Derge Tengyur

- Annotations   ·   No Other Contributors   ·   Out of copyright

[1a] [1b] [1b.1]{T2217}༄༅། །རྒྱ་གར་སྐད་དུ། ས་ཀ་ལ་ཏནྟྲ་ས་བྷ་བ་སཉྩོ་ད་ནི་ཤྲཱི་གུ་ཧྱ་སིདྡྷི་ནཱ་མ། བོད་སྐད་དུ། རྒྱུད་མ་ལུས་པའི་དོན་ངེས་པར་སྐུལ་བར་བྱེད་པ། དཔལ་གསང་བ་གྲུབ་པ་ཞེས་ [1b.2]བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་པོ་མེད་ཅིང་ཁྱབ་པ་མཆོག་ཏུ་ཞི་བའི་གོ་འཕང་འཇིག་རྟེན་སྤྱོད་པ་དག་ལས་ [1b.3]རྣམ་གྲོལ་བ། །གང་ཞིག་རྟག་འབྱུང་ཞེ་ལ་རྒྱལ་བ་དམ་པ་ཁྱུ་མཆོག་རྣམས་ཀྱིས་ཕྱག་བྱས་བསམ་གཏན་དང་བྲལ་བ། །ཅི་ཡང་རུང་བའི་གནས་གྱུར་དཔལ་ལྡན་རྒྱལ་བའི་སྐུ་ཡི་དམ་པ་རྣམ་དག་ [1b.4]ནང་གི་བདག་ཉིད་ཀྱིས་འཇུག་པ། །སངས་རྒྱས་ཀྱིས་ཀྱང་རྟོགས་པར་བྱ་བ་མིན་ཞིང་དྲི་མ་རྣམས་དང་བྲལ་བའི་དེ་ཉིད་དེ་ལ་ཕྱག་འཚལ་ནས། །གོ་འཕང་མཆོག་ཏུ་འགྲོ་བ་ཚོལ་བྱེད་ཕོ་ཉ་མཆོག་གྱུར་ [1b.5]སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིང་། །སྤྱོད་པ་སྣ་ཚོགས་དང་འབྲེལ་རྩོད་པའི་དྲི་མའི་བགེགས་ཀྱིས་བྱས་པའི་གཡེང་བ་སྤོང་བྱེད་པའི། །དངོས་གྲུབ་རྣམས་ཀྱི་སྐྱེ་ས་རྒྱལ་བ་རྣམས་ཀྱི་ཡོན་ཏན་ [2a] [2a.1]བརྒྱ་ཕྲག་མང་པོའི་གནས་གྱུར་མ་ལྟ་བུ། །མཆོག་ཏུ་ལེགས་སྤྱོད་ཐར་པ་སྟེར་བྱེད་རིན་ཆེན་གྱུར་བ་དཔལ་ལྡན་གསང་བ་གྲུབ་པ་བཤད། །ཡོན་ཏན་དཔག་མེད་གཞིར་གྱུར་པ། །མི་ཕྱེད་རྡོ་རྗེ་གསུམ་གྱི་ [2a.2]སྐུ། །གང་གི་སྤྱོད་ཡུལ་ལས་འདས་པ། །དང་པོར་བདེ་ཆེན་ཕྱག་བྱས་ནས། །གསང་བ་གྲུབ་པ་བླ་མེད་པ། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །སེམས་ནི་སྙིང་རྗེའི་དབང་གྱུར་པས། །པདྨ་རྡོ་རྗེ་བདག་གིས་བཤད། ། [2a.3]རྒྱུད་གཞན་དུ་མ་ཉིད་དུ་ཡང་། །སངས་རྒྱས་མགོན་པོས་གང་གསུངས་པ། །ངེས་པའི་མན་ངག་དང་ལྡན་པས། །དེ་ནི་ད་ལྟར་བདག་གིས་བཤད། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །འབད་པ་ཐམས་ཅད་ [2a.4]སྤང་བར་བྱ། །བསྐྱེད་པ་མང་ཞིང་རིང་བ་དང་། །དང་པོའི་ལས་ཅན་བསྒོམ་པའི་ཕྱིར། །རྒྱུད་ཀྱི་དམ་པའི་དངོས་བརྟེན་ནས། །དངོས་གྲུབ་བསྡུ་བའི་མཚན་ཉིད་ཅན། །བསྒོམ་པ་ཡི་ནི་བར་ཆད་ཅན། །རྒྱས་པ་ཐམས་ཅད་ [2a.5]རྣམས་སྤངས་ལ། །སངས་རྒྱས་དངོས་གྲུབ་ལེགས་སྟེར་བ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །གསང་བ་གྲུབ་པ་བླ་མེད་པ། །བཟང་པོས་མདོར་བསྡུས་བཤད་པར་བྱ། །དགེ་འབྱུང་ཉོན་མོངས་མེད་པ་དང་། [2b] [2b.1]བགེགས་རྣམས་ཐམས་ཅད་འཇིག་མཛད་ཅིང་། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །ཡིད་བཞིན་ནོར་བུ་མཆོག་ལྟ་བུ། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་ཅིང་། །གཡེང་བའི་སྒྲ་རྣམས་འཇོམས་བྱེད་པ། །དོན་རྣམས་ཐམས་ཅད་གྲུབ་བྱེད་པ། །མངོན་པར་བྱང་ཆུབ་མཚན་ཉིད་ [2b.2]དོ། །གང་དང་གང་དེར་གནས་ན་ཡང་། །ཐབས་བཟང་དག་དང་ལྡན་པ་ཡིས། །བསྒོམ་པ་དག་ལ་རབ་གནས་ན། །སྒྲུབ་པོ་གང་དེ་དངོས་གྲུབ་འགྱུར། །སྦས་པའི་བརྟུལ་ཞུགས་དང་ལྡན་པས། །ཆོས་རྣམས་དང་ཡང་འགལ་མེད་པར། །རྡོར་གསུམ་དབྱེ་རུ་མེད་གཟུགས་ཅན། །བྱང་ [2b.3]ཆུབ་མཆོག་ནི་ཐོབ་པར་འགྱུར། །དུས་ཀྱི་ངེས་པ་ཡོངས་སྤངས་ནས། །བླ་མེད་གནས་སུ་འགྲོ་བར་འགྱུར། །སྲོག་ཆགས་གསོད་ཅིང་ཁྲོ་བ་དང་། །གང་ཡང་ཁྲོ་བའི་ལས་དགའ་ཞིང་། །བརྫུན་གྱི་ཚིག་ནི་སྤྲོས་པ་ཡིས། །མི་གང་རྨོངས་པས་འཚོ་བ་ཡི། །མི་དེ་དག་ཀྱང་མྱུར་ [2b.4]བར་འདིར། །སྤྱོད་པ་འདིས་ནི་འགྲུབ་པར་འགྱུར། །གཞན་གྱི་ཆུང་མ་སྤྱོད་པ་དང་། །གཞན་གྱི་ནོར་ལ་རྐུ་བ་དང་། །དམན་པའི་ལས་ཅན་སྨད་པ་དག །རྟག་ཏུ་སྤྱོད་པར་བྱེད་པ་དང་། །གང་ལ་སྤྱོད་པས་འདོད་ཁམས་ཀྱི། །སྟེང་གི་ཕ་རོལ་འགྲོ་བར་འགྱུར། །སྦས་པའི་བརྟུལ་ [2b.5]ཞུགས་ངོ་བོ་ཉིད། །སྒྲུབ་པ་པོ་ལ་བདག་གིས་བརྗོད། །གསང་བའི་སྤྱོད་པ་མཆོག་བཟང་པོ། །དངོས་གྲུབ་ཀུན་སྟེར་ཐབས་བཅས་པ། །རྡོ་རྗེ་སེམས་དཔའི་གནས་གང་ཡིན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །གང་ཞིག་མཆོག་ཏུ་ཞི་བ་ཉིད། །སངས་རྒྱས་རྣམས་ཀྱིས་རྟོགས་ [2b.6]པའི་གནས། །ཐོབ་པར་འདོད་པས་མཆོག་ཞི་བ། །གསང་བ་གྲུབ་པས་བསྒྲུབ་པར་བྱ། །རྫོགས་པའི་རིམ་པའི་རྣལ་འབྱོར་ཉིད། །དེ་ཉིད་ལྡན་པས་བསྒོམ་པར་བྱ། །གཞན་དུ་དེ་ཉིད་དམན་པས་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེ་ཉིད་བརྟག་པ་རྣམས་ལས་གཞན། ། [2b.7]ཁྱད་པར་ཐམས་ཅད་རྣམས་སྤངས་ཤིང་། །མཚན་མ་མེད་ཅིང་སྣང་བ་མེད། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །ལུང་དང་བསྟན་བཅོས་ལུགས་རིམ་པས། །ཇི་སྲིད་རྟོག་པ་དང་བཅས་པས། །དེ་སྲིད་བར་དུ་རྒྱས་འགྱུར་ཏེ། །ཆུ་ལ་འབྲུ་མར་ཐིམ་པ་བཞིན། །རེ་ཞིག་རྟོག་དེས་ [3a] [3a.1]དགོས་མེད་མཆོག །རྣམ་རྟོག་སྣ་ཚོགས་བྱེད་པ་ཡིས། །བསྟན་བཅོས་དེ་ཉིད་ཚོལ་མི་དགོས། །བསྐྱེད་པའི་རིམ་པའི་ངོ་བོ་ཉིད། །དང་པོར་དེ་ཉིད་ཤེས་བྱས་ལ། །དེ་ཉིད་བསྒྲུབ་ཕྱིར་ཉེར་གནས་བྱ། །དེ་ནས་བསྒོམ་ལ་འབད་པ་ཡིས། །ཉམས་སུ་མྱོང་བ་བསྐྱེད་ [3a.2]པར་བྱ། །དེ་ཉིད་གསལ་བར་གྱུར་སེམས་ཀྱིས། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །རིག་པ་དང་ལྡན་བརྟུལ་ཞུགས་ཀྱང་། །དེ་ཡི་རྗེས་ལ་སྤྱད་པར་བྱ། །གཅིག་པ་བརྟན་པའི་སེམས་ཀྱིས་ནི། །གསང་བའི་སྤྱོད་པ་སྤྱད་ནས་ནི། །དེ་ནི་མཐར་ཐུག་སྐྱེས་གྱུར་ནས། །ཕྱི་ནས་ [3a.3]རིག་པའི་བརྟུལ་ཞུགས་སྤྱད། །གཞན་དུ་དེ་ཉིད་དམན་པ་ཡིས། །འཚོ་བའི་རྒྱུ་ཅན་ཉིད་གྱུར་པ། །དམྱལ་བ་འཐོབ་བར་བྱེད་པའི་རྒྱུ། །བརྟུལ་ཞུགས་ཀྱིས་ནི་ཅི་ཞིག་བྱ། །སྒྲུབ་བོ་དེ་ཉིད་ལ་གནས་པས། །བརྟུལ་ཞུགས་མེད་པར་འགྲུབ་པར་འགྱུར། །བརྟུལ་ཞུགས་བརྒྱ་ཕྲག་ [3a.4]ལ་སྤྱད་ཀྱང་། །དེ་ཉིད་དམན་ན་འགྲུབ་མི་འགྱུར། །དེ་ཉིད་ལྡན་ན་ཐམས་ཅད་ཀྱིས། །དྲི་མེད་དེ་ནི་འགྲུབ་པར་འགྱུར། །སྒྲུབ་པོ་སྒོམ་པ་དང་ལྡན་ཞིང་། །སྡིག་པ་ཀུན་ལས་རྣམ་གྲོལ་བས། །བརྟུལ་ཞུགས་ཀྱིས་ནི་ཆགས་མེད་ཐོབ། །དངོས་གྲུབ་རྒྱལ་བས་ཐོབ་མ་གསུངས། །དངོས་ [3a.5]གྲུབ་དེ་ཉིད་ཤེས་གྱུར་ནས། །འཐོབ་ཀྱི་བརྟུལ་ཞུགས་ཀྱིས་ནི་མིན། །ཆགས་པ་ཀུན་ལས་ལོག་གྱུར་ཅིང་། །སློང་མོ་གཙོ་བོར་བྱ་བ་སྟེ། །དེ་ཙམ་བརྟུལ་ཞུགས་ཀྱིས་ཁྱབ་འགྱུར། །དེ་ཉིད་སྤངས་ནས་དངོས་གྲུབ་མེད། །འབབ་སྟེགས་ལྷ་རྟེན་སྦྱིན་པའང་མིན། །ཁྲུས་དང་ [3a.6]དཀའ་ཐུབ་དེ་བཞིན་ཏེ། །འདི་ཀུན་བདེན་པ་མ་ཡིན་གྱི། །འདི་ཉིད་གཅིག་པུ་བདེན་པ་ཉིད། །གནོད་པ་སྐྱེད་པར་བྱེད་པ་ཡི། །ངན་པའི་ལས་དག་སྔོན་བྱས་པས། །དེ་ཉིད་དམན་པའི་ལུས་ཅན་གྱིས། །བརྟུལ་ཞུགས་ངོ་བོ་མ་ལུས་མྱོང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །སྲིད་པར་ [3a.7]ངལ་བར་བྱས་པས་ཀྱང་། །དེ་ཉིད་ལྡན་ན་འགྲུབ་འགྱུར་ཏེ། །དྲི་མེད་གོ་འཕང་ཐོབ་པར་འགྱུར། །ནོར་རྣམས་ཕུན་ཚོགས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་སྒོམ་བྱེད་ན། །བརྟུལ་ཞུགས་མེད་ཀྱང་དེ་ཉིད་ནི། །ངེས་པར་བླ་ན་མེད་པར་འགྲོ། །ལུང་གི་སྤྱོད་པ་ལས་གསུངས་པའི། །བརྟུལ་ [3b] [3b.1]ཞུགས་གང་ཞིག་འདིར་གནས་པ། །ནོར་རྣམས་སྒྲུབ་པར་མི་ནུས་པས། །འཚོ་བའི་ཕྱིར་ནི་རྟག་པ་ཉིད། །ཕུང་པོ་ལྔ་ཡི་རང་བཞིན་གཟུགས། །རྣམ་པར་ཤེས་པའི་གཞིར་གྱུར་ལྟར། །དེ་ལྟར་དེ་ཉིད་ལྡན་བརྟུལ་ཞུགས། །དེ་ཉིད་ལས་ནི་འཇུག་པར་བསྟན། །འདུལ་བའི་ཐབས་ཀྱི་རྒྱུ་ [3b.2]ཕྱིར་དང་། །ནོར་ལ་སོགས་པ་སྒྲུབ་ཕྱིར་དང་། །སེམས་ཅན་དོན་དུ་དེ་ཉིད་བཅས། །བརྟུལ་ཞུགས་ཞལ་གྱིས་བཞེས་པ་ཡིན། །འཚོ་བ་ཡི་ནི་ཐབས་ཙམ་དུ། །སོ་སོའི་སྐྱེ་བོས་གཙོར་བྱེད་པས། །ཇི་ལྟར་མཚན་མའི་ཆེ་བ་ཉིད། །དེ་ཉིད་བྲལ་ན་དངོས་གྲུབ་མེད། །ནོར་གྱི་འབྱོར་པ་ [3b.3]ལྡན་པའི་བདག །རྟག་ཏུ་བསྒོམས་པས་ངལ་བྱས་པའི། །སྨྱོན་པའི་གཟུགས་ཉིད་ལ་བརྟེན་ཅིང་། །གསང་བ་གྲུབ་པར་རྣམ་གནས་ནས། །དེ་ཉིད་རྡོ་རྗེ་འཆང་བླ་མ། །བསྒོམ་དང་ལྡན་པས་འགྲུབ་པར་འགྱུར། །གཞན་དུ་དེ་ཉིད་ལྡན་གྱུར་ཀྱང་། །དངོས་གྲུབ་འབྲས་བུའི་སྣོད་ [3b.4]མི་འགྱུར། །དེ་ལྟར་ཕྱི་རོལ་ཡོངས་བཅད་ལ། །དེ་ཉིད་བླ་མེད་ཤེས་བྱས་ནས། །སངས་རྒྱས་ཉིད་དུ་ངེས་བྱ་སྟེ། །བློ་ལྡན་གསང་བ་གྲུབ་པར་སྤྱོད། །རྣམ་པར་གཡེང་བ་ཀུན་གྱི་གཞི། །བརྟུལ་ཞུགས་སྤངས་ཤིང་དེ་ཉིད་ཤེས། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །གོ་འཕང་ [3b.5]མཆོག་ནི་བསྒྲུབ་པར་བྱ། །དེ་ཉིད་དེ་ཡང་རྒྱུད་གནས་པས། །དཔལ་ལྡན་གསང་བ་འདུས་པར་གསལ། །སྤྲོས་པ་དུ་མ་རྒྱས་གྱུར་པས། །གཞན་དུ་སྦས་ནས་བསྟན་པ་ཡིན། །བྱ་བ་སྤྱོད་པའི་དབྱེ་བ་དང་། །མདོ་སྡེའི་སྡེ་སྣོད་ལ་སོགས་སུ། །མཆོག་ཏུ་དག་པ་གཅིག་པུ་ཉིད། ། [3b.6]རྣམ་པ་དུ་མར་རྣམ་པར་གནས། །ཕུང་པོ་རིན་ཆེན་སྣོད་ཉིད་དུ། །སེམས་ཅན་བསམ་པའི་བྱེ་བྲག་གིས། །དེ་ཉིད་འབད་པས་སྦ་མཛད་ནས། །སངས་རྒྱས་མགོན་པོས་རྣམ་པར་གཞག །བྱང་ཆུབ་སེམས་མཆོག་རྣམ་པར་དག །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །རང་གི་ [3b.7]ལུས་ལ་རབ་གནས་པ། །དེ་ནི་འབད་པས་རིག་པར་བྱ། །དེ་ནས་སྤྱོད་པ་བྱ་བའམ། །ཁྱིམ་དུ་གནས་ཏེ་བསྒོམ་པར་བྱ། །དེ་ཉིད་རིན་ཆེན་རྣམ་དག་བདག །རྩོད་པ་ཐམས་ཅད་རྣམ་སྤངས་པ། །ཐབས་བཟང་པོ་ནི་རྣམ་སྤངས་ནས། །འགལ་བའི་དམ་ཚིག་ལ་སོགས་ལ། ། [4a] [4a.1]གཞན་དུ་གང་ཞིག་གྲུབ་གྱུར་པ། །དེ་ནི་ངུ་འབོད་སོགས་པར་འཚེད། །ཇི་ལྟར་མེ་ནི་འབར་གྱུར་པ། །དེ་ནི་རྩྭ་ཤིང་ཕུང་པོ་དག །བཅུག་ནས་ཐལ་བ་ཉིད་དུ་འགྱུར། །མྱུ་གུ་སོགས་པའང་འབྱུང་མི་འགྱུར། །དེ་བཞིན་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་ [4a.2]པ། །ཇི་སྲིད་ནམ་མཁའ་གནས་བར་དུ། །ཤི་བའི་འོག་ཏུ་དམྱལ་བར་འགྲོ། །ཇི་ལྟར་འགའ་ཞིག་སྤྲུལ་གདུག་ལ། །སྨན་དང་སྔགས་སོགས་མི་ལྡན་པར། །རྨོངས་པའི་བདག་ཉིད་གང་རྩེ་བ། །གཤིན་རྗེའི་གནས་འགྲོ་འདོད་པ་ཡིན། །ཇི་ལྟར་མཐའ་མེད་རྒྱ་མཚོ་ལ། །གྲུ་མེད་ [4a.3]གཞན་ཞིག་འཇུག་འགྱུར་བ། །ཐབས་དང་རྟེན་མེད་གྱུར་ནས་ནི། །སྐད་ཅིག་གིས་ནི་འཆི་བར་འགྱུར། །དེ་བཞིན་ཛ་ཡི་མཐའ་ཅན་རྒྱུད། །ཡང་དག་རབ་སྦྱིན་སྤངས་གྱུར་པ། །སྨད་ཅིང་དམན་པའི་ལས་རྣམས་ནི། །བྱས་ན་མནར་མེད་འགྲོ་བར་འགྱུར། །རྙེད་དཀའ་བླ་མེད་གོ་ [4a.4]འཕང་མཆོག །དེ་ཉིད་ཅེས་བྱར་མངོན་བརྗོད་པ། །གང་གིས་དག་པ་དེ་ཐོབ་པ། །དེ་ཡི་ཐབས་ནི་བདག་གིས་བརྗོད། །བླ་མ་དང་ནི་རྡོ་རྗེ་འཛིན། །གང་གིས་གཉིས་སུ་མེད་པར་མཐོང་། །དངོས་གྲུབ་བསྡུས་པའི་མཚན་ཉིད་ཅན། །དེ་ཉིད་དེ་ནི་འདིར་འཐོབ་འགྱུར། །གང་ཡང་ [4a.5]ཁྲོ་ཞིང་ང་རྒྱལ་ཅན། །བསླུས་པ་བྱིས་དང་སྤྲོས་ལ་དགའ། །འདོད་ཅིང་ཆགས་པའི་སེམས་ཅན་གང་། །གང་ལས་རྙེད་ཅིང་གང་ལས་མིན། །གཡོ་སྒྱུས་བླ་མ་ཕྱག་བྱེད་ཅིང་། །སྐྱོན་རྟོག་པ་ལ་ཆེད་དུ་བྱེད། །བརྫུན་པས་ང་རྒྱལ་གདུག་པ་ཅན། །ཚིག་གི་རྩོད་ལ་རྟག་ཏུ་གནས། ། [4a.6]རྡོ་རྗེ་སྤུན་དང་བླ་མ་ལ། །སླུ་བའི་བསམ་པ་བརྟན་པ་ཅན། །སེམས་ཅན་དེས་ནི་དངོས་གྲུབ་ཀུན། །སྟེར་བའི་གོ་འཕང་དེ་མི་ཐོབ། །འདིར་ནི་འདི་འདྲ་གཞན་ཡང་མཐོང་། །ཇི་སྲིད་འདོད་པ་ཐོབ་བར་དུ། །ཕྱག་འཚལ་མཆོད་དང་བསྙེན་བཀུར་གྱིས། །བརྟན་པར་བླ་མ་མཉེས་བྱས་ནས། ། [4a.7]གོ་འཕང་མཆོག་ནི་ཐོབ་ནས་ནི། །མདུན་ཉིད་ན་ནི་གནས་ན་ཡང་། །སུ་ཞིག་གང་ནས་ཇི་ལྟར་འོང་། །རང་བཞིན་ངན་པས་མི་ཤེས་སོ། །གཅིག་པུ་མཐོང་ནས་རིང་པོ་ནས། །གུས་པར་ཕྱག་ནི་འཚལ་བྱེད་ཅིང་། །དེ་ཡང་མང་པོའི་ནང་དུ་ནི། །བདེ་བར་བྱོན་ནས་རྩལ་གྱིས་ [4b] [4b.1]ཕོངས། །དེ་ལྟ་བུ་ཡི་སེམས་ཅན་གང་། །མྱ་ངན་འདས་མཆོག་གོ་འཕང་མཆོག །ཡང་དག་གསུང་བས་གང་གསུངས་པ། །དེ་ཡིས་ཐོབ་པར་མི་འགྱུར་རོ། །གཞན་ཡང་སེམས་ཅན་འདི་ལྟ་བུ། །བླ་མ་སྨོད་པ་དག་ཀྱང་མཐོང་། །ངོ་ཚ་སྤངས་ཤིང་སྤྱོད་པ་རིང་། །ཡང་དག་རིམ་པ་སུན་འབྱིན་ [4b.2]པ། །རྒྱུད་ནི་བསྡུ་བ་ཙམ་ཉིད་ཀྱིས། །དེ་ཡི་དངོས་ལ་ཁ་ཕྱིར་བལྟས། །དབང་བསྐུར་རྗེས་གནང་མེད་པར་ཡང་། །སློབ་མ་དག་ནི་སྡུད་པར་བྱེད། །གླེགས་བམ་མཐོང་བས་དགའ་གྱུར་ནས། །གསང་སྔགས་རང་ཉིད་ལེན་པར་བྱེད། །སློབ་དཔོན་ལས་ནི་ཤེས་མིན་པ། །དམ་ཚིག་ [4b.3]སྤྱོད་པ་རྣམ་པར་སྤངས། །སེམས་ཅན་རྣམས་ནི་སྡུད་པ་ནི། །གླེགས་བམ་བཀའ་ཡིས་བྱེད་པ་ཡིན། །དེ་ཉིད་ཤེས་པ་མ་ཡིན་པར། །གང་ཕྱིར་ཡང་དག་གསུངས་པས་བསྟན། །དེ་ལྟ་བུ་དང་དེ་དག་ཉིད། །ཀུན་ཀྱང་སྡིག་པའི་ལས་ཅན་དེ། །དམ་པ་མིན་པའི་ལམ་ཞུགས་ [4b.4]ནས། །དམྱལ་བ་དག་ཏུ་འགྲོ་བར་གཅིག །སྡུག་བསྔལ་ཕོངས་དང་ཉོན་མོངས་དང་། །སྣ་ཚོགས་ནད་ཀྱིས་གཙེས་པའི་མཐར། །ཤི་ནས་དམྱལ་བར་འགྲོ་བར་འགྱུར། །སྐྱེ་གནས་ངན་པར་སྐྱེ་བར་འགྱུར། །བདེ་གཤེགས་དངོས་གྲུབ་འདོད་ན་ནི། །དམ་ཚིག་སྤྱོད་པ་སྤངས་པ་ཡིས། ། [4b.5]འགྲུབ་དཀའ་དེ་དང་ལྷན་ཅིག་ཏུ། །གནས་པ་ཉིད་དུ་འང་མི་བྱའོ། །དངོས་པོ་ཀུན་གྱིས་སློབ་དཔོན་ལ། །ཇི་སྲིད་མཉེས་པར་གྱུར་བར་དུ། །ལུས་ངག་ཡིད་ཀྱིས་བརྟན་པ་རུ། །དུས་ནི་རིང་པོར་མཉེས་བྱེད་པའི། །སློབ་མ་ཤིན་ཏུ་དྲི་མེད་པའི། །དེ་ཉིད་ཡང་དག་རབ་སྦྱིན་གནས། ། [4b.6]མའི་ཞབས་ཀྱི་བཀའ་དྲིན་གྱིས། །དེ་ནས་བགེགས་མེད་འཐོབ་འགྱུར་བ། །རྡོ་རྗེ་གསུམ་དབྱེར་མེད་པའི་དངོས། །དེ་ཉིད་རྒྱལ་པོ་ཡངས་པ་སྟེ། །ཉིན་དང་མཚན་དུ་བསྒོམས་པ་ཡིས། །དངོས་གྲུབ་མྱུར་དུ་ངེས་འཐོབ་འགྱུར། །སྔགས་དང་ཕྱག་རྒྱ་རྒྱས་གྱུར་པའི། །དངོས་ [4b.7]གྲུབ་སྒྲུབ་པའི་དབང་པོ་ལ། །རྒྱུད་རྣམས་དུ་མར་གསུངས་པ་ཡི། །བཟླས་དང་སྦྱིན་སྲེག་བརྟུལ་ཞུགས་སོགས། །ཐུན་མཚམས་བཞི་ཡི་ཆོ་ག་ཡིས། །ཡུལ་དང་དཀྱིལ་འཁོར་བྲི་ལ་སོགས། །ཁ་དོག་གཟུགས་སོགས་དབྱེ་བ་ཡིས། །རིགས་རྣམས་སུ་ནི་རྣམ་བརྟགས་དང་། །ཁྲུས་ [5a] [5a.1]དང་ལྷ་མཆོད་སྨྱུང་བ་དང་། །ཕྱག་རྒྱ་འཆིང་བའི་རིགས་དེ་བཞིན། །སྐུ་གཟུགས་ལ་སོགས་ཆོ་ག་དང་། །མཆོད་རྟེན་ལས་ནི་རྒྱས་པ་དང་། །དེ་ལྟར་རྣམ་པ་སྣ་ཚོགས་པའི། །རྣམ་རྟོག་སྣ་ཚོགས་བྱེད་པ་ཡིས། །གྲུབ་པ་སེམས་ཅན་བསམ་རིམ་བཞིན། །དཔལ་ [5a.2]འབྱུང་བ་ཡི་མགོན་པོས་གསུངས། །དེ་ལྟར་རྣམ་རྟོག་འབུམ་ཕྲག་གིས། །ཡང་དག་གསུང་པས་གྲུབ་གསུངས་པ། །དེར་ནི་དངོས་གྲུབ་གང་འགྲུབ་པའམ། །འོན་ཀྱང་འདིར་ནི་དེ་མི་འགྲུབ། །ལོ་གཅིག་ལ་སོགས་བསྐལ་པ་དང་། །གཅིག་དང་གཉིས་སུ་སྲིད་པའི་མཐར། ། [5a.3]སྒྲུབ་པོ་གང་གིས་འགྲུབ་འགྱུར་བ། །ཆོས་ཀྱི་རྣམ་གྲངས་རྒྱས་གྱུར་པ། །སྐྱེ་བ་གྲངས་མེད་དུ་མ་རུ། །བསྒོམ་ལ་བརྟན་ཞིང་ཆགས་མེད་པས། །འགྲུབ་པའི་དབང་པོ་གྲུབ་པ་རུ། །འགྱུར་བར་གང་ཞིང་སྔར་གསུངས་པ། །དེ་ནི་རེ་ཞིག་འདིར་མི་དགོས། །ཐོབ་པར་ [5a.4]འགྱུར་བ་དགོས་མ་ཡིན། །གྲུབ་པའི་བདེ་བ་ལས་ལྷག་པའི། །ལུས་གདུང་སྡུག་བསྔལ་གྱིས་མི་འཐོབ། །དཔལ་ལྡན་འདུས་པ་ཞེས་བྱ་འདིར། །སྤྲོས་པ་ཐམས་ཅད་རྣམ་སྤངས་ནས། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དཔལ་ལྡན་ [5a.5]འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ཆེན་འགྱུར། །སྙིང་པོ་ལས་ཀྱང་སྙིང་པོ་མཆོག །རྒྱུད་ཀུན་གྱི་ནི་བླ་མའི་བླ། །བསྟན་དང་བཤད་པའི་རྣམ་གནས་པ། །རྫོགས་པའི་རྣལ་འབྱོར་རིམ་པ་ཉིད། །འདུས་པ་གང་གིས་མི་ཤེས་པ། །དེ་ཡིས་དངོས་གྲུབ་ཇི་ [5a.6]ལྟར་འགྲུབ། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་ཅིང་། །མི་ཤེས་རབ་རིབ་སེལ་བྱེད་པ། །སངས་རྒྱས་རིན་ཆེན་ཟ་མ་ཏོག། །དཔལ་ལྡན་འདུས་པ་ཡོངས་སྤངས་ནས། །རྣམ་རྟོག་དུ་མས་བརྟགས་པ་ཡིས། །རྨོངས་པ་དངོས་གྲུབ་འདོད་གྱུར་པ། །མཁའ་ལ་ཁུ་ཚུར་རྡེག་པ་ [5a.7]དང་། །སྨིག་རྒྱུའི་ཆུ་ལ་འཐུང་བ་བཞིན། །དང་པོའི་ལས་ཅན་བསྒོམ་པ་ཡི། །སྤྲོས་པའི་རྒྱུད་རྣམས་སྤངས་བྱས་ཤིང་། །ཐབས་དང་ཤེས་རབ་ཤེས་བྱས་ནས། །ཇི་ལྟ་བ་བཞིན་རྣམ་པར་མནོས། །དེ་ཕྱིར་དེས་བྱས་སེམས་གཅིག་པ། །བློ་དང་ལྡན་པས་བསྒོམ་པར་བྱ། །ཉིན་དང་མཚན་དུ་ [5b] [5b.1]བསྒོམ་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །འདི་ལ་སྨྱུང་བ་བཤད་པ་མེད། །གཉིས་མེད་ཡེ་ཤེས་དང་ལྡན་ན། །བདེ་བར་གཤེགས་པའི་དངོས་གྲུབ་འགྱུར། །ཡོན་ཏན་གཏེར་གྱུར་རྡོ་རྗེ་འཆང་ལ་དྲི་མེད་རྡོ་རྗེ་གསུམ་གྱིས་རྟག་ཏུ་གུས་ [5b.2]བྱས་ལ། །སྐྱེ་བའི་རྒྱ་མཚོ་སྡིག་པའི་རླབས་དྲག་མང་ལྡན་པ་ལ་གྲུབ་གྱུར་གཅིག་པུ་མཆོག །གསང་བའི་ཡོན་ཏན་འབྱུང་འགྱུར་དྲི་མ་བྲལ་ཞིང་དོན་ཀུན་འགྲུབ་ཅིང་རབ་ཏུ་སྦྱིན་པར་བྱེད་པ་ཡི། །རྒྱུད་ནས་གསུངས་པའི་ལམ་དང་ལྡན་པའི་སྒྲུབ་པོ་བློ་དང་ལྡན་པས་དེང་ནས་བརྩམ་པར་ [5b.3]བྱ། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དམ་པའི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་དང་བརྟུལ་ཞུགས་དང་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ལེའུ་སྟེ་དང་པོའོ།། །།རྒྱུད་གཞན་རིམ་པ་མ་ཡིན་ [5b.4]པའི། །ཅུང་ཟད་བསྡུས་པའི་ལམ་ཉིད་ལས། །གསང་བ་ལས་བྱུང་སྒྲུབ་པའི་ཐབས། །དེ་ནས་ཡང་དག་བཤད་པར་བྱ། །ཕྱི་རོལ་དེ་ཉིད་བྱ་བའི་ལམ། །ཤིན་ཏུ་རིང་བས་ཀུན་སྤངས་ལ། །ལུགས་བཅས་རྣལ་འབྱོར་རིམ་པ་ཡིས། །ཇི་ལྟ་བ་བཞིན་བདག་གིས་ [5b.5]བརྗོད། །སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ [5b.6]ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྗེ་ཆེ། །གསུང་པ་པོ་དེ་བརྗོད་པའང་དེ། །དེ་ལས་གཞན་དག་ཡོད་མིན་པས། །བདེ་ཆེན་ལས་གཞན་གསུང་པ་མེད། །འདི་སྐད་ཐོས་པའི་ཚིག་གང་དང་། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེ་བདག་ [5b.7]ཉིད་ཀྱིས། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །དཔལ་ལྡན་བདེ་ཆེན་མགོན་པོ་ཡིས། །བཞུགས་ཞེས་བྱ་བའི་ཚིག་བཟང་པོས། །ཇི་ལྟར་བཟང་པོ་གང་བསྟན་པ། །དེ་བཞིན་བདག་གིས་ཅུང་ཞིག་བརྗོད། །དུས་གཅིག་མཆོག་ཏུ་མདོར་བསྟན་པ། །གང་ཚེ་གཙོ་བོས་ [6a] [6a.1]གསུངས་པ་ན། །སངས་རྒྱས་རྣམས་ཀྱི་རྒྱུད་བདེན་དོན། །བདེ་བ་ཆེན་པོའི་བདག་ཉིད་ཡིན། །རྒྱལ་བའི་སྲས་པོ་ཐམས་ཅད་ཀྱིས། །རྒྱུད་དོན་བདེན་པ་དེ་ཐོས་ནས། །འདར་ཞིང་འཇིགས་པ་དང་ལྡན་པས། །དབང་ཕྱུག་མཆོག་ལ་དེ་ [6a.2]ཉིད་ཞུས། །དཔའ་བོ་ཆོས་ཉིད་འདི་ལྟ་བུ། །གཙོ་བོའི་གསུང་རབ་དཀའ་བ་གསུང་། །སངས་རྒྱས་ཀུན་ཀྱང་ཐམས་ཅད་དུ། །ཤིན་ཏུ་འཇིགས་པ་སྐྱེད་བྱེད་པ། །རྡོ་རྗེ་ཐེག་པ་བླ་ན་མེད། །ཤིན་ཏུ་གསང་བ་འབྱེད་པར་བྱེད། །ཆོས་ཀུན་མཉམ་ཉིད་གཅིག་པ་ཉིད། །གང་ཡིན་ [6a.3]གཙོ་བོ་ཁྱེད་ཀྱིས་གསུངས། །འདི་སྐད་བརྗོད་པར་གྱུར་པ་ན། །སངས་རྒྱས་གྲགས་ཆེན་ཐམས་ཅད་ཀྱང་། །འདར་ཞིང་བརྒྱལ་བར་གྱུར་ནས་ཀྱང་། །བྱང་ཆུབ་སེམས་ནི་ཐུགས་ལ་གཞག །ཨེ་མ་ཧོ་གསང་བ་ལས་གསང་བ། །རྡོ་རྗེ་ཐེག་པའི་བཤད་པ་འདིས། །ངོ་བོ་མེད་ [6a.4]ཅིང་དག་གྱུར་ལ། །གང་ལ་དཔེ་ཡང་ཡོད་མིན་པས། །སངས་རྒྱས་ཐམས་ཅད་རྒྱུར་གྱུར་པ། །རྡོ་རྗེ་སེམས་དཔས་དེ་གཟིགས་ནས། །བདེ་བ་ཆེན་པོའི་བདག་ཉིད་ཀྱང་། །ཏིང་འཛིན་བཟང་པོ་ལ་གནས་ནས། །དེ་ནས་སངས་རྒྱས་རྡོ་རྗེ་དང་། །པདྨའི་སྙོམས་འཇུག་སྦྱོར་བ་མཛད། ། [6a.5]མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས། །འཇམ་པོའི་གསུང་གིས་གསུང་བར་མཛད། །ཀྱེ་ཀྱེ་རྒྱལ་བ་ཐམས་ཅད་གཟིགས། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ཡིན། །གང་དུ་ལུས་ངག་སེམས་མེད་པ། །དེར་ནི་གཟུགས་སུ་རབ་ཏུ་མཐོང་། །བྱང་ཆུབ་སེམས་ཀྱི་སྦྱོར་བ་ཡིས། ། [6a.6]ཇི་སྲིད་འབད་པས་རྟོགས་གྱུར་པ། །སངས་རྒྱས་ཀུན་གྱི་གནས་ཞེས་པ། །ཆོས་འབྱུང་མི་འགྱུར་ཞི་བ་ཉིད། །ཤེས་རབ་རང་གི་དངོས་དེ་སྲིད། །ཀུན་དུ་བཟང་པོའི་ཡེ་ཤེས་ཀྱིས། །སྤྲོས་པ་མེད་ཅིང་དག་པ་ལས། །འདི་དག་ཐམས་ཅད་རྣམ་པར་འཕྲུལ། །མཆོག་ཏུ་ཤེས་ཤིང་རྣམ་ [6a.7]དག་གང་། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པའི། །བརྗོད་མིན་ཀུན་ལ་ཁྱབ་པར་གནས། །ཐམས་ཅད་དེ་ཡི་རྣམ་འཕྲུལ་ཡིན། །བཟང་པོ་དེ་ཉིད་གནས་པ་ཡང་། །མཁའ་དབྱིངས་ཞེས་བྱའི་སྒྲིབ་བྲལ་ལ། །མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས། །སེམས་ཅན་ཀུན་གྱི་ [6b] [6b.1]བདེ་འབྱུང་བྱེད། །རྣམ་དག་ཤེས་རབ་ལུས་ལས་བྱུང་། །སངས་རྒྱས་ཀུན་གྱི་གནས་ཞི་བ། །ལྷ་རྫས་ཆོས་འབྱུང་མི་འགྱུར་བ། །བློ་ཡིས་དེ་ནི་བདག་གིས་བསྟེན། །ཨེ་ཡི་ཆ་བྱད་བཟང་བ་ལ། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཀུན་གྱི་གནས་གྱུར་པས། །སངས་རྒྱས་རིན་ཆེན་ [6b.2]ཟ་མ་ཏོག །རྒྱུད་ཀྱི་དང་པོར་གང་གནས་པ། །དེ་ཕྱིར་དེ་ནི་བཤད་པར་བྱ། །དཔའ་བོ་བདེ་ཆེན་འདི་སྐད་དུ། །དེ་བཞིན་གཤེགས་པ་ཀུན་ལ་གསུངས། །གང་ཞིག་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་ཚུལ་དག་གིས། །གནས་ཤིང་དངོས་གྲུབ་བཟང་སྟེར་བ། ། [6b.3]ཤེས་རབ་ཅེས་བྱའི་མིང་གི་གནས། །དེ་ལ་གནས་པ་གང་ཡིན་པ། །བྷ་ག་ཞེས་བྱའི་ཡི་གེ་གཉིས། །དག་པའི་དེ་ཉིད་ཅེས་བྱ་སྟེ། །དོན་དམ་པ་དེ་བདག་གིས་བསྟན། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བཅས་པའི་སྐུ་གསུང་རྡོ་རྗེ་ཉིད། །དག་པ་དེ་ལ་ང་གནས་ [6b.4]ནས། །ཇི་ལྟར་འདོད་པ་བཞིན་དུ་སྤྱོད། །ཆོས་ཀྱི་འབྱུང་གནས་སྤངས་པ་ཡིས། །ཆོས་གནས་དག་པ་གཞན་དག་མེད། །གང་ལ་སངས་རྒྱས་ཀུན་འབྱུང་ཞིང་། །སངས་རྒྱས་བྱང་ཆུབ་རབ་གནས་པའོ། །དག་པ་དེ་ཉིད་གནས་མེད་པས། །འཇིགས་པ་ཉིད་དུ་མ་བྱེད་ཅིག ། [6b.5]ཆོས་འབྱུང་མི་འགྱུར་ཞི་བ་ཉིད། །རྡོ་རྗེ་བཙུན་མོ་ཉིད་ལ་གནས། །དུད་འགྲོ་ལ་སོགས་འགྲོ་བ་ཀུན། །དེ་ལས་ཐམས་ཅད་འབྱུང་བར་འགྱུར། །བརྒྱལ་བར་ཅི་ཡི་ཕྱིར་ན་ཡང་། །ཁྱོད་ནི་འཇིགས་པ་ཉིད་དུ་འགྱུར། །སངས་རྒྱས་སྙིང་པོ་ལས་བྱུང་བ། །དེ་ནི་དེ་ཡི་ཆོས་ཉིད་མཆོག ། [6b.6]སྙིང་པོའི་ཡེ་ཤེས་མཐའ་གཅིག་པུ། །མ་བྱུང་འབྱུང་བར་མི་འགྱུར་རོ། །དེ་ཉིད་འདི་སྐད་ཐོས་གྱུར་ཏེ། །སངས་རྒྱས་བྱང་ཆུབ་ལ་གནས་ནས། །བྱེ་བ་ཀུན་གྱིས་སྟོད་བྱེད་ཅིང་། །ཕྱག་འཚལ་གཟུགས་ཀྱིས་འབྱུང་བར་འགྱུར། །སེམས་ཅན་ཀུན་ལ་ཕན་སྟོན་པའི། །སྙན་པའི་ཚིག་ [6b.7]རྣམས་སྨྲ་བྱེད་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་ནི། །འགྲོ་བའི་མགོན་གྱིས་བཤད་དུ་གསོལ། །སངས་རྒྱས་ཀུན་གཙོ་ཡང་དག་པ། །རྡོ་རྗེ་ཐེག་པ་སྐོར་མཛད་ཅིང་། །འགྱུར་བ་མེད་ཅིང་སྣང་བ་མེད། །གནས་མེད་དེ་ཉིད་བཤད་དུ་གསོལ། །དཔའ་བོ་ཉོན་མོངས་མཚོ་ཆེན་ལས། །རྒྱལ་ [7a] [7a.1]བས་ཇི་ལྟར་ངེས་སྒྲོལ་བའི། །དེ་ཉིད་མཆོག་ཏུ་བཤད་དུ་གསོལ། །དེ་ཉིད་ཀུན་གྱི་མཆོག་གི་མཆོག །བཞུགས་ཞེས་བྱ་བའི་ཚིག་གི་མགོར། །ཨེ་ཝཾ་ཚིག་གིས་རྣམ་བརྒྱན་པ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །བདེ་གཤེགས་དངོས་གྲུབ་འབྱུང་འགྱུར་བའོ། ། [7a.2]དཔལ་ལྡན་བདེ་ཆེན་རྡོ་རྗེ་འཆང་། །དེ་ལྟར་གསོལ་འདེབས་གནས་གྱུར་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །གོ་འཕང་མཆོག་ནི་གསུང་བར་མཛད། །འདི་ལྟར་སངས་རྒྱས་ཐམས་ཅད་ལ། །རྡོ་རྗེ་སྙིང་པོ་ཀུན་བསྡུས་པ། །ཤིན་ཏུ་གསང་བ་ཕྱེ་མཛད་ནས། །རྡོ་རྗེ་ཐུགས་ [7a.3]ཀྱིས་བསྟན་པ་ལྟར། །འདི་ལྟར་རྣམ་པར་གནས་པ་བཞིན། །དེ་བཞིན་བདག་གིས་བཤད་པར་བྱ། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །གསལ་པོར་ཐམས་ཅད་ཤེས་བྱས་ནས། །དངོས་གྲུབ་ཐམས་ཅད་ཀུན་བསྡུས་པ། །བཟང་པོ་དེ་ནས་བཤད་པར་བྱ། །རྒྱུད་ཀྱི་དང་པོར་རྣམ་ [7a.4]གནས་པ། །སྙིང་པོ་ལས་ནི་སྙིང་པོ་མཆོག །དེ་ཉིད་བདེ་ཆེན་མགོན་པོ་ཡིས། །གསང་བ་དེ་ཉིད་ཅེས་བྱར་གསུངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སེམས་ཅན་ཀུན་གྱི་བདེ་འབྱུང་བ། །གསང་བ་རྟོག་པའི་དབང་རྒྱལ་པོ། །དཔལ་ལྡན་འདུས་པར་རྣམ་པར་གནས། ། [7a.5]ཨེ་ཝཾ་རྣམ་དག་ཡི་གེ་ལ། །ཁམས་གསུམ་པོ་ཀུན་གུས་ཕྱག་འཚལ། །གང་དེ་དཔལ་ལྡན་འགྲོ་མགོན་གྱི། །ཕྱག་རྒྱའི་མཆོག་གྱུར་བརྟག་པ་ཉིད། །དེ་ནི་ཤེས་རབ་ཅེས་བྱར་གྲགས། །ཐོག་མ་བར་མཐའ་དྲི་མ་མེད། །ཡེ་ཤེས་རྡོ་རྗེ་གསུམ་འབྱུང་བ། །ཀུན་རྫོབ་གཟུགས་སུ་རྣམ་ [7a.6]པར་གནས། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །ལས་ཀྱི་ཕྱག་རྒྱ་ཞེས་བྱར་གྲགས། །མི་མོའི་ལུས་ལ་བརྟེན་ནས་ནི། །སེམས་ཅན་ཀུན་ལ་ཕན་པར་མཛད། །ཀུན་ཁྱབ་དག་པ་ཐམས་ཅད་པ། །ཤེས་རབ་ལྷ་མོ་བླ་ན་མེད། །གཅིག་པུ་བཟང་པོ་འབྱུང་འགྱུར་བ། །སེམས་ཅན་ [7a.7]མགོན་གྱིས་བསྟེན་པ་ཡིན། །མཁའ་དབྱིངས་ཕོ་བྲང་ཉམས་དགའ་ན། །སྣ་ཚོགས་ཐུགས་རྗེ་ཅན་གནས་པ། །དེ་ལ་བྷ་ག་ཞེས་བརྗོད་དང་། །ཨེ་ཝཾ་བྱ་བའི་ཡིག་གཉིས་ལ། །ལུས་ངག་ཡིད་ཀྱིས་སྦྱོར་བ་ཡིན། །སངས་རྒྱས་ཀུན་གྱི་དེ་ཉིད་གནས། །དེ་ཕྱིར་དེ་ཉིད་མདོར་ [7b] [7b.1]བསྟན་དང་། །རྒྱས་པར་བསྟན་པའི་ཚུལ་གྱིས་གནས། །དཔལ་གསང་བ་འདུས་པ་རྗེ་བཙུན་གྱི་ནང་ན་གནས་པ་ཡང་། དེའི་གཞུང་ལུགས་མ་ཉམས་པ་སྦས་པ་ལས་ཤིན་ཏུ་སྦས་པའི་དོན་དམ་པའི་བདག་ཉིད་ཅན་གྱི་རྒྱུད་ཀྱི་ངོ་བོ་ཉིད་དབང་དུ་བྱས་ནས་བརྗོད་པར་བྱའོ། །འདི་ལྟ་སྟེ། [7b.2]བསམ་གྱིས་མི་ཁྱབ་པའི་བརྟན་པ་དང་། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་དེ་བཞིན་ཉིད་ཀྱི་ཡེ་ཤེས་སྒྱུ་མའི་རང་བཞིན་གྱིས་རྗེས་སུ་བྱེད་པའི་གཟུགས་ཅན། ཐུགས་རྡོ་རྗེའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུར་གྱུར་ནས། དཔལ་གསང་བ་ [7b.3]འདུས་པ་ཨེ་ཝཾ་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དེ་ཁོ་ན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པའི་ངོ་བོ་ཉིད་ཀྱིས་ངེས་པར་སྟོན་ཏོ། །དོན་དམ་པའི་བསམ་གྱིས་མི་ཁྱབ་པའི་ལྷའི་གཟུགས་དེ་ཉིད་རྒྱུད་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ། བྱང་ [7b.4]ཆུབ་སེམས་དཔའ་བཅུ་བདུན་གྱི་གོ་རིམས་ཀྱིས་ངེས་པར་རྫོགས་པར་གྱུར་ནས་དེ་རབ་ཏུ་སྟོན་པར་མཛད་དེ། །དང་པོ་གླེང་གཞིའི་ལེའུ་ལས། བྱང་ཆུབ་སེམས་དཔའ་བཅུ་བདུན་གྱི་མིང་བརྗོད་པའི་མཐའ་ན། ཇི་ལྟར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་མངོན་པར་བསྒོམས་པའི་རྡོ་རྗེ་ [7b.5]ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པའི་དབང་དུ་བྱས་ནས་བརྗོད་དེ། འདི་ནི་རེ་ཞིག་དང་པོ་ལྷའི་རྣལ་འབྱོར་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དངོས་པོ་མེད་པའི་གཟུགས་ཅན་ཡིན་པའི་ཕྱིར་རོ། །ལུས་དང་ངག་དང་ [7b.6]ཡིད་ཀྱི་བདག་ཉིད་ཅན་དུ་གྱུར་ནས། །དམ་ཚིག་དང་། ཏིང་ངེ་འཛིན་དང་། བཟླས་པའི་ཆོ་གའི་ལུགས་སྔོན་དུ་འགྲོ་བས། ས་ལ་སོགས་པའི་མི་མོ་བཞིའི་རིགས་དང་ལྷན་ཅིག་ནམ་མཁའི་ཁམས་སུ་རྣམ་པར་གནས་ནས་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཀྱི་སྒོ་ནས་བརྗོད་དུ་ [7b.7]མེད་པའི་ཡང་བརྗོད་དུ་མེད་པ་དུད་འགྲོ་ལ་སོགས་པའི་སེམས་ཅན་གྱི་རིམ་པ་མ་ལུས་པ་བྱིན་གྱིས་བརླབས་པའི་སྔགས་ཀྱི་སྐུ་མཆོག་ཏུ་དགའ་བའི་གཟུགས་ཅན། །བདེ་བ་མཆོག་གི་གཙོ་བོ་དཔལ་པདྨའི་དཀྱིལ་འཁོར་བྱིན་གྱིས་བརླབས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ [8a] [8a.1]རྣམས་ཀྱི་དོན་དམ་པའི་ཆོས་ཉིད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་སྒྲ་ཐོས་པ་ན་བརྒྱལ་བར་གྱུར་པའི་དེ་བཞིན་གཤེགས་པ་རྣམས་བསླང་བར་བྱ་བའི་ཕྱིར། ཨེ་ཝཾ་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་འདིར་བརྗོད་པར་བྱའོ། །རྒྱུད་ཀྱི་དང་པོར་གང་གནས་ [8a.2]པ། །སྦས་པ་དེ་ཕྱིར་བཤད་པར་བྱ། །རྡོ་རྗེ་བཙུན་མོ་ལས་བྱུང་བ། །ཨེ་ཝཾ་རྣམ་དག་ཡི་གེ་ཉིད། །ཨེ་ཝཾ་ནམ་མཁའི་ཁམས་སུ་བརྗོད། །མ་ཡཱ་ཕྱག་རྒྱར་རྗེས་སུ་ཐོབ། །གང་ཞིག་དེ་ནི་སྟོན་བྱེད་པ། །ཐོས་པ་ཞེས་བྱ་འདིར་བརྗོད་དོ། །རྟོག་མེད་ཀུན་མཁྱེན་ཡེ་ཤེས་ཉིད། །དུས་གཅིག་ [8a.3]པ་ཡང་དེ་ཡིན་ནོ། །བྷ་གའི་གཟུགས་ཅན་གང་ཡིན་ཏེ། །ནམ་མཁའི་ཁམས་ཞེས་བྱ་བར་བརྗོད། །དུས་གཅིག་ན་ཞེས་གང་བསྟན་པ། །དེ་མདོར་བསྟན་པ་ཞེས་བརྗོད་དོ། །ནམ་མཁའི་ཁམས་ཞེས་བདེ་འབྱུང་བ། །གང་ཡིན་བདག་གིས་དེར་བརྟེན་ཏེ། །སྣ་ཚོགས་དྲིལ་བུ་རྔ་ཡབ་ [8a.4]ཕྲེང་། །དྲིལ་བུ་རིན་ཆེན་གྱིས་ཉེར་བརྒྱན། །སངས་རྒྱས་རང་བཞིན་ཀུན་བཟང་པོ། །གནས་ཀྱི་མཆོག་དེར་མཆོད་པར་བྱེད། །བཅོམ་ལྡན་འདས་ཞེས་ཉེར་བསྟན་པ། །གཙོ་བོ་བདག་པོ་ཐུགས་ཉིད་དོ། །རྡོ་རྗེ་བཙུན་མོ་ཞེས་བརྗོད་པ། །ཤེས་རབ་རྒྱལ་བ་ཀུན་དངོས་ཏེ། །ཐམས་ [8a.5]ཅད་ཅེས་བྱ་སྒྲ་བརྗོད་པ། །མི་བསྐྱོད་ལ་སོགས་དེ་བཞིན་གཤེགས། །དེ་ཡི་སྐུ་གསུང་ཐུགས་གང་ཡིན། །ཐུགས་ཉིད་དུ་ནི་རྣམ་པར་གནས། །རྣམ་དག་བཙུན་མོའི་བྷ་ག་དེར། །བདེ་བ་ཆེན་པོ་རྣམ་པར་བཞུགས། །དངོས་པོ་ཀུན་གྱི་ངོ་བོ་ཡི། །མཆོག་ཏུ་དགའ་བའི་རྣམ་རོལ་ཅིང་། ། [8a.6]ཨེ་ཡི་ཆ་བྱད་བཟང་པོ་ལ། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །དེར་ནི་རྡོ་རྗེ་འཛིན་མཆོག་གནས། །ཤེས་རབ་ལས་བྱུང་ཞི་བ་ཉིད། །དེར་ནི་སངས་རྒྱས་ཀུན་འབྱུང་ཞིང་། །དེ་ཉིད་དུ་ནི་རྣམ་པར་གནས། །རི་རབ་རྡུལ་ཕྲན་གྲངས་སྙེད་ཀྱི། །མཐའ་མེད་བསྐལ་པ་བྱེ་བ་རུ། །སངས་རྒྱས་ [8a.7]བྱང་ཆུབ་སེམས་དཔའ་དང་། །བཅས་པའི་པདྨའི་དཀྱིལ་འཁོར་དེར། །དཔལ་ལྡན་བདེ་ཆེན་རྡོ་རྗེ་འཆང་། །དཔལ་དང་ལྡན་དེ་དེ་ན་བཞུགས། །ནམ་མཁའི་ཁམས་ཞེས་བྱ་བ་དེར། །ཏིལ་གྱི་གང་བུ་གང་ཞིང་མཐོང་། །གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །དེ་བཞིན་གཤེགས་པས་ཡོངས་ [8b] [8b.1]གང་བ། །ཡི་གེ་དེ་ཡིས་དེ་ཁོ་ན། །བསྟན་པར་བྱས་པའི་ཐབས་ཉིད་ཀྱིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བླ་མེད་གོ་འཕང་འཐོབ་བར་འགྱུར། །དེ་ལྟར་བཞུགས་ཞེས་བྱ་བའི་ཚིག །དོན་དམ་ཉིད་དུ་རྣམ་པར་གནས། །གཞན་དུ་དེ་ཉིད་རྣལ་འབྱོར་པའི། །ཉམས་སུ་མྱོང་ [8b.2]བ་དེ་མི་འགྱུར། །རྡོ་རྗེ་ཐུགས་སམ་གཞན་ཡང་རུང་། །དཔལ་ལྡན་བདེ་ཆེན་རྒྱལ་པོ་ནི། །འདུས་པ་ཞེས་བྱ་བྱེད་པོ་གང་། །དེ་ནི་ཨེ་ཝཾ་འདི་རབ་གནས། །ཨེ་ཝཾ་ཞེས་སོགས་རྣམ་དག་དང་། །ཤུ་ཏ་ཞེས་བྱའི་ཡི་གེ་གཉིས། །གསང་བའི་ཚིག་གནས་ངེས་པ་ཡང་། །རྒྱུད་ཀྱི་དང་ [8b.3]བོར་བརྗོད་པར་བྱ། །འདི་དང་འཆད་པར་འགྱུར་བ་ཡིས། །དེ་ནི་བྱེད་པ་པོར་འདོད་དོ། །འདིར་ནི་ཡི་གེ་གཉིས་པོ་ནི། །རྒྱུད་ཀྱི་དང་པོར་མེད་མི་འདོད། །མཆོག་ཏུ་དྲི་མེད་གོ་འཕང་ནི། །དེ་ལྟར་རྣམ་དག་ཤེས་གྱུར་ནས། །དཔལ་ལྡན་འདུས་པར་གང་གསུངས་པ། །སངས་རྒྱས་ཀུན་ [8b.4]གྱི་གནས་ཞི་བ། །དངོས་གྲུབ་མཆོག་གྱུར་དེར་ཤེས་ནས། །རྒྱུད་ལས་ཁྱད་པར་བརྗོད་པར་བྱ། །དགེ་བའི་བཤེས་གཉེན་བཞིན་གསུངས་པ། །དམ་ཚིག་སྤྱོད་པ་སྟོན་པ་པོ། །དག་ཅིང་བརྗོད་དུ་མེད་པ་ཡི། །བྱང་ཆུབ་སེམས་ནི་ཐམས་ཅད་དུ། །རབ་ཏུ་རྒྱས་པའི་རྒྱུད་ཐམས་ [8b.5]ཅད། །ལམ་ཉེར་སྟོན་པར་རྣམ་པར་གནས། །ཆོས་འབྱུང་ཡི་གེ་ཞི་ཉིད་དུ། །བརྗོད་དུ་མེད་པར་རྣམ་པར་གནས། །དེ་ཡི་དབྱེ་བ་མཐའ་མེད་པ། །སྣ་ཚོགས་ཁྱབ་ནས་རྣམ་པར་གནས། །འདི་ནི་སྦུན་པ་འདྲ་བ་ཡི། །དེ་ཡི་དབྱེ་བ་ཀུན་སྤངས་ལ། །དེ་ཉིད་རྣམ་དག་ངོ་བོ་ཉིད། ། [8b.6]སྒྲུབ་པའི་ཐབས་ནི་བདག་གིས་བརྗོད། །དངོས་པོ་མེད་པ་དེ་ཉིད་ནི། །ཐབས་བཅས་པདྨ་རྡོ་རྗེ་སྐྱེས། །དགའ་བྲལ་མཆོག་དགའི་བར་ཉིད་དུ། །མཚོན་ནས་གང་ཞིག་རྣམ་གནས་པར། །རྟག་ཏུ་དེར་གཏད་ཡིད་གཉིས་ཀྱིས། །གང་ཞིག་དེར་གནས་འགྲུབ་པར་འགྱུར། །སྒྲུབ་པོ་བསྒོམ་ [8b.7]པ་ལྡན་པ་ཡིས། །ལྷ་ཡི་ཡེ་ཤེས་ཉམས་མྱོང་འགྱུར། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དམ་པའི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་བཞུགས་པའི་ཚིག་ངེས་པར་བསྟན་པའི་ལེའུ་སྟེ་གཉིས་ [9a] [9a.1]པའོ། །དེ་ནས་གསང་བ་བཤད་པར་བྱ། །ཤེས་རབ་ཐབས་ནི་རྣམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་དྲན་པ་ཉིད། །གསང་བ་ལས་ཀྱང་གསང་བ་མཆོག །རང་གི་ལུས་ལ་གནས་པ་ཡི། །དག་པ་གང་ཞིག་ཤེས་གྱུར་ནས། །གནས་བཟང་པོར་ནི་གནས་ [9a.2]པར་འགྱུར། །དེ་ནི་བདག་གིས་ཡང་དག་བཤད། །དཔལ་ལྡན་འདུས་པའི་རྗེས་འབྲང་བའི། །དངོས་གྲུབ་བཟང་པོ་སྒྲུབ་པའི་ཕྱིར། །མཁའ་དབྱིངས་ལྷ་ཡི་གཞལ་ཡས་ན། །ཇི་ལྟ་བ་བཞིན་ཡང་དག་གནས། །བཟང་པོ་རང་གི་སྐྱེད་བྱེད་པ། །ཐོག་མ་དབུས་མཐར་དྲི་མ་མེད། །དང་ [9a.3]པོའི་ལས་ཅན་སེམས་ཅན་རྣམས། །མཚོན་ཅིང་ཡིད་ཆེས་བྱེད་པའོ། །མཁའ་དབྱིངས་རྡོ་རྗེ་ཀུན་སྦྱོར་བའི། །རེག་ལས་ངོ་མཚར་ཆེན་པོ་ཉིད། །བདེ་བ་གང་ཞིག་འབྱུང་འགྱུར་ཏེ། །མཆོག་ཏུ་དགའ་བ་བྱེད་པའོ། །དེ་ཟད་ནས་ནི་དགའ་བྲལ་ཏེ། །གང་གི་མཐའ་ན་དགའ་བྲལ་ [9a.4]ཅན། །རང་གི་ངོ་བོ་བསྟན་མེད་པའི། །བདག་ཉིད་ཅུང་ཞིག་འབྱུང་བར་འགྱུར། །དབང་པོ་ཀུན་ལས་རྣམ་གྲོལ་ཞིང་། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །ཁྱབ་ཅིང་རང་བཞིན་མེད་པ་ཡི། །རྟོགས་པ་དེ་ནི་གོ་འཕང་མཆོག །ལྷ་རྫས་ཀུན་བཟང་ཞེས་བྱ་བ། །དགའ་བྲལ་ [9a.5]མཐའ་ན་རྣམ་པར་གནས། །མཆོག་འདི་སྒྲུབ་པོ་རྣམས་ཀྱི་ནི། །གྲོལ་བའི་གནས་སུ་རབ་ཏུ་གྲགས། །དཔལ་ལྡན་འདུས་པ་དེ་ཉིད་གང་། །བདེ་གཤེགས་དམ་པས་གང་གསུངས་པ། །དངོས་མེད་མཆོག་ཏུ་རྣམ་པར་དག །བྱང་ཆུབ་སེམས་ནི་བླ་མེད་པ། །རང་བཞིན་དག་པ་དེ་ [9a.6]ཉིད་ནི། །བདག་གིས་རྒྱས་པར་བསྟན་པར་བྱ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་བསྟན་པར་བྱའོ། །གང་ཞིག་མཁའ་དབྱིངས་སྟེང་དུ་རིན་ཆེན་འགྱུར། །བདེ་བ་ཀུན་གྱི་རང་བཞིན་རྣམ་པར་ [9a.7]གནས། །དབུས་སུ་ཡོན་ཏན་གྱིས་བརྒྱན་སེམས་གྱུར་བ། །དེ་འདིར་སྐྱེས་བུའི་སྣ་རྩེ་ཞེས་བྱས་བསྟན། །རྟོག་པ་དང་བཅས་སེམས་ཞེས་བྱ་བ་དེར། །ཟླ་བའི་གཟུགས་དང་སངས་རྒྱས་སྐུ་ཡིས་ཁྱབ། །ལོངས་སྤྱོད་རྫོགས་སྐུ་བདེ་བའི་ངོ་བོ་ཉིད། །ཀུན་རྫོབ་བྱང་ཆུབ་སེམས་ཞེས་ [9b] [9b.1]དེ་ལ་བརྗོད། །ཀུན་རྫོབ་བྱང་ཆུབ་སེམས་ནི་ནུབ་གྱུར་ཅིང་། །དེར་ནི་དགའ་བྲལ་ཞེས་བྱ་འབྱུང་འགྱུར་ནས། །མཉམ་མེད་སྤྲུལ་པའི་སྐུ་ཡིས་བརྒྱན་གྱུར་ཅིང་། །སངས་རྒྱས་སྣ་ཚོགས་དུ་མར་སྤྲོ་བར་བྱེད། །གནས་སྐབས་གང་ལ་དགའ་བྲལ་ཞེས་བྱ་བའི། །སྐད་ཅིག་བྷ་གའི་དབུས་སུ་ [9b.2]འབྱུང་འགྱུར་ཏེ། །ཡུངས་ཀར་ཞེས་བྱའི་མིང་གིས་རྣམ་གནས་པ། །དེ་ལ་སྤྲུལ་པའི་སྐུ་ཞེས་རྒྱལ་བས་གསུངས། །བདེ་བའི་དངོས་འདིར་ལོངས་སྤྱོད་རྫོགས་སྐུ་དང་། །སྤྲུལ་པའི་སྐུ་ཡང་འགགས་ཤིང་བཞུགས་གྱུར་པ། །བདག་མེད་རྡོ་རྗེ་རིམ་གྱིས་ཆོ་ག་བཞིན། །ཀུན་རྟོག་རྣམ་ [9b.3]པར་རྟོག་པ་ངེས་པར་སྤངས། །བདག་མེད་རྡོ་རྗེ་ཤིན་ཏུ་དྲི་མ་མེད། །དེ་ནས་དགའ་བྲལ་བདེ་བ་རྣམ་པར་སྤང་། །མར་ལ་མར་བཞག་བཞིན་དུ་སྐད་ཅིག་གིས། །བྱང་ཆུབ་གནས་དང་ལྷན་ཅིག་གཅིག་ཏུ་བྱས། །དེར་ནི་དགའ་བྲལ་བདེ་བར་སོན་གྱུར་ནས། །བདག་མེད་རྡོ་རྗེ་ཤིན་ཏུ་བརྟན་པར་ [9b.4]བཞུགས། །དེར་ནི་བརྗོད་མེད་ཞེས་བྱར་གང་གནས་པ། །རྣམ་དག་བྱང་ཆུབ་གོ་འཕང་ཀུན་འགྲོ་བ། །ཤེས་བྱའི་བདག་ཉིད་དཔག་མེད་མདངས་ལྡན་པའི། །དེ་ཉིད་བདག་ཉིད་ལྷན་ཅིག་གཟུགས་བསྒོམ་བྱ། །དགའ་བྲལ་ཞེས་བྱ་གང་གིས་བརྗོད་མིན་པ། །དེ་ཡི་མཚན་རྫོགས་བསམ་ [9b.5]མི་ཁྱབ་པའི་གཟུགས། །ཀུན་དུ་དྲི་མ་མེད་པའི་ངོ་བོ་ཉིད། །ཡིད་བཞིན་ནོར་དང་བུམ་པ་བཟང་ཞེས་པ། །སོ་སོ་རང་རིག་ལུགས་བཞིན་རིག་གྱུར་པས། །དོན་དམ་རྣམ་དག་རྒྱལ་བ་རྣམས་ཀྱི་སྐུ། །བྱང་ཆུབ་དམ་པ་མཆོག་གཙོ་དེ་ནས་བསྒོམ། །བཟང་པོ་བདེ་བའི་སར་གྱུར་ཀུན་འགྲོ་བ། ། [9b.6]གསང་གསུམ་དྲི་མེད་རིན་ཆེན་དེ་ཉིད་བཅས། །རྟག་ཏུ་སེམས་ཅན་དོན་དུ་ལུང་རིགས་པས། །དབང་པོ་གཉིས་སྦྱོར་མཆོག་ཏུ་རབ་བརྟགས་ནས། །འོད་ཟེར་དུ་མ་དེ་ནས་སྤྲོ་བར་བྱ། །གཅིག་དང་དུ་མའི་ངོ་བོ་ཁམས་གསུམ་འདི། །དངོས་པོ་རང་བཞིན་མེད་པར་རྣམ་པར་དཔྱད། །དེ་ཉིད་ [9b.7]དེ་ནི་གཟུང་བ་ལ། །འབད་པའི་ཐབས་བཞིན་སྤྱོད་མིན་པས། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །ཤེས་ནས་བློ་དང་ལྡན་པས་བསྒོམ། །བདག་ཉིད་དྲི་མེད་ཞི་བ་ཡིས། །དེ་ཉིད་དེ་དང་ལྡན་གྱུར་པས། །ལས་ཀྱི་ཕྱག་རྒྱ་བསྒོམ་པ་ཡང་། །འདིར་ནི་འགྲུབ་འགྱུར་ཐེ་ཚོམ་མེད། ། [10a] [10a.1]ལས་ཀྱི་ཕྱག་རྒྱ་མཉམ་ལྡན་པས། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །བདེ་བ་གསུངས་པས་མངོན་སུམ་དུ། །འདི་འདྲའི་བསྒོམ་པ་གང་གསུངས་པ། །དང་པོའི་ལས་ཅན་སེམས་ཅན་ལ། །ལས་ཀྱི་ཕྱག་རྒྱ་གང་སྤངས་ནས། །བྱང་ཆུབ་སེམས་ནི་རབ་བསྟན་པ། །གཞན་གྱི་ [10a.2]མཚོན་པས་མི་འཐོབ་སྟེ། །དང་པོའི་ལས་པས་རིག་བྱ་བ། །ཐོག་མ་བར་མཐའ་དྲི་མེད་པ། །གནས་ཏེ་གཞན་དུ་ནུས་མ་ཡིན། །དེ་ལྟའི་དེ་ཉིད་མཆོག་ཞི་བ། །མཁའ་དབྱིངས་ཞེས་བྱར་གནས་པ་ནི། །རྡོ་རྗེ་པདྨ་མཉམ་སྦྱོར་དང་། །ཡང་དག་རང་བཞིན་གྱིས་ཐོབ་འགྱུར། །ཀུན་དུ་ [10a.3]འགྲོ་བ་དེ་ཉིད་ནི། །དང་པོའི་ལས་པས་གཟུང་བའི་ཕྱིར། །མཁའ་དབྱིངས་ཕོ་བྲང་བཟང་པོ་རུ། །སྒྲུབ་པོ་མཆོག་གིས་ཐོབ་པར་འགྱུར། །མྱ་ངན་འདས་མཆོག་གང་ཡིན་ཏེ། །བདེ་བའི་ངོ་བོ་དངོས་མེད་པ། །དེ་ནི་ཕྱག་རྒྱ་ལ་བརྟེན་ནས། །རང་གི་རིག་པའི་ངོ་བོར་གནས། །ཤེས་རབ་ [10a.4]ཐབས་དག་རྣམ་བསྒོམས་པས། །དེ་ལྟར་དེ་ཉིད་ཤེས་བྱས་ལ། །ཆོས་འབྱུང་མི་འགྱུར་ཞི་བ་ཉིད། །ཇི་ལྟ་བ་བཞིན་རྣམ་པར་གནས། །ངོ་མཚར་མཆོག་གྱུར་རྡོ་རྗེ་ཅན། །དེ་ཡི་ཚེ་ན་བསྒྲུབ་པར་བྱ། །རང་ལུས་ཐབས་དང་ལྡན་པའམ། །ཡང་ན་ལས་ཀྱི་ཕྱག་རྒྱས་སོ། །ལས་ [10a.5]ཀྱི་ཕྱག་རྒྱའི་པདྨར་གནས། །མཚོན་དུ་མེད་པར་གང་གནས་པ། །གོང་དང་གོང་དུ་བསྒོམ་པ་ཡིས། །ཞི་དཔལ་རྡོ་རྗེ་འཛིན་པར་མཚན། །དེ་ནི་བདག་གིས་ཐམས་ཅད་བསྟན། །གཞན་ཡང་བདག་གིས་བསྟན་པར་བྱ། །ལས་ཀྱི་ཕྱག་རྒྱ་དང་ལྡན་པས། །དེ་ཉིད་ལྡན་པས་བསྒོམ་པར་ [10a.6]བྱ། །ཕྱག་རྒྱ་མེད་པར་ལྷ་རྫས་ཉིད། །དེ་བཞིན་སྒྲུབ་པོས་འཐོབ་པར་འགྱུར། །མྱ་ངན་འདས་པའི་གོ་འཕང་མཆོག །མདོར་བསྡུས་བདག་གིས་བཤད་པར་བྱ། །ལས་ཀྱི་ཕྱག་རྒྱ་ཁྲོ་རྒྱུ་ཅན། །ཡེ་ཤེས་ཕྱག་རྒྱ་ཡང་དེ་བཞིན། །རྣམ་རྟོག་མང་བ་སྤང་བྱས་ལ། །ཕྱག་རྒྱ་ཆེན་པོ་རྣམ་ [10a.7]བསྒོམ་བྱ། །རྣམ་པར་གཡེང་བ་ཀུན་འབྱུང་བའི། །བུད་མེད་ཕྱག་རྒྱ་རྣམ་སྤངས་ལ། །རང་ལུས་ཐབས་དང་ལྡན་པ་ཡིས། །ཕྱག་རྒྱ་ཆེན་པོ་བསྟེན་པར་བྱ། །རང་གི་རིགས་པའི་ལྷ་རྫས་དེ། །ཕྱག་རྒྱ་ཆེན་པོ་མཆོག་ཏུ་དག །ཐ་མལ་ལུས་ལ་བརྟེན་ནས་གནས། །ཤེས་རབ་ཆུང་ [10b] [10b.1]བས་མཐོང་མི་འགྱུར། །མི་འགྱུར་བ་ཡི་རང་ལུས་དེ། །མཆོག་གཅིག་གིས་ནི་ཤེས་པར་འགྱུར། །བླ་མའི་བཀའ་དྲིན་གནང་བ་ལ། །ཇི་ལྟ་བ་བཞིན་རྣམ་པར་གནས། །རྩྭ་ཤིང་འཁྲི་ཤིང་ལ་སོགས་ལ། །ཀུན་དུ་གནས་པར་འགྱུར་བ་ཡང་། །མི་ནི་ཐབས་དང་བྲལ་བ་ཡིས། །མེ་ནི་ [10b.2]མཐོང་བར་འགྱུར་མ་ཡིན། །ཐབས་དང་བྲལ་ན་ནམ་དུ་ཡང་། །ལྷ་རྫས་ཡོན་ཏན་ཀུན་འབྱུང་བ། །གཉུག་མའི་ལུས་ལ་གནས་ན་ཡང་། །ཤེས་རབ་དེ་བཞིན་མཐོང་མི་འགྱུར། །ཇི་ལྟར་བུར་ཤིང་ཁུ་བ་དང་། །ཏིལ་ལ་ཏིལ་མར་ཇི་བཞིན་པ། །དེ་བཞིན་ལུས་ལ་ཐམས་ཅད་དུ། ། [10b.3]ཤེས་རབ་ཕ་རོལ་ཕྱིན་པ་གནས། །ལྷ་རྫས་མཆོག་དེ་ཐམས་ཅད་ལ། །རྣམ་པར་གནས་པར་ཤེས་པར་བྱ། །སངས་རྒྱས་ཀུན་གྱིས་སྐྱེད་བྱེད་པ། །ཤེས་རབ་ལྷ་མོ་བླ་ན་མེད། །ཁམས་གསུམ་མ་ལུས་པ་འདི་དག །གང་གིས་ཐམས་ཅད་གསལ་བྱེད་པ། །མྱ་ངན་འདས་པ་གནས་ [10b.4]དངོས་ཀྱི། །ཐོག་མ་བར་མཐའ་རྣམ་པར་མཛད། །དེ་ལྟར་ཤེས་ནས་འབད་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་ཞི་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱི། །དབང་ཕྱུག་མཆོག་གིས་ཁྱབ་པར་འགྱུར། །གང་ཞིག་སེམས་ལ་འདོད་གྱུར་པ། །དེ་ནི་དེ་ནས་བསྒོམ་པར་བྱ། ། [10b.5]ཐབས་དང་ལྡན་པའི་རྣལ་འབྱོར་གྱིས། །སངས་རྒྱས་དངོས་གྲུབ་རབ་ཏུ་སྩོལ། །དེ་དང་ལྷན་ཅིག་ཚོལ་བྱེད་པས། །དེ་ཉིད་བདག་གིས་རྟག་ཏུ་རིག །ཉིན་དང་མཚན་དུ་བསྒོམ་འགྱུར་ན། །འདི་ནི་ཐོབ་འགྱུར་ཐེ་ཚོམ་མེད། །སྨྱོན་པའི་གཟུགས་ལ་བརྟེན་ནས་ནི། །གསལ་པོར་སྐྱེ་བོས་ [10b.6]སྨོད་བྱེད་ཅིང་། །ཐབས་བཟང་དག་དང་ལྡན་པ་ཡིས། །བྱང་ཆུབ་ཡངས་པ་བསྒོམ་པར་བྱ། །མཆོག་ཏུ་མྱ་ངན་འདས་གསུངས་པ། །དག་ཅིང་རང་བཞིན་དྲི་མ་མེད། །རང་ལུས་དེ་ཉིད་བློ་ལྡན་གྱིས། །དེ་དང་ལྡན་པ་བསྒོམ་པར་བྱ། །དངོས་གྲུབ་ཀུན་སྦྱིན་གྲུབ་པའི་ཐབས། །ཕུང་པོ་ [10b.7]ལྔ་ཡི་བདག་ལུས་ཉིད། །ཇི་ལྟར་གསང་བ་གནས་གྱུར་པ། །དེ་ནས་ཡང་དག་བཤད་པར་བྱ། །ཕྱག་རྒྱ་ཆེན་པོ་རྟོགས་བྱས་པས། །དཔའ་བོ་ཇི་ལྟར་རྫོགས་འགྱུར་བ། །མཆོག་ཏུ་གྱུར་བ་རང་གི་ལུས། །ཤིན་ཏུ་གསང་བ་དག་གིས་བཤད། །བློ་ལྡན་དངོས་པོ་མི་བསྒོམ་ཞིང་། ། [11a] [11a.1]དངོས་མེད་ཕ་རོལ་རིང་དུ་སྤངས། །གཅིག་གིས་རྟག་པར་འཛིན་གྱུར་ཅིང་། །གཞན་དག་གིས་ནི་སྟོང་ཉིད་དུའོ། །རྟག་དང་ཆད་པའི་སྦྱོར་བ་ལས། །མཆོག་ཏུ་འཛིན་པ་ཟག་པ་གང་། །ཡེ་ཤེས་ཅི་ཞིག་འབྱུང་འགྱུར་བ། །ཐོག་མ་དབུས་མཐའ་དྲི་མ་མེད། །གཙོ་བོ་ [11a.2]རྟག་པ་མཆོག་ཏུ་ཞི། །རྒྱུ་དང་དཔེ་ནི་རྣམ་སྤངས་པ། །དངོས་དང་དངོས་མེད་རྣམ་པར་སྤངས། །རྟག་ཏུ་འབྱུང་ཞིང་འགྱུར་བ་མེད། །མི་གནས་མྱ་ངན་འདས་པ་ཉིད། །སྡིག་པ་ཐམས་ཅད་རྣམ་སྤངས་པ། །དེར་གནས་སྒོམ་དང་ལྡན་གྱུར་པས། །སངས་རྒྱས་ཀྱི་ཡང་སྤྱོད་ [11a.3]ཡུལ་མིན། །དེར་མི་བགྲོད་དང་བགྲོད་བྱ་མེད། །བགྲོད་པར་འགྱུར་བ་འགའ་ཡང་མེད། །སྒོམ་དང་བསྒོམ་བྱ་སྒོམ་པ་པོ། །དོན་དམ་པར་ན་ཡོད་མ་ཡིན། །དཔེ་ལས་འདས་ཤིང་བརྗོད་དུ་མེད། །གཟུང་དང་འཛིན་པ་རྣམ་པར་སྤངས། །མཚན་མ་མེད་ཅིང་རྡུལ་དང་བྲལ། །མྱ་ [11a.4]ངན་འདས་ཞེས་དེ་ལ་བཤད། །གང་ལ་མཆོག་ཅེས་བརྗོད་བྱ་སྟེ། །ཕྱག་རྒྱ་ཆེན་པོ་མངོན་པར་གནས། །ལྷ་རྫས་ལོངས་སྤྱོད་གྲོལ་སྟེར་བ། །མྱ་ངན་འདས་པའི་གོ་འཕང་མཆོག །བཟང་པོའི་གནས་དེ་སེམས་ཅན་ལ། །སྐལ་པ་ཇི་བཞིན་རབ་ཏུ་བསྟན། །གཅིག་ཉིད་ [11a.5]གཉིས་སུ་རྣམ་པར་འགྱུར། །བསམ་པའི་དབྱེ་བས་མཆོག་ཉིད་དེ། །ལྷ་རྫས་མྱ་ངན་འདས་པའི་གཟུགས། །དག་ཅིང་རང་བཞིན་དྲི་མ་མེད། །བུད་མེད་སྐྱེ་བོ་སོགས་གཟུགས་ཀྱིས། །ཐམས་ཅད་དུ་ནི་རྣམ་པར་གནས། །དབང་པོ་ལས་འདས་ཞི་བ་གང་། །བརྗོད་མེད་ཀུན་དུ་ [11a.6]འགྲོ་བ་མཆོག །འཕེལ་ཞིང་འགྲིབ་ལས་རྣམ་གྲོལ་བ། །དཔལ་ལྡན་བདེ་ཆེན་ཞེས་བརྗོད་པ། །ཅུང་ཟད་རྫས་སུ་འདུ་ཤེས་གང་། །ཐམས་ཅད་དེ་ལས་ཀུན་དུ་འབྱུང་། །ཁམས་གསུམ་པ་ཡི་ལམ་བཟང་པོ། །ཀུན་དུ་དེ་ནི་རྣམ་པར་གནས། །དེ་ནི་དངོས་གྲུབ་ས་བོན་ཏེ། །དངོས་ [11a.7]གྲུབ་རྣམས་ཀྱི་གོ་འཕང་མཆོག །སངས་རྒྱས་རྣམས་ཀྱི་གནས་མཆོག་སྟེ། །བདེ་བ་ཅན་ཞེས་མངོན་པར་བརྗོད། །ལྷ་དང་ལྷ་མིན་མིར་བཅས་པ། །ཐམས་ཅད་འདི་ལས་ངེས་པར་འབྱུང་། །ཁམས་གསུམ་མ་ལུས་པ་འདི་དག །ཐམས་ཅད་བདེ་བ་ཉིད་དུ་གནས། །གང་གིས་ [11b] [11b.1]གཟུགས་ནི་ཤེས་མིན་ཞིང་། །གང་ཞིག་ཚིག་དང་བློ་སྤངས་ལ། །སྒྲ་དང་དྲི་དང་རོ་ལས་འདས། །བློ་ཡི་ཡུལ་ལས་གང་འདས་པ། །དེ་ནི་འཇིག་རྟེན་ལས་འདས་པ། །མཆོག་ཏུ་བདེ་བའི་གཟུགས་གང་ཞིག །རང་གི་དབང་གིས་འཇུག་འགྱུར་བ། །ཆོས་ཀྱི་འཁོར་ལོ་ [11b.2]བསྐོར་བར་འགྱུར། །གསང་སྔགས་བྱེ་བ་གྲངས་མེད་ཀྱང་། །དེ་ལས་ངེས་པར་འབྱུང་བར་འགྱུར། །བདེན་པ་གསུང་བའི་ལུང་གིས་འགའ། །བདེན་པར་གྱུར་པའི་རིམ་སྟོན་པའི། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དེ་ལྟར་དེ་དེས་ཤེས་བྱས་ལ། །ཐབས་གང་གིས་ནི་དེ་ཡི་ [11b.3]དངོས། །མཆོག་ཏུ་བརྗོད་མེད་གང་ཐོབ་པ། །བློ་ལྡན་དེ་ཉིད་རང་ལུས་ལ། །སྔགས་པའི་དེ་ཉིད་བསྒྲུབ་པར་བྱ། །དངོས་པོ་མེད་པ་དང་བསྲེས་ལ། །རྩེ་གཅིག་སེམས་དང་ལྡན་པ་ཡིས། །ཐབས་བཟང་པོ་དང་ལྡན་བྱས་ནས། །ཡང་དང་ཡང་དུ་ངལ་བར་བྱ། །གཉིས་པ་ཐམས་ཅད་ [11b.4]རྣམ་སྤངས་པས། །དུས་མི་རིང་བར་འགྲུབ་པར་འགྱུར། །ཤིན་ཏུ་སྦས་པའི་རབ་སྦྱིན་དང་། །རིག་པ་ཡི་ནི་གང་ཤེས་དང་། །འདོད་པའི་ཡོན་ཏན་ལྔ་ལྡན་པའི། །དག་པའི་བདག་ཉིད་གང་བསྒོམ་བྱ། །གསང་བ་གྲུབ་པ་ལ་གནས་པའི། །དངོས་གྲུབ་དེས་ནི་གདོན་མི་ཟ། ། [11b.5]ལས་ཀྱི་ཕྱག་རྒྱ་ལྡན་པའམ། །ཡང་ན་ཕྱག་རྒྱ་ཆེན་པོ་ཡི། །སངས་རྒྱས་རྣམས་ཀྱི་ཐུགས་གྱུར་པ། །འདི་ནི་ཆོས་ཉིད་མཆོག་ཡིན་ནོ། །སྙིང་པོའི་ཡེ་ཤེས་གཅིག་བསྡུས་པ། །མ་བྱུང་འབྱུང་བར་མི་འགྱུར་རོ། །བདག་མེད་གནས་འདི་མ་གཏོགས་པའི། །རྣམ་དག་དངོས་གྲུབ་ [11b.6]གཞན་དག་མེད། །རྣམ་པར་མི་རྟོག་དམིགས་མེད་པ། །གང་ལས་སངས་རྒྱས་འབྱུང་འགྱུར་བའི། །ཤེས་རབ་ལྷ་མོ་བླ་ན་མེད། །འདི་ནི་ཕ་རོལ་ཞེས་བྱར་བརྗོད། །གལ་ཏེ་ཤེས་ནས་བསྒོམས་གྱུར་ན། །སེམས་ཅན་ཀུན་གྱི་གྲོལ་སྟེར་འགྱུར། །སྔར་བསྟན་ཆོ་གའི་རིམ་པ་ཡིས། ། [11b.7]དག་པའི་དེ་ཉིད་གང་བསྒོམས་པ། །རང་བཞིན་འོད་གསལ་རྣམ་དག་པས། །བདག་ཉིད་རྡོ་རྗེ་ཀུན་ལས་སྐྱེས། །མཚན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐ་མལ་པ་ཡི་ལུས་སྤངས་ནས། །ལྷ་རྫས་ང་རྒྱལ་ལྡན་ཡིད་ཀྱིས། །ཐབས་དང་ཡང་དག་ [12a] [12a.1]ལྡན་པ་དང་། །ཏིང་འཛིན་མཆོག་ལ་རྣམ་གནས་ནས། །པདྨ་རྡོ་རྗེའི་ཚིག་བཞིན་དུ། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །གང་ཞིག་ཕྱག་རྒྱ་ཆེ་ལྡན་པས། །བདེ་བ་ཆེན་པོ་མྱོང་གྱུར་པ། །ཡེ་ཤེས་བདུད་རྩི་མཆོག་བཟང་པོ། །དེ་ནི་བརྗོད་པར་ནུས་པ་ཡིན། །རང་ [12a.2]གི་རིག་པའི་དེ་ཉིད་དེ། །གཞན་གྱིས་བརྗོད་པར་ནུས་མི་འགྱུར། །གུས་དང་བསྒོམ་པས་རྟོགས་འགྱུར་གྱི། །དེ་ནི་གཞན་དུ་རྟོགས་མི་ནུས། །དེ་ཉིད་ཤེས་ནས་ཉིན་མཚན་དུ། །གུས་པས་བསྒོམ་པར་བྱ་བ་ཡིན། །མྱ་ངན་འདས་པའི་གོ་འཕང་མཆོག །བདེ་བ་ཞི་བ་བླ་ [12a.3]མེད་དེར། །དེར་ནི་གུས་པའི་སྟོབས་ཉིད་དང་། །བསྒོམས་པའི་སྟོབས་ཀྱིས་གང་སྤྲུལ་པ། །དེར་ནི་འབྱུང་བར་འགྱུར་བའི་གཟུགས། །ཀུན་དགའ་ལས་བྱུང་ཅི་ཡང་མཆོག །སྤྲོ་ཞིང་སྡུད་པར་བྱེད་པ་ཅན། །གསལ་པོར་ཡུད་ཀྱིས་བྱུང་གྱུར་པ། །ས་འོག་ས་བླ་ས་སྟེང་འདི། །རྒྱུ་ [12a.4]དང་རྒྱུ་མིན་སྣང་བར་བྱེད། །དེ་ཉིད་བསྒོམས་པའི་སྟོབས་ཀྱིས་ནི། །ཐབས་དང་ཤེས་རབ་དངོས་ཞི་བ། །ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང་། །མཚན་རྣམས་ཀུན་གྱིས་རྣམ་བརྒྱན་པ། །སྟོང་ཉིད་ཡེ་ཤེས་ལས་བྱུང་ཞེས། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །རྣམ་པ་ཀུན་དུ་མཆོག་ལྡན་ཞིང་། །གཟུང་དང་འཛིན་པ་ [12a.5]རྣམ་པར་སྤངས། །རྣམ་དག་ཡེ་ཤེས་སྒྱུ་མའི་དངོས། །གསལ་ཞིང་རང་བཞིན་དྲི་མ་མེད། །སྒྲ་དང་དྲི་དང་རོ་ལས་འདས། །དེ་བཞིན་རེག་པ་རྣམ་པར་སྤངས། །ཏིང་འཛིན་ཡེ་ཤེས་མིག་གཉིས་ཀྱིས། །མཆོག་གཅིག་པུ་དེ་མཐོང་བར་འགྱུར། །བཟང་པོ་གྲིབ་མའི་སྒྱུ་འདྲ་བ། ། [12a.6]འདུ་བྱེད་བཟང་པོ་དང་ལྡན་པ། །མེ་ཡིས་ཐག་པ་བསྲེགས་པ་བཞིན། །ཉོན་མོངས་འཆིང་བ་ལས་གྲོལ་བ། །རྣམ་པ་སྣ་ཚོགས་ལུས་རྣམས་དང་། །ཡེ་ཤེས་རླབས་ཀྱིས་འཕྲིན་ལས་སྤྲོ། །དབང་པོའི་གཞུ་དང་འདྲ་བའི་སྐུ། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །རྣལ་འབྱོར་ [12a.7]བསྒོམ་པའི་ནུས་པ་དང་། །དམ་ཚིག་རྣམས་ནི་བསྐྱང་བྱས་བས། །རྒྱལ་བ་ཡིས་ཀྱང་བརྗོད་མེད་པའི། །དེ་འདྲའི་གཟུགས་ནི་ཐོབ་པར་འགྱུར། །གང་དུ་ལུས་ངག་སེམས་མེད་པའི། །གནས་གང་ཀུན་འགྲོ་མཆོག་གྱུར་པ། །དེར་ནི་ཡང་དག་བསྟེན་དབང་གིས། །རང་བཞིན་ [12b] [12b.1]བསྒོམ་པར་གྱུར་ལ་ལྟོས། །ཨེ་མ་ཧོ་ངོ་མཚར་བྱེད་པའོ། །ཨེ་མ་ཧོ་ཞི་བ་དབང་པོ་ལས། །ཨེ་མ་ཧོ་མཆོག་ཏུ་ཞི་བ་ཉིད། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ཡིན། །ལྷ་ཡི་རྣལ་འབྱོར་མཆོག་ཉིད་ཀྱི། །རིམ་གྱིས་འདི་འདྲ་ཐོབ་པར་འགྱུར། །སངས་རྒྱས་གོ་འཕང་བསྒྲུབ་པའི་ [12b.2]ཕྱིར། །དེ་ནས་སྤྱོད་པ་སྤྱད་པར་བྱ། །ཉོན་མོངས་ཀུན་ནས་བྲལ་བའི་གནས། །རྗོད་དང་བརྗོད་བྱ་རྣམ་སྤངས་ལ། །འབད་པ་ཉིད་ཀྱིས་མངོན་སུམ་དུ། །སྒྲུབ་པ་པོས་ནི་ཡང་དང་ཡང་། །བརྟན་པའི་སེམས་ཀྱིས་ངེས་པར་ཡང་། །གསང་བའི་སྤྱོད་པ་སྤྱད་པར་བྱ། །རྫོགས་ [12b.3]པའི་རིམ་པའི་རྣལ་འབྱོར་གྱིས། །ཉེས་པ་ཐམས་ཅད་རྣམ་སྤངས་ལ། །ལྷ་རྫས་གར་དང་དགོད་སོགས་ཀྱིས། །ཇི་ལྟར་སྐྱོ་བ་མི་སྐྱེ་བར། །སངས་རྒྱས་སྤྱོད་པ་ལ་མོས་པས། །བརྟུལ་ཞུགས་ཅན་གྱིས་གསང་བ་སྤྱད། །བརྟུལ་ཞུགས་དང་ལྡན་དེར་གནས་ནས། །དེར་གཏད་ [12b.4]བསྒོམ་པ་དང་ལྡན་པས། །ཉོན་མོངས་ཐམས་ཅད་མཐར་བྱས་ལ། །གོ་འཕང་མཆོག་ནི་བསྒྲུབ་པར་བྱ། །རྒྱུན་དུ་མཆོག་ཏུ་གསང་བ་སྟེ། །བླ་མའི་ཞལ་ལ་རབ་གནས་པས། །སངས་རྒྱས་དངོས་གྲུབ་བཟང་སྟེར་བ། །དེ་ནི་ཐམས་ཅད་བདག་གིས་བཤད། །དོན་དམ་པའི་ [12b.5]ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དམ་པའི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་མངོན་པར་བྱང་ཆུབ་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དང་པོའི་ལས་ཅན་སེམས་ཅན་གྱིས། །བསྐྱེད་པའི་ [12b.6]རིམ་པ་བསྒོམ་པ་ཉིད། །ཅུང་ཞིག་རྒྱས་པའི་མཚན་ཉིད་ཅན། །དེ་ནས་ད་ནི་བཤད་པར་བྱ། །དཔལ་ལྡན་འདུས་པར་ཡོངས་གསལ་བར། །འགྲོ་བའི་མགོན་པོས་གང་གསུངས་པ། །གོང་མ་གོང་མའི་ལམ་ཉིད་ཀྱིས། །བསྒོམ་པར་བྱ་བ་བཞི་པོ་ཉིད། །དང་པོ་ཡི་གེ་ [12b.7]དགོད་པར་བྱ། །བསྐྱེད་པའི་རིམ་པ་ལ་གནས་པ། །སྒྲུབ་པོའི་དབང་པོས་བསྒོམ་བྱ་བ། །གཉིས་པ་རང་གི་རང་བཞིན་ཉིད། །གསུམ་པ་བཟང་པོ་མཆོག་གྱུར་པ། །ཡེ་ཤེས་ཕྱག་རྒྱ་རྣམ་པར་བསྒོམ། །བཞི་པ་གོང་མར་གང་གསུངས་པ། །ཕྱག་རྒྱ་ཆེན་པོར་རྣམ་པར་བསྒོམ། ། [13a] [13a.1]དེ་ལྟར་དེ་ཉིད་བཞི་པོ་ནི། །འདི་དག་ལ་ནི་ཡང་དག་གནས། །བསྒོམ་པ་དག་གིས་གང་བསྟན་པ། །དེ་དག་བདག་གིས་སོ་སོར་བཤད། །ཡི་གེ་དགོད་པའི་སྦྱོར་བ་ཡིས། །བསྒོམ་པར་བྱ་བ་གང་གསུངས་པ། །སེམས་ཅན་དང་པོའི་ལས་ཅན་རྣམས། །གཞུག་པར་བྱ་ [13a.2]ཕྱིར་གང་གསུངས་པ། །ཇི་ལྟ་བ་བཞིན་རྣམ་གནས་པ། །དང་པོ་རེ་ཞིག་བསྟན་པར་བྱ། །བསྐྱེད་པའི་རིམ་པའི་ལམ་ཉིད་དུ། །གཅིག་ཉིད་རྣམ་པ་ལྔ་རུ་འགྱུར། །མངོན་པར་བྱང་ཆུབ་རྣམ་ལྔ་ཡི། །ཡེ་ཤེས་མཆོག་ཏུ་དགེ་བ་ཉིད། །ཇི་ལྟར་བསྟན་པར་ཤེས་གྱུར་ནས། །རྟག་ [13a.3]ཏུ་གནས་དེ་འདིར་བཤད་བྱ། །གོང་མ་གོང་མའི་རིམ་ཉིད་ཀྱིས། །ཐུགས་ཀྱི་རྡོ་རྗེ་གང་གསུངས་པ། །ཡི་གེ་དགོད་པའི་སྦྱོར་བ་ཡིས། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་པ། །བཟང་པོ་ནམ་མཁའི་མཚན་ཉིད་ཅན། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །ཀུན་འགྲོའི་ཡེ་ཤེས་རྣམ་ [13a.4]དག་པ། །ཐོག་མ་བར་མཐའ་དྲི་མ་མེད། །ཆོས་རྣམས་ཀྱི་ནི་ངོ་བོ་གང་། །སོ་སོའི་གཟུགས་སུ་གང་གནས་པ། །བདག་མེད་གནས་པའི་རྣལ་འབྱོར་གྱིས། །འབད་པ་ཉིད་ཀྱིས་སོ་སོར་བརྟག །སྤྲོས་པ་ཐམས་ཅད་ལས་གྲོལ་བའི། །གཟུགས་གང་མཆོག་ནི་ཞི་བ་ [13a.5]ཉིད། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཤེས། །ཡེ་ཤེས་འདི་ལ་འདི་རབ་གྲགས། །གནས་བཟང་པོ་དེར་གནས་ནས་ནི། །ཉོན་མོངས་ཐམས་ཅད་རྣམ་སྤངས་ལ། །སེམས་ཅན་རྣམས་ཀྱི་དོན་བྱ་གང་། །གཟུགས་ཀྱི་མཆོག་ཉིད་དམིགས་པར་བྱ། །ཐབས་བཟང་དག་དང་ལྡན་པ་ཡིས། ། [13a.6]ཤེས་རབ་དང་ནི་བཅས་པར་གཟུགས། །གསལ་པོའི་རྣམ་པར་འབྱུང་འགྱུར་བ། །མཚན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །གཟུགས་མེད་མཆོག་ཏུ་ཞི་བ་ཉིད། །དང་ཞིང་སྐྱོན་བྲལ་དྲི་མ་མེད། །ཕྱག་རྒྱ་ཆེན་པོར་རྗེས་ [13a.7]རིག་བྱ། །གཟུགས་དེ་ལས་ནི་འབྱུང་འགྱུར་བ། །དེ་ཡི་གཟུགས་བརྙན་ལྟར་བྱེད་པ། །སྒྱུ་མའི་རྗེས་སྒྲུབ་བཟང་པོ་གང་། །རྣལ་འབྱོར་ཕྱག་རྒྱ་གཟུགས་ལྡན་པའི། །དངོས་པོ་མེད་པའི་རང་བཞིན་གྱིས། །གཟུགས་བརྙན་ཡིད་ཀྱི་རང་བཞིན་ཉིད། །ཡོན་ཏན་མཐའ་མེད་ [13b] [13b.1]འབྱུང་འགྱུར་པ། །སངས་རྒྱས་ཀྱིས་ཀྱང་མི་མཁྱེན་པའི། །དཔལ་ལྡན་མེ་ལོང་མིང་ཅན་དུ། །ཡེ་ཤེས་དེ་ལ་བརྗོད་པར་བྱ། །དངོས་པོ་མེད་པའི་རང་བཞིན་དུ། །དེར་ནི་འགོག་པའི་ཡེ་ཤེས་གང་། །དེ་ཡི་རང་བཞིན་རྣལ་འབྱོར་ལྡན། །མཉམ་ཉིད་ཡེ་ཤེས་ཞེས་བརྗོད་དོ། ། [13b.2]རྒྱས་པ་ཅན་ཞེས་བྱ་བ་གང་། །ལྷ་རྫས་བུད་མེད་དཀྱིལ་འཁོར་རོ། །འབད་པས་སོ་སོར་རྟོགས་གྱུར་པ། །དེ་བཞིན་གཤེགས་པའི་ཀུན་གྱི་གནས། །བདག་མེད་གནས་ཀྱི་རྣལ་འབྱོར་པ། །དངོས་པོ་མེད་པའི་རང་བཞིན་ཅན། །ལྷ་རྫས་ནམ་མཁའི་ཁམས་ཀྱི་གནས། །སངས་ [13b.3]རྒྱས་ཀུན་གྱི་ཕོ་བྲང་མཆོག །ཕྲ་མོའི་རྣལ་འབྱོར་སྦྱོར་གཅིག་པས། །ཇི་སྲིད་དེ་ལ་རྟོགས་གྱུར་པས། །རྟོགས་པ་ཅུང་ཞིག་བསྐུལ་གྱུར་པ། །དེ་སྲིད་དེ་ནི་མཐོང་བར་གྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དག །སྲིད་གསུམ་གནས་ན་གང་གནས་པ། །གང་ཞིག་གནས་པ་ [13b.4]དེ་དག་ཀུན། །ཏིལ་གྱི་གོང་བུ་བཞིན་འདིར་མཐོང་། །གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །དེ་བཞིན་གཤེགས་པས་ཡོངས་གང་བ། །སངས་རྒྱས་གཟུགས་ནི་འོད་ཆེན་པོ། །བཟང་པོ་དེ་ནི་མཐོང་གྱུར་ནས། །ནམ་མཁའི་དབྱིངས་ཀྱི་གནས་བཟང་པོར། །རྣལ་འབྱོར་འདི་ནི་བརྟག་པར་ [13b.5]བྱ། །དེར་ནི་དེ་བཞིན་གཤེགས་པ་ཀུན། །ད་ལྟར་བཞུགས་དང་གང་འདས་དང་། །གང་དག་འབྱུང་བར་འགྱུར་བ་དག །དེ་དག་ཀུན་གྱི་གནས་མཆོག་ནི། །དག་ཅིང་དང་བ་དྲི་མེད་དེ། །དེ་བཞིན་གཤེགས་པ་ཀུན་གྱིས་མཆོད། །ཡེ་ཤེས་དེ་ནི་མདོར་བསྡུས་ན། །སོ་སོར་རྟོག་པ་ཞེས་ [13b.6]བྱར་བརྗོད། །དེ་བཞིན་གཤེགས་པའི་ཕོ་བྲང་དུ། །འབད་པས་སོ་སོར་རྟོགས་པ་ཉིད། །དེ་ཡི་ཕྱིར་ན་ཉམས་ལེན་པ། །རྡོ་རྗེ་པདྨའི་རྣམ་འཕྲུལ་པས། །ལྷ་ཡི་རྣལ་འབྱོར་ཀུན་འགེངས་ཤིང་། །མཆོག་ཏུ་དགའ་བའི་གཟུགས་ཅན་གྱི། །ས་ལ་སོགས་པའི་རིམ་པ་ཡིས། །བྱང་ [13b.7]ཆུབ་སེམས་ནི་ཡང་དག་སྤྲོ། །གང་འདོད་ལྷ་ཡི་རྣལ་འབྱོར་ནི། །དེར་ནི་ངེས་པར་བསྒྲུབ་པར་བྱ། །རྟག་དང་མི་བསྐྱོད་རིན་ཆེན་ཆེ། །རིགས་ལ་སོགས་པར་གང་གནས་པ། །འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱིས། །རིག་མའི་སྐྱེས་བུ་བསྒོམ་པར་བྱ། །བཟང་པོའི་རྒྱན་དང་ཡང་དག་ [14a] [14a.1]ལྡན། །ཕྱག་རྒྱ་ཆེན་པོ་རྗེས་རིག་པ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས། །རྣམ་པ་སྣ་ཚོགས་གཟུགས་ལྡན་པའི། །ཡེ་ཤེས་རླབས་ཀྱི་ཕྲེང་བ་སྤྲོས། །བྱ་བ་ནན་ཏན་ཡེ་ཤེས་ཞེས། །མཆོག་ཏུ་གྱུར་པ་དེ་ལ་བརྗོད། །གང་ལ་རྒྱལ་ [14a.2]བ་རྣམས་འབྱུང་བ། །གང་དུ་ཕྱག་རྒྱ་བྱིན་བརླབས་པས། །ཏིང་འཛིན་ལྔ་པོ་འདིར་གནས་པས། །གང་ཞིག་ཡང་དག་འབྱུང་འགྱུར་བས། །མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །ཡེ་ཤེས་ཞེས་ནི་འདི་རབ་གྲགས། །བསྐྱེད་པའི་རིམ་པ་ལ་གནས་པར། །དེ་ཡི་ཁྱད་པར་བརྗོད་པ་ཡིན། ། [14a.3]ལྷ་དགོད་རྣལ་འབྱོར་ལྡན་པ་ཡིས། །ཇི་ལྟ་བ་བཞིན་རྣམ་པར་གནས། །ཁམས་དྲུག་པ་དག་མཉམ་ལྡན་པའི། །རྒྱུད་ལས་གསུངས་པའི་འཁོར་ལོས་སྒྱུར། །རིམ་གྱིས་ཡུམ་གྱུར་བཞི་པོ་དང་། །ཁྲོ་བོ་སེམས་དཔའ་དེ་དང་མཚུངས། །འཁོར་བཅས་པ་ཡི་བྱང་ཆུབ་སེམས། །བཅུ་ [14a.4]དྲུག་དག་དང་མཉམ་ལྡན་པའི། །མཚན་ནི་སུམ་ཅུ་རྩ་གཉིས་དང་། །དེ་བཞིན་དཔེ་བྱད་བརྒྱད་ཅུར་ལྡན། །མངོན་པར་བྱང་ཆུབ་རྣམ་ལྔ་ཞེས། །དེ་བཞིན་གཤེགས་པས་བསྟན་པ་ཡིན། །རྟག་དང་མི་བསྐྱོད་རིན་ཆེན་གྱི། །རིགས་ལ་སོགས་པ་ཡང་དག་གནས། །དེ་ལྟར་རྣམ་པ་ [14a.5]སྣ་ཚོགས་པའི། །རྣམ་པར་རྟོག་པས་རྒྱས་གང་ལ། །དང་པོའི་ལས་ཅན་སེམས་ཅན་གྱིས། །བསྒོམ་པར་བྱ་བ་གསུངས་པ་ཡིན། །འཁོར་ལོའི་རིམ་པར་བསྒོམ་བཅས་པ། །འདི་ནི་ཕྱི་རོལ་ཞེས་བཤད་དེ། །ཡི་གེ་དགོད་པའི་རྣལ་འབྱོར་གྱིས། །དང་པོ་ [14a.6]ཉིད་དུ་གང་གནས་པའོ། །སེམས་ཅན་དང་པོའི་ལས་ཅན་ལ། །ལས་ཀྱི་ཕྱག་རྒྱ་བསྒོམ་པ་ཡིས། །རྣམ་པར་གནས་པའི་སར་གནས་གང་། །གོང་མ་མཆོག་གི་གོ་འཕང་ཡིན། །བྱིན་གྱིས་བརླབས་པའི་གནས་བསྒོམས་ཏེ། །དེ་ཉིད་མཆོད་པ་རབ་ཏུ་བརྟག ། [14a.7]དེ་ཉིད་དཔལ་ལྡན་འདུས་པར་ནི། །རྡོ་རྗེ་འཛིན་པས་མཆོག་ཏུ་གསུངས། །བསྐྱེད་པའི་རིམ་པ་ཉུང་ལྡན་པས། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །འདི་ནི་བསྒོམ་པ་གཉིས་པ་སྟེ། །རང་གི་ངོ་བོ་ཡིན་ཞེས་གྲགས། །གསུམ་པ་དེ་ནི་བསྟན་པ་སྟེ། །ནང་གི་གོ་འཕང་བསྒོམ་པ་ཡིན། །རྣམ་པ་ཀུན་ [14b] [14b.1]ནི་མཆོག་ལྡན་པའི། །ཡེ་ཤེས་ཕྱག་རྒྱ་རབ་བརྟགས་པའོ། །བཞི་པ་གོང་ན་མེད་པའི་རྒྱུ། །མངོན་པར་བྱང་ཆུབ་བྱེད་པ་པོ། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་པ། །དེ་ཡི་གོང་ན་གཞན་མེད་པའོ། །དབང་པོ་ཀུན་ལས་རྣམ་གྲོལ་ཞིང་། །འབྱུང་བའི་སྤྱོད་པ་སྦས་གྱུར་པ། ། [14b.2]ཞི་ཞིང་གྲུབ་པ་མྱུར་སྟེར་ལ། །བླ་མའི་ཞལ་ལས་རབ་གནས་པའོ། །གཅིག་མིན་དུ་མ་ཡིན་ཞིང་། །རླབས་མེད་སྣང་བ་མེད་པ་དང་། །ཐམས་ཅད་ཀྱི་ནི་བདེ་གནས་པ། །མཆོག་ཏུ་དགའ་བ་བྱེད་པ་པོ། །རང་སེམས་ཙམ་དུ་ཤེས་པར་བྱ། །ཉོན་མོངས་ཚོགས་ནི་འགག་འགྱུར་ [14b.3]ཞིང་། །དམ་པའི་ཤེས་རབ་འགྱུར་བའི་ལུས། །དེ་ལྟར་རྒྱུད་ཀྱི་རིམ་ཤེས་ནས། །ལྷ་ཡི་རྣལ་འབྱོར་མཆོག་ཉིད་དང་། །གོང་མ་གོང་མའི་ལམ་ཉིད་ཀྱིས། །དྲག་པོ་མིན་པས་གང་མོས་པ། །དེ་དག་ཐམས་ཅད་ངེས་བཏང་ལ། །རིམ་པ་བཞིན་དུ་བསྒོམ་པར་བྱ། །ཕྱག་རྒྱ་ཆེན་པོར་ [14b.4]འབད་པ་ཡིས། །སྔགས་པས་རྟག་ཏུ་བསྒོམ་པར་བྱ། །གྲུབ་པ་ཐམས་ཅད་རབ་སྦྱིན་ཞིང་། །ཐབས་ཀྱི་མཆོག་དང་བཅས་པ་ནི། །དེ་དག་བསྒོམ་པ་དང་ལྡན་ན། །ཚེ་འདི་ཉིད་ལ་གྲུབ་པར་འགྱུར། །གང་ཞིག་སེམས་ནི་བླ་མེད་པས། །སྐྱེ་བ་མེད་པ་གང་རྟོགས་པ། །དེ་ཡི་དངོས་ [14b.5]མེད་ཤེས་རབ་སྟེ། །ཐབས་ཉིད་རབ་ཏུ་བསྐུལ་བ་ཉིད། །དེ་ལྟར་དེ་ཉིད་ཤེས་པ་ལ། །ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ། །དེ་ནས་ཐབས་དང་བཅས་གྱུར་བས། །གང་འདོད་པ་ཡི་བརྟུལ་ཞུགས་བྱ། །སངས་རྒྱས་གོས་མེད་ཞི་བ་འམ། །དེ་བཞིན་ནོར་གྱི་བདག་པོ་འམ། །ཡང་ན་བརྟུལ་ [14b.6]ཞུགས་ཆེན་པོ་འམ། །ཡང་ན་སེམས་ལ་འདོད་པའོ། །བཤད་པར་གྱུར་པ་ཤེས་བྱས་ལ། །བརྟུལ་ཞུགས་མ་ཡིན་ཤེས་པ་ཉིད། །བློ་དང་ལྡན་པས་ཤེས་བྱ་བ། །རྒྱུད་ལས་གཞན་དག་བཤད་པ་ཡི། །དོར་བའི་བརྟུལ་ཞུགས་ཀུན་མི་བྱ། །མཆོག་ཏུ་གྱུར་པ་ཡིན་པར་འདོད། །དེ་ལས་ཡིད་ [14b.7]ལ་གང་འདོད་པ། །སྤྱད་པ་མེད་པར་སྤྱད་པར་བྱ། །དཔལ་ལྡན་འདུས་པའི་རྗེས་སུ་འབྲངས་གྱུར་པ། །ལམ་མཆོག་དཔེ་མེད་འབད་པས་ཤེས་བྱས་ལ། །བརྟན་པའི་བློ་ཡིས་དག་པ་དེ་ཉིད་གཅིག །ཕྱི་རོལ་དྲི་མ་མ་ལུས་སྤངས་བྱས་ནས། །བདེ་བའི་རྫུ་འཕྲུལ་དང་ལྡན་གཉུག་མའི་གཟུགས། ། [15a] [15a.1]འདུ་འཛི་དྲི་མ་སྤངས་ལ་བསྒོམ་པར་བྱ། །ཡེ་ཤེས་རང་བཞིན་རྗེས་འབྲེལ་ཉིན་མཚན་དུ། །སངས་རྒྱས་ཐོབ་པའི་རྒྱུར་གྱུར་བསྟན་པ་ཉིད། །དགའ་བའི་དབང་ཕྱུག་དང་ལྡན་དགའ་བའི་སེམས། །རྟག་ཏུ་བྱང་ཆུབ་ལ་བཞུགས་བསྒོམ་པའི་སེམས་འབྲེལ་པ། །དྲི་མ་མ་ལུས་ཟད་པར་གྱུར་ [15a.2]པ་ཡིས། །འཁོར་བའི་འཆིང་བ་རྣམས་ནི་སྤང་བར་བྱ། །བདེ་བའི་གོ་འཕང་མཆོག་གྱུར་བརྟན་པའི་སེམས་ཀྱིས་བསྒོམ། །རྟག་ཏུ་གོམས་པར་བྱས་པའི་རྣལ་འབྱོར་དང་། །བདག་ཉིད་དེ་ཉིད་རྣལ་འབྱོར་ལྡན་པ་ཡི། །དྲི་མའི་རབ་རིབ་སྤངས་དག་མཐོང་བ་བཟང་། །གཅིག་ཏུ་གསང་བའི་ས་ [15a.3]ཕྱོགས་ཡོན་ཏན་བརྒྱ་ཡི་གཞིར་གྱུར་རི་འམ་ཁྱིམ་སྟོང་ངམ། །སྐྱེད་ཚལ་ཉིད་དང་བྲག་ཕུག་དུར་ཁྲོད་དག་གམ་ས་ཕུག་ཉམས་དགའ་འམ། །དེ་ལྟར་དྲི་མེད་བྱས་པའི་ས་ཕྱོགས་དག་ཏུ་བཟང་པོ་མཚོན་ཅིང་བཟུང་། །ཡུལ་གྱི་བདེ་བ་སྐྱེད་བྱེད་དེ་ཉིད་རིན་ཆེན་རྡོ་རྗེ་ཅན་གྱིས་འདུ་འཛི་སྤངས་ལ་བསྒོམ། ། [15a.4]རྣལ་འབྱོར་པ་ནི་ཐམས་ཅད་ཀྱང་། །དེ་ཉིད་ལམ་ལ་རབ་ཆགས་པས། །ཐབས་དང་བཅས་པའི་རྣལ་འབྱོར་གྱིས། །དེ་ནི་འགྲུབ་འགྱུར་གཞན་དུ་མིན། །བསྐྱེད་པའི་རིམ་པའི་ལམ་གྱིས་ནི། །གཞན་དག་ཏུ་ཡང་འགྱུར་བ་ཡིན། །སྐྱེ་བ་དུ་མ་དག་གིས་ཀྱང་། །འདིར་ནི་གཅིག་གིས་འབྱུང་བར་ [15a.5]འགྱུར། །དེ་ལྟར་ཐེ་ཚོམ་མེད་ཤེས་ནས། །ཤེས་རབ་ཐབས་ཀྱིས་བསྒོམ་པ་ཡིས། །ཕྱི་རོལ་རྣམ་པ་སྣ་ཚོགས་ཀྱི། །བྱ་བའི་བྱེ་བྲག་ཡོངས་སྤངས་ལ། །དཔལ་ལྡན་འདུས་པའི་ལམ་འབྲས་བཅས། །སངས་རྒྱས་དངོས་གྲུབ་རབ་སྟེར་བ། །ཐབས་བཟང་དག་དང་ལྡན་པ་ཡིས། ། [15a.6]བློ་ལྡན་གསང་བ་སྒྲུབ་པར་སྤྱད། །ཡུལ་དང་དུས་དང་གཟའ་རྣམས་དང་། །རྒྱུ་སྐར་ཕྱི་རོལ་དཀྱིལ་འཁོར་རྣམས། །མེད་པའི་གསང་བ་རྡོ་རྗེ་ཅན། །སྒྲུབ་པའི་ཐབས་འདི་བཤད་པར་བྱ། །ངེས་པར་བརྟུལ་ཞུགས་གསོ་སྦྱོང་སོགས། །ཡི་གེ་བརྗོད་པས་བསྒོམ་པ་ཡིན། །འདི་ [15a.7]ལྟར་དངོས་གྲུབ་གང་བརྟགས་པ། །སྤྱོད་པ་དཀའ་བས་བརྟགས་པ་ཡིན། །ཡི་གེ་བརྟགས་པའི་ངོ་བོ་ཉིད། །ཁ་དོག་དབྱེ་བས་མཚོན་བྱ་བ། །སེམས་ཅན་ཀུན་གྱི་བསམ་དབང་གིས། །དཔལ་ལྡན་གསང་བར་གང་གསུངས་པ། །དཀྱིལ་འཁོར་དག་ནི་གང་གསུངས་པ། །རིགས་ [15b] [15b.1]ཉིད་སོ་སོར་སོ་སོ་དང་། །ཕྱག་རྒྱའི་དབྱེ་བ་སྣ་ཚོགས་དང་། །དེ་བཞིན་སྔགས་ཀྱི་དབྱེ་བ་རྣམས། །མཆོད་དང་བསྙེན་བཀུར་བྱེད་པ་དང་། །རིགས་ཀྱི་དབྱེ་བ་དུ་མ་ཉིད། །ཏིང་འཛིན་དབྱེ་བ་ཕྱེ་བ་ཡིས། །ལྷ་རྣམས་སུ་ནི་བརྟགས་པ་དང་། །དུས་ངེས་པ་ཡི་བྱེ་བྲག་རྣམས། ། [15b.2]བསྐྱེད་པའི་རིམ་པ་བསྒོམ་པ་ཡི། །སྤྲོ་བ་དང་ནི་བསྡུ་བ་དང་། །སྦྱོར་བ་དུ་མ་ཉིད་དག་ནི། །འདོད་ཆགས་ལ་སོགས་དྲི་མ་རྣམས། །སྣ་ཚོགས་གཟུགས་ཀྱིས་གང་གནས་པ། །འཁོར་བར་རབ་ཏུ་འཆིང་བྱེད་པའི། །ཁམས་གསུམ་པ་ཡིས་ཞྭབསྟན་པའི་ལམ། །དེ་ཀུན་དངོས་པོ་མེད་ [15b.3]གྱུར་བའི། །ཡེ་ཤེས་མཆོག་གི་རྣམ་འཕྲུལ་ཡིན། །རྟོག་མེད་རྣམ་པར་དག་པ་ནི། །རྒྱུ་དང་མི་རྒྱུ་ཀུན་དུ་སོང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །དེ་བཞིན་གཞན་ཡང་ཡོད་མ་ཡིན། །དང་པོའི་རྣལ་འབྱོར་ངོ་བོ་ཡིས། །ཇི་སྲིད་ཀུན་ལ་རྣམ་པར་སྤྱོད། །ཆོས་དང་ཆོས་མིན་ [15b.4]མཚན་ཉིད་ཀྱིས། །ཐམས་ཅད་མངོན་དུ་བརྟགས་པ་ཅན། །བདག་མེད་གནས་ཀྱི་སྦྱོར་བ་ཡིས། །ཇི་སྲིད་བརྟན་པར་མ་བརྟགས་པའོ། །རྣམ་པར་མི་རྟོག་གནས་པ་མེད། །དག་ཅིང་རང་བཞིན་དྲི་མ་མེད། །སྲིད་པའི་རྩེ་མོའི་མཐར་ཐུག་པ། །ཁམས་གསུམ་འདི་དག་ཐམས་ཅད་ཉིད། ། [15b.5]ལམ་གྱིས་སོ་སོར་བརྟགས་བྱས་ནས། །ཕུང་པོའི་བདེན་པ་ཡོད་མ་ཡིན། །སུ་ཞིག་གིས་ནི་སོ་སོར་རྟོགས། །འདིར་ནི་གང་ལ་བརྟག་པར་བྱ། །འབད་པས་དེ་ཉིད་དེ་ཁོ་ན། །ཇི་སྲིད་རབ་ཏུ་བརྟག་བྱས་པ། །དེ་སྲིད་ཐམས་ཅད་འོད་གསལ་ཏེ། །རྣམ་དག་རང་བཞིན་དྲི་མ་མེད། །དངོས་ [15b.6]དང་དངོས་མེད་ལས་གྲོལ་ཞིང་། །སྤྲོས་པ་མེད་པའི་ངོ་བོ་ཉིད། །སངས་རྒྱས་ཀྱིས་ཀྱང་རྟོགས་མིན་ན། །སྐྱེ་བོ་གཞན་གྱིས་སྨོས་ཅི་དགོས། །རྟག་དང་ཆད་པ་ལས་གྲོལ་ཞིང་། །ཀུན་འགྲོ་མཆོག་ཏུ་ཞི་བ་ཉིད། །དངོས་མེད་སྣང་བ་མེད་པ་ཡི། །བྱང་ཆུབ་སེམས་དཔས་ཕྱག་བྱས་པའོ། ། [15b.7]ཡོན་ཏན་མེད་ཅིང་ང་རྒྱལ་མེད། །མཚན་མ་མེད་ཅིང་སྒྲིབ་པ་མེད། །འགྲིབ་དང་འཕེལ་ལས་རྣམ་གྲོལ་བ། །ངག་གི་སྤྱོད་ཡུལ་དག་ལས་འདས། །དེ་ལས་འགྲོ་དང་འོང་བ་དང་། །འདིར་ནི་འགྲོ་བ་པོ་འགའ་མེད། །བསྒོམ་དང་སྒོམ་པ་བསྒོམ་བྱ་དག །དོན་དམ་པར་ན་ཡོད་མ་ [16a] [16a.1]ཡིན། །དེ་ཉིད་མཆོག་གྱུར་གཅིག་པུ་ཉིད། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །དབྱེ་བ་སྣ་ཚོགས་བསམ་མི་ཁྱབ། །བྱེ་བ་སྙེད་དུ་རབ་རྒྱས་པ། །བཟང་པོ་ཀུན་འགྲོ་རྣམ་དག་སྟེ། །མིང་གཅིག་ཉིད་ཀྱིས་གནས་པ་མིན། །སེམས་ཅན་བསམ་པའི་བྱེ་བྲག་གིས། ། [16a.2]ཁམས་གསུམ་ཀུན་དུ་རབ་ཏུ་ཁྱབ། །ཞི་བ་རྣམས་ཀྱིས་དེ་ཉིད་མཆོག །རིག་བྱེད་སྨྲ་བ་ཚངས་པ་ཟེར། །སངས་རྒྱས་པ་རྣམས་བྱང་ཆུབ་མཆོག །གོས་མེད་པ་རྣམས་སྲོག་ཅེས་ཟེར། །གྲངས་ཅན་རིག་པ་རྣམས་ལ་སོགས། །དབྱེ་བ་གང་ཞིག་རྣམ་བརྟགས་པ། །དེ་དག་བརྗོད་པར་ [16a.3]ག་ལ་ནུས། །སྣ་ཚོགས་ཉིད་ལ་ཁྱབ་གནས་ནས། །རྣམ་པ་སྣ་ཚོགས་ངོ་བོ་རྣམས། །དེས་ནི་སྨྲ་བར་ནུས་མ་ཡིན། །བཟང་པོའི་དབྱེ་བས་གང་གནས་པ། །ཡང་དག་མཐའ་ཉིད་དུ་མར་བསྟན། །ཀུན་མཁྱེན་ཡེ་ཤེས་མི་རྟོགས་པ། །རྡོ་རྗེ་ཅན་མཆོག་གང་ཡིན་ཏེ། །ཁམས་གསུམ་ [16a.4]མ་ལུས་འདི་དག་ནི། །ཐམས་ཅད་འདི་ལས་ཀུན་དུ་འབྱུང་། །ཞི་ཞིང་དག་པའི་གནས་གང་དེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །བརྗོད་མེད་ཀུན་འགྲོའི་གནས་ཡིན་ཏེ། །འདི་ཀུན་དེ་ཡི་རྣམ་འཕྲུལ་ཡིན། །ཅུང་ཟད་དངོས་གྲུབ་མཚན་ཉིད་གང་། །ཐམས་ཅད་དེ་ལ་རྣམ་པར་ [16a.5]གནས། །སྤྲོས་པའི་ཚུལ་གྱིས་ངོ་བོ་ཉིད། །ཆོས་ཀྱི་འཁོར་ལོ་རྣམ་པར་བསྐོར། །ཁམས་གསུམ་རྣམ་དག་འདི་ཐམས་ཅད། །ས་བོན་ཤེས་རབ་ལས་བྱུང་ཀུན། །མཚན་མ་མེད་ཅིང་མཆོག་ཏུ་ཞི། །ཡེ་ཤེས་སྒྱུ་མའི་རྗེས་འཇུག་པ། །མང་པོ་དག་ནི་གཅིག་པ་ཉིད། །ཇི་སྲིད་ [16a.6]ཡོད་པའི་བུད་ཤིང་ཀུན། །སྟོང་པའི་མེ་ཡིས་མ་བསྲེགས་པར། །སྒྲུབ་པ་པོ་ཡིས་ཇི་ལྟར་མཐོང་། །ལྟ་བའི་བུད་ཤིང་ཕུང་པོ་རྣམས། །སྟོང་ཉིད་མེ་ཡིས་བསྲེག་བྱས་ནས། །འདིར་ནི་མཉམ་ཉིད་ལ་གནས་ན། །དེ་བཞིན་ཡིད་ཀྱི་མེ་ཡང་འགག །བསམ་གཏན་ཤེས་རབ་ [16a.7]མིག་སྨན་གྱིས། །ཇི་སྲིད་བསྐུ་བར་མ་བྱས་པ། །དེ་སྲིད་ལྟ་ངན་རབ་རིབ་རྣམས། །དྲི་མ་མེད་པར་ཇི་ལྟར་འགྱུར། །དངོས་པོ་བརྟན་དང་གཡོ་བ་ཀུན། །འབད་པས་དེ་ལྟར་རྣམ་སྦྱངས་ནས། །བདག་མེད་གོ་འཕང་ལ་གནས་ལ། །དེ་ནས་སྒྲུབ་པ་བརྩམ་པར་བྱ། །བདག་ [16b] [16b.1]གིས་གོང་དུ་གང་སྨྲས་པའི། །ལྷ་ཡི་རྣལ་འབྱོར་ཤེས་བྱས་ལ། །དེ་ནི་འབད་པས་བསྒོམ་བྱས་ན། །འདི་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །སངས་རྒྱས་ངེས་པར་སྒྲུབ་པར་བྱེད་པ་ཡི། །ཆོ་ག་རྐང་གཉིས་མཆོག་གིས་ངེས་པར་གང་བསྟན་པ། །སྤྱོད་པ་དུ་མས་མཛེས་ཤིང་ཡིད་དུ་ [16b.2]འོང་བར་གྱུར་པའི་རྒྱུད་དུ་གསལ། །དེ་སྲིད་དེ་ནི་མ་བསྟེན་ཡོན་ཏན་ལྡན་པའི་དངོས་གྲུབ་འགྱུར་བར་མི་འགྱུར་བ། །ཤེས་ནས་མཁས་པ་རྣམས་ཀྱིས་སྤྱོད་པ་དང་ལྡན་ཆོ་ག་བཞིན་དུ་བསྒྲུབ་པ་བརྩམ། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་དཔལ་ [16b.3]གསང་བ་གྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་མངོན་པར་བྱང་ཆུབ་པ་ལྔ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དཔལ་ལྡན་གསང་བ་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་སྒྲུབ་པའི་ཐབས། །ཡང་དག་སྤྱོད་པ་སྦས་གྱུར་པ། །དེ་ནས་ཡང་དག་ [16b.4]བཤད་པར་བྱ། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །རྣམ་པར་གཡེང་བའི་དགྲ་གསོད་ཅིང་། །དགེ་བཟང་གསང་བའི་སྒྲུབ་ཐབས་ཀྱིས། །རོལ་མོའི་ལས་ཀྱིས་བསྒྲུབ་པར་བྱ། །དབང་བསྐུར་བ་ནི་མཆོག་བཟང་པོ། །དཔལ་ལྡན་འདུས་པར་རྗེས་འགྲོ་བས། །ཕྱག་རྒྱ་ཆེན་པོའི་ [16b.5]དབང་བསྐུར་ནས། །བཟང་པོ་དངོས་གྲུབ་རབ་ཏུ་བསྒྲུབ། །དེ་བཞིན་འདོད་ཆགས་རབ་གནས་ནས། །ལྷའི་རྣལ་འབྱོར་དེར་གནས་པས། །གསང་བ་གྲུབ་པར་རབ་གནས་ན། །སྒྲུབ་པོ་གང་ཕྱིར་འགྲུབ་པར་འགྱུར། །བཟང་པོ་ཡེ་ཤེས་གོམ་ས་བྱས་ཤིང་། །སྤྱོད་པ་ཐམས་ [16b.6]ཅད་རྣམ་སྤངས་ནས། །གཉིས་པ་ཐམས་ཅད་ལས་གྲོལ་བས། །གང་དུ་འདོད་པ་དེ་རུ་གནས། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །གསང་བ་གྲུབ་པ་མདོར་བསྡུས་ནས། །དངོས་གྲུབ་རྣམས་ཀྱི་གོ་འཕང་མཆོག །དེ་ནི་བདག་གིས་བཤད་པར་བྱ། །གང་ཞིག་སྐྱེ་བ་དུ་མ་ཡིས། ། [16b.7]དངོས་གྲུབ་ཐོབ་པར་འདོད་འགྱུར་བ། །དེས་ནི་གསང་བའི་བརྟུལ་ཞུགས་ཀྱིས། །གཉིས་པ་ཐམས་ཅད་སྤང་བར་བྱ། །དགེ་བ་ཐམས་ཅད་འབྱུང་བའི་རྒྱུད། །འདུས་པ་ཞེས་བྱའི་དབང་བསྐུར་བས། །བཟང་པོ་དངོས་གྲུབ་སྦྱིན་བྱེད་པའི། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས། ། [17a] [17a.1]དེ་ནས་རང་འདོད་ལ་གནས་ཤིང་། །དང་པོའི་རྣལ་འབྱོར་གཅིག་གཏད་པས། །བླ་མའི་ཞལ་ལས་བྱུང་བ་ཡི། །རྣལ་འབྱོར་རིན་ཆེན་གོམས་པར་བྱ། །དཔལ་ལྡན་བདེ་བའི་མགོན་པོ་ཡིས། །མཆོག་ཏུ་གསང་ཞིང་སྦས་པ་ཡི། །ཤིན་ཏུ་སྦས་པའི་དབང་ [17a.2]བསྐུར་བ། །དེ་ནས་ཡང་དག་བཤད་པར་བྱ། །གཟུགས་བཟང་ཡོན་ཏན་འབྱུང་འགྱུར་བ། །ཕྱག་རྒྱ་འབད་པས་རྙེད་གྱུར་ནས། །རྒྱུད་ཀྱི་སྤྱོད་པ་དང་ལྡན་པས། །སློབ་དཔོན་ལ་ནི་དབུལ་བར་བྱ། །ཕྱག་རྒྱར་བཅས་པའི་རྡོ་རྗེ་འཛིན། །གུས་པས་འོ་མ་མར་མེ་དང་། །དྲི་ [17a.3]དང་ཕྲེང་བ་རྒྱན་ཆེན་གྱིས། །དེ་ནས་བློ་དང་ལྡན་པས་མཆོད། །དེ་ལ་གུས་པར་མཆོད་བྱ་ཞིང་། །བློ་དང་ལྡན་པས་ཆོ་ག་བཞིན། །བླ་མ་ཕྱག་རྒྱར་ལྡན་མཐོང་ནས། །རྟོག་པའི་ཆོ་གའི་རིམ་པ་བཞིན། །པུས་མོ་གཡས་པའི་ལྷ་ང་ནི། །ས་ལ་རབ་ཏུ་བཙུགས་བྱས་ལ། །བསྟོད་པའི་ [17a.4]རྒྱལ་པོས་རྡོ་རྗེ་ཅན། །ཆོ་ག་བཞིན་དུ་བརྗོད་པར་བྱ། །ཀུན་མཁྱེན་ས་ཀུན་དབང་ཕྱུག་པ། །ཀུན་གྱི་དབང་ཕྱུག་འགྲོ་བའི་བདག །ཐུགས་ཀྱི་བདག་པོ་དཔའ་བོ་ཆེ། །དཔའ་བོ་གཙོ་ལ་ཕྱག་འཚལ་བསྟོད། །འབྱུང་པོ་ཀུན་བདག་བདག་ཉིད་གནས། །རྡོ་རྗེ་ཡེ་ཤེས་གསུམ་འབྱུང་བ། ། [17a.5]རྡོ་རྗེ་ཧཱུཾ་མཛད་ཧཱུཾ་མཛད་པ། །ཉོན་མོངས་མཐར་མཛད་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་མཆོག་ཕྱག་འཚལ་འདུད། །རྡོ་རྗེ་གསུམ་དབྱེར་མེད་པའི་སྐུ། །ཆོས་བདག་མེད་པ་ལས་བྱུང་བ། །ཡེ་ཤེས་བདུད་རྩི་ཕྱག་འཚལ་འདུད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་ [17a.6]པའི་འཁོར་ལོ་རྣམ་སྦྱོང་བ། །དཔལ་ཆེན་ཡེ་ཤེས་ཆེན་པོ་པ། །གཟི་བརྗིད་ཆེན་པོ་ཕྱག་འཚལ་བསྟོད། །ཕྱག་ཆེན་དཔའ་བོ་ཆེན་པོ་སྟེ། །སྟོབས་ཆེན་མཆོད་པ་ཆེན་པོ་པ། །བདུད་མཐར་བྱེད་པ་དཔའ་ཆེན་པོ། །དཔའ་བོ་དབང་ཕྱུག་ཕྱག་འཚལ་བསྟོད། །སྐྱེ་དང་གནས་དང་ [17a.7]སྡུད་པ་ཡི། །བྱེད་པ་པོར་འགྱུར་འགྲོ་བའི་གཙོ། །དངོས་དང་དངོས་མེད་རང་བཞིན་ཉིད། །ངོ་མཚར་མཆོག་གྱུར་ཕྱག་འཚལ་བསྟོད། །ཡེ་ཤེས་རྣམ་ཤེས་ཞེས་བྱ་བའི། །ལམ་དུ་འཇུག་འགྱུར་ཕྱག་འཚལ་བསྟོད། །འགྲོ་བའི་མགོན་ལ་ཕྱག་འཚལ་བསྟོད། །པདྨ་ལས་ [17b] [17b.1]བྱུང་ཕྱག་འཚལ་འདུད། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །ཆོ་ག་བཞིན་དུ་གསོལ་བཏབ་ནས། །སེམས་ཅན་ཀུན་ལ་ཕན་འདོད་པས། །སྙན་པའི་ཚིག་ནི་བརྗོད་པར་བྱ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །ཡེ་ཤེས་བླ་མེད་བྱ་བ་ཤེས། །དེ་ལྟར་དབང་བསྐུར་རིན་ཆེན་ [17b.2]གྱིས། །མགོན་པོས་བདག་ནི་དབང་བསྐུར་མཛོད། །དཔལ་ལྡན་བདེ་བའི་མགོན་པོ་ཡིས། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བའི་དེ་ཉིད་བསྟན་པ་ལྟར། །མགོན་པོས་དེ་བཞིན་བཀའ་དྲིན་གསོལ། །སྡུག་བསྔལ་ཀུན་གྱི་གནས་གྱུར་པ། །དམྱལ་ [17b.3]བ་ནས་ནི་གཙོ་བོས་དྲོངས། །སྡུག་བསྔལ་ཐམས་ཅད་མཐར་མཛད་པ། །མགོན་མེད་བདག་ལ་ཐུགས་རྗེ་མཛོད། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །དེ་ཕྱིར་སངས་རྒྱས་མཆོག་གནང་མཛོད། །གསོལ་ [17b.4]བ་འདེབས་པའི་ཆོ་ག་མཆོག །བཟང་པོ་དེ་ལྟར་ཐོས་གྱུར་ནས། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །བླ་མ་དཔལ་ལྡན་ཡོན་ཏན་མཚོས། །བཞིན་ནི་རབ་ཏུ་དད་གྱུར་པས། །རྗེས་སུ་བརྩེ་ཕྱིར་རབ་དགའ་བས། །གསང་ཞིང་མཆོག་ཏུ་གསང་གྱུར་པས། །དམ་ཚིག་དེ་ནས་ཐོབ་པར་བྱ། ། [17b.5]བུ་ཡིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །གཞན་གྱི་ཆུང་མ་བསྟེན་པར་བྱ། །འདི་ནི་ཆོ་ག་མདོར་བསྡུས་པའི། །ཕྱག་རྒྱ་ཆེན་པོ་ངེས་བསྟེན་པས། །འདི་ནི་རྟག་ཏུ་བྱ་བ་ཡིན། །དམ་ཚིག་བཞི་པོ་འདི་ཉིད་ནི། ། [17b.6]བཟང་པོ་ཁྱོད་ཀྱིས་རྟག་ཏུ་བསྟེན། །དེ་ལྟར་དམ་ཚིག་ཐོས་གྱུར་ནས། །བཟང་པོ་དངོས་གྲུབ་ཀུན་སྟེར་བ། །ཕྱག་རྒྱ་དང་ནི་ལྡན་གྱུར་པའི། །སློབ་དཔོན་ཐུགས་རྗེ་ལྡན་པ་ཡིས། །རྡོ་རྗེ་པདྨ་སྙོམས་འཇུག་ཅིང་། །ཡང་དག་རབ་སྦྱིན་ལ་གནས་ནས། །ལྷ་ཡི་རྣལ་འབྱོར་བསྐྱེད་གྱུར་ [17b.7]པས། །ཇི་ལྟ་བ་བཞིན་རྣམ་པར་གནས། །འབད་པས་གསུང་གི་རྡོ་རྗེ་ཡིས། །པདྨ་ལས་བྱུང་བླང་བར་བྱ། །ཁྲག་དང་ཁུ་བ་རྣམས་བསྲེས་ལ། །སློབ་དཔོན་མཆོག་གིས་མཆོད་པའི་ཕྱིར། །མི་ཡི་ཐོད་པར་བླུགས་ནས་ནི། །བཤང་གཅི་རྡོ་རྗེ་ཆུར་ལྡན་པས། །དེ་ནས་ [18a] [18a.1]སློབ་མ་བཀུག་བྱས་ལ། །སངས་རྒྱས་ཀུན་གྱི་བྱིན་བརླབས་ནས། །གཉུག་མའི་ཕྱག་རྒྱ་དང་བཅས་པས། །དམ་ཚིག་དེ་ནི་སྦྱིན་པར་བྱ། །དངོས་གྲུབ་ཀུན་གྱི་གནས་གྱུར་ཅིང་། །སངས་རྒྱས་བྱིན་བརླབས་ལམ་གྱུར་པས། །རྡོ་རྗེ་སློབ་མ་དེ་ཉིད་རིག །ཆོགས་དེ་ [18a.2]ལྟར་གཏད་བྱས་པས། །རང་གི་ཕྱག་རྒྱ་དམ་ཚིག་ནི། །བཟང་ལྡན་རྒྱུད་ནས་གསུངས་པ་ཉིད། །ཤིན་ཏུ་བཞིན་བཟང་མིག་ཡངས་མ། །རྟག་ཏུ་བྱང་ཆུབ་སེམས་ལ་དགའ། །མཱ་མ་ཀཱི་ལྟར་ཡང་དག་པ། །རབ་དགའ་གོས་ནི་རྣམ་སྤངས་མ། །འདི་ནི་ཡང་དག་མཆོད་བྱས་ནས། །ཕྱག་ [18a.3]རྒྱའི་པདྨ་རྣམ་གནས་པ། །སྔོན་བཞིན་སྤྱོད་པའི་སློབ་མ་ནི། །རྡོ་རྗེ་འཛིན་པ་གཉིས་པ་ལ། །བཀྲ་ཤིས་བརྗོད་པའི་ཚིག་གིས་ནི། །དབྱངས་ནི་རྣམ་པ་སྣ་ཚོགས་དང་། །རྔ་ཡབ་རྒྱལ་མཚན་གདུགས་ལ་སོགས། །ཕྲེང་བ་ཙནྡན་ལ་སོགས་མཆོད། །ཕྱག་རྒྱའི་དབང་བསྐུར་རིན་ཆེན་གྱིས། ། [18a.4]དམ་ཚིག་ལ་གནས་བརྟན་པར་གཞག །ཁམས་གསུམ་པ་ཡི་དབང་བསྐུར་ནས། །སློབ་མས་ཐལ་མོ་སྦྱར་བྱས་ལ། །དེ་ལ་རྗེས་གནང་སྦྱིན་བྱ་སྟེ། །རྒྱུད་ལས་ཇི་སྐད་གསུངས་པ་བཞིན། །ཆོས་ཀྱི་རྡོ་རྗེ་གང་འདོད་པར། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །སངས་རྒྱས་ [18a.5]བྱང་ཆུབ་སེམས་དཔའ་ཡི། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །རྡོ་རྗེ་སེམས་དཔས་གསུངས་གྱུར་པ། །སངས་རྒྱས་མཆོག་གིས་བཤད་པར་གྱིས། །དེ་ལྟར་བསྟན་པས་སློབ་མ་ལ། །ཡང་དག་པར་སྦྱིན་རབ་སྦས་དང་། །ཕྱག་རྒྱ་རིན་ཆེན་དབང་བསྐུར་དང་། །རྗེས་སུ་གནང་བའི་ཁྱད་པར་ [18a.6]གྱིས། །རྒྱུད་ཀྱི་དོན་ལ་དེས་བྱས་ནས། །རྡོ་རྗེ་ཐེག་པའི་རིམ་འབྱུང་བའི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན། །སེམས་ཅན་མཆོག་གིས་བཤད་པར་གྱིས། །འདི་ལྟ་བུ་ཡི་དབང་བསྐུར་བས། །སྒྲུབ་པའི་ངེས་པ་བྱས་གྱུར་ཉིད། །དེ་ཉིད་བསྒོམས་པས་ངལ་གྱུར་པས། ། [18a.7]ངེས་པར་མཆོག་ནི་ཐོབ་པར་འགྱུར། །རྫོགས་པའི་བྱང་ཆུབ་ངེས་བྱས་ནས། །ལུགས་བཅས་རིམ་པའི་རྣལ་འབྱོར་གྱིས། །གཉིས་པ་ཐམས་ཅད་རྣམ་སྤངས་ལ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བསྒྲུབ། །ལུགས་བཅས་རིམ་པ་དེ་ཉིད་ངེས་པའི་བློ་ལྡན་བསྒོམ་གྱུར་རྡོ་རྗེ་ཅན། ། [18b] [18b.1]འདོད་པའི་ཡོན་ཏན་བཟང་པོ་རབ་དགའི་ཡིད་ཅན་དངོས་གྲུབ་དོན་ཀུན་སྒྲུབ། །མི་ཡི་ཚེ་འདི་ཉིད་ལ་འགྲུབ་འགྱུར་དཔལ་ལྡན་གསང་གྲུབ་ལ་གནས་ནས། །ཐབས་བཟང་དག་དང་ལྡན་པས་བརྗོད་མེད་མཆོག་གྱུར་གོ་འཕང་དམ་པར་འགྲོ། །དེ་ལྟར་ཐམས་ཅད་ཤེས་བྱས་ལ། །རིམ་པ་ཇི་བཞིན་ [18b.2]གནས་བྱས་ཏེ། །དཔལ་ལྡན་འདུས་པའི་རིམ་པ་ཡིས། །ཇི་ལྟར་ཡང་དག་བསྟན་པ་ལྟར། །དེ་ནས་རང་འདོད་ལ་རབ་གནས། །གསང་བ་གྲུབ་པ་ལ་གནས་པའི། །དངོས་གྲུབ་བཟང་པོ་ལ་འབད་པས། །རིགས་ཀུན་ལ་ནི་ཀུན་དུ་སྤྱོད། །ཡང་ན་ཕྱག་རྒྱ་ལྡན་པ་ཡིས། །འདོད་པའི་ [18b.3]ཡོན་ཏན་ལྔ་ལྡན་པས། །རྒོད་དང་ཕྲེང་ལ་སོགས་བཟང་པོ། །སེམས་ནི་སྤྲོ་བར་བྱེད་པ་ཅན། །ཆགས་མེད་གསང་བ་གྲུབ་པ་ཡིས། །གོ་འཕང་མཆོག་ནི་བསྒྲུབ་པར་བྱ། །གཉིས་པ་ཐམས་ཅད་རྣམ་སྤངས་ལ། །མཆོག་ཏུ་དགའ་བ་སྤེལ་བར་བྱེད། །དོན་དམ་པའི་ཡི་གེ་གསུམ་དང་ [18b.4]ལྡན་པའི་རྒྱུད་ཀྱི་དོན་ངེས་པར་སྡུད་པར་བྱེད་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་སྒྲུབ་པ་ཕྱག་རྒྱ་ཆེན་པོ་མངོན་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།གསང་བའི་སྤྱོད་པ་དགེ་འབྱུང་ཞིང་། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་ལ། ། [18b.5]གཡེང་བའི་སྒྲ་རྣམས་ཟད་བྱེད་པ། །དེ་ནས་ཡང་དག་བཤད་པར་བྱ། །རྐང་པ་བརྐྱང་བ་སྤངས་ནས་ནི། །འཁོར་བའི་མངག་གཞུག་དོར་ནས་སུ། །རྟག་ཏུ་བརྩོན་དང་ལྡན་ཡིད་ཀྱིས། །རྡོ་རྗེ་སེམས་དཔའ་རྟག་ཏུ་བསྒྲུབ། །རྒོད་དང་འགྱོད་དང་གཉིད་ལ་སོགས། །འབད་པས་རབ་ཏུ་སྤང་ [18b.6]བར་བྱ། །གཞན་དུ་བསྐལ་པ་བྱེ་བ་ནི། །བརྒྱར་ཡང་དངོས་གྲུབ་འབྱུང་མི་འགྱུར། །མགོན་པོ་རྡོ་རྗེ་སློབ་དཔོན་ལ། །དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །རྡོ་རྗེ་གསུམ་དབྱེར་མེད་པའི་གཟུགས། །གསང་བའི་དངོས་གྲུབ་ཡང་དག་སྦྱད། །མཚན་མ་མེད་ཅིང་སྣང་བ་མེད། །རང་གི་ [18b.7]ལུས་ཀྱིས་ཐབས་ལྡན་པའི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འབད་པས་རབ་ཏུ་བསྒོམ་པར་བྱ། །འབད་པས་དེ་ལྟར་ཤེས་བྱས་ནས། །རྡོ་རྗེའི་རང་བཞིན་ཀུན་དབང་པོ། །སྔགས་པས་རང་ལུས་དེ་ཉིད་དང་། །རྡོ་རྗེ་ཅན་དངོས་དབྱེར་མེད་པའི། །སྣ་ཚོགས་སྤྱོད་པ་གསལ་ [19a] [19a.1]གྱུར་པའི། །གསང་བའི་བརྟུལ་ཞུགས་བཟང་པོ་སྤྱོད། །ཐབས་བཟང་དག་དང་ལྡན་པ་ཡིས། །མཆོག་ཏུ་དགའ་བས་ཡོངས་སུ་དག །རྣམ་རྟོག་ཡིད་ལས་བྱུང་བ་ཡི། །འཇིག་རྟེན་པ་ཡིས་གང་སྨད་པའི། །དེ་དེ་གཟུགས་སུ་གནས་བྱས་ལ། །གསང་བ་བརྟུལ་ [19a.2]ཞུགས་བརྟུལ་ཞུགས་ཅན། །ཇི་ལྟར་དཔལ་ལྡན་འདུས་སྤྱོད་པའི། །གསང་བ་ཞེས་བྱར་རབ་གནས་པ། །བཤང་གཅི་ཟས་སུ་བྱས་གྱུར་ན། །སྒྲུབ་པའི་སྣོད་དུ་ངེས་པར་འགྱུར། །དམ་ཚིག་བཟང་པོ་གཞན་དག་ཀྱང་། །གསལ་བྱེད་ལ་སོགས་ཁྱད་པར་དང་། །ཕྱག་རྒྱའི་ [19a.3]འཆིང་བ་བྱིན་བརླབས་ནས། །རྒྱུད་ནས་གསུངས་པའི་བཟང་པོ་ཀུན། །རྡོ་རྗེའི་ཚིག་ནི་བཟང་པོ་འདི། །རྡོ་རྗེ་ཐུགས་ཀྱིས་གསུངས་པ་ཡི། །གསང་བའི་སྤྱོད་པ་བླ་མེད་པ། །དེ་ནི་བདག་གིས་བཤད་པར་བྱ། །རྡོ་རྗེ་ཐུགས་ཀྱིས་གང་སྨྲས་པ། །དེ་ནི་བདག་གིས་བཤད་པར་བྱ། ། [19a.4]སངས་རྒྱས་འབྲས་བུ་འདོད་པ་ཡིས། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །མཉམ་གཞག་མི་སྨྲ་གྱུར་པ་ཡིས། །སྨོན་པའི་གཟུགས་སུ་གཞག་པར་བྱ། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །ཤ་ཟ་བཞིན་དུ་ཀུན་དུ་འཁྱམས། །ཡང་དང་ཡང་དུ་ངལ་བྱས་ལ། །རྡོ་རྗེ་སེམས་ [19a.5]དཔའ་ཞེས་བྱ་བསྒོམ། །རྟག་ཏུ་བསྒོམ་དང་ལྡན་གྱུར་བའི། །རིགས་པས་རང་གིས་རྟོགས་བྱས་ལ། །གྲོང་དང་ཡུལ་འཁོར་གྲོང་ཁྱེར་དང་། །ཚལ་ལ་སོགས་པར་འཁྱམ་པར་བྱ། །བཞི་མདོ་དག་དང་དུར་ཁྲོད་དང་། །ལྷ་རྟེན་ཕོ་བྲང་ཁྱད་པར་དུ། །དོར་བ་རྙིང་པས་མགོ་བཅིངས་ལ། ། [19a.6]ཚོགས་བཅས་གནས་སུ་འཇུག་ན་ཡང་། །མཆོག་ཏུ་བདེ་བ་བསྒོམ་པར་བྱ། །འབད་མེད་རོལ་མོ་བརྡུང་བ་དེར། །གར་དང་གླུ་ཡིས་གཡེང་བར་བྱ། །འོ་མ་སྒྲོན་མར་ལྡན་པ་དེས། །རྒྱལ་མཚན་ཅན་གྱི་གནས་འཇུག་བྱ། །ལ་ལར་དགོད་ཅིང་ལ་ལར་སྨྲ། །ལ་ལར་གླུ་ཡང་བླང་ [19a.7]བར་བྱ། །ལ་ལར་གར་བྱ་ལ་ལར་བརྡབ། །ལ་ལར་སྣ་ཚོགས་བརྗོད་བྱ་བ། །ཇི་ལྟར་སྐྱོ་བར་མི་འགྱུར་བ། །ཐམས་ཅད་རིམ་གྱིས་རིམ་གྱིས་བྱ། །སྐྱོ་བར་གྱུར་ནས་སངས་རྒྱས་ཉིད། །ནམ་ཡང་འགྲུབ་པར་མི་འགྱུར་རོ། །འཇིག་རྟེན་སྤྱོད་པ་རྣམ་སྤངས་ལ། །རིགས་རྣམས་ [19b] [19b.1]ཀུན་ལ་ཀུན་དུ་སྤྱད། །འདུས་ཤིང་ཚོགས་པ་ཐམས་ཅད་དུ། །གཅིག་ཏུ་འོ་མ་གོམས་བྱེད་པར། །རོ་ལ་སོགས་པའི་དམ་ཚིག་ལ། །ཤིན་ཏུ་སྲེད་པར་མི་བྱའོ། །ང་རྒྱལ་སྤང་བར་བྱ་བའི་ཕྱིར། །བདག་ཉིད་ཀྱིས་ཀྱང་གོམས་པར་བྱ། །མཆོག་ཏུ་དགའ་བའི་སེམས་ཉིད་ནི། ། [19b.2]ཇི་ལྟར་མྱོང་བར་མི་འགྱུར་རོ། །དམ་ཚིག་ཐམས་ཅད་སྔོན་འགྲོ་བ། །སྔགས་པས་དེ་ལྟར་བྱ་བ་ཉིད། །གླུ་དང་གར་གྱིས་དགའ་བ་ནི། །ཇི་ལྟར་ཡིད་ནི་མི་ཉམས་པར། །ཇི་སྲིད་མངོན་སུམ་གྱུར་གྱི་བར། །དེ་ལྟར་དེ་ཉིད་ལ་སེམས་བཞག །བདུད་རྩི་ལྔ་ལ་གཅིག་གུས་པས། ། [19b.3]དེ་ཉིད་ངེས་པར་བྱས་ནས་ནི། །རྣམ་པར་སྣང་མཛད་བླང་བྱས་ནས། །སྨྱོན་པའི་བརྟུལ་ཞུགས་ཀྱིས་བརྒྱན་པའི། །སྨྱོན་པའི་མཚན་མ་གང་ཡིན་པ། །དེ་ནི་རྟག་ཏུ་བསྟེན་པར་བྱ། །སྔགས་པས་གསང་བའི་སྤྱོད་པ་ནི། །ཆོ་ག་བཞིན་དུ་སྤྱད་པར་བྱ། །སྲོག་ཆགས་ཀུན་ལུས་ལས་ [19b.4]བྱུང་བའི། །སྒྲོན་མ་རྟག་ཏུ་ཆོ་ག་བཞིན། །ལྷ་ཡི་དངོས་གྲུབ་ཐོབ་བྱའི་ཕྱིར། །འབད་པས་བཟའ་བར་བྱ་བ་ཉིད། །སྦྲང་མའི་སྐྱུགས་པ་འདྲེས་པ་དང་། །བཤང་དང་གཅི་བ་བསྲེས་བྱས་ནས། །སྒྲོན་མ་ལྔ་དང་བསྲེས་པ་ཡིས། །རྟག་ཏུ་བདག་ཉིད་མཆོད་པར་བྱ། །དངོས་མེད་མཆོག་ [19b.5]ཏུ་ཞི་བ་ཡི། །དཔལ་ལྡན་བདེ་ཆེན་རྡོ་རྗེ་ཅན། །རང་རིག་ཙམ་ཞིག་སྐྱེད་བྱས་ལ། །གོ་འཕང་མཆོག་དེ་བསྒོམ་པར་བྱ། །སྔགས་པས་འདི་ལྟར་བསྒོམ་བྱས་ལ། །རང་གི་ལུས་མཆོག་བསྒོམ་པར་བྱ། །སྨད་པར་གྱུར་པ་མ་ལུས་པ། །དཔྱད་པ་མེད་པར་བྱ་བ་ཉིད། །བཙུན་ [19b.6]མོའི་རང་བྱུང་མེ་ཏོག་ནི། །བྱང་ཆུབ་སེམས་དང་བཅས་གྱུར་པ། །བླངས་ལ་གསུང་གི་རྡོ་རྗེ་ཅན། །བདེ་བ་ཆེན་པོ་ཡང་དག་མཆོག །གླང་པོ་ཁྱི་རྟ་རྔ་མོ་ཡི། །སྒྲོན་མ་མི་ལས་བྱུང་བ་དག །སྔགས་པས་རྟག་ཏུ་བཟའ་བྱ་ཞིང་། །གཞན་དུ་བཟའ་བར་མི་བྱའོ། །དེ་ཉིད་ [19b.7]རྣལ་འབྱོར་འདི་ཡིས་ནི། །གང་ཞིག་རྟག་ཏུ་གོམས་བྱེད་པ། །རྡོ་རྗེ་པདྨའི་ཏིང་ངེ་འཛིན། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །སླང་མོ་སྤྱོད་པར་བྱ་བའི་ཕྱིར། །བརྟུལ་ཞུགས་ཅན་གྱིས་སྣོད་མི་གཟུང་། །གྲོང་པས་ཟོས་ཤིང་བོར་བ་ཡི། །གྱོ་དུམ་ལ་སོགས་དེར་བཟའ་ [20a] [20a.1]ཞིང་། །གོང་དུ་བོར་ཞིང་བྱིན་པ་བཟའ། །དེས་ནི་གོང་དུ་ཟོས་གྱུར་ནས། །ཚིམ་པར་གྱུར་ནས་དེ་ཡང་དོར། །དེ་ཡི་སྨད་གཡོགས་དུམ་བུ་ཡང་། །རྙིང་ཞིང་དུམ་བུར་གྱུར་པས་བྱ། །ཡང་ན་མཆོག་གི །་གོས་ཅན་གྱིས། །གང་དུ་འདོད་པར་འགྲོ་བར་བྱ། །ཏིལ་འབྲུ་ [20a.2]ཙམ་གྱི་དངོས་པོ་ཡང་། །ཡོངས་སུ་གཟུང་བར་མི་བྱའོ། །ཡོངས་སུ་འཛིན་ལས་སྡུག་བསྔལ་འབྱུང་། །སྡུག་བསྔལ་གྱིས་ནི་སེམས་འཁོར་འགྱུར། །འཁོར་བས་སེམས་ནི་ཞུམ་གྱུར་ཏེ། །ཞུམ་པས་དངོས་གྲུབ་ཉམས་པར་འགྱུར། །དངོས་གྲུབ་མེད་ན་འཁོར་བ་སྟེ། ། [20a.3]འཁོར་བས་དམྱལ་བ་སྒྲུབ་པར་བྱེད། །དམྱལ་བར་ཉོན་མོངས་སྡུག་བསྔལ་གྱིས། །གྲངས་མེད་བསྐལ་པར་གནོད་པར་འགྱུར། །བཞིན་སྐམས་སྡུག་བསྔལ་གྱུར་པ་དང་། །གཞན་གྱི་བྲན་ལ་སོགས་པར་སྐྱེ། །རྣམ་དག་ལེགས་པར་འདོད་པ་ཡི། །སྐྱེ་བ་སླར་ཡང་ཐོབ་མི་འགྱུར། ། [20a.4]དེ་ལྟར་བདག་གིས་བདག་ཉིད་ཀྱིས། །གསང་བའི་སྤྱོད་པ་རྣམ་བསྒོམས་ནས། །ཁམས་གསུམ་རྣམ་པ་གཅིག་གྱུར་པ། །རྣམ་དག་ཐབས་བཟང་ལ་གནས་པས། །རྣམ་དག་ལེགས་པར་འདོད་པ་ཡི། །སྐྱེ་བ་སླར་ཡང་ཐོབ་པར་འགྱུར། །གསང་བ་གྲུབ་པ་ལ་གནས་ནས། །དེ་ནས་ [20a.5]སེང་གེ་བཞིན་དུ་སྤྱོད། །སྨྱོན་པའི་གཟུགས་འཛིན་གྱུར་པ་ཡིས། །ཀུན་སྤྱོད་ཐམས་ཅད་རྣམ་སྤངས་ལ། །གསང་གསུམ་དྲི་མེད་རྣལ་འབྱོར་གྱིས། །བཟའ་བ་ཀུན་ལ་སྤྱད་པར་བྱ། །ཤིང་རྡོ་ས་ཡི་རང་བཞིན་གྱི། །ལྷ་རྣམས་ལ་ཡང་ཕྱག་མི་བྱ། །ལུས་ཉིད་ལ་ནི་མཆོད་པ་དང་། ། [20a.6]བླ་མར་གུས་པས་ཕྱག་བྱའོ། །ས་རྡོའི་རང་བཞིན་མཆོད་རྟེན་དང་། །གླེགས་བམ་ལ་སོགས་མི་བྱ་ཞིང་། །རྨི་ལམ་དུ་ཡང་དཀྱིལ་འཁོར་སོགས། །ལག་པའི་ཕྱག་རྒྱ་མི་བྱའོ། །ཐེག་པ་གསུམ་ལ་ཞུགས་རྣམས་ལ། །ཕྱག་ལ་སོགས་པ་མི་བྱའོ། །སངས་རྒྱས་དམ་པར་མི་འཛིན་ [20a.7]ན། །རྣལ་འབྱོར་པ་གཞན་སྨོས་ཅི་དགོས། །བསྒོམ་ལ་ཆགས་གྱུར་སེམས་ཀྱིས་ནི། །ངག་གི་རྩོད་པ་མི་བྱའོ། །དམ་ཚིག་དག་ནི་ཉམས་པར་འགྱུར། །ཉམས་པས་ཡིད་ནི་གཡེང་འགྱུར་བས། །སྦྱོར་བ་ལ་སོགས་འབད་པ་ཡིས། །དེ་ཉིད་རིག་པས་རྟག་ཏུ་སྤང་། །རྡོ་རྗེ་ [20b] [20b.1]སེམས་དཔའི་ང་རྒྱལ་ཉིད། །སྤང་ནས་གཞན་དུ་མི་བྱའོ། །དག་པ་དེ་ཉིད་ལ་གནས་པས། །སྦྱོར་བ་རྣམས་ཀྱང་མི་བྱ་སྟེ། །དམ་ཚིག་དག་ནི་ཉམས་པར་འགྱུར། །ཉམས་པས་ཡིད་ནི་སྡུག་བསྔལ་འཐོབ། །བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཇི་སྲིད་དེ་ལ་རྟོག་གྱུར་པས། །དངོས་མེད་ [20b.2]གོ་འཕང་ལ་གནས་ནས། །ཐབས་བཟང་དག་དང་ལྡན་པ་ཡིས། །རྟོག་ལས་གང་ཞིག་འབྱུང་བ་རྣམས། །མ་བརྟགས་པར་ནི་འབྱུང་བར་འགྱུར། །བསྒོམ་པའི་སྦྱོར་བའི་སྟོབས་ཀྱིས་ནི། །དངོས་གྲུབ་མཚན་ཉིད་གང་ཅིའང་རུང་། །དེ་ཀུན་སྐད་ཅིག་ཙམ་ལ་ནི། །རང་ཉིད་གནས་ [20b.3]པར་འགྱུར་བ་ཡིན། །དགོན་པ་འདི་ནི་བར་ཆད་ཅན། །སྔགས་པས་གསང་སྔགས་མི་བཟླ་ཞིང་། །དཀྱིལ་འཁོར་དག་ཀྱང་མི་བྱ་ལ། །ཕྱག་རྒྱ་མི་བཅིང་ཕྱག་མི་བྱ། །ལུས་ཉིད་དཀྱིལ་འཁོར་ཞེས་གསུངས་ཏེ། །ཤེས་རབ་ཕྱག་རྒྱ་ཞེས་བྱར་གྲགས། །དཔལ་ལྡན་རྡོ་རྗེ་སེམས་ [20b.4]དག་བསྔགས། །དེ་བསྟེན་པ་ནི་ཕྱག་ཡིན་ནོ། །ནང་གི་བདག་ཉིད་དེ་བྱས་ནས། །མཁས་པས་ཕྱི་རོལ་ཐམས་ཅད་སྤང་། །གསང་བའི་སྤྱོད་པ་དང་ལྡན་པས། །དེ་ཉིད་རིག་པས་རྟག་ཏུ་སྤྱད། །དཔལ་ལྡན་རྡོ་རྗེ་སེམས་དཔའི་བདག །རྣམ་པར་རྟོག་མེད་སྔགས་པ་ཡིས། །གསང་ [20b.5]བའི་སྤྱོད་པ་དང་ལྡན་པས། །དེ་ལྟར་འགྱུར་མེད་འགྲུབ་པར་འགྱུར། །སྤྲོས་ཤིང་དེ་ལ་རབ་སྦྱོར་བས། །དམ་ཚིག་དག་ནི་སྐྱོང་བ་དང་། །དགེ་བའི་བཤེས་གཉེན་བསྟེན་པ་ཡིས། །ཤེས་རབ་ཐབས་དག་རྣམ་པར་བསྒོམ། །གར་དང་གླུ་སོགས་སྦྱོར་བ་ཡིས། །པདྨ་རྡོ་རྗེ་རྣམ་རོལ་ [20b.6]ཞིང་། །བུར་ཆང་སྒྲོན་མ་གུས་པ་དང་། །དྲི་དང་ཕྲེང་སོགས་རྒྱ་ཆེན་དང་། །གླིང་བུ་རྔ་ཟླུམ་སྒྲ་དག་དང་། །རྫ་རྔའི་སྒྲ་ལ་སོགས་པ་དང་། །ལྷ་རྫས་ལུས་ལྡངས་དྲི་བཟང་མ། །རྡོ་རྗེ་སེམས་དཔའ་རབ་ཏུ་བསྒྲུབ། །ལྷ་རྫས་བཟང་པོ་མཆོག་འདི་དང་། །ནང་གི་བདག་ཉིད་བསྒོམ་ [20b.7]པ་ཡིས། །རྡོ་རྗེ་སེམས་དཔའ་འགྲུབ་འགྱུར་བ། །སྤྱད་པར་བྱ་བ་མ་ཡིན་ནོ། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས། །བྱང་ཆུབ་སེམས་ནི་རབ་སྤྲོས་པས། །ཆུ་སྐྱེས་ཁྱད་པར་བཟའ་བར་བྱ། །རྟག་ཏུ་ཆགས་པ་དང་ལྡན་ཞིང་། །མཆོག་ཏུ་དགའ་ [21a] [21a.1]བ་ལ་སྲེད་པས། །རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར། །མང་དུ་སྨྲས་པ་ཅི་ཞིག་དགོས། །རྟག་ཏུ་ངོ་ཚ་སྤངས་གྱུར་པས། །དམ་ཚིག་སྤྱོད་ལ་ཅི་བཞིན་པར། །སྨྱོན་པའི་གཟུགས་ཀྱིས་མི་སྨྲ་བ། །དུར་ཁྲོད་ལ་སོགས་གར་གནས་ནས། །མཱ་མ་ཀཱི་དང་སྤྱན་ལ་ [21a.2]སོགས། །རྒྱན་རྣམས་ལ་སོགས་ཀྱིས་བརྒྱན་པའི། །ཕྱག་རྒྱའི་ཚོགས་དང་ལྷན་ཅིག་ཏུ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བསྒོམ། །རྡོ་རྗེ་ནམ་མཁའི་ཁམས་སྦྱོར་བས། །དེར་ནི་ཐམས་ཅད་བསྒོམ་པར་བྱ། །ཞལ་གསུམ་པ་ཡི་རྣལ་འབྱོར་གྱིས། །ཡེ་ཤེས་རྒྱ་ཆེན་རླབས་སྤྲོ་བྱ། ། [21a.3]དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །རང་དངོས་རིམ་པ་བསྐུལ་བྱས་ན། །སངས་རྒྱས་ཡེ་ཤེས་གཟུགས་ཅན་རྣམས། །རབ་ཏུ་བསྡུ་བ་དག་ཀྱང་བྱ། །ཕྱོགས་བཅུ་དག་ཏུ་རྒྱུག་བྱེད་པའི། །རང་སེམས་གལ་ཏེ་འཛིན་པར་འདོད་གྱུར་ན། །སངས་རྒྱས་ཐོབ་པའི་རྒྱུར་གྱུར་རང་གི་སེམས། ། [21a.4]དེ་ཚེ་ཡང་དག་སྦྱོར་བ་མཆོག་ཏུ་བྱ། །གོང་དུ་ཉམས་མྱོང་ཕྱག་རྒྱ་རྗེས་བསམས་ལ། །བརྩེ་ལྡན་རྗེས་འགྲོ་བཟང་དགའ་ཆགས་པ་ཅན། །ཆགས་པས་ཐོབ་གྱུར་དེ་ལ་སེམས་གཏད་ནས། །སླར་ཡང་རིམ་པའི་ཁྱད་པར་གསལ་བར་བསྒྲུབ། །བསམ་གཏན་འདི་ལ་སྦྱོར་བ་ཡིས། ། [21a.5]རིན་ཆེན་སེམས་ནི་བརྟན་གྱུར་ན། །སངས་རྒྱས་བྱང་ཆུབ་རབ་གནས་ཏེ། །བྱིན་གྱིས་བརླབ་པ་མཛད་པར་འགྱུར། །དེ་ལྟ་དེ་ཉིད་ཤེས་གྱུར་ནས། །དེར་གཏད་ནས་ནི་བསྒོམ་པར་བྱ། །ཇི་སྲིད་ཡིད་ནི་མི་སྐྱོ་བར། །བློ་བཟང་སེམས་ནི་མཉམ་གཞག་པས། །སྐྱོན་ཇི་ལྟར་འདོད་པ་ [21a.6]ཡི། །སེམས་ཀྱིས་ཀུན་དུ་ཁྱབ་པར་བྱ། །ཅུང་ཟད་མིག་ནི་རྒྱས་གྱུར་པས། །བྱང་ཆུབ་རིན་ཆེན་བསྒོམ་པར་བྱ། །ལ་ལ་དགོད་དང་སྨྲ་བ་དང་། །ལ་ལར་གར་དག་བྱེད་པ་ན། །ཇི་ལྟར་སྐྱོ་བར་མི་འགྱུར་བས། །བསྒོམ་པ་ལ་ཆགས་སེམས་ཀྱིས་སོ། །རྣམ་པར་རྟོག་མེད་སྔགས་པ་ [21a.7]ཡིས། །དེ་ལྟའི་ཏིང་འཛིན་དང་ལྡན་པས། །དུས་ཀྱི་ངེས་པ་ཡོངས་སྤངས་ནས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །བཟང་པོའི་རིགས་ལྔ་ལས་བྱུང་བའི། །དམ་ཚིག་རྟག་ཏུ་བཟའ་བར་བྱ། །ཁྱད་པར་གཞན་དང་ལྡན་པ་ཡི། །དམ་ཚིག་བསྟེན་པས་མཆོད་པར་བྱ། ། [21b] [21b.1]རྟག་ཏུ་བདེ་གཤེགས་བསམ་ལྡན་པས། །སྤྱན་ནི་རྒྱས་པར་གྱུར་ནས་སུ། །བྱང་ཆུབ་སེམས་ནི་རྣམ་བསྒོམ་པས། །ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། །སྤྱོད་པ་རིན་ཆེན་ལ་གནས་ཤིང་། །རྡོ་རྗེ་ཡེ་ཤེས་ལ་མོས་པས། །བདེ་གཤེགས་གོ་འཕང་འདོད་ན་ནི། །མི་དགེའི་སེམས་སུ་མི་ [21b.2]བྱའོ། །ཁམས་གསུམ་དུ་ནི་འབྱུང་འགྱུར་བའི། །བཙུན་མོ་ཀུན་ལ་འདོད་པར་བྱ། །དམན་ལས་སྐྱེས་དང་འགྱུར་བ་ཅན། །དེ་ཉིད་རྣལ་འབྱོར་པས་མཆོད་བྱ། །རྣམ་པར་སྣང་མཛད་ལས་བྱུང་དང་། །སྲོག་ཆགས་ཀུན་ལུས་ལས་བྱུང་བའི། །སྲོག་ཆགས་རྣམས་ནི་རྣལ་འབྱོར་ [21b.3]པས། །དངོས་གྲུབ་འདོད་ན་བཟའ་བར་བྱ། །བཤང་གཅི་ས་བོན་ལ་སོགས་པ། །སྣ་ཡི་ནང་ནས་བྱུང་བ་ཡིས། །རང་ལུས་རྡོ་རྗེར་བསྒོམས་ནས་ནི། །སྔགས་པས་རྟག་ཏུ་མཆོད་པར་བྱ། །ཁམས་གསུམ་པ་ལས་བྱུང་བ་ཡི། །རྟག་ཏུ་དམ་ཚིག་ལ་མཆོད་པས། །དེ་ཉིད་རིན་ཆེན་ [21b.4]ལ་རབ་སྦྱར། །གཞན་དུ་འགྲུབ་པར་མི་འགྱུར་རོ། །འདིར་ནི་མང་དུ་སྨྲ་ཅི་དགོས། །གང་དང་གང་ཞིག་དམིགས་འགྱུར་བ། །དེ་ཀུན་དེ་ཉིད་རྣལ་འབྱོར་དུ། །རིགས་པས་བརྟགས་ཤིང་བལྟ་བར་བྱ། །རྡོ་རྗེ་གྲུབ་པར་གང་གསུངས་པ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །དམ་ [21b.5]ཚིག་བཟང་པོ་བསྟེན་བྱས་པས། །ཐམས་ཅད་བྱ་བ་ཁོ་ནའོ། །དེ་ལྟར་བྱས་ན་སྔགས་པ་ནི། །ཤིན་ཏུ་དེ་ཉིད་གསང་སྤྱོད་པས། །རིང་པོར་མི་ཐོགས་འགྲུབ་པར་འགྱུར། །འདི་ལ་སྤྱད་པར་མི་བྱའོ། །བདག་གི་དེ་ཉིད་ལ་གཏད་པས། །དམ་ཚིག་བཟང་པོ་དང་ལྡན་པའི། ། [21b.6]དེ་ཉིད་གསུམ་དབྱེར་མེད་པའི་སྐུ། །སྔགས་པས་རྟག་ཏུ་མཆོད་པར་བྱ། །ཀུན་ཀྱང་རྟོག་པ་སྔོན་འགྲོ་བས། །ཁམས་གསུམ་འདི་དག་རྣམ་པར་དག །མ་རིག་དྲ་བས་ཡང་དག་བསྒྲིབས། །རྨི་ལམ་རྩེད་མོའི་རྗེས་སུ་འགྲོ། །ཕུང་པོ་ཁམས་སོགས་མཚན་ཉིད་རྣམས། །དེ་ལྟར་ [21b.7]འབད་པས་སྤྱད་ན་ནི། །མཚན་མ་མེད་ཅིང་སྣང་མེད་པའོ། །ཐབས་དང་བཅས་པ་རྣམ་པར་བསྒོམ། །དེ་ལྟར་ཆོ་ག་ལྡན་ཤེས་པས། །སེམས་ནི་དེ་ཉིད་བྱིན་བརླབས་ནས། །ཇི་ལྟར་ཐོས་པས་འཚོ་བྱེད་ཅིང་། །དམ་ཚིག་མ་ལུས་ལ་རབ་སྦྱོར། །ཚོང་དཔོན་བྲམ་ཟེ་ [22a] [22a.1]རྗེའུ་རིགས་དང་། །ཤི་བ་སོགས་ཀྱིས་མགྲོན་བོས་ནས། །ཟོས་ཤིང་ཚིམས་ནས་བོར་གྱུར་པའི། །གཅིག་ཏུ་བསྡུས་པའི་དམན་མ་རྣམས། །ཁྱི་དང་ཝ་ཡིས་སྨད་པ་དག །བླངས་ནས་དེ་ནི་བཟའ་བར་བྱ། །དེ་ཉིད་བསྒོམས་པའི་རྣལ་འབྱོར་པས། །གཞན་དུ་འགྲུབ་པར་མི་འགྱུར་རོ། །ཅུང་ཞིག་སྨྱོན་པའི་སེམས་ [22a.2]ལྡན་པའི། །རིགས་རྣམས་ཀུན་དུ་མཉམ་པར་སྦྱོར། །བཟང་པོའི་དབྱངས་དང་ལྡན་པའི་གར། །རྡོ་རྗེ་གར་གྱིས་གོམས་པར་གནས། །གླུ་རྣམས་ལེན་པར་བྱེད་པ་ཡི། །རྡོ་རྗེའི་གླུ་ནི་མི་གསལ་བར། །ཁམས་གསུམ་དག་ཏུ་གྲགས་པ་ཡི། །གཞན་དག་གསལ་པོ་ཉིད་ [22a.3]དུ་ལེན། །སྣ་ཚོགས་སྐད་བསྲེས་གླུ་ལེན་ཅིང་། །ཤ་ཟ་བཞིན་དུ་ཀུན་དུ་འཁྱམས། །ལས་དག་གང་གིས་སྐྱེ་བོ་རྣམས། །གང་དང་གང་དུ་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །ཁྱད་པར་ཐམས་ཅད་སྤངས་པ་ཡིས། ། [22a.4]དེ་ཉིད་ཞི་བ་ཐོབ་གྱུར་ནས། །ཐབས་བཟང་དག་དང་ལྡན་པ་ཡིས། །གོ་འཕང་མཆོག་ནི་བསྒྲུབ་པར་བྱ། །འབྱུང་པོ་ཀུན་གྱི་དེ་ཉིད་གང་། །གཟུང་དང་འཛིན་པ་རྣམས་སྤང་བ། །འགྲོ་ཀུན་མཆོག་ཏུ་ཞི་བ་ཉིད། །ཁྱད་པར་གནས་པའི་བཟང་པོ་གང་། །རང་ལུས་ཐབས་དང་ [22a.5]བཅས་པ་ཡིས། །དེ་ཉིད་རྟག་ཏུ་བསྒོམ་པར་བྱ། །བུས་པ་ཀུན་ལ་ཐལ་མོའི་སྒྲ། །རིམ་གྱིས་གར་ནི་བཟང་པོ་བྱ། །ཀུན་རྟོག་ཐམས་ཅད་སྤངས་པ་ཡིས། །བྱང་ཆུབ་མཆོག་ཏུ་འགྲོ་བར་འགྱུར། །བཟང་པོའི་གོ་འཕང་དེར་གནས་ནས། །གང་དང་གང་དུ་གནས་ན་ཡང་། །བྱང་ཆུབ་ [22a.6]མཆོག་ཏུ་ངེས་བྱས་པས། །སྤྱོད་ངན་ཅན་ཡང་འགྲུབ་པར་འགྱུར། །སྨྱོན་པའི་བརྟུལ་ཞུགས་ལ་བརྟེན་ནས། །ཡིད་ནི་དེ་ཉིད་བྱིན་བརླབས་ནས། །གསང་སྤྱོད་མཆོག་གི་རོལ་པ་ཡིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །གལ་ཏེ་རྒྱ་ཆེན་ཁྱིམ་རྣམས་ནི། །སྤོང་བར་ནུས་པ་མ་ཡིན་ [22a.7]ཡང་། །དཔལ་ལྡན་གསང་གྲུབ་ལས་བརྟན་པ། །བྱང་ཆུབ་འབྱུང་བའི་སྤྱོད་པ་རྣམས། །ཁྱིམ་དེ་ཉིད་དུ་གནས་བྱས་ནས། །འཇིག་རྟེན་སྤྱོད་པ་ལ་གནས་པས། །ཇི་ལྟར་རིག་པར་མི་འགྱུར་བར། །གསང་བའི་དམ་ཚིག་སྤྱད་པར་བྱ། །མཚན་མོ་གསལ་པོར་བྱས་ནས་ནི། །འོ་མ་ [22b] [22b.1]གཅིག་ཏུ་གོམས་བྱས་པས། །ཕྱག་རྒྱར་བཅས་པས་བྱ་བ་སྟེ། །ཡིད་ཆེས་པས་ཡིན་གཞན་གྱིས་མིན། །དྲི་ཆུ་ལ་སོགས་དམ་ཚིག་རྣམས། །རྟག་ཏུ་སྤྱད་པར་བྱ་བ་ཉིད། །གཅིག་ཏུ་དམ་ཚིག་གོམས་བྱེད་ན། །དེ་ཉིད་བླ་མེད་འགྲུབ་པར་འགྱུར། །ཤིན་ཏུ་གསང་བའི་གྲོགས་དག་ [22b.2]ཉིད། །དེ་ཉིད་ཤེས་ཤིང་མཆོག་གྱུར་པ། །དེ་དང་ལྷན་ཅིག་དམ་ཚིག་རྣམས། །རྒྱུད་ལས་གསུངས་པ་སྤྱད་པར་བྱ། །བུད་མེད་བཟང་དང་ལོངས་སྤྱོད་བཟང་། །དེ་བཞིན་གནས་མལ་བཟང་སོགས་ཀྱིས། །དེ་ཉིད་བསྒོམ་པས་ངལ་གྱུར་པའི། །ཡེ་ཤེས་ལྡན་པས་འགྲུབ་པར་འགྱུར། ། [22b.3]དམ་ཚིག་སྤྱོད་པ་དེར་གཏད་པས། །ཁྱིམ་ཉིད་དུ་ཡང་འགྲུབ་པར་འགྱུར། །དམ་ཚིག་སྤྱོད་པ་དམན་གྱུར་ན། །སྤྱོད་པ་མིན་ཞིང་ཁྱིམ་དུའང་མིན། །དེ་ལྟར་དམ་ཚིག་མངོན་ལྡན་ཞིང་། །ཡེ་ཤེས་བཟང་པོ་ལ་དགའ་བ། །ཆོ་ག་འདི་ནི་བསྐུལ་བྱས་ནས། །རྡོ་རྗེ་སེམས་དཔའ་འགྲུབ་ [22b.4]པར་འགྱུར། །ཉམས་སུ་བླང་བྱ་ཐམས་ཅད་ནི། །འགལ་བའི་དམ་ཚིག་ལ་སོགས་པ། །སྨད་པར་གྱུར་པ་སྔོན་འགྲོ་བའི། །མ་ལུས་པ་དག་གང་བསྟན་པ། །དངོས་གྲུབ་བཟང་པོའི་རྒྱུ་ཡི་ཕྱིར། །དེ་དག་ཐམས་ཅད་བྱ་བ་ཉིད། །འདི་ཀུན་མངོན་སུམ་ཉིད་དུ་ནི། །བྱེད་པའི་ [22b.5]ཆར་ནི་དབྱེ་བྱ་སྟེ། །གསང་བ་སྤྱོད་པ་ལྡན་པ་ཡིས། །དེ་ཉིད་ཤེས་ཡིན་གཞན་མ་ཡིན། །འགལ་བའི་དམ་ཚིག་ལ་སོགས་པས། །གསང་བ་གྲུབ་པ་ཞེས་བྱར་བརྗོད། །རྟག་ཅན་གཟུགས་ལ་གནས་གྱུར་ནས། །འཇིག་རྟེན་སྤྱོད་ལས་འདས་གྱུར་ཏེ། །སྨད་པ་རྣམས་ལ་གསལ་ [22b.6]པོ་རུ། །ཉམས་སུ་ལེན་པར་བྱེད་གྱུར་ཅིང་། །ནུས་པ་དག་ནི་མ་སྐྱེས་པར། །ཀུན་རྫོབ་ཉིད་དུ་འཇུག་འགྱུར་བའི། །དམན་པའི་རིགས་ལ་སོགས་པ་ལ། །རྟག་ཏུ་དམ་ཚིག་སོགས་སྤྱོད་ཅིང་། །འདོད་དང་བཅས་པའི་སེམས་ཉིད་ཀྱིས། །ཐབ་ཁུང་དཀྱིལ་འཁོར་སོགས་བྱེད་ [22b.7]པ། །རྟག་དང་ཆད་པ་སྨྲ་བ་ཡི། །གང་ཞིག་ཆོ་ག་འདིར་གནས་པ། །དེ་ནི་བསྟན་པ་འཇིག་བྱེད་གསུངས། །གལ་ཏེ་རྟག་དང་ལྡན་གྱུར་པས། །སྒྲུབ་པ་འདི་ནི་བྱེད་འགྱུར་ན། །དེ་ནི་མཚན་མོ་དམ་ཚིག་སྤྱད། །ཉིན་མོ་ཤིན་ཏུ་གསང་བར་བྱ། །དམན་པའི་འགྲོ་བ་ཉན་ཐོས་ [23a] [23a.1]སོགས། །ཇི་ལྟར་གཞན་གྱིས་མི་རིགས་པ། །དེ་ལྟར་སྔགས་པའི་བྱ་བ་སྟེ། །བདག་ཉིད་བསྒྲུབ་ཕྱིར་ཤིན་ཏུ་གསང་། །འཇིག་རྟེན་ཀུན་གྱིས་མི་གནོད་ཅིང་། །འཇིག་རྟེན་ཀུན་ལ་མི་གནོད་པར། །དེ་བཞིན་སྔགས་པས་འདིར་བྱའོ། །བདེ་གཤེགས་དངོས་གྲུབ་ [23a.2]འདོད་གྱུར་ན། །གསང་བ་གྲུབ་པ་ལ་གནས་ཤིང་། །སྒྲུབ་པ་པོ་ལ་ནུས་པ་ཞིག །ཇི་སྲིད་འབྱུང་བར་མ་གྱུར་པ། །དེ་སྲིད་བརྟུལ་ཞུགས་རྟགས་མི་གཟུང་། །ནུས་པ་ཞིག་ནི་སྐྱེས་འགྱུར་བ། །དེ་ནས་གསང་བ་སྤྱོད་པ་སྤངས། །དེ་རྗེས་རིག་པའི་བརྟུལ་ཞུགས་གཟུང་། །དེ་དག་ [23a.3]རྟག་ཏུ་བླང་བར་བྱ། །གོ་འཕང་ཉམས་དགའ་དེར་གནས་པས། །རྣལ་འབྱོར་དེར་གཏད་བསྒོམ་པར་བྱ། །འདུ་འཛི་ཐམས་ཅད་དང་བྲལ་ནས། །གོ་འཕང་མཆོག་ནི་འགྲུབ་པར་འགྱུར། །འདུ་འཛི་རིང་དུ་སྤངས་ཤིང་རང་བཞིན་གཡོ་བའི་སེམས་ཉིད་རབ་སྦྱར་ནས། །དངོས་དང་དངོས་ [23a.4]མེད་རང་བཞིན་བདེ་བའི་མཆོག་ལྡན་དེ་ཉིད་ལ་གནས་བསྒོམ་པར་བྱ། །ཉོན་མོངས་པ་ཡི་དགྲ་ཚོགས་མང་པོ་ལས་རྒྱལ་མི་ཉམས་བཟང་པོར་གྱུར་པ་ཡི། །སེམས་ཅན་དོན་ལྡན་སེམས་ཀྱིས་རྟག་ཏུ་རྣལ་འབྱོར་པ་རྣམས་འཇིག་རྟེན་གསུམ་ན་སྤྱོད། །སྤྱན་ནི་ཅུང་ཞིག་ཕྱེ་ནས་སྲིད་པའི་སྡུག་བསྔལ་ [23a.5]བསལ་བའི་སེམས་དང་ལྡན་པ་ཡི། །ཆོ་ག་ཤེས་པར་གྱུར་པས་སྣ་ཚོགས་མ་ལུས་བརྫུན་པའི་བློ་དང་སྒྲ་སྤངས་ལ། །མཆོག་ཏུ་ལེགས་པར་སྤྱོད་པའི་སེམས་ཅན་དོན་ལྡན་འཇིག་རྟེན་གསུམ་ན་གྲགས་པར་བྱེད། །དངོས་རྣམས་དཔག་མེད་བྱང་ཆུབ་གོ་འཕང་མཆོག་གྱུར་མཉམ་མེད་ [23a.6]སེམས་ཅན་མཆོག་གྱུར་རོལ་པ་གང་། །ཁྱིམ་གྱི་འཛིན་པ་རྩྭ་བཞིན་མ་ལུས་སྤངས་ནས་མ་ལུས་སྒྱུ་མ་བཞིན་བལྟ་བ། །སྦྲེའུ་དང་རླུང་དང་གློག་བཞིན་གཡོ་བའི་སེམས་ཞེས་བྱ་ལ་དབང་དུ་གྱུར་པས་གཞག །དངོས་པོའི་དེ་ཉིད་བསྒོམ་པའི་ལུས་ཅན་དམ་པའི་བདེ་བ་དེ་ཉིད་མཆོག ། [23a.7]སེམས་ཅན་དོན་ལ་སྤྲོ་བའི་དེ་ཉིད་སེམས་ལ་ངེས་པར་རྣལ་འབྱོར་དབང་ཕྱུག་རོལ་པར་བྱེད། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་སྒྲུབ་པའི་ཐབས་ཀྱིས་མཉམ་པ་ཉིད་ཀྱི་ [23b] [23b.1]སེམས་དྲི་མ་མེད་པར་བྱེད་པའི་གསང་བའི་སྤྱོད་པའི་རིམ་པ་མ་ལུས་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དག་ཅིང་རང་བཞིན་དྲི་མ་མེད། །སྣ་ཚོགས་གཟུགས་རྣམས་ཕུན་སུམ་ཚོགས། །འཆི་དང་མྱ་ངན་རྣམ་སྤངས་པ། །ལྷ་ཡི་ཕྱག་རྒྱ་མཆོག་རྙེད་ནས། །ལྷ་མོ་ཀླུ་མོ་ [23b.2]གནོད་སྦྱིན་མོ། །དེ་བཞིན་ལྷ་མིན་བུ་མོ་འང་རུང་། །དྲི་ཟའི་བུ་མོ་གཟུགས་ལྡན་པའི། །གྲུབ་པའི་རྣལ་འབྱོར་མ་ཡང་རུང་། །འདི་ལྟའི་བུ་མོ་རྣལ་འབྱོར་མའམ། །དེ་ཉིད་རྣལ་འབྱོར་ལྡན་པ་དང་། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །བཀུག་ནས་ལོངས་སྤྱོད་ཉིད་དུ་ [23b.3]བྱ། །ལྷ་རྫས་གྲུབ་པ་གང་ཡིན་དེ། །དམ་ཚིག་སྦྱོར་བར་རབ་ཏུ་བརྗོད། །བསྒྲུབས་ནས་མངག་གཞུག་པར་འགྱུར་ཞིང་། །གང་འདོད་པ་དེ་བྱེད་པར་འགྱུར། །དེས་ནི་སེམས་ནི་རྣམ་གཡེང་བར། །ནམ་ཡང་བྱེད་པར་མི་འགྱུར་རོ། །མི་ཡིས་བུ་མོ་མཐུ་ཆེན་གྱིས། །དམ་ཚིག་ [23b.4]བཟང་པོ་འགྲུབ་པར་འགྱུར། །འདོད་པའི་རྫུ་འཕྲུལ་ཆེ་ལྡན་ཞིང་། །ཆུ་དང་རྡུལ་དག་རྣམ་པར་སྤངས། །སྣ་ཚོགས་གཟུགས་དག་རབ་སྟོན་པའི། །ལྷ་རྫས་བཙུན་མོ་བསྟེན་པར་བྱ། །དེ་དང་ལྷན་ཅིག་མཉམ་ལྡན་པས། །སྐྱེ་བོ་མེད་པའི་ཚལ་སོང་ལ། །འཇིགས་པ་ཐམས་ཅད་ [23b.5]རྣམ་སྤངས་ནས། །སེང་གེ་བཞིན་དུ་རྣམ་པར་སྤྱད། །ལྷ་རྫས་བཙུན་མོ་འགུགས་པ་ཡི། །ནུས་པ་གལ་ཏེ་མེད་གྱུར་ན། །འདོད་པས་གནོད་པ་ཉིད་གྱུར་ལ། །དེས་ན་མི་ཡི་བུ་མོ་བསྟེན། །ལོངས་སྤྱོད་བཟང་པོ་དང་ལྡན་པའི། །གཡེང་བའི་མྱོས་པ་ཞི་བྱའི་ཕྱིར། །དེ་ཕྱིར་ [23b.6]སྒྲུབ་པའི་དབང་པོ་ལ། །མི་ལས་བྱུང་བའི་བུ་མོ་བསྟེན། །རྣམ་གཡེང་ཁྲོ་བ་མང་བ་དང་། །སྐྱོན་རྣམས་ཐམས་ཅད་འབྱུང་འགྱུར་ཞིང་། །རྒ་ཤི་མྱ་ངན་གྱིས་ནོན་པའི། །མི་ཡི་བུ་མོ་ཤིན་ཏུ་སྤངས། །དེ་ལྟའི་ལྷ་རྫས་མེད་གྱུར་ན། །དངོས་གྲུབ་བཟང་པོའི་རྒྱུ་ཡི་ཕྱིར། །རྒྱུད་ [23b.7]ཀྱི་བྱ་བའི་རིམ་པ་ཡིས། །མི་ཡི་བུ་མོ་བསྟེན་པར་བྱ། །དེ་ལྟར་ཐ་མལ་བྱང་ཆུབ་ཉིད། །སྔགས་ཀྱིས་ཆོ་ག་བཞིན་བྱས་ནས། །མཆོག་ཏུ་དགའ་བའི་ཡིད་ཅན་གྱིས། །བྱང་ཆུབ་མཆོག་ནི་བསྒྲུབ་པར་བྱ། །ཐ་མལ་པ་ཡི་རིམ་པ་ཡི། །ཕྱག་རྒྱ་དེ་ཉིད་བཤད་ [24a] [24a.1]པར་བྱ། །མཐར་སྐྱེས་དང་པོར་བྱས་ནས་ནི། །གང་གིས་དངོས་གྲུབ་ཐོབ་འགྱུར་བའོ། །མཐར་སྐྱེས་མ་སྲིང་བུ་མོ་དང་། །དེ་བཞིན་ཚོས་མའི་བུ་མོ་དང་། །སྨད་པའི་རིགས་ལས་བྱུང་གྱུར་དང་། །གང་ཡང་བདེ་བ་རྙེད་པ་དང་། །རྒྱུད་ནས་གསུངས་པའི་ [24a.2]རིགས་བྱས་པའི། །ཁྱད་པར་དུ་ནི་བུ་མོ་ཉིད། །དམ་ཚིག་སྤྱོད་པ་ཐམས་ཅད་ལ། །བྱིས་པ་ཉིད་ནས་རིམ་གྱིས་བསླབ། །བྱང་ཆུབ་སེམས་ལ་དགའ་ཞིང་མཁས། །ཆོས་ཉིད་ལ་ནི་བཟོད་བྱས་པས། །མཁས་པས་ཆོ་ག་ཇི་བཞིན་དུ། །རྡོ་རྗེ་གསུམ་དབྱེར་མེད་པར་བསྒྲུབ། ། [24a.3]རྒྱུད་ནས་ཇི་སྐད་གསུངས་པ་ཡི། །མཆོད་པ་དེ་ལ་གནས་ནས་བརྩམ། །གུས་པས་འོ་མ་སྒྲོན་མ་དང་། །ཕྲེང་བ་ལ་སོགས་རྒྱན་རྣམས་དང་། །ཐལ་བ་བཟང་པོ་བསྐུ་བྱ་ཞིང་། །རལ་པའི་ཅོད་པན་གྱིས་བརྒྱན་པར། །སྔགས་པས་རང་གི་གཟུགས་ཉིད་དང་། །དེ་ཡི་གཟུགས་ཀྱང་ [24a.4]བྱ་བ་ཉིད། །སྟག་གི་པགས་པས་གོས་བྱས་ཤིང་། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །རྡོ་རྗེ་ཁ་ཊྭཱཾ་ག་བླང་ཞིང་། །དྲིལ་བུ་ཅང་ཏེའུས་རྣམ་པར་བརྒྱན། །དེ་བཞིན་རྣ་བ་མགྲིན་དཔུང་པ། །རུས་པའི་དུམ་བུས་རྣམ་པར་བརྒྱན། །མི་ཡི་ཐོད་པ་གཡོན་པ་སྟེ། །དེ་བཞིན་གཡས་ [24a.5]པར་ཌ་མ་རུ། །བདག་དང་ཕྱག་རྒྱ་དེ་བཞིན་དུ། །མཱ་མ་ཀཱི་འམ་སྤྱན་དག་གམ། །བདག་ཉིད་རྡོ་རྗེ་མཆོག་འཛིན་པས། །འདི་འདྲའི་གཟུགས་སུ་བྱས་ནས་ནི། །རྒྱུད་ལས་བྱུང་བའི་ཆོ་ག་ཡིས། །རིག་པའི་བརྟུལ་ཞུགས་བཟང་པོ་སྤྱད། །གཉིས་མེད་ངེས་པར་བྱས་ནས་ནི། །ཚེ་འདི་ [24a.6]ཉིད་ལ་འགྲུབ་པར་འགྱུར། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་རིག་པའི་བརྟུལ་ཞུགས་ངེས་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།མཐར་སྐྱེས་ངོ་མཚར་ཆེན་པོ་ [24a.7]ལས། །རྒྱུད་ལས་སྒྲུབ་ཐབས་གང་གསུངས་པ། །ཇི་ལྟར་ངེས་པར་དེ་ཐོབ་པ། །དེ་ནས་ཡང་དག་བཤད་པར་བྱ། །སྐྱོ་བའི་ངེས་པ་ཡོངས་སྤོངས་ལ། །ཚོགས་ཀྱི་དབང་ཕྱུག་གཟུགས་བྱས་ནས། །གང་དུ་སུས་ཀྱང་མི་ཤེས་པར། །མཐར་སྐྱེས་ནང་དུ་འཇུག་པར་བྱ། །ཚོགས་ཀྱི་ [24b] [24b.1]མཚན་མ་བླངས་ནས་ནི། །མགོ་བོའི་སྐྲ་ནི་བྲེགས་ནས་ཀྱང་། །རལ་པ་སྦོམ་པོ་གཅིག་བཞག་ནས། །གཙུག་ཕུད་གཅིག་ནི་གཟུང་བར་བྱ། །རུ་དྲཱཀྵ་དང་ཤེལ་བཟང་པོ། །ཚན་ཚན་དག་ཏུ་སྤེལ་བྱས་པའི། །ཕྲེང་བའི་དོ་ཤལ་འཕྱང་བ་དག །མགུལ་པའི་རྒྱན་དུ་གཟུང་བར་བྱ། ། [24b.2]དཔུང་རྒྱན་གདུ་བུ་བཟང་པོ་དག །འོད་ཟེར་འཕྲོ་ཞིང་འཁྲུག་འགྱུར་དང་། །འབད་པས་ཚན་གསུམ་བྱས་ནས་ནི། །མཛུབ་མོ་ལ་ནི་ཟངས་མའི་རྒྱ། །མདུན་གྱི་ཕྱོགས་སུ་འཕྱང་གྱུར་པའི། །སྨད་གཡོགས་དུམ་བུའང་དེ་ནས་གཟུང་། །ལྕགས་མདུང་ལ་བཏགས་མེ་ཏོག་སྣོད། ། [24b.3]ཕྲག་པ་དག་ལ་བཀལ་བར་བྱ། །ཡན་ལག་ཐམས་ཅད་རྣམ་བརྒྱན་ནས། །ཚོགས་ཀྱི་དབང་ཕྱུག་གཟུགས་སུ་བྱ། །ཕྲག་པ་གཉིས་ནི་དགབ་བྱས་ནས། །མཐར་སྐྱེས་ཁྱིམ་དུ་འཇུག་པར་བྱ། །བཟང་པོ་དེ་ལྟར་གསང་བྱས་ནས། །དེ་ནས་བསྒྲུབ་པར་བྱ་ཕྱིར་སྤྱད། །གང་ཞིག་ [24b.4]སུས་ཀྱང་མི་ཤེས་པར། །བཟང་པོའི་ཡུལ་དུ་འཁྱམ་པར་བྱ། །གྲོང་ཁྱེར་སུམ་བརྩེགས་ཉེ་བའི་མཐར། །མཐར་སྐྱེས་ནང་དུ་འཇུག་པར་བྱ། །ཡང་དག་ཏུ་ནི་ལྷ་གཞན་ཉིད། །དེས་ནི་ཤེས་པར་མི་འགྱུར་རོ། །རྟག་ཏུ་ཁྲུས་དང་ལྷ་མཆོད་ཅིང་། །རྟག་ཏུ་རང་གི་གྲུབ་མཐའ་ [24b.5]བསྒོམ། །ཡི་གེ་ལས་ནི་ཅུང་ཞིག་གིས། །རང་འབྱུང་ལྷ་ལ་ཆགས་གྱུར་པས། །གདོལ་པའི་གཟུགས་ཀྱིས་ཚོགས་ཉིད་ཀྱི། །དེ་ལྟར་དེ་ཡི་ནང་ཞུགས་ལ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཆོས་དང་གྲུབ་མཐའ་སྔོན་འགྲོ་བས། །དེ་ནས་དེ་ལ་སྟོན་པར་བྱེད། །དུས་ཀྱི་ཕྱི་མ་ལ་ [24b.6]སོགས་པའམ། །ཡང་ན་དབུགས་ཀྱི་སྒོམ་པ་སྟོན། །དེ་ནས་རྒྱུད་ནས་གསུངས་ཀུན་གྱིས། །ཡིད་བརྟན་པ་ཉིད་འགྲུབ་པར་འགྱུར། །དབང་དང་དཀྱིལ་འཁོར་སྔོན་འགྲོ་བས། །བདག་ཉིད་ཀྱི་ནི་སློབ་མར་བྱ། །དེ་ཡི་བྱིན་པའི་རྫས་རྣམས་དང་། །སྔ་ན་ཡོད་པ་དང་བཅས་པས། ། [24b.7]དེ་ནི་དེ་ལ་གཏད་བྱས་ལ། །དེ་ཡི་བླ་མ་མཆོད་ཕྱིར་བྱིན། །དེ་ཡིས་བཀས་གནང་བླང་བྱ་སྟེ། །ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །དེ་ནི་རྒྱུད་དོན་བདེན་པ་ལ། །མཁས་ཤིང་དམ་ཚིག་འདོད་བྱས་ནས། །སངས་རྒྱས་ཉིད་དུ་ངེས་བྱས་ལ། །བློ་ལྡན་རིག་པའི་བརྟུལ་ཞུགས་སྤྱད། ། [25a] [25a.1]ངེས་པར་རྒྱུད་གསུངས་དམ་ཚིག་གིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རི་འམ་རྒྱ་མཚོའི་འགྲམ་དག་གམ། །སྐྱོན་རྣམས་སྤངས་པའི་ཡུལ་འཁོར་དང་། །དགོན་པ་ཆེན་པོའི་ས་ཕྱོགས་སམ། །ཕུག་དང་གྲོང་ཁྱེར་རྙིང་པ་དག །དྲི་མེད་ཆུ་ཡིས་གང་བ་ [25a.2]དང་། །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །ལྗོན་ཤིང་འཁྲི་ཤིང་གིས་བརྒྱན་པ། །ཁྱད་པར་དུ་ནི་དབེན་གྱུར་པ། །དེར་ནི་ཕྱག་རྒྱ་དང་བཅས་པར། །སྒྲུབ་པོ་བརྟན་ཞིང་ངེས་པ་ཡིས། །སྒོམ་པའི་སྦྱོར་བ་དེར་གཏད་པས། །རྟག་ཏུ་ནགས་སུ་བསོད་སྙོམས་བླང་། །བྱང་ཆུབ་ [25a.3]སེམས་ལ་དགའ་ཞིང་མཁས། །ལུས་ནི་ནུས་པ་ཅན་བྱས་ནས། །ཡང་དག་རིམ་པས་དེར་གནས་ནས། །ཡང་དང་ཡང་དུ་གོམས་པར་བྱ། །ལྗོན་ཤིང་རྒྱལ་པོ་དེ་དག་ཀུན། །སྒྲུབ་པ་དབང་པོ་དང་ལྡན་པས། །དེ་ཉིད་སྦྱོར་བས་བཀུག་བྱས་ནས། །ཞལ་ཟས་བཟང་པོ་སྟེར་བར་ [25a.4]འགྱུར། །བློ་བཟང་རྟག་ཏུ་འདོད་མེད་ཅིང་། །བློ་ཡིས་རྟག་ཏུ་གོམས་པར་བྱ། །རྡོ་རྗེ་ཐེག་པ་ལ་དགའ་ཞིང་། །རྟག་ཏུ་བདེ་གཤེགས་སེམས་པ་ཅན། །བསྟན་བཅོས་མ་ལུས་ལ་གོམས་ཤིང་། །དེ་བཞིན་གཏོང་ལྡན་དཔའ་ཞིང་གསལ། །ཕོངས་པར་གྱུར་པའི་ཚེ་ན་ཡང་། །མཉམ་ [25a.5]པའི་སེམས་ཉིད་གཅིག་ཏུ་བསྒོམ། །ཕྱག་རྒྱའང་དེ་འདྲར་ཤེས་བྱ་སྟེ། །ཆགས་མེད་ཞེན་པ་མེད་པ་དང་། །ཟབ་མོའི་ཆོས་དང་ལྡན་པ་དང་། །སྒྲུབ་པོ་འདོད་བཞིན་རྗེས་སུ་འབྲང་། །བཞིན་བཟངས་མིག་ནི་དཀྱུས་རིང་མ། །གཟུགས་དང་ལོང་ཚོས་རྣམ་པར་བརྒྱན། །བྱང་ཆུབ་ [25a.6]སེམས་ལ་དགའ་ཞིང་གསལ། །རྡོ་རྗེ་སྒྲུབ་པ་ཤིན་ཏུ་གསལ། །ཅི་ལྟར་བུ་བཞིན་བརྩེ་བ་དང་། །དེ་བཞིན་སྤུན་དང་ཕ་མ་ལྟར། །རྟག་ཏུ་སྒྲུབ་པོ་མཐོང་བ་ན། །བརྩེ་བས་ཤིན་ཏུ་གོམས་བྱེད་ན། །བུད་མེད་སྒྱུ་བྲལ་ཡིད་དུ་འོང་། །སྐལ་བ་བཟང་ཞིང་སྙན་པར་སྨྲ། །ཕྲག་དོག་ [25a.7]སྤངས་ཤིང་རྗེས་སུ་མཐུན། །སྒྲུབ་པ་པོ་ཡི་བཀའ་བཞིན་བྱེད། །དམར་སེར་ལུས་ཕྲ་གཟུགས་བཟང་མ། །ཚུལ་ཁྲིམས་ཡོན་ཏན་གྱིས་བརྒྱན་པ། །མདོག་སྣུམ་ཆོག་ཤེས་པ་དང་། །རིང་མིན་ཐུང་བའང་མ་ཡིན་པ། །ལོ་གྲངས་བཅུ་གཉིས་ལོན་པའམ། །ཡང་ན་དེ་བཞིན་ [25b] [25b.1]བཅུ་དྲུག་གམ། །དེ་ཉིད་རིག་པ་དང་ལྡན་པ། །མུར་གོང་མཐའ་ནི་རྣམ་པར་མཛེས། །ཡན་ལག་ཐམས་ཅད་ཡོངས་སུ་རྫོགས། །སྐྲ་ཡི་རྩེ་ཀུན་ཅུང་ཞིག་འཁྱིལ། །སྐད་སྙན་ཤིན་ཏུ་དགའ་བ་ཅན། །ལྟ་བ་བཟང་པོས་རྣམ་བརྒྱན་པ། །འབད་པས་བུ་མོ་འདི་འདྲ་བ། །དངོས་ [25b.2]གྲུབ་དོན་གཉེར་གྱུར་ནས་སུ། །རྟོག་ལས་ཇི་སྐད་གསུངས་པ་བཞིན། །དེ་ནས་རིག་པའི་བརྟུལ་ཞུགས་བརྩམ། །འབད་པས་དེ་ནི་གཟུང་བྱས་ནས། །གོ་འཕང་མཆོག་ནི་བསྒྲུབ་པར་བྱ། །རང་གི་རྡོ་རྗེ་མཆོད་ནས་ནི། །བྱང་ཆུབ་སེམས་ནི་གཏང་བར་བྱ། །དེ་ནས་སྐུ་ཡི་རྡོ་རྗེ་ [25b.3]བསྒོམ། །ངག་གི་རྡོ་རྗེ་བཀུག་ནས་གཟུང་། །དེ་ཡི་བྷ་གར་བྱུང་བའི་ཁུས། །སེམས་ཀྱི་རྡོ་རྗེ་རབ་ཏུ་མཆོད། །དེ་ལ་གུས་པས་མཆོད་ན་ནི། །ཆོ་ག་བཞིན་དུ་སྦྱོར་བ་ལ། །དེ་ཉིད་སྦྱོར་ལ་བསྒོམ་པར་བྱ། །ཙུནྡ་འམ་ནི་མཱ་མ་ཀཱི། །དང་པོའི་རྣལ་འབྱོར་རྣམ་བསྒོམས་ནས། ། [25b.4]ཐམས་ཅད་བྱ་བ་ཁོ་ན་ཡིན། །དམ་ཚིག་གི་ནི་ཁྱད་པར་དང་། །བུད་མེད་མཆོག་ནི་བསྙེན་པར་བྱ། །བྷ་གར་ལིངྒ་གཞག་ནས་ནི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །དེར་བསྐྱེད་པ་ཡི་དགའ་བ་ཡིས། །སེམས་ནི་བཀང་ནས་བསྒོམ་པར་བྱ། །ཇི་སྲིད་རྣལ་འབྱོར་བྱང་ཆུབ་ [25b.5]སེམས། །གཏོང་བར་བྱེད་པ་མ་ཡིན་པ། །དེ་སྲིད་ཀུན་དགའ་ལས་བྱུང་བདེ། །ཅི་ཡང་རྒྱུན་མི་འཆད་པར་འཐོབ། །བདེ་བ་དེ་ཡི་ངོ་བོ་དང་། །ཡང་དག་ལྡན་པའི་བྱང་ཆུབ་མཆོག །བདག་ཉིད་རྟག་ཏུ་བསྒོམ་ན་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དངོས་གྲུབ་ [25b.6]ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་དེར་ལྷུང་བས། །ཕུང་པོ་རྣམ་ཤེས་བརྒྱལ་གྱུར་ནས། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཕྱག་རྒྱ་མ་ལ་དམ་འཁྱུད་ནས། །ཡང་དང་ཡང་དུ་འོ་བྱས་ལ། །གནས་དེ་རུ་ནི་བསྐྱོད་པ་ཡིས། །བྱང་ཆུབ་སེམས་མང་རབ་འབབ་ [25b.7]པས། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམས་ལ། །ལྷ་མོ་དེ་ལ་འོ་ཡང་བྱ། །མིག་གཉིས་དག་ནི་རྒྱས་གྱུར་ནས། །བདེ་བ་ཆེན་པོའི་རོས་གང་བ། །མ་མཆུ་ཅུང་ཞིག་རྒྱས་པ་ཡིས། །ནུ་མ་ཅུང་ཞིག་དམ་པར་འཛིན། །བརླ་གཉིས་དྲི་མ་མེད་པ་མཆོག །མིག་ཀྱང་ཅུང་ཞིག་ [26a] [26a.1]རྒྱས་པ་དང་། །རྡོ་རྗེ་ཐེག་པ་ངལ་བྱས་པས། །དེར་གཏད་པ་ཡི་བསྒོམ་དང་ལྡན། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་དེར་གཏད་བསམ་པ་ཅན། །འོ་མ་བྱིན་ནས་ཡང་དང་ཡང་། །ཁྱད་པར་དུ་ནི་རབ་ཏུ་མཆོག །རྡོ་རྗེ་ཅན་གྱི་ཕྱག་རྒྱ་བཞིན། ། [26a.2]དེ་ཉིད་སྦྱོར་བས་བསྒོམ་པར་བྱ། །ཡིད་འོང་བཅོས་མའི་ཟས་དང་ནི། །དྲི་དང་མེ་ཏོག་སོགས་བསྙེན་བསྐུར། །ཉ་དང་ཤ་དང་བུར་ཆང་སོགས། །སེམས་ནི་སྤྲོ་བ་བྱེད་པ་ཅན། །འབད་པས་དེ་ལྟ་བུས་མཆོད་ནས། །དེ་ཉིད་ཆེད་དུ་བསྒོམ་པར་བྱ། །ཆོ་ག་འདི་ཡིས་བསྐུལ་ནས་ནི། ། [26a.3]རྡོ་རྗེ་སེམས་དཔའ་བདག་འགྲུབ་འགྱུར། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །བདུད་རྩི་མེ་ཏོག་མྱང་བར་བྱ། །མཁའ་དབྱིངས་རྡོ་རྗེ་དབུས་གནས་པ། །དེ་ནི་རྡོ་རྗེ་འཛིན་པ་མཆོག །བསྒོམ་དང་དམ་ཚིག་ཉམས་ལེན་པས། །དེ་ལྟའི་དངོས་གྲུབ་མྱུར་དུ་ཐོབ། །སེམས་ [26a.4]ཀྱི་དམ་ཚིག་སྡང་བ་ལ། །རྒྱལ་བས་གསུངས་པའི་དངོས་གྲུབ་མེད། །ལྷ་ཡི་རྣལ་འབྱོར་བསྒོམ་པ་དང་། །དམ་ཚིག་བསྲུང་བར་བྱ་བ་ནི། །ཤེས་པས་འབད་པས་བསྒོམ་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཇི་སྐད་གསུངས་པའི་ས་ཕྱོགས་སུ། །རིག་པའི་ [26a.5]བརྟུལ་ཞུགས་སྤྱད་ན་ནི། །སྡིག་པ་མ་ལུས་སྦྱངས་ནས་ནི། །རིག་མ་དང་བཅས་གྲོལ་བར་འགྱུར། །གྲོང་དང་གྲོང་ཁྱེར་དག་ཏུའམ། །སེམས་ནི་གང་དུ་དགའ་བ་དེར། །དེར་ནི་རིག་པའི་བརྟུལ་ཞུགས་སྤྱད། །དགག་པ་དང་ནི་སྒྲུབ་པ་མེད། །དཔལ་ལྡན་འདུས་རབ་ཡོངས་ [26a.6]གསལ་བའི། །སྒྲུབ་ཐབས་རྒྱུད་ལས་གང་གསུངས་པ། །རིག་པའི་བརྟུལ་ཞུགས་ལྡན་པ་ཡི། །གསང་བ་སྤྱོད་པས་རྣམ་བརྒྱན་པ། །དེས་ནི་དངོས་གྲུབ་མྱུར་ཐོབ་པ། །རྡོ་རྗེ་སེམས་དཔའི་ཞལ་ནས་གསུངས། །དམ་ཚིག་སྤྱོད་པ་དང་ལྡན་པ། །རྟག་ཏུ་གོམས་པར་བྱ་ [26a.7]བ་ཡིན། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་ཚོགས་ཀྱི་བརྟུལ་ཞུགས་ངེས་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།མེ་དང་ཆུ་དང་དུག་སོགས་ལ། ། [26b] [26b.1]ཐབས་ནི་གང་གིས་མི་ཤེས་པ། །དེ་ནི་ཚིག་དང་ནུབ་པ་དང་། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །དེ་བཞིན་གསང་འདུས་རྒྱུད་ཀྱིས་ནི། །ཤེས་རབ་ཐབས་ནི་སྤངས་གྱུར་པ། །འགལ་བ་དག་ནི་སྤྱོད་བྱེད་པའི། །བསམ་ངན་དེ་ནི་བརླག་པར་འགྱུར། །གང་གིས་དེ་ཡི་དེ་ཉིད་ཤེས། །ཡང་ [26b.2]དག་རབ་སྦྱིན་ལ་གནས་ནས། །དཔལ་ལྡན་འདུས་པ་ལ་དགའ་བའི། །སེམས་ཅན་དེ་ནི་སྟེང་དུ་འགྲོ། །གསང་བའི་སྤྱོད་དང་བརྟུལ་ཞུགས་དང་། །ཕྱག་རྒྱ་རྒྱས་པར་གང་གསུངས་པ། །འདི་དག་ཐམས་ཅད་རྟོག་དོན་ཡིན། །བསྒོམ་པ་འབའ་ཞིག་ཙམ་ཡིན་ཏེ། །གང་ཡང་ [26b.3]རྒྱས་པའི་བདག་ཉིད་ཅན། །ཀུན་ཀྱང་སེམས་ཅན་བསམས་པས་གསུངས། །བསྒོམ་པ་ལ་ནི་རབ་གནས་པའི། །ཡེ་ཤེས་ལྡན་པས་འགྲུབ་པར་འགྱུར། །རྣམ་རྟོག་དུ་མ་རྒྱས་གྱུར་པའི། །འདི་ནི་ཐམས་ཅད་སྤང་བྱས་ནས། །ཕྱག་རྒྱ་ཆེན་པོ་ལ་འབད་པས། །ཤེས་ [26b.4]རབ་ལྡན་པས་རྟག་ཏུ་བསྒོམ། །འདུ་འཛི་ཐམས་ཅད་སྤངས་ནས་ནི། །གཉིས་པ་ཐམས་ཅད་རྣམ་སྤངས་ནས། །ཡང་དང་ཡང་དུ་གོམས་པར་བྱས། །པདྨ་རྡོ་རྗེའི་ཚིག་བཞིན་དུ། །དུས་མི་རིང་བས་འགྲུབ་པར་འགྱུར། །དམ་ཚིག་དག་ནི་ཐམས་ཅད་ལས། །བླ་མ་ [26b.5]མཆོད་པ་མཆོག་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དཔལ་ལྡན་འདུས་པའམ་གཞན་དུ་བསྟན། །གཟུགས་མིན་བརྗོད་པ་མ་ཡིན་པ། །སེམས་ཅན་ཀུན་ལ་ཡང་དག་གནས། །ལུས་ངག་ཡིད་གསུམ་བདེ་བ་ཡིན། །རྣམ་རྟོག་མེད་ཅིང་ [26b.6]གནས་མེད་པ། །དག་ཅིང་ངོ་བོ་ཉིད་མེད་པ། །བྱང་ཆུབ་སེམས་ཞེས་དྲན་པར་བྱ། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དེ་ནི་མྱུར་དུ་ཐོབ་པར་འགྱུར། །ཁམས་གསུམ་རིན་པོ་ཆེར་གྱུར་པ། །སློབ་དཔོན་ལས་ནི་མཆོག་གཞན་མེད། །གང་ལས་བཀའ་དྲིན་ཐོབ་པ་ཡི། །མཁས་པས་དངོས་ [26b.7]གྲུབ་དུ་མ་ཐོབ། །ཡང་དག་གསུངས་པས་སྤྱོད་པ་གང་། །དཔལ་ལྡན་མཉམ་ཉིད་གཉིས་མེད་གསུངས། །དེས་ནི་སློབ་དཔོན་བྱ་བ་སྟེ། །གཞན་གྱིས་འགྲུབ་པར་མི་འགྱུར་རོ། །གོས་དང་རྒྱན་དང་ལོངས་སྤྱོད་དང་། །རང་གི་ཕྱག་རྒྱས་བརྒྱན་བྱས་ནས། །བླ་མ་མཆོད་ཅིང་ [27a] [27a.1]ཕུལ་བྱས་པས། །སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར། །རང་གི་ཕྱག་རྒྱ་ཕུལ་ནས་ནི། །རྒྱུད་ནས་གསུངས་པའི་དངོས་གྲུབ་འགྲུབ། །གཞན་དག་ཕྱི་རོལ་དམ་ཚིག་གིས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །འདི་ནི་རྒྱུད་ཀྱི་བདེན་དོན་གྱི། ། [27a.2]དམ་ཚིག་གཙོ་བོ་མཆོག་ཡིན་ནོ། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །དཔལ་ལྡན་རྡོ་རྗེ་མགོན་གསུངས་པའི། །དམ་ཚིག་དག་ནི་ཐམས་ཅད་ལས། །གཉུག་མའི་ཕྱག་རྒྱ་དབུལ་བ་མཆོག །གཞན་དུ་ཕྱི་རོལ་ཚུལ་དག་གིས། །དམ་ཚིག་འགྲུབ་པར་མི་འགྱུར་རོ། །དེ་ཕྱིར་ [27a.3]འབད་པ་ཐམས་ཅད་ཀྱིས། །གུས་པར་བླ་མ་མཆོད་པར་བྱ། །རང་གི་ཕྱག་རྒྱ་པདྨ་ཡི། །མཆོད་མཆོག་མགྲིན་པའི་དབྱངས་དག་དང་། །བརླ་བརྡབ་པ་ཡི་རོལ་མོ་དང་། །རྡོ་རྗེ་འཇུག་པའི་བསྐྱོད་པ་དང་། །རིག་མའི་མཆུ་ཡི་རོ་མྱོང་དང་། །ཅུང་ཞིག་འཁྱུད་པར་སྤྲོ་བ་ [27a.4]ཡིས། །བཟའ་བ་མཆོད་པ་སྣ་ཚོགས་གང་། །ཉ་དང་ཁུ་བ་ལ་སོགས་དང་། །ཤ་དང་བུར་ཆང་བཟང་པོ་དག །རྒྱུད་ནས་གསུངས་པ་སྣ་ཚོགས་དང་། །ཕྱག་རྒྱ་གཉུག་མ་ཕུལ་བྱས་ནས། །དེ་ནས་དངོས་གྲུབ་འགྲུབ་པར་འགྱུར། །འདི་ལྟའི་གཟུགས་སུ་མ་བྱས་ན། ། [27a.5]གཞན་དུ་དངོས་གྲུབ་འབྱུང་མི་འགྱུར། །རྡོ་རྗེ་སྟོན་ལ་གང་གུས་པ། །འདི་ལྟའི་ཚུལ་དུ་བྱེད་འགྱུར་བ། །དེ་ཉིད་རིག་པས་ལམ་ཉིད་ཀྱིས། །དྲི་མེད་རྡོ་རྗེ་གསུམ་དབྱེར་མེད། །ཡང་དག་རབ་སྦྱིན་གསུང་འགྱུར་བ། །སེམས་ཅན་དེས་འདིར་འཐོབ་པར་འགྱུར། །བླ་ [27a.6]མ་རྡོ་རྗེ་མཉེས་འགྱུར་བས། །དངོས་གྲུབ་བཟང་པོ་ཀུན་སྦྱིན་བྱེད། །རྒྱུད་ནས་གསུངས་པའི་དམ་ཚིག་བཟང་། །དེ་ལྟར་རྟག་པར་རབ་བསྒྲུབས་པས། །རྡོ་རྗེ་སློབ་དཔོན་ཐུགས་རྗེ་མཆོག །མན་ངག་མྱུར་དུ་ཐོབ་པར་འགྱུར། །འདི་ལྟའི་ཚུལ་གྱིས་འོངས་གྱུར་པའི། །དེ་ཉིད་ [27a.7]གསལ་པོར་ཡོངས་ཤེས་ནས། །གུས་པའི་དངོས་པོ་འཕེལ་འགྱུར་བའི། །སངས་རྒྱས་ཉིད་ནི་འགྲུབ་པར་འགྱུར། །མཆོད་པའི་དུས་སུ་འབབ་པ་ཡིས། །གུས་པས་བླ་མར་ཕྱག་བྱས་ནས། །ཕྱི་ནས་སངས་རྒྱས་དངོས་གྲུབ་གཙོ། །རབ་སྦྱིན་རྩེ་གཅིག་སེམས་ཀྱིས་བསྒོམ། ། [27b] [27b.1]སློབ་དཔོན་མཆོག་ལ་དམོད་པ་དང་། །རྡོ་རྗེ་སེམས་དཔའ་ཁྱད་པར་དུ། །དཀོན་མཆོག་གསུམ་ལ་སྨོད་པ་དང་། །འདི་དག་འབད་པས་སྤང་བར་བྱ། །གང་གིས་སངས་རྒྱས་རྣམས་ཀྱི་ཆོས། །ནམ་མཁའ་ལྟ་བུ་མི་ཤེས་པས། །ཐེག་པ་མཆོག་འདི་ཐོས་གྱུར་ནས། །སེམས་ཅན་ [27b.2]དེ་ནི་སྐྲག་འགྱུར་ན། །རྡོ་རྗེ་ཐེག་པ་སྨོད་པ་དེ། །ངན་འགྲོ་དག་ཏུ་འགྲོ་བར་འགྱུར། །དམན་ལ་མོས་པའི་སེམས་ཅན་རྣམས། །བསྐལ་པ་བརྒྱ་ཡི་བར་དུ་ཡང་། །ངན་འགྲོ་དག་ཏུ་འགྲོ་བར་འགྱུར། །ངན་འགྲོ་དག་ནས་བྱུང་ན་ཡང་། །དེ་ནི་འཁོར་བའི་སྡུག་བསྔལ་ [27b.3]འགྱུར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གང་ཞིག་གུས་པར་མི་བྱེད་པ། །སྡུག་བསྔལ་ཕོངས་པ་ཀུན་འབྱུང་བར། །སྡིག་པའི་ལས་ཀྱིས་འགྲོ་འགྱུར་ཏེ། །བདེ་གཤེགས་མཚན་མ་ལ་བརྟེན་ནས། །མནར་མེད་པར་ནི་འགྲོ་བར་འགྱུར། །གང་ཞིག་གུས་པ་དང་ [27b.4]ལྡན་པས། །ཆོས་ཉིད་སྒོམ་པར་བྱེད་གྱུར་པ། །དེ་ནི་སྡིག་པ་ཀུན་སྤངས་ནས། །གཙོ་བོའི་གནས་སུ་འགྲོ་བར་འགྱུར། །བླ་མེད་རྫོགས་པའི་བྱང་ཆུབ་ཏུ། །འདོད་པའི་ཡོན་ཏན་ལྔ་ལྡན་པས། །འཁོར་བའི་རྒྱ་མཚོ་འཇིགས་པ་ལས། །སེམས་ཅན་རྣམས་ནི་ངེས་གྲོལ་ [27b.5]འགྱུར། །སངས་རྒྱས་བྱང་ཆུབ་མཆོག་གི་གནས། །བླ་ན་མེད་པའི་ཆོས་རྣམས་ནི། །འཇིག་རྟེན་ཀུན་ལ་སྟོན་པ་པོར། །དུས་མི་རིང་བར་འགྲུབ་པར་འགྱུར། །མི་ཤེས་སྒྲིབ་པས་ལྡོངས་གྱུར་པའི། །སེམས་ཅན་རྣམས་ལ་དོན་དམ་གྱི། །ཡེ་ཤེས་སྣང་བར་བྱེད་ [27b.6]འགྱུར་ཏེ། །མུན་པ་ལ་ནི་མར་མེ་བཞིན། །བདེ་ཆེན་མགོན་པོ་གཅིག་པུ་ཉིད། །གང་ཞིག་རྟག་ཏུ་དྲན་བྱེད་ཅིང་། །ཞབས་ཀྱི་པདྨ་གཉིས་གུས་པས། །སྡིག་པ་ཐམས་ཅད་ཟད་གྱུར་ནས། །སེམས་ཅན་དེ་ཉིད་དེ་ཡི་མཐུས། །པད་བསྣམས་འཇིག་རྟེན་མགོན་པོ་ [27b.7]ལྟར། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །དུས་མི་རིང་བར་འགྱུར་བ་ཉིད། །གང་ཞིག་དག་པས་དེ་ཉིད་སེམས། །གུས་པས་ལྕགས་ཀྱུས་བརྟན་བཀུག་ནས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །གསང་བའི་སྒྲུབ་ཐབས་གང་བྱེད་པ། །གལ་ཏེ་དེ་ནི་བཟང་གྱུར་ན། ། [28a] [28a.1]བཟང་ཞེས་ཅི་ཕྱིར་རྗོད་པར་བྱེད། །གལ་ཏེ་དམན་དང་འདྲེས་གྱུར་ན། །སློབ་དཔོན་རྣམས་ཀྱིས་དེ་བཟོད་མཛོད། །གང་ཞིག་རྒྱུད་ཀྱི་རྗེས་འབྲང་ནས། །བརྗོད་པ་བདག་གིས་མ་ཤེས་པ། །རང་གི་བུ་བཞིན་འཕགས་པ་རྣམས། །མ་ལུས་པ་དག་བཟོད་པར་མཛོད། ། [28a.2]དཔལ་ལྡན་མགོན་པོ་བདེ་ཆེན་གྱི། །ཞབས་ཀྱི་པདྨོས་ཉེར་འཚོ་བ། །པདྨ་རྡོ་རྗེ་སེམས་ཅན་ཀུན། །རྗེས་སུ་གཟུང་ཕྱིར་བྱས་པ་ཡི། །གསང་བ་སྒྲུབ་པ་ཞེས་བྱ་བ། །དངོས་གྲུབ་ཀུན་གྱི་བླ་མའི་བླ། །གྲོལ་བར་འདོད་པའི་སྒྲུབ་པ་པོ། །འབད་པ་ཉིད་ཀྱིས་བསྟན་པར་བྱ། ། [28a.3]བློ་བཟང་རྟོག་པའི་ཆོ་ག་བཞིན། །གསང་བ་སྒྲུབ་པར་གང་སྤྱོད་པ། །མི་ཡིས་ཚེ་འདི་ཉིད་ལ་ནི། །དངོས་གྲུབ་མ་ལུས་འཐོབ་པར་འགྱུར། །སེམས་ཅན་ཀུན་དང་དུས་གཅིག་ཏུ། །གསང་བ་སྤྱོད་པ་གང་གྲུབ་པའི། །ལེགས་པ་མ་ལུས་གང་ཡོད་པས། །དཔལ་ལྡན་སློབ་དཔོན་ [28a.4]ཞབས་གྲུབ་ཤོག །སངས་རྒྱས་ཐོབ་པའི་རྒྱུར་གྱུར་པས། །ཡུལ་གཞན་ལ་ནི་སེམས་ཞེས་པས། །སྒྲུབ་དཀའི་ཡུལ་དང་ལྷན་ཅིག་ཏུ། །ཀུན་རྟོག་ཐམས་ཅད་སྤང་བར་བྱ། །གནས་སྐབས་ལྔ་ནི་གནོད་གྱུར་ན། །སྐད་ཅིག་གིས་ནི་འཁོར་བར་ལྟུང་། །སྙོམ་དང་གཉིད་དང་ [28a.5]འགྱོད་པ་དང་། །རྒོད་དང་ཐེ་ཚོམ་ཞེས་བྱ་བའི། །སྒྲིབ་པ་ལྔ་པོ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་མི་བཞེད་དོ། །ལྔ་པོ་དེ་ནི་ཡོངས་སྤངས་ནས། །སངས་རྒྱས་ཉིད་དུ་ངེས་བྱས་པས། །སྨྱོན་པའི་བརྟུལ་ཞུགས་ཀྱིས་རོལ་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། ། [28a.6]གསང་བ་དེ་ཉིད་མཆོག་དེ་ཉིད། །གྲུབ་པ་གང་ཞིག་དེར་བརྟེན་པ། །དེར་ནི་རྒྱལ་བ་ཀུན་འབྱུང་བ། །གསང་བ་གྲུབ་པ་ཞེས་བྱར་བརྗོད། །ཅེས་བྱའོ། །དགུ་བཅུ་རྩ་ལྔ་དང་བཅས་པའི། །ཚིགས་སུ་བཅད་པ་ལྔ་བརྒྱར་ནི། །དངོས་གྲུབ་ཐམས་ཅད་བསྡུ་བའི་ཕྱིར། །གསང་བ་གྲུབ་པ་ཞེས་ [28a.7]བྱར་བརྗོད། །པདྨ་རྡོ་རྗེའི་དགའ་བས་ཐོབ་གྱུར་བསོད་ནམས་གང་ཡིན་པས། །སངས་རྒྱས་འབྱུང་བའི་སར་གྱུར་འཇིག་རྟེན་གྱུར་པ་ཡོན་ཏན་རྒྱན་གནས་པ། །སངས་རྒྱས་ཐོབ་པའི་རྒྱུར་གྱུར་གསང་བ་གྲུབ་པ་གཏན་དུ་ཉིན་དང་མཚན་དུ་སྦྱོར་གྱུར་ཅིག །སེམས་ཅན་འདི་ཀུན་ [28b] [28b.1]མ་ལུས་བྱང་ཆུབ་སྙིང་པོའི་བར་དུ་ལེགས་པར་སྤྱོད་གྱུར་ཅིག །གང་ཞིག་རྒྱ་མཚོ་དང་བཅས་ས་གཞི་རི་དང་ལྗོན་ཤིང་སོགས་པས་བརྒྱན་པ་རྣམས། །དེ་དག་དེ་ཉིད་གཟུགས་བརྙན་བཞིན་དུ་ཆེན་པོར་གྱུར་པའི་ཁོང་དུ་ཆུད་པར་སྣང་གྱུར་པ། །རྫོགས་པའི་བྱང་ཆུབ་དྲི་མེད་ཟླ་བའི་འོད་ [28b.2]ཟེར་དཔལ་ལྡན་གསང་བ་གྲུབ་པ་མཆོག །མཛད་པ་ཐུགས་རྗེས་གཞན་གྱི་དབང་གྱུར་དཔལ་ལྡན་པདྨ་རྡོ་རྗེ་གཙོ་ལ་ཕྱག་འཚལ་ལོ། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་མ་ཉེས་པར་ [28b.3]བྱ་བ་ལས། །དོན་དམ་པའི་སློབ་དཔོན་གྱི་མཆོད་པ་ངེས་པར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །།ལྷ་དང་ལྷ་མིན་ལ་སོགས་པ་མ་ལུས་པས། །ཞབས་ཀྱི་པདྨ་ཟུང་ལ་མེ་ཏོག་གི་ཕྲེང་བས་མཆོད་པ་དཔལ་མགོན་པོ་བདེ་བ་ཆེན་པོ་པདྨ་བཛྲ་གྱིས་མཛད་པ་རྫོགས་ [28b.4]སོ།། །།རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །{T2218}༄༅༅། །རྒྱ་གར་སྐད་དུ། པྲཛྙོ་པཱ་ཡ་བི་ནི་ཤྩ་ཡ་སིདྡྷི། བོད་སྐད་དུ། ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་སྒྲུབ་ [28b.5]པ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རང་བཞིན་དྲི་མ་མེད་ཅིང་ཐབས་དང་ཤེས་རབ་རང་བཞིན་སེམས་གང་ལས་ནི་སངས་རྒྱས་ཀྱི། །ཡང་དག་མ་ཡིན་ཀུན་རྟོག་མཐའ་དག་དྲི་མས་མ་གོས་ཆོས་སྐུ་དང་ནི་མཚུངས་མེད་པའི། །དམ་ཆོས་ [28b.6]ཆར་གྱི་གཞིར་གྱུར་ལོངས་སྤྱོད་དང་ནི་སྣ་ཚོགས་པ་ཡི་གཟུགས་དང་སྤྱོད་ལྡན་པའི། །ཡང་དག་སྤྲུལ་པ་སྐྱེ་འགྱུར་དེ་ལ་གུས་པར་ཕྱག་བྱས་ནས་ནི་དེ་ཉིད་བཤད་པར་བྱ། །དེ་ཡི་རང་བཞིན་མ་ཤེས་པའི། །སྐྱེ་བོ་མ་ལུས་ལ་ཕན་ཕྱིར།།དཔལ་ལྡན་ཡན་ལག་མེད་རྡོ་རྗེ། །བདག་ [28b.7]གིས་དེ་ཉིད་མདོར་བསྡུ་བྱ། །བྱིས་པས་འཁྲུལ་པའི་བདེན་མིན་པའི། །ཀུན་དུ་རྟོག་པ་ལས་བྱུང་དངོས། །ཀུན་དུ་རྟོག་པའི་བདག་ཉིད་ཅན། །དེ་ནི་སྲིད་པར་མཁས་པས་བཤད། །དེ་ལ་བཟོད་དཀའ་རྒྱུན་ཆགས་པའི། །ཉོན་མོངས་མ་ལུས་ཚོགས་རྣམས་དང་། །རྣམ་ [29a] [29a.1]པ་སྣ་ཚོགས་རྒྱ་ཆེ་བའི། །ལས་ཀྱི་ཚོགས་ནི་སྐྱེ་བར་འགྱུར། །དེ་གཉིས་ལས་ནི་སྐྱེ་བ་དང་། །འཆི་བ་ལ་སོགས་རབ་རྒྱས་པ། །མི་བདེན་ལ་ཞེན་སེམས་ལྡན་པའི། །ཤིན་ཏུ་སྡུག་བསྔལ་ཁོར་མོར་འབྱུང་། །ཤེས་རབ་ཉམ་ཆུང་དེ་དག་ནི། །ཇི་སྲིད་དངོས་ [29a.2]འཛིན་ཆེན་པོ་ཡོད། །དེ་སྲིད་སྲིད་པའི་བཙོན་རར་གནས། །བདག་དང་གཞན་ཕན་གལ་ཡོད། །དེ་ཕྱིར་འགྲོ་བ་གསུམ་པོ་དག །དགའ་བར་བྱེད་འདོད་རང་གི་ནི། །འཁྲུལ་པ་བསལ་བར་འདོད་པ་ཡི། །ཤེས་རབ་ཅན་གྱིས་དངོས་འཛིན་སྤང་། །གལ་ཏེ་མིང་ཙམ་ཐ་དད་ [29a.3]ཀྱང་། རྟོག་པ་ཉིད་དུ་དབྱེར་མེད་ཕྱིར། །མཁས་པས་དངོས་འཛིན་ཡོངས་གཏང་སྟེ། །དངོས་མེད་པར་ཡང་མི་རྟག་གོ། །མར་མེ་འབར་བ་བསད་རུང་གི། །ཤིན་ཅི་ཡང་བྱར་མེད་པར། །དངོས་པོར་འཛིན་པ་ཉིད་རུང་གི། །དངོས་མེད་འཛིན་པ་དེ་ལྟ་མིན། །ཡང་དག་དངོས་པོ་ [29a.4]མི་རྟོག་པ། །དེ་ཡིས་དངོས་པོ་མཚོན་འགྱུར་ཏེ། །གང་ཕྱིར་ནམ་མཁའ་ཞིག་པ་ནི། །མེད་པས་དང་པོ་བྲལ་བ་མིན། །ཐབས་དང་བྲལ་བར་གྱུར་པ་ཡིས། །དངོས་མེད་ཙམ་ཞིག་བསྒྲུབས་གྱུར་ཀྱང་། །མེད་ཕྱིར་ནམ་མཁའི་མེ་ཏོག་བཞིན། །བདག་གཞན་དོན་ནི་ནུས་མ་ཡིན། ། [29a.5]མིག་འཕྲུལ་ལྟ་བུར་འཁྲུལ་བའི་ཕྱིར། །དེ་ལྟར་དངོས་པོ་ཡོངས་སུ་བཏང་། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །མེད་ཕྱིར་དངོས་མེད་དེ་བཞིན་ནོ། །དེ་གཉིས་ཇི་ལྟར་ཡོངས་བཏང་དང་། །བཏང་ནས་གང་དུ་གནས་པ་ནི། །འཁོར་མིན་མྱ་ངན་འདས་མིན་པ། །དེ་ནི་མཁས་ [29a.6]པས་མཉན་པར་གྱིས། །ཤེས་དང་ཤེས་བྱ་རབ་ཕྱེ་སྟེ། །སྦྱོར་བས་ཡོངས་སུ་བརྟགས་ནས་ནི། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཤེས་རབ་དེ་ཉིད་དུ་ནི་བརྗོད། །མ་ལུས་སྡུག་བསྔལ་རྒྱ་མཚོ་དང་། །སྡུག་བསྔལ་ལས་འདོན་གང་ཡིན་པ། །སྙིང་རྗེ་སེམས་ཅན་ལ་ཆགས་ [29a.7]པས། །འདོད་ཆགས་ཞེས་ནི་བྱ་བར་གྲགས། །རྟག་ཏུ་རྗེས་མཐུན་སྦྱོར་བ་ཡིས། །སྐྱེ་བོ་མངོན་པར་འདོད་པ་ཡིས། །འབྲས་བུ་གང་ཡིན་ཉེར་སྦྱིན་པས། །དེ་ཉིད་ཐབས་ཞེས་བྱ་བར་བསྒྲགས། །ཆུ་དང་འོ་མ་འདྲེས་པ་བཞིན། །གཉིས་མེད་རྣམ་པར་སྦྱོར་བ་ཡིས། ། [29b] [29b.1]གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཞེས་བྱ་བར་བརྗོད། །དེ་ལྟར་གང་ལ་གཞག་པ་དང་། །གསལ་བར་ནུས་པ་མ་ཡིན་ཞིང་། །གཞག་དང་གསལ་བ་སྤངས་པ་ནི། །ཆོས་རྣམས་དེ་བཞིན་ཉིད་ཅེས་བརྗོད། །གཟུང་དང་འཛིན་པ་དང་བྲལ་བ། །ཡོད་དང་མེད་པའི་ [29b.2]ཕྱོགས་སྤངས་ཤིང་། །མཚན་གཞི་དང་ནི་མཚན་ཉིད་གྲོལ། །རང་བཞིན་དག་པ་དྲི་མ་མེད། །གཉིས་དང་གཉིས་མེད་ཞི་བ་དང་། །ཐམས་ཅད་ལ་གནས་དགེ་བ་སྟེ། །སོ་སོ་རང་རིག་མི་གཡོ་ཞིང་། །ཐབས་དང་ཤེས་རབ་མི་འཁྲུགས་པས། །དེ་ཉིད་སངས་རྒྱས་ཐམས་ཅད་ [29b.3]ཀྱིས། །མཆོག་ཏུ་ངོ་མཚར་གྱུར་པའི་གནས། །ལེགས་དང་ལྷ་ཡི་ཕུན་ཚོགས་བྱེད། །ཆོས་ཀྱི་དབྱིངས་སུ་རབ་ཏུ་གྲགས། །དུས་གསུམ་སངས་རྒྱས་ཀྱིས་བསྟེན་པའི། །མི་གནས་མྱ་ངན་འདས་པ་སྟེ། །ཡིད་འོང་བདག་བྱིན་བརླབས་པའི་གནས། །ཤེས་རབ་ཕ་རོལ་ [29b.4]ཕྱིན་དགེ་བ། །ཐེག་པ་གསུམ་དང་སྐུ་གསུམ་དང་། །བྱེ་བ་གྲངས་མེད་སྔགས་དང་ནི། །ཕྱག་རྒྱའི་དཀྱིལ་འཁོར་འཁོར་ལོ་དང་། །འཇིག་རྟེན་པ་དང་དེ་ལས་འདས། །ལྷ་དང་ལྷ་མིན་མི་དང་ནི། །ཡིད་གསལ་སོགས་དེ་བཞིན་གཞན། །དེ་ཉིད་ལས་ནི་བྱུང་ནས་སུ། ། [29b.5]དེ་ཉིད་དུ་ནི་ཐིམ་པར་འགྱུར། །མ་ལུས་པ་ཡི་འགྲོ་རྣམས་ལ། །ཡིད་བཞིན་ནོར་ལྟར་ཀུན་དུ་གནས། །ཤེས་རབ་ཐབས་ཀྱི་རང་བཞིན་གྱིས། །སྤྱོད་དང་གྲོལ་བ་ཡང་ངག་རྩོལ། །དེ་ཉིད་ཡང་དག་རྟོགས་ནས་སུ། །སྔོན་གྱི་བདེ་གཤེགས་སངས་རྒྱས་ལ། །ཐམས་ཅད་དུ་ [29b.6]ནི་སངས་རྒྱས་ཞིང་། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྱུར། །དཔག་མེད་བདེ་བའི་རང་བཞིན་ཕྱིར། །དཔལ་ལྡན་བདེ་ཆེན་ཞེས་བྱ་ལ། །ཀུན་དུ་བཟང་པོ་མཆོག་ཉིད་དང་། །མངོན་པར་བྱང་ཆུབ་བྱེད་པ་པོ། །མཚུངས་པ་མེད་པའི་ཐུགས་རྗེས་འགྲོ་བ་གསུམ་གྱི་སྡུག་ [29b.7]བསྔལ་མ་ལུས་པ། །འཇོམས་པར་བྱེད་པ་གཅིག་པུ་རབ་འཇུག་དང་ནི་དཔག་མེད་སྣ་ཚོགས་པའི། །ཚོགས་ལ་ཆགས་པ་ལས་ནི་རྣམ་པར་གྲོལ་བའི་བློ་མཆོག་མཉམ་འདུས་པ། །བདག་གཞན་ཕན་དང་བདེ་རྒྱུ་དེ་ཉིད་དུ་ནི་ཐུབ་པའི་དབང་པོས་གསུངས། །དེ་དག་ནི་ཐབས་དང་ [30a] [30a.1]ཤེས་རབ་རྣམ་པར་གཏན་ལ་དབབ་པ་སྒྲུབ་པ་ལས། ཤེས་རབ་དང་ཐབས་རྣམ་པར་སྤྲོས་པའི་རིམ་པར་ཕྱེ་བ་སྟེ་དང་པའོ།། །།སྲིད་པ་གཞོམ་དཀའ་འཁྲུལ་པ་ཡི། །ནད་ཀྱིས་གཞོམ་བདག་ལ་ཕན་པ། །དེ་ཉིད་རིན་ཆེན་ཐོབ་བྱའི་ཕྱིར། །དེ་ནས་འདི་ལ་ཅུང་ཟད་ [30a.2]བཤད། །དཔལ་ལྡན་ཡན་ལག་མེད་རྡོ་རྗེ། །སྙིང་རྗེར་ཞུགས་པའི་སེམས་ཀྱིས་ནི། །སྔོན་གྱི་སངས་རྒྱས་ཀྱིས་གསུངས་པའི། །ཐབས་ནི་ཇི་བཞིན་མདོར་བསྡུ་བྱ། །དེ་འདི་ཡིན་ཞེས་རྒྱལ་བས་ཀྱང་། །དེ་ནི་བརྗོད་པར་ནུས་མ་ཡིན། །སོ་སོ་རང་རིག་རང་བཞིན་ཕྱིར། །ངག་ [30a.3]གི་ལམ་གྱིས་གཟུང་བྱ་མིན། །དེ་ལྟ་ན་ཡང་དུས་གསུམ་གྱི། །སངས་རྒྱས་འགྲོ་རྣམས་དགའ་མཛད་པས། །མདོ་སྡེ་དུ་མ་གསང་སྔགས་ཀྱི། །སྤྱོད་པ་ལ་སོགས་རིམ་གྱིས་བཤད། །དགྲ་དང་དོན་དག་འབྲེལ་མེད་ཕྱིར། །ཐོས་པ་ལ་སོགས་ཤེས་པ་ཡིས། །ཡུལ་དུ་ནམ་ [30a.4]ཡང་འགྱུར་མ་ཡིན། །བསྟན་བཅོས་མཚན་ཉིད་སྟོན་པ་ཡིན། །དེ་ཕྱིར་སྐྱེས་བུ་དམ་པ་ཡིས། །བླ་མ་དམ་པ་བསྟེན་པར་རིགས། །དེ་མ་གཏོགས་པར་དེ་ཉིད་ནི། །བསྐལ་པ་བྱེ་བས་ཐོབ་མི་འགྱུར། །ཞིང་བཟང་ཤིན་ཏུ་སྦྱངས་པ་ལས། །ས་བོན་མེད་པའི་མྱུ་ [30a.5]གུ་བཞིན། །དེ་ཉིད་རིན་ཆེན་མ་རྙེད་པར། །ནམ་ཡང་དངོས་གྲུབ་འགྱུར་མ་ཡིན། །རྣམ་པར་མི་རྟོག་ལམ་ལ་གནས། །ཐབས་དང་ཤེས་རབ་དོན་སྟོན་པའི། །མན་ངག་ལྡན་པ་འགའ་ཙམ་སྟེ། །ཡིད་བཞིན་ནོར་བུ་བཞིན་དུ་འབྱུང་། །ས་སྟེང་གི་ནི་སློབ་དཔོན་ཏེ། །ངེས་པར་ [30a.6]ཡོངས་སུ་ཤེས་བྱས་ལ། །དངོས་གྲུབ་མཆོག་ནི་བདག་སྒྲུབ་ཕྱིར། །དེ་ནི་འབད་པས་བསྙེན་བཀུར་བྱ། །གང་ཞིག་གི་ནི་གཟི་བརྗིད་ཀྱིས། །ཁམས་གསུམ་བརྟན་དང་གཡོ་བཅས་པའི། །འབྱུང་པོ་ཀུན་གྱིས་དགེ་ལེགས་དང་། །དཔག་མེད་བྱང་ཆུབ་བདེ་མཆོག་ཐོབ། ། [30a.7]ལྟོས་པ་མེད་པར་ཐུགས་བརྩེ་བའི། །ཐུགས་རྗེའི་སྐུ་ཅན་དེ་ལ་ནི། །བསམ་ངན་རྒྱུ་ཡི་དྲི་བཅས་པས། །སེམས་ཀྱིས་ཅི་ཕྱིར་འདུད་པར་བྱེད། །ཇི་སྲིད་འདོད་པ་རྙེད་བར་དུ། །ཀུན་དུ་ཕྱག་དང་བཀུར་སྟི་དང་། །འབད་དེ་ཆང་ལ་སོགས་པས་མཆོད། །བསྙེན་བཀུར་སྲི་ཞུ་ [30b] [30b.1]བླ་མར་བྱེད། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །རིན་ཆེན་དེ་ཉིད་ཐོབ་གྱུར་ནས། །སྡང་ལ་སྐྱོན་རྣམས་རྟོག་བྱེད་ཅིང་། འདྲིས་མེད་ཙམ་ཡང་བྱེད་མི་འགྱུར། །དེ་བཞིན་གཞན་ཡང་ངན་པའི་བདག །བླ་མ་རྡོ་རྗེ་ཅན་བསྟེན་ནས། །ཅོ་འདྲི་བར་ནི་བྱེད་པའི་བདག ། [30b.2]བསམ་ངན་རང་ལ་ཅོ་འདྲི་འམ། །དཀོན་མཆོག་གསུམ་གྱི་དཀོར་དང་ནི། །བླ་མའི་ཕྱག་རྒྱ་འཕྲོག་པར་བྱེད། །རྣལ་འབྱོར་པ་ཡི་དམ་ཆོས་ལ། །མ་སྤྱད་པར་ནི་སྨོད་པར་བྱེད། །དམ་ཚིག་ངོ་མཚར་ཆེ་གྱུར་ལ། །རྟག་ཏུ་སྨོད་བྱེད་བློ་ལྡན་པ། །ང་ཡང་ཤིན་ཏུ་སྐྲག་བྱེད་ཅེས། ། [30b.3]དཔལ་ལྡན་རྡོ་རྗེ་མགོན་པོས་གསུངས། །བསྙེན་བཀུར་མེད་པར་མྱུར་བ་རུ། །བདག་ནི་རྗེས་སུ་གཟུང་འཚལ་བརྗོད། །སྡང་བའི་སེམས་ཀྱིས་གཞན་བསྟན་ཏེ། །ཁ་ཅིག་ཉེས་པ་སྒྲོགས་ལ་བརྩོན། །སངས་རྒྱས་དོན་དུ་མི་གཉེར་ཞིང་། །རྣལ་འབྱོར་པ་དང་སློབ་དཔོན་ཞེས། །བདག་ [30b.4]ནི་ཅི་ནས་ཤེས་འགྱུར་བ། །དེ་ཙམ་ལ་ནི་ཞུགས་པ་ཡིན། །བརྒྱ་ལ་ཡེ་ཤེས་རྙེད་འགྱུར་ན། །ཁེངས་པས་བླ་མ་ལ་སྡང་བར། །སྔགས་ཀྱི་རིམ་པ་ལས་འོངས་པ། །འདི་ནི་བདག་གིས་ཤེས་ཞེས་བརྗོད། །སླར་ལ་འབུལ་གྱིས་ཡས་རང་བཟུང་། །དེ་ནས་བརྩམས་ཏེ་ཡས་ཀྱི་ནི། ། [30b.5]སློབ་མ་ང་མིན་སློབ་དཔོན་མིན། །ཁྲོ་བཅས་སྨྲ་བ་གཞན་དག་ཡོད། །བླ་མ་སླུ་བའི་བསམ་པ་ཡིས། །ཅོ་འདྲི་བྱེད་ཅིང་འཁྱལ་བྱེད་པ། །ཚེ་འདི་བདེ་བ་ཡོད་མིན་ན། །དེ་དག་ཇི་ལྟར་འགྲུབ་པར་འགྱུར། །དེ་ལྟ་བུ་ཡི་སེམས་ཅན་གང་། །རང་གི་དོན་ལ་རྒྱབ་ཕྱོགས་ [30b.6]ཡིན། །དེ་ནི་ངན་འགྲོ་ཀུན་སྣོད་དུ། །དཔལ་ལྡན་རྡོ་རྗེ་མགོན་པོས་གསུངས། །བདག་ཉིད་སུན་འབྱིན་བྱེད་པ་དེ། །དམྱལ་ལས་འགྲོ་བ་གཞན་ཡོད་མིན། །ཤིན་ཏུ་མི་བཟད་ལས་རྣམས་ཀྱིས། །སྡུག་བསྔལ་རྣམ་པ་མང་པོས་འཚེད། །དེ་བས་དམ་པ་དོན་གཉེར་བའི། ། [30b.7]སྐྱེས་བུ་དངོས་པོ་ཐམས་ཅད་ཀྱིས། །དཔག་མེད་འབྲས་བུ་རབ་སྟེར་བའི། །སློབ་དཔོན་ཀུན་དུ་བསྟེན་པར་བྱ། །བྱང་ཆུབ་ཏུ་ནི་ངེས་བྱས་པས། །ཕྲག་དོག་ང་རྒྱལ་སེར་སྣ་དང་། །དེ་བཞིན་གཡོ་དང་སྒྱུ་དང་ནི། །སྐྱོ་དུབ་འདུ་ཤེས་ཡོངས་སྤངས་ཏེ། །རྟག་ཏུ་ངུ་ཡི་སྤྱོད་ [31a] [31a.1]པ་བཞིན། །མི་གཡོ་བ་ཡི་སེམས་ཀྱིས་ནི། །དངོས་གྲུབ་ཀུན་དོན་སྟེར་བའི་བླ། །འགྲོ་བའི་མགོན་པོ་བསྙེན་བཀུར་བྱ། །ཤིན་ཏུ་གུས་པས་དུས་གསུམ་དུ། །ཞབས་ལ་སྤྱི་བོས་ཕྱག་བྱས་ཤིང་། །རང་གི་ལུས་ལའང་ལྟོས་མེད་པར། །མཎྜལ་སྔོན་འགྲོ་ [31a.2]མཆོད་པར་བྱ། །དེ་ནས་བླ་མའི་བཀའ་དྲིན་གྱིས། །དུས་གསུམ་སངས་རྒྱས་ཀྱིས་གསུངས་པ། །དེ་ཉིད་དམ་པ་གེགས་མེད་པར། །སློབ་མ་ཡིས་ནི་ཐོབ་པར་འགྱུར། །རྟག་ཏུ་འོད་གསལ་དག་པ་སྟེ། །རྒྱལ་བའི་གནས་འགྱུར་བྱང་ཆུབ་སེམས། །གསལ་བ་ཆོས་ཀྱི་ [31a.3]དབྱིངས་ཀྱི་དངོས། །ཕུན་ཚོགས་མ་ལུས་བྱེད་པར་འགྱུར། །མུན་པའི་ཚོགས་ནི་འཇོམས་བྱེད་པའི། །ཉི་མ་དང་ནི་ཉེ་བ་ཡི། །མེ་ཤེལ་གྱི་ནི་ནོར་བུ་ལས། །རབ་འབར་མེ་ལྕེ་འབྱུང་བ་བཞིན། །སློབ་མའི་སེམས་ནི་ནོར་བུ་ལ། །འགྲོ་བ་གཟིགས་པ་ཉེར་འགྱུར་ན། །དྲི་མ་ [31a.4]འཇོམས་བྱེད་རྣལ་འབྱོར་གྱི། །མེ་ལྕེ་རྣོ་འབར་དེ་བཞིན་ནོ། །དཔལ་ལྡན་དེ་ཉིད་རིན་ཆེན་ནི། །རབ་ཏུ་རྟོགས་པས་འབར་རྗེས་ལ། །ཕྱོགས་བཅུ་ན་བཞུགས་སངས་རྒྱས་རྣམས། །ཐུགས་རྗེས་ཐུགས་ནི་འཕངས་ནས་སུ། །མྱུར་དུ་བྱིན་ནས་སློབ་མ་ནི། །སངས་རྒྱས་བྱིན་ [31a.5]བརླབས་གདོན་མི་ཟ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །སངས་རྒྱས་ཀུན་གྱི་རང་བཞིན་འགྱུར། །བརྟན་པས་གཡོ་དང་ཟོལ་དང་ང་རྒྱལ་སྒྲིབ་པ་ཐམས་ཅད་ཡོངས་སུ་སྤངས་ནས་ནི། །མན་ངག་ལྡན་པའི་བླ་མ་མཚུངས་པ་མེད་པ་དད་པས་འདིར་ནི་བསྟེན་པར་བྱ། །དེས་ [31a.6]དེ་ངེས་པར་རྒྱལ་བའི་ཡོན་ཏན་གཏེར་འགྱུར་དེ་ཉིད་རིན་ཆེན་རྙེད་གྱུར་ནས། །བདེ་གཤེགས་ཀུན་གྱིས་བརྙེས་པའི་བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །དེ་དག་ནི་ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་སྒྲུབ་པ་ལས་རྡོ་རྗེ་སློབ་དཔོན་བསྙེན་བཀུར་ངེས་པར་བསྟན་པའི་རིམ་པར་ [31a.7]ཕྱེ་བ་སྟེ་གཉིས་པའོ།། །།རྡོ་རྗེ་སེམས་དཔའི་གནས་འདོད་པའི། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །དབང་བསྐུར་སྲིད་གསུམ་ཕུན་ཚོགས་གནས། །དེ་ནི་འདི་ལ་ཡང་དག་བཤད། །བདེ་གཤེགས་གནས་ཀྱི་དཀྱིལ་འཁོར་དུ། །རྒྱུད་ནི་ལམ་གྱི་རྗེས་འབྲངས་ [31b] [31b.1]ནས། །མཁས་པས་གང་ཚེ་དབང་བསྐུར་ན། །སངས་རྒྱས་ཐམས་ཅད་མངོན་སུམ་ཡིན། །དཔག་མེད་འཇིག་རྟེན་ཁམས་དབང་ཕྱུག །བདག་བྱིན་བརླབ་པའི་དབང་ཐོབ་པ། །དམ་ཚིག་ཉམས་ཀྱི་འཇིགས་པས་ན། །བློ་ལྡན་དེ་དག་གིས་ཀྱང་འཛིན། །སངས་རྒྱས་རྣམས་ཀྱི་ [31b.2]དོན་དམ་དུ། །སྔགས་ཀྱི་ལམ་ལས་དེ་བཞིན་གསུངས། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའི། །སྔགས་ཀྱི་ལམ་དུ་དེ་བཞིན་གསུངས། །དེ་བས་དོན་ཀུན་ལ་འབད་པས། །དབང་བསྐུར་དོན་གཉེར་རྒྱལ་དག་སྲས། །རྡོ་རྗེ་སློབ་དཔོན་ [31b.3]ཡོན་ཏན་མཚོ། །ཇི་ལྟར་རིགས་པས་བསྙེན་པར་བྱ། །གཟུགས་དང་ལང་ཚོ་ཕུན་སུམ་ཚོགས། །མིག་བཟང་ཕྱག་རྒྱ་རྙེད་ནས་ནི། །གོས་དང་ཙནྡན་ཕྲེང་སོགས་ཀྱིས། །རབ་ཏུ་བརྒྱན་ཏེ་དབུལ་བར་བྱ། །དྲི་དང་ཕྲེང་སོགས་བསྙེན་བཀུར་དང་། །ཆང་དང་སྟོན་མོ་ [31b.4]རྒྱ་ཆེན་དང་། །ཕྱག་རྒྱར་བཅས་པའི་གཙོ་བོ་ནི། །གུས་པས་འབད་དེ་ཡང་དག་མཆོད། །སློབ་མ་དད་པས་པུས་ལྷ་ང་། །ས་ལ་ལེགས་པར་བཙུགས་ནས་ནི། །ཐལ་སྦྱར་བཅས་པའི་བསྟོད་པ་འདིས། །སྟོན་པ་ལ་ནི་གསོལ་གདབ་བྱ། །རྣམ་རྟོག་ཐམས་ཅད་ [31b.5]སྤངས་པ་ཡི། །སྟོང་ཉིད་སྙིང་པོ་བསྟོད་ཕྱག་འཚལ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཡེ་ཤེས་སྐུ་ཁྱོད་ཕྱག་འཚལ་ལོ། །འགྲོ་བའི་མི་ཤེས་གཅོད་པ་པོ། །བདག་དོན་དེ་ཉིད་སྟོན་མཛད་པ། །ཆོས་བདག་མེད་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་ཁྱོད་ [31b.6]ལ་ཕྱག་འཚལ། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །ས་དང་ཕ་རོལ་ཕྱིན་ཡོན་ཏན། །རྟག་ཏུ་མགོན་པོ་ཁྱོད་ལས་འབྱུང་། །བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །དཀོན་མཆོག་གསུམ་དང་ཐེག་ཆེན་གྱི། །དེ་ཉིད་བརྟན་དང་གཡོ་བཅས་པ། །ཁམས་ [31b.7]གསུམ་འདི་དག་ཐམས་ཅད་ཀྱི། །འགྲོ་བའི་ས་བོན་ཁྱོད་ལ་འདུད། །འགྲོ་དོན་སྣ་ཚོགས་གྲུབ་པའི་ཕྱིར། །ཡིད་བཞིན་ནོར་བུ་བཞིན་དུ་འབྱུང་། །དཔལ་ལྡན་བདེ་གཤེགས་བཀའ་བཞིན་མཛད། །སངས་རྒྱས་སྲས་པོ་ཁྱོད་ལ་འདུད། །ཡོན་ཏན་རྒྱ་མཚོ་བཀའ་དྲིན་ [32a] [32a.1]གྱིས། །དེ་ཉིད་བླ་མེད་ཤེས་པར་འཚལ། །ཀུན་མཁྱེན་རྡོ་རྗེའི་དབང་བསྐུར་བ། །དེ་ལྟར་བཀའ་དྲིན་མཛད་དུ་གསོལ། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་ཡིས། །སངས་རྒྱས་ཀུན་གྱི་གསང་ཆེན་པོ། །རྡོ་རྗེ་ཆོས་ལ་བསྟན་པ་བཞིན། །དེ་རིང་མགོན་པོས་བཀའ་ [32a.2]དྲིན་སྩོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །བདག་ལ་གཞན་ནི་སྐྱབས་མ་མཆིས། །འཁོར་བའི་དགྲ་ལས་རབ་རྒྱལ་བའི། །མགོན་པོས་དེ་ཕྱིར་བརྩེ་བར་མཛོད། །དེ་ནས་དཔལ་ལྡན་སློབ་དཔོན་ནི། །ཕན་པའི་བསམ་པས་རྗེས་བརྩེ་བས། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །འདོད་པའི་ཡོན་ཏན་ [32a.3]ལྔས་གང་བའི། །དྲིལ་བུ་སིལ་སྙན་སྒྲ་དང་བཅས། །བླ་རེ་འབར་བ་བྲེས་པ་རུ། །མེ་ཏོག་བདུག་པ་ཉམས་དགའ་འཁྲིགས། །ཕྲེང་དང་དྲི་ཞིམ་མཆོག་ཏུ་བདེ། །རྡོ་རྗེ་སེམས་དཔའ་ལམ་གྱི་ལྷ། །རྣལ་འབྱོར་མ་ནི་རྣལ་འབྱོར་ལྡན། །མཆོག་ཏུ་རྨད་བྱུང་གནས་གྱུར་ [32a.4]པའི། །ཚོགས་ཀྱི་འཁོར་ལོར་བཀུག་ནས་ནི། །དེ་ནས་སློབ་དཔོན་སྐལ་བཟང་གིས། །ཕྱག་རྒྱ་དང་ནི་སྦྱར་བྱས་ཏེ། །རྒྱལ་བའི་གནས་གྱུར་བྱང་ཆུབ་སེམས། །པདྨའི་སྣོད་དུ་བཞག་ནས་ནི། །བཀྲ་ཤིས་གླུ་ཡི་ཚིགས་བཅད་དང་། །གདུགས་དང་རྔ་ཡབ་རྒྱལ་མཚན་བཅས། ། [32a.5]ཕྱག་རྒྱར་ལྡན་པས་སློབ་མ་ནི། །འགྲོ་བའི་གཙོ་བོར་དབང་བསྐུར་བྱ། །སློབ་དཔོན་དབང་ཕྱུག་མཆོག་གིས་ནི། །དབང་བསྐུར་རིན་ཆེན་བྱིན་ནས་སུ། །རང་བཞིན་གསལ་ཞིང་མངོན་སྦྱངས་པ། །དམ་ཚིག་ཉམས་དགའ་སྦྱིན་པར་བྱ། །རིན་ཆེན་ཆེན་པོ་ག་པུར་བཅས། །ཙནྡན་ [32a.6]དམར་པོ་སྦྱར་བ་དང་། །རྡོ་རྗེ་ཡི་ནི་ཆུ་དང་བཅས། །ལྔ་པ་དག་ལས་ཡང་དག་བྱུང་། །འདི་ནི་བུ་ཁྱོད་དམ་ཚིག་སྟེ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །བཟང་པོས་རྟག་ཏུ་བསྐྱང་བར་བྱོས། །དེ་ནི་སྡོམ་པ་མཉན་པར་གྱིས། །སྲོག་ཆགས་གསད་པར་མི་བྱ་ [32a.7]ཞིང་། །བུད་མེད་རིན་ཆེན་སྤང་མི་བྱ། །ཁྱོད་ཀྱིས་སློབ་དཔོན་ཡང་མི་སྤང་། །སྡོམ་པ་ཤིན་ཏུ་འདའ་དཀའ་བའོ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །སློབ་མ་སྡིག་དང་བྲལ་བར་འགྱུར། །སངས་རྒྱས་སྲས་མཆོག་དེ་ལ་ནི། །རྗེས་སུ་གནང་བ་དེ་ནས་སྦྱིན། ། [32b] [32b.1]བྱང་ཆུབ་སྙིང་པོའི་མཐར་ཐུག་བར། །ཕྱོགས་ཀྱི་འཁོར་ལོ་ཀུ་ན་དུ་ནི། །ཆོས་ཀྱི་འཁོར་ལོ་བླ་མེད་པ། །སེམས་ཅན་མཆོག་གིས་བསྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་དག །ཡིད་བཞིན་ནོར་ལྟར་རྒྱ་ཆེ་བ། །ཆགས་དང་བྲལ་ཞིང་མི་སྐྱོ་བས། །ད་ནི་སེམས་ཅན་ [32b.2]རྣམས་དོན་གྱིས། །རྗེས་གནང་བཅས་པའི་དབང་བསྐུར་ཐོབ། །བྱ་བ་བྱས་ཤིང་རབ་དགའ་བས། །འགྲོ་ཀུན་དགའ་བར་བྱེད་པ་ཡི། །འཇམ་པའི་ཚིག་ནི་བརྗོད་པར་བྱ། །དེ་རིང་བདག་གསོན་འབྲས་བུ་ཡོད། །དེ་རིང་སྐྱེ་བ་འབྲས་བུ་ཡོད། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། ། [32b.3]དེ་རིང་སངས་རྒྱས་སྲས་པོར་གྱུར། །སྐྱེ་ལ་སོགས་པའི་རྦ་རླབས་དང་། །ཉོན་མོངས་འདམ་ནི་རྒལ་དཀའ་བའི། །རྟོག་པའི་རྒྱ་མཚོ་འཇིགས་ཆེན་ལས། །མགོན་པོས་དེ་རིང་བདག་བསྒྲལ་ཏོ། །ཁྱོད་ཞབས་བཀའ་དྲིན་ཤེས་ནས་སུ། །བྱང་ཆུབ་གང་གི་བདག་འཚལ་བས། ། [32b.4]བག་ཆགས་ཐམས་ཅད་སྤངས་ནས་སུ། །རྫོགས་པའི་བཞིན་དུ་བདག་གྱུར་ཏོ། །མིག་མདངས་འཛུམ་དང་བཅས་པ་ཡིས། །གུས་པས་ཞབས་ལ་བཏུད་ནས་སུ། །འཛིན་པ་མེད་པའི་སེམས་ཀྱིས་ནི། །རྫས་ནི་གང་དང་གང་བཞེད་པ། །དེ་དང་དེ་ནི་དབུལ་བར་བྱ། །བླ་མ་ [32b.5]ཐུགས་རྗེ་ཅན་གྱིས་ཀྱང་། །སློབ་མའི་འཛིན་པ་སྤང་བའི་ཕྱིར། །དེ་ལ་ཕན་ཕྱིར་བླང་བར་བྱ། །བླ་མའི་ཡོན་ནི་ཕུལ་ནས་སུ། །དེ་ནས་མཆོད་དེ་ཕྱག་བྱས་ལ། །མངོན་པར་འདོད་པའི་གནས་ཐོབ་ནས། །སླར་ཡང་འདི་ཡིས་མཁྱེན་པར་གསོལ། །དེ་རིང་སངས་ [32b.6]རྒྱས་མཆོག་ཁྱོད་ཀྱི། །བཀའ་དྲིན་བདག་གིས་ཐོབ་པར་འགྱུར། །དེ་མཐུས་བླ་མེད་བྱང་ཆུབ་ནི། །ཇི་བཞིན་བདག་གིས་བསྒྲུབ་པར་བགྱི། །མཆོག་ཀུན་གྱིས་ནི་མཆོད་པའི་གནས། །བླ་མེད་བྱང་ཆུབ་ཐོབ་ནས་ནི། །སྲིད་གསུམ་གནས་པའི་སེམས་ཅན་རྣམས། །དེ་ཉིད་ [32b.7]ལ་ནི་དགོད་པར་བགྱི། །ཆོ་ག་འདི་དག་ཉིད་ཀྱིས་དབང་བསྐུར་བྱིན་ནས་ནི། །སློབ་མ་ལྷག་པར་མོས་པའི་ཡིད་ཀྱིས་བརྟག་བྱས་ལ། །ཟབ་ཅིང་རྒྱ་ཆེ་བ་ལ་ལྷག་པར་མོས་ནས་ནི། །ཚིག་གིས་རིན་ཆེན་དབང་བསྐུར་སྦྱིན་པར་བྱ། །དབང་བསྐུར་མཆོག་ནི་མ་ལུས་ཐོབ་པར་འགྱུར་ [33a] [33a.1]བ་སྟེ། རྡོ་རྗེ་མཆོག་འཛིན་རྙེད་དཀའ་མཚུངས་པ་མེད་པའི་གནས། །ལོངས་སྤྱོད་རྫོགས་པ་དང་ནི་དཔལ་གྱི་ཞིང་གྱུར་པ། །བྱང་ཆུབ་སེམས་ཅན་དབང་བསྐུར་དེ་དག་བླང་བར་བྱ། །རྗེས་སུ་གནང་བ་ཐོབ་ནས་འཇིག་རྟེན་གསུམ་པོ་ཡི། །བྱ་བྱེད་ངན་པའི་དགྲ་ལས་རྒྱལ་བའི་བློ་ལྡན་ [33a.2]པས། །དྲི་མ་མེད་པའི་དེ་ཉིད་གྲུབ་པའི་གནས་དེར་ནི། །འཇུག་པའི་སེམས་ཀྱིས་རྒྱལ་བ་དེ་ཉིད་རྣལ་འབྱོར་བྱའོ། །ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་སྒྲུབ་པ་ལས། བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།གཞན་དོན་ [33a.3]ལ་ཕན་བརྩོན་འགྲུས་ཅན། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །ཤེས་རབ་ཐབས་ཀྱི་བསྒོམ་པ་མཆོག །དེ་ནས་འདི་ལ་གསལ་བཤད་བྱ། །གང་ཞིག་བསྒོམས་པས་འཁོར་བ་ཡི། །འཇིགས་རུང་རྒལ་དཀའི་རྒྱ་མཚོར་མིན། །རང་དོན་ཙམ་གྱིས་མྱ་ངན་འདས། །དེར་ཡང་རྣལ་ [33a.4]འབྱོར་པ་མི་གནས། །གང་ཞིག་རབ་ཀྱིས་མཐར་ཕྱིན་པས། །དྲི་མེད་རྨད་བྱུང་སངས་རྒྱས་ཉིད། །འཕེལ་དང་འགྲིབ་ལས་རྣམ་གྲོལ་བའི། །བླ་མེད་བྱང་ཆུབ་སྐྱེ་འགྱུར་བའོ། །ཕུང་པོ་ལྔ་ལ་སོགས་ཆོས་རྣམས། །གང་ཡང་དོར་བར་བྱ་མིན་ཞིང་། །ནམ་ཡང་གཟུང་ [33a.5]བར་བྱ་བའང་མིན། །ཆོས་ཀུན་མི་མཉམ་མཉམ་པ་ཉིད། །སྟོང་ཉིད་བསྒོམ་པར་བྱ་མིན་ལ། །སྟོང་ཉིད་མིན་པའང་མི་བསྒོམ་མོ། །སྟོང་ཉིད་རྣལ་འབྱོར་པས་མི་གཏང་། །སྟོང་ཉིད་མིན་པ་ཡང་མི་གཏང་། །སྟོང་ཉིད་སྟོང་མིན་ཉིད་འཛིན་པ། །རྟོག་པ་རབ་རྒྱས་སྐྱེ་བར་ [33a.6]འགྱུར། །ཡོངས་སུ་བཏང་བའང་རྟོག་པ་སྟེ། །དེ་བས་དེ་གཉིས་ཡོངས་སུ་སྤངས། །འཛིན་པ་གཉིས་ཀ་ཡོངས་བཏང་ན། །ཆགས་བྲལ་རྣམ་པར་གྲོལ་བའི་གནས། །དེ་དང་འབྲེལ་བདག་ཅེས་པར་ཡང་། །ཀུན་རྟོག་དེ་ཕྱིར་དེ་གཉིས་སྤང་། །ཆགས་པ་མེད་ཅིང་འགྱུར་ [33a.7]བ་མེད། །སྡིག་པ་དང་བྲལ་མངོན་ཞེན་མེད། །ཐོག་མ་ཐ་མའི་རྟོག་ལས་གྲོལ། །མཁས་པས་ནམ་མཁའ་ལྟ་བུར་བསྒོམ། །སྙིང་རྗེར་ལྡན་པའི་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱའོ། །སེམས་ཅན་ཡོད་དང་མེད་ཅེས་པར། །རྣམ་རྟོག་ཉིད་ནི་མི་བྱའོ། །སྤྲོས་ [33b] [33b.1]པ་མེད་པའི་རང་བཞིན་གང་། །ཤེས་རབ་ཅེས་བྱར་རབ་ཏུ་གྲགས། །ཡིད་བཞིན་ནོར་བུ་ཇི་བཞིན་དུ། །མ་ལུས་འགྲོ་དོན་བྱེད་སྙིང་རྗེ། །མི་དམིགས་གནས་ཀྱི་ཤེས་རབ་དང་། །མི་དམིགས་སྙིང་རྗེ་ཆེན་པོ་སྟེ། །ནམ་མཁའ་ལ་ནི་ནམ་མཁའ་བཞིན། །བློ་ལྡན་ལྷན་ཅིག་གཉིས་ [33b.2]སུ་མེད། །གང་ནའང་སྒོམ་པ་པོ་མེད་ཅིང་། །རྣམ་པར་སྒོམ་པའང་ཅི་ཡང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མིན་ལ། །དེ་ནི་དེ་ཉིད་བསྒོམ་པར་བཤད། །བྱ་བའང་ཅུང་ཟད་ཡོད་མིན་ལ། །དཔྱད་པར་བྱ་བ་ཉིད་ཀྱང་མེད། །བྱེད་པོ་དཔྱོད་པ་ལས་གྲོལ་བ། །དོན་དམ་རྣམ་པར་ [33b.3]བསྒོམ་པ་ཡིན། །གཏོང་བར་བྱེད་པའང་ཡོད་མིན་ཞིང་། །འགོག་པར་བྱེད་པའང་ཅི་ཡང་མེད། །དེས་ན་དོར་བར་བྱ་མེད་ཅིང་། །འདི་ལ་བླང་བྱ་གང་ཡང་མེད། །གཟུགས་རྣམས་ཀུན་དུ་བལྟ་བ་དང་། །དེ་བཞིན་སྒྲ་རྣམས་ཉན་པ་དང་། དགོད་དང་རྩེད་མོ་བྱེད་པ་དང་། །རོ་ [33b.4]རྣམས་སྣ་ཚོགས་མྱང་བ་དང་། །ལས་རྣམས་ཐམས་ཅད་བྱེད་པ་ནི། །སེམས་ནི་མི་གཡོ་གནས་བྱས་ནས། །དེ་ཉིད་རིག་པའི་རྣལ་འབྱོར་པའི། །རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། །དེ་ཉིད་གཉིས་མེད་བསྟན་པ་སྟེ། །བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། །དཔལ་ལྡན་ [33b.5]རྡོ་རྗེ་སེམས་དཔའ་དང་། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཉིད། །ཕ་རོལ་ཕྱིན་པ་ཀུན་དངོས་ཀྱི། །ཤེས་རབ་ཕ་རོལ་ཕྱིན་འདི་ཉིད། །འདི་ནི་མཉམ་ཉིད་བརྗོད་པ་སྟེ། །སངས་རྒྱས་ཀུན་གྱི་བསྒོམ་པའི་མཆོག །བྱང་ཆུབ་སེམས་དཔའ་མཐའ་ཡས་དང་། །རྫོགས་སངས་རྒྱས་ [33b.6]དང་ཉན་ཐོས་སོགས། །བརྟན་དང་གཡོ་བའི་བདག་ཉིད་ཀྱིས། །འགྲོ་བ་ཐམས་ཅད་འདི་ལས་སྐྱེས། །དངོས་དང་དངོས་མེད་དང་བྲལ་བའི། །རྣལ་འབྱོར་པས་ནི་དེ་ཉིད་བསྒོམ། །དངོས་དང་དངོས་མེད་ལས་གྲོལ་བ། །བསྒོམས་པས་མྱུར་དུ་འགྲུབ་པར་འགྱུར། །ཉེས་པ་ [33b.7]མ་ལུས་དང་བྲལ་ཞིང་། །ངེས་པར་སྡུག་བསྔལ་ལྡོག་འགྱུར་ན། །དཔལ་ལྡན་བདེ་གཤེགས་ཡོན་ཏན་ནི། །མཐའ་ཡས་དེ་ལས་འབྱུང་བར་འགྱུར། །ཀུན་རྟོག་མུན་པ་སྡུག་བསྔལ་བ། །སྟུག་པོས་མངོན་པར་ཟིལ་གནོན་ཅིང་། །འདོད་ཆགས་ལ་སོགས་བཟློག་དཀའི་དྲི་མས་ [34a] [34a.1]གཡོགས་གྱུར་པའི། །རབ་ཏུ་འཐོར་རླུང་གིས་བསྐྱོད་གློག་ལྟར་གཡོ་བ་ཡི། །སེམས་ནི་འཁོར་བ་ཡིན་པར་རྡོ་རྗེ་ཅན་གྱིས་གསུངས། །རྟོག་པ་ལས་ནི་རྣམ་པར་གྲོལ་ཞིང་འོད་གསལ་བ། །འདོད་ཆགས་ལ་སོགས་དྲི་མའི་སྒྲིབ་གཡོགས་རབ་ཏུ་སྤང་། །གཟུང་ [34a.2]བ་དང་ནི་འཛིན་པ་མེད་ན་དེ་ཉིད་ནི། །མྱ་ངན་འདས་པའི་དོན་དུ་སེམས་ཅན་མཆོག་གིས་གསུངས། །དེ་བས་སྡུག་བསྔལ་མང་པོའི་ཚོགས་ཀྱི་རྒྱུར་གྱུར་པ། །འདི་ལས་གཞན་པ་གང་ཡང་ཡོད་པ་མ་ཡིན་ལ། །ཐར་འདོད་འཕགས་པ་ཁྱོད་ཀྱི་བདེ་བ་དཔག་མེད་པ། །སྐྱེ་བའི་རྒྱུར་ཡང་ [34a.3]འདི་ལས་གཞན་པ་གང་ཡང་མེད། །སྡུག་བསྔལ་མ་ལུས་ཟད་བྱའི་གོ་ཆ་བགོས་ནས་ནི། །རྫོགས་སངས་རྒྱས་ཀྱི་བདེ་མཆོག་ཐོབ་པར་འདོད་པ་ཡིས། །སེམས་ནི་བརྟན་བྱས་དེ་ལ་འབད་དེ་དཔྱད་བྱས་ལ། །དེ་ཡིས་རང་བཞིན་བདག་གི་རང་བཞིན་ཉིད་དུ་བྱ། །སྐྱེ་ལྡན་རྣམས་ཀྱི་ཡིད་འདི་ [34a.4]ཇི་སྲིད་རྟོག་པའི་མུན་པ་སྣམ་བུ་མཐུག་པོས་དཀྲིས་གྱུར་པ། །དེ་སྲིད་སྡུག་བསྔལ་དཔག་ཏུ་མེད་ཡིན་དེ་ནས་དེ་ནི་ཇི་སྲིད་བཤུས་པར་གྱུར་པ་ནི། །དེ་སྲིད་བདེ་བ་རྒྱ་ཆེན་མཚུངས་མེད་ཡིན་པས་འཕགས་མཆོག་དེ་ལ་ནན་ཏན་གྱིས་ཤིག་དང་། །དེ་ཟད་ནས་ནི་དེ་ཉིད་ལ་གནས་ཡོན་ཏན་རྒྱས་པ་ [34a.5]རང་ཉིད་ཀྱིས་ནི་སྣང་བར་འགྱུར། །དེ་དག་ནི་ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པའི་སྒྲུབ་པ་ལས། དེ་ཁོ་ན་ཉིད་བསྒོམ་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ།། །།ཆོས་ཀུན་མཉམ་ཉིད་རྨད་བྱུང་བ། །དེ་ཉིད་སྤྱོད་པ་བླ་ན་མེད། །རྣམ་རྟོག་དགྲ་རྣམས་གསོད་བྱེད་པ། ། [34a.6]ཤེས་རབ་ཕ་རོལ་ཕྱིན་པ་གཞན། །རྫོགས་པའི་སངས་རྒྱས་ལ་གནས་པའི། །སངས་རྒྱས་སྲས་ལ་ཕན་བྱའི་ཕྱིར། །དེ་ཉིད་ཡན་ལག་མེད་རྡོ་རྗེས། །དེ་ནས་འདི་ལས་གསལ་བཤད་བྱ། །རྒ་བ་ལ་སོགས་རྦ་རླབས་འཁྲིགས། །སྐྱེ་བའི་རྒྱ་མཚོ་ཆེར་འཇིགས་ལས། ། [34a.7]འབྱུང་པོ་ཐམས་ཅད་སྒྲོལ་བའི་གྲུ། །ཉེས་མེད་པར་ནི་འགྲོ་བའི་གྲུ། །ཡིད་འོང་ཡོན་ཏན་ཀུན་གྱི་གནས། །མྱུར་དུ་དངོས་གྲུབ་བཟང་པོ་བྱེད། །འདོད་པའི་དོན་ཀུན་རབ་སྒྲུབ་པ། །ཡིད་བཞིན་ནོར་བུ་བཞིན་དུ་འབྱུང་། །མ་ལུས་པ་ཡི་སངས་རྒྱས་རྣམས་ཀྱི་ཡོན་ཏན་རྒྱུར་ [34b] [34b.1]འགྱུར་བར་ནི། །རྡོ་རྗེ་འཛིན་པས་རབ་ཏུ་བསྔགས་པ་སྟེ། །འདི་མ་གཏོགས་པར་དངོས་གྲུབ་སྐྱེ་བར་འགྱུར་མིན་དེ་ཕྱིར་ཐར་པ་འདོད་པས་སྤྱོད་པ་མཉམ་མེད་འདི་སྤྱད་བྱ། །ལྷ་མིན་དགྲ་དང་བརྒྱ་བྱིན་གྲོང་ཁྱེར་གསུམ་དགྲ་ནོར་སྦྱིན་ཚངས་སོགས་རྣམས་ཀྱིས་ཞབས་ཀྱི་པདྨར་མཆོད་བྱས་པ། ། [34b.2]བདེ་བར་གཤེགས་པའི་གོ་འཕང་མཆོག་ནི་མྱུར་དུ་ཐོབ་བྱེད་སྡིག་པ་ཟད་བྱེད་འདི་ནི་མཁས་པས་སྤྱད་པར་བྱ། །དཔལ་ལྡན་རྡོ་རྗེ་སེམས་དཔས་འགྲོ་ལ་ཕན་ཕྱིར་ཡང་དག་སྤྱོད་པ་འདི་གསུངས་ཏེ། །སྣ་ཚོགས་གཞན་དག་མ་ལུས་གདུལ་བྱའི་སྐྱེ་བོ་དུ་མའི་དབང་དུ་བྱས་ནས་ནི། ། [34b.3]ཇི་སྐད་གསུངས་པའི་སྤྱོད་པ་སྣ་ཚོགས་བླ་མེད་དངོས་གྲུབ་མ་ལུས་རབ་བསྒྲུབ་མིན། །ཀུན་བཟང་མཚུངས་མེད་སྤྱོད་པ་འདི་ལས་འགྲུབ་འགྱུར་བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན། །མགོན་ལ་ཀུན་ནས་ཕྱག་བྱས་ལ། །བྱ་བ་བྱས་པའི་བློ་ཅན་གྱིས། ། [34b.4]གསང་བའི་སྤྱོད་པ་བསྟན་པར་བྱ། །དེ་ནས་རང་འདོད་ངེས་བྱས་ལ། །འདུ་འཛི་ཀུན་ལ་རྒྱབ་ཕྱོགས་ཏེ། །སེང་གེའི་བདག་ཉིད་ཀུན་རྒྱུ་བ། །དེ་ཉིད་ལྡན་པས་སྤྱད་པར་བྱ། །འགྲོ་བ་འདོན་པའི་བསམ་པ་ཡིས། །ཇི་བཞིན་ཡང་དག་དོན་རིག་པས། །ཡང་དག་ལྡན་པས་འཇུག་པ་ [34b.5]བདག །གནས་མེད་སེམས་ནི་བསྟན་པར་བྱ། །ཁམས་གསུམ་འདི་དག་དེ་ཉིད་དེ། །ཕུང་པོ་ཁམས་ལ་སོགས་མཚན་ཉིད། །ཐམས་ཅད་སྒྱུ་མ་རྨི་ལམ་བཞིན། །མདོར་བསྡུས་འདི་ལྟར་ཤེས་བྱས་ལ། །འགྱོད་དང་རྨུགས་དང་གཉིད་ལ་སོགས། །ལོངས་སྤྱོད་རྒྱ་ཆེན་འདུ་ [34b.6]འཛིན་དང་། །དེ་བཞིན་འཇིག་རྟེན་ཆོས་བརྒྱད་པོ། །ཤིན་ཏུ་ཐག་རིང་སྤང་བར་བྱ། །གཉིས་མེད་ངེས་པར་བྱས་ནས་ནི། །རྟག་ཏུ་གཡོ་བ་མེད་པ་ཡིས། །ཕ་རོལ་ཕྱིན་དྲུག་སྦྱོར་བ་ནི། །སངས་རྒྱས་དངོས་གྲུབ་བསྒྲུབ་པར་བྱ། །སེམས་ཅན་རྣམ་པར་མི་རྟོག་བཞིན། །སེམས་ཅན་དོན་ལ་ [34b.7]ཤིན་ཏུ་ཆགས། །སེམས་ནི་བྱང་ཆུབ་ངེས་བྱས་ལ། །དེ་ཉིད་སྤྱོད་པ་ལ་བརྟེན་བྱ། །ཤེས་རབ་ཐབས་སུ་ལྡན་པ་ཡིས། །ཆགས་པ་ཀུན་ལ་རྒྱབ་བསྟན་ཏེ། །དེ་ཉིད་གོམས་པ་ལ་འབད་པས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བདག་བྱིན་བརླབ་པར་རབ་གསལ་བས། ། [35a] [35a.1]སེམས་ནི་ཇི་ལྟར་རྗེས་མཐུན་པར། །སྔགས་ཀྱི་ལམ་ལས་རབ་བཤད་པའི། །དམ་ཚིག་དག་ནི་ཀུན་སྤྱད་བྱ། །བགེགས་དང་བདུད་ཚོགས་ཞི་བྱའི་ཕྱིར། །བདུད་རྩི་ལྔ་པོ་བྱིན་གྱིས་བརླབས། །བཤང་གཅི་ལ་སོགས་རྣམས་གནས་པ། །འདི་ནི་སྲུང་བ་བླ་མེད་ [35a.2]ཡིན། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་མ་དང་གདོན་གྱི་ཚོགས། །བདུད་དང་ལོག་འདྲེན་ཉིད་དག་ནི། །འདི་ཡིས་རབ་ཏུ་ཞི་བར་འགྱུར། །མི་དང་རྔ་མོ་ལས་བྱུང་དང་། །རྟ་དང་གླང་པོ་ལས་བྱུང་བ། །ལྔ་པ་ཁྱི་ལས་བྱུང་བ་སྟེ། །སྒྲོན་མ་ཤེས་རབ་ཅན་ [35a.3]གྱིས་བཟའ། །སེམས་ནི་དགའ་བར་བྱེད་པ་ཡིས། །དམ་ཚིག་ཆེན་པོ་གཞན་དག་ཀྱང་། །རླུང་ནི་འཁྲུགས་པ་ཞི་བྱའི་ཕྱིར། །ཐུགས་ཀྱི་རྡོ་རྗེ་ཅན་མཉེས་བྱ། །ཐམས་ཅད་དུ་ནི་ཐར་འདོད་པས། །ཤེས་རབ་ཕ་རོལ་ཕྱིན་བསྟེན་བྱ། །དམ་པའི་དོན་དུ་གང་གནས་པ། །ཀུན་ [35a.4]རྫོབ་དག་པའི་ལུས་བཟུང་ནས། །བུད་མེད་མཛེས་པའི་གཟུགས་ཀྱིས་ནི། །ཐམས་ཅད་དུ་ནི་ཀུན་དུ་གནས། །དེ་བས་ཕྱི་རོལ་དོན་ལས་བྱུང་། །རྡོ་རྗེ་མགོན་པོས་དོན་དེ་གསུངས། །བྲམ་ཟེའི་རིགས་སོགས་ལས་བྱུང་དང་། །མཐའ་ཡས་སྐྱེས་དང་ཕྱག་རྒྱ་དང་། །གཞན་གྱི་ཆུང་ [35a.5]མ་ཚུལ་ཉམས་དང་། །དམན་དང་ཆ་ལུགས་མི་སྡུག་དང་། །སྐྱེད་མ་དང་ནི་སྒྱུག་མོ་དང་། །རང་གི་བུ་མོ་སྲིང་མོ་དང་། །དེ་ཉིད་སྦྱོར་བས་འདོད་སྤྱོད་ན། །སྒྲུབ་པོ་མྱུར་དུ་འགྲུབ་པར་འགྱུར། །སེམས་ནི་ཚིམ་པར་བྱེད་པ་ཡི། །གླིང་བུ་སོགས་ལས་བྱུང་བ་མཉན། །ཕྱི་རོལ་ཕྱག་རྒྱ་ [35a.6]ཀ་ར་ན། །རོ་ནི་སྣ་ཚོགས་ཚིམ་བྱེད་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །འདོད་པའི་ཡོན་ཏན་མཆོག་རྣམས་ཀྱིས། །སེམས་ནི་རིན་ཆེན་དག་བྱའི་ཕྱིར། །རྟག་ཏུ་བདག་ཉིད་མཆོད་པར་བྱ། །ཆུ་སྐྱེས་རྡོ་རྗེ་ཆུ་དང་ནི། །སྒྲོན་མའི་འོ་མ་རབ་རྒྱས་མཆོད། །ཕྲེང་དང་ཙནྡན་གོས་ [35a.7]བཟང་སོགས། །སེམས་ནི་སྐྱོ་བ་མེད་པར་བྱ། །བགྲོད་དང་བགྲོད་མིན་སོགས་པ་ནི། །འདིར་ནི་ནམ་ཡང་བྱ་བ་མིན། །སྒྱུ་མ་ལྟ་བུ་སོགས་སྦྱོར་བས། །ཐམས་ཅད་ལ་ནི་ལོངས་སྤྱོད་བྱ། །ཆོས་ཀྱི་དབྱིངས་ལས་བྱུང་བས་ན། །མི་མཐུན་ཕྱོགས་ནི་གང་ཡང་མེད། །དོགས་ [35b] [35b.1]པ་མེད་པའི་སེམས་ཀྱིས་ནི། །ཇི་ལྟར་འདོད་བཞིན་རབ་སྤྱད་བྱ། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །ཁམས་གསུམ་པ་ནི་མ་ལུས་པ། །འདི་དག་ཐམས་ཅད་ལོངས་སྤྱད་ཕྱིར། །རྡོ་རྗེ་སེམས་དཔའ་སྤྲུལ་པ་ཡིན། །ཡེ་ཤེས་མཐའ་ཡས་རྙེད་པ་ཡི། །དེ་བཞིན་གཤེགས་ལའང་ [35b.2]ཕྱག་མིན་ན། །རྟག་ཏུ་བསྒོམ་ལ་འགྲུབ་པ་ཡིས། །ལུགས་མ་ལ་སོགས་སྨོས་ཅི་དགོས། །དངོས་པོ་ཀུན་གྱི་རང་བཞིན་འདི། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །དེ་བས་བདག་ཉིད་ལྷ་ཡིན་ནོ། །སྨྱུང་བ་དང་ནི་དཀྱིལ་འཁོར་བྲི། །ཕྱག་རྒྱ་ [35b.3]བཅིང་དང་མཆོད་རྟེན་ལས། །སྦྱིན་སྲེག་དང་ནི་གསང་སྔགས་ཟློས། །པོ་ཏི་གློག་པ་ལ་སོགས་པ། །དཔལ་ལྡན་རྡོ་རྗེ་མགོན་པོ་ཡིས། །མོས་པའི་དབང་དུ་མཛད་ནས་ནི། །གཞན་དག་ལ་ནི་བསྟན་པ་སྟེ། །དེ་ཉིད་རིག་པའི་སེམས་ཀྱིས་མིན། །མར་སར་འདོད་པའི་སྙིང་པོ་ [35b.4]ནི། །བླངས་ཏེ་དར་བ་འདོར་བར་བྱེད། །དེ་ལྟར་ཆོས་ཀྱི་སྙིང་ཐོབ་པས། །རྟོག་པ་མ་ལུས་སྤང་བར་བྱ། །རྣམ་པར་མི་རྟོག་གནས་བློ་ཅན། །གནས་མིན་དོགས་པ་སྤངས་བྱས་ནས། །ཐུགས་ཀྱི་རྡོ་རྗེའི་བཀའ་བཞིན་དུ། །དེ་ནས་འགྲུབ་འགྱུར་ཐེ་ཚོམ་མེད། །ཕྱག་རྒྱ་ [35b.5]སྦྱོར་བས་ཀུན་དུ་འཁྱུད། །རྡོ་རྗེ་བཅུག་སྟེ་བསྐྱོད་པ་དང་། །མ་མཆུའི་སྦྲང་མཆོག་བཏུང་བྱ་ཞིང་། །དེ་ཡིས་འདྲེན་པའི་སྒྲ་གསལ་བས། །བླངས་ཤིང་དུལ་བའི་ལོངས་སྤྱད་ན། །ངེས་པར་དགའ་བ་རྒྱ་ཆེན་གྱིས། །རྡོ་རྗེ་སེམས་དཔའ་འདོད་པའི་རྒྱལ། །རིང་པོར་མི་ [35b.6]ཐོགས་འགྲུབ་པར་འགྱུར། །ཇི་ལྟར་ཡིད་འཁྲུགས་མི་འགྱུར་བ། །དེ་ལྟ་དེ་ལྟར་སྤྱད་པར་བྱ། །སེམས་ཀྱི་རང་བཞིན་འཁྲུགས་གྱུར་ན། །ནམ་ཡང་དངོས་གྲུབ་འགྱུར་མ་ཡིན། །དེ་བས་དངོས་གྲུབ་མཆོག་འདོད་པའི། །སྒྲུབ་པ་པོས་ནི་འཛིན་པ་སྤང་། །སེམས་དང་ [35b.7]རྗེས་མཐུན་སྦྱོར་བ་ཡིས། །མཆོག་གི་གོ་འཕང་བསྒྲུབ་པར་བྱ། །དངུལ་ཆུ་བཟུང་བས་བསྒྲུབས་ཇི་བཞིན། །ཐབས་ཀྱི་གཞི་ཡི་སྦྱོར་བ་ཡིས། །དེ་བཞིན་སེམས་ཀྱི་དངུལ་ཆུ་བཟུང་། །སྦྱོར་བ་དག་ནི་གང་ཡིན་པ། །དེ་རུ་དེ་ཡིས་གནས་པར་བྱ། །དུས་དང་གྲངས་ནི་ [36a] [36a.1]ཡོངས་སྤངས་ནས། །དེ་ཉིད་རིག་པས་འགྲུབ་པར་འགྱུར། །གཉིས་མེད་མཚུངས་པ་མེད་པ་གང་ཡིན་ཉིན་རེ་ཞིང་། །དེ་ཉིད་མཆོག་ནི་རྒྱུན་དུ་རྗེས་སུ་བསྟེན་པར་བྱ། །འདི་ཡིས་དྲི་མ་མེད་ཅིང་རྡོ་རྗེ་ལྟ་བུ་དང་། །གྲིབ་མ་ལྟ་བུའི་སྐུ་ནི་མཚུངས་མད་ཐོབ་པར་ [36a.2]འགྱུར། །བློ་དང་ལྡན་པས་ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །རང་བཞིན་གྱིས་ནི་དྲི་མ་མེད་པར་རྣམ་འབྱེད་དེ། །འཇིག་རྟེན་གསུམ་གྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར། །ཉིན་རེར་བརྩོན་འགྲུས་གོ་ཆ་ཆེན་པོ་བགོས་ནས་སུ། །དངོས་པོ་ཀུན་གྱི་རང་བཞིན་དཔལ་ལྡན་རྡོ་རྗེ་ [36a.3]སེམས། །ཡོན་ཏན་མ་ལུས་པ་ཡི་གཏེར་གྱུར་བསྒོམ་པར་བྱ། །སེམས་ནི་བྱང་ཆུབ་ངོ་བོར་བཞག་ནས་ཡུལ་གྱི་ནི། །བདེ་ལ་དགའ་བས་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རང་བཞིན་གྱིས་ནི་མ་ལུས་འདི་དག་རྣམ་དག་སྟེ། །ཐ་མལ་ཡུལ་རྣམས་བདག་མེད་སྒྱུ་མ་ལྟ་བུ་དང་། [36a.4]མིག་འཕྲུལ་དང་ནི་མིག་ཡོར་དག་དང་མཚུངས་པ་སྟེ། །གནས་མེད་རྟོག་པའི་ཐ་སྙད་དག་ལས་རྣམ་པར་གྲོལ། །གང་ཚེ་སྐྱེས་བུ་དམ་པ་རྒྱ་ཆེན་བསམ་པ་དང་། །འཛིན་པ་མེད་པའི་སེམས་ནི་ཀུན་དུ་རྟོགས་གྱུར་པ། །དེ་ཚེ་ལྷན་ཅིག་སྐྱེས་པའི་རྟོག་པ་ཟིལ་མནན་ཏེ། །ཡུལ་ [36a.5]འདི་རྣམས་ཀྱིས་ནུས་པ་འཆིང་བར་ནུས་མ་ཡིན། །གང་རྣམས་རྙེད་དང་མ་རྙེད་གྲགས་དང་མ་གྲགས་དང་། །བདེ་བ་དང་ནི་སྡུག་བསྔལ་རབ་ཏུ་རྒྱས་པ་དང་། །བསྟོད་པ་སྨད་པའི་དྲི་མ་རབ་ཏུ་མ་ལུས་པ། །ཟད་པས་རང་གི་སེམས་ནི་མཉམ་པ་ཉིད་དུ་བྱ། །ཆགས་པ་མེད་དང་འགྲོ་ [36a.6]ལ་སྙིང་ནི་བརྩེ་བ་ཡིས། །རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་སྤྱོད་པ་དང་། །ལྡན་པ་དེ་ཡི་ཕྱག་ན་བདེ་གཤེགས་གོ་འཕང་ནི། །གནས་པ་ཡིན་ཞེས་རྡོ་རྗེ་སེམས་དཔའ་རབ་ཏུ་གསུངས། །གཞན་ལ་གནོད་པར་བྱེད་པའི་བློ་ཅན་གྱི། །སྐྱེ་བོ་གཤིས་ངན་ཁ་ཡི་བུ་ག་ནི། ། [36a.7]ཟབ་མོ་གྱ་གྱུ་ནས་བྱུང་ཚིག་ངན་སྦྲུལ། །རྩུབ་མོའི་ལས་ཀྱིས་སུ་ཞིག་འཇིགས་མི་འགྱུར། །ཤིན་ཏུ་དྲི་མེད་དགའ་བྱེད་འོད་ཀྱི་ཕྲེང་ཅན་གྱི། །འོད་ཟེར་མཚོ་སྐྱེས་ཀྱིས་ནི་བཟོད་པར་མི་ནུས་ལྟར། །ཡིད་འཕྲོག་བྱེད་པའི་བདུད་རྩི་མེད་དུ་བཤད་པ་ཡང་། །སྐྱེ་བོ་མཛངས་མིན་ཡིད་ནི་ [36b] [36b.1]ཆགས་པར་བྱེད་པ་མིན། །ཟླ་བའི་འོད་ཟེར་དེ་ཉིད་ཆུ་ཤེལ་ནོར་བུ་དང་། །ཤིན་ཏུ་ཉེ་བར་འདུས་ནས་བདུད་རྩི་ཆུ་འཛག་བཞིན། །དེ་ཉིད་སྐྱེ་བོ་བཟང་ཡིད་བདུད་རྩིའི་རོས་བརླན་ཞིང་། །མིག་ནས་མཆི་མ་འཛག་བཞིན་ཆགས་པར་བྱེད། །དེ་བས་བདག་ནི་ཆོས་ཉིད་གནས་ [36b.2]པའི་སྐྱེ་བོ་བཟང་། །འཕགས་པ་ཤེས་ལྡན་ཁྱོད་ལ་ཐལ་མོ་སྦྱར་ནས་ནི། །བདག་གིས་མདོ་རུ་བསྡུས་ཏེ་གསལ་བར་བྱས་པ་ནི། །རབ་མཆོག་གང་ཡིན་དེ་ནི་ཁྱོད་ལ་དབུལ་བར་གྱི། །དཔལ་ལྡན་རྡོ་རྗེ་སེམས་དཔས་ཇི་སྐད་གསུངས་པ་ནི། །བདག་གིས་ཀྱང་ནི་འདི་རུ་ [36b.3]དེ་བཞིན་ངེས་པར་བསྟན། །ཅི་སྟེ་ཉེས་པར་སྨྲས་པ་ཡོད་གྱུར་པ། །དེ་ལྟ་ན་ཡང་འཕགས་པ་བཟོད་པ་མཛད་པར་ཞུ། །བླ་མའི་ཞབས་ཀྱི་པདྨར་བརྟེན་པར་རྣམ་སྤྲུལ་པའི། །བདུད་རྩི་དགེ་བ་རྣམས་ཀྱི་འབྱུང་གནས་ཞེས་བྱ་བ། །གང་ཡིན་ཅན་དེ་འགྲོ་བ་རྣམས་ཀྱི་ [36b.4]ཐུན་མོང་ཡུན་རིང་དུ། །ཕན་བྱེད་མ་ལུས་བརྩེ་བས་བདག་གིས་བྱས་པ་སྟེ། །དཔལ་ལྡན་འཇིག་རྟེན་གསུམ་གྱི་རྒྱལ་པོ་ཡོན་ཏན་མཚོ། །རབ་མཆོག་ལྷ་དང་ལྷ་མིན་དབང་པོའི་ཅོད་པན་གྱིས། །སྒྲུབ་ཐབས་དེ་ཉིད་རིག་པ་རྣམས་ལས་མྱུར་དུ་ནི། །འབྲས་བུ་སྟེར་ [36b.5]བ་གང་ཡིན་འདི་ནི་བྱས་པ་ལས། །བསོད་ནམས་དྲི་མ་མེད་པ་རྒྱ་ཆེན་ཐོབ་གྱུར་པ། །འདི་ཡིས་འགྲོ་རྣམས་རྟོག་པའི་དགྲ་ཡི་ཚོགས་ལས་ནི། །རྒྱལ་བར་གྱུར་ཏེ་བློ་ལྡན་ཡོན་ཏན་རྒྱུར་འགྱུར་བ། །བྱང་ཆུབ་སེམས་དང་དེ་དག་ཤིན་ཏུ་ལྡན་གྱུར་ཅིག །དེ་དག་ནི་ཐབས་དང་ཤེས་ [36b.6]རབ་རྣམ་པར་གཏན་ལ་དབབ་པའི་སྒྲུབ་པ་ལས། དེ་ཁོ་ན་ཉིད་ཀྱི་སྤྱོད་པ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ལྔ་པའོ།། །།ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པའི་སྒྲུབ་པ་སློབ་དཔོན་ཆེན་པོ་ཡན་ལག་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ [36b.7]ཤཱནྟི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། {T2219}༄༅༅། །རྒྱ་གར་སྐད་དུ། ཛྙཱན་སིདྡྷི་ནཱ་མ་སཱ་དྷ་ནོ་པི་ཀཱ། བོད་སྐད་དུ། ཡེ་ཤེས་གྲུབ་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་རྡོ་རྗེ་སེམས་ [37a] [37a.1]དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དང་དངོས་གྲུབ་ནི། །ནམ་མཁའ་ལྟ་བུར་ཁྱབ་གྱུར་བ། །རྒྱལ་མཆོག་མཆོད་དང་བཅས་པ་ཡི། །ཐམས་ཅད་མཁྱེན་པའི་རྡོ་རྗེ་མཆོག །སེམས་ཅན་ཀུན་ལ་ཀུན་སྩོལ་བའི། །འགྲོ་བའི་མགོན་ [37a.2]ལ་ཕྱག་འཚལ་ཏེ། །དངོས་པོ་ཀུན་ལ་བདག་གུས་པས། །སྒྲུབ་པའི་རིམ་འདི་བཤད་པར་བྱ། །མ་ལུས་སྦྱོར་རྒྱུད་ལས་གསུངས་པའི། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །རྨོངས་པ་གང་གིས་མི་ཤེས་པ། །དེ་ནི་འཁོར་བའི་རྒྱ་མཚོར་འཁྱམས། །གང་ཞིག་རྟོག་ [37a.3]པ་ཀུན་སྤངས་པའི། །དེ་ཉིད་ལ་ནི་ཡང་དག་གནས། །སྒྲུབ་པ་པོ་དེ་ཚེ་འདི་ཡིས། །བྱང་ཆུབ་དམ་པར་གནས་པར་འགྱུར། །སྔགས་དང་ཕྱག་རྒྱ་དཀྱིལ་འཁོར་སོགས། །བཟླས་དང་བསྒོམ་ལ་འབད་པ་ཡིས། །བསྐལ་པ་བྱེ་བ་གྲངས་མེད་དུའང་། །དངོས་ [37a.4]གྲུབ་མཆོག་ནི་ཐོབ་མི་འགྱུར། །གཟུགས་དང་ལང་ཚོ་ཕུན་སུམ་ཚོགས། །ལོངས་སྤྱོད་དབང་ཕྱུག་སྟོབས་རྣམས་དང་། །རིགས་དང་རྒྱུད་དང་གཙོར་གྱུར་པའི། །སེམས་ལ་ང་རྒྱལ་བཅང་མི་བྱ། །བདག་ནི་བློ་ལྡན་མཁས་པ་དང་། །བཟོ་དང་སྒྱུ་སྩལ་ཐམས་ཅད་ལ། ། [37a.5]མཁས་པ་དག་ནི་རྒྱལ་པོ་ཞེས། །སེམས་ནི་བསྐྱེད་པར་མི་བྱའོ། །ཚུལ་ཁྲིམས་ལྡན་ཞིང་ཐོས་ལྡན་བརྟན། །སྦྱིན་པ་ལ་སོགས་ཡང་དག་ལྡན། །བཤད་དང་གཞན་ཡང་མ་བཤད་པས། །བདག་ཏུ་དམིགས་པར་མི་བྱ་ཞིང་། །སེམས་ཅན་ཀུན་གྱི་ཡིད་ཁྱད་པར། །རྡོ་རྗེ་སེམས་ [37a.6]དཔའ་རང་ཉིད་ཞུགས། །དེ་ལྟར་བསམས་ནས་རྣལ་འབྱོར་གྱིས། །དབང་པོས་གང་ལའང་བརྙས་མི་བྱ། །བྱིས་པ་བླུན་དང་དབུལ་པོ་དང་། །ཚུལ་ཁྲིམས་འཁྱལ་ཅིང་ནད་ཀྱིས་གཟིར། །དེ་ལ་སོགས་པ་དཔག་མེད་དང་། །ཡང་དག་ལྡན་ཡང་བརྙས་མི་བྱ། །དཀོན་མཆོག་ [37a.7]གསུམ་ལ་དད་ཅིང་གུས། །བྱང་ཆུབ་སེམས་ཀྱིས་རྣམ་པར་བརྒྱན། །སེམས་ཅན་ཀུན་ལ་རྗེས་སུ་བརྩེ། །དམ་ཚིག་དང་ནི་སྡོམ་ལ་གནས། །དྲི་ཆེན་དམར་དང་ཤ་ཉིད་དང་། །བྱང་ཆུབ་སེམས་དང་རབ་བསྲེས་ལ། །ཆུ་ཆེན་དང་ནི་ཡང་དག་ལྡན། །དེ་ཉིད་རིག་པས་རྟག་ཏུ་བཟའ། ། [37b] [37b.1]མི་ཁྱི་རྟ་དང་བ་ལང་སྒྲོན། །སྣ་ཅན་དང་ནི་ཁུར་སྐྱེད་ཀྱིའང་། །རྟོག་པ་ཐམས་ཅད་རྣམ་སྤངས་ལ། །དེ་ཉིད་གྲུབ་ཕྱིར་བཟའ་བར་བྱ། །སྲིད་གསུམ་ལས་བྱུང་གསད་བྱ་ཞིང་། །ཕ་རོལ་ནོར་ནི་འཕྲོག་པ་དང་། །གཞན་གྱི་བུད་མེད་ལ་འདོད་སྤྱོད། །བརྫུན་གྱི་ཚིག་ནི་སྨྲ་བར་བྱ། །ལས་ [37b.2]གང་གིས་ནི་སེམས་ཅན་རྣམས། །བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུའང་། །མི་བཟད་དམྱལ་བར་འཚེད་འགྱུར་བ། །དེས་ནི་རྣལ་འབྱོར་བ་གྲོལ་འགྱུར། །ཐབས་ཆེན་ཡང་དག་ལྡན་པ་ཡི། །རྣལ་འབྱོར་འཇིག་རྟེན་དོན་གྲུབ་པ། །སེམས་ཅན་ཀུན་གྱིས་སྨད་པ་ཡི། །བྱ་བ་དེ་ལ་མི་བྱ་མེད། ། [37b.3]ཤེས་རབ་ཐབས་དང་ལྡན་པ་ལ། །སྡིག་པར་གྲགས་པ་ཡང་མེད་ཅེས། །རྡོ་རྗེ་སེམས་དཔའི་སྤྲུལ་པ་ལས། །རྡོ་རྗེ་ཅན་ནི་ཉིད་ཀྱིས་གསུངས། །བཟའ་དང་བཟའ་མིན་ལས་འདས་དང་། །བཏུང་དང་བཏུང་མིན་རྣམ་པར་སྤངས། །བགྲོད་དང་བགྲོད་མིན་རྣམས་གྲོལ་བདག། །རྣལ་འབྱོར་ [37b.4]པ་ནི་མཉམ་འཇོག་འགྱུར། །རྟེན་འབྲེལ་ལས་བྱུང་ཡང་དག་དངོས། །དངོས་པོ་ཐམས་ཅད་རྣམ་པར་བརྟག །འགྲོ་འོང་དག་ལས་རྣམ་གྲོལ་ཞིང་། །སྐྱེ་བ་མེད་པ་བདག་མེད་ཅན། །སྒྱུ་མ་འདྲ་སོགས་དཔེ་ཡིས་ནི། །དེ་རྣམས་སྦྱོར་བར་རབ་ཤེས་པས། །ང་དང་བདག་གི་རྣམ་ [37b.5]རྟོག་དག །དེ་ཉིད་ཤེས་པས་དེར་མི་བྱ། །རྡོ་རྗེ་ཆེན་པོས་ཀུན་ཁྱབ་ཅིང་། །ནམ་མཁའ་ཀུན་ལ་རབ་ཏུ་ཞུགས། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །བསོད་ནམས་ཐམས་ཅད་འབྱུང་བ་ཆེ། །ཕན་ཚུན་ཁྱབ་མཛད་རྡོ་རྗེ་ནི། །ཀུན་རིག་འཇིག་རྟེན་འདྲེན་པ་པོ། །དེ་ནི་རྡོ་རྗེ་འཛིན་རྒྱལ་པོས། ། [37b.6]རྒྱུད་རྣམས་ཀུན་དུ་གསུངས་པ་ཡིན། །གང་ལ་བླ་མའི་དྲིན་ཡོད་པ། །དེ་ཡིས་དེ་ཉིད་མཆོག་རྙེད་འགྱུར། །གཞན་དུ་བྱིས་པས་ཡུན་རིང་དུ། །རྣམ་པར་རྨོངས་པས་ཉོན་མོངས་འགྱུར། །བླ་མ་སངས་རྒྱས་ཆོས་གྱུར་ཅིང་། །དགེ་འདུན་ཡང་ནི་དེ་བཞིན་ཏེ། །དེ་ཡི་དྲིན་གྱིས་ཤེས་འགྱུར [37b.7]བས། །དེ་བས་དཀོན་མཆོག་གསུམ་ཡིན་ནོ། །མི་ཤེས་རབ་རིབ་ཀྱིས་ལྡོངས་ལ། །འདི་ནི་ལམ་རབ་སྟོན་བྱེད་ཡིན། །བདེ་བ་ཀུན་གྱི་མཆོག་འགྱུར་དང་། །འདོད་པ་ཐམས་ཅད་རབ་སྟེར་ཡིན། །ཟབ་མོའི་ཆོས་ལ་ངེས་པའི་བདག །ཤིན་ཏུ་སྙིང་རྗེའི་བདག་ཉིད་ཅན། །དཀོན་མཆོག་གསུམ་ [38a] [38a.1]རྣམས་དོན་དུ་གཉེར། །ཆོས་སྦྱིན་པ་ལ་ཟང་ཟིང་མེད། །བླ་མ་དེ་ནི་སློབ་མ་སྡུད། །སངས་རྒྱས་ཀུན་རྗེས་སྒྲུབ་བྱེད་ཅིང་། །འགྲོ་བའི་མགོན་གྱིས་བཀའ་སྩལ་ཏེ། །གཞན་དག་བླ་མ་མིན་པར་བཤད། །དེ་བས་དེ་དང་མཉམ་པ་ཡི། །མཆོད་བྱ་བློ་ [38a.2]ཆེན་ཡོད་མ་ཡིན། །དེས་ན་འབད་པ་ཐམས་ཅད་ཀྱིས། །བརྟུལ་ཞུགས་ཅན་ནི་བློ་མཆོག་མཆོད། །དེ་མཉམ་འགྲོ་བ་འཇིག་རྟེན་ན། །ཁམས་གསུམ་ན་ནི་གཞན་མེད་དེ། །རྡོ་རྗེ་སེམས་ཉིད་འཇིག་རྟེན་ན། །ཕུན་སུམ་ཚོགས་ཀུན་ཕྱིར་ཞུགས་ཡིན། །སློབ་མ་ཕུན་ཚོགས་མཆོག་འདོད་ཅིང་། ། [38a.3]བསོད་ནམས་མི་ཟད་འདོད་པ་དང་། །བགེགས་ཀུན་རྣམ་པར་ཟློག་བྱེད་པས། །རྣམ་པ་དུ་མས་མཉེས་པར་བྱ། །དམ་ཚིག་དག་ནི་ཐམས་ཅད་ཀྱི། །བླ་མེད་དམ་ཚིག་འདི་ཡིན་ཏེ། །ཕུན་སུམ་ཚོགས་ཀུན་སྟེར་བའོ། །བརྩོན་ལྡན་རྣམས་ཀྱིས་རྟག་ཏུ་བསྲུང་། །རྟོག་ [38a.4]པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་མཆོག་བཟང་ཐོབ་པ་ཡིས། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ཡང་དག་ཡེ་ཤེས་ཀུན་ལྡན་ན། །བྲིས་པའི་དཀྱིལ་འཁོར་ལོག་གཞན་དུ། །དབང་བསྐུར་བ་ནི་ལེན་ཅེ་ན། ། [38a.5]འདི་ནི་དམ་ཚིག་ཉམས་པར་འགྱུར། །དམ་ཚིག་ཉམས་པའི་སྡུག་བསྔལ་ནི། །ལུས་དང་དེ་བཞིན་ཡིད་དང་ནི། །དེ་ཡི་དོན་རྣམས་ཉམས་འགྱུར་ཞིང་། །མྱུར་བ་ཉིད་དུ་ཤི་བར་འགྱུར། །ཤི་ནས་དམྱལ་བའི་སྡུག་བསྔལ་ནི། །བསྐལ་བ་བྱེ་བ་བརྒྱ་ཕྲག་ཏུའང་། །མྱོང་ནས་གནས་ [38a.6]ལས་འཕོས་འགྱུར་ནའང་། །གདོལ་པའམ་དམན་པའི་རིགས་སུ་སྐྱེ། །ལྐུགས་པའམ་ཡང་ན་འོན་པ་འམ། །སྐྱེ་ཞིང་སྐྱེ་བར་དམུས་ལོང་དུ། །སྐྱེ་བར་འགྱུར་བར་ཐེ་ཚོམ་མེད། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྡོ་རྗེ་ཡེ་ཤེས་ཞེས་བྱར་བཤད། །བློ་ལྡན་དེ་ཡིས་དབང་ [38a.7]བསྐུར་ན། །དབང་བསྐུར་བར་ནི་ཤེས་པར་བྱ། །རྣལ་འབྱོར་སངས་རྒྱས་ཀུན་བདག་ཉིད། །འགྲོ་བའི་བདག་པོ་ལ་སོགས་པའི། །ཚོགས་ཀྱིས་ཐལ་མོ་སྦྱར་ནས་ནི། །བྱས་ནས་མངོན་པར་ཕྱག་བྱེད་འགྱུར། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་དང་། །བདག་ཉིད་ཆེན་ [38b] [38b.1]པོ་སངས་རྒྱས་ཀྱང་། །དཔལ་ཆེན་བསྲུང་བ་མཛད་གྱུར་ཏེ། །རྡོ་རྗེ་སྐུ་ཡིས་རྟག་ཏུ་བཞུགས། །བདེན་པའི་ཆོས་འཛིན་མི་འཁྲུག་ཅིང་། །སངས་རྒྱས་གདུང་ནི་རབ་འཇུག་པ། །བྱིན་གྱིས་བརླབས་དང་ལྡན་པ་རྣམས། །གུས་དང་བཅས་པས་བསྔགས་པར་མཛད། ། [38b.2]འཇིག་རྟེན་སྐྱོང་དང་དེ་བཞིན་གཞན། །སྟོབས་ཆེན་ཕ་རོལ་གནོན་པ་རྣམས། །གནས་རྣམས་ཀུན་དུ་རྟོགས་པ་ནའང་། །གསུངས་བཞིན་དུ་ནི་རབ་ཏུ་གནས། །གང་ཡང་སེམས་ཅན་ཐམས་ཅད་ལ། །བདུད་དང་བགེགས་སུ་གནས་པ་རྣམས། །དེ་ཡང་དེ་ལ་མི་བྱེད་དེ། ། [38b.3]བགེགས་རྣམས་སྐྲག་ནས་འབྱེར་བར་འགྱུར། །ལྷ་ལ་སོགས་དང་གྲུབ་པ་རྣམས། །མཁའ་ལ་རྒྱུ་དང་མི་རྒྱུ་ཀུན། །ངན་འགྲོར་འགྲོ་བས་འཇིགས་པས་ན། །དེ་ཡང་དེ་ལ་མགོན་མི་བྱེད། །གལ་ཏེ་རྨོངས་པའི་དབང་གིས་ནི། །རྣམ་པར་རྨོངས་རྣམས་མགོན་བྱེད་ན། ། [38b.4]བརྩོན་དང་ཡེ་ཤེས་རྣམ་ཤེས་དང་། །དངོས་གྲུབ་དག་ཀྱང་ཉམས་པར་འགྱུར། །ཀུན་མཁྱེན་མཆོག་སྦྱིན་གསུངས་པའོ། །དབྱིབས་ཀུན་དང་ནི་རྣམ་བྲལ་ཞིང་། །འགྲོ་དང་འོང་ལས་རྣམ་གྲོལ་བདག །རླུང་ཀུན་གྱིས་ཀྱང་བསྐྱོད་མི་ནུས། །མེ་ཡི་ཕུང་པོས་མི་ཚིག་ཅིང་། །ཆུ་ [38b.5]རྣམས་ཀྱིས་ཀྱང་གཡེང་མི་འགྱུར། །རབ་ཏུ་འབད་པས་མཚོན་ཆ་ནི། །རྣོན་པོས་ཀྱང་ནི་ཆོད་མི་འགྱུར། །ཇི་ལྟར་མི་གནས་ནམ་མཁའ་ནི། །ཁྱབ་ཅིང་མཚན་ཉིད་རྣམས་དང་བྲལ། །འདི་ནི་དོན་དམ་དེ་ཉིད་དེ། །རྡོ་རྗེ་ཡེ་ཤེས་བླ་མེད་ཡིན། །ཀུན་དུ་བཟང་པོ་ཞེས་བཤད་ [38b.6]ཅིང་། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །འདི་ནི་ཆོས་སྐུར་ཤེས་བྱ་སྟེ། །མེ་ལོང་ཡེ་ཤེས་ཞེས་ཀྱང་བྱ། །ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་ལྟར། །དེ་བཞིན་ཆོས་སྐུར་ཡེ་ཤེས་ནི། །སྣང་བས་མེ་ལོང་ཞེས་བྱའོ། །དེ་བཞིན་གཤེགས་ཀུན་ [38b.7]ཡེ་ཤེས་དང་། །རང་གི་དང་ནི་འགྲོ་བའི་ཡང་། །དངོས་ཉིད་གཅིག་པུར་ཐུགས་སུ་ཆུད། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། །སོ་སོར་རྟོག་པ་ཅན་ཞེས་བཤད། ། [39a] [39a.1]ཀུན་དུ་ཀུན་ནས་སངས་རྒྱས་ཀྱི། །མཛད་པ་ཐམས་ཅད་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་ཅིག་པས། །བྱ་བསྒྲུབ་པ་ཞེས་བཤད་དོ། །གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་བ་མཆོག་རྡོ་རྗེ་ཅན། ། [39a.2]ཤིན་ཏུ་རྣམ་དག་ཅེས་བཤད་དོ། །ཇི་ལྟར་གདུལ་བྱའི་ཆོས་རྣམས་དང་། །འདོད་ཡོན་ཀུན་ལས་སངས་རྒྱས་རྣམས། །ཐམས་ཅད་ལོངས་སྤྱོད་གཅིག་པས་ན། །ལོངས་སྤྱོད་རྫོགས་པའི་སྐུར་འདོད་དོ། །མཚན་རྣམས་ཀུན་དང་ཡང་དག་ལྡན། །སྣ་ཚོགས་སྐུ་སྟེ་མཚན་ཉིད་ [39a.3]མེད། །སངས་རྒྱས་རྣམས་ཀྱི་སྤྲུལ་པ་བས། །སྤྲུལ་པའི་སྐུར་ནི་བཤད་པ་ཡིན། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་ཕྱིར། །ཤེས་ནས་རྣལ་འབྱོར་པས་དེ་བསྒོམ། །ཀུན་རྟོག་ཐམས་ཅད་རྣམ་སྤངས་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །ཕྱག་རྒྱ་ [39a.4]ཆེན་ཞེས་ཤེས་པར་བྱ། །གྲུབ་སྡེ་དུ་མའི་རྒྱུད་རྣམས་སུ། །རྣལ་འབྱོར་མཆོག་རྣམས་ལ་བརྟེན་ཏེ། །མངལ་འབྱུང་རིམ་པ་གང་ཡིན་དང་། །ཞིང་དང་ཞིང་དུ་སོ་སོར་བཏུལ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། །དེར་ནི་ཡང་དག་བརྟུལ་ཞུགས་ [39a.5]འཛིན། །གཞོན་ནུའི་རོལ་པ་ཐམས་ཅད་དང་། །དེ་བཞིན་བཟོ་གནས་ཡང་དག་བསྟན། །བཙུན་མོའི་འཁོར་ལས་མངོན་འབྱུང་ཞིང་། །བདུད་རྣམས་འདུལ་བར་མཛད་ཉིད་དང་། །ལྷ་ཡུལ་ནས་ནི་འབབ་པ་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་འདས་ཆེན་ [39a.6]ཡང་དག་བསྟན། །གང་ཡང་རོལ་པ་གཞན་རྣམས་དང་། །ཐམས་ཅད་རྡོ་རྗེའི་རང་བཞིན་ལས། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །འདིར་ནི་སྔོན་ཆད་མ་བྱུང་མེད། །སྔོན་གནས་པ་ནི་སྦྱོར་མི་བྱ། །དེ་བཞིན་གཤེགས་ཀུན་མཛད་པ་ནི། །ཐམས་ཅད་རྡོ་རྗེའི་དངོས་གཞི་ [39a.7]བ། །དུས་གསུམ་ལམ་གྱི་མཐར་ཐུག་པ། །ཐམས་ཅད་དེ་བཞིན་བལྟ་བར་བྱ། །ངག་གི་སྤྱོད་ཡུལ་ཀུན་ལས་འདས། །མཚན་ཉིད་ཐམས་ཅད་རྣམ་སྤངས་པ། །སངས་རྒྱས་ཉིད་ཀུན་སྟེར་བ་པོ། །རྣལ་འབྱོར་འདི་འདྲར་བསམ་པར་བྱ། །ས་ཀུན་ལས་ནི་རྣལ་འབྱོར་ [39b] [39b.1]ཞིང་། །རྒྱུ་དང་འབྲས་བུ་རྣམ་སྤངས་ལ། །གྲུབ་པ་བཞིན་དུ་རྣལ་འབྱོར་བསྒོམ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྡོ་རྗེ་ཅན་ཀུན་རྣལ་འབྱོར་པ། །ཐབས་ཀྱི་ཆོག་ཀུན་ཤེས་ནས། །རྡོ་རྗེ་སེམས་དཔའི་གསུང་བཞིན་དུ། །བླ་མེད་དེ་ནི་གྲུབ་པར་འགྱུར། །འདུག་དང་ [39b.2]ཉལ་དང་གནས་པ་དང་། །ཡང་ན་འཆག་པ་དགལ་ཡང་། །རྡོ་རྗེ་ཚིག་ནི་སྨྲ་བྱེད་ན། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར། །གཟུགས་དང་སྒྲ་དང་རོ་དང་རིག །བརྟུལ་ཞུགས་ཅན་ནི་རྟག་སྤྱོད་ཚེ། །སངས་རྒྱས་ཐམས་ཅད་མཆོད་པ་ནི། །བྱའོ་ཞེས་ནི་ཡང་དག་སྤྱོད། ། [39b.3]དེ་བཞིན་བཟའ་དང་གོས་སོགས་སམ། །གཞན་གང་ཅི་ཡང་རུང་བ་དག །སེམས་ཅན་རྣམས་ལ་ཅི་སྟེར་བ། །ཆོ་ག་དེ་བཞིན་སྤྱད་པར་བྱ། །གླུ་གར་དེ་བཞིན་རོལ་མོ་དང་། །མེ་ཏོག་ཕྲེང་སོགས་རྒྱན་རྣམས་དང་། །ཆུན་འཕྱང་རྔ་ཡབ་གདུགས་རྣམས་ཀྱིས། །ཕ་རོལ་ [39b.4]བདག་ཉིད་མཆོད་པར་བྱ། །དྲི་བཟང་དྲི་ཡི་བྱུག་པ་སོགས། །ཆོ་ག་ཇི་བཞིན་བྱུགས་པ་དང་། །སངས་རྒྱས་ཐམས་ཅད་རྗེས་དྲན་ཞིང་། །རྣལ་འབྱོར་པས་ནི་ཐམས་ཅད་མཆོད། །བརྟུལ་ཞུགས་ཅན་ནམ་མགོ་བྲེགས་པའམ། །ཁྱིམ་པ་འམ་བསྙེན་བཀུར་བ་དག་གམ། ། [39b.5]རྒྱལ་པོ་འམ་སྡེ་དཔོན་རྣམས་ཀྱང་རུང་། །བརྟུལ་ཞུགས་ཅན་གྱིས་ཇི་བཞིན་སྤྱད། །རྣལ་འབྱོར་པ་ནི་ཅི་སྤྱོད་པ། །ཐམས་ཅད་དུ་ནི་སྨད་མི་བྱ། །རྟོག་པ་ཀུན་ལས་རྣལ་གྲོལ་བས། །ཇི་ལྟར་འདོད་པ་བྱ་བ་བྱེད། །དེ་ནི་དངོས་ཀུན་ངོ་བོ་སྟེ། །ཁྱབ་བདག་སངས་རྒྱས་ཀུན་རང་ [39b.6]བཞིན། །རང་ཉིད་ཇི་ལྟར་འདོད་པར་སྤྱོད། །སེམས་ཅན་ཀུན་གྱི་སྙིང་ལ་བཞུགས། །དེ་ཉིད་ཐམས་ཅད་བླ་མེད་པ། །དེ་ཉིད་རྣལ་འབྱོར་དབང་པོས་བསྒོམ། །རྡོ་རྗེའི་རང་བཞིན་ཀུན་འགྲུབ་པ། །རྡོ་རྗེ་ཉིད་ནི་མྱུར་ཐོབ་འགྱུར། །འདིར་ནི་བགེགས་མེད་བདུད་ཀྱང་མེད། ། [39b.7]ཐམས་ཅད་ཀྱང་ནི་དབང་དུ་འགྱུར། །སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །བརྟུལ་ཞུགས་ཅན་གྱིས་བདག་ཉིད་འགྲུབ། །བདག་ཉིད་ཐམས་ཅད་ཡང་དག་ལྡན། །བརྟུལ་ཞུགས་ཆེ་ལྡན་གང་ཚེ་མཐོང་། །ཉིན་ཞག་དང་ནི་ཚད་བྲལ་བར། །སངས་རྒྱས་ཐམས་ཅད་ [40a] [40a.1]ཉིད་འགྲུབ་འགྱུར། །མཆོད་པ་ཀུན་གྱི་ཁྱད་པར་གྱིས། །བདག་ཉིད་ལ་ནི་རྟག་ཏུ་མཆོད། །རྡོ་རྗེ་སེམས་དཔའ་བླ་མེད་པ། །ཕན་ཚུན་དུ་ཡང་དེ་བཞིན་སྦྱིན། །སེམས་ཅན་ཀུན་ལུས་ལས་བྱུང་དང་། །ཕྱི་ས་ལས་བྱུང་སྲོག་ཆགས་རྣམས། །རྣལ་འབྱོར་ [40a.2]ཆེན་པོས་ལེགས་བླངས་ལ། །དེ་ཉིད་གྲུབ་ཕྱིར་བཟའ་བར་བྱ། །སྒྲོན་མ་ཆེ་དང་ཡང་དག་ལྡན། །སྨད་པའི་དམ་ཚིག་གཞན་རྣམས་དང་། །བདུད་རྩི་ལྔ་རྣམས་རྟག་བཟའ་ཞིང་། །དེ་བཞིན་གཤེགས་པ་རྣམས་ཀྱང་མཆོད། །ཡན་ལག་ཀུན་ནི་སྨད་པ་དང་། །བརྙས་པ་དག་ཏུ་ [40a.3]མི་བྱ་སྟེ། །བུད་མེད་རིགས་ཀུན་ལས་བྱུང་བ། །རྡོ་རྗེ་ཅན་གྱིས་མཆོད་པར་བྱ། །མ་སྐྱེས་མེ་ཏོག་ཡང་དག་ལྡན། །བྱང་ཆུབ་སེམས་དང་ལྡན་པ་དག །མེ་ཏོག་ཆོ་ག་ལ་གནས་ཏེ། །དེ་ཉིད་གྲུབ་ཕྱིར་བཟའ་བར་བྱ། །སྨེ་ཤ་ཅན་གྱི་རིགས་ལས་བྱུང་། །སྨེ་ཤ་ཅན་དང་ཁྱད་ [40a.4]པར་དུ། །སྨད་པའི་རིགས་ལས་བྱུང་བ་རྣམས། །བརྟེན་ན་དངོས་གྲུབ་ཐོབ་པར་འགྱུར། །བྲམ་ཟེ་ལ་སོགས་རིགས་ལས་བྱུང་། །བུ་མོ་རྣལ་འབྱོར་པས་སྤྱད་དེ། །ཇི་ལྟར་སེམས་སུན་མི་འབྱིན་པ། །དེ་ལྟར་ཤིན་ཏུ་མཛེས་པར་བྱ། །སྦྲང་མ་ [40a.5]སྐྱུགས་པ་འདྲེས་པ་དང་། །བཤང་ལ་སོགས་དང་བསྲེས་པ་ཡི། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །རྡོ་རྗེ་སེམས་དཔའི་བདག་ཉིད་མཆོད། །ཅི་འདོད་བྱ་བ་བྱེད་པ་དང་། །ཇི་དགའ་བར་ནི་སྤྱོད་པ་ཡིས། །རྡོ་རྗེ་སེམས་དཔའ་བསྒྲུབ་བྱ་སྟེ། གཞན་དུ་ངེས་པར་ཉོན་མོངས་ [40a.6]འགྱུར།། བརྟུལ་ཞུགས་སྨྱུང་བ་སྡོམ་པ་དང་། །སྣ་ཚོགས་ཕྱག་རྒྱ་དང་ལྡན་པའི། །ལྷ་ཡི་གཟུགས་སུ་བསྒོམ་པ་ཡིས། །སྒྲུབ་པ་འགྲུབ་པར་མི་འགྱུར་རོ། །འཛམ་གླིང་རྡུལ་ཕྲན་མཉམ་པ་ཡི། །གསང་སྔགས་བཟླས་དང་བསྒོམ་པ་ལ། །བརྩོན་པ་ཆེ་དང་ལྡན་གྱུར་ཀྱང་། ། [40a.7]སངས་རྒྱས་ཉིད་ནི་འགྲུབ་མི་འགྱུར། །དེ་ལ་སོགས་པ་དཔག་མེད་པའི། །བྱིས་པ་རྣམས་ཀྱིས་རྟག་ཚུལ་གྱིས། །བདེ་འགྲོར་སྐྱེ་བ་རྙེད་དཀའ་ན། །རྡོ་རྗེ་སེམས་དཔར་ཇི་ལྟར་འགྱུར། །ཕྱག་རྒྱ་དཀྱིལ་འཁོར་གཟུགས་ལ་སོགས། །བཅོམ་ལྡན་ཐུབ་པས་གསུངས་པ་ནི། ། [40b] [40b.1]ཡང་དག་ཡེ་ཤེས་མཉམ་སྦྱོར་གྱི། །སྐལ་པ་དང་བྲལ་བདག་ཉིད་ལའོ། །གང་ཞིག་རང་རིག་ངོ་བོ་ཉིད། །དེ་ཉིད་རིན་ཆེན་བླ་མེད་པ། །ལུང་དང་རིགས་པའི་ཚུལ་གྱིས་ནི། །གང་ཞིག་འཛིན་པར་མི་ནུས་པ། །མི་ཤེས་རྨོངས་པས་ཀུན་དུ་ཁེབས། །སྤྱོད་པ་མེད་པའི་བློ་ཅན་ [40b.2]རྣམས། །དང་པོའི་ལས་ཅན་རྣལ་འབྱོར་ཏེ། །དམན་པའི་ཆོས་ཀྱི་སྣོད་ཡིན་ཏེ། །འགྲོ་བའི་མགོན་གྱིས་དེ་དོན་དུ། །རྡོ་རྗེ་སེམས་དཔའ་སོགས་བསྒོམ་པ། །སྐུ་མདོག་ཕྱག་མཚན་ཀུན་ལྡན་ཞིང་། །ཕྱག་རྒྱའི་དཀྱིལ་འཁོར་དེ་བཞིན་གསུངས། །གང་ཡང་གཞན་རྐྱེན་ཁར་མ་ལས། ། [40b.3]ཟབ་མོའི་ཡེ་ཤེས་དག་གི་སྣོད། །སྡིག་པའི་གྲོགས་དང་བདུད་དང་བགེགས། །ལོག་འདྲེན་རྣམས་ཀྱིས་མི་བསྐྱོད་པ། །དེ་ལ་དེ་ཉིད་དག་པ་ནི། །རྟོག་པ་ཐམས་ཅད་རྣམ་སྤངས་པ། །སེམས་ཅན་ཀུན་དང་ཚངས་སོགས་ཀྱིས། །རྣམ་པ་ཀུན་དུ་མི་རྟོགས་པའི། །ཤིན་ཏུ་རྨད་བྱུང་ཡེ་ཤེས་ [40b.4]ནི། །སངས་རྒྱས་ཀུན་དངོས་ཞི་བ་དག །ཚེ་འདི་ཉིད་ལ་གྲུབ་བྱེད་པ། །འཇིག་རྟེན་མགོན་གྱིས་གསུངས་པ་ཡིན། །ཡེ་ཤེས་གྲུབ་པ་ལས། །ཕྱག་རྒྱ་ཆེན་པོ་བསྟན་པའི་ལེའུ་སྟེ་དང་པོའོ།། །།སངས་རྒྱས་ལྔ་ཡི་ངོ་བོ་ལས། །ཕུང་པོ་ལྔ་ནི་རྒྱལ་བར་བཤད། །ཁམས་རྣམས་སྤྱན་ [40b.5]ལ་སོགས་ཡིན་ཏེ། །དེ་བས་སངས་རྒྱས་སྐུར་འདོད་དོ། །དེ་ལྟ་ཡིན་ན་སྲོག་ཆགས་ཀུན། །སྲིད་གསུམ་རྟག་ཏུ་རྫོགས་སངས་རྒྱས། །སངས་རྒྱས་ཉིད་ཕྱིར་བྱང་ཀུན་དང་། །ཐོས་དང་སྒོམ་པ་དོན་མེད་དོ། །འཇིག་རྟེན་ཐམས་ཅད་སངས་རྒྱས་ན། །ཕོངས་པ་ཀུན་ཀྱང་མི་འབྱུང་ལ། ། [40b.6]བདེ་དང་སྡུག་བསྔལ་སྒོམ་ལ་སོགས། །གནོད་པ་དེ་ལ་ཡོད་མ་ཡིན། །གལ་ཏེ་སངས་རྒྱས་སྐུར་གྱུར་ན། །མངོན་ཤེས་དྲུག་ལ་སོགས་པ་ཡི། །སངས་རྒྱས་ཡོན་ཏན་འབྱོར་བ་ཡང་། །ཅི་ཕྱིར་དེ་དག་མེད་པར་འགྱུར། །གང་ཡང་དེ་ལྟར་མི་ཤེས་པ། །དེ་ནི་རྫོགས་སངས་ཇི་ལྟར་ [40b.7]འགྱུར། །འགའ་ཞིག་དེ་ལྟར་ཤེས་པ་ནི། །འདི་ནི་སངས་རྒྱས་འགྱུར་བ་ཡིན། །གང་ཞིག་རིམ་གྱིས་བསླབས་པ་ཡི། །སྦྱོར་བས་སེམས་ནི་འཇུག་འགྱུར་བའི། །རྣལ་འབྱོར་བ་ནི་སངས་རྒྱས་འགྱུར། །གཞན་དག་སངས་རྒྱས་འགྲུབ་པ་མིན། །གལ་ཏེ་ངང་གིས་སངས་རྒྱས་ན། ། [41a] [41a.1]བསླབས་པ་དགོས་པ་ཅི་ཞིག་ཡོད། །རིགས་པར་བཅས་པ་གོམས་བྱ་ཡིན། །རིགས་པ་མེད་པར་གོམས་བྱ་མིན། །གལ་ཏེ་མགོན་མེད་སྐྱེ་བོ་འགའ། །རྒྱལ་པོར་འགྱུར་རོ་ཞེས་བསྒོམས་པས། །བསྐལ་བ་བྱེ་བ་བརྒྱ་ཡིས་ཀྱང་། །འདི་ནི་རྒྱལ་ [41a.2]པོ་ཐོབ་མི་འགྱུར། །གང་ཞིག་ལོག་པའི་རྟོག་པས་ནི། །གང་ལ་རྒྱལ་པོ་ཡོད་མིན་ལྟར། །དེ་བཞིན་ལོག་པར་བསྒོམས་པ་ཡིས། །སངས་རྒྱས་ཉིད་དུ་འགྱུར་མ་ཡིན། །རྫོགས་སངས་རྒྱས་ཀྱིས་རྒྱུད་རྒྱལ་དུ། །ཕུང་པོ་སྐྱེ་མཆེད་ལ་སོགས་པ། །དེ་ཉིད་དམ་ཚིག་སྐལ་ལྡན་ [41a.3]པས། །དེ་དང་དེ་མིང་གིས་བསྟན་པ། །དྲི་ཆེན་རྣམ་སྣང་ཞེས་བཤད་དེ། །གཅི་བ་དེ་བཞིན་རྡོ་རྗེ་ཆུ། །ཇི་ལྟར་མོ་དབང་པདྨ་སྟེ། །ཇི་ལྟར་ཕོ་དབང་རྡོ་རྗེ་ཡིན། །གང་ཕྱིར་ལུང་དང་རིགས་པ་ཡི། །རྗེས་འབྲང་སྨྲ་བར་མི་ནུས་པས། །དེ་བས་གང་གིས་ལྷ་ཡི་སྐུ། །སྨྲ་བར་ནུས་ [41a.4]པ་མ་ཡིན་ནོ། །གལ་ཏེ་བྱས་པའི་ལྷ་ཡི་གཟུགས། །རྡོ་རྗེ་སེམས་དཔར་གྱུར་ན་གོ། །གང་ཕྱིར་འདུས་བྱས་ལས་བྱུང་བས། །བུམ་པ་ལ་སོགས་བཞིན་དུ་འཇིག །དེ་བས་བྱང་ཆུབ་སྤྱོད་པ་ནི། །དུ་མའང་འབྲས་བུ་མེད་པར་འགྱུར། །གལ་ཏེ་བྱུང་ནས་ཞིག་གྱུར་ན། ། [41a.5]བསྒོམ་པ་ཉིད་ནི་དོན་ཅིར་འགྱུར། །ཡིད་ཀྱི་རང་བཞིན་བྱས་པའི་གཟུགས། །ཇི་ལྟར་འདུས་བྱ་ཡིན་ཞེས་བཤད། །དེ་དང་དེ་ནི་ཇི་ལྟར་འཇིག །རྨོངས་པའི་རྒྱ་མཚོ་ཁྱོད་ཉོན་ཅིག །འདི་རྣམས་སེམས་ཀྱིས་བརྟག་པ་སྟེ། །དེ་ཡང་འདུས་བྱས་མཚན་ཉིད་ན། །ཡིད་ཀྱིས་ [41a.6]བརྟགས་པ་གང་ཡིན་དེ། །མི་འཇིག་པར་ནི་ཇི་ལྟར་འགྱུར། །ཕྱག་དང་སྐུ་མདོག་ཡང་དག་ལྡན། །ཇི་ལྟར་སྔོན་ནས་རྣམ་བ་ཞུགས་པ། །མ་བྱས་པ་ཡི་ལྷ་ཡི་སྐུ། །གལ་ཏེ་དེ་ཉིད་དུ་བསྒོམ་བྱ། །མ་སྐྱེས་ངོ་བོར་གནས་པ་སྟེ། །བསྒོམས་པས་དགོས་པ་ཅི་ཞིག་ཡོད། །དེ་ [41a.7]འདྲའི་གཟུགས་སུ་མ་གྱུར་པས། །དེ་འདྲར་བདག་ཅེས་བསྒོམས་པས་ན། །རྣལ་འབྱོར་པ་རྣམས་གཟུགས་བསྒོམས་པ། །དེ་འདྲའི་གཟུགས་སུ་གྱུར་པ་འམ། །དེ་ནི་བདག་ཡིན་ཞེས་བསྒོམས་པ། །རྣལ་འབྱོར་པ་རྣམས་གཟུགས་བསྒོམས་པས། །བསྒོམ་པ་གཉིས་སུ་ [41b] [41b.1]འདི་རྣམས་བརྟག །དེ་འདྲར་བདག་ནི་འགྱུར་རོ་ཞེས། །གང་ཚེ་བསམ་གཏན་གྱིས་བརྟགས་པ། །གང་ཚེ་བསམ་གཏན་གསལ་གྱུར་པ། །ལྷ་རྣམས་སུ་ཡང་དེ་སྣང་འགྱུར། །ཁྱོད་ཀྱིས་རས་རིས་སོགས་གཟུགས་བལྟས། །གང་ཚེ་བསམ་གཏན་རྣམ་བསྒོམ་པ། །དེ་ནི་འོད་འགྱུར་ [41b.2]བསམ་གཏན་གྱིས། །དེ་བཞིན་སྐྱེས་པར་འགྱུར་མ་ཡིན། །མ་སྐྱེས་པ་ཡི་ལྷ་ཡི་སྐུ། །ཁྱོད་ཀྱིས་བསམ་གཏན་གྱིས་བྱིན་ན། །མངོན་ཤེས་ཐམས་ཅད་འབྱུང་འགྱུར་ཞིང་། །དེ་གཟུགས་ཀྱང་ནི་སྐད་ཅིག་དེས། །དེ་ལྟར་ཁྱོད་ལ་ཡང་དག་མེད། །བསམ་གཏན་གྱིས་ནི་ [41b.3]གང་དུ་འོངས། །ཁྱེད་ཉིད་ཀྱིས་ནི་བསྐྱེད་པའི་སྐུ། །བཅོས་མ་ཡིན་པར་ཅིས་མ་རྟོགས། །བདག་ཉིད་དེ་ཡིན་ཞེས་ཕྱོགས་ཀྱང་། །གཉིས་པ་དེར་ནི་ཡོད་མིན་ཏེ། །གྲུབ་པའི་སྒྲུབ་པ་ཡོད་མིན་ན། །བསམ་གཏན་བརྟག་པ་ཇི་ལྟ་བུ། །ཀུན་མཁྱེན་ཉིད་ནི་ཐམས་ཅད་ [41b.4]མཁྱེན། །སླར་ཡང་ཐོབ་པར་མི་བཞེད་དོ། །སངས་རྒྱས་མཛད་པ་ཁྱོད་བྱེད་ན། །སངས་རྒྱས་ཉིད་པས་བྱེད་བཅུག་མེད། །དེ་ལྟར་ཡང་དག་ཁྱེད་ལ་མེད། །ཇི་ལྟར་ལོག་པར་རྟོག་པར་བྱེད། །མ་བྱས་སངས་རྒྱས་སྐུ་གང་ཡིན། །དེ་དག་ཡིན་ཞེས་བྱ་དོན་མེད། །མ་བྱས་ [41b.5]པ་ཡི་ལྷ་ཡི་སྐུ། །དེ་ནི་དེ་ལྟར་རྣམ་པར་དཔྱད། །གཟུགས་ནི་ཡིན་པས་བུམ་སོགས་ཡིན། །མ་བྱས་དེ་སྨྲ་ནུས་མ་ཡིན། །དེ་བས་འགྲོ་བའི་མགོན་པོ་ཡིས། །བྱིས་པ་རྣམས་ཀྱིས་རྟོགས་པའི་ཕྱིར། །སྐུ་ཡི་མི་རྟག་སྟོན་མཛད་པས། །མྱ་ངན་འདས་པ་གཉིས་བསྟན་མཛད། ། [41b.6]དེ་བས་སངས་རྒྱས་སྐུར་ལྡན་པར། །འཇིག་རྟེན་གར་ཡང་འབྱུང་མ་ཡིན། །སངས་རྒྱས་སྐུར་ནི་རབ་སྒྲུབ་ཕྱིར། །གཟུགས་ཀྱི་བསྒོམ་པར་བྱ་བ་མིན། །ཇི་ལྟར་སངས་རྒྱས་གཟུགས་མེད་པའི། །རིག་པ་བེམས་པོའི་བདག་ཉིད་ཉོན། །ཡུལ་ན་གནས་གྱུར་གཟུགས་ཅན་ནི། ། [41b.7]མངོན་ཤེས་དྲུག་ཏུ་ཇི་ལྟར་འགྱུར། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །གཟུགས་ལ་སོགས་པའི་སྐྱེ་མཆེད་རྣམས། །མིག་གི་སྐྱེ་མཆེད་ལ་སོགས་པ། །དེ་རྣམས་དེར་ནི་འོངས་མ་ཡིན། །གང་ཚེ་མིག་ལ་སོགས་པ་ཡི། །འགྲོ་བ་དམིགས་པར་མི་འགྱུར་ན། ། [42a] [42a.1]དེ་རྣམས་ཇི་ལྟར་ཕྲད་པར་འགྱུར། །མ་ཕྲད་པ་ནི་ཀུན་རིག་མིན། །སོང་ནས་ཤེས་པར་འགྱུར་ཞེ་ན། །རིམ་གྱིས་ཤེས་པར་ཇི་ལྟར་ནུས། །ཤེས་བྱ་དུ་མའི་ངོ་བོ་བས། །ཐམས་ཅད་མཁྱེན་པ་དེ་འདྲ་མེད། །སངས་རྒྱས་སྤྱན་ལ་སོགས་པ་ཡིས། །དེ་བས་ [42a.2]དགོངས་པ་ཡོད་མ་ཡིན། །མིག་སོགས་དབང་པོ་མ་གཏོགས་པ། །ལུས་གཞན་དམིགས་པར་མི་འགྱུར་རོ། །གཟུགས་བརྙན་ལྟ་བུར་སེམས་མེད་པར། །སངས་རྒྱས་སྐུར་ནི་ཤེས་བྱས་ནས། །གང་ཕྱིར་ཡང་དག་རིག་མེད་པས། །སངས་རྒྱས་སྐུ་ནི་ཀུན་མཁྱེན་མིན། ། [42a.3]བརྩེར་ལྡན་རྣམས་ཀྱིས་ལྷ་ཡི་སྤྱན། །སངས་རྒྱས་རྣམས་ལ་མངའ་བར་བཤད། །ལྷ་ཡི་སྙན་ནི་ཐམས་ཅད་མངའ། །ཇི་ལྟར་ཐམས་ཅད་མཁྱེན་ཏེ་མིན། །གལ་ཏེ་ཡེ་ཤེས་ཀྱིས་མཁྱེན་ན། །དེ་ཚེ་སངས་རྒྱས་སྐུས་ཅི་བྱ། །སྐུར་གནས་ཡེ་ཤེས་དེར་རིག་པས། །དེ་བས་སྐུ་ནི་ [42a.4]ཀུན་མཁྱེན་ཡིན། །སྐུ་ལས་ཐ་དད་ཐ་དད་མིན། །སངས་རྒྱས་རྣམས་ཀྱིས་ཡེ་ཤེས་ནི། །སྐུ་དང་ཡན་ལག་ལྡན་ཞེ་ན། །མྱ་ངན་འདས་ནས་དེ་ཡང་འཇིག །ལུས་ནི་འཇིག་པའི་ཆོས་ཅན་པས། །ཡེ་ཤེས་ཀྱང་ནི་འཇིག་པར་འགྱུར། །དེ་བས་སངས་རྒྱས་ཡེ་ཤེས་ [42a.5]སྐུ། །འཇིག་པར་རིགས་པ་མ་ཡིན་ནོ། །ཡེ་ཤེས་ལུས་ལ་གནས་གྱུར་པ། །སྐུ་མེད་པས་ན་ཀུན་མཁྱེན་མིན། །རྟེན་འབྲེལ་ལས་བྱུང་ཡེ་ཤེས་དེ། །དེ་བས་འཇིག་པ་ཉིད་དུ་འགྱུར། །ཉམས་འགྱུར་ཡེ་ཤེས་སྐུ་རྣམས་ནི། །ཐམས་ཅད་མཁྱེན་ཉིད་མི་རིགས་སོ། ། [42a.6]དེ་བས་སངས་རྒྱས་སྐུ་དག་ནི། །ཐམས་ཅད་མཁྱེན་པར་བྱ་བ་མིན། །ཡེ་ཤེས་ལས་གཞན་ཕྱོགས་ལ་ཡང་། །སངས་རྒྱས་སྐུར་ནི་ཇི་ལྟར་འགྱུར། །འདི་ལྟར་སངས་རྒྱས་གཟུགས་བརྙན་དུ། །དེ་ལྟར་རྣལ་འབྱོར་སྨྲ་བའི་རིགས། །གང་ཞིག་འཇིག་རྟེན་རྨོངས་པ་ [42a.7]རྣམས། །གཟུགས་གང་བསམ་པར་འདོད་པ་ནི། །སངས་རྒྱས་ཡེ་ཤེས་རབ་བསྒྲུབ་ཕྱིར། །ནམ་མཁའ་ཟ་བར་འདོད་པ་ཡིན། །འགྲོ་ལ་སྙིང་རྗེ་དམན་པ་དང་། །ཐབས་དང་ཤེས་རབ་རྣམ་སྤངས་པ། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །དེ་རྣམས་བློ་གྲོས་ཡོད་མ་ [42b] [42b.1]ཡིན། །དེ་ལྟའི་ཆོས་དང་བྲལ་བ་ནི། །ཕན་ཚུན་དག་ནི་རྒྱུག་པ་ནི། །ཆོས་ལ་རྨོངས་རྣམས་སྨྱོན་པ་བཞིན། །གཡངས་དག་ཏུ་ལྟུང་འགྱུར་བ། །དེ་དག་ཀུན་ལ་ཁྱད་པར་དུ། །སྙིང་རྗེ་ཆེན་པོ་བྱ་བ་སྟེ། །ཡང་དག་ཡེ་ཤེས་ཉེར་ཤེས་པས། །དེ་ལ་བརྙས་པ་རིགས་མ་ཡིན། ། [42b.2]ཡེ་ཤེས་གྲུབ་པ་ལས་གཟུགས་སུ་བསྒོམ་པ་དགག་པ་སྟེ་ལེའུ་གཉིས་པའོ།། །།དེ་ལྟར་གཟུགས་སུ་བསྒོམ་པ་ཡིས། །རྡོ་རྗེ་སེམས་དཔའ་མི་འགྲུབ་སྟེ། །རྣམ་བཅས་རྟོག་པས་ཀྱང་དེ་བཞིན། །རྡོ་རྗེ་སེམས་དཔའ་མི་འགྲུབ་བོ། །རྣམ་ཉིད་ཡེ་ཤེས་དེ་ཡིན་ [42b.3]པས། །རྣམ་པ་ལས་ནི་ཐ་དད་འགྱུར། །འོན་ཏེ་རྣམ་པ་ཡེ་ཤེས་འགྱུར། །དེ་ལྟར་འདི་ནི་མི་རིགས་སོ། །རྣམ་པ་ཡེ་ཤེས་དེ་མིན་ཏེ། །ཤེས་ལ་རྣམ་པ་ཉིད་མེད་དེ། །དཔེར་ན་བུམ་པ་མཁར་མི་འགྱུར། །མཁའ་ཡང་བུམ་པར་མི་འགྱུར་རོ། །གཟུགས་མེད་ [42b.4]གཟུགས་སུ་མི་འགྱུར་ཏེ། །གཟུགས་མེད་གཟུགས་ཅན་ཡོད་མ་ཡིན། །ཡེ་ཤེས་གཟུགས་ནི་མེད་པར་གྲགས། །རྣམ་པ་གཟུགས་ཅན་ཡིན་པར་བཤད། །ཇི་ལྟར་དེ་ཉིད་གཞན་མིན་ཉིད། །འགྱུར་བ་ཡིན་ཞེས་བརྟག་པར་བྱ། །རྣམ་པ་ཡེ་ཤེས་ཉིད་ཡིན་ཞེས། ། [42b.5]རྟོག་པ་འདི་ཡང་མི་རིགས་སོ། །ངེས་པར་གཞན་དུ་ཐལ་འགྱུར་བ། །མདོ་ཙམ་དུ་ནི་མཉན་པར་གྱིས། །གལ་ཏེ་རྣམ་དེ་ཤེས་མིན་ན། །འདུས་བྱས་ཉིད་དུ་ཐལ་བར་འགྱུར། །ངོ་བོ་འདུས་མ་བྱས་འགྱུར་བ། །བྱིས་པ་རྣམས་ལ་ཡོད་མ་ཡིན། །བྱས་པ་ཉིད་དང་རྣམ་ [42b.6]འཇིག་ཉིད། །སངས་རྒྱས་ཡེ་ཤེས་ཇི་ལྟར་འགྱུར། །ཐོག་མཐའ་མེད་ཅིང་ཞི་བ་ཞེས། །དེ་བཞིན་གཤེགས་པ་རྣམས་གསུངས་ལ། །དེ་སྲས་སྐལ་བ་ཆེན་པོ་ཡང་། །ཡེ་ཤེས་འདུས་བྱས་མིན་ཞེས་གསུངས། །དེ་ཀུན་སྒྱུ་མ་ལྟ་བུ་དང་། །མིག་ཡོར་ལྟ་ [42b.7]བུར་ངེས་བཤད་དེ། །སྐྱེ་དང་འགག་པ་མེད་པ་དང་། །ཡེ་ཤེས་སུ་དེ་ཅིས་མི་འགྱུར། །མིག་གི་རྣམ་ཤེས་ཞེས་བྱ་གང་། །ཡེ་ཤེས་སུ་ནི་དེ་མི་རྟག །འགྱུར་བ་ཉིད་དུ་ཐལ་འགྱུར་ན། །སངས་རྒྱས་ཡེ་ཤེས་གཞན་དུ་མིན། །ཡེ་ཤེས་དེ་ནི་མི་འགྱུར་བར། ། [43a] [43a.1]སངས་རྒྱས་ཀུན་གྱིས་རབ་གསུངས་ཏེ། །དེ་བས་གཅིག་པ་ཉིད་དུ་ཡང་། །ངེས་པར་སྨྲ་བ་རིགས་མ་ཡིན། །ཤེས་པའི་རབ་ཏུ་སྣང་དེ་ཡིན། །ཡེ་ཤེས་དག་ཏུ་དེ་མི་བརྟག །སོ་སོར་སྣང་བ་དགག་པ་ལས། །ཡེ་ཤེས་ཅི་ཕྱིར་དགག་མི་འགྱུར། ། [43a.2]དེ་བས་གཅིག་པ་ཉིད་མི་འགྲུབ། །ཚིག་དེ་ཤིན་ཏུ་ངེས་ཡིན་ན། །ཅི་ཕྱིར་དེ་དག་གཅིག་ཉིད་དུ། །ཁྱེད་ནི་ཡོངས་སུ་རྟོག་པར་བྱེད། །ལུང་དང་རིགས་པ་དང་འགལ་བས། །རྣམ་པ་ཀུན་དུ་འབྲས་བུ་མེད། །ཡེ་ཤེས་དེ་ཉིད་རྣམ་པར་ཤེས། །དེ་ལྟར་ཡང་ནི་མི་ [43a.3]རིགས་སོ། །རྣམ་པ་ལས་ནི་ཐ་དད་མེད། །ཤེས་པའི་ཤེས་ཉིད་མི་རིགས་ཏེ། །ཤེས་བྱ་ལས་ནི་ཤེས་འགྱུར་གྱི། །ཤེས་བྱ་མེད་པར་མ་ཡིན་ནོ། །གལ་ཏེ་ཤེས་པ་ཐ་དད་འགྱུར། །ཡེ་ཤེས་སུ་ནི་རྟག་ན་གོ། རྣམ་པ་ཐ་དད་གྱུར་པ་ནི། །ཡེ་ཤེས་ཉིད་ལས་གནས་ [43a.4]མེད་ཡིན། །ཡེ་ཤེས་འབྱུང་བའི་དུས་སུ་ཡང་། །རྣམ་པ་ཀུན་དུ་མི་འབྱུང་ལ། །རྣམ་པའང་ཀུན་དུ་འབྱུང་བ་ན། །ཡེ་ཤེས་ཉིད་ནི་མི་རིགས་སོ། །དཔེར་ན་བུམ་པ་རྫོགས་པ་ལ། །སྣམ་བུ་འབྱུང་བ་མེད་པ་བཞིན། །ཐ་དད་པ་ཡི་ཆོས་རྣམས་ནི། །ཇི་ལྟར་འཇིག་རྟེན་ [43a.5]དག་ན་སྣང་། །བུ་ནི་མ་སྐྱེས་པ་དག་ནི། །གཞན་དག་གིས་ནི་གང་ཡིན་པས། །མོ་གཤམ་བུ་ལྡན་འཇིག་རྟེན་ན། །རྒྱུ་དང་མི་རྒྱུ་གང་ཡང་མེད། །བུ་དང་བཅས་པའི་ལྷ་སྦྱིན་ནི། །གང་ཚེ་རང་གི་བུར་བཅས་ན། །གཞན་དག་གིས་ནི་བུ་ཡིན་ཀྱང་། །བུ་དང་བཅས་ [43a.6]པ་རིགས་མ་ཡིན། །དེ་བཞིན་ཡེ་ཤེས་གནས་མེད་ནི། །རྣམ་བཅས་ཡིན་པར་ཇི་ལྟར་འདོད། །གང་ལ་ལྟོས་ནས་ཡེ་ཤེས་ནི། །གང་གིས་དེ་ནི་རྣམ་བཅས་འགྱུར། །ཡེ་ཤེས་རྣམ་བཅས་ཡིན་ཞེས་པ། །རྣམ་པ་དང་བྲལ་མ་ཡིན་ཏེ། །རྣམ་པ་དང་བྲལ་ཡེ་ཤེས་ [43a.7]ནི། །རྣམ་བཅས་ཉིད་དུ་ཇི་ལྟར་འགྱུར། །རྣམ་པ་དང་བཅས་གང་ཡིན་པ། །དེ་ནི་རྣམ་བཅས་ཉིད་ཡིན་ན། །རྣམ་པ་ཀུན་ལས་རྣམ་གྲོལ་བའི། །ཇི་ལྟར་སངས་རྒྱས་ཡེ་ཤེས་འགྱུར། །གལ་ཏེ་རྣམ་པ་ཉིད་ཀྱང་ནི། །འདི་ནི་རྣམ་བཅས་ཉིད་འགྱུར་ན། །སངས་ [43b] [43b.1]རྒྱས་ཡེ་ཤེས་མེད་པར་ཡང་། །སངས་རྒྱས་སུ་ཁྱེད་ཅིས་མི་འགྱུར། །ཀུན་མཁྱེན་མིན་ཏེ་ཡེ་ཤེས་མིན། །ཡེ་ཤེས་ཐ་དད་པར་རབ་བརྟགས། །དེ་བས་རྣམ་བཅས་ཡེ་ཤེས་ལ། །དངོས་གྲུབ་རིགས་པ་མ་ཡིན་ནོ། །གལ་ཏེ་རྣམ་པ་མེད་པས་ནི། །རྣམ་པ་དང་བཅས་ [43b.2]ཉིད་འགྱུར་ན། །སངས་རྒྱས་གདུང་ལ་རབ་འཇུག་པས། །དེ་དང་ཕྲད་པ་མ་མཐོང་ངོ་། །གཟུགས་ཅན་ཡང་དག་མི་སྦྱོར་ཏེ། །གཟུགས་མེད་པ་ལ་རྣམ་ཀུན་མིན། །དཔེར་ན་ནམ་མཁའ་བུམ་པ་དང་། །ཡང་དག་སྦྱོར་བར་མི་འདོད་ལྟར། །དེ་ནི་རྣམ་པ་དང་ལྡན་ཡང་། ། [43b.3]དེ་ནི་རྣམ་བཅས་འགྱུར་མ་ཡིན། །ལྟོས་དང་བཅས་པས་རྣམ་འཇིག་ཉིད། །ཚོགས་པ་མེད་པ་དག་ཏུ་འགྱུར། །ཚོགས་པ་ལས་བྱུང་གང་ཡིན་ཏེ། །སངས་རྒྱས་ཡེ་ཤེས་འགྱུར་མ་ཡིན། །གང་ཚེ་ཡེ་ཤེས་འདུས་བྱས་པས། །རྣམ་བཅས་ཡིན་པར་མི་འགྲུབ་བོ། །གལ་ཏེ་ [43b.4]རྣམ་པ་ཡེ་ཤེས་དག །གཞན་ཉིད་དག་ཏུ་འགྱུར་ན་ནི། །དེ་ལྟར་ཕན་ཚུན་ལྟོས་པ་དག །ཡེ་ཤེས་སུ་ནི་ཇི་ལྟར་འགྱུར། །རྣམ་པ་ཤེས་ལས་ཐ་དད་པར། །གལ་ཏེ་དེ་ལྟར་རྟོགས་ན་ནི། །དེ་རྣམས་ཤེས་པ་ལས་གཞན་པས། །ཤེས་མེད་ཉིད་དུ་ཐལ་བར་འགྱུར། ། [43b.5]གང་ཞིག་རྣམ་པ་ལས་གཞན་ཉིད། །དེ་བས་རྣམ་པ་མེད་འགྱུར་ན། །ཤེས་དེ་རྣམ་པ་མེད་པར་ནི། །ཅི་ཕྱིར་དེ་ལྟར་རྟོགས་མི་བྱེད། །ཡེ་ཤེས་གྲུབ་པ་ལས་རྣམ་པ་དང་བཅས་པའི་ཡེ་ཤེས་དགག་པ་སྟེ་ལེའུ་གསུམ་པའོ།། །།ཇི་ལྟར་རིགས་པས་རྣམ་བརྟགས་ [43b.6]པ། །རྣམ་པ་དང་བཅས་རབ་བཀག་ནས། །རྣམ་མེད་ཉིད་ཀྱང་མི་འགྲུབ་པ། །དེ་ལྟར་དུ་ནི་བརྗོད་པར་བྱ། །གལ་ཏེ་རྣམ་པ་མེད་ན་ཡང་། །ཡེ་ཤེས་འགྱུར་བ་རྣམ་རྟོགས་ན། །རྣམ་པ་དང་ནི་རྣམ་བྲལ་བ། །འདིས་ཅི་རིག་ན་ཀུན་རིག་ཡིན། །ཀུན་མཁྱེན་དེ་ལ་ཡོད་ [43b.7]མིན་ཞིང་། །ཡེ་ཤེས་ཞེས་བྱ་རྟོག་པ་ཉིད། །རྣམ་པ་ཐམས་ཅད་མི་གཟིགས་པས། །བེམས་པོ་ཉིད་དུ་ཐལ་བར་འགྱུར། །བེམས་མེད་རྟོགས་པའི་ངོ་བོ་ནི། །རྣམ་པ་མེད་པ་ཡིན་པར་བཤད། །གང་ཞིག་བདེན་ན་ཐམས་ཅད་རིག། །ཡང་དག་མ་ཡིན་ཇི་ལྟར་རིག ། [44a] [44a.1]རྣམ་རྟོག་ཀུན་ལས་ངེས་གྲོལ་ཞིང་། །ཆོས་རྣམས་ཐམས་ཅད་བདག་མེད་པར། །དེ་ལྟར་མཁྱེན་ན་ཡེ་ཤེས་དེ། །བརྫུན་པས་ཇི་ལྟར་རིག་པར་འགྱུར། །སྒྱུ་མ་འདྲ་སོགས་དཔེ་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་རབ་རྟོགས་ཏེ། །འགྲོ་ལ་ [44a.2]ཕན་ཕྱིར་དེ་དང་དེར། །སངས་རྒྱས་ཐམས་ཅད་སྟོན་པར་མཛད། །སྒྱུ་མ་ལ་སོགས་དཔེ་གང་ཞིག །ལོག་པར་རྟོག་པས་བརྟགས་པ་སྟེ། །ངོ་བོ་ཉིད་ཀྱིས་ཡོད་མིན་ན། །ཀུན་མཁྱེན་དེ་ནི་ཇི་ལྟར་མཁྱེན། །རི་བོང་རྭ་དང་དེ་བཞིན་དུ། །མོ་གཤམ་བུ་ལྟར་མི་རིགས་ཏེ། ། [44a.3]དངོས་པོ་མེད་པར་ཇི་ལྟར་རིགས། །དེ་བས་རྣམ་པ་མེད་པར་འགྱུར། །སྒྱུ་མ་ལ་སོགས་དཔེ་རྣམས་ནི། །སྲས་བཅས་རྒྱལ་བས་བསྟན་མཛད་པ། །དངོས་པོ་མེད་པར་བརྟགས་པ་ཙམ། །ཐམས་ཅད་དུ་ནི་འགག་པ་མིན། །དཔེ་ཉིད་དང་ནི་མཚུངས་པ་རུ། །རྣམ་པ་ [44a.4]ཀུན་དུ་ཆོས་བཤད་ན། །བསྒྲུབ་བྱ་ཡིན་པས་ཐམས་ཅད་དུ། །དཔེ་ཉིད་དུ་ནི་མི་འགྱུར་རོ། །དཔེར་ན་སྐྱེས་བུ་སེང་གེ་ཡི། །དཔེ་ནི་འཇིག་རྟེན་ལ་ཡོད་པ། །དཔེ་སོགས་ཡོན་ཏན་ལྡན་པ་སྟེ། །འཇུག་པ་ལ་སོགས་ཡོད་མ་ཡིན། །དེ་བས་དངོས་པོ་ཐམས་ཅད་ནི། །ངོ་བོ་ཉིད་ཀྱིས་ [44a.5]ཐམས་ཅད་མིན། །ལུང་དང་རིགས་པའི་རྗེས་འབྲངས་ཏེ། །སྐྱེས་བུ་མཆོག་གིས་རྟོགས་པར་བྱ། །དེ་ནས་ཁྱེད་ཀྱིས་གང་སྨྲས་པ། །བྱིས་པ་བྲིད་པའི་ཐབས་ཡིན་གྱི། །འགྲོ་བ་འདོད་པའི་བསམ་པ་ཡིས། །བདེན་པར་སྨྲས་པ་དེ་མ་ཡིན། །ཇི་ལྟར་རི་བོང་རྭ་དང་ནི། ། [44a.6]དེ་བཞིན་མོ་གཤམ་བུ་ལྟ་བུར། །དངོས་པོ་ཐམས་ཅད་གང་དུ་ཡང་། །རྒྱལ་བས་དངོས་མེད་མ་གསུངས་སོ། །གལ་ཏེ་གཟུགས་སོགས་དངོས་པོ་རྣམས། །རྣམ་པ་ཀུན་དུ་ཡོད་མིན་ན། །སངས་རྒྱས་ཐུགས་རྗེའི་བདག་ཉིད་ཀྱིས། །ལྷ་ཡི་སྤྱན་ནི་ཇི་ལྟར་འགྲུབ། །ལྷཡི་ [44a.7]སྙན་སོགས་ཐམས་ཅད་ཀྱང་། །དེ་བཞིན་དུ་ནི་ཡོད་མིན་པས། །མངོན་པར་ཤེས་པ་མེད་པའི་ཕྱིར། །དེ་བས་ཀུན་མཁྱེན་མེད་པར་འགྱུར། །རྣམ་པ་མེད་པའི་ཡེ་ཤེས་ནི། །སངས་རྒྱས་སྐུ་ལ་ཡང་དག་ལྡན། །མངོན་ཤེས་ཐམས་ཅད་འཇུག་འགྱུར་བ། །ཐམས་ཅད་ [44b] [44b.1]རིགས་པ་ཇི་ལྟར་མེད། །གཟུགས་ལ་སོགས་པའི་སྐྱེ་མཆེད་ནི། །མིག་ལ་སོགས་པས་ཤེས་པ་སྟེ། །སེམས་དང་བཅས་པས་རྗེས་མྱོང་བ། །དེ་ལྟར་འཇིག་རྟེན་དག་ནག་ནས། །གཟུགས་སོགས་ཡོད་པ་མ་ཡིན་ཏེ། །ཁྱོད་ཉིད་ཀྱིས་ནི་མ་སྨྲས་སམ། །གལ་ཏེ་དངོས་པོ་མེད་པ་ [44b.2]ཡིས། །ཕྲད་པ་ཇི་ལྟར་རབ་ཏུ་བརྟག །གལ་ཏེ་དངོས་མེད་ཕྲད་གྱུར་ན། །འདི་འདྲ་ཁྱེད་སྨྲ་རིགས་མ་ཡིན། །འདི་ཉིད་རྣམ་ཀུན་དངོས་པོ་མེད། །དེ་དང་ཕྲད་པ་ཇི་ལྟར་འདོད། །སྦྱོར་མེད་གྱུར་ཀྱང་ཡེ་ཤེས་ནི། །སྨོན་ལམ་དབང་གིས་དེ་བཞིན་དུ། །གདུལ་བྱའི་དབང་ནི་ཇི་བཞིན་ [44b.3]དུ། །སེམས་ཅན་རྣམས་ཀྱི་དོན་མཛད་དོ། །གང་ཚེ་འདི་ཡང་མི་མཁྱེན་ན། །འགྲོ་བའི་དོན་ནི་ཇི་ལྟར་མཛད། །རིགས་པ་མེད་པ་ཀུན་མཁྱེན་མིན། །སེམས་ཅན་སྡུག་ལ་ཐུགས་རྗེ་མེད། །ཡིད་བཞིན་ནོར་བུ་མཆོག་བཞིན་དུ། །སྨོན་ལམ་དབང་གིས་སེམས་ཅན་དོན། །མཛད་ [44b.4]ཅེས་པ་ནི་རིགས་མ་ཡིན། །འདི་ནི་ཡོད་པ་སྣང་བར་འགྱུར། །སེམས་ཅན་ཀུན་དོན་ལེགས་བསྒྲུབ་ཕྱིར། །གང་ཚེ་ངེས་པ་ཉིད་འགྱུར་བས། །ཡེ་ཤེས་ཡིད་བཞིན་ནོར་བུ་བཤད། །བེམས་པོའི་བདག་ཉིད་མ་ཡིན་ནོ། །གང་དུ་མ་མཐོང་མ་བྱས་ཀྱང་། །རང་གི་ཡེ་ཤེས་ཀྱིས་ [44b.5]བརྟགས་པ། །བདག་ནི་ཀུན་མཁྱེན་འགྲོ་བའི་བདག །འགྱུར་ཞེས་པ་དེ་ཅི་ཕྱིར་བྱ། །ཡང་དག་བྱང་ཆུབ་སེམས་བསྐྱེད་པས། །ལེགས་པར་ཚོགས་ཀུན་བསགས་ནས་ནི། །སྤྲོ་ཆེན་རྟོགས་དང་བརྩོན་འགྲུས་ཀྱིས། །བསྒོམ་དང་བསམ་པ་ལ་སོགས་པས། །དམ་ཆོས་མཉན་ལ་ [44b.6]སོགས་བ་ལ། །སྡུག་བསྔལ་རྣམས་ཀྱི་དགོས་མེད་དེ། །སྔོན་མེད་པ་ནི་འབྱུང་བ་མེད། །སྔར་གནས་པ་ཡང་འཇིག་པར་འགྱུར། །སངས་རྒྱས་ཉིད་ནི་འདི་འདྲེན། །མ་ལུས་ཐམས་ཅད་དོན་མེད་དོ། །འཆི་ལ་སོགས་པའི་འཇིགས་ལས་གྲོལ། །དམྱལ་སོགས་གནོད་བ་རྣམས་ལས་ [44b.7]ཐར། །སྡུག་མི་སྡུག་སོགས་སྡུག་བསྔལ་སོགས། །བྲལ་བ་བེམས་པོའི་བདག་ཉིད་གང་། །ཆོས་ཀུན་ངོ་བོ་ཉིད་མཁྱེན་པ། །ཀུན་མཁྱེན་ཞེས་ནི་ངེས་པར་བཤད། །རང་བཞིན་མཁྱེན་པའི་ཀུན་མཁྱེན་ཞེས། །རྫོགས་པའི་སངས་རྒྱས་ཉིད་བཤད་ཅེས། །ཐམས་ཅད་ [45a] [45a.1]མངོན་སུམ་མཁྱེན་པས་ན། །དེས་ན་ཀུན་མཁྱེན་ཞེས་བཤད་དོ། །ཉེས་ན་འཁོར་བར་འཁོར་འགྱུར་ཞིང་། །དམྱལ་བའི་སྡུག་བསྔལ་དག་དང་ནི། །འཁོར་ལོས་སྒྱུར་སོགས་བདེ་བ་རྣམས། །འདི་ནི་ངེས་པར་ཐོབ་ཀྱང་བླའི། །ཡེ་ཤེས་གྲུབ་པ་ལས་རྣམ་ [45a.2]པ་མེད་པ་དགག་པ་སྟེ་ལེའུ་བཞི་པའོ།། །།དེ་ལྟར་ཉེས་པའི་ཚོགས་གྱུར་པས། །དེ་བས་རྣམ་མེད་དེ་མ་ཡིན། །དེ་ནས་སེམས་མེད་དེ་ཉིད་ནི། །ད་ནི་རབ་ཏུ་བཤད་པར་བྱ། །ཤིན་ཏུ་རྨོངས་སྐབས་ཡེ་ཤེས་ནི། །རྣལ་འབྱོར་པ་ནི་ལ་ལ་འདོད། །རྨོངས་པ་བསྒོམ་པས་ [45a.3]རྨོངས་པ་ནི། །ཚུལ་ངན་རྣམས་ཀྱིས་ཐོབ་པར་འགྱུར། །ཐམས་ཅད་རྒྱུ་དང་མཚུངས་པ་ཡི། །འབྲས་བུ་འཇིག་རྟེན་ལས་སྤྱོད་དེ། །ཀོ་ཊ་པ་ལས་འབྲས་སྐྱེ་བ། །གང་ལའང་ཡོད་པ་མ་ཡིན་ནོ། །དེ་བས་མི་རྟོག་ཡེ་ཤེས་ནི། །ལྡན་པ་མེད་པར་ཤེས་པར་བྱ། །ཡེ་ཤེས་ [45a.4]ཉིད་ཀྱིས་མི་རྟོག་ཉིད། །གཞན་དུ་རིགས་པ་མ་ཡིན་ནོ། །ཡེ་ཤེས་མི་རྟོག་ཉིད་དུ་ནི། །དེ་བཞིན་གཤེགས་པས་བདེན་གསུངས་ཏེ། །ཡེ་ཤེས་ཀྱིས་ནི་རྨོངས་པ་དག །མི་རྟོག་ཉིད་དུ་མ་གསུངས་སོ། །སངས་རྒྱས་ཡེ་ཤེས་ལྷུན་གྲུབ་པས། །དེ་བས་མི་རྟོག་པར་བཤད་དོ། ། [45a.5]བསམ་པའི་དབྱེ་བ་ཡོད་མིན་གྱི། །སེམས་མེད་འགྱུར་བ་མ་ཡིན་ནོ། །མི་རྟོག་འདི་ནི་མི་ཤེས་པར། །གང་དུ་ཡང་ནི་མ་གསུངས་སོ། །ཆོས་ལ་ཉེས་པ་ཡོད་མིན་པས། །དེ་ཉིད་གཞན་དུ་རྟོག་པ་ཡིན། །ཀུན་མཁྱེན་ཐམས་ཅད་གཟིགས་པ་དང་། །སེམས་ཅན་ཀུན་དོན་ [45a.6]གྲུབ་པ་པོ། །ཐུགས་རྗེ་ལྡན་པའི་འགྲོ་མགོན་གྱིས། །དེ་ནང་དེར་ནི་སྟོན་མཛད་པ། །རྣམ་པར་མི་རྟོག་ཙམ་ཉིད་དུ། །གལ་ཏེ་དྲན་པར་བྱས་ན་ནི། །གང་ཚེ་འདི་དག་ཐམས་ཅད་ཀྱང་། །ཅི་ཡི་ཕྱིར་ན་དྲན་མ་གྱུར། །གཉིས་ཀའི་དོན་ [45a.7]དང་རྣམ་བྲལ་བས། །ཤེས་མིན་ཀུན་མཁྱེན་པ་ཡང་ཡིན། །ལོག་པའི་ཤེས་པ་རྨོངས་རྣམས་ཀྱིས། །ཡེ་ཤེས་འདིར་ནི་རབ་ཏུ་བཀག །ཡེ་ཤེས་གྲུབ་པ་ལས་རྨོངས་པ་བསྒོམ་པ་དགག་པ་སྟེ་ལེའུ་ལྔ་པའོ།། །།དབུགས་འབྱུང་མ་ཡིན་རྔུབ་མིན་ནི། །དེ་ཉིད་གྲུབ་པ་རིགས་པ་མིན། །དེ་གཉིས་དབུས་ནའང་ཡོད་ [45b] [45b.1]མ་ཡིན། །རླུང་གི་དེ་ཉིད་ཇི་ལྟར་འགྱུར། །དབུས་ནའང་ཅུང་ཟད་ཡོད་མིན་ན། །ཇི་ལྟར་དེ་ཉིད་དག་ཏུ་འགྱུར། །གལ་ཏེ་རླུང་ནི་དེ་ཉིད་འགྱུར། །སྦུད་པ་ཡང་ནི་འགྱུར་དུ་འོང་། །ཇི་ལྟར་འགའ་ཞིག་སྤུད་འབྱུང་པ། །སྦུད་པ་རླུང་གིས་འཐོར་བ་དང་། །དེ་བཞིན་འདྲེན་པ་དག་ཀྱང་ [45b.2]བྱེད། །ལུས་ཀྱང་ཡིད་ཀྱིས་དེ་བཞིན་ནོ། །རླུང་ལས་འབུད་པ་འགའ་མེད་ཅིང་། །དེ་བཞིན་རླུང་ཡང་འབུད་པ་ཡིན། །ལུས་ཀྱི་འབུད་པ་གང་ཡིན་དང་། །སྦུད་པ་འབུད་པར་བྱེད་པ་དག །དེ་དག་ཁྱད་པར་མ་མཐོང་སྟེ། །དེ་ཉིད་མཐོང་བའི་རྣལ་འབྱོར་པས། །འབུད་པ་ཡི་ནི་བྱ་བ་ [45b.3]མིན། །མིང་དང་ཡིད་ཀྱང་མཚུངས་པ་ཡིན། །དབུགས་རྔུབ་དབུགས་འབྱིན་རླུང་དག་གིས། །རླུང་དང་སྦུད་པ་མཚུངས་པ་ཡིན། །སྦུད་ལྡན་དེ་ཉིད་ཇི་བཞིན་དུ། །ལུས་ཀྱི་རླུང་ཡང་དེ་བཞིན་འགྱུར། །གང་ཚེ་ལུས་ཀྱི་རླུང་དེ་ཉིད། །སྒོ་རྣམས་ཀུན་ནས་འབྱུང་འགྱུར་བ། །དེ་ཉིད་ [45b.4]རིག་པས་བཤད་རིགས་ན། །རླུང་དང་ཁྱད་པར་མེད་པ་ཡིན། །མངོན་པར་རྨོངས་ཤིང་ལམ་ལས་ཉམས། །ལོག་པའི་དོན་ནི་རབ་བསྒོམས་པ། །དེ་དག་བདེ་འགྲོར་མི་སྐྱེ་སྟེ། །དམྱལ་བར་གཅིག་པུར་འགྲོ་བ་ཉིད། །ཡེ་ཤེས་གྲུབ་པ་ལས་དབུགས་རྔུབ་པ་དང་འབྱུང་བའི་དེ་ཁོ་ན་ཉིད་ [45b.5]དགག་པ་སྟེ་ལེའུ་དྲུག་པའོ།། །།དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ། །དེ་ནི་བདེ་བ་ཆེན་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །རྟེན་ཅིང་འབྲེལ་འབྱུང་ལས་སྐྱེས་པ། །གང་དུའང་དེ་ཉིད་ཤེས་མི་འགྲུབ། །གང་ཕྱིར་འདི་དེ་ཐམས་ཅད་དུ། ། [45b.6]ངོ་བོ་ཉིད་ཀྱིས་ཡོད་མ་ཡིན། །བདེ་གཤེགས་ཀུན་གྱི་ཡེ་ཤེས་ནི། །རང་ཉིད་ངོ་བོ་ཉིད་མཁྱེན་པའི། །བདེ་བ་ཀུན་གྱི་གཙོར་གྱུར་པས། །བདེ་བ་ཆེན་པོ་ཞེས་བཤད་དོ། །བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །མཚུན་ཁུང་གཡའ་ཕྲུགས་ལས་བྱུང་བའི། ། [45b.7]ཅི་ཡི་ཕྱིར་ན་བདེ་ཆེན་མིན། །ཆགས་དང་མཉམ་པའི་བདེ་མེད་དེ། །དེ་ནི་རྒྱལ་བ་རྣམས་ལ་ཕུལ། །འདོད་པའི་དོན་ཀུན་ལོངས་སྤྱོད་ཅིང་། །སྨད་པ་དག་ཏུ་མི་བྱ་ཞེས། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་ལས། །རྡོ་རྗེ་སེམས་དཔས་གསུངས་པ་ནི། །རྣལ་འབྱོར་པ་ཡི་སེམས་བདེ་ [46a] [46a.1]ཕྱིར། །དོན་དམ་པ་ཡི་དེ་ཉིད་མིན། །ཡེ་ཤེས་གྲུབ་པ་ལས་བདེ་བ་ཆེན་པོ་སྨྲ་བ་དགག་པ་སྟེ་ལེའུ་བདུན་པའོ།། །།བདེ་བ་མྱོང་བ་བཀག་པས་ན། །དེ་བས་ཡང་དག་ཡེ་ཤེས་མེད། །རྨོངས་བཅས་རྣམས་ཀྱིས་བརྟགས་པ་ཡིས། །དེ་ཉིད་ཐམས་ [46a.2]ཅད་ལོག་པ་ཡིན། །མཁས་པ་ཡིས་ནི་ཐམས་ཅད་ཀྱང་། །རང་བློ་ཉིད་ཀྱིས་བཀག་པ་ཡིན། །ཇི་ལྟར་ཡང་དག་དེ་ཉིད་རྙེད། །དེ་དག་ད་ནི་བཤད་པར་བྱ། །སེམས་ཅན་བློ་གྲོས་ཆུང་བ་དང་། །བསོད་ནམས་ཆུང་ཞིང་བརྩོན་ཞན་ཉམས། །དེ་བཞིན་གཤེགས་པ་ཐམས་ཅད་ [46a.3]ཀྱིས། །ཡེ་ཤེས་མཆོག་རྣམས་ཇི་ལྟར་ཐོབ། །སངས་རྒྱས་ཀུན་གྱིས་གསུངས་པ་དག །དེ་འདིར་རིམ་གྱིས་བཤད་པར་བྱ། །པུས་མོ་གཉིས་ནི་ས་དག་ལ། །ལེགས་པར་རབ་ཏུ་བཞག་ནས་སུ། །ལུས་བསྲང་ཐལ་མོ་སྦྱར་བྱས་ཏེ། །དད་པས་འདི་སྐད་བརྗོད་པར་བྱ། ། [46a.4]སྟོན་པ་འཇིག་རྟེན་འབྱུང་གྱུར་དང་། །མ་འོངས་པ་ན་འབྱུང་འགྱུར་དང་། །ད་ལྟར་བྱུང་བར་རྟོགས་པ་ཉིད། །དམ་ཆོས་སྟོན་པར་མཛད་པ་དང་། །གང་ཡང་དེ་ཉིད་སྟོན་མཛད་པའི། །སངས་རྒྱས་ཀུན་ལ་བདག་ཕྱག་འཚལ། །དེ་ལ་བདག་ནི་ཉིན་མཚན་དུ། །མཆོད་ཅིང་བསྙེན་ [46a.5]བཀུར་ལས་ཀྱི་ཕྱིར། །སངས་རྒྱས་ཀུན་གྱི་བདག་ཉིད་ནི། །གཙོ་བོས་བཞེས་པར་མཛད་དུ་གསོལ། །མཆོད་པའི་ཁྱད་པར་ཐམས་ཅད་ཀྱང་། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར། །ཚད་མེད་པ་ནི་ཡོངས་བཟུང་སྟེ། །ཆོས་ཀྱི་དབྱིངས་ལས་ཡང་དག་འབྱུང་། ། [46a.6]བསམ་གྱིས་མི་ཁྱབ་སྣ་ཚོགས་མཆོག །འདས་དང་མ་འོངས་པ་ཀུན་དང་། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་གྱིས། །འགྲོ་བའི་བླ་མ་མཆོད་པར་བགྱི། །སྡིག་པ་རྣམས་ནི་ཀུན་འབྱུང་བ། །འགྲོ་ལ་ཕན་ཕྱིར་ཐམས་ཅད་ཀྱང་། །སོ་སོར་བཤགས་ཤིང་སླར་ཡང་ནི། །མི་ [46a.7]བགྱིད་སྡོམ་པ་སླར་ཡང་ནོད། །སངས་རྒྱས་ཀུན་གྱི་བསོད་ནམས་གང་། །དེ་སྲས་བློ་གྲོས་ལྡན་པ་དང་། །རང་རྒྱལ་རྣམས་དང་ཉན་ཐོས་དག །གང་གཞན་ལུས་ཅན་ཐམས་ཅད་ཀྱི། །སྐྱེ་བ་ཀུན་དུ་གང་བྱས་པ། །བདག་གི་དང་ནི་གཞན་རྣམས་ཀྱང་། །ཡང་དག་དགའ་བའི་ [46b] [46b.1]སེམས་ཀྱིས་ནི། །བསོད་ནམས་ཀུན་ལ་རྗེས་ཡི་རངས། །ཕྱོགས་བཅུ་ཀུན་ན་ཡང་དག་བཞུགས། །ཆོས་ཀྱི་དེ་ཉིད་ཤིང་རྟར་བཞུགས། །ཐུགས་རྗེ་ཆེ་དང་ལྡན་པའི་ཐུགས། །ཆོས་སྟོན་པ་ལ་མཁས་པ་རྣམས། །དེ་རྣམས་ཆོས་ནི་སྟོན་པར་མཛད། །བདག་ནི་རབ་ཏུ་བསྐུལ་ [46b.2]བར་འཚལ། །འགྲོ་ཀུན་སངས་རྒྱས་གྱུར་པ་ནི། །ཐམས་ཅད་ཇི་སྲིད་གནས་གྱུར་པ། །སེམས་ཅན་ཀུན་དོན་མཛད་པ་པོ། །མགོན་པོ་དེ་སྲིད་བཞུགས་ནས་ནི། །ནམ་ཡང་མྱ་ངན་མི་འདའ་བར། །ཐལ་མོ་སྦྱར་ནས་གསོལ་བར་འཚལ། །ལུས་ངག་ཡིད་ཀྱིས་བསོད་ནམས་ [46b.3]ནི། །བགྱིས་སམ་བགྱིད་དུ་སྩལ་བའམ། །རྗེས་སུ་ཡི་རང་ཅི་ཡང་རུང་། །དེས་ནི་འཇིག་རྟེན་ཀུན་མཁྱེན་ཤོག །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་དང་། །བྱང་ཆུབ་སེམས་དཔའ་ཉིད་ལ་ཡང་། །དུས་གསུམ་དུ་ནི་ཅི་ནུས་པར། །མེ་ཏོག་ལ་སོགས་རྣམས་ [46b.4]ཀྱིས་མཆོད། །བདུད་རྩི་ལྔ་དང་བསྲེས་བྱས་པའང་། །གལ་ཏེ་མ་བསྲེས་བརྟགས་པ་རྣམས། །རྟོག་ཀུན་རྣམ་གྲོལ་བདག་ཉིད་ཅན། །དམ་ཚིག་ལ་སོགས་གཟུང་བར་བགྱི། །དེ་ཉིད་བསྡུས་སོགས་རྒྱུད་རྣམས་ལས། །གསུངས་པའི་དམ་ཚིག་སྡོམ་པ་རྣམས། །སྲོག་ཆགས་གསད་པར་མི་ [46b.5]བྱའོ། །མ་བྱིན་པར་ཡང་མི་བླང་ཞིང་། །འདོད་པ་ལོག་པར་མི་སྤྱོད་ལ། །བརྫུན་དུ་སྨྲ་བར་མི་བྱའོ། །ཉེས་པ་ཀུན་གྱི་རྩར་གྱུར་པའི། །ཆང་ནི་རྣམ་པར་སྤང་བར་བྱ། །ཕྲ་མ་དེ་བཞིན་དག་རྩུབ་དང་། །འཁྱལ་པའི་ཚིག་རྣམས་སྨྲ་བ་དང་། །མ་རིག་སེམས་ཅན་ [46b.6]ལ་སྡང་དང་། །ལོག་པར་ལྟ་བའང་ཀུན་དུ་སྤང་། །སྔོན་དུ་སེམས་ནི་བསྐྱེད་བགྱི་ཞིང་། །མྱ་ངན་འདས་ལ་དགོད་པར་བགྱི། །ཏིང་འཛིན་ཡན་ལག་དེ་ཐམས་ཅད། །སྡོམ་པའི་མཆོག་ནི་གཟུང་བར་བགྱི། །བསོད་ནམས་ཀུན་གྱི་འབྱུང་གནས་ཆེ། །བྱང་ཆུབ་སེམས་ཀྱང་དེ་ [46b.7]བཞིན་བསྐྱེད། །བདག་གིས་སེམས་ཅན་འདི་དག་ཀུན། །ཀུན་མཁྱེན་ས་ལ་གཞག་པར་བགྱི། །འདི་ཀུན་སྡུག་བསྔལ་སེལ་མཛད་ཅིང་། །ཕུན་སུམ་ཚོགས་པ་ཀུན་སྟེར་བ། །བྱང་ཆུབ་ལམ་ནི་སྟོན་པ་པོ། །ཐུགས་རྗེ་ཅན་དུ་བདག་གྱུར་ཅིག །ལུས་ [47a] [47a.1]ཅན་ཀུན་ལ་མཉམ་ཉིད་ཀྱི། །ཡང་དག་སེམས་ནི་ལེགས་བསྐྱེད་པ། །བྱང་ཆུབ་སེམས་སུ་འདི་ཤེས་བྱ། །གཞན་དུ་ནི་ལོག་པར་འགྱུར། །གང་ཚེ་མི་མཉམ་ཉིད་གནས་པ། །བྱང་ཆུབ་སེམས་ཤེས་དེ་མི་བྱ། །ཐོག་མཐའ་དབུས་དང་བྲལ་བ་ཡི། ། [47a.2]ཡེ་ཤེས་དེ་ནི་སྐྱེ་མི་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་བཅས་ཀུན། །དེ་ལ་བྱིན་གྱིས་རློབ་མི་མཛད། །ལྷ་ལ་སོགས་པ་ཐམས་ཅད་ཀྱང་། །དེ་ནི་བསྲུང་ཞིང་རྣམ་པར་སྡང་། །དེ་བས་ཐབས་ཤེས་རྣལ་འབྱོར་པས། །སེམས་ཅན་ཀུན་གྱི་གཉེན་གཅིག་པས། །རྣམ་པར་སླུ་ [47a.3]བ་མེད་པའི་སེམས། །དེས་ན་བརྟན་པ་བསྐྱེད་པར་བྱ། །འདི་བྱས་པས་ནི་རྫོགས་སངས་རྒྱས། །དགྱེས་པའི་བདག་ཉིད་ཅན་ཀུན་མཉེས། །སྟོབས་ཆེན་ཕ་རོལ་གནོན་པ་རྣམས། །བྱིན་གྱིས་རློབ་པ་རབ་ཏུ་མཛད། །བདུད་དང་བགེགས་ལ་སོགས་པ་ཡང་། །གླགས་སྐབས་ [47a.4]ཚོལ་བར་མི་བྱེད་ཅིང་། །ཕྱག་ན་རྡོ་རྗེ་ལ་སོགས་པ། །དགྱེས་ལས་རྟག་ཏུ་སྲུང་བར་མཛད། །སྡིག་པ་ཐམས་ཅད་རྣམ་དག་པ། །མི་ཡི་སྐྱེས་བུས་ཐོབ་པར་འགྱུར། །བསོད་ནམས་ཐམས་ཅད་སྐྱེད་པ་དང་། །ཡང་དག་ཡེ་ཤེས་འཆང་བར་འགྱུར། །གཞན་དུ་དེ་ཉིད་འབྱུང་བ་ནི། ། [47a.5]རྣམ་པ་ཀུན་དུ་མི་འགྱུར་རོ། །དེ་བས་ཐོག་མར་སྦྱོར་ཤེས་ཤིང་། །ཡེ་ཤེས་ཐོབ་པར་འདོད་པ་དང་། །ཚེ་འདི་ཉིད་ལ་གྲུབ་དོན་དུ། །འཚེ་བ་མེད་པ་ཉིད་ཕྱིར་དང་། །བགེགས་རྣམས་ཐམས་ཅད་ཞི་ཕྱིར་དང་། །ཚེ་དང་ནད་མེད་འཕེལ་བ་ནི། །འབྲས་བུ་འདོད་པའི་རྣལ་ [47a.6]འབྱོར་པས། །དེ་བས་ངེས་པར་བྱ་བ་ཡིན། །སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས། །སྣ་ཚོགས་རྒྱུད་དུ་བསྟན་པ་ནི། །ལམ་འདིར་གནས་པའི་རྣལ་འབྱོར་པས། །ཡར་ངོའི་ཟླ་བ་ཇི་བཞིན་དུ། །རིམ་གྱིས་ཡང་དག་འཕེལ་འགྱུར་གྱི། །ནམ་ཡང་ཟད་པར་མི་འགྱུར་རོ། ། [47a.7]བརྩོན་འགྲུས་དམན་པ་ལ་ལ་ཞིག །སངས་རྒྱས་ཉིད་ཐོབ་མ་གྱུར་ན། །འཁོར་ལོས་སྒྱུར་རྒྱལ་བདེ་བ་ནི། །སྐྱེ་བ་ཀུན་དུ་ཐོབ་པར་འགྱུར། །སངས་རྒྱས་ཀུན་གྱི་བསོད་ནམས་གང་། །ཕྱོགས་དུས་ཀུན་ན་ཡོད་པ་རྣམས། །དེ་དེའི་བ་སྤུའི་ཁུང་གནས་ཞེས། །རྒྱལ་བ་ [47b] [47b.1]མཆོག་གིས་རབ་ཏུ་གསུངས། །ཡེ་ཤེས་གྲུབ་པ་ལས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་འཕེལ་བ་ཞེས་བྱ་བ་སྟེ་ལེའུ་བརྒྱད་པའོ།། །།ཇི་ལྟར་བཤགས་པའི་སྡིག་པ་ནི། །ཤིན་ཏུ་མི་བཟད་ཟད་འགྱུར་ཞིང་། །དེ་བཞིན་རྗེས་སུ་ཡི་རང་བས། །ཇི་ [47b.2]ལྟར་བསོད་ནམས་ཡང་དག་རྫོགས། །སྲོག་གཅོད་པ་ལ་སོགས་པ་ནི། །བྱའོ་ཞེས་ནི་ཡང་དག་བཤད། །རྒྱུད་རྣམས་ལ་ལར་མིན་ཞེས་པར། །དེ་དག་ཇི་ལྟར་འགལ་མི་འགྱུར། །བདུད་རྩི་ལྔ་སོགས་ཐམས་ཅད་ཀྱང་། །དེ་བཞིན་བཟའ་དང་བགྲོད་མིན་སོགས། །བཏུང་ [47b.3]མི་བྱ་སོགས་དུ་མ་རྣམས། །དེ་ཡང་ཇི་ལྟར་དགེ་བསྐྱེད་ཡིན། །བློ་དམན་སྐྱེ་བོས་རྟོགས་བྱའི་ཕྱིར། །སངས་རྒྱས་རྡོ་རྗེ་འཛིན་བཅས་པས། །རྒྱུད་དང་རྒྱུད་དུ་ངེས་གསུངས་པ། །དེ་ནི་རིམ་གྱིས་བཤད་པར་བྱ། །ལས་གང་བྱ་བ་ཅི་ཡང་རུང་། །ལུས་དང་ངག་དང་ཡིད་ཀྱིས་ཏེ། [47b.4]ཞི་བ་གཞན་དག་ཡོད་མིན་པས། །དེ་རྣམས་འདི་ལྟར་རྣམ་པར་དཔྱོད། །སེམས་མེད་པར་ནི་ལུས་ངག་གིས། །ཅི་ཡང་བྱེད་པར་ནུས་མ་ཡིན། །དེ་མེད་པར་ནི་ཚིག་གིས་ཀྱང་། །ནམ་ཡང་ནུས་འགྱུར་མ་ཡིན་ནོ། །དེ་བས་ལུས་ངག་ལས་རྣམས་ནི། །ཡིད་ཉིད་ལས་ [47b.5]ནི་གྱུར་པ་ཡིན། །འགྲོ་བ་ཐམས་ཅད་སེམས་ཉིད་ཀྱིས། །དགེ་དང་མི་དགེ་གང་བྱེད་པ། །ཕན་དོན་གྱུར་པའི་ལས་རྣམས་གང་། །ཐམས་ཅད་ལེགས་པར་སྤྱད་པར་འགྱུར། །བཟློག་པས་བསོད་ནམས་མ་ཡིན་ཞེས། །རྒྱལ་བ་མཆོག་གིས་རབ་ཏུ་གསུངས། ། [47b.6]དེ་བས་དགེ་དང་མི་དགེ་ཀུན། །སེམས་ཉིད་ཀྱིས་ནི་བྱེད་པ་དང་། །སེམས་ཉིད་ཀྱིས་ནི་འཇིག་འགྱུར་ཞེས། །འགྲོ་བའི་བླ་མས་གསུངས་པ་ཡིན། །སེམས་ཅན་གནོད་བྱས་རྫོགས་པ་ཡི། །བདག་གིས་སྡིག་པ་ཡོངས་བཤད་པ། །ཕན་སེམས་ཡང་དག་བསྐྱེད་ནས་ནི། ། [47b.7]ཀུན་དུ་སྐྲག་པས་བཤགས་པར་བྱ། །གནོད་པ་ཤིན་ཏུ་སྦྱོར་བ་ཡི། །སྤྲོ་ཞིང་སྔོན་ཆད་གང་བྱས་པ། །གཉེན་པོ་ཡིས་ནི་འཇིག་འགྱུར་ཏེ། །གང་ཕྱིར་དེ་ཉིད་ཀྱིས་དེ་བྱས། །གང་ཞིག་བུམ་པ་སྐྱེད་བྱེད་པ། །རང་ཉིད་ཀྱིས་ནི་དེ་བཤིགས་པ། །དེ་ཕྱིར་སྡིག་པ་ཀུན་ [48a] [48a.1]འབྱུང་བ། །གང་ཞིག་བདག་ཉིད་ཀྱིས་འཇིག་འགྱུར། །ཕྱི་ནས་བཤགས་པར་བྱའོ་ཞེས། །རྨངས་རྣམས་གལ་ཏེ་བྱེད་འགྱུར་ན། །དེ་ནི་བཤགས་པར་མི་རིགས་ཤིང་། །སྡིག་བྱེད་དེ་ཡང་འཇིག་མི་འགྱུར། །དེ་བཞིན་བསོད་ནམས་འཇིག་པ་ཡང་། ། [48a.2]དེ་བཞིན་དུ་ནི་འགྱུར་བས་ན། །བསོད་ནམས་བྱས་ཀྱང་མི་དགའ་བས། །འཇིག་པར་འགྱུར་བ་ཐེ་ཚོམ་མེད། །གང་ཚེ་སེམས་ལ་མི་སྦྱིན་ཉིད། །སྦྱིན་འདོད་པ་ལ་རབ་འཇུག་པ། །སྦྱིན་དུ་ཟིན་ཀྱང་བསོད་ནམས་ནི། །རྣམ་པ་ཀུན་དུ་འབྱུང་མི་འགྱུར། །ཐམས་ཅད་ལས་ནི་ལྷག་ [48a.3]པར་གནས། །གང་དུ་ཐམས་ཅད་འཇིག་པ་སྟེ། །བསྐལ་པ་བྱེ་བ་སྟོང་དུ་ཡང་། །ཡང་དག་བསྐྱེད་པའི་བདེ་བ་ཆེ། །བྱང་ཆུབ་སེམས་ནི་བསྐྱེད་པ་ཡི། །བསོད་ནམས་ཚོགས་ནི་བསགས་པའོ། །བསྐལ་པ་བྱེ་བར་འབྱུང་བ་ནི། །སྐད་ཅིག་ཉིད་ནི་རྣམ་འཇིག་པ། །དེ་དང་ [48a.4]འདྲ་བའི་སྡུག་པའི་མི། །གཉིས་པ་ལ་ནི་སྡང་བྱེད་པའོ། །དེ་ལས་སྲུང་བའི་དོན་གྱི་ཕྱིར། །འདི་སྐད་དེ་བཞིན་གཤེགས་པས་གསུངས། །དེ་ལ་གནོད་བྱས་ཆུང་ངུ་ཡང་། །སྡིག་པའི་ཕུང་པོ་ཆེན་པོར་འགྱུར། །དེ་ལ་ཕན་བྱས་ཆུང་ངུ་ཡང་། །བསོད་ནམས་ཕུང་པོ་ཆེར་ [48a.5]འགྱུར་ཏེ། །བདེ་བ་དག་ནི་ཐམས་ཅད་ཀྱི། །ཡོན་ཏན་རྒྱ་མཚོར་གནས་ཕྱིར་རོ། །རབ་རྨོངས་བྱིས་པ་ལ་ལ་ནི། །ལུང་དང་རིགས་པ་མ་མཐོང་བ། །རྟོག་ཉིད་སྡིག་པས་འགྱུར་ཡིན་ཞེས། །བདག་ཉིད་འཇིག་པ་པོ་རྣམས་སྨྲ། །རྟོག་དང་བྲལ་བའི་རྣལ་འབྱོར་པ། །གལ་ཏེ་ [48a.6]སྡིག་པས་མི་གོས་ན། །ཞེ་སྡང་སྐྱེ་བའི་རྒྱུ་ལ་ཡང་། །རྣམ་པར་འགྱུར་ཉིད་མི་རིགས་སོ། །འཇིག་རྟེན་པ་ཡི་ཚུལ་སྤངས་ནས། །གཞན་དུ་ཅི་ཡང་མི་འགྱུར་ཏེ། །མགོ་བོ་རྒྱུག་པར་བྱེད་པ་དང་། །དེ་བཞིན་རྡོ་ཡང་བཟའ་བའི་རིགས། །རླུང་དང་གྲང་དང་སྐམ་སོགས་ཀྱིས། །གནོད་ [48a.7]པ་དེ་ལ་མི་རིགས་སོ། །མཚང་བྲུས་གནོད་པར་བྱས་ཀྱང་ནི། །སྐྱེ་བ་ཉེ་བར་སྐྱེ་མི་འགྱུར། །གལ་ཏེ་རང་གིས་བྱ་བ་ལ། །ཆགས་སོགས་དྲངས་ཏེ་སྤང་དཀའ་བ། །རྣམ་པར་མི་རྟོག་རབ་རྟོགས་པ། །དེ་ལྟར་གཞན་དུ་དེར་མི་འགྱུར། །མ་སྐྱེས་པ་ནི་ཟད་མིན་ཏེ། །འདི་ནི་ [48b] [48b.1]སྡིག་པའི་ལས་ཅན་གྱིས། །ཁྲོ་དང་ང་རྒྱལ་ལྡན་པ་ཡིན། །སྡིག་པ་ཡོངས་སུ་དག་མི་འགྱུར། །ལྷ་ཉིད་ཀྱིས་ནི་དེ་ཐམས་ཅད། །བྱས་སོ་ཞེས་ནི་རབ་རྟོགས་ན། །སྔོན་ཉིད་འདི་ནི་བྱུང་བ་ལ། །ཇི་ལྟ་བཞིན་དུ་བྱས་པ་ཡིན། །ལྷ་ཉིད་ཀྱིས་ནི་བྱས་ཞེས་པ། །ཡོངས་སུ་རྟོགས་ [48b.2]པ་ལོག་པ་ཡིན། །གང་ཕྱིར་ཆགས་པས་ཟིལ་མནན་པའི། །བྱ་བ་ཉིད་ནི་བྱེད་འདོད་དོ། །རྗེས་སུ་ཡི་རང་ལ་སོགས་ཀུན། །ཐམས་ཅད་སེམས་དེ་ཁོ་ན་ལས། །བསོད་ནམས་ཚོགས་དང་ལྡན་པར་ནི། །བློ་དང་ལྡན་བས་ཤེས་པར་བྱ། །ལུས་ངག་བཅས་པའི་དམན་པ་ [48b.3]ནི། །བསོད་ནམས་དེ་ལ་སྤྱོད་མི་འགྱུར། །དྲག་པོའི་སེམས་ནི་གཅིག་ཅིག་གི། །བསོད་ནམས་སངས་རྒྱས་གང་གསུངས་པ། །སྲོག་གཅོད་ལ་སོགས་ལས་རྣམས་གང་། །ཆགས་པ་རྒྱ་ཆེ་བ་ཡི་སེམས། །ཐམས་ཅད་དགེ་མིན་མི་འགྱུར་ཏེ། །བསོད་ནམས་སྙིང་རྗེ་ལས་བྱུང་ཡིན། ། [48b.4]གཞན་ཕན་ཕྱིར་ནི་ལས་རྣམས་གང་། །སྙིང་རྗེ་ཅན་གྱིས་གང་བྱས་པ། །དེ་ཀུན་བསོད་ནམས་ཡིན་ཞེས་ནི། །འགྲོ་བའི་བསམ་པ་རྫོགས་མཛད་གསུངས། །སྙིང་རྗེའི་བསམ་པ་གདོལ་པ་ལ། །བཀག་པ་རྣམས་ཀྱང་རྗེས་གནང་གི། །རང་གི་དོན་ལ་ཞེ་ན་འགྱུར་ཞིང་། །ལུས་ཅན་ [48b.5]སྙིང་རྗེ་བྲལ་བ་མིན། །བསོད་ནམས་བྱས་ཀྱང་གནོད་པའི་ཕྱིར། །སྐྱེ་བོ་འགའ་ལ་རྣམ་སྡང་བ། །དེ་ནི་སྡིག་པ་ཉིད་འགྱུར་ཞེས། །རྒྱལ་བ་མཆོག་གིས་རབ་ཏུ་གསུངས། །གང་འདི་དགེ་དང་མི་དགེ་རྣམས། །བྱང་ཆུབ་སེམས་དཔའ་ཀུན་རྟོགས་པས། །ཐམས་ [48b.6]ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་རྣམས་ཡིད་དབང་ཡིན། །ཡེ་ཤེས་གྲུབ་པ་ལས་བསོད་ནམས་དང་སྡིག་པ་སྐྱེ་བ་དང་འཇིག་པ་ཡོངས་སུ་ཤེས་པའི་ལེའུ་སྟེ་དགུ་པའོ།། །།བདུད་རྩི་ལྔ་ནི་མི་ཤེས་ཕྱིར། །སེམས་ནི་ཡང་དག་སྦྱང་ཕྱིར་དང་། །གླང་པོ་ཤ་ [48b.7]སོགས་ཀྱང་དེ་བཞིན། །རྣལ་འབྱོར་པ་ནི་རྒྱལ་བས་གསུངས། །སྲོག་ཆགས་ཐམས་ཅད་བསད་ནས་ནི། །ཟ་རུ་ཟིན་ཀྱང་སངས་མི་རྒྱས། །སེམས་དང་བྲལ་བའི་སེམས་ཅན་རྣམས། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། །ཐམས་ཅད་ཀྱང་ནི་གང་བའི་ཕྱིར། །རེ་ཞིག་ལུས་ [49a] [49a.1]ལ་གཙང་བ་མེད། །དྲི་འཛག་ཟ་བ་ལ་ལ་ནི། །དེ་ནི་ཐམས་ཅད་ཀྱིས་མ་ཟོས། །ཇི་ལྟར་འོ་མ་ལ་སོགས་ཀུན། །ལུས་ཅན་འདི་དག་ཐམས་ཅད་ཀྱི། །བཟའ་དང་བཟའ་མིན་རབ་གྲགས་པ། །རང་གི་སེམས་ལ་ཡོད་མ་ཡིན། །ཟས་དང་གོས་ལ་སོགས་པ་ [49a.2]ཀུན། །མི་གཙང་བར་ནི་རབ་ཤེས་ན། །གང་ཕྱིར་ཆུ་ལ་ཡང་དག་པས། །དེ་རྣམས་འདི་ནི་རབ་ཏུ་འཇུག །ཆར་གྱི་ཚོགས་ནི་འབབ་པ་ཡིས། །སྨད་པ་ཐམས་ཅད་བཀྲུ་བ་དང་། །འབྲུ་རྣམས་ཐམས་ཅད་བསྐྱེད་ནས་ནི། །དེ་ནས་རྒྱ་མཚོར་འབབ་པར་འགྱུར། །མི་གཙང་རྣམས་ [49a.3]དང་ལྡན་པ་ཡིས། །ཆུ་ནི་ཀླུ་ཡིས་བླངས་ནས་སུ། །ཆུ་ནི་གང་དང་གང་ཡིན་པ། །ཐམས་ཅད་དེ་བཞིན་ཆར་དུ་འབབ། །རྫིང་བུ་ལ་སོགས་ཀུན་རྒྱས་ཤིང་། །ཐམས་ཅད་ཀྱིས་ནི་ཐམས་ཅད་འཁྲུད། །དེ་བས་གཙང་དང་མི་གཙང་སོགས། །ཐམས་ཅད་འདིར་ནི་ [49a.4]ཡོད་མ་ཡིན། །གཙང་བ་ཉིད་ནི་ཡོད་འགྱུར་ན། །མི་གཙང་ཉིད་ནི་འབྱུང་བར་འགྱུར། །དག་པ་མེད་པའི་མི་གཙང་ཉིད། །རྣམ་པ་ཀུན་དུ་མི་རྙེད་དོ། །དཔེར་ན་ཕ་རོལ་ཚུ་རོལ་བཞིན། །དེ་ནི་ཕན་ཚུན་ལྟོས་པ་སྟེ། །གཙང་དང་མི་གཙང་ལ་སོགས་རྟོག། །རྟོག་ནི་འཇིག་ [49a.5]རྟེན་པ་ཡི་ཡིན། །ཡེ་ཤེས་གྲུབ་པ་ལས་གཙང་བ་དང་མི་གཙང་བར་རྟོག་པ་ལས་གྲོལ་བ་སྟེ་ལེའུ་བཅུ་པའོ།། །།ཇི་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །བགྲོད་མིན་པ་ལ་བགྲོད་གྱུར་པ། །ཡང་དག་རྗེས་གནང་མི་འགལ་བས། །ད་ནི་རྣམ་པར་དཔྱད་པར་བྱ། །འདི་ [49a.6]ལྟར་ལུས་ཅན་ཐམས་ཅད་ནི། །སེམས་ལས་སྐྱེ་དང་འཇིག་པ་སྟེ། །དེ་ཡང་ལས་རྣམས་དབང་ཉིད་ཀྱིས། །སྲིད་དང་སྲིད་པ་ཐམས་ཅད་དུ། །ཕ་དང་མ་ཡང་བུར་འགྱུར་ཞིང་། །བུ་དང་མ་ཡང་ཕར་འགྱུར་ལ། །བྲན་མོ་ཆུང་མའང་ཕར་འགྱུར་ཞིང་། །ཆུང་མ་ཡང་ནི་མ་རུ་འགྱུར། ། [49a.7]དེ་ལ་སོགས་པའི་ཚུལ་རྣམས་ནི། །ཤིན་ཏུ་རྒྱ་ཆེར་དུ་མར་ནི། །སྲིད་པར་གཟོད་ནས་གྱུར་ཏོ་ཞེས། །རྡོ་རྗེ་སེམས་དཔས་གསུངས་པ་ཡིན། །དེ་ལྟར་གནས་ཤིང་འཁོར་བར་ནི། །ཡུན་རིང་དུས་སུ་འཇུག་པ་དང་། །ཕ་དང་མར་ནི་མ་གྱུར་པའི། །སེམས་ཅན་གང་ཡང་ཡོད་ [49b] [49b.1]མ་ཡིན། །དེ་བཞིན་བུ་མོ་ལ་སོགས་ཀུན། །འགྲོ་བ་དྲུག་ཏུ་སྔོན་བྱུང་ནས། །དེ་བས་སྙིང་རྗེ་ཆེན་པོ་ནི། །བྱ་ཞེས་རྒྱལ་བའི་མཆོག་གིས་གསུངས། །དེ་བས་རྡོ་རྗེ་སེམས་དཔའ་སོགས། །མགོན་པོའི་མཆོག་ནི་དེ་རྣམས་ཀྱིས། །རྣལ་འབྱོར་པ་ཡི་སེམས་སྦྱང་ཕྱིར། །བུ་མོ་ [49b.2]ལ་སོགས་རྗེས་སུ་གནང་། །རྟོག་པའི་ཆུས་ནི་གང་བ་ཡི། །འཁོར་བའི་རྒྱ་མཚོ་ཆེན་པོར་ནི། །རྡོ་རྗེ་ཐེག་ལ་མ་ཞོན་པར། །སུ་ཞིག་ཕ་རོལ་འགྲོ་བར་འགྱུར། །ལོག་པའི་ཤེས་པ་ཐམས་ཅད་ནི། །ལུང་དང་རིགས་པ་ལེགས་ལྡན་པས། །ཉེས་པ་ཀུན་གྱི་འབྱུང་ [49b.3]གནས་ནི། །དེ་རྣམས་རིམ་གྱིས་བཀག་པ་ཡིན། །ཡེ་ཤེས་གྲུབ་པ་ལས་བགྲོད་པ་དང་བགྲོད་པ་མ་ཡིན་པ་དང་བྲལ་བ་སྟེ་ལེའུ་བཅུ་གཅིག་པའོ།། །།རྡོ་རྗེ་ཐེག་པར་རབ་རྟོག་ཕྱིར། །རྣལ་འབྱོར་པ་ནི་མཆོག་དོན་དུ། །རྣལ་འབྱོར་རྒྱུད་གསུངས་དཔེ་དང་ནི། །རིགས་པས་ [49b.4]ཀྱང་ནི་དེ་བཤད་བྱ། །གཟུགས་སྐུ་ལ་སོགས་དངོས་རྣམས་ནི། །དེ་ཉིད་ངོ་བོ་ཇི་བཞིན་མིན། །དེ་བཀག་སྔར་ནི་བྱས་ཟིན་པས། །དེ་བས་གཟུགས་མེད་དུ་ཡང་གནས། །ཉེས་པ་ཀུན་དུ་ཐལ་གྱུར་པའི། །དངོས་པོ་དེ་ཉིད་འགྱུར་མ་ཡིན། །སྡུག་བསྔལ་ཀུན་གྱི་ [49b.5]འབྱུང་གནས་མཆོག །མེད་པ་དེ་ཡང་དེ་ཉིད་མིན། །དངོས་དང་དངོས་མེད་དེ་ཉིད་མིན། །གཞན་དུ་གྱུར་པའང་རྣམ་སྤངས་མིན། །དེ་བས་ཕྱོགས་ཡོད་རིགས་མིན་ཏེ། །དེ་ཚེ་ཀུན་མཁྱེན་འགྱུར་མ་ཡིན། །ཡང་དག་ཡེ་ཤེས་རིག་པ་ལས། །ཁྱབ་དང་རྡོ་རྗེའི་སྐུ་ཉིད་དང་། ། [49b.6]འགྱུར་བ་མེད་པ་ཉིད་དང་ནི། །ཀུན་མཁྱེན་ཉིད་ནི་དེ་ཡིས་འགྲུབ། །གཟུགས་ཅན་ཁྱབ་པ་ཉིད་དང་སྟེ། །དེ་བས་རྡོ་རྗེ་སྐུ་མ་ཡིན། །དེ་ལ་མི་འགྱུར་ཡོད་མིན་པས། །ཐམས་ཅད་མཁྱེན་པར་འགྱུར་མ་ཡིན། །རིམ་གྱིས་ཤེས་གང་ཅི་ཡང་རུང་། །འདི་ནི་ཐམས་ཅད་རྟོག་ [49b.7]མིན་ཏེ། །ཤེས་བྱ་རྣམས་ལ་ཚད་མེད་པས། །ཀུན་མཁྱེན་དུ་ནི་འདི་མི་འདོད། །གང་ཞིག་ཤེས་བྱར་རབ་བཤད་པ། །ཕྱོགས་ཀྱི་ཆ་ནི་གཅིག་པུ་ཉིད། །འདི་ནི་བསྐལ་པ་སྟོང་ཕྲག་དག །བྱེ་བས་ཀྱང་ནི་ཤེས་མི་འགྱུར། །གལ་ཏེ་སྐྱེས་ནས་འཇིག་འགྱུར་ན། །དེ་ [50a] [50a.1]བས་བསྐྱེད་པར་བྱ་བ་མིན། །ཤིན་ཏུ་གནས་པའི་ཡེ་ཤེས་ཉིད། །འཁྲུལ་པ་ཙམ་ཞིག་རྣམ་པར་འཇིག །གང་ཞིག་འགྲོ་དང་འོང་འགྱུར་བ། །དེ་ལ་ཁྱབ་པ་ཡོད་མ་ཡིན། །གཡོ་ཞིང་ཕྱོགས་གཅིག་ལ་གནས་པ། །དེ་ནི་འཇིག་པར་ཐལ་བར་འགྱུར། །གང་ཞིག་ [50a.2]ཁ་དོག་མེད་གྱུར་ཆོས། །དེ་ནི་གང་གིས་འཇིག་པར་འགྱུར། །མཚོན་དང་དུག་དང་མེད་དང་ཆུས། །གནོད་པ་སྐྱེད་པར་མི་འགྱུར་རོ། །ནམ་མཁའ་ཀུན་ནས་གནས་བདག་ཉིད། །མི་འགྱུར་མཁའ་དང་མཚུངས་པ་སྟེ། །ཉོན་མོངས་མེད་ཅིང་འགྱུར་མེད་ལ། །རྣམ་པ་ཐམས་ཅད་ [50a.3]དུས་ཀུན་ལ། །གང་ཞིག་དུས་ཀུན་པ་མིན་པ། །དེ་ཡང་ཀུན་མཁྱེན་འགྱུར་མ་ཡིན། །དེ་བས་དུས་རྣམས་ཀུན་དུ་ཡང་། །འགྱུར་བ་མིན་པར་ཤེས་པར་བྱ། །ལུས་ཅན་དག་ནི་ཐམས་ཅད་ལ། །ཡེ་ཤེས་ཆེ་གནས་ཉིད་ཡིན་ནའང་། །མི་ཤེས་རབ་རིབ་ཀྱིས་ཁེབས་ [50a.4]པའི། །བྱིས་པ་རྨོངས་པས་མི་ཤེས་སོ། །ཇི་ལྟར་ཁྱི་ནི་བོང་པ་ལས། །བསྙེག་ཅིང་འཕེན་པར་བྱེད་ལ་མིན། །དེ་བཞིན་སེམས་ཀྱིས་གང་བསམ་བྱ། །སྙེག་གི་སེམས་ཉིད་ལ་མ་ཡིན། །གང་ཞིག་སེམས་ཀྱིས་བསམ་བྱ་ཡང་། །དེ་ཉིད་ལ་།ཡང་ངེས་རྟོག་གི། །སེམས་ [50a.5]ཉིད་དེ་ཉིད་ཇི་འདྲ་ཞེས། །སེམས་པ་ལ་ནི་འཇིག་མི་འབྱེད། །ཡེ་ཤེས་གྲུབ་པ་ལས་དེ་ཉིད་གནས་པ་གཞག་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གཉིས་པའོ།། །།ཤིན་ཏུ་རྨོངས་པའི་འཇིག་རྟེན་རྣམས། །གལ་ཏེ་གཞན་གྱིས་རབ་བསྐུལ་ན། །ཐར་པའི་དོན་དུ་བདག་གིས་བདག ། [50a.6]གཡང་སར་ཡང་ནི་འདོར་བར་མཛད། །རྨོངས་པར་གྱུར་པ་མང་པོ་ཡང་། །སྤྱོད་པ་དག་ནི་འདི་འདྲ་བས། །བདེ་གཤེགས་ལམ་ནི་ཀུན་སྤངས་ཏེ། །དམྱལ་བའི་ལམ་ནི་བརྟེན་པ་སྣང་། །ལོང་བའི་མི་ནི་ལ་ལ་ཞིག །གཞན་དག་ལ་ནི་ལམ་སྟོན་བྱེད། །གང་དང་གང་བརྟགས་ [50a.7]དེ་དང་དེ། །འདྲི་བར་བྱེད་རྣམས་དེ་མི་འདྲི། །གལ་ཏེ་རྨོངས་པའི་དབང་གིས་ལམ། །མི་མཐོང་དེ་ནི་སྟོན་བྱེད་ཀྱང་། །སྡིག་ཅན་གྱི་ནི་ལམ་དེ་ཡིས། །བགྲོད་པ་ཉམས་པ་ཐོབ་པར་འགྱུར། །རང་ཉིད་ཀྱིས་ལམ་མི་མཐོང་བར། །ཇི་ལྟར་ཤིན་ཏུ་གཞན་བདག་འདྲེན། །ལོང་བ་ [50b] [50b.1]གཉིས་ནི་འགྲོགས་འགྱུར་ན། །གཉི་གས་སྡུག་བསྔལ་ཐེ་ཚོམ་མེད། །ཇི་ལྟར་དམུས་ལོང་བྱ་བ་ཡིས། །འབྲོག་དགོན་དག་ཏུ་ཞུགས་གྱུར་པ། །གཉིས་ཀའང་དེ་འདྲ་ལ་ལ་ཞིག །ཇི་ལྟར་གྲོང་དུ་འཇུག་པར་འགྱུར། །དེ་བཞིན་དམུས་ལོང་གྱུར་པ་དེས། །ཡང་དག་ཡེ་ཤེས་ [50b.2]མ་མཐོང་བས། །གནས་དེ་ཐོབ་པར་མི་ནུས་ན། ཇི་ལྟར་དེ་ནི་གཞན་གྲོལ་བྱེད། །དེ་བས་བླ་མ་བསྟེན་པ་ནི། །ཡང་དག་དང་ལྡན་སློབ་མ་ཡིན། །ཡོངས་སུ་བརྟག་པར་བྱའོ་ཞེས། །རྒྱལ་བའི་མཆོག་གིས་རབ་ཏུ་གསུངས། །དཀོན་མཆོག་གསུམ་ལ་ངང་གིས་ [50b.3]དང་། །སེམས་ཅན་ཀུན་ལ་སྙིང་རྗེར་ལྡན། །བརྟན་ཞིང་གཏོང་སོགས་ཡོན་ཏན་ལྡན། །བསོད་ནམས་ཐམས་ཅད་ཆེར་བསྐྱེད་ལ། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །བློ་བཟང་རབ་དང་ཡོན་ཏན་ལྡན། །ཁྲོ་བ་མེད་ཅིང་སྤྲོ་བ་ཆེ། །ཟབ་མོའི་ཆོས་ལ་ལྷག་པར་མོས། །དེ་ནི་ [50b.4]ཆོས་ཀྱི་སྦྱིན་པ་དག །ཟང་ཟིང་མེད་ལ་རྟག་པར་དགའ། །དེ་ནི་རྟག་ཏུ་འདོད་པ་ཆུང་། །ཚོགས་གཉིས་ཡང་དག་བསགས་པའོ། །དེ་ནི་བླ་མར་སངས་རྒྱས་དང་། །རྡོ་རྗེ་འཛིན་བཅས་ཀུན་གྱིས་གསུངས། །དེ་ཉིད་སེམས་ཅན་ཐམས་ཅད་ཀྱི། །སྟོན་པ་འཇིག་རྟེན་འདྲེན་ [50b.5]པ་ཡིན། །གང་གཞན་བླ་མར་བཤད་པ་དག །ལོག་ཤེས་མངོན་པའི་ང་རྒྱལ་ཅན། །ཆག་སོགས་དོན་དུ་ཆོས་རྣམས་ནི། །མཆོག་དག་སྟོན་པར་བྱེད་འགྱུར་བ། །འགྲོ་བའི་སྡིག་པའི་གྲོགས་པོ་རུ། །འཇིག་རྟེན་ན་དེ་རབ་ཏུ་གནས། །བདུད་ཀྱི་ཕྱོགས་ཀྱི་རིགས་ཅན་ཏེ། ། [50b.6]བདག་གཞན་ཕུང་བར་བྱེད་པ་ཡིན། །འགྲོ་སྟེ་རྟག་ཏུ་སྤང་བྱ་ཞིང་། །དེ་ལ་བསྙེན་བཀུར་བྱ་བ་མིན། །དེ་ལ་ཁོང་ཁྲོ་མི་བྱ་ཞིང་། །ཤིན་ཏུ་ཉེ་བར་མི་བྱའོ། །ཇི་ལྟར་ཉན་ཐོས་རྣམས་དང་ནི། །ལྷན་ཅིག་བདེ་གཤེགས་བཞེད་མིན་ལྟར། །དེ་བཞིན་དེ་འདྲ་དང་ལྷན་ཅིག །གནས་ [50b.7]པར་ཤིན་ཏུ་མི་བྱའོ། །ཡེ་ཤེས་གྲུབ་པ་ལས་སློབ་དཔོན་གྱི་མཚན་ཉིད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།སྔར་བཤད་པ་ཡི་མཚན་ཉིད་ལས། །སློབ་དཔོན་དུ་ནི་བཤད་པ་ཡིན། །སློབ་མ་ཡི་ནི་མཚན་ཉིད་ཀྱང་། །ཇི་ལྟར་གྱུར་པ་བཤད་པར་བྱ། །ཇི་ལྟར་འགའ་ནི་ [51a] [51a.1]གྲུར་ཞུགས་པ། །སྐྱ་བ་འཛིན་ལ་ལེགས་སློབ་ན། །མཚོ་ཆེན་ཕ་རོལ་འགྲོ་འགྱུར་ཞིང་། །གཞན་དུ་ཕ་རོལ་བགྲོད་མི་འགྱུར། །དེ་བཞིན་བླ་མ་དཀོན་མཆོག་གསུམ། །བྱང་ཆུབ་སེམས་ལའང་དད་ལྡན་ཞིང་། །འཇིག་རྟེན་ལ་ནི་སྙིང་རྗེར་ལྡན། །འདི་ནི་གྲུ་ཞེས་ [51a.2]བྱ་བར་བཤད། །བླ་མ་མཁས་པ་སྐྱ་བ་འཛིན། །གྲུ་ནི་ཐམས་ཅད་རབ་སྟོན་པ། །འཁོར་བའི་ཕ་རོལ་འགྲོ་རྣམས་ལ། །རྡོ་རྗེ་སེམས་དཔས་གསུངས་པ་ཡིན། །སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ནི་ཕ་རོལ་བགྲོད་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྟོགས་ཀྱང་། །བླ་མ་ [51a.3]མེད་པར་སྲིད་མཐར་མིན། །དེ་བས་ངེས་པ་ཉིད་དུ་འདི། །བརྟུལ་ཞུགས་བརྟན་པས་དེ་བཞིན་དུ། །ཕྱི་ནང་བདག་ཉིད་ཅན་རྣམས་ཀྱིས། །རྟག་ཏུ་རྣལ་འབྱོར་པ་མཆོད་བྱ། །ཕྱག་ལ་སོགས་པའི་བྱ་བ་ཀུན། །དུས་རྣམས་ཀུན་དུ་རབ་ཏུ་བྱ། །ཤེས་རབ་དད་པར་ཡང་དག་ལྡན། ། [51a.4]སྐྱེ་བོ་རྣམས་ལ་སྙིང་རྗེར་ལྡན། །ཁྲོ་བ་མེད་ཅིང་སླུ་བ་མེད། །གཏོང་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །སྤྲོ་ཆེན་རང་གི་བརྩོན་འགྲུས་ལྡན། །རྟག་ཏུ་བླ་མའི་བཀའ་བཞིན་བྱེད། །མ་བསྒོམས་ཡང་ནི་རང་གི་བློས། །ཡོ་བྱད་ལ་སོགས་དངོས་པོ་རྣམས། །ཅི་སྙེད་ [51a.5]པ་དང་ཅི་ནུས་དང་། །དེ་བཞིན་བཟའ་དང་བཅའ་སོགས་དབུལ། །ཇི་ལྟར་བརྙས་པ་གྱུར་ཀྱང་ནི། །ཡིད་ནི་ཞུམ་པ་མེད་པར་བཟོད། །ལུང་དང་རིགས་པ་རྟོགས་པ་པོ། །སློབ་མ་ཡོན་ཏན་ཀུན་ལྡན་ཡིན། །མི་རྟོག་པ་ཡི་རང་བཞིན་ཅན། །གང་ཡང་འདྲི་བ་མེད་པ་ནི། ། [51a.6]སློབ་པར་བྱ་བ་མི་ནུས་ཞེས། །སངས་རྒྱས་ཉིད་ཀྱིས་རབ་ཏུ་གསུངས། །ཇི་ལྟར་བྱིས་པ་འདམ་གོང་ལ། །ཇི་དགའ་བར་ནི་འཕེན་པ་ལྟར། །དེ་བཞིན་གང་ཞིག་གཞན་དབང་འགྱུར། །དམ་པའི་ཆོས་ཀྱི་སྣོད་མ་ཡིན། །ཡེ་ཤེས་གྲུབ་པ་ལས་སློབ་མའི་མཚན་ཉིད་ཀྱི་ལེའུ་སྟེ་ [51a.7]བཅུ་བཞི་པའོ།། །།ཡང་དག་དེ་ཉིད་ཇི་ལྟ་བར། །རིག་པར་བཅས་པས་སྔར་བཤད་པ། །དེ་ཉིད་རྒྱུད་ཀུན་ལ་གནས་པ། །དེ་རྣམས་ལས་ནི་ཅུང་ཟད་བཤད། །འཇིག་རྟེན་ན་ནི་རྐུན་མའི་སྒྲ། །འབྲས་ཆན་དོན་དུ་སྟོན་པར་བྱེད། །ལ་ལ་རྐུན་མ་ཉིད་ལ་སྨྲ། ། [51b] [51b.1]རྒྱུད་ཀྱང་དེ་དང་འདྲ་བ་ཡིན། །སེམས་ཅན་ཕན་མཛད་སངས་རྒྱས་རྣམས། །མཆོག་དང་འབྲིང་དང་ཐ་མ་ལ། །ཡི་གེ་དེ་དང་དེ་ཡིས་བསྟན། །ཆོས་ནི་དེ་ཉིད་གསུང་བར་མཛད། །དེ་ཉིད་འབའ་ཞིག་གསུང་བ་དང་། །དེ་བཞིན་ལ་ལ་ཚིག་གཉིས་དང་། །དབང་པོ་ཞེན་པ་ [51b.2]འགའ་ལ་ཆོས། །འགའ་ཞིག་གསུང་གི་གཞན་དུ་མིན། །དཔལ་ལྡན་གསང་བ་འདུས་པ་ལས། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །སྟོང་དང་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བཤད་པ་ཡིན། །ཞེས་གསུངས་ཏེ། ཐོག་ [51b.3]མཐ་མ་མེད་ཅེས་བྱ་བ་ནི་སྐྱེ་བ་དང་འཇིག་པ་མེད་པ་སྟེ། འདིས་ནི་ཁྱབ་པ་ཉིད་དང་། གཟུགས་ཅན་མ་ཡིན་པ་ཉིད་དང་། མི་འགྱུར་བ་ཉིད་དང་། དུས་ཐམས་ཅད་པ་ཉིད་དུ་ཡང་སྟོན་ཏེ། ཕྱོགས་ན་གནས་པ་དང་། གཟུགས་ཅན་དང་འགྱུར་བ་དང་དུས་རྒྱུན་ཆད་པ་ [51b.4]རྣམས་ནི་རྣམ་པར་འཇིག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་གཟུགས་ཅན་མ་ཡིན་པ་རྣམས་ཀྱང་ཡུལ་ན་གནས་པར་འགྱུར་ན་འཇིག་པ་ཉིད་དུ་འགྱུར་ཏེ། དཔེར་ན་གླ་རྩི་ལ་སོགས་པ་དྲི་ཞིམ་པོ་རྣམས་ནི་གཟུགས་ཅན་མ་ཡིན་ནའང་ཡུལ་ན་གནས་པས་གླ་རྩི་ལ་སོགས་པའམ། [51b.5]དེས་བསྒོས་པའི་རྫས་རྣམས་མེད་ན་རྣམ་པར་འགྱུར་བས་འཇིག་པར་འགྱུར་རོ། །ཞི་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་གློ་བུར་བ་ཡིན་པའི་ཕྱིར་རབ་ཏུ་ཞི་བའོ། །སྔར་བཤད་པའི་ཡོན་ཏན་དང་ལྡན་པ་ན། དེ་ཉིད་དངོས་དང་དངོས་མེད་ཟད་པའི་གཙོ་བོ་སྟེ། འཇིག་རྟེན་དང་ [51b.6]འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དོན་རྣམས་རྫོགས་པར་མཛད་པའི་ཕྱིར་གཙོ་བོའམ་བདག་པོའོ། །སྟོང་དང་སྙིང་རྗེ་མི་ཕྱེད་པ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པའི་སྟོང་ཉིད་དེ་དང་། [51b.7]ཐུགས་རྗེ་ཆེན་པོ་མི་ཕྱེད་ཅིང་གཅིག་ཏུ་གྱུར་པའི་སེམས་གང་ཡིན་པ་དེ་ནི་སྙིང་རྗེ་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་རྒྱལ་པོ་འདི་ཉིད་ལ་རབ་ཏུ་གཞག་པར་བྱ་ཞིང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཕན་གདགས་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པའི་བསམ་པའོ། ། [52a] [52a.1]འདི་སྐད་སྟོན་པར་གྱུར་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པའི་རྣལ་འབྱོར་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་། ལྷན་ཅིག་ཕན་ཚུན་ཁྱབ་པ་དང་ཁྱབ་པར་བྱེད་པའི་ངོ་བོ་ཉིད་ཀྱིས་གནས་ཤིང་སངས་རྒྱས་ཀྱི་མཛད་པ་མཛད་པས། སེམས་ཅན་ཐམས་ཅད་ [52a.2]ལ་ཐུགས་རྗེ་ཆེན་པོས་གཅེས་པར་འཛིན་པར་རྟོག་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། འདིས་ནི་སྒོམ་པ་ཡང་དེ་ལྟར་བྱའོ་ཞེས་སྟོན་པ་ཡིན་ནོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི། རྣལ་འབྱོར་གྱི་རྒྱུད་མ་ལུས་པ་རྣམས་ལས་དགོངས་པ་འདི་ཉིད་ཡིན་ནོ། །ལས་ [52a.3]དང་པོ་པ་རྣམས་ལ་ཡང་བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞག་པར་བྱའོ་ཞེས་བྱ་བ་ནི་སེམས་ཡིན་པར་གསུངས་སོ། །ཡང་དེ་ཉིད་ལས། སངས་རྒྱས་ཀུན་ཞེས་བྱ་བ་ནི། །འདུས་པ་འདྲེས་པར་བཤད་པ་ཡིན། །ཞེས་ [52a.4]གསུངས་སོ། །གཟུགས་ཅན་རྣམས་ནི་ཐོག་མ་དང་ཐ་མ་མེད་པ་མི་སྲིད་པས་སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ་ཅན་ཡིན་ཏེ། དེ་རྣམས་ཀྱི་འདྲེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཏེ། རྡོ་རྗེ་འཆང་བ་ཉིད་ཡིན་པར་སྟོན་གྱི་གཞན་དུ་ན་གཟུགས་ཀྱི་སྐུ་ཇི་ལྟར་འདྲེས་པར་ [52a.5]འགྱུར། རྡུལ་ཕྲ་རབ་ཙམ་གྱི་ཚད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དང་འདྲེས་ན་ཡང་། ནམ་མཁའ་ཡང་རབ་ཏུ་གང་ཞིང་དེ་བས་ལྷག་པར་འགྱུར་ཏེ། ཐམས་ཅད་ཀྱི་སྒྲ་ནི་མ་ལུས་པའི་ཚིག་ཡིན་པས་ཉུང་ངུས་ཀྱང་འདྲེས་པར་མི་རིགས་སོ། །ཡང་དེ་ཉིད་ལས། [52a.6]བསྐྱེད་པ་ཡི་ནི་རིམ་ཉིད་དང་། །དེ་བཞིན་རྫོགས་པའི་རིམ་པ་སྟེ་རྫོགས་པའི་རིམ་པ་ཞེས་བྱ་བ། །ཡང་དག་ཡེ་ཤེས་དེ་ཉིད་དེ། །མ་བཅོས་པ་ཞེས་བྱ་བ་ཉིད། །དེ་ཉིད་ལས་ནི་ཡང་དག་བཤད། །གང་གིས་ཐོག་མཐའ་མེད་པའི་དངོས། །རྣམ་དག་ཡིད་ཀྱིས་སྒོམ་བྱེད་པ། ། [52a.7]ཞེས་བྱ་བ་ལ་སོགས་པའོ། །ལེའུ་དང་པོ་ལས་དེ་ནས་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ་ཞེས་གསུངས་པ་དང་། ཡང་། མ་སྐྱེས་པ་ཡི་ཆོས་རྣམས་ལ། །དངོས་པོ་མེད་དེ་སྒོམ་པའང་མེད། ། [52b] [52b.1]ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །དངོས་པོ་འདི་དག་རབ་ཏུ་བསྒྲགས། །ཡང་། ཆོས་རྣམས་རང་བཞིན་འོད་གསལ་བའི། །གཟོད་ནས་དག་པ་མཁའ་དང་མཚུངས། །བྱང་ཆུབ་མེད་ཅིང་རྟོག་པའང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་པ་དང་། [52b.2]ལེའུ་དགུ་པ་ལས་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་སྟེ། ཆོས་ཐམས་ཅད་ནམ་མཁའི་ཁོངས་སུ་གཏོགས་པའོ། །ཆོས་དེ་དག་ཐམས་ཅད་ཀྱང་འདོད་པའི་ཁམས་ནའང་མི་གནས། གཟུགས་ཀྱི་ཁམས་ནའང་མི་གནས། གཟུགས་ [52b.3]མེད་པའི་ཁམས་ནའང་མི་གནས་འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་དེ་ལྟར་རྗེས་སུ་རིག་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་དོན་གྱི་དབང་དེ་ལྟ་བུ་མཁྱེན་ཅིང་། སེམས་ཅན་རྣམས་ཀྱི་བསམ་པ་མཁྱེན་ནས་ཆོས་འཆད་དོ། ། [52b.4]རིགས་ཀྱི་བུ་དེ་ལྟར་ནམ་མཁའི་ཚིག་ངེས་པར་བརྗོད་པས། དེ་བཞིན་གཤེགས་པའི་དམ་ཚིག་དེ་དག་རྗེས་སུ་རིག་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་གཙུབ་ཤིང་དང་གཙུབ་སྟན་དང་མིའི་ལག་པ་བསྐྱོད་པའི་རྐྱེན་གྱིས་དུ་བ་རབ་ཏུ་བྱུང་ཞིང་མེ་ཆེན་པོ་འབྱུང་བར་འགྱུར་མོད་ཀྱི། མེ་ [52b.5]དེ་ཡང་གཙུབ་ཤིང་ལ་ཡང་མི་གནས་གཙུབ་སྟན་ལ་ཡང་མི་གནས། མིའི་ལག་པ་བསྐྱོད་པ་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་འགྲོ་བ་དང་འོང་བ་ལ་སོགས་པ་རྗེས་སུ་རིག་པར་བྱའོ། །ལེའུ་བཅུ་པ་ལས། ལུས་ངག་ [52b.6]སེམས་རྣམས་བསྒོམ་པ་ནི། །རྣམ་པར་མི་རྟོག་མི་དམིགས་པ། །གང་ལའང་མི་གནས་མཉམ་པ་ཉིད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ། །ལེའུ་བཅུ་གཉིས་པ་ལས། ནམ་མཁའི་ཁམས་དང་མཉམ་གྱུར་ཅིང་། །རྣམ་པར་མི་རྟོག་ངོ་བོ་ཉིད། །རང་བཞིན་དག་ [52b.7]པའི་ཆོས་རྣམས་ལ། །རོལ་མོ་འདི་དག་རབ་ཏུ་བསྒོམ། །ལེའུ་བཅུ་དྲུག་པ་ལས། རྡོ་རྗེ་ཐིག་ནི་གདབ་པ་དང་། །ཚོན་རྩི་དག་ཀྱང་དགྱེ་བ་ནི། །སྔགས་ཀྱི་སེམས་དཔས་མི་བྱ་སྟེ། །བྱས་ན་བྱང་ཆུབ་རྙེད་པར་དཀའོ། །ཞེས་གསུངས་ཏེ། དཀྱིལ་འཁོར་ཐིག་གདབ་ [53a] [53a.1]པ་དང་ཚོན་རྩི་དགྱེ་བ་ལ་སོགས་པ་མི་བྱའོ། །སྔགས་ཀྱི་སེམས་དཔའ་ཞེས་བྱ་བ་ནི་ཡིད་སྐྱོབ་པར་བྱེད་པར་བྱ་བའི་ཕྱིར་སྔགས་ནི་ཡེ་ཤེས་ཡིན་ཏེ། ཡང་དག་པའི་ཡེ་ཤེས་མཐོང་བ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྨོངས་པས་དེ་ལྟར་བྱེད་ན་ནི་བྱང་ཆུབ་ [53a.2]རྙེད་པར་དཀའ་བར་འགྱུར་ཏེ། བྱིས་པའི་སྐྱེ་པོ་ལས་དང་པོ་པའི་སེམས་ཅན་གྱི་བྱ་བ་བྱེད་པས་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་རྙེད་པར་དཀའ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པའི་ཡེ་ཤེས་ཀྱིས་མངོན་པར་དབང་བསྐུར་བ་དང་ལྡན་པའི་རྣལ་འབྱོར་པ་དེ་ལ་ནི ། [53a.3]དཀྱིལ་འཁོར་བྲི་བ་དང་། འཇུག་པ་དང་དབང་བསྐུར་བ་ལ་སོགས་པ་ནི་བཀག་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་སྣང་བ་ཡིས། །རང་རང་ངོ་བོ་གསལ་བས་ན། །དེ་བཞིན་གཤེགས་པའི་ཡེ་ཤེས་དང་། །རྣམ་སྣང་མཛད་དུ་དེ་བཤད་དོ། །སྐྱེ་བོ་མི་འདོད་པ་ཀུན་དང་། ། [53a.4]ལོག་ཤེས་སློབ་དཔོན་སྐྱེ་བོ་ཡིས། །མི་བསྐྱོད་པ་ཡི་ངོ་བོ་པས།།འདི་ནི་མི་བསྐྱོད་ཡང་དག་བཤད། །གང་ཕྱིར་ངེས་པར་སངས་རྒྱས་སོགས། །རིན་ཆེན་རྣམས་ནི་རང་འབྱུང་ཉིད། །ཡེ་ཤེས་སེམས་ཅན་དོན་ལྡན་པས། །རིན་ཆེན་འབྱུང་ལྡན་ཞེས་བཤད་དོ། །མི་གནས་ [53a.5]པ་ཡི་མྱ་ངན་འདས། །སྲིད་དང་མྱ་ངན་འདས་མ་གོས། །གྲངས་མེད་ཡོན་ཏན་ཡང་དག་ལྡན། །འོད་དཔག་མེད་པར་དེ་བཤད་དོ། །སེམས་ཅན་ཀུན་དོན་བྱ་བ་རྣམས། །རང་ཉིད་ཀྱིས་ནི་རང་བསྒྲུབས་པས། །དོན་ཡོད་ཡེ་ཤེས་ཆེན་པོ་སྟེ། །དོན་ཡོད་གྲུབ་པ་ཞེས་བཤད་ [53a.6]དོ། །ཕྲ་བ་དང་ནི་རྒྱ་ཆེའི་ཚུལ། །འཇིག་རྟེན་གསུམ་པོ་ཡོངས་མཁྱེན་ཅིང་། །ཞིང་རྣམས་ཀུན་ན་གནས་གཟིགས་པས། །དེས་ན་སྤྱན་ཞེས་བཤད་པ་ཡིན། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །ཉིད་ཀྱིར་ཉིད་ཀྱིས་ཐུགས་སུ་ཆུད། །ཕན་ཚུན་དུ་ནི་ཁྱབ་ཉིད་པས། ། [53a.7]དེས་ན་མཱ་མ་ཀཱི་ར་བཤད་དོ། །ཀུན་མཆོག་དེ་བཞིན་གཤེགས་པ་ཡི། །ཉེས་པ་ཀུན་སེལ་ཡེ་ཤེས་ནི། །སེམས་ཅན་ཡང་དག་སྦྱོར་བའི་བརྩོན། །གོས་དཀར་མོ་ཞེས་བྱ་བར་བཤད། །ཐུགས་རྗེ་ཆེན་པོས་རྟག་ཏུ་ནི། །འགྲོ་བ་འདོན་པའི་དགོངས་པ་ནི། །སེམས་ [53b] [53b.1]ཅན་གྲོལ་བ་མཁས་པས་ན། །ཡེ་ཤེས་སྒྲོན་མ་རབ་བཤད་དོ། །ཁམས་གསུམ་པ་ལ་སོགས་པ་ནི། །སངས་རྒྱས་ཡེ་ཤེས་ཉེར་ལོངས་སྤྱོད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །སྤྱན་ལ་སོགས་པ་རབ་ཏུ་བཤད། །ཀུན་མཆོག་དེ་བཞིན་གཤེགས་པ་ཡི། །གསོད་ [53b.2]སོགས་འཇིག་པ་ལས་གྲོལ་བས། །རབ་གདུག་འདུལ་བའི་ཡེ་ཤེས་ཏེ། །དེ་བས་གཤིན་རྗེ་གཤེད་དུ་བཤད། །ལོག་པའི་ཤེས་པ་རྣམ་སེལ་བའི། །རྨོངས་པའི་སེམས་ཅན་རབ་སྟོན་ཅན། །ཡང་དག་ཡེ་ཤེས་རབ་མཆོག་སྟེ། །ལྡན་པས་ཤེས་རབ་མཐར་བྱེད་བཤད། ། [53b.3]འགྲོ་བ་ཀུན་གྱི་དགའ་བ་རྣམས། །རྣམ་པར་བརྟགས་ཤིང་མི་འཛིན་ལ། །སྲིད་པ་དྲི་མེད་ཐུགས་ཆུད་པས། །དེས་ན་པདྨ་མཐར་བྱེད་བཤད། །བགེགས་སོགས་པ་ལ་རྣམ་གྲོལ་བདག །ཡེ་ཤེས་ཀུན་དོན་སྒྲུབ་པ་པོ། །སངས་རྒྱས་ཀུན་གྱི་རང་བཞིན་འགྲུབ། །དེས་ན་བགེགས་ [53b.4]ནི་མཐར་བྱེད་བཤད། །ཤེས་དང་ཤེས་བྱ་ཟད་གྱུར་པ། །སྙོམས་པར་ཞུགས་པ་ཞེས་བཤད་དོ། །སྲིད་གསུམ་མངོན་ཕྱོགས་ཡེ་ཤེས་ནི། །ཆགས་སོགས་གསུམ་ནི་སྦྱོང་བ་སྟེ། །སངས་རྒྱས་ཀུན་གྱི་རང་བཞིན་དག །ཞལ་གསུམ་དུ་ནི་དེ་ཡོངས་བཤད། །གཙང་ཞིང་ [53b.5]རྣམ་དག་ངོ་བོ་ལས། །སྐུ་མདོག་དཀར་པོ་རབ་ཏུ་སྟོན། །སྦྱིན་པ་ཀུན་ཀྱང་སེར་པོ་ཉིད། །དམར་པོ་དག་ཏུ་ཐུགས་རྗེས་མཚུངས། །དཀོན་མཆོག་གསུམ་ལ་གནོད་བྱེད་སོགས། །འདུལ་བར་མཛད་པ་བརྩོན་གྱུར་པ། །འགྲོ་བའི་དོན་ནི་མཛད་པའི་མཆོག །ཡེ་ཤེས་དེ་ [53b.6]ནི་ནག་པོར་བཤད། །སྣ་ཚོགས་ཐབས་ནི་རྣམ་དག་གང་། །སྐུ་མདོག་ལྗང་གུར་རབ་ཏུ་བཤད། །གང་ཕྱིར་གཟུགས་སོགས་སྐྱེ་མཆེད་རྣམས། །འདི་ནི་རབ་ཏུ་སྤྱོད་མཛད་དེ། །དེས་ནི་དེ་བཞིན་གཤེགས་ཡེ་ཤེས། །ཐུགས་ཆུད་ཕྱག་ནི་དྲུག་པར་བཤད། །བྱང་ཆུབ་ [53b.7]སེམས་ནི་རྡོ་རྗེར་གྱུར། །ཤེས་རབ་དྲིལ་བུ་ཡིན་པར་བཤད། །འཁོར་ལོ་མི་ཤེས་ཡང་དག་གཅོད། །རིན་ཆེན་དེ་བས་རྙེད་དཀའ་བ། །སྲིད་པའི་ཉེས་པས་མགོས་ཕྱིར། །ཡེ་ཤེས་དེ་ནི་པདྨར་བཤད། །རལ་གྲི་ཉོན་མོངས་དགྲ་དེ་གཅོད། །ཨུཏྤལ་སྟེང་དུ་བྱུང་བ་སྟེ། ། [54a] [54a.1]འཁོར་བའི་ཆུར་ནི་ནུབ་པ་ཡི། །ཤེས་པས་གང་ཕྱིར་སྐྱེས་པས་སོ། །དེས་ན་རྒྱས་བྱེད་ཨུཏྤལ་བཤད། །སངས་རྒྱས་རྗེས་གནང་སེམས་ཅན་རྣམས། །རྡེག་པས་ཐོ་བ་ཡིན་པར་བཤད། །དབྱིག་པས་ཆད་པ་འདུལ་བ་སྟེ། །ཡེ་ཤེས་འགྲོ་བ་འདུལ་བ་པོ། ། [54a.2]པདྨ་སྐྱེ་བ་རྣམ་དག་ཕྱིར། །རྣམ་རྟོག་དྲི་མ་སྦྱོང་བྱེད་པའོ། །ཕན་ཚུན་ཁྱབ་པ་བྱེད་པའི་ཕྱིར། །སྣ་ཚོགས་རྡོ་རྗེ་ཡིན་པར་བཤད། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་བཙུན་ [54a.3]མོའི་བྷ་ག་ལ་བཞུགས་ཏེ་ཞེས་པ་ལས། །འདི་སྐད་བདག་གིས་དུས་གཅིག་ཁོ་ནའི་ཚེ་ན་ཐོས་ཏེ། བཅོམ་ལྡན་འདས་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་བཙུན་མོ་སྟེ་མི་ཕྱེད་ [54a.4]པའི་ཡེ་ཤེས་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་འཇིག་པས་བྷག་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷག་དེ་རྣམས་ལ་བཞུགས་སོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ [54a.5]ཀྱི་ཡེ་ཤེས་ཕན་ཚུན་ཁྱབ་པར་བྱ་བ་དང་ཁྱབ་པ་པོར་གྱུར་པ་རྣམས་སུ་རྣལ་འབྱོར་པའི་ཡེ་ཤེས་དེའི་ནང་དུ་ཆུད་པ་ཡིན་ནོ། །ཐམས་ཅད་ཉིད་དོ་བཞུགས་སོ་ཞེས་བྱ་བ་ནི། དེ་ཡང་ཡེ་ཤེས་ཐམས་ཅད་ལ་རིམ་གྱིས་མི་བཞུགས་ཏེ། ཅིག་ཅར་ཉིད་དུ་ཡེ་ཤེས་ཐམས་ཅད་ལ་བཞུགས་ [54a.6]སོ་ཞེས་བྱ་བའི་དོན་ཏོ། །བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཚད་མེད་པར་འདོད་པ་དང་ལྷན་ཅིག་ཅེས་བྱ་བའི་དོན་དུ་སྟེ། དེ་རྣམས་ཀྱང་ཚུལ་འདི་ཉིད་ཀྱིས་བཞུགས་སོ་ཞེས་བྱ་བར་དགོངས་སོ། །རྒྱུད་ [54a.7]ཀྱི་རྒྱལ་པོ་དེ་ཁོ་ན་ཉིད་འདུས་པ་ལས་ཀྱང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོར་སེམས་བརྟན་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐུགས་བྱང་ཆུབ་སེམས་དཔའ་ཆེན་པོ་ [54b] [54b.1]རྡོ་རྗེ་ཀུན་དུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་རྟོགས་པར་དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་ [54b.2]བ་སྐྱེད་ཅིག་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱ་སྙམ། བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས། ཇི་ལྟར་བསྒྲུབ་པར་བགྱི། [54b.3]བཀའ་སྩལ་པར་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རང་གི་སེམས་ལ་རྟོག་ཅིང་མཉམ་པར་ཞོག་ལ། རང་བཞིན་གྱིས་གྲུབ་པའི་སྔགས་ནི་ཅི་དགར་བཟླས་ཤིང་སྒྲུབ་པར་གྱིས་ཤིག །སྭ་ཙིཏྟ་པྲ་ཏི་བེ་ཏཾ་ཀ་རོ་མི། [54b.4]བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དུ་གདའ་བར་འཚལ་བ་ལགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སེམས་འདི་ནི་རང་བཞིན་གྱིས་འོད་གསལ་ [54b.5]བས་ན་ཟླ་བ་ལྟ་བུ་སྟེ། ཟླ་བའི་དཀྱིལ་འཁོར་ནི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དེ་ཉིད་དོ། །དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་རིམ་གྱིས་རྫོགས་པར་འགྱུར་ཏེ། དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའི་བསམ་པ་རིན་པོ་ཆེ་ཡང་རྫོགས་པར་འགྱུར་རོ། །དཔེར་ན་ཟླ་ [54b.6]བའི་དཀྱིལ་འཁོར་ནི་གློ་བུར་གྱི་དྲི་མ་རྣམས་དང་བྲལ་ཞིང་། ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་དང་བྲལ་བས་རིམ་གྱིས་རྫོགས་པར་སྣང་ངོ་། །དེ་བཞིན་དུ་རང་བཞན་གྱིས་ཡོངས་སུ་དག་པའི་སེམས་ཀྱི་རིན་པོ་ཆེ་ཡང་། ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མའི་ནག་ནོག་དང་བྲལ་ [54b.7]ཞིང་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་སྣང་ངོ་། །གཉིས་སུ་མེད་པར་མཉམ་པའི་རྣམ་པར་རྒྱལ་བ་ལས་ཀྱང་། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཡང་ལེའུ་དགུ་པ་ལས། གསལ་བ་སེམས་ཅན་ཀུན་གྱི་སེམས། །ཞི་བ་ཉིད་ནི་འོད་གསལ་བ། །དངོས་ [55a] [55a.1]པོ་དུ་མས་མ་གོས་པ། །དེ་ཉིད་ཅེས་བྱ་དེ་བསྒོམ་པ། །སངས་རྒྱས་སྐུ་ཡི་ཆོ་ག་ཞེས། །དེ་བཞིན་ཉིད་དུ་ཉེ་བར་སྤྱོད། །གཞན་དུ་སྔགས་ལ་སོགས་པ་ཀུན། །དགེ་བ་འགྲུབ་པར་མི་འགྱུར་རོ། །ཡང་ལེའུ་བཅུ་གསུམ་པ་ལས། སངས་རྒྱས་ཀུན་གྱི་ [55a.2]དཀྱིལ་འཁོར་ནི། །དེ་ཉིད་ཤེས་པའི་དཀྱིལ་འཁོར་ཏེ། །འདི་ནི་དེ་ཉིད་གྲུབ་པ་ཡིན། །ཡིད་བཞིན་ནོར་བུ་ལྟ་བུར་བཤད། །ཟླ་གསང་ནོར་བུའི་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་ཏེ། ཡན་ལག་ཀུན་བསྒོམ་ལས་འདས་ཤིང་། །རྟོག་དང་བརྟག་བྱ་རྣམ་སྤངས་ལ། ། [55a.3]གུག་སྐྱེད་ཐིག་ལེ་ཡང་དག་འདས། །འདི་ནི་དཀྱིལ་འཁོར་དམ་པ་ཡིན། །ཡང་དེ་ཉིད་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་ཉིད་དངོས་པོ་ཐམས་ཅད་ཀྱིས། །ཐམས་ཅད་དུ་ནི་ཡང་དག་བཞུགས། །བྱང་ [55a.4]ཆུབ་སེམས་ལས་མ་གཏོགས་པའི། །བདེ་གཞན་སྲིད་པ་གསུམ་ན་མེད། །བྱང་ཆུབ་སེམས་དངོས་བདེ་བ་ནི། །བདེ་བ་ཐམས་ཅད་སྐྱེད་བྱེད་པའོ། །འདུས་པའི་དམ་ཚིག་གི་དེ་ཁོ་ན་ཉིད་ལས་བསྟན་ཏེ། ང་ཡང་འདོད་དང་གཟུགས་མཆོག་ཏུ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་ [55a.5]བརླབས། །ངས་ཀྱང་ཆོས་ཀྱི་སྐུ་མཆོག་ཏུ། །སངས་རྒྱས་ཐམས་ཅད་བྱིན་གྱིས་བརླབས། །རབ་དགྱེས་བཅོམ་ལྡན་རྟག་པར་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །གང་ཕྱིར་དེ་རྣམས་སྐྱེས་པས་ན། །འདི་ནི་དེ་ཉིད་ཡིན་པར་འདོད། །ཡང་། སེམས་ [55a.6]དཔའ་ཆེན་པོ་རྡོ་རྗེ་ཆེ། །རྡོ་རྗེ་སེམས་དཔའ་དེ་བཤད་དོ། །དེ་ཡི་སེམས་དཔའ་ཐོག་མཐའ་མེད། །རྡོ་རྗེ་སེམས་དཔའ་དགའ་ཆེན་ཡིན། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །སངས་རྒྱས་བྱང་ཆུབ་ཁམས་གསུམ་པ། །མི་རྒྱུ་ཐམས་ཅད་འདི་ཡིན་ནོ། །རྡོ་རྗེ་ཆེན་པོ་ [55a.7]མཆོག་ཆེན་པོ། །རྒྱུ་བ་སེམས་ཀྱི་འདུས་བྱས་ཏེ། །ཀུན་མཛད་ཐམས་ཅད་འདི་ཡིན་ནོ། །སྒྱུ་འཕྲུལ་དྲ་བ་ལས་ཀྱང་གསུངས་ཏེ། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས [55b] [55b.1]བོན་བྲལ། །ལེའུ་བདུན་པའི་བྱང་ཆུབ་སེམས་དཔའི་ལེའུ་ལས། ཆོས་རྣམས་སྐྱེ་བ་མེད་པ་སྟེ། །འགྱུར་བ་མེད་ཅིང་གནས་པ་མེད། །རྟོག་དང་སྨྲ་བའི་ཚུལ་སྤངས་འདི། །བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས། །ཡང་དེ་ཉིད་ལས། ཆོས་རྣམས་རང་བཞིན་འོད་གསལ་ [55b.2]བས། །གཟོད་ནས་དག་ཅིང་རྙོག་པ་མེད། །སེམས་ཅན་མེད་ཅིང་སྲོག་ཀྱང་མེད། །སངས་རྒྱས་ཉིད་དང་བྱང་ཆུབ་སེམས། །དཔལ་རྡོ་རྗེ་དཀྱིལ་འཁོར་གྱི་རྒྱན་ལས་གསུངས་པ། ཐམས་ཅད་དུ་ནི་ཁམས་ཀུན་དང་། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ལུས་ཀུན་ལ་ནི་མཉམ་པར་ [55b.3]ཁྱབ། །སེམས་ཅན་ཁྱབ་བཞིན་ཡང་དག་གནས། །ཟག་པ་མེད་ཀྱང་བསམ་མི་ཁྱབ། །དྲི་མེད་ང་མེད་རང་བཞིན་དང་། །སྟོང་དང་མཁའ་དང་མཉམ་ཉིད་དང་། །དངོས་དང་དངོས་མེད་རྣམ་སྤངས་པའི། །ཐོག་མ་ཐ་མ་མེད་ཞི་བའོ། །ཆོས་ཀུན་གྱི་ནི་ [55b.4]དབང་ཕྱུག་སྐུ། །གཟུགས་རྣམས་ཀུན་གྱི་འབྱོར་བ་སྟེ། །བདེན་པ་གཉིས་ལ་ཡང་དག་གནས། །མཆོག་ཡིན་དམ་པའི་དོན་གྱིས་ནི། །དེ་ནི་ཆོས་ཀྱིས་སྐུ་ཞེས་བཤད། །དབང་པོ་ཀུན་དང་རྣམ་ཤེས་དང་། །སེམས་ཅན་ཀུན་ལ་ཡང་དག་ཏུ། །ཡིད་དང་ [55b.5]རྣམ་ཤེས་ཞེས་བཤད་ཅིང་། །ཤེས་རབ་བློ་དང་བློ་གྲོས་ལྡན། །ལྷག་མཐོང་ཀུན་མཁྱེན་ཡེ་ཤེས་ནི། །ཤེས་བྱ་ཉོན་མོངས་ཐར་པ་ཉིད། །རྟག་དང་ཆད་པའི་མཐའ་ལས་གྲོལ། །མཐའ་ཉིད་དག་ནི་རྣམ་པར་སྤངས། །ཀུན་རྫོབ་དང་ནི་དོན་དམ་ལས། །དེ་ནི་རྣམ་ [55b.6]པ་གཉིས་སུ་བརྟག །དཔེར་ན་བུད་ཤིང་ལ་གནས་ཏེ། །མེ་ཡི་ས་བོན་ཀུན་དུ་གནས། །དཔེར་ན་ཏིལ་ལ་ཏིལ་མར་དང་། །བུ་རམ་ཤིང་ལ་ཁུ་བར་བརྟག །དཔེར་ན་མེ་ཏོག་ལ་དྲི་དང་། །དཔེར་ན་ཞོ་ལ་མར་སར་བཞིན། །ཀུན་དུ་སེམས་ཅན་ཐམས་ཅད་དང་། །རྒྱུ་བ་དང་ [55b.7]ནི་མི་རྒྱུ་བ། །གཟུགས་དང་གཟུགས་མེད་རྟོག་པ་ལ། །ཕྱག་རྒྱ་ཆེན་པོ་རབ་ཏུ་གནས། །ཡང་། ཡེ་ཤེས་འདི་མི་འཇིག་པ་དང་། མི་བཟད་པ་དང་། མི་གཡོ་བ་དང་། གཟོད་མ་ནས་དག་པ་དང་། དྲི་མ་མེད་པ་དང་། འོད་གསལ་བ་དང་། བརྗོད་དུ་མེད་པའོ་ཞེས་ [56a] [56a.1]གསུངས་སོ། །བདེ་མཆོག་གི་རྒྱུད་ལས་ཀྱང་གསུངས་ཏེ། གཟུགས་བརྙན་ལུགས་མ་ལ་སོགས་ལས། །རྣལ་འབྱོར་སྐྱེ་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །སེམས་ལས་རྣལ་འབྱོར་ལྷར་འགྱུར་རོ། །བྱང་ཆུབ་སེམས་ནི་རྡོ་རྗེ་ [56a.2]སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ནི། །བདེ་བས་ཐམས་ཅད་བདག་འབྱོར་པས། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པས་ཀྱང་། །དེ་ནི་སངས་རྒྱས་ཐམས་ཅད་ཀྱང་། །མཐོང་ཞིང་མཆོད་པ་བྱས་པར་ [56a.3]འགྱུར། །འདི་དང་སངས་རྒྱས་ཐམས་ཅད་ལ། །མཐོང་བ་དང་ནི་རེག་པ་ཡིས། །དཀྱིལ་འཁོར་དག་ཏུ་མ་ཞུགས་དང་། །བདེ་བ་དག་ཀྱང་མཐོང་བས་ན། །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །སངས་ [56a.4]རྒྱས་དངོས་གྲུབ་ཐམས་ཅད་འགྲུབ། །འདི་དང་སངས་རྒྱས་ཐམས་ཅད་ལ། །རྣལ་འབྱོར་ཐམས་ཅད་མཉམ་སྦྱོར་བའི། །བུད་མེད་དག་ཀྱང་རྣམ་གྲོལ་ཞིང་། །སངས་རྒྱས་བྱང་ཆུབ་རེག་པར་འགྱུར། །ཀུན་དུ་ཀུན་ནས་ཐམས་ཅད་ཀུན། །བདག་ཉིད་རྣམ་པ་ཐམས་ཅད་དུ། ། [56a.5]སངས་རྒྱས་ཐམས་ཅད་དངོས་གྲུབ་པར། །དེ་ཡི་བདག་ཉིད་མཐོང་བར་འགྱུར། །འདི་ཡི་བདག་ཉིད་ཀུན་གནས་པས། །མཆོད་པའི་སྤྲིན་ཆེན་ཐམས་ཅད་ཀྱི། །བཀོད་པའི་རབ་འབྱམས་མཆོག་དག་གིས། །དེ་བཞིན་གཤེགས་པ་མཆོད་པར་མཛད། །རྣལ་འབྱོར་ [56a.6]ཀུན་གྱིས་ལོངས་སྤྱོད་ཀྱིས། །ཇི་ལྟར་བདེ་བ་སྟེན་བྱེད་ཅིང་། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བདག་ཉིད་རབ་ཏུ་མཆོད་པར་བྱ། །ཡང་། སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །སྣ་ཚོགས་འདུལ་བའི་བདག་ཉིད་ནི། །སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །གཞན་པ་ [56a.7]ཐམས་ཅད་བསྒྲུབ་པར་བྱ། །གང་ཕྱིར་རྡོ་རྗེ་སེམས་དཔའ་མཆོག །ཐོག་མཐའ་མེད་པའི་སེམས་དཔའ་ནི། །སངས་རྒྱས་ཕྱག་རྒྱའི་བརྡ་ཡིས་ནི། །སྐལ་བཟང་ཞེས་ནི་རྣམ་པར་གྲགས། །ཡང་། ཆོ་ག་སྣ་ཚོགས་འདོད་རྣམས་ལ། །ལས་ཀྱི་སྦྱོར་བ་སྣ་ཚོགས་ཀྱིས། ། [56b] [56b.1]སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །གདུལ་བའི་ཕྱིར་ནི་བྱས་པ་ཡིན། །དཔལ་མཆོག་དང་པོ་ལས་ཀྱང་། གསང་བའི་པདྨའི་ཚོགས་མཐོང་བ་ལ་སོགས་པ་ནི་གཞུང་མངས་ཀྱིས་དོགས་ནས་མ་བྲིས་སོ། །ཡེ་ཤེས་གྲུབ་པ་ལས་གསུངས་པའི་དེ་ཁོ་ན་ཉིད་ཀྱི་ཡི་གེའི་ཚོགས་ངེས་པར་ [56b.2]བསྟན་པ་སྟེ་ལེའུ་བཅོ་ལྔ་པའོ།། །།དེ་ལྟར་ཤེས་མཆོག་ཐབས་དང་ནི། །བཅས་པར་ཡང་དག་སྒོམ་པར་ནི། །ཤིན་ཏུ་དྲག་པོའི་བདག་ཉིད་ཅན། །སྐྱེ་བ་གཅིག་གིས་འགྲུབ་པར་འགྱུར། །ཐབས་དང་སྙིང་རྗེའི་རྩ་བ་ཅན། །བྱང་ཆུབ་སེམས་ནི་ལེགས་གསལ་ལ། ། [56b.3]སེམས་ཅན་ཀུན་ལ་སྙོམས་པ་དང་། །དཀོན་མཆོག་གསུམ་ནི་དད་པས་མཆོད། །སྟོང་ཉིད་མངོན་དུ་ཡེ་ཤེས་ཤིང་། །འདོད་པ་ཀུན་ལས་ཆགས་བྲལ་མིན། །ལོངས་སྤྱོད་རྣམས་ཀྱང་མཆོད་པའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་འཆང་། །ཕྱག་ལ་སོགས་པ་ [56b.4]རྣམ་དག་ནི། །བསྔོ་བའི་བར་དུ་བྱ་བ་ནི། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྙིང་རྗེ་ལ་སོགས་རབ་ཏུ་གསུངས། །དེ་ལྟར་ཐབས་ཤེས་རྣལ་འབྱོར་པ། །སངས་རྒྱས་ཀུན་འདྲ་གཉིས་པ་ཡིན། །དེ་ལ་འཚེ་བ་ཅུང་ཟད་ཀྱང་། །རྟག་པ་ཀུན་དུ་ཡོད་མ་ [56b.5]ཡིན། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །གང་ཞིག་བསྲུང་བར་ཡོངས་བསྒྲགས་པ། །སངས་རྒྱས་ཀུན་དང་དེ་སྲས་ཀྱིས། །ལུང་ཀུན་དུ་ནི་ངེས་གསུངས་པ། །སངས་རྒྱས་སྲས་བཅས་དེ་རྣམས་ཀྱིས། །བསྐལ་པ་བྱེ་བ་བརྒྱ་བར་དུ། །སྲུང་བ་མཛད་པ་གང་ཡིན་ [56b.6]པ། །དེ་ནི་ཡེ་ཤེས་དེ་བསྒོམས་ཡིན། །སྤྱོད་ལམ་བཞི་དང་ལྡན་པ་རུ། །བསྒོམ་པ་རུ་ནི་གསུངས་པ་ཡིན། །བདེ་བ་ཐམས་ཅད་སྟེར་བྱེད་པའི། །རྣལ་འབྱོར་པ་ཡི་གནས་མ་གསུངས། །རྣལ་འབྱོར་སྨྱུང་ལ་མི་གནས་ཤིང་། །གཅེར་བུ་རྣམ་རྟོག་དག་པ་མིན། ། [56b.7]སྣ་ཚོགས་རྟོག་ལས་རྣམ་གྲོལ་བདག །རྣལ་འབྱོར་མཆོག་གིས་བདག་ཉིད་བསྒོམ། །ལུས་དང་ཡིད་ཀྱི་སྡུག་བསྔལ་དག །བསྐལ་པ་བྱེ་བར་མི་བྱའོ། །བདེ་བ་ཀུན་དང་ཡང་དག་ལྡན། །འགྲུབ་པར་འདི་ཉིད་ཐེ་ཚོམ་མེད། །སེམས་ཅན་ཐམས་ཅད་སྐྱེ་བ་ནི། ། [57a] [57a.1]འགྲོ་དྲུག་ལས་ཡོད་གཞན་ཡོད་མིན། །དེ་བས་གང་དུའང་གཟུང་བྱ་མིན། །ཁྱད་པར་ཅན་ནི་རྙེད་མི་འགྱུར། །གནས་དང་ཡུལ་དང་ཁྱིམ་དང་ནི། །གླེགས་བམ་སྐུ་ཡི་གཟུགས་བརྙན་ལ། །འཛིན་པ་ཀུན་ལ་རྣམ་གྲོལ་བས། །རྣལ་འབྱོར་པ་རྣམས་སངས་ [57a.2]རྒྱས་བསྔགས། །ཡེ་ཤེས་གྲུབ་པ་ལས་ཐབས་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཡང་དག་ཡེ་ཤེས་ཡང་དག་བསྐྱེད། །རྣལ་འབྱོར་པ་དེ་རྟག་གསོལ་འདེབས། །ཁམས་གསུམ་པ་ཡིས་ཕྱག་བྱས་པས། །དབང་བསྐུར་བ་ནི་རབ་སྦྱིན་བྱ། །ཡོ་ [57a.3]བྱད་ཀུན་དང་ཉེར་ལྡན་ཞིང་། །མོས་པས་ཐམས་ཅད་ལེགས་བསགས་པས། །ཡོན་ཏན་ཀུན་གྱི་གནས་གྱུར་པའི། །རྡོ་རྗེ་སློབ་དཔོན་མཆོག་མཉེས་བྱ། །བཟའ་དང་བཅའ་ལ་སོགས་ལྡན་ཞིང་། །མེ་ཏོག་དྲི་ལ་སོགས་པ་ཡིས། །དཀྱིལ་འཁོར་ཡང་དག་མཆོད་ [57a.4]བྱས་ལ། །ཐལ་མོ་སྦྱར་བ་བྱས་ནས་བརྗོད། །ཐུགས་རྗེའི་བདག་ཉིད་དྲིན་ཅན་གྱིས། །ཡང་དག་ཡེ་ཤེས་མཆོག་ཐོབ་སྟེ། །རང་རིག་པ་ཡི་ངོ་བོ་ལ། །བདག་ནི་ཤིན་ཏུ་ངེས་པ་སྐྱེས།། གཉིས་མེད་ཡེ་ཤེས་འདི་ཉིད་ནི། །འགྲོ་བ་གཞན་ལ་ཡོད་མ་ཡིན། །ཆོས་ཀྱི་ [57a.5]བདུད་རྩི་འདི་འཐུང་ཕྱིར། །བླ་མ་ཆེ་ལ་གསོལ་བ་འདེབས། །སེམས་ཅན་ཀུན་གྱི་བྱ་བ་ནི། །ཅི་ནུས་པར་ནི་བདག་བགྱིད་ཅིང་། །ལྟོས་མེད་ཆོས་ཀྱི་སྦྱིན་པ་ནི། །བདག་ཉིད་ཇི་ལྟར་སྩོལ་འགྱུར་བ། །དབང་བསྐུར་བ་ཡི་རིན་ཆེན་མཆོག །གལ་ཏེ་དྲིན་གྱིས་ཐོབ་འགྱུར་བ། ། [57a.6]བདག་གིས་ལེགས་པར་འཚལ་ལགས་ན། །འཇིགས་པ་མེད་པའི་བཀའ་དྲིན་གསོལ། །གལ་ཏེ་འགྲོ་བ་ཤེས་རབ་ལྡན། །བླ་མས་ཀྱང་ནི་དགའ་བ་ཡིས། །སངས་རྒྱས་ཀུན་གྱི་རྗེས་གསུངས་པ། །ཡོན་ཏན་རྫོགས་པ་སྐྱེ་བོ་ལ། །དེ་ལྟར་རབ་ཏུ་སྦྱིན་པར་བྱ། ། [57a.7]བཅོམ་ལྡན་ཐུགས་རྗེ་ལྡན་པ་ཡི། །གསུང་གི་དོན་ཀུན་ཕུན་ཚོགས་པས། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་གསོལ། །དབང་བསྐུར་བ་ནི་བླ་མེད་ཡིན། །དེ་ནས་ཉིན་ཞག་དེས་བྱས་ཏེ། །སློབ་མ་ལ་ནི་ཚིག་བསྒོ་བ། །དེ་ནས་ཉིན་ཞག་གང་གི་ཚེ། །བུ་ཁྱོད་ [57b] [57b.1]ཐམས་ཅད་རྫོགས་པ་ཡི། །ཡིད་དུ་ངེས་པར་གྱུར་པས་ན། །དེ་བས་སེམས་ནི་བརྟན་པར་གྱིས། །ཇི་ལྟར་དགོང་དཀར་མི་འགྱུར་བ། །བློ་གྲོས་ཆེན་པོ་དེ་ལྟར་གྱིས། །དེ་ནས་ཉིན་ཞག་ངེས་ཐོབ་པ། །སངས་རྒྱས་ཐམས་ཅད་རབ་ཏུ་མཆོད། །འཕགས་པ་དགེ་འདུན་ [57b.2]མཆོད་སྟོན་ནི། །ཡོན་དང་བཅས་པ་སྦྱིན་པར་བྱ། །ཚོགས་ཀྱི་སྟོན་མོ་རྒྱ་ཆེན་དང་། །ཁྱད་པར་དུ་ནི་བླ་མ་ལ། །མགོན་མེད་ལ་ཡང་ཅི་ནུས་སྦྱིན། །ཆོ་ག་ཐམས་ཅད་ཀུན་དུ་སྤྱད། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །བླ་མ་ལ་ནི་ཡོན་དབུལ་ཞིང་། །ཀུན་དུ་ [57b.3]སྣ་ཚོགས་བླ་མ་ལ། །ཡོན་དབུལ་བ་ནི་དམ་པ་འགྲུབ། །གང་ལ་གང་ནི་གཏང་དཀའ་བ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །གང་དང་གང་ནི་སྡུག་པའི་མཆོག །ཡང་ནི་ཤིན་ཏུ་ཁྱད་པར་ནི། །དེ་དང་དེ་ནི་བླ་མ་ལ། །དེ་ཉིད་མི་བཟད་འདོད་པས་དབུལ། །ཡང་ན་དེ་བཞིན་ [57b.4]འདོད་གྱུར་པའམ། །འོན་ཏེ་སེམས་ལ་དགོས་པ་དག །དེ་སྦྱིན་ཡང་ན་དགོས་པ་བྱ། །དེ་ནི་ཆུང་ཡང་མཆོག་ཡིན་ནོ། །གལ་ཏེ་དེ་ལ་མཆོག་ཡོད་ལ། །དེ་ལ་ངན་པའི་ཡོན་ཕུལ་ན། །ཀུན་གྱིས་སློབ་དཔོན་བརྙས་པས་ན། །དེ་ནི་རྟག་ཏུ་སྡུག་བསྔལ་ཐོབ། །འདི་ནི་རྒྱུད་ཀྱི་ [57b.5]རྒྱལ་པོ་བདེ་མཆོག་གི་ཡིན་ནོ། །བདག་ཉིད་ཀྱང་ནི་ཕུལ་ནས་སུ། །སླར་ཡང་རིན་གྱིས་སླུ་བ་ནི། །སྣ་ཚོགས་རྒྱུད་དུ་གསུངས་པ་ཡིན། །ཡོན་ནི་བླ་ན་མེད་པ་ཡིན། །དེ་ནས་སངས་རྒྱས་ཀུན་དབང་བསྐུར། །རྒྱུད་རྣམས་ཀུན་དུ་སྦས་པ་ཡིན། །སངས་རྒྱས་ཀུན་དངོས་རྣལ་ [57b.6]འབྱོར་ནི། །ཐམས་ཅད་ཡང་དག་བདེ་བ་བསྐྱེད། །སེམས་ཅན་ཀུན་གྱིས་མ་གཏོགས་པ། །འཇིག་རྟེན་མགོན་པོས་གསུངས་པ་ནི། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །གསུང་དང་སྐུ་ནི་ཐམས་ཅད་འདུས། །དེ་ལྟར་གཉིག་ཤེས་ནས་ཀྱང་། །བྱིན་གྱིས་བརླབ་པ་བརྗོད་ [57b.7]པར་བྱ། །འདི་དག་ཐམས་ཅད་ཡིད་དང་ནི། །ལུས་དང་ངག་ལས་ཡང་དག་འབྱུང་། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཕྱིར། །རྗེས་གནང་དེ་ལ་སྦྱིན་པར་བྱ། །རྡོ་རྗེ་འཛིན་པ་ཀུན་གྱི་ཕྱིར། །རྫོགས་སངས་རྒྱས་ལ་དབང་བསྐུར་ཞིང་། །འདས་དང་མ་འོངས་རྣམས་ [58a] [58a.1]དང་ནི། །རྡོ་རྗེ་འཛིན་ཀུན་གྱིས་ཀྱང་ངོ་། །ད་ནི་བློ་གྲོས་ཆེན་པོ་ཁྱོད། །སངས་རྒྱས་ཀུན་དང་སྐུ་གཅིག་སྟེ། །ཆོས་དང་ཟང་ཟིང་སྦྱིན་པ་ཡིས། །སེམས་ཅན་རྗེས་སུ་གཟུང་བར་གྱིས། །ཅི་ནུས་པར་ནི་དཀོན་མཆོག་གསུམ། །བདེ་བ་སྐྱེད་པ་བསྲུང་བར་ [58a.2]བྱ། །རྡོ་རྗེ་སེམས་དཔའི་བྱ་བ་ནི། །སངས་རྒྱས་ཀུན་གྱིས་ངེས་གསུངས་ཏེ། །རྡོ་རྗེ་འཛིན་མཆོག་ཁྱོད་ཀྱིས་ནི། །བརྙས་པ་དག་ཀྱང་མི་བྱའོ། །ཡ་ང་བ་ནི་མ་སྤངས་པས། །དུས་བྱས་ཤིན་ཏུ་མི་བཟད་པའི། །དམྱལ་བའི་སྡུག་བསྔལ་འཇིགས་པའི་ཚོགས། ། [58a.3]བསྐལ་པ་བརྒྱར་ནི་མྱོང་བར་འགྱུར། །གང་ཡང་འཇིག་རྟེན་སུན་འབྱིན་དང་། །ལོག་པའི་ཆོས་ནི་ཀུན་སྤྱོད་དང་། །དམ་ཆོས་སྤོང་བར་བྱེད་པའོ། །དེ་དང་ཀུན་དུ་གནས་མི་བྱ། །རྨོངས་ཤིང་ཆོས་བྲལ་དེ་དག་ནི། །རང་གི་བདེ་བ་བརྩོན་ཡིད་ལྡན། །ཚུལ་ངན་བསོད་ [58a.4]ནམས་བྲལ་བ་ཡིས། །བྱང་ཆུབ་མཆོག་ཐོབ་མི་འགྱུར་གྱི། །འཁོར་བ་རུ་ནི་ཕན་ཚུན་དུ། །འགྲོ་བ་དྲུག་ནི་ཤིན་ཏུ་འཁོར། །འཇིག་རྟེན་རྨོངས་པའི་ངང་ཚུལ་ཅན། །རབ་ཏུ་འདྲེས་པར་བྱེད་མཚུངས་ཤིང་། །དེ་འདྲ་བ་ཡི་དྲི་མ་ཡང་། །འཁྲུལ་པའི་ཆོས་ལ་ཀུན་དུ་གནས། ། [58a.5]དེ་རྣམས་བདེ་འགྲོར་མི་སྐྱེ་ཞིང་། །སངས་རྒྱས་ཀྱང་ནི་རྙེད་པར་དཀའ། །བློ་གྲོས་ཆེན་པོ་ཁྱོད་ཀྱིས་ནི། །དེ་རྣམས་ལ་ནི་རྟག་བསྲུང་བྱ། །དེ་ལྟར་བདུད་ཀྱི་ཞགས་པས་བཅིངས། །གཞན་རྣམས་ཀྱང་ནི་ཕུང་བ་ཡིན། །སངས་རྒྱས་ཀུན་དག་རང་ཉིད་དོ། །ད་ནི་སེམས་ [58a.6]ཅན་དོན་རྣམས་ཀྱིས། །ཇི་ལྟར་འདུལ་བ་རྣམས་ལ་ཆོས། །འགྲོ་བ་ཀུན་ལ་རབ་ཏུ་ཤོད། །ད་ནི་ཁྱོད་ཀྱིས་ཆོས་རྣམས་ལ། །སོམ་(ཉིད་,ཉི)དག་ནི་མི་བྱའོ། །སླར་ནི་དབང་བསྐུར་མི་བླང་ངོ་། །གཞན་དུ་དམ་ཚིག་ཉམས་པར་འགྱུར། །ཡང་དག་ཆོས་མཆོག་འཛིན་པ་ [58a.7]སྟེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་ཁྱོད་ཀྱིས་ཐོབ་པས་ནི། །འདི་ལ་མཆོག་གཞན་ཡོད་མ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཡེ་ཤེས་མཆོག་གི་དབང་བསྐུར་བའི། །རྣལ་འབྱོར་པ་རྣམས་ཀྱིས་བདག་ཉིད་ཆེན་པོ་ནི་དཔལ་གསང་ [58b] [58b.1]བ་འདུས་པ་ལས་གསུངས་ཏེ་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་མངོན་པར་རྟོགས་པའི་དབང་བསྐུར་བའི་སློབ་དཔོན་ལ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཇི་ལྟ་བ་བལྟ་བར་བགྱི། [58b.2]དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། །རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་སློབ་དཔོན་འདི་ཉིད་གཉིས་སུ་མེད་ [58b.3]ཅིང་གཉིས་སུ་བྱར་མེད་དོ། །རིགས་ཀྱི་བུ་མདོར་བྱས་ནས་བསྟན་པར་བྱ་སྟེ། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་འཁོད་ཅིང་འཚོ་བ་དང་སྐྱོང་བ་དེ་དག་ཐམས་ཅད་དུས་གསུམ་དུ་ལྷགས་ནས། སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ [58b.4]ཐམས་ཅད་ཀྱིས་མཆོད་པས་ཡང་དག་པར་མཆོད་དེ། སངས་རྒྱས་ཀྱི་ཞིང་དེར་ཡང་འགྲོའོ། །ངག་རྡོ་རྗེའི་ཡི་གེ་དེ་ཡང་འདི་སྐད་བརྗོད་དེ། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་པའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ་ཞེས་པ་ནས། བདག་ཅག་ [58b.5]དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ་ཞེས་བྱའི་བར་དུའོ། །འདི་ལྟ་སྟེ་དཔེར་ན་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་ཤིང་རབ་ཏུ་སྤྱོད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་ཐུགས་རྗེའི་བསོད་ནམས་ཀྱི་ཕུང་པོ་ལས་ཀྱང་སློབ་དཔོན་གྱི་ [58b.6]བ་སྤུའི་ཁུང་བུ་གཅིག་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། །རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་དང་། སྐྱེ་བའི་གནས་སུ་གྱུར་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ། །ཡེ་ཤེས་གྲུབ་པ་ལས་ཡེ་ཤེས་རྡོ་རྗེའི་ [58b.7]དབང་བསྐུར་བའི་ཆོ་གའི་ལེའུ་སྟེ་བཅུ་བདུན་པའོ།། །།རྡོ་རྗེ་ཡེ་ཤེས་ཆེན་པོ་རབ་ཏུ་བསྒོམས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་མཐུ་ནི་བསྐལ་པ་བྱེ་བ་བརྒྱར་ཡང་བརྗོད་པར་མི་ནུས་མེད་ཀྱི། །དཔལ་བདེ་མཆོག་ལས་བཤད་པ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། ཀུན་དུ་ཀུན་ནས་ཐམས་ཅད་ [59a] [59a.1]དུ། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ཐམས་ཅད་བརྟན་གཡོ་ཀུན། །ཀུན་དུ་དངོས་པོར་དེ་འགྱུར་རོ། །སངས་རྒྱས་ཞིང་ནི་མ་ལུས་པར། །སངས་རྒྱས་སྤྲུལ་པ་སྒྲུབ་པར་བྱེད། །སངས་རྒྱས་སྤྲུལ་པ་སྒྱུ་མ་ཡི། །སངས་རྒྱས་རྣམས་ཀྱིས་མཛད་པ་ [59a.2]སྟོན། །པདྨ་སྒྱུ་མ་རྣམ་འཕྲུལ་བ། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །སྣ་ཚོགས་གཟུགས་བྱེད་རིགས་པ་ཡིས། །འགྲོ་བ་མཐའ་དག་མགུ་བར་བྱེད། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །འཇོམས་འདུམ་གཡུལ་འགྱང་གྲུབ་པ་དག །རྒྱལ་སྲིད་སྒྱུ་མ་རྣམ་སྤྲུལ་པས། ། [59a.3]བྱ་བ་ཐམས་ཅད་སྟོན་པར་བྱེད། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །བདག་རྟུལ་ཕོད་པས་མནན་ནས་ནི། །འགྲོ་བ་ཐམས་ཅད་རབ་འཇོམས་པ། །རྟ་ནི་གར་གྱིས་སྟོན་པར་བྱེད། །དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་ [59a.4]དབྱིངས་ཀྱི་མཐའ་ཀླས་པའི། །སྣ་ཚོགས་ཀུན་གྱི་མཆོག་གིས་ནི། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་དགྱེས་རོལ་པ་རྣམ་འཕྲུལ་བ། །སྣ་ཚོགས་ཀྱི་ནི་རྣམ་པར་རོལ། །རྣམ་པ་སྣ་ཚོགས་སྐལ་བཟང་པོ། ། [59a.5]རྣམ་པ་སྣ་ཚོགས་བདེ་མཆོག་གིས། །འདུལ་བ་རྣམ་པ་སྣ་ཚོགས་ཀྱིས། །སེམས་ཅན་ཁམས་ནི་རབ་ཏུ་སྡུད། །དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པའི། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །སངས་རྒྱས་ཐམས་ཅད་འབྱུང་ [59a.6]བའི་མཆོག །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་གནས། །གྲུབ་པའི་དབང་ཕྱུག་རབ་གྲགས་པས། །ལུས་ཅན་གང་དེར་རབ་གྲགས་པ། །ཐམས་ཅད་བདག་ཉིད་གྲུབ་པར་བྱེད། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། ། [59a.7]སངས་རྒྱས་ཀུན་དུ་མོས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །ཕ་རོལ་གནོད་པའི་རྩལ་དག་གིས། །ཤིན་ཏུ་གདུག་ཅིང་ཁྲོ་གཏུམ་པ། །སེམས་ཅན་རྣམ་པ་མང་པོའི་ཁམས། །འཇིག་རྟེན་ཐམས་ཅད་རབ་ཏུ་འཇིགས། །ཤིན་ཏུ་གདུལ་དཀའ་འདུལ་བ་རྣམས། ། [59b] [59b.1]བྱིས་པ་རྐུན་པ་ཆོམ་པོ་ཡིས། །ཐམས་ཅད་རྣམ་པར་སྦྱོང་པར་བྱེད། །བྲིད་པ་དང་ནི་སྒྱུ་དག་དང་། །ངོ་མཐོན་སྟོབས་དང་དེ་བཞིན་དུ། །དགྲ་ཆ་ལྔ་ཡིས་རྒལ་ནས་ན། དེ་ཚེ་འཇིག་རྟེན་གསུམ་ལས་རྒྱལ། །སྐྱེ་འགྲོའི་གནས་དང་འགྲོ་བ་རྣམས། །གདུལ་བའི་ཐབས་རྣམས་ [59b.2]སྣ་ཚོགས་ཀྱིས། །མཐའ་དག་བརྟུལ་ནས་གྲུབ་པར་འགྱུར། །འདུལ་བའི་ཐབས་རྣམས་སྣ་ཚོགས་ཀྱིས། །རང་གི་རྒྱལ་སྲིད་རྟག་ཏུ་སྐྱོང་། །གཡེམ་པ་རྣམས་ལ་གཡེམ་པར་འགྱུར། །ཁྲོ་བ་རྣམས་ལ་ཁྲོ་བའི་མཆོག །ཞི་བ་རྣམས་ལ་ཞི་བའི་མཆོག །དྲག་ཤུལ་ཅན་ [59b.3]ལ་དྲག་པོས་གནོན། །སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །དབང་ཕྱུག་དམ་པ་རབ་མནན་ནས། །ལྷ་མོ་ཨུ་མ་ཕྲོགས་ནས་ནི། །དེ་ཚེ་ལོངས་སྤྱོད་རང་གིས་སྤྱོད། །སྡེག་མེད་སྟོབས་ཀྱིས་ངོ་མཐོན་དུ། །མཐུ་བོ་ཆེ་ཡང་རབ་གནོན་ནས། །རུ་ཕི་ནི་ཡང་ཕྲོགས་ནས་ནི། ། [59b.4]དེ་ཚེ་ལོངས་སྤྱོད་རང་གིས་སྤྱོད། །སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །སྐྱེ་དགུའི་བདག་པོ་རབ་གནོན་ནས། །ལྷ་མོ་རབ་ཏུ་ཞི་བ་ཕྲོགས། །དེ་ཚེ་ལོངས་སྤྱོད་རང་གིས་སྤྱོད། །སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །འདོད་པའི་ལྷ་ནི་རབ་གནོན་ནས། །དགའ་སྡུག་མ་ཡིན་ [59b.5]དབང་ཕྱུག་མ། །ཕྲོགས་ན་དེ་ཚེ་བདག་རང་སྤྱོད། །དེ་ལ་སོགས་ཏེ་མཐའ་ཡས་མཆོག། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར། །རྡོ་རྗེ་ལས་མཆོག་རྣམ་པར་གནོན། །དེ་ལ་སོགས་ཏེ་རྣམ་འཕྲུལ་བ། །སྣ་ཚོགས་རྒྱུད་ལས་ [59b.6]བསྟན་པ་ཡིན། །ཡེ་ཤེས་གྲུབ་པ་ལས་མཐུ་ངེས་པར་བསྟན་པ་དང་དབང་པོ་མཆོག་རྣམས་ལེགས་པར་སྤྱོད་པ་སྟེ་ལེའུ་བཅོ་བརྒྱད་པའོ།། །།གང་ཞིག་ཡང་དག་ཡེ་ཤེས་མེད། །འདི་ལྟར་ལོག་ཤེས་སྦྱོར་བར་ལྡན། །དབང་པོ་བར་མ་ཞེས་བཤད་དེ། །དེ་ཡི་བྱ་ [59b.7]བ་རབ་བཤད་བྱ། །གང་ཞིག་སྔར་ནི་ལམ་བཤད་པའི། །ཕྱག་ལ་སོགས་པ་ཐམས་ཅད་དང་། །དེ་བཞིན་འདུས་པའི་ཚིག་ཏུ་བཤད། །དེ་དག་ཀུན་ཀྱང་བྱ་བ་ཡིན། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །རང་གི་ལྷ་ཡི་སྐད་ཅིག་གིས། །བསྐྱེད་ལ་སྔོན་བཞིན་རྣལ་འབྱོར་བས། ། [60a] [60a.1]ལམ་ལ་གནས་ཏེ་བཟླས་བརྗོད་ཙམ། །མཐར་ཡང་འདི་སྐད་བརྗོད་པར་བྱ། །སྲས་བཅས་སངས་རྒྱས་ཐམས་ཅད་ནི། །ཐམས་ཅད་ཐུགས་རྗེའི་བདག་ཉིད་ཅན། །བདག་ལ་བཀའ་དྲིན་མཛད་དུ་གསོལ། །ཐོག་མེད་དུས་ནས་འདི་བར་དུའང་། །བདག་ནི་འཁོར་ [60a.2]བར་འཁོར་འགྱུར་ཏེ། །ཡང་དག་ཡེ་ཤེས་མ་མཐོང་བས། །སྡུག་བསྔལ་རྣམས་ཀྱིས་རྟག་ཏུ་དུབ། །ཇི་ལྟར་ཡེ་ཤེས་སྐྱེ་འགྱུར་བས། །གང་གི་ཡེ་ཤེས་མཆོག་ཐོབ་ནས། །སེམས་ཅན་ཁ་ལོ་བསྒྱུར་འགྱུར་བ། །ཁྱེད་ཀྱིས་དེ་ལྟར་བདག་ལ་བརྗོད། །ཇི་ལྟར་འདས་པའི་ [60a.3]རྫོགས་སངས་རྒྱས། །དེ་བཞིན་དེ་ལྟར་མ་བྱོན་པས། །སེམས་ཅན་དོན་མཛད་ཅེས་གྲགས་པ། །དེ་ལྟར་བདག་ནི་བགྱིད་པར་བརྩོན། །རིམ་པ་འདི་དང་ལེགས་ལྡན་པ། །གལ་ཏེ་ཡང་དག་འཇུག་འགྱུར་བ། །དེ་ནི་ཡེ་ཤེས་མཆོག་འགྱུར་ཏེ། །ལོག་པའི་ལམ་དུ་འགྲོ་མི་ [60a.4]འགྱུར། །ཡེ་ཤེས་གྲུབ་པ་ལས་དབང་པོ་འབྲིང་པོ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ཕྱག་རྒྱའི་དཀྱིལ་འཁོར་སྐུ་མདོག་སོགས། །ཕྱག་དང་གདན་ནི་རྣམ་བསྒོམ་དང་། །ཏིང་འཛིན་གསུམ་དང་ཕྱག་རྒྱ་བཞི། །ཞལ་གསུམ་དང་ནི་ཕྱག་དྲུག་རྣམས། ། [60a.5]སྒོམ་འགྱུར་དེ་ནི་ཕྱི་ཤུན་བཅས། །སྣ་ཚོགས་སྤྲོས་པའི་མན་ངག་རྣམས། །དེ་ཀུན་དམན་པའི་ཡིན་པར་བཤད། །དེ་རྣམས་ལ་ཡང་དེ་བཞིན་ཐབས། །དེ་ལ་གཏན་ཚིགས་བཤད་པར་བྱ། །མཆོག་དང་བར་མའི་ལམ་དག་ལས། །ཇི་བཞིན་ཆུང་ངུ་གཞན་བྱ་བ། །ལྷ་ [60a.6]དང་སྔགས་ནི་རྣལ་འབྱོར་པས། །རྒྱུད་ལས་གསུངས་པ་ཀུན་དུ་བྱ། །གང་ལ་མཉམ་པའི་སེམས་ཡོད་པ། །དེ་ལ་ཡེ་ཤེས་སྐྱེ་འགྱུར་གྱི། །གཞན་དུ་བསྐལ་པ་བྱེ་བ་ནི། །བརྒྱས་ཀྱང་དེ་ཐོབ་མི་འགྱུར་རོ། །ཀུན་དུ་སེམས་དང་ལྡན་པ་ཡི། །རྩ་བ་ཆེར་ལྡན་བློ་གྲོས་ [60a.7]བཟང་། །སྔར་བཤད་མཚན་ཉིད་ལྡན་པ་ཡི། །རྣལ་འབྱོར་ཡེ་ཤེས་མཆོག་ཐོབ་འགྱུར། །གང་ཞིག་བར་མཐའ་གཉིས་པོ་ཉིད། །བསྒོམ་པ་གསུམ་པོ་གཙོ་བོ་བས། །ཡང་དག་ཡེ་ཤེས་འབྱུང་བའི་དོན། །ཡང་དག་བྱ་བ་དབང་དུ་འགྱུར། །དེ་ཉིད་མེད་པར་ [60b] [60b.1]འཚང་མི་རྒྱ། །ལམ་ལ་བགྱིད་པ་དེ་ཉིད་མིན། །དེ་བས་ལམ་ལ་གནས་བདག་ཉིད། །བསྒྲུབས་ན་ཡེ་ཤེས་ཐོབ་པར་འགྱུར།། གང་ཞིག་ལམ་ལས་ཉམས་པ་དང་། །སྙིང་རྗེ་དང་བྲལ་སེམས་ལྡན་ཞིང་། །ཆགས་སོགས་དོན་ལ་སྤྲོ་བདག་ཉིད། །དེ་རྣམས་ལ་ནི་འབྱུང་མི་འགྱུར། ། [60b.2]ཡེ་ཤེས་གྲུབ་པ་ལས་དབང་པོ་ཐ་མ་པ་བསྟན་པའི་ལེའུ་སྟེ་ཉིད་ཤུ་པའོ།། །།རྣལ་འབྱོར་པ་ཡིས་ཤེས་གྲུབ་ཕྱིར། །བདག་གིས་ཡང་དག་ཤིན་ཏུ་བཤད། །རྒྱུད་ཀུན་དུ་ནི་སྦས་གྱུར་པའི། །གསང་བ་འདི་ནི་བཤད་མི་བྱ། །གང་ལ་ཡེ་ཤེས་མཆོག་གིས་ནི། །རྣལ་འབྱོར་ [60b.3]མཆོག་ནི་མེད་གྱུར་པ། །ལྷ་ཡི་གཟུགས་ནི་སྒོམ་པ་ལ། །སེམས་ནི་བརྩོན་པ་དག་ཏུ་བྱ། །གླེགས་བམ་ཙམ་ཞིག་བསྟན་པ་ཡང་། །སྦྱིན་མི་བྱ་བར་ཤེས་བྱ་སྟེ། །རྡོ་རྗེ་ཡེ་ཤེས་རབ་སྤངས་པས། །རྨོངས་པ་དམྱལ་བར་འགྲོ་བར་འགྱུར། །དེ་ཡི་དམྱལ་བའི་རྒྱུར་གྱུར་ [60b.4]པས། །མི་དེ་མནར་མེད་འཐོབ་པར་འགྱུར། །དེ་བས་བདག་གཞན་ཕུང་བ་ནི། །འབྱུང་བས་ངེས་པར་བསྲུང་བར་བྱ། །གཞན་དུ་སྟོན་པར་འགྱུར་ན་ནི། །དམ་ཚིག་དག་ཀྱང་ཉམས་པར་འགྱུར། །རྣལ་འབྱོར་རྒྱུད་ནི་དུ་མ་རུ། །བརྩེ་ལྡན་སངས་རྒྱས་ཐམས་ཅད་ཀྱིས། །རྟོག་ [60b.5]པའི་དྲ་བ་རྣམ་སྤངས་པ། །རྡོ་རྗེ་ཡེ་ཤེས་འདི་མཆོག་ཡིན། །རྡོ་རྗེ་སེམས་དཔའི་སྒྲུབ་པ་ནི། །ལུང་དང་རིགས་པ་ལས་ཤེས་བྱ། །སྒྲུབ་པའི་ཐབས་ནི་བྱས་པ་ལ། །བདག་གིས་དགེ་བ་གང་བསགས་པ། །དེས་ནི་སེམས་ཅན་ཐམས་ཅད་ཀྱང་། །རྡོ་རྗེ་སེམས་དཔའ་མཆོག་ཐོབ་ [60b.6]ཤོག །དཔལ་ཨུ་རྒྱན་ནས་བྱུང་བ་ཡེ་ཤེས་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྷ་ཀ་ར་ཝ་རྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། །སླད་ཀྱི་ནགས་ཚོས་ཀྱང་བཅོས་སོ།། །། [60b.7]{T2220}༄༅༅། །རྒྱ་གར་སྐད་དུ། ཨ་དྭ་ལ་སིདྡྷི་སཱ་དྷ་ན་ནཱ་མ། །བོད་སྐད་དུ། །གཉིས་སུ་མེད་པར་གྲུབ་པའི་སྒྲུབ་ཐབས་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མགོན་པོའི་རང་བཞིན་གསལ་བ་ནི། །ཁམས་གསུམ་ལས་བྱུང་ཐམས་ཅད་མཁྱེན། །རྡོ་རྗེ་ [61a] [61a.1]ཆེ་ལ་མགོས་ཕྱག་འཚལ། །དགོས་པའི་དོན་གྱི་འབྲས་བུ་འབྱེན། །ཡུལ་དུས་ཆོས་དང་གཟའ་སྐར་དང་། །དཀྱིལ་འཁོར་བརྟག་པ་མི་དགོས་པའི། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཤད། །བསྡུས་ཏེ་བསྒྲུབ་པ་སྒྲུབ་པའི་མཆོག །དམ་བཅའ་དཀའ་ཐུབ་ [61a.2]སྨྱུང་བ་དང་། །སྙིང་པོ་སྒོམ་པ་སྨྲ་བ་ལ། །འདི་ཉིད་མེད་པར་གྱུར་ན་ནི། །བསྐལ་པ་འབུམ་ཕྲག་བརྒྱར་མི་འགྱུར། །ཆེ་ཆུང་ས་བོན་ལ་སོགས་ཚོགས། །སྣ་ཡི་ནང་ནས་འབྱུང་བ་དང་། །སྔགས་པ་རྟག་ཏུ་མཆོད་པ་བྱེད། །བདག་ཉིད་དེ་ཉིད་བསྒོམ་སྟེ་མཆོད། །མ་དང་སྲིང་ [61a.3]མོ་བུ་མོ་དང་། །དེ་བཞིན་ཚ་མོ་ཉིད་དང་ནི། །ཤེས་རབ་ཐབས་སུ་བྱ་བ་སྟེ། །རྣལ་འབྱོར་པས་ནི་རྟག་ཏུ་མཆོད། །ཡན་ལག་གཅིག་མེད་རིགས་ངན་དང་། །བཟོ་བོ་ཁྱི་ཤ་ཅན་སོགས་ཀྱི། །བུ་མོ་རྟག་ཏུ་མཆོད་པར་བྱ། །ཡེ་ཤེས་རྡོ་རྗེ་བསྒོམ་པ་ཆེ། །དེ་ཁོ་ན་ཉིད་ཀྱི་སྔགས་ཀྱི་ [61a.4]འབྲས་བུ་ནི་འདི་ཡིན་ནོ། །ཨོཾ་ཨཱཿཧཱུཾ། འདི་ལྟར་སེམས་ཅན་འཆིང་བ་ནི། །དྲག་པོའི་ལས་ཀྱིས་སེམས་ཅན་རྣམས། །ཐབས་ཀྱིས་འཁོར་བ་དག་ལས་གྲོལ། །དམ་ཚིག་ཉིན་མཚན་རྟག་ཏུ་ནི། །རིགས་ལྔ་ལས་བྱུང་བཟང་པོ་དང་། །གསལ་བའི་ཚོགས་ཀྱི་མཆོད་པ་ [61a.5]བྱེད། །འོ་མ་འབབ་པས་སྣ་ཚོགས་འབྱུང་། །སྔགས་པ་རབ་དགའི་མིག་གིས་ནི། །རྟག་ཏུ་མིག་གི་མདངས་ཕྱུང་སྟེ། །ཡང་དག་སེམས་ནི་བརྟན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་སྐམ་པར་བྱེད། །ཇི་ལྟར་གཡོ་དང་མི་གཡོ་བ། །ཁམས་གསུམ་ཐམས་ཅད་མ་ལུས་པ། ། [61a.6]ཐམས་ཅད་དེ་ཉིད་རྣམ་འབྱོར་ནི། །རྡོ་རྗེ་འཛིན་པ་ཉིད་དུ་མཐོང་། །གཞན་དུ་ཁ་ཅིག་སྨྲ་བ་དང་། །མཚན་མའི་བྱེ་བྲག་འདུག་པ་ལ། །དེ་ལ་བརྙས་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་རྫུ་འཕྲུལ་ཉིད། །ཐམས་ཅད་མཉམ་པ་ཉིད་གནས་ཏེ། །མ་ལུས་དངོས་པོ་མེད་པ་ནི། ། [61a.7]སྔགས་པས་རྟག་ཏུ་སྒོམ་པར་བྱེད། །ཕུང་པོའི་རང་བཞིན་དག་པ་ཉིད། །དྲི་དང་གོས་དང་མེ་ཏོག་སོགས། །སྤོས་དང་ལྷ་བཤོས་དེ་བཞིན་དུ། །གླུ་དང་རོལ་མོ་གར་སོགས་ཀྱིས། །ཐབས་ཀྱི་བདག་པོ་དགའ་བར་འགྲོ། །དཀའ་ཐུབ་ངན་པས་གཟིར་མི་བྱ། །སྨྱུང་བ་ཡི་ [61b] [61b.1]ནི་ལས་མི་བྱ། །ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །བློ་གྲོས་ཆུང་ངུའི་སྤྱོད་མི་བྱ། །ལུགས་མ་ལ་སོགས་ཕྱག་མི་བྱ། །ས་ཤིང་རྡོ་སོགས་དེ་བཞིན་ནོ། །བདག་གི་ལུས་ལ་རྒྱུན་དུ་མཆོད། །རྟག་ཏུ་སེམས་གཅིག་ཁོ་ནས་མཆོད། །སྦྲང་བུ་སྐྱུགས་པ་བསྲེས་པ་ཡིས། ། [61b.2]ཆེ་ཆུང་ཚོགས་ཀྱིས་སྦྱང་བར་བྱ། །གསལ་བ་ལྔ་དང་ལྡན་པར་བྱེད། །རྡོ་རྗེ་འཛིན་པ་མཆོད་པར་བྱ། །བུད་མེད་རང་བྱུང་མེ་ཏོག་ནི། །བྱང་ཆུབ་སེམས་དང་ལྡན་པར་བྱ། །རྟག་ཏུ་ལྷ་མོ་མཆོད་པར་བྱ། །ཕུང་པོ་དེ་ཉིད་བསྒོམ་པར་བྱ། །གཞན་གྱི་ནོར་དག་འཕྲོག་ [61b.3]པར་བྱ། །གཞན་གྱི་བུད་མེད་བསྟེན་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །སངས་རྒྱས་ཐམས་ཅད་གསང་བར་བྱ། །རྡོ་སོགས་མཆོད་རྟེན་མི་བྱ་སྟེ། །གླེགས་བམ་དག་ཀྱང་བཀླག་མི་བྱ། །རྨི་ལམ་ཙམ་དུ་དཀྱིལ་འཁོར་ནི། །ལུས་ཀྱིས་བྱ་བར་མི་བྱའོ། ། [61b.4]ཐམས་ཅད་དག་ནི་ཀུན་ལ་ཡང་། །རྟོག་པ་དག་ནི་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་བདག་ཉིད་དུ། །དངོས་པོ་མ་ལུས་གྱུར་པར་བསམ། །སྔགས་པ་འགྲོ་དང་འདུག་པ་དང་། །དེ་བཞིན་ཟ་དང་མི་ཟ་དང་། །འཐུང་དང་མི་འཐུང་བ་དག་ལ། །སེམས་ནི་རྟོག་པར་མི་བྱའོ། །རྣམ་པར་སྣང་མཛད་བྱུང་ [61b.5]བ་ལ། །སེམས་ཅན་ཐམས་ཅད་ཡན་ལག་ཏུ། །མཁས་པས་སེམས་ཅན་ཀུན་བླངས་ཏེ། །དངོས་གྲུབ་རྒྱུར་ནི་བཟའ་བར་བྱ། །ཐམས་ཅད་རིགས་ནས་བྱུང་བ་ཡི། །བུད་མེད་དག་ལ་བརྟག་མི་བྱ། །དེ་ཉིད་བཅོམ་ལྡན་ཕ་རོལ་ཕྱིན། །ཀུན་རྫོབ་ཙམ་གྱི་གཟུགས་ཉིད་དོ། ། [61b.6]ཚེས་གྲངས་སྐར་མ་མི་དགོས་ཏེ། །སྨྱུང་བར་ཡང་ནི་གནས་མི་བྱ། །གཉིས་མེད་ཡེ་ཤེས་ལྡན་པ་ཡིས། །བདེ་བར་གཤེགས་པའི་དངོས་གྲུབ་འགྱུར། །མང་པོ་སྨྲས་ཏེ་ཅི་ཞིག་བྱ། །ཇི་ལྟ་ཇི་ལྟར་མཐོང་བ་དག །དེ་དག་ཐམས་ཅད་རྣལ་འབྱོར་གྱིས། །མཐོང་ཞིང་རིག་པས་ [61b.7]ཤེས་པར་བྱ། །བ་ལོང་རྟ་བོང་རྔ་མོ་དང་། །བ་དང་ཁྱི་ལས་བྱུང་བ་ལས། །གསལ་བར་ཆེ་བ་བསྲེས་བྱས་ཏེ། །རྣལ་འབྱོར་མཁྱེན་པས་རྟག་ཏུ་བཟའ། །གཅིག་ལ་ཆགས་པར་མི་བྱ་སྟེ། །གང་ཡང་བླང་དོར་མི་བྱའོ། །རྣལ་འབྱོར་མཉམ་པའི་སེམས་ཀྱིས་ནི། །འཁོར་བའི་རྒྱ་ [62a] [62a.1]མཚོ་རྒལ་བར་བྱེད། །འབྱུང་དང་འདུག་དང་འགྲོ་བ་དང་། །ཀུན་གྱིས་མང་པོ་སྤྲོས་པ་དང་། །དེ་དག་མེད་ན་འཁོར་བ་མེད། །སྐྱེ་བ་དང་ནི་འབྱུང་བ་མེད། །བཅོམ་ལྡན་རྡོ་རྗེ་ཉི་མས་ནི། །ཤེས་རབ་མཚན་མོས་བཤད་པ་སྟེ། །དེ་འདྲའི་རྣལ་འབྱོར་སྒོམ་བྱེད་ [62a.2]ན། །མྱུར་དུ་དངོས་གྲུབ་ཐོབ་པར་བྱེད། །ཐམས་ཅད་སེམས་ཀྱིས་ཆོས་ཉིད་ནི། །དངོས་པོར་མ་གྲུབ་བརྟག་དཀའ་བ། །དེ་ཉིད་སློབ་དཔོན་ཞལ་ནས་ནི། །ཐོབ་པར་འགྱུར་བར་ཐེ་ཚོམ་མེད། །མི་གནས་མྱ་ངན་འདས་པ་ཡིན། །མཚན་མ་མེད་པ་གནས་ནི་མེད། ། [62a.3]དེ་ཤེས་བྱང་ཆུབ་མཆོག་ཏུ་འགྲོ། །དེ་ལྟར་ཤེས་པའི་རྣལ་འབྱོར་ནི། །བློ་ཅན་རྟག་ཏུ་བསླབ་པར་བྱ། །དེ་ཉིད་འགྲུབ་པར་ཐེ་ཚོམ་མེད། །བསོད་ནམས་མེད་པའང་འགྲུབ་པར་འགྱུར། །ཁམས་གསུམ་ན་ནི་སློབ་དཔོན་ལས། །ཆེ་བར་གྱུར་པ་གཞན་མེད་ན། །དེ་ཉིད་ཀྱི་ནི་ [62a.4]བཀའ་དྲིན་གྱིས། །དངོས་གྲུབ་མང་པོ་ཐོབ་པར་འགྱུར། །དེ་ཉིད་རྡོ་རྗེ་སེམས་དཔའ་ཉིད། །སངས་རྒྱས་ཐམས་ཅད་ཕྱག་ཀྱང་འཚལ། །སློབ་དཔོན་མཆོད་པ་བླ་ན་མེད། །ཅི་ཙམ་ནུས་པར་མཆོད་པར་བྱ། །དེ་ནི་དེ་བཞིན་གཤེགས་པ་ཉིད། །སེམས་ཅན་རྣམས་ཀྱི་དོན་གྱི་ [62a.5]ཕྱིར། །གཟུགས་སུ་སྣང་བ་ཀུན་རྫོབ་སྟེ། །རྣལ་འབྱོར་བདག་ཉིད་གདན་ལ་འདུག །འཆི་བདག་དེ་ནི་རྟག་པ་ཆེ། །ཐམས་ཅད་མ་ལུས་སྟོང་པ་ཉིད། །རང་གི་རྟོག་པ་མི་སྣང་ལ། །གཞན་དག་དེ་ལ་དགའ་བར་བྱེད། །གཉིས་སུ་མེད་པར་གྲུབ་པའི་སྒྲུབ་ཐབས་ཞེས་བྱ་བ་ [62a.6]འདི་ནི་ཨུ་རྒྱན་གྱི་ཆེ་བ་རྣལ་འབྱོར་གདན་གྱིས་སྒྲུབ་པའི་ལྷའི་གནས་ནས་ཕྱུང་བ། བཅོམ་ལྡན་འདས་མ་ལ་ཀྵྨཱིའི་ཞལ་སྔ་ནས་བྱུང་བ་རྫོགས་སོ།། {T2221}༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨོ་ཌི་ཡ་ན་བི་ནི་གུ་ཧྱ་མ་ཧཱ་གུ་ཧྱ་ཏཏྠོ་པ་དེ་ཤ། བོད་སྐད་དུ། དཔལ་ཨུརྒྱན་ [62a.7]ནས་བྱུང་བ་གསང་བའི་གསང་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མན་ངག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ལུས་གནས་ཆ་ཤས་བཅས་པར་རྟོག །ངེས་འབྱུང་དེ་ཉིད་ཆ་ཤས་མེད། །ཆ་ཤས་ཅན་དང་ཆ་མེད་པ། །ཤེས་འདི་ [62b] [62b.1]གྲོལ་བ་ཐེ་ཚོམ་མེད། །དངོས་པོ་ཐམས་ཅད་མཉམ་པ་ཉིད། །མྱུར་དུ་འཇུག་པ་དཀའ་བ་ཉིད། །དཔེ་དང་གཏན་ཚིགས་རྣམ་པར་སྤངས། །རང་བཞིན་གྱིས་ནི་འོད་གསལ་ཞིང་། །གཉུག་མ་རུ་ནི་གནས་པ་སྟེ། །དཔྱད་པའི་ཡུལ་ལས་འདས་པ་ཡིན། །རྩོད་མེད་ [62b.2]ཞི་བ་མཚོན་ཆ་མེད། །ངེས་པའི་ཆོས་ཀྱི་དབྱིངས་ལ་གནས། །བསྐུལ་བ་མེད་ཅིང་འགྱུར་བ་མེད། །ཤིན་ཏུ་སྟོང་ཞིང་རྡུལ་མེད་པ། །སྒྲ་ལས་འདས་ཤིང་ཡོན་ཏན་སྤངས། །དངོས་པོ་ཀུན་གྱིས་རང་བཞིན་གནས། །གང་ཞིག་འགྲོ་ལ་རྣམ་གནས་པ། ། [62b.3]དེ་ནི་སངས་རྒྱས་སྐུ་རུ་རྟོགས། །དཔེ་མེད་བརྟག་པ་མེད་པ་རུ། །མཁས་པས་མ་ལུས་བསྒོམ་པར་བྱ། །མ་བརྟགས་པར་ནི་གང་རྟོག་པ། །དེ་ཡིས་ཐམས་ཅད་བརྟག་པ་ཡིན། །རྟོག་པ་དེ་དང་སྡུག་བསྔལ་འཁོར། །ང་ཡིས་རྒྱུད་དུ་གསལ་མ་བྱས། །ཤེས་ཉེན་ཅན་ལ་དེ་ཡི་ [62b.4]ཆོས། །སོ་སོ་རུ་ནི་བསྟན་པ་ཡིན། །ཉོན་མོངས་སྒྲིབ་པ་མེད་པ་དང་། །ལས་རྣམས་ཐམས་ཅད་རྣམ་པར་སྤངས། །དེ་ཉིད་འདིར་ནི་རབ་ཤེས་ན། །སྲིད་པའི་རྟོག་ལས་རྣམ་གྲོལ་འགྱུར། །དངོས་རྣམས་རང་བཞིན་དག་པ་ལ། །རང་བཞིན་ཉིད་དུ་རྟོག་བྱེད་པ། །དེ་ཡིས་ [62b.5]དོན་དམ་ཤེས་མིན་དེ། །ལས་ཀྱི་ཞགས་པས་བཅིངས་པ་ཡིན། །ཁ་ཅིག་དཀྱིལ་འཁོར་ལས་བྱེད་ཡིན། །ཁ་ཅིག་འགྱིང་ཞིང་གསང་སྔགས་ཟློས། །ཁ་ཅིག་དག་ནི་གསང་སྔགས་འཆང་། །ཁ་ཅིག་སྦྱིན་སྲེག་མཆོད་སྦྱིན་བྱེད། །ཁ་ཅིག་ང་རྒྱལ་གྱིས་ནི་གནས། ། [62b.6]ཁ་ཅིག་འདོད་ཆགས་ཞེ་སྡང་བསྟེན། །དེ་ཀུན་ལས་ཀྱི་འཁོར་བར་གནས། །གང་དུ་འགྲོ་བ་གནས་གྱུར་པའི། །གསང་ཆེན་འདི་ནི་ཤེས་གྱུར་ན། །གང་ལ་འང་སྡིག་པ་ཡོད་མིན་ཞིང་། །དགག་པར་བྱ་བ་ཅི་ཡང་མེད། །ལས་རྣམས་ཐམས་ [62b.7]ཅད་བྱས་ཀྱང་ནི། །གོས་མེད་སྐུར་ནི་རྣམ་པར་གྲོལ། །ལས་རྣམས་ཐམས་ཅད་དེ་ལ་གནས། །ལས་རྣམས་ཀུན་གྱི་གཙོ་བོ་ཡིན། །སྐུ་གསུང་ཐུགས་ལ་སོགས་པ་དང་། །དབང་པོའི་ཡིད་བཅས་ཤིན་ཏུ་གནས། །རྟག་ཏུ་ལེགས་པར་དཔྱད་པ་སྟེ། །ལུས་ཀྱི་ཉེས་ [63a] [63a.1]པས་གོས་མེད་པ། །རང་བཞིན་དག་པས་སྐུ་གསུམ་གནས། །ཀུན་རྟོག་ཡིད་ཀྱི་ཤེས་པ་མིན། །དེ་བས་དངོས་པོ་ཐམས་ཅད་ནི། །ཉིན་མཚན་བཅས་ཏེ་དེ་ལ་གནས། །མཐོང་སོགས་དེ་ཡི་རང་བཞིན་ཉིད། །ཐམས་ཅད་མཁྱེན་པ་རོལ་ཞིང་ [63a.2]བཞུགས། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །ལས་དང་ཆོས་ནི་མཉམ་ཉིད་དུ། །རྣལ་འབྱོར་པ་ཡིས་སྦྱར་བར་བྱ། །མཉམ་དང་མི་མཉམ་སྙོམས་སེམས་པ། །ཆོས་དང་ལས་ནི་མཉམ་ཉིད་དུ། །རྣལ་འབྱོར་པ་ཡིས་སྦྱར་བར་བྱ། །ཡོན་ཏན་ལྡན་དང་ཡོན་ཏན་ [63a.3]མེད། །རང་ཉིད་བྱེད་པོ་སྡུད་པོ་གཙོ། །གསང་ཆེན་འགྲོ་བ་ལ་གནས་པ། །མངོན་པའི་ང་རྒྱལ་ཅན་གྱིས་མིན། །སེམས་དང་སེམས་བྱུང་རང་བཞིན་གྱིས། །བདེ་བ་ཆེན་པོར་རང་ཉིད་སད། །འཁོར་བར་མེད་པའི་དངོས་པོ་གང་། །བྱང་ཆུབ་སེམས་ཀྱི་རང་བཞིན་བསྒོམ། ། [63a.4]གཉི་གའི་རང་བཞིན་དབྱེར་མེད་པ། །སེམས་ཀྱི་རང་བཞིན་ཤེས་ནས་ནི། །སེམས་ཀྱི་རྒྱུ་བ་ཀུན་སྤངས་ཏེ། །མཉམ་པའི་རོ་ལ་གནས་པར་བྱ། །གསང་བ་ཆེན་པོ་གནས་མེད་པ། །རྣལ་འབྱོར་པ་ཡི་གསང་ཆེན་སྦྱོར། །དཔལ་ཨུ་རྒྱན་ནས་བྱུང་བ། གསང་བའི་གསང་བ་ [63a.5]ཆེན་པོ་དེ་ཁོ་ན་ཉིད་ཀྱི་མན་ངག་ཅེས་བྱ་བ་སློབ་དཔོན་ཆེན་པོ་དཱ་རི་ཀ་པས་མཛད་པ་རྫོགས་སོ།། {T2222}༄༅༅། །རྒྱ་གར་སྐད་དུ། བྱཀྟ་བྷཱ་བ་ཨ་ནུ་ག་ཊནྟྲཱ་སིདྡྷི། བོད་སྐད་དུ། དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ། དཀོན་མཆོག་ [63a.6]གསུམ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །འགྲོ་བ་རྣམས་ཀྱི་བདེ་ཆེན་རྒྱལ་པོ་གཅིག་པུ་ཉིད། །རྒྱུ་རྣམས་དང་བྲལ་རྟག་ཏུ་འབྱུང་བར་གྱུར་པ་སྟེ། །གང་ཞིག་གིས་ནི་ཉེ་བར་བརྗོད་པའི་དུས་ [63a.7]དག་ཏུ། །ཐམས་ཅད་མཁྱེན་པ་ཚིག་གིས་དབུལ་གྱུར་རྒྱལ་གྱུར་ཅིག །བླ་མ་དམ་པའི་ཞབས་ལ་ཡུན་རིང་དུ། །རྟག་ཏུ་གུས་པས་བཀས་གནང་ཁྱད་པར་ནི། །བདག་ཉིད་དྲན་ཕྱིར་བདག་ཉིད་བྲིས་འདི་ལ། །སྐྱེ་བོ་མཁས་པ་སུ་ཞིག་སྡང་བར་བྱེད། །འདིར་གཉིས་སུ་ [63b] [63b.1]མེད་ཅིང་རང་བཞིན་གྱིས་རྣམ་པར་དག་པའི་ལྷན་ཅིག་སྐྱེས་པའི་གནས་སྐབས་སུ། བདག་ཉིད་ཀྱིས་དོན་ཏེ་རྟོགས་པར་བྱ་བའི་ཕྱིར། བདག་ཉིད་སྐྱེས་པ་དང་བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ཏེ། རང་གི་ངོ་བོ་ཉིད་འབྱིན་པ་པོའི་རང་བཞིན་དུ་དངོས་པོ་གསལ་བའི་རྗེས་སུ་སྟོན་པར་མཛད་ [63b.2]དེ། ལྷན་ཅིག་སྐྱེས་པའི་རྣམ་པར་སྤྲུལ་པའི་ཉམས་དགའ་བའི་བུ་མོ་ལ་ཀུན་དུ་བལྟས་ནས་དགའ་བ་དང་བདེ་བའི་འདོད་པའི་ཡིད་དུ་གྱུར་ནས། བཅོམ་ལྡན་འདས་ཤིན་ཏུ་ཆགས་པ་དང་བཅས་པའི་རོལ་པ་དང་བཅས་ནས་ཀུན་དུ་གཟིགས་པར་མཛད་དོ། །དེ་ནས་ཤིན་ཏུ་འཇམ་ [63b.3]ཞིང་ངེས་པའི་གསུང་གིས་ཐུགས་འཛིན་པར་མཛད་ཅིང་། དེའི་འོག་ཏུ་དེ་ལ་དྲི་ཞིམ་པོས་མཐུག་པོར་བྱུག་པའི་དྲི་བསུང་ཆགས་པ་བསྣམས་པས་ཐུགས་ཚིམ་པར་མཛད་དོ། །དེ་ནས་ཐུགས་ཉམས་སུ་ལོན་པའི་བདུད་རྩིའི་བུམ་པ་བརྒྱས་བཀུས་པ་བཞིན་དུ་དགའ་བ་དང་བདེ་བ་ཆེན་ [63b.4]པོ་ཐོབ་ནས། ཚམ་ཚོམ་མེད་པར་བདེ་བའི་བྱེ་བྲག་དག་གིས་འཁྱུད་དོ། །དེ་ནས་བདག་ཉིད་དོན་བྱས་པ་བཞིན་དུ་ཡིད་ལ་སེམས་ཤིང་དཔེ་མེད་པའི་རོ་མྱང་བའི་ཕྱིར་འོ་བྱ་བའི་རྣམ་པ་དག་མཛད་དོ། །དེ་ལས་ཀྱང་སོས་འདེབས་པས་གཅོད་པ་དང་། འབིགས་པ་ལ་ [63b.5]སོགས་པའི་བྱེ་བྲག་དག་ཁྱད་པར་དུ་མཛད་དོ། །དེའི་རྗེས་ལ་ཡང་ཤིན་ཏུ་བདེ་བ་སྐྱེས་པས་རྨོངས་པ་བསལ་བའི་ཕྱིར། །སྐབས་སྐབས་སུ་ཤིན་ཏུ་འཇམ་པའི་སེན་མོས་འདེབས་པས་སད་པར་བྱེད་དོ། །དེ་ནས་ཀྱང་མགྲིན་པ་ནས་གྱ་གྱུའི་སྒྲ་ཟབ་མོ་སྒྲོགས་པ་ལ་སོགས་ [63b.6]པ་རོལ་པའི་རང་བཞིན་གྱི་རྣམ་པ་ལྔ་རྨི་ལམ་ལྟ་བུ་ལ་བདག་ཉིད་གར་མཁན་ལྟ་བུས་ཀུན་དུ་རྩེ་བར་མཛད་དོ། །དེ་དག་གིས་ནི་དེའི་སེམས་ཀྱི་ཁྱད་པར་ཐོབ་པར་བྱ་བའི་ཕྱིར་རབ་ཏུ་སྤྱོད་པའི་སྒྲུབ་པས་རྗེས་སུ་སྤྱོད་པར་མཛད་པར་གྱུར་པ་ཡིན་ནོ། །མཛའ་བོས་ཆགས་པས་ཀུན་ [63b.7]དུ་བལྟ་ཞིང་དེ་ཡི་རྗེས་སུ་སྦྲང་རྩི་འཛག་འདྲའི་ཚིག་འཇམ་དང་། །དེ་ནས་དགའ་བའི་ཆར་འབེབས་ལགས་པའི་མཚོ་སྐྱེས་བསྐྱོད་པས་དེ་ལ་ཀུན་འཁྱུད་པའི། །རིམ་གྱིས་ཆགས་པའི་རོ་ཡིས་དེ་ནི་སུ་ཡིན་བདག་ཀྱང་ཅིར་འགྱུར་མ་ཤེས་ཏེ། །གྲོགས་རྣམས་སྔར་མི་བདེ་བ་ཚིག་ [64a] [64a.1]གིས་བརྗོད་དུ་མ་བཏུབ་པ་ཞིག་སྐྱེས་པར་འགྱུར། །འཛིན་པ་དང་བཅས་པའི་སྤྱོད་པ་ལ་འཇུག་པའོ། །ཡིད་ལས་བྱུང་བ་ལས་སྐྱེས་པའི་སྤྲོས་པའི་རྒྱུན་གྱིས་འཆིང་བ་འདིས་གཉིས་ཀ་བཅིང་སྟེ་གང་གི་གཉི་གའི་སེམས་ཀྱི་འཇུག་པ་ཇི་སྲིད་དུ་གཞན་མི་དྲན་ཞིང་དགའ་ [64a.2]བའི་དྲན་པ་ལ་ཕྱོགས་པ་སྟེ། འཇུག་པའི་དགའ་བའི་གདུང་བས་ཆགས་ཏེ་ཞུ་བར་གྱུར་ནས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་ལྟོས་པ་མེད་པར་རྒྱུན་མི་འཆད་པར་འགྱུར་རོ། །དེའི་འོག་ཏུ་ནང་དུ་རྒྱུ་བའི་སེམས་ཀྱི་འཇུག་པའི་སྟོབས་ཀྱིས་བརྩོན་འགྲུས་ལ་འཇུག་པར་འགྱུར་ [64a.3]རོ། །མ་བསམས་པར་ཀ་ར་ནའི་བྱེ་བྲག་དག་ལས་གསལ་བར་བྱེད་ཅིང་། གཉི་ག་ཡང་སིད་ཅེས་ཟེར་ཞིང་ཐམས་ཅད་ལ་ཆེར་ལྟོས་པ་མེད་ཅིང་ཚམ་ཚོམ་མེད་པ་དང་བཅས་པས་ཤིན་ཏུ་རྒྱ་ཆེ་བའི་དགའ་བའི་སྒྲུབ་པ་སྤེལ་བར་གྱུར་ཏོ། །དེ་ལས་ཀྱང་བདེ་བའི་བྱ་བ་ཤིན་ཏུ་གོམས་ [64a.4]པའི་ལོངས་སྤྱོད་ཀྱིས་ཐིབས་པོ་ཀུན་སད་པར་བྱས་ཏེ། དགའ་བ་དང་བདེ་བས་ཡང་དག་པར་སྤེལ་བ་འཇུག་པས་བསྐྱེད་པ་ནི། དབང་པོ་ལས་འདས་ཤིང་རང་གི་རྟག་པའི་སྤྱོད་ཡུལ་འཁོར་བའི་སྙིང་པོར་གྱུར་པ་བདེ་བའི་ཕུང་པོ་སྐྱེས་པར་གྱུར་ཏོ། །འགྲོ་བ་རྣམས་ཀྱི་བདེ་བ་ [64a.5]མཚན་མར་བཅས་པ་ནི། གང་ཡིན་དེ་ཉིད་མཚན་མ་སྤངས་པར་གྱུར་པ་ན། །རང་བྱུང་ཡེ་ཤེས་ཉིད་ཀྱི་ངོ་བོར་གྱུར་པ་སྟེ། རྟོག་པ་རྣམས་ཀྱི་སྟོང་པའི་བདེ་བ་ཆེན་པོ་ཡིན། བག་ཆགས་དང་བཅས་པའི་སེམས་ཀྱིས་དེ་ཁོ་ན་ཉིད་འབྱུང་བའོ། །དེ་ལྟ་བུ་འདི་ལས་སྒྱུ་མ་ [64a.6]ལྟ་བུ་ཐོག་མ་མེད་པ་ནས་རང་གིས་བྱས་པའི་འཁོར་བ་ན་བག་ཆགས་ཀྱི་རྒྱུན་ཤིན་ཏུ་ཕྲ་བས་ཤིན་ཏུ་གཡོ་ཞིང་གཟུང་དུ་མེད་པའི་སེམས་ཀྱི་རྒྱུན་གྱིས་འཇུག་པས་ཉམས་པའི་གནས་སྐབས་ཀྱི་དུས་བླང་བར་གྱུར་པས། ཕྱི་རོལ་དུ་གཞག་པའི་རྟོག་པ་མཐའ་དག་གི་སྒྲིབ་པས་ [64a.7]གཡོགས་ཏེ། མི་མངོན་པར་གྱུར་པའི་བདེ་བའི་བདག་ཉིད་དག་པའི་རང་བཞིན་སྐྱེ་འགྲོའི་གཙོ་བོ་གང་ཡིན་པ་དེ་རླུང་དང་བཅས་པའི་ཁུ་བའི་ཐིགས་པ་རྣམས་དང་ལྷན་ཅིག་ཏུ་བཙུན་མོའི་ཚིགས་ལ་བབ་པ་རྙེད་པ་ན། ལྟེ་བའི་འོག་ཏུ་ཁ་ཐུར་ལ་བལྟས་པའི་པདྨ་དམར་པོ་འདབ་མ་ [64b] [64b.1]བརྒྱད་པའི་ནང་དུ་ཁྲག་འཛག་པའི་ལྷག་མ་ཀུན་དུ་གཟུང་བ་སྟེ། དེའི་རྗེས་ལ་ཡང་དག་པར་པདྨ་ཟུམ་པར་གྱུར་ཏོ། །དེ་ཡང་ཁྲག་དང་ཁུ་བ་གཉིས་ཀ་ཡང་ཆུ་དང་འོ་མ་འདྲེས་པ་བཞིན་དུ་གྱུར་ནས་གོང་བུ་གཅིག་ཏུ་གྱུར་ཏེ་རང་གི་རང་བཞིན་རྩོམ་པར་བྱེད་དོ། །དེ་ནས་རྗེས་སུ་འགྲོ་བའི་ [64b.2]རིམ་གྱིས་ནུར་ནུར་པོ་ལ་སོགས་པ་ཡོངས་སུ་གྱུར་པས་རིམ་གྱིས་སྐྱེ་སྟེ། འབྱུང་བ་མཐའ་དག་ཚོགས་ཉེ་བར་བསགས་པ་རྙེད་ནས་གང་དུས་ལ་སོགས་པ་ལྔ་པོ་འདུས་པ་དེར་ཚོར་བ་དེས་དངོས་པོ་གསལ་བའི་དེ་ཁོ་ན་ཉིད་འདི་སྟོན་པར་བྱེད་ཅིང་། ཕུང་པོ་ལྔ་དང་ལྡན་པའི་ཚོར་བའི་ [64b.3]བདག་ཉིད་ཀྱི་ལུས་སུ་འགྱུར་རོ། །ནང་གི་ཚོར་བ་དེ་སོ་སོར་ཉེ་བར་འགྲོ་བ་འབྲེལ་པ་ཤིན་ཏུ་ངེས་པར་ཐམས་ཅད་ལ་ཁྱབ་ཅིང་ཐམས་ཅད་དུ་འགྲོ་བ་ཡང་ཤིན་ཏུ་གཡོ་བའི་ཡིད་དང་། འབྱུང་བ་ཡང་དག་པར་ལྡན་པས་དེ་ཕྱོགས་གཅིག་པར་གྱུར་ནས་ཕྱི་རོལ་དབང་པོ་ལྔའི་གྲོང་གི་ [64b.4]རྗེས་སུ་འགྲོ་ཞིང་ཡིད་ཀྱིས་བརྟགས་པའི་ཕྱི་རོལ་དུ་གྱུར་པའི་གཟུགས་ལ་སོགས་པ་གཟུང་བ་དང་འཛིན་པར་གྱུར་པས་མངོན་པར་ཟིལ་གྱིས་མནན་ཏེ། ང་རྒྱལ་དང་གཏི་མུག་དང་སེར་སྣ་དང་འཇིགས་པ་དང་མྱ་ངན་དང་ཕྲག་དོག་དང་བརྩེ་བ་དང་སྲེད་པ་དང་སྡུག་པ་དང་མི་སྡུག་པ་ [64b.5]ལ་སོགས་པ་ཤིན་ཏུ་ཡིད་དུ་མི་འོང་བའི་འཁོར་ལོར་འཁྱམས་པར་འགྱུར་བ་ཡིན་ནོ། །སྐྱེ་བ་སྔ་མར་བྱས་པའི་ལས་ཀྱི་རྒྱུ་ལས་ནི། །སེམས་དེ་འདི་རུ་སྐྱེ་བ་ཡོངས་སུ་ལེན་ཅིང་འགྲོ། །དེ་ཡི་རྒྱུ་ཡིས་མ་ལུས་འདི་དག་ཐམས་ཅད་ནི། །བག་ཆགས་བཅས་པའི་སེམས་ཀྱི་བྱེད་ [64b.6]པར་འགྱུར་བ་ཉིད། །དེ་ལྟར་འཁོར་བའི་གནས་སྐབས་སོ། །དེ་ལྟར་འཁོར་བའི་རྒྱ་མཚོ་འཇིགས་སུ་རུང་ཞིང་རྒལ་དཀའ་བ། ང་རྒྱལ་ཆུ་བོ་གཏིང་ཟབ་པ། ཡུལ་གྱི་རླུང་ཤིན་ཏུ་དག་པས་གཅིག་ནས་གཅིག་ཏུ་ཕན་ཚུན་བརླབས་པས་རྦ་རླབས་ཤིན་ཏུ་འཁོར་ཞིང་འཁྲིགས་པས་ [64b.7]སྟེང་དུ་འགྲོ་བ་དང་འོག་ཏུ་འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་པས་རྒྱུན་ཆགས་པའི་འཁོར་བ་ལས་ཤིན་ཏུ་སྒྲོལ་བར་བྱེད་པའི་གྲུ་ཐུགས་བརྩེ་བའི་བདག་ཉིད་ཅན། མཆོག་ཏུ་མཉེས་གཤིན་པའི་བདག་ཉིད་རང་བཞིན་ཐུགས་རྗེ་ཆེན་པོ་དང་ལྡན་པ། སྨོན་ལམ་རྒྱ་ཆེན་པོར་བཏབ་པའི་ [65a] [65a.1]བླ་མ་དམ་པའི་ཞབས་ཀྱི་པདྨ་དག་ལ་འཁོར་བ་གང་ཞིག་མཆོག་ཏུ་གུས་པས་ཕྱག་འཚལ་བར་མི་བྱེད། སྟོད་པར་མི་བྱེད་སྟེན་པར་མི་བྱེད། མཉེས་པར་མི་བྱེད་པ་དེ་དག་ནི་རྒལ་དཀའ་བའི་འཁོར་བའི་རྒྱ་མཚོ་ཕུན་སུམ་ཚོགས་པ་མ་ཡིན་པ་ལས་རྒལ་བར་མི་ [65a.2]འགྱུར་བས་ཡོངས་སུ་བརྟག་པར་བྱའོ། །དེ་བས་ན་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བླ་མ་དམ་པའི་ཞབས་ཀྱི་པདྨ་དག་ལ་ངེས་པར་ལེགས་པ་དོན་དུ་གཉེར་བས་བསྟེན་པར་བྱ་བ་ཁོ་ན་ཡིན་ནོ། །ཤིན་ཏུ་འཇིགས་སུ་རུང་བ་འཁོར་བའི་རྒྱ་མཚོ་མཐའ་མེད་ཡུལ་དང་གདུལ་ [65a.3]དཀའི་དུས་ཀྱིས་གང་། །རང་གི་རྣམ་རྟོག་ཚོགས་ཀྱིས་སྤྲུལ་སོགས་མང་པོས་ཀུན་དུ་འཁྲུགས་ལས་སྐྱེ་བ་འདི་དག་ནི། །ཇི་སྟེ་གྲུ་དང་འདྲ་བའི་བླ་མ་དམ་པ་སྐྱོབ་པ་བྱེད་པ་དེ་ནི་མེད་གྱུར་ན། །མཆོག་ཏུ་བདེ་བ་གཅིག་པུའི་གནས་གྱུར་སངས་རྒྱས་ཉིད་ནི་འདི་རུ་ཇི་ལྟར་ཐོབ་པར་ [65a.4]གྱུར། །བླ་མ་དམ་པ་བསྙེན་བཀུར་རོ།། །།འདི་ལྟར་རྣམ་པར་ཤེས་པའི་བདག་ཉིད་རླུང་ཤིན་ཏུ་གཡོ་ཞིང་བཅིང་མི་ནུས་པ་དབང་པོའི་གྲོང་ཁྱེར་མཐའ་དག་ཟིལ་གྱིས་མནན་པ། དཔེ་མེད་པའི་ཡུལ་གྱི་བདེ་བས་བྲིལ་ཞིང་ཟིན་པ། དཔེར་ན་རི་མོ་མཁན་གྱིས་རང་གིས་བྲིས་པའི་རི་མོ་ [65a.5]ཤིན་ཏུ་འཇིགས་སུ་རུང་བ་མཐོང་ནས། བདག་ཉིད་འཇིགས་ཤིང་དངས་ཏེ་ས་ལ་བརྡབས་ནས་བརྒྱལ་བར་གྱུར་པ་དེ་བཞིན་དུ། འདིར་ཡང་རང་ཉིད་ཀྱིས་བདེ་བ་མ་ཡིན་པའི་ཚོགས་ཀྱིས་ཡོངས་སུ་བརྟགས་པའི་འདོད་པ་དང་། མི་འདོད་པ་ལ་སོགས་པའི་རྒྱུར་གྱུར་པ་ལས་བྱས་པའི་ [65a.6]ཆགས་པས་ཟིལ་གྱིས་ནོན་པའི་དབང་གིས་རང་གི་རང་བཞིན་མཐོང་སྟེ། འཁོར་ལོ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམ་ཞིང་འབྱུང་བའི་དབང་པོ་གང་ཡིན་པའི་རྣམ་པར་ཤེས་པ་འབྱུང་བ་འདི་ལ་གནས་ཤིང་སྣ་ཚོགས་གཟུང་སྟེ་གནས་སོ། །དེ་ཡོངས་སུ་མཉེས་པ་ལས་དེའི་བཀའ་ལུང་གིས་དེ་ [65a.7]ལྟ་བུའི་རླུང་དབང་པོ་རྣམས་ལས་བཀུག་སྟེ། རྒྱུན་དུ་འཇུག་པ་དང་འབྱུང་བའི་བྱ་བ་བྱེད་པའི་ལམ་ལ་རྣལ་མ་ཉིད་དུ་གནས་པར་བྱེད་དོ། །དེས་ནི་ཡང་དག་པ་མ་ཡིན་པའི་རྟོག་པའི་ཚོགས་མཐའ་དག་གི་འོབས་ཀྱིས་བསྐོར་བའི་ནང་དུ་དྲི་མ་དང་བཅས་པའི་སྲིད་པའི་ཆུའི་ཚོགས་ [65b] [65b.1]ཀྱིས་བཀང་སྟེ། །སྲིད་པའི་ཤིང་སྤངས་ཤིང་ཆུས་གཏོར་བས་བསྐྱེད་དེ། ཤིན་ཏུ་རིང་བར་སྐྱེས་པས་འདོད་པའི་འབྲས་བུ་མི་དགའ་བར་སྐྱེད་པ་དང་། དྲི་ཞིམ་པ་དང་། རོ་ཞིམ་པ་དང་། མཁྲང་ཞིང་སྦོམ་ལ་སྣ་ཚོགས་རྣམ་པ་མང་པོ་ཉམས་སུ་མྱོང་བར་བྱེད་པའི་རྒྱུ་གསར་དུ་སྐྱེ་བའི་ [65b.2]སྲིད་པ་ལྡོག་པར་འགྱུར་རོ། །དེ་ཡང་ལྷན་ཅིག་སྐྱེས་པའི་རྗེས་སུ་ཚོལ་ཏེ། དེར་གནས་ནས་ཕྱི་རོལ་ཐམས་ཅད་སྤོང་མོད་ཀྱི། དེ་ལྷན་ཅིག་སྐྱེས་པའི་བྱ་བ་ཡོད་དེ། དེ་ཉིད་ཀྱིས་འབྲེལ་ཞིང་ཉམས་སུ་མྱོང་བ་གཡོ་བའི་བདག་ཉིད་དུ་རྣམ་པར་གནས་སོ། །དེར་ཡང་ཁྱད་ [65b.3]པར་མི་དམིགས་པ་ཉམས་སུ་མྱོང་བའི་དངོས་པོ་སླར་ཡང་ཉམས་སུ་མྱོང་བར་བྱ་བའི་རྗེས་སུ་ཆགས་པའི་འཇུག་པ་གཏོད་པར་བྱེད་དོ། །མང་པོས་ཅི་ཞིག་བྱ་སྟེ། གང་གི་ཚེ་ན་ཕྱི་རོལ་དུ་གྱུར་པའི་བརྟག་པའི་རང་བཞིན་རྣམ་པར་བཅད་པ་དེའི་ཚེ་འདི་རང་གི་ངོ་བོ་ལ་གནས་ [65b.4]པར་འགྱུར་རོ། །དེ་ཡང་གཉུག་མའི་ཡུལ་ཕྲ་མོ་འཇུག་པ་ལ་རྗེས་སུ་ཆགས་པ་ཟད་པས་འབད་པ་བཅོམ་ནས་བདག་ཉིད་ཀྱི་གནས་ལ་མངོན་པར་ཕྱོགས་པར་འགྱུར་རོ། །དེ་ནས་ཡོན་ཏན་མཐའ་དག་དང་ལྡན་པར་གྱུར་པས་བརྟན་པའི་ཡོན་ཏན་དང་ལྡན་པར་འགྱུར་ཏེ། [65b.5]བརྟན་པས་ན་གཞན་གྱི་དོན་གྱི་ཡོན་ཏན་དུ་འགྱུར་རོ། །དཔེར་ན་ནམ་མཁའི་ངོས་སུ་ཁྱབ་པའི་ཆུ་འཛིན་གྱི་ཚོགས་སྟུག་པོ་དེངས་པར་གྱུར་པ་ན། གང་དུ་སོང་བ་མི་ཤེས་པ་དེ་བཞིན་དུ་རླུང་འདི་ཡང་སྔར་རྒྱུན་མ་ཆད་པར་འབྱུང་བ་ལས་དེ་ལྟར་ཐིམ་པར་གྱུར་ན། མཆོག་ [65b.6]ཏུ་ལྡོག་ཅིང་ཚིམ་པ་ཐེབ་པས་གང་དུ་ཡང་འགྲོ་བར་མི་འགྱུར་རོ། །ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་གནས་པས་རྟོག་པའི་ཚོགས་ལས་གྲོལ་ཞིང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཐུགས་ཚིམ་པར་བྱེད་པ་ཅི་ཞིག་ལྟར་སྐྱེ་སྟེ། འདི་ལས་འཁོར་བ་འདིར་ཐབས་ཐུགས་རྗེ་ཆེན་ [65b.7]པོ་མང་དུ་རྒྱུན་མི་ཆད་པར་གོམས་པར་བྱས་པས། མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་རྒྱུ་ཐོབ་པ་ཡིན་པས་སེམས་བརྟན་པར་བྱའོ། །འདི་ལྟར་ཉོན་ཅིག་གཡོ་བ་དང་ལྡན་པས་དབང་པོར་མངོན་པར་འགྲོ་ལ། དབང་པོར་མངོན་པར་འགྲོ་བས་དབང་པོ་དང་དོན་ [66a] [66a.1]ཕྲད་པར་གྱུར་ལ། དབང་པོ་དང་དོན་ཕྲད་པས་དངོས་པོར་དམིགས་པར་འདོད་པ་དང་མི་འདོད་པ་ལ་སོགས་པ་མངོན་པར་ཞེན་པ་ཤིན་ཏུ་མང་པོའི་གདོན་གྱིས་ཟིན་པས་ཤིན་ཏུ་རྒལ་དཀའ