ་བས་བསྟན་ཏེ། དེ་བཞིན་གཤེགས་པའི་བཀའི་རྗེས་སུ་འབྲང་བའོ། །གང་གི་ཕྱིར་དེ་ཉིད་ཀྱིས་ཐར་པ་ལ་དམིགས་ཤིང་གཞལ་བར་ནུས་ཀྱི། གཞན་དག་ནི་འཁོར་བ་ན་འབབ་པའི་ཕྱིར་རོ། །བཀུར་སྟི་དག་ལ་ [204a] [204a.1]མི་དགའ་ཞིང་། །ཞེས་བྱ་བ་ནི་དོན་དུ་མི་གཉེར་བའོ། །ལོག་པའི་ལྟ་བ་མང་པོ་ལ་མི་རྟོག་པ་འདིས་ནི་སེམས་དབེེན་པར་བསྟན་ཏོ། །དགེ་སློང་གི་སྒྲས་ནི་ལུས་དབེན་པར་བསྟན་པའི་ཕྱིར། དབེན་པ་རིམ་གྱིས་འཕེལ་བྱེད་པ། །ཞེས་བྱ་བ་ནི་གང་གི་དབེན་ [204a.2]པ་ཡིན་པས་དབེན་པ་སྟེ། ཉོན་མོངས་པ་གང་དག་ལས་སོ་སོ་བར་གྱུར་པ་འཕགས་པའི་ལམ་ཞེས་བྱ་བའི་དོན་ཏོ། །དེ་རིམ་གྱིས་འཕེལ་བ་ནི་བསྒོམ་པས་སོགས་པར་བྱེད་པའོ། །དེའི་ཕྱིར་དབེེན་པ་རྣམ་པ་གཉིས་ལ་བརྟེན་པའི་ཡེ་ཤེས་ཀྱིས་རྙེད་པ་དང་བཀུར་སྟིའི་སྐྱོན་ངེས་པར་ [204a.3]སྤང་བར་བྱ་ཞིང་ལམ་བསྒོམ་པས་སྣོད་དུ་གྱུར་པ་ཉིད་དུ་བསྒོམ་པར་བྱའོ། །རྙེད་པ་དང་བཀུར་སྟི་དང་མ་བྲལ་ན་ནི་ཏིང་ངེ་འཛིན་གྱི་བར་ཆད་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐམས་ཅད་ལ་ནི་མི་རྩོལ་ཞིང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སོ། །དགེ་སློང་ཞིག་ [204a.4]བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་གསོལ་བ། །བཙུན་པ་ཅི་ཙམ་དུ་དགེ་སློང་གིས་རྩོལ་ཞིང་འབད་པ་བགྱིས་ན་ཏིང་ངེ་འཛིན་འཐོབ་པར་འགྱུར། དགེ་སློང་འདི་ལ་གཅིག་ཏུ་མི་གཡེང་བར་འགྱུར་བ་དང་། ཐམས་ཅད་ཀྱིས་ཤེས་པར་མི་འགྱུར་བར་ཏེ། གང་ལ་ལས་བདག་འཕྲིགས་ [204a.5]པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནས་འདི་གསུངས་སོ། །མི་རྩོལ་ཞིང་ཞེས་བྱ་བ་ནི་རྩོལ་བ་མི་བྱ་བ་སྟེ་ཐམས་ཅད་ལ་བྱ་བ་དག་ལ་རྣམ་པར་ཆགས་པར་མི་འགྱུར་བར་རོ། །འདིས་ནི་ཚུལ་ཁྲིམས་ཡོངས་སུ་བསྲུང་བ་ལ་གཟུད་པ་ཡིན་ནོ། །ཏིང་ངེ་འཛིན་ནི་དེ་ལ་བརྟེན་པའི་ཕྱིར་རོ། །མི་ [204a.6]ཡིས་འཕྲིགས་པར་མ་གྱུར་པས། །ཞེས་བྱ་བ་ནི་འཕྲིགས་པར་མ་གྱུར་པའི་མི་ཡིན་པས་ན། མི་ཡིས་འཕྲིགས་པར་མ་གྱུར་པ་ཉིད་དུ་སྟེ། སྐྱེ་བོ་ཐམས་ཅད་ལ་བདག་གི་ཡོན་ཏན་བསྟན་པར་མི་བྱའོ། །ཁྱེད་ཅག་གིས་སྡིག་པ་ནི་བསྒྲགས་པར་བྱ་ཞིང་དགེ་བ་ནི་མི་སྤྱོམས་པར་གནས་ [204a.7]པར་བྱའོ་ཞེས་མདོ་ལས་གསུངས་སོ། །འདིས་ནི་ཚུལ་ཁྲིམས་རྣམ་པར་དག་པའི་ཐབས་བསྟན་ཏོ། །ཕལ་ཆེར་འཕྲིགས་པ་ལས་ནི་ཚུལ་ཁྲིམས་ལ་སོགས་པའི་ཁྱད་པར་ཉམས་པར་འགྱུར་བར་ངས་ཐོས་ཤིང་མཐོང་སྟེ། དགེ་སློང་ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་ཆོས་ཅན་ཀཱརཥཱ་ [204b] [204b.1]པ་ཎ་བརྒྱ་སྟོང་གི་ཆེད་དུ་བརྫུན་མི་བརྗོད་དེ། དེ་ཉིད་དུས་གཞན་ཞིག་ན་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་པས། ཀཱར་ཥཱ་པ་ཎ་གཅིག་གི་ཕྱིར་ཡང་བརྫུན་སྨྲ་བ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཚོ་བ་གཞན་ལ་མི་རྟེན་ཅིང་། །ཞེས་བྱ་བ་ནི་རྒྱལ་པོའམ་གཞན་ལ་ཡང་ [204b.2]མི་རྟེན་ཅིང་འཚོ་བ་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཁྱེད་ཅག་ནི་བདག་ཉིད་ཀྱི་གླིང་ལ་གནས་ཤིང་བདག་ཉིད་ཀྱི་སྐྱབས་ལ་གནས་པར་བྱ་སྟེ། གཞན་ནི་གླིང་མ་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །ཆོས་ལ་ཚོང་པ་བཞིན་མི་སྤྱད། །ཅེས་བྱ་བ་ནི་བདག་གི་ཚུལ་ཁྲིམས་ལ་ [204b.3]སོགས་པའི་ཆོས་བསྟན་པས་ཚོང་པའི་ཚུལ་དུ་ཉེ་བར་སྦྱར་ཞིང་དེས་རྙེད་པའི་དོན་དུ་གཉེར་ཞིང་ཚོང་པ་བཞིན་དུ་བྱས་ནས་གང་ཡང་སྤྱད་པར་མི་བྱ་སྟེ། བདག་ནི་མང་དུ་ཐོས་པའོ། །བདག་ནི་མདོ་སྡེ་འཛིན་པའོ། །བདག་ནི་ཚུལ་ཁྲིམས་དང་ལྡན་པའོ་ཞེས་སྨྲ་བ་སྟེ། དེས་ན་བདག་ལ་རྙེད་ [204b.4]པ་ཆེན་པོ་ཀུན་དུ་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་ཚོང་མི་བྱའོ། །རང་གི་རྙེད་པ་བླང་བྱ་ཞིང་། །ཞེས་བྱ་བ་ནི་རིགས་པས་ལེགས་པར་འོངས་པའི་ཆུང་ངུ་བྱིན་པའམ། ཆོས་གོས་ལ་སོགས་པའི་རང་གི་རྙེད་པ་ནི་འདི་ལྟར་ཤེས་པར་མི་བྱ་སྟེ། འདིས་ཅི་ཞིག་བྱ་ [204b.5]ཞེས་བརྙས་པར་མི་བྱའོ། །གཞན་གྱི་ལ་ནི་འདོད་མི་སྐྱེད། །ཅེས་བྱ་བ་ནི་གཞན་བསོད་ནམས་དང་ལྡན་པ་དག་གིས་ཤིན་ཏུ་རྙེད་པ་ཆེན་པོ་ཐོབ་པ་དག་ལ་ཡང་ཆགས་པར་མི་བྱ་སྟེ། ནམ་ཞིག་བདག་གིས་འདི་ལྟ་བུ་འཐོབ་པར་འགྱུར་ཞེས་སོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་ཞེས་ [204b.6]བྱ་བ་སྟེ། འདི་ལྟར་དགེ་སློང་གང་དག་གཞན་གྱི་རྙེད་པ་ལ་ཞེན་པར་གྱུར་པ་དང་རང་རྙེད་པ་མི་ལེན་པ་སྟེ། དེ་གཉིས་ཀྱི་ཕྱིར་གཡེང་བས་ཏིང་ངེ་འཛིན་འཐོབ་པར་མི་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། སེམས་རྩེ་གཅིག་པ་ཉིད་ཐོབ་པར་མི་འགྱུར་རོ། །བགེགས་དེ་དག་སྤངས་ཤིང་ཐེ་ཚོམ་ [204b.7]མེད་པས་ནི་ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པར་འགྱུར་རོ། །རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་ཉིད་ནི་ལེགས་པར་འཚོ་བ་ཡིན་ནོ་ཞེས་གསལ་བར་བསྟན་པའི་ཕྱིར། གལ་ཏེ་བདེ་བར་འཚོ་འདོད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་སྨོས་སོ། །འཕགས་ [205a] [205a.1]པའི་རིགས་པ་བཞི་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་ཏེ། དེའི་ཕྱིར་འདི་སོགས་སོ། །གཞན་དག་ནི་ཉེ་དགའ་དགེ་འདུན་གྱི་ཡོ་བྱད་ཀྱིས་ཆོག་མ་ཤེས་པ་ལྷག་པ་ལ་རྩོལ་བར་གྱུར་ཏོ། །ཇི་ཙམ་ན་ཁྱིམ་བདག་ཅིག་གིས་དུས་དེ་ཉིད་དུ་ཤིན་ཏུ་བལྟ་ན་ [205a.2]སྡུག་པའི་ཆུང་མ་ཞིག་བླངས་ཏེ་ཤིན་ཏུ་སྲུང་བར་བྱེད་དོ། །ཉེ་དགའ་ཡང་དེ་བཞིན་དུ་དེའི་ཁྱིམ་དུ་སྒོ་བས་མ་མཐོང་སྟེ། ཞུགས་པ་ལས་ཁྱིམ་བདག་འོངས་ཏེ་མཐོང་ནས་ཁྲོས་ཏེ། དེའི་ལྷུང་བཟེད་བཅག་ཅིང་ཆོས་གོས་དྲལ་ནས་ཤིན་ཏུ་ཡང་བརྙས་ཐབས་སུ་བྱས་ཏེ་ཁྱིམ་ནས་བྱུང་བར་གྱུར་ [205a.3]པ་ལས། དེའི་དབང་དུ་མཛད་ནས་འདི་གསུངས་སོ་ཞེས་ཟེར་རོ། །གལ་ཏེ་བདེ་བར་འཚོ་འདོད་ཅིང་། །ཞེས་བྱ་བ་ནི་གལ་ཏེ་གནོད་པ་མེད་པ་དང་འཚེ་བ་མེད་པར་འཚོ་བས་སྤྱོད་པར་གང་ཞིག་འདོད་ན་ཞེས་བྱ་བའོ། །འདིས་ནི་འདིའི་ཁྱད་པར་བསྟན་ནས་ཕ་རོལ་གྱི་བཤད་པ། དགེ་སྦྱོང་ [205a.4]འདི་ལ་ལྟ་འདོད་ན། །ཞེས་བྱ་བ་སྨོས་ཏེ། དགེ་སློང་ཉིད་དུའམ་འཕགས་པའི་ལམ་ལའོ། །ལྟ་བའི་མཚན་ཉིད་ཡིན་པས་ལྟ་བ་སྟེ། དེ་གང་ལ་ཡོད་པ་ནི་དགའ་བ་དང་ལྡན་ཞིང་མངོན་པར་འདོད་པའོ། །དེ་ལྟར་གྱུར་པའི་བདེ་བར་འཚོ་བ་ནི་ཚུལ་ཁྲིམས་མ་རལ་པར་གྱུར་པ་ལ་ལམ་ [205a.5]བསྒོམ་པ་སྟེ། དེ་ལྟར་འདོད་པའི་ལས་གང་ཡིན་པ་དེ་ཉིད་བསྟན་པ། དགེ་འདུན་གྱིས་ནི་ཆོས་གོས་བླང་། །ཞེས་བྱ་བ་ཉིད་ལ་དགེ་འདུན་གྱི་ཐུན་མོང་གི་ཆོས་གོས་ལ་བཟང་པོ་འདོད་པས་མི་བླང་བར་མི་བྱ་བའོ། །བཟའ་བཏུང་བྱིན་པར་གྱུར་ན་བླང་། །ཞེས་བྱ་བ་ནི་བཟའ་བ་དང་བཏུང་ [205a.6]བ་ཉོན་མོངས་པ་མེད་པར་གྲུབ་པར་དཀའ་བ་མེད་པའི་གཞི་ཡིན་པའི་ཕྱིར་རོ། །འདིས་ནི་ཆོས་གོས་དང་བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་འཕགས་པའི་རིགས་གཉིས་བསྟན་ཏོ། །གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་འཕགས་པའི་རིགས་སྨྲས་པ། གལ་ཏེ་ [205a.7]བདེ་བར་འཚོ་འདོད་ཅིང་། །ཞེས་བྱ་བ་ལ་སོགས་པ་སྟེ། དགེ་འདུན་གྱི་གནས་ལ་སོགས་པ་ལ་ཡང་ལྷག་པར་ཞེན་པ་མེད་པར་གནས་པར་བྱ་སྟེ། བྱི་བའི་ཁུང་ལ་སྤྲུལ་ལྟ་བུར། །ཞེས་བྱ་བ་སྨོས་ཏེ། དཔེར་ན་སྤྲུལ་པོ་ཆེ་ནེའུ་ལེ་ལ་སོགས་པའི་འཇིགས་པས་བྱི་བའི་ཁུང་བུ་ [205b] [205b.1]ཤིན་ཏུ་དོག་པའི་ནང་དུ་འཇུག་སྟེ། ཤིན་ཏུ་དོགས་པར་བསྲུངས་པའི་ཕྱིར་དེ་ལ་མི་དགའ་བ་དང་འབྱུང་བར་འདོད་པས་འཇུག་པ་ལྟར་འཕགས་པའི་ཉན་ཐོས་གཙུག་ལག་ཁང་ལ་སོགས་པའི་གནས་མལ་ལ་ཡང་དེ་བཞིན་ནོ། །དགེ་སློང་དག་འདི་ལ་གནས་མལ་ལ་རབ་ཏུ་བརྟེན་པ་ནི་ [205b.2]ཆགས་པའི་ཕྱིར་མ་ཡིན་ཏེ་ཇི་སྲིད་དུ་དེ་དག་འདི་ལྟར་ཐ་མལ་པ་རྣམས་ཀྱིས་ཡོངས་སུ་ཟག་པ་གཞོམ་པའི་ཕྱིར་ནང་དུ་ཡང་དག་འཇོག་ལ་མཆོག་ཏུ་བྱའོ་ཞེས་མདོ་ལས་གསུངས་སོ། །བསྟེན་པར་གྱིས་ཞེས་བྱ་བ་ནི་གནས་པར་གྱིས་ཤིག་པའོ། །གནས་མལ་དག་ཅེས་བྱ་བ་ནི་གཙུག་ལག་ཁང་ [205b.3]ལ་སོགས་པའི་རབ་ཏུ་སྦྱངས་པའི་གནས་ཡིན་པའི་ཕྱིར་རོ། །སྤོང་བ་དང་བསྒོམ་པ་ལ་དགའ་བའི་འཕགས་པའི་རིགས་སྨྲས་པ། གལ་ཏེ་བདེ་བར་འཚོ་འདོད་ཅིང་། །ཞེས་བྱ་བ་ལ་སོགས་པ་སྟེ། ངན་ངོན་ཙམ་གྱིས་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པ་དམན་པ་བྱིན་པ་སྟེ། སྔར་བཤད་ [205b.4]པའི་འཚོ་བ་ཙམ་བསྐྱེད་པས་སོ། །ཆོག་ཤེས་ཤིང་ཞེས་བྱ་བ་ནི་ཆོག་ཤེས་པར་བྱ་བའོ། །དེ་ལྟར་ཆོག་ཤེས་པར་བྱས་ནས་ལས་ཅི་ཞིག་བྱ་ཞེ་ན་སྨྲས་པ། ཆོས་གཅིག་པོ་ཡང་བསྒོམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། གཙོ་བོའི་ཆོས་ཏེ་ཐར་པ་མཆོག་གོ། །བསྒོམ་པར་བྱ་བ་ནི་ཐོབ་པར་བྱ་བའོ། ། [205b.5]ཡང་ན་ལུས་སུ་གཏོགས་པའི་དྲན་པ་བསྒོམ་པ་སྟེ། ཆོས་གཅིག་བསྒོམ་པར་བྱ་བ་སྟེ། །འདི་ལྟར་ལུས་སུ་གཏོགས་པའི་དྲན་པའོ། །ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །ཡང་ན་འཕགས་པའི་ལམ་མོ། །རྙེད་པ་དང་བཀུར་སྟིའི་རྗེས་སུ་འགྲོ་བར་མི་བྱ་སྟེ། སྨད་པ་ལ་སོགས་པའི་རྒྱུའི་ [205b.6]ཕྱིར་དང་། ཚུལ་ཁྲིམས་ལ་སོགས་པའི་རྗེས་སུ་འབྲང་བར་བྱ་སྟེ། རབ་ཏུ་བསྔགས་པ་དང་འབྲེལ་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། གལ་ཏེ་མང་པོ་མི་ཤེས་ཤིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱེད་ཅག་དགེ་བ་མི་སྤྱོམས་པ། །སྡིག་པ་མི་བཅབ་པས་གནས་པར་བྱ་སྟེ། དེ་ [205b.7]ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དགེ་བ་མི་སྤྱོམས་པ་ལས་ནི་དགེ་བའི་ཆོས་འཕེལ་བར་འགྱུར་ཏེ། འདི་ལྟ་སྟེ། འབྲས་སཱ་ལུའི་ཞིང་ལ་ཞིང་པས་ཡོངས་སུ་བསྲུངས་པ་ལྟར་ཞེས་པ་ནས་ཇི་སྲིད་དུ་ཚིགས་སུ་བཅད་པ་གསུམ་གསུངས་སོ། །མང་པོས་སམ་མང་པོ་ལ་ཡོངས་སུ་མི་ཤེས་པ་ [206a] [206a.1]སྟེ། གལ་ཏེ་མང་པོས་མི་རིགས་པར་གྱུར་པའོ། །འོན་ཀྱང་། ཚུལ་ཁྲིམས་ལེགས་པར་མཉམ་གཞག་ན། །ཞེས་གསུངས་ཏེ། དེ་ལ་མཆོག་ཏུ་བྱེད་པ་སྟེ། སྡོམ་པ་བསྲུང་བ་ལས་ཤིན་ཏུ་གུས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་ [206a.2]ཞེས་བྱ་བའི་ཚིག་གིས་སོ། །ཚུལ་ཁྲིམས་དག་ལ་ཞེས་བྱ་བ་མང་པོའི་ཚིག་ནི་སྤོང་བ་བདུན་ཡིན་པའི་ཕྱིར་དང་། སོ་སོར་ཐར་པ་དང་། བསམ་གཏན་དང་ཟག་པ་མེད་པའི་དབྱེ་བས་སོ། །དེ་ཤེས་པ་དག་སྟོད་བྱེད་པ། །ཞེས་བྱ་བ་ནི་མཁས་པ་དེ་དག་ཉིད་བསྔགས་པ་བརྗོད་པ་ཡིན་ནོ། །ཇི་ལྟ་ [206a.3]བུར་ཞེ་ན། འཚོ་དག་ཅིང་ཞེས་བྱ་བ་སྟེ། ཁ་ན་མ་ཐོ་བ་མེད་པའི་འཚོ་བ་སྟེ་མང་པོས་མི་ཤེས་པ་ལ་ནི་ལོག་པའི་འཚོ་བ་མེད་པའི་ཕྱིར་རོ། །འདིས་ནི་མང་པོས་མི་ཤེས་པའི་འབྲས་བུ་བསྟན་ཏོ། །སྙོམ་ལས་མེད་ཅེས་བྱ་བ་ནི་སྙོམ་པ་མ་སྐྱེས་པ་སྟེ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པ་ [206a.4]ལ་ལེ་ལོ་མེད་པའམ། ཚུལ་ཁྲིམས་ཡོངས་སུ་བསྲུང་བ་ལ་ལེ་ལོ་མེད་ཅིང་བརྩོན་པའི་ཕྱིར་རོ། །འཚོ་བ་རྣམ་པར་དག་པ་དང་། བརྩོན་འགྲུས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བསྒྲུབ་པ་ཡིན་ནོ། །དེ་ཤེས་པ་དག་སྟོད་བྱེད་ཅེས་པ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་ [206a.5]པ་སྨོས་སོ། །རིག་པ་གསུམ་ལྡན་ཞེས་བྱ་བ་ནི་སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་དང་ཟག་པ་ཟད་པའི་ཁྱད་པར་དང་ལྡན་པས་སོ། །རིག་པ་གསུམ་དང་གལ་ཏེ་ལྡན་པར་གྱུར་པ་སྟེ། རིག་པ་གསུམ་གྱི་དངོས་པོ་དང་ལྡན་པས་རིག་པ་གསུམ་ལྡན་ནོ། །འདིས་ཤེས་པ་ཕུན་སུམ་ [206a.6]ཚོགས་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ། །རིག་པ་གསུམ་ཐོབ་པའི་ཕན་ཡོན་སྨྲས་པ། འཆི་བདག་ཟད་བྱེད་པ་ཞེས་བྱ་བའོ། །འདི་ལ་འཆི་བདག་ཟད་པར་བྱེད་པའི་ངང་ཚུལ་ཡོད་པ་ནི་འཆི་བདག་ཉམས་བྱེད་པ་སྟེ། འཆི་བའི་རྗེས་སུ་ [206a.7]འགྲོ་བ་ལས་འདས་པའོ། །དེ་ཉིད་ཅིའི་ཕྱིར་ཞེ་ན། འདི་ལྟར་ཟག་པ་མེད་ཅེས་བྱ་བ་སྨོས་ཏེ། དེ་ནི་ཉོན་མོངས་པས་གཞན་དུ་དབང་དུ་མ་བྱས་པའི་ཕྱིར་འཆི་བ་ཐོབ་པར་མི་འགྱུར་རོ། །འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏེ་དེ་ལྟར་གྱུར་ཀྱང་བདག་ཉིད་ཆེན་པོ་ནི་བསམས་ནས། དེ་ལ་ [206b] [206b.1]ཞེས་བྱ་བ་སྐྱེ་བོ་མང་པོས་དེ་ལ་ཡོངས་སུ་མི་ཤེས་པར་ཤེས་ནས་སོ། །འཕྱ་བ་ནི་བརྙས་པ་དང་ཁྱད་དུ་གསོད་པའི་བར་དུའོ། །བླུན་པོ་ཞེས་བྱ་བ་ནི་ཁྱད་པར་མི་ཤེས་པའོ། །གལ་ཏེ་བཟའ་དང་བཏུང་བ་ཡི། །ཞེས་བྱ་བ་ནི་གལ་ཏེ་ཡང་ཐམས་ཅད་ནས་བཟའ་བ་དང་བཏུང་བ་ཤིན་ཏུ་གྱ་ནོམ་པ་ [206b.2]མང་པོ་གང་ཞིག་གི་རྙེད་པ་དག་དང་ལྡན་པར་གྱུར་ནས་ཞེས་བྱ་བ་དམན་པའི་དངོས་པོ་རྙེད་པ་མ་ཡིན་པར་སྟོན་ཏོ། །ཟས་ནི་ཐ་མར་བཤང་བ་དང་གཅི་བ་ལ་སོགས་པའི་དྲི་མར་འགྱུར་བ་ཡིན་པའི་ཕྱིར་རོ། །སྡིག་པའི་ཆོས་ཅན་ལ་ཞེས་བྱ་བ་ནི་འདི་ལ་སྡིག་པའི་ཆོས་ཡོད་པ་སྟེ་ངན་པར་སྤྱོད་པའོ། ། [206b.3]གལ་ཏེ་ཡང་དེས་མཚམས་མེད་པ་ལ་སོགས་པའི་སྡིག་པའི་ཉེས་པ་བསགས་པར་གྱུར་པ་ཡིན་ན་ཡང་འོན་ཀྱང་དེ་ལ་བླུན་པོ་དེ་དག་སྟེ། མཁས་པ་མ་ཡིན་པའི་ནང་དུ་ནི་མཆོད་པ་དང་བསྙེན་བཀུར་བྱེད་པར་འགྱུར་རོ། །རྙེད་པ་དང་བཀུར་དང་བྲལ་བ་ནི་དགྲ་ལ་སོགས་པ་ཡིན་ནོ་ཞེས་བསྟན་པའི་ [206b.4]ཕྱིར། མགོ་བྲེགས་ངུར་སྨྲིག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །མུ་སྟེགས་ཅན་གཞན་ཞིག་གིས་སྔོན་ནི་བདག་ཅག་ལ་བསྙེན་བཀུར་བྱེད་པར་གྱུར་ལ། ད་ནི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བཅས་པ་ལ་བསྙེན་བཀུར་བར་གྱུར་པས་གང་བདག་ [206b.5]གིས་ངེས་པར་ཀུན་དུ་རྒྱུ་མཛེས་དགའ་མོ་བསད་ལ། རྒྱལ་བྱེད་ཀྱི་ཚལ་དུ་འོབས་བརྐོས་ཏེ་བཅུག་ལ་དེའི་ཆེད་དུ་ནི་མི་སྙན་པ་བསྒྲག་པར་བྱའོ་ཞེས་བསམས་པ་ནས་ཇི་ཙམ་ན་ཞག་བདུན་གྱི་འོག་ཏུ་ཀུན་ལ་གསལ་བར་གྱུར་ནས། རྒྱལ་པོ་གསལ་རྒྱལ་རྒྱལ་པོ་དང་ཁྱིམ་བདག་རྣམས་དང་ [206b.6]ལྷན་ཅིག་འདུས་ཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ནས་འདི་སྐད་ཅེས་བཙུན་པ་མ་དྷུ་རར་སྐྱེས་པའི་ལུས་ནི་ཕྱོགས་མཚམས་སུ་མི་མཛེས་པར་གྱུར་ཏོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བསྔགས་པ་མ་ཡིན་པ་འདི་གསན་ནས། རྒྱལ་པོ་ཆེན་པོ་འདི་ནི་ད་ལྟར་བྱུང་བའི་ལས་མ་ [206b.7]ཡིན་ཏེ། འདི་ནི་འདས་པའི་ལས་ཡིན་ནོ་ཞེས་པ་ནས་ཇི་སྲིད་དུ་འདི་གསུངས་སོ། །དགྲ་བྱེད་མང་བ་ཁོ་ནར་ཟད། །ཅེས་བྱ་བ་ནི་དགྲ་དུ་མ་སྟེ། ཕྲག་དོག་གི་དབང་གིས་མི་བཟོད་པས་སེམས་ཅན་རྣམས་ཀྱིས་གནོད་པ་ཐོབ་པར་འགྱུར་ཏེ། བདག་གིར་འཛིན་པས་འདི་ལ་རྣམ་པར་ [207a] [207a.1]འཚེ་བའི་དགྲར་འགྱུར་ཞིང་དགྲ་མཐོང་བ་ཡིན་ཏེ། དེ་བས་ན་དེ་ཉིད་འབྱུང་བར་བསྟན་པའི་ཕྱིར། མགོ་བྲེགས་ཞེས་བྱ་བ་སྨོས་ཏེ། སྐྲ་དང་ཁ་སྤུ་བྲེགས་པའོ། །ལྷ་ཉེས་པ་ལ་སོགས་པའི་ཆེད་དུ་ཡང་མགོ་བྲེགས་པ་ཡིན་ནོ་ཞེ་ན། ངུར་སྨྲིག་གྱོན་པ་ཞེས་བྱ་ [207a.2]བ་སྨོས་ཏེ། ཆོས་གོས་ཚོན་གྱིས་ཁ་བསྒྱུར་བའི་གོས་གྱོན་པ་སྟེ། གོས་བསྒྱུར་བས་རབ་ཏུ་བྱུང་བ་ཉིད་དེ་ཡོངས་སུ་གཟུང་བ་སྤང་བར་བསྟན་ཏོ། །ཇི་ལྟ་བུ་ཞེ་ན། བཟའ་བ་དང་ནི་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་ཡོ་བྱད་ནི་རྣམ་པ་གསུམ་ཞེས་བསྟན་ཏེ། བཟའ་བ་དང་བགོ་བ་དང་གནས་ [207a.3]ཁང་གི་བདག་ཉིད་དོ། །དེའི་ཡོ་བྱད་རྙེད་པ་དང་བཀུར་སྟི་བཏང་བའི་ཕན་ཡོན་གསལ་བར་བྱེད་དོ། །དེ་ལྟར། སྐྱོན་རྣམས་ཁོང་དུ་ཆུད་བྱས་ནས། །ཞེས་བྱ་བ་སྔར་བསྟན་པའི་ཉེས་དམིགས་རྟོགས་པར་བྱས་ནས་སོ། །གང་གིས་ཤེ་ན་བཀུར་སྟི་ཞེས་བྱ་བ་སྨོས་ཏེ། དངོས་སུ་རྙེད་པ་དང་ [207a.4]བཀུར་སྟིའིའོ། །སྐྱོན་གྱི་ཁྱད་པར་སྨྲས་པ། འཇིགས་ཆེན་ཞེས་བྱ་བ་སྟེ། གང་ལ་ཚུལ་ཁྲིམས་ཀྱིས་ཕོངས་པ་ལ་སོགས་པ་ཆེན་པོའི་འཇིགས་པ་ཡོད་པའོ། །དེ་ལྟར་ཁོང་དུ་ཆུད་པར་བྱས་ནས་གང་བྱུང་ཞིང་གྱུར་པའི་བསྒྲུབ་པ་དེ་སྨྲས་པ། འཕྲིགས་ཉུང་ཞེས་བྱ་བ་མང་པོས་མི་ཤེས་ [207a.5]པ་སྟེ། ལུས་ཀྱིས་རྣམ་པར་དབེན་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །སེམས་ཁྲལ་བསྐྱུངས་ནས་སུ་ཞེས་བྱ་བ་ནི་སྤྲོ་བ་ཆུང་བ་སྟེ། ཡུལ་དག་ལ་ཆགས་པ་མེད་པའི་ཕྱིར་དེའི་རྣམ་པར་རྟོག་པ་མེད་པར་བསྟན་ཏོ། །དབེན་པའི་འབྲས་བུ་བཤད་པའི་ཕྱིར། །དྲན་ལྡན་ཞེས་བྱ་བ་སྨོས་ཏེ། [207a.6]དྲན་པ་ཉེ་བར་གཞག་པ་བཞི་ལ་ལེགས་པར་གནས་པ་སྟེ། དྲན་པ་འདིས་ནི་ལམ་གྱི་ཚོགས་སྟོན་པ་ཡིན་ནོ། །དགེ་སློང་ནི་ཉོན་མོངས་པ་ཐམས་ཅད་བཅོམ་པའི་ཕྱིར་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བསྟན་ཏོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ [207a.7]བསྟན་པའི་ཕྱིར། ཀུན་ཏུ་རྒྱུས་ཞེས་བྱ་བ་སྨོས་ཏེ། མྱ་ངན་ལས་འདས་པ་ཉིད་དོ། །གལ་ཏེ་དེ་ལྟར་ཉེས་དམིགས་ཡིན་པ་དེ་ལྟ་ན་ནི་བསོད་སྙོམས་ལ་སོགས་པ་བཙལ་བར་མི་བྱའམ་ཞེ་ན། སྨྲས་པ། ཁམ་གྱི་ཟས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟ་སྟེ། སྲོག་ཆགས་ [207b] [207b.1]ཁ་ཅིག་གཡན་པའི་ནད་ཀྱིས་བཏབ་སྟེ། བདེ་བ་ལ་རེག་པར་མི་གནས་ཤིང་དགོན་པར་ཡང་དགའ་བ་མེད་ལ། དུར་ཁྲོད་དུ་ཡང་དགའ་བ་མེད་དེ། དེས་མངོན་པར་གཙེས་བཞིན་དུ་དུས་བྱས་སོ། །དེ་བཞིན་དུ་དགེ་སློང་གང་རྙེད་པ་དང་། བཀུར་སྟིས་ཟིལ་གྱིས་ནོན་པར་གྱུར་ཅིང་ཡོངས་སུ་ [207b.2]འཛིན་པའི་སེམས་ཡོད་པ་དེ་ནི་གྲོང་དུ་ཡང་དགའ་བ་མེད་ལ་དགོན་པར་ཡང་དགའ་བ་མེད་དེ། ཇི་སྲིད་ན་ཉམས་པར་འགྱུར་ཞིང་དགེ་སློང་དག་འདི་ནི་འཆི་བ་ཡིན་ཏེ། གང་འཕགས་པའི་ཆོས་འདི་ལ་གཅིག་ཏུ་བསླབ་པ་གཏོང་ཞིང་ཉམས་པར་འགྱུར་རོ་ཞེས་དེ་སྐད་གསུངས་པ་ན་དགེ་སློང་ [207b.3]རྣམས་ཡིད་བྱུང་བར་གྱུར་ཏེ། ཡང་ཕྱིས་བསོད་སྙོམས་ལ་མི་འཇུག་ཅིང་ཞག་གཅིག་ཀྱང་ཁ་ཟས་གཅོད་པར་བྱེད་དེ་ཇི་ཙམ་ན་དེ་དག་སྐྱ་བོ་བསེང་བསེང་པོར་གྱུར་པས་དེ་བས་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །འཚོ་བ་འདི་ཕྱིར་མི་བཟའ་མི་བྱ་སྟེ། །ཞེས་བྱ་བ་ནི་འདིར་འཚོ་བའི་ཆེད་དུ་བཟའ་ [207b.4]བ་དང་བཏུང་བ་མ་སྤྱད་ན་ནི་སྲོག་གནས་པར་མི་འགྱུར་ཏེ། འདོད་པ་ན་སྤྱོད་པ་ནི་ཁམ་གྱི་ཟས་ཀྱིས་གནས་པ་ཡིན་ཏེ། དེ་མེད་ན་ནི་དེ་འཇིག་པར་འགྱུར་རོ། །གལ་ཏེ་དེ་ལྟར་ཟས་དང་སྐོམ་ཉེ་བར་སྦྱར་བ་མཆོག་ཏུ་བྱས་པས་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། ཁམ་གྱི་ཟས་ཀྱིས་ལུས་ཞིར་མི་འགྱུར་ [207b.5]ཡང་ཞེས་བྱ་བ་ཁམ་གྱིས་བཅད་ཅིང་ཟོས་ཟོས་པ་ཡིན་ན་ཡང་ངོ་། །ཁམ་གྱིས་བསྙོད་པ་ནི་བྱམས་པའི་གནས་ཀྱི་བདག་ཉིད་པ་ཞེས་བྱ་བ་ལ་སོགས་པ་འདིར་བརྗོད་པར་བྱའོ། །དེ་ལ་ཡང་འདི་ལ་ལྷག་པར་མང་དུ་ཟོས་པར་གྱུར་ན་ཡང་སེམས་ཞི་བར་མི་འགྱུར་ཞེས་བྱ་བ་ཡིན་ཏེ། ལུས་དང་ [207b.6]སེམས་ཉེ་བར་ཞི་བར་མི་འགྱུར་གྱི། ནད་དང་དྲི་མ་དང་ཉེ་བའི་ཉོན་མོངས་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྟར་ན་བཟའ་བར་མི་བྱའོ་ཞེ་ན་སྨྲས་པ། ཁ་ཟས་ཀྱིས་ནི་ལུས་དག་གནས་འགྱུར་བ། །ཞེས་བྱ་བ་སྨོས་ཏེ། ཁ་ཟས་ཀྱིས་འཇུག་པ་འདི་ནི་ལུས་ཀྱི་བདག་ཉིད་གནས་པའི་དངོས་ [207b.7]པོ་ཡིན་ཏེ། འགྲོ་བ་ཟས་ཀྱིས་གནས་པའོ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་ནི་ཁམ་གྱི་ཟས་མ་ཡིན་པར་གནས་པ་མེད་དེ། ཇི་ལྟར་ཡང་ཚད་དང་ལྡན་པའི་ཁམ་གྱི་ཟས་ཏེ་ཁ་ཟས་ཀྱི་བདག་ཉིད་རགས་པའམ་ཕྲ་བ་དེའི་བདག་ཉིད་ཀྱིས་འདོད་པ་སྤྱོད་པའི་ [208a] [208a.1]ལུས་རྒྱས་པར་འགྱུར་ཏེ་དེ་ཐམས་ཅད་དང་བྲལ་ན་ནི་འཆི་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་རྟོགས་ནས་ཞེས་བྱ་བ་ནི་དེ་ལྟར་ཤེས་ནས་སོ། །བསོད་སྙོམས་དག་ལ་རྒྱུས་ཞེས་བྱ་བ་བསོད་སྙོམས་དག་ཡོངས་སུ་ཚོལ་ཅིག་པ་སྟེ། ལུས་འཚོ་བ་ཙམ་བཙལ་བའི་ [208a.2]རྒྱུས་ནི་མ་རུང་པ་མེད་པའི་ཕྱིར་རོ། །དེ་ལ་རྙེད་པ་དང་བཀུར་སྟི་འདི་ནི་མཁས་པ་རྣམས་ལ་ནི་ཕན་འདོགས་པ་ཡིན་ལ་བླུན་པོ་རྣམས་ལ་ནི་མ་ཡིན་ཏེ། གང་གི་ཕྱིར་དེ་ནི་བླུན་པའི་སྐྱོན་གྱིས་ལྟུང་བར་འགྱུར་ཞིང་ཡོན་ཏན་ལས་ཉམས་ལ་ཟུག་རྔུའི་གདུང་བ་སྐྱེ་བར་འགྱུར་རོ་ཞེས་དེ་ཉིད་བསྟན་ [208a.3]པའི་ཕྱིར། རིགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདམ་ཞེས་བྱ་བ་ནི་མངོན་པར་འབྱིང་བ་དང་ཆོས་མཐུན་པའི་ཕྱིར་འདམ་ཞེས་མངོན་པར་རྟོགས་པར་བྱ་སྟེ། ཕྱག་རྒྱས་མཆོད་པ་ཞེས་བྱ་བ་དང་སྦྱར་བར་བྱའོ། །དཔེར་ན་འདམ་དེ་ལ་གནས་ན་ནི་འབྱིང་བར་འགྱུར་བ་དེ་བཞིན་དུ་ [208a.4]རྙེད་པ་དང་བཀུར་སྟི་དེའི་རྗེས་སུ་འགྲོ་ན། སྐྱོན་ནམ་སྡུག་བསྔལ་དུ་ལྟུང་བ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་རྟོགས་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པ་དང་བཤད་པ་ཞེས་བྱ་བའི་དོན་ཏོ། །གྱིས་ཞེས་བྱ་བ་ནི་ཁྱེད་ཅག་གིས་ཞེས་བྱའོ། །ཅི་གང་ཞིག་བདག་གིས་འདམ་དང་འདྲ་བར་རབ་ཏུ་རྟོགས་ [208a.5]པར་བྱ་ཞེ་ན། རིགས་ཀྱིས་ཕྱག་བྱས་མཆོད་པ་གང་ཡིན་འདི། །ཞེས་བྱ་བ་སྨོས་ཏེ། ཕྱག་བྱས་པ་ནི་ཕྱག་བཙལ་བའོ། །མཆོད་པ་ནི་རི་མོར་བྱས་པའོ། །གང་ཡིན་འདི་ཞེས་བྱ་བ་ནི་མངོན་སུམ་དུ་ཉམས་སུ་མྱོང་བ་སྟེ། བྲམ་ཟེ་ལ་སོགས་པའི་རིགས་ཀྱིས་ཕྱག་དང་བཅས་པའི་ [208a.6]མཆོད་པས་ནི་བདག་ལ་འདམ་དང་འདྲ་བར་བྱས་པའོ། །འདི་ནི་ཡོན་ཏན་དག་ལས་ཀྱང་ཉམས་པར་བྱེད་པ་ཡིན་ཏེ། དཔེར་ན་ཟུག་རྔུས་འཚོ་བ་ཉམས་པར་བྱེད་པ་དེ་བཞིན་ནོ་ཞེས་དེ་ཉིད་བསྟན་པའི་ཕྱིར་ཟུག་རྔུ་ཕྲ་མོ་ཞེས་བྱ་བ་སྨོས་ཏེ། རྙེད་པ་དང་བཀུར་སྟིའི་ཟུག་རྔུ་གང་ཡིན་པ་འདི་ [208a.7]ནི་ཤིན་ཏུ་ཤེས་པར་དཀའ་སྟེ། ལུས་ཀྱི་ནང་དུ་ཞུགས་པའི་མདེའུ་ལ་སོགས་པ་བཞིན་དུ་བལྟ་བར་བྱའོ། །དེ་ནམ་ཞིག་ན་རྒྱུད་ལས་དཀའ་བས་འབྱིན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འབྱུང་བར་དཀའ་བ་སྟེ་ཞེས་བྱ་བ་ཡིན་ཏེ། འབད་པས་དབྱུང་དགོས་པའི་ཕྱིར་རོ། །མི་ཡིས་ [208b] [208b.1]ཞེས་བྱ་བ་ནི་སྐྱེས་བུ་བླུན་པོས་སོ། །ཤིན་ཏུ་སྤང་བར་དཀའ་བ་ཉི་ཚེར་མ་ཟད་དེ་དུས་དེ་ཉིད་དུ་ཡང་སྤངས་པར་དཀའོ་ཞེས་བསྟན་པའི་ཕྱིར་སྤངས་དཀའ་ཞེས་བྱ་བ་སྨོས་ཏེ། དུས་དེ་ཉིད་དུ་ཡང་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་བདེ་བར་སྤོང་བར་མི་ནུས་ [208b.2]ཏེ། དོན་རིག་པ་ཉིད་ཀྱི་ཕྱིར་རོ། །གཞན་དག་ཏུ་ནི་བཟོད་དཀའ་ཞེས་བརྗོད་དེ། བཟོད་པར་དཀའ་བ་དང་ཟིལ་གྱིས་གནོན་པ་ཞེས་བྱ་བའི་དོན་ཏོ། །བཀུར་སྟིའི་ཚོམས་ཏེ་བཅུ་གསུམ་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པའི་དབང་ [208b.3]གིས་ནི་མངོན་པར་འཁུ་བ་ལ་སོགས་པ་ཕུང་ཁྲོལ་སྟོང་ཕྲག་བསྟེན་པར་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་དེའི་འོག་ཏུ་འཁུ་བའི་ཚོམས་བསྟན་ཏོ། །ཡང་ན་རྙེད་པ་དང་བཀུར་སྟི་ནི་འདམ་དང་ཟུག་རྔུ་ལྟ་བུར་བལྟ་བར་བྱའོ་ཞེས་བསྟན་མ་ཐག་པ་དེ་ཅིའི་ཕྱིར་ཞེ་ན། བཤད་པ་འཁུ་བ་ལ་ [208b.4]སོགས་པའི་ཉེས་པ་དང་འབྲེལ་པའི་ཕྱིར་ཏེ། འཁུ་ཞེས་བྱ་བ་སྨོས་སོ། །ལྷ་སྦྱིན་དམྱལ་བའི་མེ་འབར་བས་ཉམ་ཐག་ཅིང་ང་རོ་འདོན་པ་དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །གཞན་དག་ནི་འཕགས་སྐྱེས་པོས་ཤཱཀྱ་རྣམས་བསད་པ་དེའི་དབང་དུ་མཛད་ [208b.5]པའོ་ཞེས་ཟེར་རོ། །ཕན་འདོགས་པ་དང་གནོད་པ་བྱེད་པ་ཡང་བག་འབེབས་པ་དང་ཐ་མལ་པ་ལ་སོགས་པས་ཏེ། གང་གནོད་པ་དང་འཁུ་བར་བྱ་བ་མ་ཡིན་པ་ལའོ། །དེ་ལྟར་འཁུ་བར་བྱ་བ་མ་ཡིན་པ་གང་ཡིན་པ་དེ་ཉིད་ལ་གང་འཁུ་བ་ཞེས་བྱ་བ་ནི་འཁུ་བར་བྱེད་ཅིང་རྣམ་པར་འཚེ་བར་ [208b.6]བྱེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་འཁུ་བར་བྱ་བ་མ་ཡིན་ཞེ་ན་སྨྲས་པ། སྡིག་པའི་ལས་ནི་མི་བྱེད་པ། །ཞེས་བྱ་བ་སྟེ། ཅུང་ཟད་ཉེས་པའམ་གནོད་པ་མི་བྱེད་པ་དང་ཕན་འདོགས་པར་ནི་བྱེད་པའོ། །དེ་ཉིད་བྱིས་པ་རྣམས་ལ་གོས། །ཞེས་བྱ་བ་ནི་འཁུ་བ་སྟེ། འཁུ་བར་མི་བྱ་བ་ཉིད་ལ་འཁུ་ [208b.7]བར་བྱེད་པའི་སྐྱེས་བུ་གླེན་པ་དེ་ལ་ནི་སྟེ། འཁུ་བར་བྱེད་པ་པོ་ཉིད་ལ་གནོད་པར་བྱེད་ཅིང་ཉེ་བར་གདུང་བར་བྱེད་པ་ཡིན་ནོ། །གང་དུ་ཞེ་ན། འཇིག་རྟེན་འདི་དང་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ཆོས་ཉིད་ལ་གྲགས་པ་མ་ཡིན་པ་ལ་སོགས་པ་སྟེ། དྲེད་དང་རུ་རུའི་སྐྱེས་པའི་རབས་དང་། ཀོ་ཀ་ [209a] [209a.1]ལི་ཀ་ལ་སོགས་པའི་ཡང་འདིར་བརྗོད་དོ། །ཕ་རོལ་དུ་ཞེས་བྱ་བ་ནི་འཇིག་རྟེན་ཕྱི་མར་ཡང་ངན་སོང་དུ་ལྟུང་བ་ལ་སོགས་པའོ། །གཉི་ག་ལ་གནོད་པར་བྱེད་པ་ཡིན་ན་ཡང་བདག་ཉིད་ལ་གནོད་པ་དང་པོར་བསྟན་པའི་ཕྱིར། དང་པོར་བདག་ནི་ཕུང་བྱེད་ཅིང་། །ཞེས་ [209a.2]བྱ་བ་ལ་སོགས་པ་ཡིན་ནོ། །གང་ཞིག་ཕ་རོལ་ལ་འཁུ་བར་བརྩོན་པ་དེ་ནི་དང་པོ་སྟེ། སྔོན་དུ་བདག་ནི་རང་ཉིད་དོ། །ཕུང་བྱེད་ཅིང་ཞེས་བྱ་བ་ནི་གནོད་པར་གྱུར་པ་སྟེ། ཕུང་བ་ནི་གནོད་པར་བྱེད་པའོ་ཞེས་བསྟན་པའི་ཕྱིར་ཏེ། ངན་པར་སྤྱོད་པས་གྲགས་པ་མ་ཡིན་པ་འཕེལ་བ་ལ་སོགས་པའི་ [209a.3]ཉེ་བར་གདུང་བས་སོ། །ཕྱི་ནས་གཞན་ཡང་ཕུང་བར་བྱེད། །ཅེས་བྱ་བ་ནི་དུས་ཕྱི་ནས་ཚོགས་པ་དང་ལྡན་པ་ན་སེམས་ཅན་གཞན་ཡང་ཕུང་བར་བྱེད་པ་ཡིན་ནོ། །དེས་ན་ཕུང་ཞིང་གཞན་ཡང་ཕུང་བར་བྱེད་ཅེས་བྱ་བ་ནི་དང་པོར་བདག་ཉིད་ཕུང་བར་བྱས་ནས་དེའི་འོག་ཏུ་གཞན་ཡང་ཕུང་བར་ [209a.4]བྱེད་པ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། ཁྲ་ཡིས་གཟན་མའི་བྱ་ལྟ་བུར། །ཞེས་བྱ་བ་སྟེ། གཤོག་པའི་རྩ་བ་དང་བྲལ་བ་གང་ཡིན་པའི་བྱ་ནི་གཟན་མའི་བྱ་སྟེ། གཤོག་པ་གཅད་པའི་བྱ་དེས་བྱ་གཞན་རྣམས་གསོད་པར་བྱེད་པ་དེ་བཞིན་ནོ། །ཡང་ན་བྱ་ཁྲ་ཤིན་ཏུ་ལྟོགས་པས་ཕན་ཚུན་ [209a.5]བལྟས་པ་ན། ཤ་རི་ཀ་ལ་སོགས་པའི་བྱ་མཐོང་ནས་གསད་པའི་ཕྱིར་ཤུགས་ཀྱིས་བབས་པ་ན་ཕྱོགས་མི་མཉམ་པས་དེ་གཉིས་ཤི་བར་འགྱུར་རོ་ཞེས་གཞན་དག་ཟེར་རོ། །གཞན་དག་ནི་ཤི་བའི་གཟན་མའི་བྱ་ཞེས་ཟེར་རོ། །ཡང་ན་བྱ་ཤི་བ་ཞིག་གི་གཟན་ལྕགས་ཀྱི་ཕུར་བུ་བརྒྱུས་ [209a.6]པས་བཏགས་ཏེ་གཞག་པ་ན། དེ་ལ་ཁྲས་མཐོང་སྟེ་ཤུགས་ཀྱིས་དེ་ལ་བབས་པ་ན་གཟེར་བུ་དེས་ཕོག་ཅིང་དེ་ཡང་ཤི་བར་འགྱུར་རོ་ཞེའོ། །ཡང་ན་ཐུབ་པའི་ཆ་བྱད་ཅན་འཇིགས་སུ་རུང་བ་ཡིན་ཏེ། ཇི་སྐད་དུ་ཅ་ར་ཀ་ལས་བཤད་པ། སྨན་པའི་སྒྲས་ནི་རྗོད་བྱེད་ཅིང་། །ནད་ཀྱིས་བཏབ་པས་ཚོལ་ [209a.7]བྱེད་ལྟར། །འཇིགས་སུ་རུང་ལ་བརྟེན་ནས་ནི། །ནགས་ཀྱི་བྲམ་ཟེ་བྱ་བ་བཞིན། །ཞེས་པ་སྟེ། གང་གི་ཕྱིར་བྱ་བ་ནི་ཨ་ཛི་ན་ནག་པོ་ལ་སོགས་པར་དཀའ་ཐུབ་ཅན་གྱི་ཆ་བྱད་དུ་བསྒྱུར་ནས་དགོན་པའི་གནས་དག་ན་འཇིགས་པ་མེད་པའི་བྱ་དང་རི་དྭགས་ལ་སོགས་པ་གསོད་པར་བྱེད་དོ། ། [209b] [209b.1]དེ་ནས་རི་དྭགས་ཀྱི་པགས་པ་ལ་སོགས་པ་ཡོད་པ་དང་རི་དྭགས་གཞན་ཡང་གསོད་པར་བྱེད་པ་དེ་བཞིན་ནོ་ཞེས་སོ། །གཞན་དག་ནི་གཟེབ་ཅེས་ཟེར་ཏེ། བདག་ཉིད་སྲོག་མེད་པས་གཞན་སྲོག་དང་བཅས་པ་གཅོད་པར་བྱེད་དོ། །འཁུ་བར་བྱ་བ་མ་ཡིན་པ་ལ་འཁུ་བས་ནི་སྐྱོན་རྣམ་པ་སྣ་ [209b.2]ཚོགས་འཐོབ་པར་གསལ་བར་བསྟན་པའི་ཕྱིར་རྡེག་པར་བྱེད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པའི་དབང་གིས་ནི་མངོན་པར་འཁུ་བ་ལ་སོགས་པ་ཕུང་ཁྲོལ་སྟོང་ཕྲག་སྐྱེ་བར་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་དེའི་འོག་ཏུ་འཁུ་བའི་ཚོམས་བསྟན་ཏོ། ། [209b.3]ཡང་ན་རྙེད་པ་དང་བཀུར་སྟི་ནི་འདམ་དང་ཟུག་རྔུ་སྟེ། ལྷ་ཞིག་གིས་བཅོམ་ལྡན་འདས་ལ་གསོལ་པ། འཇིག་རྟེན་ན་ནི་གང་ཟག་བཞིས། །བཞི་པོ་དག་ནི་ཐོབ་གྱུར་པ། །སྐལ་བ་ཆེན་པོ་གང་ལགས་པའི། །ཞུས་པའི་ལན་དེ་བདག་ལ་གསུངས། །ཞེས་པ་དང་། རྡེག་པར་བྱེད་པས་རྡེག་ [209b.4]པ་འཐོབ། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་ཞིག་གིས་གཞན་ལ་རྡེག་པར་བྱེད་པ་སྟེ། དབྱུག་པ་དང་མཚོན་ཆ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་རྡེག་པར་བྱ་བས་སོ། །བརྡེག་པ་དེས་ཀྱང་ཕལ་ཆེར་འདི་ཉིད་དུ་བདག་ཉིད་ལ་རྡེག་པ་འཐོབ་སྟེ། ལོངས་སྤྱོད་དང་འཚོ་བ་ [209b.5]རྣམས་འཕྲོགས་པར་བྱེད་པའོ། །འདིར་གཟུགས་ཅན་སྙིང་པོ་དང་མ་སྐྱེས་དགྲ་ཡང་ཕན་ཚུན་དུ་བརྗོད་པར་བྱའོ། །ལུས་ཀྱི་གནོད་པའི་སྐྱོན་བསྟན་ནས་ངག་གི་གནོད་པ་སྨྲས་པ། ཁོན་དུ་འཛིན་པ་ནི་ཁོན་དུ་གཟུང་བ་སྟེ་ཞེ་སྡང་དང་འབྲེལ་པ་གང་ལ་ཡོད་པ་ནི་ཁོན་ཅན་ཏེ། གཞན་ལ་ཚིག་ [209b.6]ངན་དང་མཚང་འདྲུ་བ་ལ་སོགས་པས་གཞན་གྱི་རྒྱུད་ལ་ཁོན་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །དེ་ཁོན་དུ་འཛིན་པ་དེས་ཁོན་ཅན་མཐོང་སྟེ། ཉམས་སུ་མྱོང་བ་སྐྱེད་པ་ཡིན་ནོ། །ཇི་ལྟར་དེ་གང་དག་གི་གནས་སྐབས་ལ་གཞན་ལ་ཁོན་དུ་འཛིན་པ་དེ་བཞིན་དུ་གཞན་དེ་ཡང་ནང་དུ་ཁོན་དུ་འཛིན་ [209b.7]པར་འགྱུར་ཏེ་དྲུག་སྡེ་བཞིན་ནོ། །དེ་བཞིན་གཤེ་བས་གཤེ་བ་སྟེ། །ཞེས་བྱ་བ་ནི་ཚིག་རྩུབ་པོ་བརྗོད་པ་ནི་གཤེ་བའོ། །དེ་གང་སྨྲ་བ་དེ་ནི་གཤེ་བ་སྟེ། གཤེ་བར་བྱས་པའི་འོག་ཏུ་བདག་ལ་གཞན་ལས་གཤེ་བ་འཐོབ་པར་འགྱུར་ཏེ། གང་དེ་གཤེ་བ་ནི་བྷ་ར་དྷྭ་ཛ་ལ་སོགས་པ་བཞིན་ནོ། ། [210a] [210a.1]ཁྲོ་བར་བྱེད་ལ་ཁྲོ་བ་འབྱུང་། །ཞེས་བྱ་བ་ནི་གང་ལ་ལ་གཞན་དག་ལ་ཁྲོ་བར་བྱེད་པ་སྟེ། ཁྲོ་བར་བྱེད་པའི་སྐྱེ་བོ་ངན་པས་ཕྱིར་ཡང་འཐོབ་པར་འགྱུར་ཏེ། ཉེ་དགའ་ལ་སོགས་པ་བཞིན་ནོ། །དེ་ལ་འདིར་ནི་དགེ་སྦྱོང་བྱེད་པའི་ཆོས་བཞི་བསྟན་ཏེ། གོ་རིམས་ [210a.2]བཞིན་དུ་བརྡེག་པ་ལ་སླར་བརྡེག་པར་མི་བྱ་བ་དང་། མཚང་འདྲུ་བ་ལ་སླར་མཚང་འདྲུ་བར་མི་བྱ་བ་དང་། གཤེ་བ་ལ་སླར་གཤེ་བར་མི་བྱ་བ་དང་། ཁྲོ་བ་ལ་སླར་ཁྲོ་བར་མི་བྱ་བ་དང་། གཞན་དུ་ན་གནོད་པ་འཐོབ་པར་འགྱུར་བའོ། །མི་ཤེས་པའི་རྒྱུད་ལས་ནི་འཁུ་བ་ཐམས་ཅད་འབྱུང་ [210a.3]ངོ་ཞེས་བསྟན་པའི་ཕྱིར། འདི་གཞན་དགེ་སྦྱོང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཀཽ་ཤཱམྦཱིའི་དགེ་སློང་དག་ལས་བརྩམས་པ་ཡིན་ཏེ། དགེ་སློང་དག་སྔོན་བྱུང་བའི་དུས་ན་ཀ་ཤིའི་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་དང་། ཀོ་ས་ལའི་རྒྱལ་པོ་དིར་གི་ལ་ཞེས་བྱ་བ་ཕན་ཚུན་མི་ [210a.4]མཐུན་པར་གྱུར་ཏེ། རྒྱ་ཆེར་དིར་གི་ལའི་མདོ་དང་ལུང་བར་མ་ལས་འབྱུང་སྟེ། དེ་ཉིད་སྨྲས་པ། ཇི་ལྟར་ཡང་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་གསུངས་པ་དེ་ལྟར་ན་ཡང་བདག་ཅག་གིས་ནི་ནུས་སོ་ཞེས་པ་ནས་ཇི་སྲིད་དུ་ཚིགས་སུ་བཅད་པ་བཅུ་གཉིས་གསུངས་སོ། །གང་བྱིས་པ་རྣམས་ [210a.5]ཀྱི་འཆིང་བ་དང་ཁོན་དེ་སྨྲས་པ། འདི་གཞན་ཞེས་བྱ་བ་ནི་ཐོས་པ་མེད་པ་སྟེ། ཆོས་ཞེས་བྱ་བ་འདི་དང་སྦྱར་རོ། །དམ་པའི་ཆོས་མ་མཉན་པས་ནི་གཅིག་ཏུ་དང་པོར་ཁོན་བྱེད་པ་དང་འབྲེལ་པ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་གཞན་ཞེས་བྱ་བ་ནི་གཞན་གྱི་ཕྱིར་མ་ [210a.6]ཡིན་པ་སྟེ། མ་ཐོས་པ་ནི་མི་ཉན་པའོ། །མི་སེམས་པ་དང་མི་བསྒོམ་པ་ལ་སོགས་པ་ཡང་སྲིད་པའི་ཕྱིར་འདིར་སོགས་པའི་སྒྲས་བརྗོད་དོ། །གང་ཞིག་དེ་ལྟར་ཁོན་དུ་བྱེད་པ་ཡིན་ཞེ་ན། བྱིས་པ་ཞེས་བྱ་བ་ཡིན་ཏེ། བྱིས་པའི་མཚན་ཉིད་ནི་མི་མཁས་པ་ཞེས་བྱ་བ་སྟེ་རྣམ་པར་མི་ཤེས་ [210a.7]པའོ། །དེ་གང་ཡིན་ཞེ་ན་དོན་གྱི་དེ་ཉིད་ཅུང་ཟད་ཀྱང་མི་རིག་པ་ཡིན་ཏེ། དམ་པའི་ཆོས་ཞེས་བྱ་བ་འདིར་ཡང་རྗེས་སུ་འབྲང་ངོ་། །ཐོས་པ་ཉམས་པ་དང་མ་ཐོས་པ་ཡོངས་སུ་བརྟག་པ་ཡང་མི་རིག་པའི་ཕྱིར་ཏེ། གང་གིས་དེ་ལྟར་དམ་པའི་ཆོས་མི་ཤེས་པ་ཡིན་པས་དེ་ཉིད་བྱེད་པ་ཡིན་ནོ། ། [210b] [210b.1]གང་ཡང་དེ་མངོན་པར་ཤེས་པ་དེ་ནི་ནམ་ཡང་ད་ལྟར་གྱི་སྤྱོད་པ་དེས་སྤྱོད་པར་མི་བྱེད་དོ། བྱིས་པ་ཞེས་བྱ་བ་ཡང་རིག་པས་ཐོབ་པའི་ཤེས་པ་མེད་པའི་ཕྱིར་སྨྲས་པ། ཡང་དག་པར་མངོན་པར་ཤེས་པ་མེད་པས་ཏེ། གཞན་ལས་ཤེས་པ་མེད་པའོ། །གལ་ཏེ་ཤིན་ཏུ་ཚེ་རིང་བ་ཡིན་ཏེ། [210b.2]དེ་བས་ན་ཚེའི་དྲེགས་པས་རློམ་པར་འགྱུར་ཏེ་ཁོན་དུ་འཛིན་པར་བྱེད་དོ་ཞེ་ན། ཡོངས་སུ་ཚེ་ཐུང་འདི་ལ་ཡང་། །ཞེས་བྱ་བ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་ཡོངས་སུ་སྣང་བའི་རྣམ་པ་འདིས་ཡུན་ཤིན་ཏུ་ཐུང་བར་གནས་པའི་སྲོག་ཡོད་ཀྱང་བླུན་པས་ཁོན་པར་བྱེད་དོ། །གྱི་ནའི་ཕྱིར་ཞེས་བྱ་བ་ [210b.3]ནི་སེམས་ཅན་གཞན་དག་ལྷན་ཅིག་གྱི་ན་ཙམ་ལ་ཀུན་དུ་འཁྲུག་པའི་རྒྱུ་དེས་བདག་ལ་རྗེས་སུ་འཆིང་བར་བྱེད་དོ། །འཁོན་པའི་འབྲས་བུ་འཐབ་པ་ལ་སོགས་པ་ནི་མ་ཐོས་པ་དང་མི་ཤེས་པ་ལས་འབྱུང་ངོ་ཞེས་བསྟན་པའི་ཕྱིར། འདི་ནི་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སོ་སོར་ [210b.4]སྨྲ་ཞིང་ཞེས་བྱ་བ་ནི་སོ་སོ་ཐ་དད་པའི་རྣམ་པའི་སྒྲ་ཡོད་པ་དེ་ནི་སོ་སོར་སྨྲ་བ་ཉིད་དེ། ཁྱེད་ཅག་གི་ནང་ནས་འདི་དག་ཁ་ཅིག་ནི་ཕན་ཚུན་རྣམ་པ་སྣ་ཚོགས་ཀྱིས་མི་མཐུན་པའི་ཚིག་རྩུབ་པོ་ལ་སྤྱོད་པར་གྱུར་ཅེས་བྱ་བའི་དོན་ཏོ། །མཐུན་པར་འཇུག་པ་ནི་མཉམ་དུ་འཇུག་པ་སྟེ། གང་དུ་འཐབ་པར་ [210b.5]འདོད་པ་དང་། ཕྱིར་རྒོལ་བར་འདོད་པ་དང་། ཧ་ཅང་མི་མྱུར་བ་དང་མི་མགྱོགས་པས་རྣམ་པར་འཁྲུག་པ་ལ་འཇུག་པར་འགྱུར་ཏེ། འཐབ་མོ་དེ་དག་ནི་མྱུར་དུ་ཞི་བར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །འཐབ་མོ་འདི་དག་ཀྱང་ཇི་ལྟ་བུ་ཞེ་ན། དགེ་སློང་དག་ཁྱེད་ཅག་གི་ནང་ནས་ཁ་ཅིག་གིས་ [210b.6]འདི་ལྟ་བུ་ཞེས་བྱ་བ་སྨྲས་ཏེ། འདི་ནི་མཆོག་ཅེས་བསམས་ནས་སུ། །ཞེས་བྱ་བ་གལ་ཏེ་འདི་གཞན་གྱི་ཕྱོགས་ཀྱིས་བྱས་པ་ནི་མཆོག་མ་ཡིན་ནོ་ཞེས་ཇི་སྟེ་དེ་ལྟར་ཕན་ཚུན་མངོན་པར་ཞེན་པས་བསམ་པ་སྟེ་རྩིས་པ་དང་། ལྷག་པར་གྲོལ་བ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། གལ་ [210b.7]ཏེ་ཁྱེད་ཅག་ཁོ་ནས་ཇི་ལྟར་ཁྱེད་ཅག་གི་ཕྱོགས་ལ་སོ་སོར་སྨྲ་ཞིང་མཐུན་པར་འཇུག་པར་མི་འགྱུར་གང་དུ་ཡང་དེ་ལྟར་བསམ་པ་ཡིན་ཞེ་ན། སྨྲས་པ། ཁྱེད་ཅག་ཉིད་ཀྱིས་དགེ་འདུན་འབྱེད་པའི་ཚེ། །ཞེས་བྱ་བ་སྨོས་སོ། །འདི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་དུ་དེ་བཞིན་ [211a] [211a.1]གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་འབྱེད་པས་རྩོལ་བར་བྱེད་པ་དང་། ཚོགས་པ་མེད་ཅིང་སྐབས་ལ་དམིགས་པར་གྱུར་པ་དེ་འོན་ཀྱང་ཁྱེད་ཅག་ཅིའི་ཕྱིར་འདི་གཞན་གྱིས་བྱས་པ་མཆོག་མ་ཡིན་པ་དང་། བདག་གིས་བྱས་པ་ཡང་མཆོག་ཡིན་ནོ་ཞེས་བསམས་ [211a.2]པར་བྱེད། ཨེ་མའོ་ཀྱི་ཧུད་རྨོངས་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ནི་འདི་ཉིད་དགེ་འདུན་ཏེ། ཐར་པའི་ལམ་བསྒོམ་པར་ནུས་པ་ཡིན་ཏེ། བདག་མེད་པ་ལ་ལྷག་པར་མོས་པས་སོ། །མུ་སྟེགས་ཅན་ལ་སོགས་པ་ནི་དགེ་འདུན་མ་ཡིན་ནོ་ཞེས་མཚོན་པ་ཡིན་ཏེ། འཐབ་མོ་ཞི་བར་བྱ་བ་མཚོན་ [211a.3]པའོ། །ཅི་ཕྱིར་སྟོབས་མེད་སེམས་མི་བྱེད། །ཅེས་བྱ་བ་ནི་ཁྱེད་ཅག་གི་ནང་ནས་གང་ལ་ལ་བདག་ཉིད་ལ་ཡང་ཉམ་ཆུང་བ་སྟེ། ཅིའི་ཕྱིར་མི་ཤེས་པ་དང་མི་དམིགས་པའོ། །གལ་ཏེ་ཁ་ཅིག་བདག་ཉིད་ལ་བདག་ཉིད་ཤེས་པས་སྟོབས་མེད་པ་ནི་ནུས་པ་མེད་པ་སྟེ། མི་རྟག་པ་ལ་སོགས་པའི་སྐྱོན་ [211a.4]གཞན་གྱི་དབང་ཉིད་དུ་བྲན་དང་དམན་པར་ཤེས་པར་བྱས་ནས་ང་རྒྱལ་དེ་དང་བྲལ་བར་འགྱུར་ཏེ། དེས་ན་དེ་དག་ཡན་ལག་མ་ཚང་བའི་ཕྱིར་སྨྲས་པ་ཡིན་ཏེ། ཕྱོགས་གཅིག་བཞིན་དུ་ཕྱོགས་ཀྱིས་ནི་རྩོད་པ་འཕེལ་བར་འགྱུར་རོ། །དེ་ལྟར་ཕྱོགས་དང་གཞན་ཉིད་ཀྱིས་བྱེ་བར་གྱུར་པ་ནི་ཡང་ཕྱིས་ [211a.5]འདུམ་པར་འགྱུར་བ་མེད་དེ་ས་བོན་བསྲེགས་པའི་མྱུ་གུ་མི་འབྱུང་བ་བཞིན་ནོ་ཞེས་རྟོགས་པ་ལ། རུས་པ་གཅོག་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། རུས་པ་བཅག་པ་ཡིན་པས་རུས་པ་གཅོག་པ་སྟེ་དགྲ་དེ་དག་ཡང་འདུམ་པར་འགྱུར་ཏེ། དཔེར་ན་ཀ་ཤི་ཀ་དང་ཀོ་ས་ལའི་རྒྱལ་པོ་བཞིན་ནོ། །སྲོག་ [211a.6]གཅོད་ལ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་འཕྲོག་པ་ཙམ་ཡང་འདུམ་པར་འགྱུར་ཏེ། འདི་དག་གཅིག་ལ་གཅིག་རྣམ་པར་འཁྲུག་པར་བྱེད་པ་ཡང་ཕྱིས་དགའ་བ་སྒྲུབ་པར་བྱེད་དོ། །དེའི་ཡོ་བྱད་ཉམས་པ་ཡང་སྒྲུབ་པར་བྱེད་པའི་ཕྱིར་སྨྲས་པ། རྟ་དང་ཕྱུགས་དང་། ནོར་འཕྲོག་པའི་ངང་ཚུལ་ [211a.7]གང་ལ་ཡོད་པ་དེ་ནི་དེ་དག་གོ། །རྟ་ལ་སོགས་པའི་སྐྱེ་བའི་གནས་འཇིག་པར་བསྟན་པའི་ཕྱིར། ཡུལ་འཁོར་འཇོམས་པར་བྱེད་པ་ཡང་། །ཞེས་བྱ་བ་སྨོས་ཏེ། ཡུལ་ཡང་ཕན་ཚུན་འཇིག་པར་བྱེད་དོ། །ཕྱི་ནས་ཞེས་བྱ་བ་ནི་དེའི་འོག་ཏུ་སྟེ། དེ་དག་གྱི་ན་ཙམ་གྱི་རྣམ་པས་འདུམ་པར་འགྱུར་ཏེ། [211b] [211b.1]མཇལ་དུམ་ནི་ཕྲད་པ་དང་དགའ་བ་དང་བྱམས་པ་ཞེས་བྱ་བའི་དོན་ཏོ། །ཁྱེད་ཅག་ཅི་ཕྱིར་བྱེད་མི་འགྱུར། །ཞེས་བྱ་བ་ནི་ཁྱིམ་ན་གནས་པ་སྟེ། འདི་ལྟར་འདོད་པའི་སེམས་ཀྱིས་ཁྱིམ་ཀུན་དུ་བཟུང་བ་ཡང་དེ་ལྟར་འདུམ་པར་བྱེད་ན། ཁྱེད་ཅག་ཁྱིམ་ཡོངས་སུ་སྤངས་པར་གྱུར་ཀྱང་རྒྱུ་གང་གིས་ [211b.2]འདུམ་པར་མི་བྱེད་ཅེས་སོ། །ཐོས་པ་ཉུང་བའི་ཕྱིར་རོ་ཞེ་ན། ཡང་ཆོས་འདི་རྣམ་པར་ཤེས་ན་གོ་ཞེས་བྱ་བ་སྨོས་ཏེ། ཁྱེད་ཅག་གིས་ཡན་ལག་བཅུ་གཉིས་བསྟན་པའི་ཆོས་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པར་གྱུར་ཀྱང་རྒྱུ་གང་གིས་འདུམ་པར་མི་བྱེད་ཅེས་སོ། །ཐོས་པ་ཉུང་བའི་ཕྱིར་རོ་ཞེ་ན། ཡང་ [211b.3]ཆོས་འདི་རྣམ་པར་ཤེས་ན་གོ། །ཞེས་བྱ་བ་སྨོས་ཏེ། ཁྱེད་ཅག་གིས་ཡན་ལག་བཅུ་གཉིས་བསྟན་པའི་ཆོས་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པར་གྱུར་ན་ཞེས་པའོ། །ཡུལ་ཀཽ་ཤཱམྦཱིའི་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་མི་བཟད་པ་རྣམ་པར་གནོན་པ་ཞེས་ [211b.4]བྱ་བ་ལུང་ལས་འབྱུང་ངོ་། །མདོ་སྡེ་ལ་སོགས་པ་ཐམས་ཅད་ལ་ཡང་རྣམ་པ་ཐམས་ཅད་དུ་རྩོད་པ་སྨད་དེ། དགེ་སློང་དག་འཐབ་པ་དང་མཚང་འདྲུ་བར་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པ་བསྟན་པས་སོ། །ཇི་ལྟ་བུ་ཆོས་རྣམ་པར་ཤེས་པ་དང་། བསྟན་པའི་ཆོས་དེ་ཡང་ཇི་ལྟ་བུ་ཞེ་ན། མཁས་ [211b.5]པས་བརྟགས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟགས་ཤིང་ཞེས་བྱ་བ་ནི་མཆོག་ཏུ་བརྟགས་ཤིང་བརྟགས་པ་སྟེ། རིགས་པ་དང་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །མཁས་པ་ཞེས་བྱ་བ་ནི་བློ་གསལ་བ་སྟེ། མཁས་པས་ནི་དེ་གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པར་བྱེད་པ་དང་། [211b.6]ལེགས་པར་འཆད་པར་བྱེད་དོ། །ཚིག་ནི་ངག་སྟེ་དེ་ཉིད་ཤེས་པ་དང་ལྡན་པས་བཤད་པ་སྟེ། ཇི་སྐད་དུ་བཤད་ན་ཤེས་པར་འགྱུར་བ་སྟེ། སྟོན་པར་བྱེད་ན་ཞི་བའི་ཚིག །ཅེས་གསུངས་པའོ། །ཚིག་ཅེས་བྱ་བ་ནི་བསྟན་པའི་ཆོས་ཏེ། དེ་ཉིད་ཀྱི་ཡང་ཁྱད་པར་ནི། །སྤྱོད་ཡུལ་སྟོན་པར་བྱེད་པ་ [211b.7]ཡི། །ཞེས་བྱ་བ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པ་ནི་འཕགས་པའི་ཆོས་འདུལ་བའི་སྤྱོད་ཡུལ་ཞེས་བརྗོད་དེ། དེ་སྟོན་པའི་ཚུལ་གང་ལ་ཡོད་པའི་དེའོ། །ཁྱད་པར་གྱི་དོན་དང་ལྡན་པ་འདིས་སྟོན་པ་ཡིན་ནོ། །གང་གི་དོན་དུ་ཡང་ཐུབ་པ་མཆོག་གིས་བསྟན་པ། དེ་ཡི་དོན་ནི་ [212a] [212a.1]རྩོལ་བྱེད་པ། །ཞེས་བྱ་བ་ལ་སོགས་པ་སྟེ། བྱེད་ཅིང་འདུག་པའོ། །འདོད་ཆགས་ལ་སོགས་པའི་གཉེན་པོ་བསྟན་པའི་བྱ་བ་དེའི་རྗེས་སུ་འཇུག་པས་ཉམས་སུ་མྱོང་བའི་ཕྱིར་རོ། །ཅིའི་ཕྱིར་འདོད་ཆགས་ལ་སོགས་པ་འདིས་བསལ་བ་ཡིན་ཞེ་ན། འདི་ལྟར་ཁ་བྱ་ཡིས་ [212a.2]ཞེས་བྱ་བ་ཤིན་ཏུ་ཕྱིན་ཅི་ལོག་པ་ཉིད་དེ། གཅིག་ཏུ་སྲིད་པ་གསུམ་ལ་རྒྱབ་ཀྱིས་ཕྱོགས་པ་མེད་པའི་ཕྱིར་རོ། །དེ་ཡང་དག་པར་མ་གོ་བས་རང་གི་དོན་མེད་པ་ཡིན་གྱི། གཞན་དུ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལུས་ཅན་ཞེས་བྱ་བ་སྨོས་ཏེ། གང་གི་ཚིག་ཀྱང་བདེན་པ་མ་ཡིན་པས་ཁྱེད་ཅག་ [212a.3]ཉིད་འཐབ་མོའི་ལུས་ཅན་ཐོབ་པར་བྱས་ཏེ། གང་གི་དེ་ཆད་པའི་བྱེད་པ་པོ་བླ་མ་གང་གིས་བྱས་པ་དེས་ཁྱེད་ཅག་ཉིད་རྣམ་པར་འཁྲུག་པར་བྱས་སོ། །ཁྱོད་ནི་མི་མཁས་ཞེས་བྱ་བ་ནི་ཁྱེད་ཀྱི་སྟོན་པ་དེ་ཡང་ཕྱིན་ཅི་མ་ལོག་པའི་དོན་མི་ཤེས་པ་ཡིན་ན། དེ་ལ་བརྟེན་པའི་ཁྱེད་ཅག་ལྟ་སྨོས་ཀྱང་ [212a.4]ཅི་དགོས་ཞེས་སྟོན་པ་ཡིན་ནོ། །ཅིའི་ཕྱིར་དེ་མི་ཤེས་པ་ཡིན་ཞེ་ན། ཕན་ཚུན་རབ་ཏུ་འགལ་བ་ཡིན་ཏེ། ཇི་སྐད་དུ་བཤད་པ་མ་དད་པའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་བསྟན་པའི་ཕྱིར། ཕ་རོལ་པོ་དག་ཅེས་བྱ་བ་ནི་ད་ལྟར་གྱི་ཕྱིར་རྒོལ་བ་ཉིད་དེ་རབ་ཏུ་ཞེ་སྡང་བས་གནོད་པ་དང་ [212a.5]སྡང་བའི་སེམས་ཡོད་པའོ། །འདིར་ཚིག་གམ་གསུང་རབ་དེའི་དོན་ལ་མི་ཤེས་པ་ཞེས་བྱ་བ་ནི་དོན་ནམ་ཚིག་འབྲུ་ཇི་ལྟ་བ་བཞིན་དུ་མ་རྟོགས་པའོ། །གང་གིས་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པའི་ཉན་ཐོས་དེའི་རྗེས་སུ་འཇུག་པ་དག་ནི་ [212a.6]མ་གཏོགས་སོ་ཞེས་བསྟན་པའི་ཕྱིར། བདག་ནི་ཞེས་བྱ་བ་སྨོས་སོ། །བདག་ཉིད་གནོད་སེམས་མེད་པས་འདི་ཉིད་རྟོགས་པའམ། འདི་ཉིད་སྒྲུབ་པ་ལ་བརྩོན་པར་བྱ་ཞིང་བྱ་བ་བྱེད་པའོ། །འདི་ན་མཁས་པ་གང་ཡིན་པ། །ཞེས་བྱ་བ་ནི་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཡང་སྟེ། གང་ [212a.7]གང་དག་ཏུ་ནུས་པ་དེས་དེར་བྱ་བ་ཡིན་ཏེ། འདིར་བདག་ཉིད་ཀྱིས་བྱ་བར་ནུས་པ་ཞེས་བྱ་བའི་དོན་ཏོ། །འདི་ན་མཁས་པ་གང་ཡིན་པ། །དེ་དག་བཞམས་པའི་ཚིག་གིས་ཞི། །ཞེས་བྱ་བ་སྟེ། ཕན་ཚུན་མཚམས་སྦྱོར་བའི་ཕོ་ཉ་དང་ཕོ་ཉའི་ལན་དང་། བསྒོ་བ་དང་ཕྱིར་བསྒོས་པའི་རྒྱུན་ [212b] [212b.1]གྱིས་ནི་སེལ་བར་འགྱུར་ཏེ། རྩོད་པ་ཉེ་བར་ཞི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་འདི་ན་དོན་གཞན་དུ་སྟོན་ཏེ། དེ་ཉིད་སྨྲས་པ། ཡུལ་ཀཽ་ཤཱམྦཱི་པའི་དགེ་སློང་གཉུག་མར་གནས་པ་གདུག་ཅིང་ཕ་རོལ་གནོན་པ་མདོ་སྡེ་འཛིན་པ་ལ་སོགས་པ་འཁོར་དང་བཅས་པ་དང་། ཡངས་ [212b.2]པ་ཅན་གྱི་གློ་བུར་དུ་འོངས་པ་དག་ཀྱང་དེ་བཞིན་དུ་དེར་ལྷགས་པ་དང་། དེ་དག་མདོའི་ཚིག་གི་རྣམ་པར་དབྱེ་བའི་ཆེད་དུ་རྩོད་པ་བྱུང་བར་གྱུར་ཏེ། དེ་ནས་ཀཽ་ཤཱམྦཱི་པས་དེའི་སྐྱོན་བཙལ་བའི་ནང་ཁྲིམས་བཅས་སོ། །དེ་ལ་ཡངས་པ་ཅན་གྱི་དགེ་སློང་དག་རྗེས་སུ་མི་འཇུག་སྟེ། དེས་ན་ [212b.3]དེ་དག་ལོ་བཅུ་གཉིས་སུ་རྩོད་པར་གྱུར་ཏོ། །དེ་ལ་ཀཽ་ཤཱམྦཱི་པས་སྨྲས་པ། བདག་ཅག་གི་མདོའི་རྣམ་པར་འགྲེལ་པ་ནི་དོན་དང་ལྡན་པ་ཡིན་ཞིང་དེ་སྐབས་ལ་བབ་པར་བྱས་པ་ཡིན་ནོ་ཞེས་ཡུལ་ཡངས་པ་ཅན་དག་ལ་མཚང་བྲུས་ནས་སྨྲས་པ། མཁས་པས་བརྟགས་ཤིང་ཞེས་བྱ་བ་ལ་ [212b.4]སོགས་པ་བརྗོད་དོ། །བརྟགས་པ་ནི་གཞན་གྱིས་བརྟགས་པ་སྟེ། ཡོངས་སུ་མི་གསལ་ཞིང་རིགས་པ་དང་འབྲེལ་པ་མེད་པའི་ཕྱིར་དང་། མངོན་པར་འདོད་པའི་དོན་དང་ཚིག་འབྲུ་དང་མི་ལྡན་པའི་ཕྱིར་རོ། །བརྟགས་ཤིང་གསུངས་པའི་ཚིག་གཅིག་པུར་མ་ཟད་དེ་མཁས་པ་ལྟར་སྣང་བ་ [212b.5]ཡང་ཡིན་ཏེ། མཁས་པ་ནི་བློ་དང་ལྡན་པ་སྟེ། དེར་སྣང་བ་གང་གི་ཚིག་སྟེ་མཁས་པར་སྨོས་སོ། །འོན་ཀྱང་དེ་ལས་གཞན་པའི་སྐྱེ་བོ་དང་མཉམ་པ་ཐོབ་པར་འགྱུར་ཏེ། མཁས་པའི་གཟུགས་བརྙན་ཏེ་འདིས་ན་མཁས་པ་ཞེས་པས་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིག་ནི་ངག་གོ། ། [212b.6]སྤྱོད་ཡུལ་སྟོན་པར་བྱེད་པ་ཡི། །ཞེས་བྱ་བ་ནི་གནས་སུ་བསྐྱེད་པ་དང་སྐབས་དང་ལྡན་པའི་ཕྱིར་རོ། །གལ་ཏེ་སྤྱོད་ཡུལ་སྟོན་པར་བྱེད་པ་མ་ཡིན་ན་ནི། ཐམས་ཅད་ཀྱི་ཐམས་ཅད་དུ་རིགས་པ་དང་ལྡན་པ་མེད་པར་འགྱུར་ཏེ། དེ་ལྟར་མཚང་འདྲུ་བར་བྱེད་དོ། །ཀཽ་ཤཱམྦཱི་པ་ལ་དེས་མཚང་བྲུས་ཏེ་ [212b.7]སྨྲས་པ། །ཁྱོད་ནི་མི་མཁས་ཞེས་བྱ་བ་ལ་སོགས་པའོ། །ཁ་བྱ་ཡིས་ནི་རྩོལ་བྱེད་པ། །ཞེས་བྱ་བ་ནི་གཏི་མུག་གི་དབང་གིས་རྗེས་སུ་མཐུན་པའི་མཆོག་ཉམས་པ་ནི་ཁ་བྱ་ཞེས་བརྗོད་དེ། ཁ་ནི་ཁའི་སྒོའོ། །རྩོལ་བྱེད་པ་ཞེས་བྱ་བ་དེ་ནི་རབ་ཏུ་འབད་པའོ། །ཁྱེད་ཅག་གིས་ཁའི་བྱ་བ་ [213a] [213a.1]གཅིག་པུར་མ་ཟད་དེ། བསྟན་བཅོས་ཀྱི་དོན་ཡང་ཅུང་ཟད་རྟོག་པ་མེད་དེ། ངེས་པར་ཁྱེད་ཅག་གཞན་གྱིས་བསྐུལ་བ་དང་གཞན་གྱི་ཚིག་གི་ལུགས་ཅན་ཏེ་གཞན་གྱི་དབང་དུ་བྱས་པའོ། །ཁྱེད་ནི་མི་མཁས་ཞེས་བྱ་བ་ནི་ཁྱེད་ཅག་གིས་སྐུལ་བར་བྱེད་པའི་བླ་མས་ཀྱང་ [213a.2]ཅི་ཡང་མི་ཤེས་ཏེ། དེས་ཀྱང་རང་ཉིད་ཀྱིས་ཀྱང་ཅི་ཡང་མི་ཤེས་ན་དེས་ཁྱེད་ཅག་ལ་ཅི་ཞིག་སློབ་པར་འགྱུར་ཞེས་སོ། །དེ་དག་གིས་དེ་ལ་ཡང་ལན་སྨྲས་པ། ཕ་རོལ་པོ་དག་མི་ཤེས་པས། །ཞེས་བྱ་བ་ཡིན་ཏེ། གང་བདག་ཅག་དང་བདག་ཅག་གི་འདྲེན་པ་ལ་ཚིག་ངན་པ་བརྗོད་པ་ནི་ཁྱེད་ཅག་སྟེ་ [213a.3]ཕ་རོལ་པོ་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ལ་ཞེས་བྱ་བ་ནི་མདོའི་དོན་གྱི་དབྱེ་བ་ལའོ། །མི་ཤེས་པས་ཞེས་བྱ་བ་ནི་དོན་གྱི་དེ་ཉིད་མི་ཤེས་པའོ། །དེས་ན། འདི་ལ་བདག་ནི་བརྩོན་པར་བྱེད། །ཅེས་བྱ་བ་སྨོས་ཏེ། བདག་ཉིད་འདིར་མངོན་པར་བརྩོན་པར་བྱེད་ཀྱི། བདག་ཅག་མ་ཡིན་པར་ནི་ཚངས་པ་ལ་ [213a.4]སོགས་པས་ཀྱང་འདི་བྱེད་པར་ནུས་པ་མ་ཡིན་ནོ། །ཡངས་པ་ཅན་པ་དག་གིས་སྨྲས་པ། འདི་ན་ཞེས་བྱ་བ་ནི་གང་བྱ་བ་འདི་ལ་ཡང་གང་དག་ཇི་ལྟ་བ་བཞིན་དུ་རྟོག་པ་དེ་དག་ཉིད་ཞི་བར་ཉེ་བར་འགྲོ་བ་ཡིན་ནོ། །བཞམས་པའི་ཚིག་ཅེས་བྱ་བ་ནི་མཚམས་སྦྱོར་བར་བྱེད་པ་གང་དག་བྱེ་བ་རྣམས་སྡུམ་པར་ [213a.5]བྱེད་པ་ཡོད་པ་དེ་སྟེ་རྩོད་པའི་རྒྱུ་དེ་དག་ལ་ཉེ་བར་སྦྱོར་བ་ཉིད་དེ། དེ་མེད་ན་ནི་དེ་ཡང་མེད་དོ། །བཞམས་པའི་ཚིག་ཅེས་བྱ་བ་རྩོད་པའི་རྒྱུ་མཚང་འདྲུ་བ་ལ་སོགས་པ་ཞེས་གཞན་དག་ཟེར་རོ། །ཐོས་པ་མེད་པ་ལས་ནི་མི་ཤེས་པའོ། །མི་ཤེས་པ་ལས་ནི་གཞན་གྱིས་གནོད་པ་བྱས་པ་དྲན་པའོ། །དེ་ལས་ [213a.6]ནི་ཁོན་ནོ། །ཁོ་ན་ལས་ནི་རྩོད་པ་སྟེ། དེ་ལྟར་བརྒྱུད་པ་དེ་བསྟན་པའི་ཕྱིར། བདག་ལ་ཁ་ཟེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ལ་གཤེ་ཞེས་བྱ་བ་ནི་སྔོན་བདག་ཚིག་རྩུབ་པ་འདིས་སྨྲས་སོ་ཞེས་གནོད་པ་བྱེད་པ་དྲན་པས་ཁོན་དུ་འཛིན་པའོ། །བདག་ལ་ཁ་ཟེར་ཞེས་བྱ་བ་ནི་སྨྲས་པ་སྟེ། [213a.7]ཅི་ཞེ་ན། བདག་ནི་འདི་གང་དེའི་བྲན་ཡིན་པས་སྨྲས་པ་ལྟ་བུའོ། །བདག་ཕམ་ཞེས་བྱ་བ་ནི་བདག་ཕམ་པར་བྱས་ཤིང་བསླུས་པས་བརྙས་པ་བྱས་པའོ། །བདག་ཕམ་བྱེད་པ་ཞེས་བྱ་བ་ནི་གཞན་གྱི་ལག་གིས་བདག་ལ་ཕམ་པར་བྱས་པ་སྟེ། གཞན་བྱེད་དུ་བཅུག་པའི་ཚུལ་གྱིས་ཞེས་བྱ་ [213b] [213b.1]བའི་དོན་དུ། འདི་གང་སེམས་ལ་འཛིན་བྱེད་པ། །ཞེས་བྱ་བ་ནི་སྔར་བསྟན་པའི་རྣམ་པར་འགྱུར་བའི་མཚན་མས་གང་བྱིས་པ་རབ་ཏུ་འཛིན་པ་ཡིན་ནོ། །དེ་ཡི་ཁོན་ནི་ཞི་མི་འགྱུར། །ཞེས་བྱ་བ་ནི་དེ་དག་གི་རྩོད་པའི་རྒྱུ་ཟད་པར་མི་འགྱུར་རོ། །དེ་དག་བཟློག་པས་དཀར་པོའི་ཕྱོགས་ཀྱི་ [213b.2]ཚིགས་བཅད་སྨྲས་པ། བདག་ལ་ཁ་ཟེར་བདག་ལ་གཤེ། །ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་སླའོ། །ཅིའི་ཕྱིར་རྒྱུ་གང་གིས་ཁོང་ཁྲོ་བ་དང་ཁོན་དུ་འཛིན་པ་དེ་ཉིད་ཀྱིས་ཁོན་དུ་འཛིན་པ་ཞི་བར་མི་འགྱུར་ཞེ་ན། འདི་ན་ཁོན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གནོད་སྦྱིན་མོས་ [213b.3]བུད་མེད་ཅིག་ཟིན་པའི་དབང་དུ་བྱས་ནས་འདི་གསུངས་ཏེ། གནོད་སྦྱིན་མོ་དེས་སྨྲས་པ། གལ་ཏེ་ཁོན་ཁྱོད་ཀྱིས་བཏང་ན་ཁྱོད་ངས་བཏང་ངོ་ཞེས་པ་དང་། དེས་མི་གཏང་ངོ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་དབང་དུ་ཐུབ་པས་འདི་གསུངས་སོ། །དེ་ཐོས་པས་གནོད་སྦྱིན་མོ་དུལ་བར་གྱུར་ཏོ། ། [213b.4]མེད་ཅེས་བྱ་བ་ནི་དགག་པའོ། །པ་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ་དྲི་མས་དྲི་མ་སེལ་བ་དང་། མུན་པས་མུན་པ་བསྩལ་བ་དེ་ནི་མེད་དེ། གཅིག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་ཁོན་ཏེ་གནོད་པ་དྲན་པ་ལས་སྐྱེས་པ་དེས་ཡིད་འཁྲུགས་པར་བྱེད་པའི་རྒྱུ་དེས་ཏེ་ཚུལ་དེ་ཉིད་ [213b.5]ཀྱིས་ནི་ཁོན་ཅན་དག་ཞི་བར་འགྱུར་བ་དང་སེལ་བར་འགྱུར་བ་ཡོད་པ་ནི་མི་སྲིད་དེ། འདི་ན་ཞེས་བྱ་བ་ནི་འདོད་པའི་ཁམས་ཏེ། གོང་མ་དག་ན་ནི་ཁོན་མེད་པའི་ཕྱིར་རོ། །ནམ་ཡང་ཞེས་བྱ་བ་ནི་དུས་གང་གི་ཚེ་ནའོ། །དེ་ལྟ་ན་གང་གིས་ཞི་བར་འགྱུར་ཞེ་ན། བཟོད་པས་ཞེས་བྱ་བ་སྨོས་ཏེ། གཞན་ [213b.6]གྱི་གནོད་པ་ལ་བཟོད་པས་ཁོན་མེད་པ་སྟེ། སྒྲོན་མས་མུན་པ་བསལ་བ་བཞིན་ནོ། །ཅི་ད་ལྟའི་སྦྱོར་བ་ཉིད་ཀྱིས་བསྟན་པ་ཡིན་ནམ། འོན་ཏེ་སྔོན་གྱི་སྤྱོད་པས་ཡིན་ཞེ་ན། །འདི་ནི་ཆོས་ཀྱི་རང་བཞིན་ཡིན། །ཞེས་བྱ་བ་སྨོས་ཏེ། འདིས་ཁོན་མེད་པ་ཡང་ཁོན་རབ་ཏུ་ཞི་བའི་གྲངས་སུ་འགྲོ་བ་ [213b.7]བསྟན་པ་ནི་དུས་རྟག་ཏུ་ཡོད་དོ། །སྔོན་གྱི་སངས་རྒྱས་ཀྱིས་མ་མཛད་དེ་དམ་པའི་ཆོས་ཀྱི་རང་བཞིན་གསལ་བར་བྱེད་པའི་ཕྱིར་རོ། །ཁོན་གྱིས་བྱས་པའི་ཉེས་དམིགས་མཐོང་བའི་མཁས་པ་ནི་གང་དུ་ཡང་ཁོན་པར་མི་བྱེད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཁོན་གྱིས་ཁོན་ཅན་ནམ་ཡང་ཞི་མི་ [214a] [214a.1]འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོན་གྱིས་ཁོན་ནི་ནམ་ཡང་སེལ་བར་མི་འགྱུར་ཏེ། མི་གཙང་བས་མི་གཙང་བ་བཞིན་ཏེ། ཆོས་ཉིད་དེའི་རང་བཞིན་གྱིས་དེའི་རང་བཞིན་ནི་སེལ་བར་མི་འགྱུར་རོ། །དེ་ལྟ་ན་གང་གིས་ཞི་བར་འགྱུར་ཞེ་ན། ཁོན་ [214a.2]མེད་རྣམས་ཀྱིས་ཏེ། བཟོད་པ་དང་བྱམས་པ་དང་། སྙིང་རྗེ་བསྐྱེད་པ་ལ་སོགས་པས་སོ། །ཁོན་སེལ་བར་མི་འགྱུར་བའི་སྐྱོན་ནི་ཤ་ཁོན་ཞུགས་པ་ཞེས་བྱ་བ་སྨོས་ཏེ། ཁོན་དང་འབྲེལ་པའོ། །གནོད་པ་ནི་སེམས་ཅན་རྣམས་ལ་ཕན་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏེ། གྲགས་པ་མ་ཡིན་པ་ [214a.3]སོགས་པ་བྱེད་པའི་ཕྱིར་དང་། སྦྲུལ་ལ་སོགས་པ་སྐྱེ་གནས་ངན་པ་དང་གཟུགས་ངན་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་རྒྱུ་དེ་ཉིད་ཀྱིས་ནམ་ཡང་ཁོན་པར་མི་བྱ་སྟེ། མཁས་པ་ནི་བདག་ལ་ཕན་པར་འདོད་པ་དང་བདེ་བར་འདོད་པའོ། །ཁོན་བསྟེན་པས་ནི་ཤིན་ཏུ་མི་བཟད་པའི་ [214a.4]ངན་སོང་དུ་འགྲོ་བ་ཡིན་ལ་དེ་བས་ན་རྙེད་པར་གྱུར་ན་ནི། རྟག་ཏུ་དམ་པ་དེ་དག་དང་བསྟེན་པར་བྱའོ་ཞེས་བསྟན་པའི་ཕྱིར། བརྟན་པས་ལེགས་གནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་འཚོ་བྱེད་གཞོན་ནུས་བསྐྱེད་ལ་བུ་གཉིས་ཡོད་དེ། དེ་གཉིས་ཀྱིས་གནང་བ་ཐོབ་སྟེ། [214a.5]གཅིག་ནི་དྲུག་སྡེ་ལས་རབ་ཏུ་བྱུང་ངོ་། །གཅིག་ནི་ཀ་ཕི་ལས་རབ་ཏུ་བྱུང་ངོ་། །དེ་ལས་གཅིག་ནི་མི་དགེ་བའི་བཤེས་གཉེན་གྱི་སྐྱོན་གྱིས་ཉམས་པར་གྱུར་ཏོ། །ཅིག་ཤོས་ནི་དམ་པ་དག་ལ་བརྟེན་པས་དེ་ལྟར་མ་ཡིན་ཏེ། དེ་དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། ། [214a.6]གལ་ཏེ་རྙེད་ན་ཞེས་བྱ་བ་ནི་དེ་ལྟར་དེ་ཁོ་ན་སྤང་བར་གལ་ཏེ་འདོད་ན་ནི་དམ་པ་བཙལ་བར་བྱ་སྟེ། གལ་ཏེ་ཐོབ་པར་གྱུར་ནའོ། །གྲོགས་པོ་མཁས་པ་ཞེས་བྱ་བ་ནི་རྟག་ཏུ་བྱེད་པ་དང་། གུས་པའི་སྦྱོར་བ་གཉིས་ཀྱིས་བདག་ཉིད་ངན་པར་སྤྱོད་པ་དག་ལས་སྲུང་བ་ཡིན་ཏེ། མཁས་པ་ནི་བག་ [214a.7]ཡོད་པ་སྟེ། དེའི་གྲོགས་ནི་ཆེན་པོ་ཡིན་པའི་ཕྱིར་དགེ་བའི་བཤེས་གཉེན་ཆེན་པོའོ། །ལྷན་ཅིག་སྤྱོད་པ་ནི་གང་གིས་གནས་གཅིག་ལ་རྟག་པ་ཉིད་དུའོ། །བརྟན་པས་ཞེས་བྱ་བ་ནི་མཁས་པ་སྟེ། མི་འགྱུར་བ་དེ་ཉིད་ཀྱིས་དེའི་ཡོན་ཏན་རྟོགས་པའི་ཕྱིར་རོ། །ཉོན་མོངས་ཐམས་ཅད་མངོན་པར་ [214b] [214b.1]ཟིལ་མནན་ནས། །ཞེས་བྱ་བ་ལ། ཀུན་ནས་འཛག་པའི་ཉོན་མོངས་པ་སྟེ། ཚད་ལ་སོགས་པའི་ཡོ་བྱད་ཀྱིས་ངེས་པར་སྤང་བར་བྱ་བ་མ་ཡིན་ཏེ། དེ་དག་ཡང་མི་རྩོལ་བས་སྤང་བ་སྟེ། ཆགས་པ་ཐམས་ཅད་ལས་སོ། །དེ་ཡང་སྤྱད་ཅེས་བྱ་བ་ནི་གྲོགས་པོ་མཁས་པ་བསྟེན་པའོ། ། [214b.2]ཇི་ལྟ་བུས་ཤེ་ན། དགའ་བའི་ཡིད་ཀྱིས་ཞེས་བྱ་བ་སྟེ་མགུ་བའི་ཡིད་ཀྱིས་ཏེ། དེའི་སྤྱོད་པ་ཁྱད་པར་ཅན་མཐོང་བའི་ཕྱིར་རོ། །དྲན་ལྡན་ཞེས་བྱ་བ་ནི་དྲན་པ་མངོན་དུ་བྱས་པ་སྟེ། དེའི་ལུང་ཁྱད་པར་ཅན་མ་བརྗོད་པའི་ཕྱིར་རོ། །འདི་ནི་དྲན་པ་དང་ཤེས་བཞིན་དང་ལྡན་པར་བསྟན་ཏོ། །རྨོངས་པ་ [214b.3]དག་ལ་ནི་མ་ཡིན་ཏེ། དྲན་པ་ཉམས་པ་ཡོད་པའི་ཕྱིར་དམ་པ་དག་ལ་རྟེན་པར་བྱེད་པས་སོ། །བརྟེན་པས་ལེགས་གནས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །ཡུལ་འཁོར་ཡངས་པ་སྤངས་པའི་རྒྱལ་པོ་ལྟར། །ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་ཆེན་པོ་ལེགས་མཐོང་ཤིན་ཏུ་ [214b.4]རྒྱས་པའི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤངས་ཏེ། ཆོས་ལ་དད་ནས་ཡུལ་འཁོར་དང་ཡུལ་མི་རྒྱ་ཆེ་ཞིང་ཤིན་ཏུ་ཡངས་པ་རྒྱ་མཚོ་ཆེན་པོ་བཞིའི་མཐས་གཏུགས་པ་སྤངས་ནས་གཅིག་ཏུ་སྤྱོད་པར་གྱུར་པ་དེ་བཞིན་དུ་གཅིག་པུས་སྤྱད་པ་ནི་གྲོགས་མེད་པར་ཡང་འདུག་པར་བྱ་སྟེ། [214b.5]སྡིག་པ་དག་ནི་མི་བྱ་བའོ། །སྡིག་ཅན་གྱི་སྐྱེ་བོ་ལ་བརྟེན་པས་ངན་པར་བསྩགས་པར་མི་བྱ་བ་ཡིན་ཏེ། ངན་པར་སྤྱོད་པ་ཐམས་ཅད་ནི་མི་དགེ་བའི་བཤེས་གཉེན་ལ་རག་ལས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་སྐྱེས་བུ་དགེ་བའི་གྲོགས་པོ་བཙལ་ཞིང་སྐྱེ་བོ་ངན་པ་མ་ཡིན་ནོ་ཞེས་གསལ་ [214b.6]བར་བསྟན་པའི་ཕྱིར། བདག་དང་མཐུན་པར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་ཞིག་གིས་སྐྱེས་བུ་དམ་པ་ལ་བརྟེན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ཐོས་ནས་རང་གི་ཡུལ་དག་ཏུ་གྲོགས་བཟང་པོ་བཙལ་བ་ལས་གང་ཡང་མ་རྙེད་ནས། བཅོམ་ལྡན་འདས་གང་ན་བ་ [214b.7]དེར་སོང་སྟེ་ཕྱིན་ནས་དོན་དེ་གསོལ་བ་དང་། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །བཅོམ་ལྡན་འདས་ཀྱང་དེ་ཉིད་བསྣམས་ཏེ། དགོན་པར་རྒྱུ་ཞིང་གཤེགས་པ་ན། །གླང་པོ་ཆེ་རྒན་པོ་ཞིག་གླང་པོ་ཆེ་གཞོན་པའི་ཚོགས་དག་གིས་རྣམ་པར་གཙེས་པ་ལས་སྐྱོ་བར་གྱུར་ཏེ། རང་གི་ [215a] [215a.1]ཚོགས་བོར་ནས་གཅིག་པུ་ཞིག་གཞན་གྱིས་མ་ཟོས་པའི་རྩི་ཐོག་ཟ་བ་དང་། ཤིན་ཏུ་དངས་ཤིང་གཙང་བའི་ཆུ་འཐུངས་ལ་སེམས་ཁྲལ་བསྐྱུངས་པ་གཟིགས་ནས་ཚིགས་བཅད་འོག་མ་གསུངས་སོ། །སྤྱད་པ་ཞེས་བྱ་བ་ནི་གལ་ཏེ་གྲོགས་པོ་དམ་པ་ཐམས་ [215a.2]ཅད་དུ་རྒྱུས་ཤིང་བཙལ་ཡང་འོན་ཀྱང་རྙེད་པར་མ་གྱུར་པ་ནི་ཐོས་པར་མ་གྱུར་པའོ། །ཇི་ལྟ་བུ་ཞེ་ན། གྲོགས་བཟང་དག་དང་མཐུན་པའི་ཞེས་བྱ་བ་སྨོས་ཏེ། བདག་དང་མཉམ་པ་ནི་བདག་དང་ཡོན་ཏན་མཉམ་པའི་གྲོགས་པོ་ཡང་ཡིན་ན་ཁྱད་པར་དུ་གྱུར་པ་ལྟ་ཅི་སྨོས། བཟང་པོ་དང་མཉམ་པ་ནི་ [215a.3]ཡིན་གྱི་གྲོགས་པོ་གཞན་ནི་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །དེའི་བྱ་བ་དང་རྗེས་སུ་མཐུན་པ་སྨྲས་པ། གཅིག་པུས་སྤྱོད་པ་བརྟན་པར་བྱ། །ཞེས་པ་སྟེ། དེ་ལྟ་བུའི་གནས་སྐབས་ན་ནི་མི་གཡོ་བར་འདུག་པར་བྱའོ། །ཅིའི་ཕྱིར་ཞེ་ན། བྱིས་པ་གྲོགས་སུ་མི་འགྱུར་བས། །ཞེས་བྱ་བ་སྨོས་ཏེ། [215a.4]གང་གི་ཕྱིར་སྐྱེ་བོ་ངན་པ་ལས་ནི་ཕན་འདོགས་པ་མེད་དོ། །གྲོགས་པོའི་དོན་ནི་ཕན་འདོགས་པ་ཡིན་པའི་ཕྱིར་རོ། །ཡང་དག་པར་ན་སྐྱེ་བོ་ངན་པ་ནི་ཐམས་ཅད་ཀྱི་དགྲ་ཡིན་ཏེ་ལྷ་སྦྱིན་ལ་ཕྱོགས་ཤིང་མ་ལ་སོགས་པ་བསྟེན་པས་མ་སྐྱེས་དགྲ་དང་འཕགས་སྐྱེས་པོ་ལ་སོགས་པ་སྡུག་བསྔལ་ [215a.5]བར་གྱུར་པ་ཡང་འདིར་བརྗོད་པར་བྱའོ། །འོ་ན་བྱ་བ་ལ་སོགས་པ་ལ་ཡང་གྲོགས་པོའི་གནས་སྐབས་མེད་ན་ཅིའི་ཕྱིར་མི་རྣམས་ལ་ནི་ཡིན་ཞེས་རྟོག་པ་ལ། གཅིག་པུ་སྤྱོད་པར་བྱེད་བླ་བས། །ཞེས་བྱ་བ་སྨོས་སོ། །གཅིག་པུར་འདུག་ཅིང་གནས་པ་ནི་དམ་པ་རྣམས་ཀྱིས་མཆོག་ཏུ་ [215a.6]བསྔགས་པ་ཡིན་ནོ། །བྱིས་པ་གྲོགས་སུ་མི་འགྱུར་བས། །ཞེས་བྱ་བ་ནི་མི་དགེ་བའི་བཤེས་གཉེན་ལ་ནི་མ་ཡིན་ཏེ། དེ་ལ་བརྟེན་ན་ནི་དམ་པ་ཡིན་ཡང་དེའི་དབང་གིས་སྨད་པ་ལ་སོགས་པ་འཐོབ་པའི་ཕྱིར་རོ། །དེས་ན་དེ་ཉིད་སྨྲས་པ། སེམས་ཁྲལ་བསྐྱུངས་ཏེ་གཅིག་པུ་སྤྱོད། ། [215a.7]ཅེས་བྱ་བ་ཡིན་ཏེ། གང་གཅིག་པུ་སྐྱེ་བོ་ངན་པ་སྤངས་ཤིང་གནས་པ་དེ་ནི་གདུང་བ་མེད་པར་གནས་པ་ཡིན་ནོ། །སེམས་ཁྲལ་ནི་སྤྲོ་བ་སྟེ། ནམ་ཞིག་འདི་ལས་གྲོལ་ཞེས་དེ་ལྟ་བུའི་སེམས་ལ་གདུང་བ་དེ་དང་བྲལ་བའི་ཕྱིར་སེམས་ཁྲལ་བསྐྱུངས་པའོ། །ཡང་ན་བསྐྱུངས་པའི་སྒྲ་ནི་དགག་ [215b] [215b.1]པའི་དོན་ཏེ། ཇི་ལྟ་བུ་ཞེ་ན། མ་ཏང་དགོན་པའི་གླང་པོ་ལྟར། །ཞེས་བྱ་བ་སྟེ། མ་ཏང་གི་ཞེས་བྱ་བ་ནི་སྔོན་དགོན་པ་དེ་ན་དྲང་སྲོང་མ་ཏང་གི་ཞེས་བྱ་བ་གནས་པས་སོ། །ཡང་ན་དམོད་པའི་སེར་བས་སྐྱེ་བོ་དང་ཡུལ་མང་པོ་བསྲེགས་པས་དགོན་པར་གྱུར་པ་སྟེ། དེ་ན་གནས་པའི་གླང་པོ་ནི་དགོན་ [215b.2]པའི་གླང་པོ་སྟེ། དེས་ཇི་ལྟར་རང་གི་ཁྱུ་སྤངས་ནས་གཅིག་པུ་བག་རྐྱོང་ཞིང་རང་དགར་གནས་ལ་གདུང་བ་མེད་པ་དེ་བཞིན་ནོ། །འཁུ་བའི་ཚོམས་ཏེ་བཅུ་བཞི་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།སྔར་བསྟན་པའི་འཁུ་བ་སྤང་བའི་ཐབས་བསྟན་པའི་ཕྱིར། དེའི་འོག་ཏུ་དྲན་པའི་ཚོམས་ [215b.3]བསྟན་ཏེ་རྔུབ་པ་ལ་སོགས་པའི་དྲན་པ་མེད་པར་བློ་ལེགས་པར་བསྒོམས་པ་མེད་དོ། །སྡེ་ཚོམས་ཀྱི་འགྲེལ་པ་སྨྲས་པ། སངས་རྒྱས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པའོ། །དགེ་སློང་དག་དབུགས་འབྱུང་བ་དང་རྔུབ་པ་དྲན་པར་གྱིས་ཤིག །གང་གི་ཕྱིར་ཇི་ཙམ་ན་རྣམ་པར་རྟོག་པ་རྒྱུན་ཆད་ [215b.4]པར་འགྱུར་རོ་ཞེས་པ་སྟེ། དེས་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །རྔུབ་པ་ཡིན་པས་རྔུབ་པ་སྟེ། རླུང་ནང་དུ་འཇུག་པའོ། །འབྱུང་བ་ཡིན་པས་འབྱུང་བ་སྟེ། གང་ཕྱིར་འབྱིན་པའོ། དེ་ལྟར་གསུངས་པ་དགེ་སློང་དག་དབུགས་རྔུབ་པ་ནི་རླུང་འཐུང་ཞིང་འཇུག་པའོ། ། [215b.5]དབུགས་འབྱུང་བ་ནི་རླུང་ཕྱིར་འབྱིན་པ་སྟེ། མངོན་པར་འབྱིན་པ་ཡིན་ནོ་ཞེས་སོ། །དབུགས་རྔུབ་པ་དང་འབྱུང་རྔུབ་བོ། །དེ་ལ་དྲན་པ་རི་དེ་ལ་དམིགས་པ་སྟེ། དབུགས་འབྱུང་རྔུབ་དྲན་པའོ། །དེ་ཡང་ཤེས་རབ་ཀྱི་བདག་ཉིད་དེ་དངོས་པོ་ལ་རྟོགས་པས་འཇུག་པའི་ཕྱིར་རོ། །དེ་ལ་ [215b.6]དྲན་པའི་ཚིག་ནི་དེའི་ཚོགས་ཤས་ཆེ་བར་འཇུག་པ་སྟེ། རླུང་འཇུག་པ་དང་འབྱུང་བ་ལ་དྲན་པ་བརྗེད་པ་མེད་པའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ནི་ཁྱིམ་པའམ། རབ་ཏུ་འབྱུང་བ་ཆོས་འདི་པ་སྟེ། ཕྱི་རོལ་པ་རྣམས་ལ་ནི་བདག་ལ་ལྷག་པར་མོས་པ་དེ་མེད་པའི་ཕྱིར་རོ། །ཡོངས་སུ་རྫོགས་ [215b.7]པར་ཞེས་བྱ་བ་ནི་ཡོངས་སུ་དག་པའི་གནས་སྐབས་ན་འདི་ལྟར་འཇུག་པ་ཡིན་ནོ། །གལ་ཏེ་མཉམ་པར་གཞག་ན་འགྱུར་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ལེགས་བསྒོམས་པས་ཞེས་བྱ་བ་སྨོས་ཏེ། མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར། འདོད་པའི་ཁམས་ན་ནི་ [216a] [216a.1]བསྒོམ་པ་མེད་ན་ཇི་ལྟར་དེའི་ས་ན་ལེགས་པར་བསྒོམས་པར་འགྱུར་ཞེ་ན། ལེགས་པར་བསྒོམས་པ་ནི་ཡང་དག་པར་བསྟེན་པའོ། །བསྒོམས་པ་ཡོངས་སུ་བྱང་བ་ནི་རིམ་པ་ཉིད་ཀྱིས་སྟོན་པར་འདོད་པའི་ཕྱིར་རིམ་གྱིས་ཞེས་བྱ་བ་སྨོས་ཏེ། གྲངས་ལ་སོགས་ [216a.2]པའི་རིམ་པས་ལྷག་པར་བགྲང་བ་སྟེ། དེའི་ཕྱིར་འདི་ནི་རྣམ་པ་དྲུག་ཏུ་བགྲང་བ་ཡིན་ཏེ། བགྲང་བ་དང་། རྗེས་སུ་འགྲོ་བ་དང་། འཇོག་པ་དང་། མཚན་ཉིད་དང་། བསྒྱུར་བ་དང་། ཡོངས་སུ་དག་པའི་དབྱེ་བས་སོ། །འདོད་པ་ནི་ཉེ་བའི་རིམ་པས་ཀྱང་མངོན་དུ་བྱ་བ་ཡིན་ནོ། །ཇི་ལྟ་བུར་ཞེ་ན། [216a.3]སངས་རྒྱས་ཀྱིས་ནི་བསྟན་པ་བཞིན། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་རིམ་པ་གང་གིས་མདོ་དང་། མངོན་པའི་ཆོས་དག་ཏུ་གསུངས་པ་སྟེ། དབུགས་རྔུབ་པ་དང་འབྱུང་བ་གང་ཞེ་ན། རྣམ་པ་བཅུ་དྲུག་པོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་རོ། །བསྒོམས་པའི་འབྲས་བུ་ནི། །འཇིག་ [216a.4]རྟེན་འདི་ན་ཀུན་ནས་གསལ། །ཞེས་བྱ་བ་སྟེ། གང་ཟག་གང་གིས་འདི་ལ་ལེགས་པར་བསྒོམས་པ་དེས་ནི་འགྲོ་བ་འདི་དག་ཐམས་ཅད་མངོན་པར་ཟིལ་གྱིས་གནོན་ཅིང་ཀུན་ནས་གསལ་བ་ཡིན་ཏེ། ཇི་ལྟ་བུ་ཞེ་ན་སྨྲས་པ། བྲལ་བ་སྟེ། ལས་དང་ཉོན་མོངས་པའི་འཆིང་བ་སྤངས་པའི་ཕྱིར་ [216a.5]འདིར་དཔེ་བསྟན་པ་ནི། སྤྲིན་བྲལ་ཞེས་བྱ་བ་སྨོས་ཏེ། དཔེར་ན་དབྱར་གྱི་སྤྲིན་དང་བྲལ་བ་སྟེ། སྟོན་གྱི་དུས་སུ་ཟླ་བ་གང་བ་ནི་ལྷག་པར་མཛེས་པ་ཡིན་ཏེ། དེ་བཞིན་དུ་དེ་ཡང་སྲིད་པ་གསུམ་ནའོ། །ཇི་ལྟར་འབྱུང་རྔུབ་དྲན་པ་བསྒོམས་པ་ཡིན་ཞེ་ན། སྨྲས་པ། ལུས་ནི་འཇོག་བྱེད་ཅིང་ཞེས་ [216a.6]བྱ་བ་སྟེ། ལུས་མི་འགུལ་ཞིང་བརྟན་པས་ཡུལ་དག་ལ་ལྷག་པར་མི་གཡེང་བ་ཡིན་ཏེ། གང་གི་ཕྱིར་གཡེང་བ་ལས་ནི་ལུས་འགུལ་བར་འགྱུར་ཞིང་དེ་ལས་ནི་བློ་གཡོ་བར་འགྱུར་རོ། །དེ་ལས་ནི་བསྒོམ་པར་མི་ནུས་པ་ཡིན་ནོ། །ལུས་འཇོག་ནུས་པར་གྱུར་ན་ནི་ལྷག་པར་གནས་པའི་ངང་ [216a.7]ཚུལ་ཅན་ཡིན་ཏེ་དཔེར་ན་གྲང་བ་དང་ཚ་བ་ལ་སོགས་པ་མདོ་ལས་འདིར་བརྟག་པར་བྱའོ། །དེ་བཞིན་སེམས་ནི་ཞེས་བྱ་བ་ནི་འཇོག་པར་བྱེད་པ་ཉིད་ཡིན་ཏེ། སེམས་ཀྱིས་ལོག་པའི་རྣམ་པར་རྟོག་པ་སྤངས་པ་ལས་ནི་ཡང་དག་པར་ངེས་པར་ལུས་དབེན་པ་ལ་གཞོག་པ་ཞེས་བྱ་བའི་དོན་ [216b] [216b.1]ཏོ། །དང་གི་སྒྲ་ནི་གཉི་ག་འཇོག་པ་ཡིན་ཏེ། ལུས་འཇོག་པར་བྱེད་པ་ན་སེམས་ཀྱང་འཇོག་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་བྱས་ན་དེ་ལྟར་བསྒོམས་པར་ནུས་པ་དེ་བསྒྲུབ་པའི་ཕྱིར། འགྲེང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱོད་ལམ་གང་གིས་དེ་ལྟར་བསྒོམས་པར་ནུས་པ་ [216b.2]ཡིན་པ་དེ་ཉིད་སྨྲས་པ། འགྲེང་བ་ནི་ལངས་པའོ། །འདུག་པ་ནི་ཉེ་བར་འདུག་པ་སྟེ། སྐྱིལ་མོ་ཀྲུང་བཅས་པ་ལ་སོགས་པའོ། །དང་གི་སྒྲ་ནི་འདིར་གཉི་གར་ཡང་སྦྱར་ཏེ་འདུག་པ་དང་འགྲེང་བའོ། །དེ་བཞིན་ཉལ་བ་ན་ཞེས་བྱ་བ་ནི་འདུག་པ་ན་ཡང་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ན་ནི་ [216b.3]གཡེང་བ་ཡིན་པའི་ཕྱིར་དྲན་པ་ཐམས་ཅད་དུ་མེད་པར་སྟོན་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་དབུགས་འབྱུང་རྔུབ་དྲན་པའོ། །འཇོག་ཅེས་བྱ་བ་ནི་གང་དེ་ལྟར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལེགས་པར་འཇོག་པ་སྟེ། ལྷག་པར་བསྒོམས་ཤིང་ཡོངས་སུ་ལེན་ནའོ། །ཐོབ་པར་འགྱུར་བ་ནི་རྙེད་ [216b.4]པར་འགྱུར་བའོ། །ཅི་ཞིག་ཅེ་ན། སྔ་ཕྱིའི་ཁྱད་པར་རྣམས་བྱ་བ་སྨོས་ཏེ། སྔ་མའི་དང་ཕྱི་མའི་ཁྱད་པར་ནི་སྔ་ཕྱི་སྟེ། རླུང་འཇུག་པ་ནི་སྔ་མའོ། །འབྱུང་བ་ནི་ཕྱི་མ་སྟེ། དེའི་ཁྱད་པར་ནི་ཕན་ཡོན་ཏེ། སྐྱེ་བ་དང་འཇིག་པ་ཡོངས་སུ་བརྟགས་ན་མི་རྟག་པའི་འདུ་ཤེས་ལ་སོགས་པའི་ [216b.5]ཚལ་འཐོབ་པར་འགྱུར་རོ། །ཁྱད་པར་འདི་ཐོབ་པས་ཅིར་འགྱུར་ཞེ་ན། འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། །ཞེས་བྱ་བ་སྟེ། འཆི་བདག་གི་མིང་ཅན་དེའི་དབང་དང་ཡུལ་དུ་མི་སྣང་བ་སྟེ། འཆི་བ་མེད་པའི་གོ་འཕང་དུ་འགྲོ་བའོ། །གང་གི་ཚེ་དངོས་པོ་རྣམས་ཀྱི་སྐྱེ་བ་ [216b.6]དང་འཇིག་པའི་ཆོས་འཕགས་པའི་ལམ་གྱིས་རྟོགས་པར་གྱུར་ན་ནི་ཕྲ་རྒྱས་སྤངས་ཤིང་དེར་འགྲོ་སྟེ། གང་དུ་འཆི་བའི་བདུད་ཀྱིས་མཐོང་ཞིང་བགེགས་སུ་འགྱུར་བ་ཐམས་ཅད་དུ་འཇུག་པའི་འཆི་བདག་གི་རྒྱལ་པོས་མཐོང་བ་ལས་གྲོལ་བ་སྟེ་ཐར་པ་ལ་གནས་པ་ཡིན་ནོ་ཞེས་སོ། །ཇི་ལྟར་ [216b.7]ཁྱད་པར་འཐོབ་པ་ཡིན་ཞེ་ན། ལུས་གཏོགས་ཞེས་བྱ་བ་ལ་སོགས་པ་སྟེ། དགོན་པ་ན་གནས་པའི་དགེ་སློང་རབ་ཏུ་མང་པོ་ཞིག་གི་དཔྱོད་པ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་བཙུན་པ་མྱ་ངན་ལས་འདས་པ་ཇི་ལྟ་བུ་ལགས་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ [217a] [217a.1]ཀྱིས་བཀའ་སྩལ་པ། དེ་ནི་བརྗོད་པར་མི་རུང་སྟེ། དགེ་སློང་དག་དཔེར་ན་འགའ་ཞིག་གིས་དམུས་ལོང་ལ་གཟུགས་རྣམ་པ་སྣ་ཚོགས་པ་ཡིད་དུ་འོང་ཞིང་ཡིད་འཕྲོག་པ་བསྟན་ན་ཅི་དེས་ཤེས་པར་འགྱུར་རམ། བཙུན་པ་དེ་ནི་མ་ལགས་སོ། །དེ་དག་ནི་རང་གིས་རིག་པ་ [217a.2]ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཞན་གྱི་ཚིག་གིས་ནི་ཇི་ལྟར་ཡང་རྟོགས་པར་མི་འགྱུར་རོ། །འོན་ཀྱང་དེ་ཇི་ལྟར་རྟོགས་པ་དེ་ལྟར་ལེགས་པར་རབ་ཏུ་ཉོན་ཅིག་དང་ཞེས་བྱ་བའི་བར་དུ་སྟེ། འདི་ན་གཅིག་པུ་ཉམ་ང་བ་ནི་ཁྱིམ་ན་གནས་པ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱའོ་ཞེས་པ་ [217a.3]ནས་ཇི་ཙམ་དུ་ཚིགས་སུ་བཅད་པ་འདི་གསུངས་སོ། །ལུས་ཀྱི་རྣམ་པ་ཡིན་པས་ལུས་སུ་གཏོགས་པ་སྟེ། ལུས་ལ་དམིགས་པའི་དྲན་པ་ཉེ་བར་གཞག་པ་བཞིའོ། །ལུས་སུ་གཏོགས་པའི་དྲན་པ་གང་ཞེ་ན། དགེ་སློང་དག་འདི་ལ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ལ་སོགས་ [217a.4]པ་མདོ་ལས་གསུངས་པའོ། །ཉེ་བར་གཞག་པ་ནི་ཉེ་བར་གནས་པ་དང་། ཉེ་བར་སྐྱེས་པ་དང་། མངོན་དུ་གྱུར་པའོ། །འདིའི་མཚན་མ་ནི་ཚུལ་ཁྲིམས་དང་དབང་པོ་སྡོམ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རེག་པའི་སྐྱེ་མཆེད་དྲུག་ཅེས་བྱ་བ་སྨོས་ཏེ། ཡུལ་དང་དབང་པོ་དང་རྣམ་ [217a.5]པ་འདུས་པ་ལ་སྐྱེས་པའི་སེམས་ཡུལ་ལ་རེག་པ་ནི་རེག་པ་ཞེས་བྱའོ། །དེའི་སྐྱེ་མཆེད་ནི་སྐྱེད་པར་བྱེད་པ་དང་རྒྱུ་ཉིད་དེ་མིག་ལ་སོགས་པ་དྲུག་སྟེ། གྲངས་དྲུག་པོ་དེ་དག་ལའོ། །བསྡམས་པ་ནི་དུལ་བ་སྟེ། དགེ་སློང་དག་འདི་ལ་མིག་གི་དབང་པོ་སྡོམ་པས་བསྡམ་པར་བྱའོ་ཞེས་མདོ་ལས་གསུངས་ [217a.6]སོ། །དབང་པོ་སྡོམ་པས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་མ་བསྟན་ཀྱང་རྟོགས་པ་ཡིན་ཏེ། ཚུལ་ཁྲིམས་མ་གཏོགས་པར་ནི་དབང་པོ་སྡོམ་པ་མེད་དོ། །གང་གི་ཕྱིར་དེ་འདི་ཉིད་ལ་འཇུག་པའི་སྤྱོད་པ་དེ་དག་གིས་ནི་ལུས་སུ་གཏོགས་པའི་དྲན་པ་བསྒོམ་པར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་ནོ། ། [217a.7]འདིས་ནི་དྲན་པའི་འབྲས་བུ་བསྟན་ཏེ། དེའི་མཐུས་དབང་པོ་དུལ་བའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ནི་གང་ཟག་ཚུལ་ཁྲིམས་དང་དབང་པོ་སྒོམ་པ་ལ་གནས་པ་ལ་ནི་ལུས་སུ་གཏོགས་པའི་དྲན་པ་བསྒོམ་པ་ཡོད་དེ། །རྟག་ཏུ་མཉམ་གཞག་འཇོག་བྱེད་དེ། །ཞེས་བྱ་བ་སྔར་བསྟན་ [217b] [217b.1]པའི་རྣལ་འབྱོར་པའི་ཡོན་ཏན་བསྟན་པ་ཡིན་ཏེ། རྟག་ཏུ་མཉམ་པར་འཇོག་བྱེད་པ། །ཞེས་བྱ་བ་ནི་རྒྱུན་དུ་ཏིང་ངེ་འཛིན་ལ་བསྒོམ་པ་མཆོག་ཏུ་བྱེད་པའོ། །ཡང་ན་རྟག་པའི་སྒྲ་ནི་མྱ་ངན་ལས་འདས་པའི་བྱེ་བྲག་གོ། །མཉམ་པར་གཞག་པ་དེ་ནི་རྟག་ཏུ་མྱ་ངན་ལས་འདས་པ་བདག་ཉིད་ཀྱིས་རྟོགས་ [217b.2]པར་འགྱུར་ཏེ། མཉམ་པར་གཞག་པའི་སེམས་ལས་ནི་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ་ཞེས་པའི་ཚིག་གིས་སོ། །གང་གིས་མྱ་ངན་ལས་འདས་པ་རྣམ་པར་གནས་པར་ཐོབ་ཅེ་ན། བདག་ཉིད་ཀྱིས་ཞེས་བྱ་བ་སྟེ། སེམས་ཅན་སོ་སོའི་བདག་ཉིད་ཀྱིས་མྱ་ངན་ལས་འདས་པ་རྟོགས་པར་ [217b.3]འགྱུར་ཏེ། ཕྱི་རོལ་ལ་ཡང་དེ་མེད་པའི་ཕྱིར་རོ། །དྲན་པའི་སྟོབས་ཉིད་ཀྱིས་ནི་སྲིད་པའི་རྒྱ་མཚོ་ལས་རྒལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྤྱོད་ལམ་རྣམ་པ་བཞིས་མཛེས་པ་དང་ཤིན་ཏུ་ཆོག་ཤེས་པ་ལགས་སོ་ཞེས་ [217b.4]དགེ་སློང་དག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྔགས་པ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ནི་ངོ་མཚར་མི་ཆེ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་ལ་ལ་ཞིག་དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་ཤིང་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། དགེ་སློང་གང་གིས་ཡོངས་སུ་ [217b.5]འཛིན་པ་སྤངས་པ་ལ་ནི་ཡོད་པ་ཡིན་ནོ་ཞེས་བྱ་བ་འདི་གསུངས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་རྣམ་པ་ཀུན་ནས་ཏེ་ལུས་ལ་སོགས་པའི་ཡུལ་ལ་དྲན་པར་བྱེད་པ་སྟོན་པ་བཞིན་ནོ། །དྲན་པ་ནི་དྲན་པ་ཉམས་པ་མེད་པའི་ཚུལ་ལོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའོ། །ལུས་སུ་གཏོགས་པ་དྲན་ [217b.6]པ་ཉེ་བར་གཞག་པ་ཉི་ཚེར་མ་ཟད་དེ་ཐར་པ་འདོད་པ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདག་ཉིད་མེད་ཅིང་ཞེས་བྱ་བ་སྨོས་ཏེ། དེ་ལྟར་གྱུར་ཀྱང་འདི་ལ་ངར་འཛིན་པའི་དངོས་པོ་སྤངས་པར་གྱུར་པའོ། །འདིས་ནི་ད་ལྟར་བྱུང་བའི་བདག་ནི་དངོས་པོ་སྤོང་བར་འདོད་པ་བསྟན་ཏོ། །བདག་ [217b.7]གིར་འཛིན་པ་མེད་ཅེས་བྱ་བ་ནི་ད་ལྟར་བྱུང་བའི་དངོས་པོ་སྤང་བར་བསྟན་ཏོ། །གཉི་ག་རྣམ་པར་སྤང་བར་བྱ་བའི་ཕྱིར་ཡང་གི་སྒྲ་གཉིས་ཀྱིས་བསྟན་ཏོ། །འདིས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བསྟན་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འདོད་པའི་ [218a] [218a.1]ཕྱིར། བདག་ཏུ་མི་འགྱུར་ཞེས་བྱ་བ་སྨོས་ཏེ། མ་འོངས་པའི་བདག་དང་བདག་གིར་བྱ་བའི་དངོས་པོ་སྤང་བར་འདུན་པར་གསལ་བར་བྱེད་པ་ཡིན་ནོ། །དེ་ལྟར་དགེ་སློང་མཉམ་འཇོག་ཅེས་བྱ་བ་ལ། རྣམ་པ་དེས་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་དྲན་པ་ [218a.2]ཉེ་བར་གཞག་ཅིང་ཐར་པའི་བསམ་པ་ཁྱད་པར་ཅན་སྐྱེས་པར་གྱུར་ན་ནི་རྩེ་གཅིག་པའི་སེམས་ཀྱིས་བསྒོམ་པ་བསྒྲུབ་པར་འགྱུར་ཏེ། རྩེ་གཅིག་ཏུ་གྱུར་པའི་ཡིད་ཀྱིས་ནི་མྱུར་དུ། ཡུལ་ལ་སྲེད་པ་དག་ལས་རྒལ་བར་འགྱུར། །ཞེས་བྱ་བ་ཡིན་ཏེ། སྲེད་པ་རྣམ་པ་གསུམ་ཡུལ་རྣམ་པ་སྣ་ [218a.3]ཚོགས་ལས་སྐྱེས་པ་སྤང་བ་ཉིད་དོ། །འཁོར་བའི་རྩ་བ་ནི་འདི་ཡིན་པའི་ཕྱིར་འཁོར་བའི་ཟག་པ་ཐམས་ཅད་སྐེམས་པ་ཡིན་ནོ། །དེ་ལྟར་ཡུལ་ལ་སྲེད་པ་དག་ལས་རྒལ་བར་བྱས་ནས་སྐྱེ་བ་དང་རྒ་བ་ལས་ཀྱང་རྒལ་བར་འགྱུར་བ་བསྟན་པའི་ཕྱིར། གང་ཞིག་དྲན་པར་ཞེས་བྱ་བ་ལ་སོགས་པའོ། ། [218a.4]དགེ་སློང་དག་གང་ལ་ལ་ཞིག་དད་པ་ཕུན་སུམ་ཚོགས་པར་འགྱུར་བ་ནས། ཏིང་ངེ་འཛིན་ཕུན་སུམ་ཚོགས་པའི་བར་དུ་ཡིན་ནོ། །དེ་ནི་རིང་པོར་མི་ཐོགས་པར་སྐྱེ་བ་དང་རྒ་བའི་མཐའ་མ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་བཞི་གསུངས་སོ། །གང་ཞིག་ཅེས་བྱ་བ་ནི་འོག་ནས་ [218a.5]སྨོས་པ་ལ་ནན་ཏན་བྱེད་པ་སྟེ། ཡང་དག་པར་རབ་ཏུ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །མེལ་ཙེ་བྱེད་པ་ཞེས་བྱ་བ་ནི་འབད་པས་བརྩོན་འགྲུས་བརྩམས་པའོ། །མེལ་ཙེ་བྱེད་པ་ནི་བརྩོན་འགྲུས་ཏེ། ཁྱད་པར་ཐམས་ཅད་ནི་བརྩོན་འགྲུས་ཀྱིས་འདྲེན་པའི་ཕྱིར་རོ། །དྲན་ལྡན་ནི་ལུས་སུ་གཏོགས་པའི་ [218a.6]དྲན་པ་དང་ལྡན་པའི་ཕྱིར་རོ། །ཤེས་བཞིན་ནི་ཕྱིན་ཅི་མ་ལོག་པར་ངེས་པར་རྟོག་པ་སྟེ། ཤེས་པ་ཁྱད་པར་ཅན་དང་ལྡན་པ་ཉིད་དོ། །དགའ་བ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་དང་ལྡན་པས་འགྱོད་པ་མེད་ཅིང་རྟག་ཏུ་དགའ་བ་ཡིན་པའི་ཕྱིར་རོ། །རབ་ཏུ་དང་བ་ཞེས་བྱ་བ་ནི་དད་པའི་དབང་ [218a.7]གིས་རྙོག་པ་རྣམས་བསལ་བ་ཡིན་ཏེ། སྟོན་གྱི་དུས་སུ་མཚོ་ཆེན་པོ་རབ་ཏུ་དང་བར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་ཚོགས་ཏེ་དད་པ་ལ་སོགས་པའི་དབང་པོ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །དུས་དུས་སུ་ཞེས་བྱ་བ་ནི་མཐར་གྱིས་མངོན་པར་རྟོགས་པར་འབྱུང་ [218b] [218b.1]བའི་ཕྱིར་རོ། །ཆོས་ནི་འཕགས་པའི་བདེན་པ་ལ་སོགས་པའོ། །དཔྱོད་པ་ནི་མཐོང་བའི་ལམ་ལ་སོགས་པས་ཡོངས་སུ་བརྟག་པ་སྟེ། དེའི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤོང་ཞིང་། དེ་ལས་མི་སློབ་པའི་ལམ་ལ་གནས་པ་ཡིན་ནོ། །གདུལ་བའི་བྱ་བ་ལ་ནན་ཏན་དུ་གང་བྱེད་པ་ [218b.2]དེ་ཉིད་སྨྲས་པ། རྒལ་བར་འགྱུར་ཞེས་བྱ་བ་སྨོས་ཏེ། རབ་ཏུ་སྤངས་པའི་ཕྱིར་རོ། །སྐྱེ་བ་དང་རྒ་བ་ནི་འཁོར་བའི་ཕུང་པོ་སྟེ། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བས་སོ། །གསུངས་པ་ནི་འཇིགས་པ་མེད་པས་ང་ཉིད་སྨྲས་ཏེ། ཕྱིན་ཅི་མ་ལོག་པའི་ཤེས་པ་ཐོབ་པའི་ [218b.3]ཕྱིར་རོ། །གཞན་དག་གི་བཤད་པ་ནི་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་རོ། །གང་གི་ཕྱིར་ཡང་བརྩོན་འགྲུས་དང་ལྡན་པས་དེ་ཉིད་ལ་གཟུད་པའི་ཕྱིར། དེ་ལྟས་རྟག་ཏུ་མེལ་ཙེ་བྱེད་སྟོན་ཅིང་། །ཞེས་བྱ་བ་སྨོས་ཏེ། དུས་རྟག་ཏུ་བརྩོན་འགྲུས་བརྩམས་པར་གྱིས་ཤིག་པ་སྟེ། གང་གི་ཕྱིར་ [218b.4]མེལ་ཙེ་ནི་བརྩོན་འགྲུས་ཡིན་ལ། ལེ་ལོ་ནི་གཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བརྩོན་པ་ཡིས་ཞེས་བྱ་བ་ནི་བརྟུན་པས་སྤྱོད་ཅིང་གུས་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་བརྩོན་པ་ཅན་ཏེ། དབྱུག་པ་ཅན་བཞིན་ནོ། །སྡོད་པ་མེད་པར་རྟག་ཏུ་སྦྱོར་བས་ཉིན་མོ་འཆག་པ་དང་། འདུག་པ་གཉིས་ [218b.5]ཀྱིས་སེམས་སྒྲིབ་པ་དག་ལས་སྦྱང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །སྔ་མར་རྟག་ཏུ་སྦྱོར་བ་བསྟན་ནས། འདིས་ནི་གུས་པར་སྦྱོར་བ་བསྟན་ཏེ། དགེ་སློང་ཞེས་བྱ་བ་ནི་དད་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཙམ་གྱིས་གང་ཟག་སྔ་མའི་གནས་སྐབས་ [218b.6]ཡིན་པའི་ཕྱིར་འདི་བྱས་པ་ཡིན་ཏེ། དེ་དང་ལྡན་པ་ནི་དགེ་སློང་ཞེས་བྱ་བར་བརྗོད་པར་རིགས་སོ། །མཁས་པས་ནི་རྟོགས་པ་སྟེ། ཤེས་བཞིན་དང་ལྡན་པའི་ཕྱིར་རོ། །དྲན་ལྡན་ཞེས་བྱ་བ་ནི་དྲན་པ་ཡོད་པ་སྟེ། དེ་ཉིད་དབང་པོའི་སྟོབས་ཀྱིས་ཉེ་བར་བཀག་པའི་རྣལ་འབྱོར་ཅན་ནོ། །ཀུན་དུ་ [218b.7]སྦྱོར་བ་སྤངས་ནས་སུ། །ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་སྟེ། རྣམ་པ་དགུ་བྱེ་བྲག་མེད་པར་བསྟན་ཏོ། །སྐྱེ་རྒའི་ཞེས་བྱ་བ་འདིས་ནི་སྲིད་པའི་ཀུན་དུ་སྦྱོར་བའི་དངོས་པོ་ཐམས་ཅད་སྤངས་པར་བསྟན་ཏོ། །དེས་ནི་འདི་ལ་མྱ་ངན་འདས་པ་ཐོབ། །ཅེས་བྱ་བ་ནི་ [219a] [219a.1]མཐོང་བའི་ཆོས་ཉིད་ལ་དེས་ངེས་པར་ཐར་པ་སྒྲུབ་པ་ཡིན་ཏེ། ལེགས་པར་གསུངས་པ་མཉན་པ་དང་འབྲེལ་པའི་བརྩོན་འགྲུས་ལ་སོགས་པས་སོ། །བསྟན་པས་ཉན་དུ་གཞུག་པའི་ཕྱིར་སྨྲས་པ། གཉིད་ལོག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །མེལ་ཙེ་བདག་ [219a.2]ལས་ཁྱོད་ཉོན་ཅིག །ཅེས་བྱ་བ་ནི་མེལ་ཙེ་བྱེད་པར་གྱུར་པས་ཤིན་ཏུ་གུས་པ་དང་ཞེས་བྱ་བ་ངས་ཁྱེད་ལ་བསྟན་གྱིས་ཉོན་ཅིག་པ་སྟེ། ཚད་མེད་པའི་བདེ་བའི་ཐབས་བསྟན་པའི་ཕྱིར་རོ། །གུས་པར་མི་ཉན་པའི་དབང་དུ་བྱས་ནས། གཉིད་ལོག་དེ་དག་སད་པར་བྱེད་པ་ཡི། །ཞེས་བྱ་བ་ [219a.3]རབ་ཏུ་སད་པར་གྱིས་ཤིག་པ་སྟེ། གང་དེ་དག་བག་མེད་པ་ལ་སོགས་པའི་གཉིད་ཀྱིས་ཟིལ་གྱིས་ནོན་པ་དེ་དག་སད་པར་གྱིས་ཤིག་པའོ། །གཞན་དུ་ན་སངས་རྒྱས་འབྱུང་བ་མེད་པར་ནི་འགྲོ་བ་དག་ཏུ་ཆོས་ཀྱི་ཕུན་སུམ་ཚོགས་པ་མེད་པའི་ཕྱིར་རོ། །གང་དག་བདག་དང་གཞན་གྱི་དོན་ [219a.4]བྱ་བ་ལ་བརྩོན་འགྲུས་འཐོབ་པ་དེ་དག་ནི་གཉིད་མ་ལོག་པ་བཞིན་དུ་འཐོབ་པར་བྱས་པ་སྟེ། དེ་དང་རྗེས་སུ་མཐུན་པར་བསྟན་པས་ཉན་པའི་སྣོད་དུ་འགྱུར་བ་ཉིད་དུ་འདིས་སྦྱོར་བ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་སྦྱོར་བ་ཡིན་ཞེ་ན། འདི་ལྟར། ཉལ་བས་མེལ་ཙེ་བྱེད་བླ་སྟེ། །ཞེས་བྱ་བ་ཡིན་ཏེ། ལེ་ [219a.5]ལོ་ལ་སོགས་པའི་དངོས་པོ་ཉལ་བ་ལས་ནི་བརྩོན་འགྲུས་ལ་སོགས་པའི་ཚུལ་མེལ་ཙེ་བྱེད་པ་མཆོག་ཡིན་ཏེ། མངོན་པར་འདོད་པའི་དོན་སྒྲུབ་པའི་ཕྱིར་རོ། །རྒྱུ་གཞན་ཡང་བསྟན་པའི་ཕྱིར་སྨྲས་པ། མེལ་ཙེ་བྱེད་ལ་འཇིགས་པ་མེད། །ཅེས་བྱ་བ་སྨྲོས་ཏེ། ལ་ཞེས་བྱ་བ་ནི་རྒྱུ་བསྟན་པའི་ [219a.6]དོན་ཏོ། །གང་གི་ཕྱིར་དགེ་བ་བྱ་བ་དག་ལ་མེལ་ཙེ་བྱེད་པར་གྱུར་ན་ནི་དམྱལ་བ་ལ་སོགས་པའི་འཇིགས་པ་མེད་དེ། དགེ་སློང་བསོད་ནམས་དག་གིས་འཇིགས་པར་མི་འགྱུར་རོ་ཞེས་ལུང་ལས་འབྱུང་ངོ་། །མེལ་ཙེ་བྱེད་པས་འཇིགས་པ་མེད་པ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། མེལ་ཙེ་བྱེད་པར་ [219a.7]བརྩོན་པ་དང་། །ཞེས་བྱ་བ་སྨོས་ཏེ། གཉིད་མི་ལོག་པ་ཡིན་པས་མེལ་ཙེའོ། །མེལ་ཙེ་བྱེད་པ་ཉིད་ཀྱི་དངོས་པོ་ཡིན་པས་མེལ་ཙེ་བྱེད་པ་ཉིད་དོ། །བརྩོན་འགྲུས་ལ་རྗེས་སུ་འཇུག་པའི་རྣལ་འབྱོར་པ་རྣམས་ཀྱིས་གུས་པའི་སྦྱོར་བ་བསྟན་ནས་རྟག་ཏུ་བྱེད་པའི་སྦྱོར་བ། ཉིན་མཚན་རྗེས་སུ་སློབ་ [219b] [219b.1]བྱེད་ཅིང་། །ཞེས་བྱ་བ་སྨོས་ཏེ། མཚན་མོ་ནི་མུན་པ་སྟེ། གང་གི་ཕྱིར་བསླབ་པ་གསུམ་པོ་དག་ལ་རྗེས་སུ་མཐུན་པར་བསླབ་པ་དག་མྱ་ངན་ལས་འདས་པར་ཕྱིན་པའོ། །བརྩོན་འགྲུས་ཀྱིས་ལྷག་པའི་འབྲས་བུ་འདི་བསྟན་པའི་ཕྱིར། འཆི་བ་མེད་ལ་ལྷག་མོས་པའི། །ཞེས་བྱ་བ་མྱ་ངན་ [219b.2]ལས་འདས་པ་ལ་འདོད་པ་སྟེ། ཐར་པའི་བསམ་པ་འཕེལ་བར་འགྱུར་ཞིང་ཟག་པ་མེད་པའི་ལམ་སྐྱེ་བར་འགྱུར་རོ། །འཕགས་པའི་ལམ་སྐྱེས་པས་ཀྱང་གང་དུ་འགྱུར་ཞེ་ན། དེ་སྨྲས་པ། ཟག་པ་རྣམས་ནི་ཟད་པར་འགྱུར། །ཞེས་བྱ་བ་སྟེ། ཉོན་མོངས་པ་ཐམས་ཅད་མི་སྣང་བར་ [219b.3]འགྱུར་དུ་ཐོབ་པ་བཅད་པའི་ཕྱིར་རོ། །འཇིགས་པ་སྤང་བར་བྱ་བའི་རྒྱུ་འདི་དག་སྤྱད་པའི་ཕྱིར། འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་བ་ཡིན་ནོ། །སངས་རྒྱས་ལ་སོགས་པའི་རྗེས་སུ་དྲན་པའི་ཕན་ཡོན་བསྟན་པའི་ཕྱིར། གང་ཞིག་ཉིན་དང་མཚན་རྣམས་སུ། །ཞེས་བྱ་བ་ལ་ [219b.4]སོགས་པ་སྨོས་སོ། །ཡུལ་བེ་ར་ཏྱ་ན་སྐྱེས་བུ་ཞིག་སངས་རྒྱས་ཀྱི་སྒྲ་ཐོས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངོ་། །གཞན་ཞིག་ནི་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པར་གྱུར་ཏོ། །གཞན་དག་ནི་ཆོས་རྗེས་སུ་དྲན་པའོ། །གཞན་དག་ནི་དགེ་འདུན་རྗེས་སུ་ [219b.5]དྲན་པའོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དེ་དག་ལ་དང་བ་སྐྱེས་ཏེ། ནོར་སྦྱིན་པར་བྱེད་དོ། །དེ་དག་གིས་ཀྱང་ཤིན་ཏུ་ཡུན་རིང་པོར་བདེ་བ་ཉམས་སུ་མྱོང་སྟེ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་འཐོབ་པར་གྱུར་པ་ལས། དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་ [219b.6]པ་གསུམ་གསུངས་སོ། །གཞན་དག་ནི་ལྷའི་བུ་ཞིག་རྒྱལ་པོའི་ཁབ་ཏུ་པག་མོའི་མངལ་དུ་སྐྱེ་བ་དེའི་དབང་དུ་མཛད་པའོ་ཞེས་ཟེར་རོ། །རྙེད་པ་ནི་འདིར་མངོན་པར་འདོད་པའི་དངོས་པོ་ཁྱད་པར་ཅན་ཐོབ་པ་ལ་བྱའོ། །དེ་ཡང་རྣམ་པ་བཞི་སྟེ། བསོད་ནམས་དང་། རྒྱ་ཆེར་མཆོག་ཏུ་ [219b.7]དགའ་བ་དང་། ཏིང་ངེ་འཛིན་དང་། རྣམ་པར་དག་པའི་ངོ་བོ་ཉིད་དོ། །དེ་ལ་བསོད་ནམས་རྙེད་པ་ནི་ཕ་རོལ་དུ་བདག་ལ་ཕན་འདོགས་པ་སྟེ། གཡོག་འཁོར་ཕུན་སུམ་ཚོགས་པ་འབྱུང་ངོ་། །རྒྱ་ཆེར་མཆོག་ཏུ་དགའ་བ་དང་། ཏིང་ངེ་འཛིན་རྙེད་པ་གཉིས་ནི་མཐོང་བའི་ཆོས་ཉིད་ལ་ [220a] [220a.1]བདེ་བར་གནས་པ་ཕུན་སུམ་ཚོགས་པའོ། །རྣམ་པར་དག་པ་རྙེད་པས་ནི་སྡུག་བསྔལ་ཐམས་ཅད་གཏན་དུ་ཟད་པའོ། །དེ་དག་མི་ཡི་ཞེས་བྱ་བ་ནི་སེམས་ཅན་དེ་རྣམས་ཀྱིའོ། །རྒྱུའི་སྟོབས་དང་རྐྱེན་གྱི་སྟོབས་ཏེ་ཇི་སྐད་དུ་གསུངས་པ། རྒྱུ་གཉིས་དང་རྐྱེན་ [220a.2]གཉིས་ཀྱིས་ནི་ཡང་དག་པའི་ལྟ་བ་སྐྱེ་བར་འགྱུར་ཏེ། དངོས་པོ་མ་ལུས་པར་ཕ་རོལ་གྱིས་བསྟན་པ་དང་། ནང་དུ་ཡང་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་སོ། །དེ་གང་ཞེ་ན། གང་དག་སངས་རྒྱས་ཞེས་བྱ་བ་སྨོས་ཏེ། གང་དག་ཅེས་བྱ་བ་ནི་མི་གང་དག་གོ། །སངས་རྒྱས་ནི་སངས་རྒྱས་ [220a.3]བཅོམ་ལྡན་འདས་ཏེ། དངོས་པོ་མ་ལུས་པ་རྟོགས་པའི་ཕྱིར་སངས་རྒྱས་སོ། །སྐྱབས་སུ་སོང་བ་ཞེས་བྱ་བ་ནི་ཡོངས་སུ་སྐྱོབ་པ་ལ་བརྟེན་ན། དེ་དག་མི་ཡི་རྙེད་པ་ཞེས་བྱ་བ་དང་སྦྱར་རོ། །གང་གི་རྒྱུད་ལ་རྣམ་པ་བཞིའི་དངོས་པོ་མངའ་བ་དེ་ནི་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་དང་། ། [220a.4]འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། བག་ལ་ཉལ་བག་ཆགས་དང་བཅས་པ་སྤངས་པ་དང་། ཐམས་ཅད་ལ་ཐུན་མོང་དུ་ཕན་འདོགས་པར་སྤྱོད་པའོ། །རྒྱུ་རྣམ་པ་བཞིས་སྐྱབས་སུ་འགྲོ་བར་ངེས་པ་ཡིན་ཏེ། ཡོན་ཏན་ཤེས་པ་ [220a.5]ཉིད་དང་། ཁྱད་པར་ཤེས་པ་ཉིད་དང་། ཁས་ལེན་པ་དང་། སྟོན་པ་གཞན་གྱིས་བསྟན་པ་མ་ཡིན་པ་ཉིད་དོ། །རྙེད་པ་ཆེན་པོ་འདི་ཡང་དེ་དག་གི་ཐོབ་པ་ཉིད་དུ་བསྟན་པའི་ཕྱིར། གང་ཞིག་ཉིན་དང་མཚན་རྣམས་སུ། །ཞེས་བྱ་བ་ནི་སེམས་ཏེ། གང་ཞིག་ཅེས་བྱ་བ་ནི་སེམས་ཅན་ནོ། ། [220a.6]ཉིན་མཚན་ཉི་ཉིན་དང་མཚན་མོའོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་རམ། ཇི་སྲིད་འཚོའི་བར་དུ་སངས་རྒྱས་རྗེས་སུ་དྲན་པ་ཡོད་པ་དེ་ལ་དེ་དག་གི་རྙེད་པ་ཡིན་གྱི། སྐྱབས་སུ་འགྲོ་བ་འབའ་ཞིག་ཙམ་གྱིས་ནི་མ་ཡིན་ནོ། །སངས་རྒྱས་རྗེས་སུ་དྲན་པ་ན་སངས་རྒྱས་ལ་ [220a.7]དམིགས་པའི་དྲན་པའོ། །དེ་ཡང་རྣམ་པ་བཞི་སྟེ། དགེ་བའི་རྩ་བའི་ཕྱོགས་ལ་མངོན་པར་བརྩོན་པ་དང་། དེ་ལ་མཆོད་པའི་བྱ་བ་དང་། དེ་ལ་རྗེས་སུ་དྲན་པ་དང་། ཕན་འདོགས་པ་རྗེས་སུ་དྲན་པའོ། །དེ་ལྟར་བསྒོམ་པ་འདི་ལ་ནི་ཡོན་ཏན་རྣམ་པ་བདུན་རེ་བར་བྱ་སྟེ། སྐྱེ་བ་དྲན་པར་ [220b] [220b.1]འགྱུར་བ་དང་། དད་པ་ཤས་ཆེར་འགྱུར་བ་དང་། དམན་པའི་ཆོས་ལ་དགའ་བ་མེད་པར་འགྱུར་བ་དང་། གཞན་ལ་རྣམ་པར་འཚེ་བ་བྱེད་པར་མི་འགྱུར་བ་དང་། གཞན་ལས་འཚེ་བ་ཐོབ་པར་མི་འགྱུར་བ་དང་། འགྱོད་པ་མེད་པས་དུས་བྱེད་པར་འགྱུར་བ་དང་། བདེ་འགྲོར་སྐྱེ་ [220b.2]བར་འགྱུར་བའོ། །ཆོས་རྣམས་ཞེས་བྱ་བ་ལ་ནི་ཆོས་ནི་རྣམ་པ་གསུམ་སྟེ། བསྟན་པ་དང་། སྒྲུབ་པ་དང་། འབྲས་བུའི་དབྱེ་བས་སོ། །དེ་བསྟན་པའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ། ཇི་ལྟ་བ་བཞིན་དུ་རིག་པས་བཤད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །སྒྲུབ་ [220b.3]པའི་ཆོས་ནི་བསམ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་དང་། དེ་ལ་སྔ་མ་ནི་འབད་པ་མཐར་ཐུག་པས་ལམ་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་སོ། །དེ་གལ་ཏེ་སངས་རྒྱས་ཀྱི་རྒྱུད་ཀྱི་རྣམ་པ་ཡིན་ན་ནི། སངས་རྒྱས་ཞེས་བརྗོད་ [220b.4]དོ། །འཕགས་པའི་གང་ཟག་བཞིའི་རྒྱུད་ཀྱིས་ནི་དགེ་འདུན་ནོ། །དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ཡང་ཚུལ་ཁྲིམས་ལ་སོགས་པ་དམ་པའི་སྤྱོད་པ་ལ་རྗེས་སུ་འཇུག་པ་སྟེ། དེ་བཞིན་དུ་ཤེས་པར་བྱའོ། །གང་ཡང་ཐར་པའི་ཆ་ལྷག་མ་ལུས་པ་དེ་ཡང་འདིར་སྒྲུབ་པའི་ཆོས་སུ་གནས་པ་ [220b.5]ཡིན་ནོ། །འབྲས་བུའི་ཆོས་ནི་ཐར་པ་སྟེ། འབྲས་བུ་མཐར་ཐུག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གསུམ་པོ་དེ་དག་ཀྱང་རིམ་པ་བཞིན་དུ་ཆུང་ངུ་དང་བར་མ་དང་ཆེན་པོ་ཉིད་ཀྱིས་སྐྱབས་སོ། །བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་དགག་པ་ཉིད་ལ་སྟོན་པར་གསུངས་སོ། །ཆོས་ནི་འདོད་ [220b.6]ཆགས་དང་བྲལ་བའི་མཆོག་ཏུ་བཤད་དོ། །གླིང་དང་སྐྱོབ་པ་དང་སྐྱབས་ཞེས་བྱ་བ་ལ་སོགས་པ་བསྟན་པས་སྐྱབས་སོ། །དམ་པའི་ཆོས་ཉིད་མཉན་པ་དང་། དེའི་དོན་ཉིད་བསྒོམ་པ་དང་བསྒྲུབ་པས་དེའི་འབྲས་བུ་ཉིད་སྒྲུབ་པ་ཡིན་ཏེ། འདི་ནི་བདག་གིར་བྱེད་པའོ། །ཆོས་ [220b.7]རྣམས་རྗེས་སུ་དྲན་བྱེད་ཅིང་། །ཞེས་བྱ་བ་ནི་ཆོས་རྣམ་པ་གསུམ་སྟེ། རྣམ་པ་དང་ངོ་བོ་ཉིད་དང་འབྲས་བུའི་ཕན་ཡོན་ལ་སོགས་པ་མཐོང་བས་སོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གང་དག་དགེ་འདུན་ཞེས་བྱ་བ་ནི་བཀུར་བའི་ཕྱིར་དགེ་འདུན་ཏེ། སློབ་ [221a] [221a.1]པ་དང་མི་སློབ་པའི་ལམ་དེ་ལས་སྐྱེས་པ་ཡིན་གྱི་གཞན་ནི་མ་ཡིན་པའི་ཕྱིར་རོ། །དེ་དང་འབྲེལ་བའི་གང་ཟག་གི་དགེ་འདུན་ཡིན་ཏེ། དེ་ཡང་རྣམ་པ་ལྔ་ལས་ངོ་ཚ་མི་ཤེས་པའི་དགེ་འདུན་ཏེ། ཚུལ་ཉམས་པའི་ཕྱིར་རོ། །ལུག་ལྟར་ལྐུགས་ [221a.2]པའི་དགེ་འདུན་ཏེ། གསུང་རབ་མི་ཤེས་པའི་ཕྱིར་རོ། །སྐྱབས་ཀྱི་དགེ་འདུན་ཏེ་མི་མཐུན་པའི་ལས་བྱེད་པའི་ཕྱིར་རོ། །དེས་ན་འདི་གསུམ་གྱི་རྣམ་པ་ཐོབ་པ་ནི་ཆོས་མ་ཡིན་པའི་ལས་བྱེད་པའོ། །ཉན་ཐོས་དང་ལམ་སྟེ་ཉན་པའི་དོན་སྟོན་པའི་ཕྱིར་དང་། འབྲས་བུ་ [221a.3]མཆོག་ཡིན་པའི་ཕྱིར་དང་། དགེ་བ་ཕྱིན་ཅི་མ་ལོག་པའི་ཐབས་ཀྱི་འབྲས་བུའི་ཕྱིར། དགེ་འདུན་གྱི་རྣམ་པ་འདི་དག་གིས་ཡང་དང་ཡང་དུ་མངོན་དུ་བྱེད་པ་སྟེ། འཁོར་བ་སྤོང་ཞིང་ཐར་པ་ཐོབ་པ་དང་། ཐར་པའི་ལམ་དེའི་ཚུལ་ཡིན་པའི་ཕྱིར་ཏེ། ལམ་འདི་ལྟ་བུ་རྣམ་ [221a.4]པར་དག་པ་ནི་འདི་ལྟ་བ་གཞན་དག་ལ་མེད་པའི་ཕྱིར་རོ། །གང་ཞིག་དེ་ལྟར་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་ཞིང་སྒོམ་པར་བྱེད་པ་དེ་ཉིད་ནི་དོན་དམ་པར་མེལ་ཙེ་བྱེད་པ་ཉིད་ཡིན་གྱི། གཞན་ནི་བག་ཆགས་མེད་པས་གཉིད་ལོག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་ [221a.5]ཉིན་དང་མཚན་རྣམས་སུ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་དྲུག་ཅུ་རྩ་གསུམ་ལ་ཆོ་འཕྲུལ་གསུམ་གྱིས་བསྟན་ཏོ། །ཇི་ཙམ་ན་རྫུ་འཕྲུལ་གྱིས་རབ་ཏུ་བྱུང་བའི་དགེ་སློང་གཅིག་དང་། ལྷན་ཅིག་ཏུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་ [221a.6]པར་འགྱུར་རོ་ཞེས་རྒྱ་ཆེར་བསྟན་ཏོ། །དེ་ནས་དེ་ལྟར་བསྒོམས་པས་མྱ་ངན་ལས་འདས་པ་ལ་ཡིད་མངོན་པར་མོས་པས་ནང་པར་ཐོ་རས་ཀྱི་དུས་སུ་དེ་དག་ཐམས་ཅད་ལ་བརྡ་ཕྲད་པར་ལུང་བསྟན་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །གཞན་དག་ནི་ཤིང་རྟས་ཤིང་ཐུ་བའི་ [221a.7]བུ་རང་གི་ལས་ལ་མཆོག་ཏུ་བྱེད་པ་ལས་བརྩམས་སོ་ཞེས་ཟེར་རོ། །རབ་ཏུ་སད་པ་ཡིན་པས་སད་པར་གྱུར་པའོ། །ལེགས་པར་རབ་ཏུ་སད་པའི་བྱ་བ་ལ། ལེགས་པར་སད་པ་ནི་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་རོ། །སད་པར་གྱུར་པ་ཞེས་བྱ་བ་ནི་ལེགས་པར་རབ་ཏུ་སད་པའི་དོན་ཏེ། [221b] [221b.1]དེ་བཞིན་ཉིད་དུ་ཁོང་དུ་ཆུད་པའི་ལེགས་པར་མེལ་ཙེ་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གང་ཞེ་ན། སྨྲས་པ། གཽ་ཏ་མའི་ཉན་ཐོས་ཏེ་ཞེས་བྱ་བ་ཡིན་ཏེ། དྲང་སྲོང་ཆེན་པོ་གཽ་ཏ་མའི་རྒྱུད་དུ་འབྱུང་བའི་ཕྱིར་གཽ་ཏ་མ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །འདིས་ནི་བཅོམ་ [221b.2]ལྡན་འདས་ཆོ་རིགས་ཕུན་སུམ་ཚོགས་པར་བསྟན་ཏེ། རིགས་ཁྱད་པར་ཅན་དུ་སྐྱེ་བར་གྱུར་བ་དག་ནི་རྟ་ཅང་ཤེས་བཞིན་དུ་བག་མེད་པ་ཉིད་མཆོག་ཏུ་བྱེད་པ་མ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །དེའི་ཉན་ཐོས་དེ་ནི་བཀའི་རྗེས་སུ་འཇུག་པ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་གསུང་ [221b.3]བདག་མེད་པའི་དེ་བཞིན་ཉིད་བསྟན་པའི་རྗེས་སུ་འགྲོ་བ་སྟེ། དེ་བས་ན་དེའི་ཕྱིར་དེ་དག་ནི་ལེགས་པར་སད་པས་རབ་ཏུ་སད་པ་ཡིན་ཏེ། འཇུག་པའི་སྒོ་དེ་དག་ནི་འཕགས་པའི་ལམ་དང་མི་གཙང་བ་དང་དབུགས་འབྱུང་རྔུབ་དྲན་པ་རྟོག་པར་བྱ་བའོ། །དེ་གང་ཡིན་ཞེ་ན། གང་དག །སངས་ [221b.4]རྒྱས་རྗེས་སུ་དྲན་བྱེད་པ། །ཞེས་བྱ་བ་སྟེ། སངས་རྒྱས་རྗེས་སུ་དྲན་པར་བྱེད་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ལ་དམིགས་པ་དང་། ཁོང་དུ་ཆུད་པའོ། །ཡོན་ཏན་ཡང་རྣམ་པ་གཉིས་ཏེ། སྐུ་དང་ཐུགས་ཡིན་པའི་ཕྱིར་རོ། །འབྲས་བུ་ནི་རྣམ་པ་གསུམ་སྟེ། གཞན་ལ་ཕན་པ་ཕན་ [221b.5]ཚུན་ཚོགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །ཆོས་དང་དགེ་འདུན་རྗེས་སུ་དྲན་པ་ཡང་དེ་བཞིན་ནོ། །ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ནི་དཀོན་མཆོག་གསུམ་ཡིན་ལ། དེ་ལ་བརྟེན་པས་ནི་སོ་སོར་ཐར་པའི་ཚུལ་ཁྲིམས་ལ་སོགས་པའི་ཁྱད་པར་བྱུང་བ་ཡིན་ཏེ། དེ་ཉིད་བསྟན་པའི་ [221b.6]ཕྱིར། ཚུལ་ཁྲིམས་རྗེས་སུ་དྲན་བྱེད་པ། །ཞེས་བྱ་བ་ཡིན་ཏེ། དེ་ལ་ཚུལ་ཁྲིམས་ནི་དམ་པ་རྣམས་ཀྱི་སྤྱོད་པ་ཡིན་པའི་ཕྱིར་གཅིག་གོ། །འཇུག་པ་དང་ལྡོག་པའི་ཚུལ་གྱིས་ནི་རྣམ་པ་གཉིས་སོ། །ལུས་ལ་སོགས་པའི་ལེགས་པར་སྤྱོད་པའི་བདག་ཉིད་ཀྱི་འབྲེལ་ [221b.7]བས་ནི་རྣམ་པར་དག་པ་གསུམ་མོ། །འདི་ལ་འཚོ་བའི་རྣམ་པར་དག་པས་ནི་རྣམ་པ་བཞིའོ། །འདི་ལ་ཆང་འཐུང་བ་ལས་ལྡོག་པས་ནི་བཅས་པའི་ཁ་ན་མ་ཐོ་བ་དག་པ་ལས་ནི་རྣམ་པ་དྲུག་གོ། །རྣམ་པ་བརྒྱད་དུ་ཡང་མངོན་པར་བརྟག་པར་བྱ་སྟེ། རྒྱུ་དང་འབྲས་བུ་དང་རང་བཞིན་ཞེས་བྱ་བ་ལ་ [222a] [222a.1]སོགས་པ་ལས་རྗེས་སུ་དྲན་པའོ། །ཚུལ་ཁྲིམས་དང་ལྡན་ན་ནི་སྦྱིན་པ་དག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གཏོང་བ་རྗེས་སུ་དྲན་བྱེད་པ། །ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་དམ་པ་རྣམས་ཀྱིས་སྦྱིན་པ་རྣམ་པ་ལྔ་དང་ཡན་ལག་རྣམ་པ་དྲུག་དང་ལྡན་པ་དང་། [222a.2]སྦྱིན་པ་ཡན་ལག་དགུ་དང་ལྡན་པ་དུས་སུ་སྦྱིན་པའི་རྫས་ལ་སོགས་པ་སྟེ། དེ་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །སྔར་བཤད་པའི་ཡོན་ཏན་རྣམས་བསྟེན་ན། ལྷའི་འགྲོ་བ་རྙེད་པ་སླའོ་ཞེས་བསྟན་པའི་ཕྱིར། ལྷ་ནི་རྗེས་སུ་དྲན་བྱེད་པ། །ཞེས་བྱ་བ་སྨོས་ཏེ། ལྷ་ནི་འདོད་པ་ན་སྤྱོད་པ་ [222a.3]དང་། དེ་ལས་གཞན་པ་སྟེ་རྣམ་པ་གཉིས་སོ། །དང་པོ་ནི་རྣམ་པ་དྲུག་གོ། །དེ་ལས་གཞན་པ་ནི་རྣམ་པ་གཉིས་ཏེ། གཟུགས་ཅན་དང་གཟུགས་མེད་པའོ། །གཟུགས་ཅན་ནི་གནས་བཅུ་དྲུག་གོ། །གཟུགས་ཅན་མ་ཡིན་པ་ནི་བཞིའོ། །དེར་སྐྱེས་པ་ཡང་སྦྱིན་པ་དང་ཚུལ་ཁྲིམས་དང་ [222a.4]བསྒོམས་པ་དག་གིས་ཅི་རིགས་པར་སྦྱར་རོ། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་ཐབས་བསྟན་པའི་ཕྱིར། ལུས་རྟོགས་དྲན་བྱེད་པ་ཞེས་བྱ་བ་སྨོས་ཏེ། ས་བོན་དང་ཞིང་དང་བསམ་པ་དང་རྒྱུ་མཐུན་པ་དང་། རང་གི་མཚན་ཉིད་དང་འཇིག་པ་སྟེ། [222a.5]ལུས་ཀྱི་རྣམ་པར་རྟོག་པ་རྣམ་པ་དྲུག་ཏུ་འདོད་དོ་ཞེས་རྒྱ་ཆེར་བཤད་དོ། །འདོད་པ་ན་སྤྱོད་པའི་ལུས་གཅིག་ལས་འདོད་ཆགས་དང་བྲལ་བ་ནི་འདོད་པའི་ཁམས་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་ཡིན་ནོ། །འདིའི་འབྲས་བུ་བསྟན་པའི་ཕྱིར། ཏིང་འཛིན་བཞི་དྲན་པ་ [222a.6]ཞེས་བྱ་བ་སྨོས་ཏེ། དེ་ཡང་རྣམ་པ་གཉིས་ཏེ། བསམ་གཏན་དང་སྙོམས་པར་འཇུག་པར་སྐྱེ་བའི་དབྱེ་བས་སོ། །སྙོམས་པར་འཇུག་པ་ནི་དགེ་བ་ལ་རྩེ་གཅིག་པའོ། །རྣམ་པ་ལྔ་ལ་སོགས་པ་རྟོག་པ་དང་དཔྱོད་པ་ཞེས་བྱ་བ་ལ་སོགས་པར་བརྗོད་པར་བྱའོ། །བསམ་གཏན་གྱི་རོ་ [222a.7]མྱང་བའི་ཕན་ཡོན་བསྟན་པའི་ཕྱིར། བསྒོམ་པ་ལ་ནི་ཡིད་དགའ་བ། །ཞེས་བྱ་བ་སྨོས་ཏེ། ཡང་དང་ཡང་དུ་བསྒོམས་ཤིང་མངོན་སུམ་དུ་བྱས་ཏེ། དེའི་ཁྱད་པར་རྗེས་སུ་མྱོང་བས་མངོན་པར་འདོད་པའི་སེམས་སྐྱེ་བ་ཐོབ་པར་འགྱུར་རོ། །ཡང་ན་བསྒོམས་པ་ལས་བྱུང་བའི་དགེ་བའི་ [222b] [222b.1]རྩ་བའོ། །རིགས་པས་ཐོབ་པ་དང་ཐོས་པ་ལས་བྱུང་བ་གཉིས་ནི་མཆོག་ཏུ་ཁྱད་པར་ཅན་ཡིན་པའི་ཕྱིར་འདི་ཉིད་ནི་རྣལ་འབྱོར་པའི་སེམས་ལས་བརྩམས་པ་ཡིན་ནོ། །བསྒོམ་པ་ལ་དགའ་བའི་འབྲས་བུ་བསྟན་པའི་ཕྱིར། འཚེ་བ་མེད་ལ་ཡིད་དགའ་བ། །ཞེས་བྱ་ [222b.2]བ་ཡིན་ཏེ། གཞན་གྱི་གནོད་པ་ལས་ལྡོག་པ་ནི་འཚེ་བ་མེད་པའོ། །དེ་ལ་མངོན་པར་དགའ་བ་ནི་ཁྱད་པར་ཅན་གྱི་དགེ་བའི་ཕྱོགས་ལ་ཡང་དག་པར་བསྟེན་པའི་ཕྱིར་རོ། །ཞི་གནས་ཀྱི་རྒྱུས་མཉེན་པར་བྱས་ནས་དེ་ཇི་ལྟར་གཞན་ལ་གནོད་པར་འགྱུར་རོ། །གནོད་ [222b.3]སེམས་མེད་ལ་ཡིད་དགའ་བ། །ཞེས་བྱ་བ་ནི་བསམ་གཏན་དང་བསྒོམ་པ་ལ་ཡང་དག་པར་བསྟེན་པའི་ཁྱད་པར་ཡང་དག་པར་སྟོན་པ་ཡིན་ཏེ། དེ་སྙོམས་པར་འཇུག་པའི་སྟོབས་ཀྱིས་བྱམས་པ་ལ་སོགས་པ་འཐོབ་པར་འགྱུར་བའི་ཕྱིར། གནོད་སེམས་མེད་པ་ནི་ཞེ་སྡང་མེད་པའི་དགེ་ [222b.4]བའི་རྩ་བའི་ངོ་བོ་སྟེ། བྱམས་པ་དང་སྙིང་རྗེའོ། །ཚད་མེད་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པའི་ནོར་ཚང་བར་རྙེད་པའོ་ཞེས་གཞན་དག་ཟེར་རོ། །ཡང་གསུངས་པ་དག་ཀྱང་རིག་པར་བྱ་སྟེ། དེ་ལྟར་ཟིལ་གྱིས་ནོན་པའི་སྐྱེ་མཆེད་ལ་སོགས་པ་བརྗོད་པར་བྱའོ། ། [222b.5]གཟུགས་མེད་པའི་ཁམས་ལས་འདོད་ཆགས་དང་བའི་ལམ་གྱི་ཐབས་བསྟན་པའི་ཕྱིར། སྟོང་པ་ཉིད་ལ་ཡིད་དགའ་བ། །ཞེས་བྱ་བ་སྨོས་ཏེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྟེ། བདག་མེད་པ་དང་སྟོང་པའི་རྣམ་པ་ལ་འཇུག་པའོ། །མཚན་མ་མེད་ལ་ཡིད་དགའ་ [222b.6]བ། །ཞེས་བྱ་བ་ནི་འདུས་བྱས་རྣམ་པ་བཅུའི་རྟགས་སུ་གྱུར་པའི་མཚན་མ་དང་བྲལ་བ་ནི་མྱ་ངན་ལས་འདས་པ་སྟེ། མཚན་མ་མེད་པའོ། །དེ་དག་ཀྱང་གང་ཞེ་ན། སྐྱེས་པ་དང་བུད་མེད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། སྐྱེ་བ་དང་། རྒ་བ་དང་། [222b.7]མི་རྟག་པ་ཞེས་བརྗོད་པ་དག་གོ། །ཡང་ན་རྒྱུ་མེད་པའི་ཕྱིར་མཚན་མ་མེད་པ་སྟེ། འདུས་མ་བྱས་ནི་མེད་པའོ་ཞེས་བྱ་བའི་ཚིག་གིས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པ་ཡིན་ཏེ། མཚན་མ་མེད་པ་ནི་ཞི་བའི་རྣམ་པའོ་ཞེས་བྱ་བའི་ཚིག་གིས་སོ། །ཅི་ཡང་མེད་ལ་ [223a] [223a.1]ཡིད་དགའ་བ། །ཞེས་བྱ་བ་ནི་ཅི་ཡང་མེད་པར་རབ་ཏུ་རྟོགས་པ་སྟེ། འདུས་བྱས་དག་རྣམ་པར་འགྱུར་བའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ཅི་ཡང་མེད་ལ་དགོངས་པ་ཡིན་ཏེ། སྨོན་པ་མེད་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འདི་ནི་གང་ལ་ཡང་ [223a.2]སྨོན་པར་མི་བྱེད་ཅིང་གནས་པར་མི་བྱེད་ལ། དེ་མངོན་པར་དགའ་བ་མེད་དེ། ལམ་ཡང་འཇིག་རྟེན་པ་ལྟ་བུར་སྤང་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་རྣམ་པ་བཅུ་པོ་འདི་ལྟ་སྟེ། སྨོན་པ་མེད་པ་དང་། བདེན་པའི་རྣམ་པ་དང་། དེ་ལས་གཞན་གྱིས་ཞེས་ [223a.3]གསུངས་པ། དེ་དག་ཉིད་ཟག་པ་མེད་པའི་རྣམ་པར་ཐར་པའི་སྒོ་ཞེས་བརྗོད་དེ་ཟག་པ་དང་བཅས་པ་ལ་ནི་ཐར་པར་འཇུག་པའི་ཐབས་མེད་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་དེ་དག་ཉིད་ཀྱིས་ཕན་ཡོན་གོ་རིམས་བཞིན་དུ་བསྟན་པའི་ཕྱིར་སྨྲས་པ། ངེས་པར་ [223a.4]འབྱུང་བ་ལ་མངོན་པར་དགའ་བ་དང་། དབེན་པ་ལ་མངོན་པར་དགའ་བ་དང་། དེའི་ཕྱིར་དུས་རྟག་ཏུ་བདག་ཉིད་ལུས་དང་སྲོག་དང་ལྡན་པ་ཡིན་ནོ་ཞེས་ཡིད་ཆེས་པས་ལན་དུ་མར་འདི་འཁོར་བར་འཁྱམས་པ་ཡིན་གྱི། གང་གི་ཚེ་ཡང་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་ [223a.5]སྟོང་པ་ཉིད་དུ་འགྱུར་བ་དེའི་ཚེ་ནི་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང་མྱ་ངན་ལས་འདས་པ་དང་། དོན་དམ་པ་དང་ངེས་པར་འབྱུང་བར་མངོན་པར་དགའ་བ་སྐྱེའོ། །སྔར་ཡང་འདི་མི་ཤེས་པས་ཡུལ་དག་རོ་མྱང་བར་གྱུར་ཏོ། །མཚན་མ་མེད་པས་ཐོབ་ [223a.6]པ་ནི་རྣམ་པ་དེ་བཞིན་ཏེ་དོན་གྱི་ནོམ་པ་དག་གང་མཐོང་ན་དེར་དགའ་བ་སྟེ། དེ་ལྟ་བུ་འགོག་པའི་རྣལ་འབྱོར་པ་ལ་ནི་མེད་པ་ཡིན་ཏེ། རྒྱབ་ཀྱིས་ཕྱོགས་པ་ཡིན་ཞེས་གྲུབ་པའི་མཐའོ། །སྔོན་མེད་པའི་མཐུས་འདུས་བྱས་གང་ལ་ཡང་སྨོན་པར་མི་བྱེད་པ་ཡིན་ཏེ། [223a.7]ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་གཞོལ་བ་དང་མོས་པའི་ཕྱིར་རོ། །དེའི་བདག་ཉིད་དུ་གྱུར་པ་ལ་ནི་སྤྲོ་བ་ཐམས་ཅད་ཉེ་བར་ཞི་བ་ཡིན་ནོ། །དྲན་པའི་ཚོམས་ཏེ་བཅོ་ལྔ་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།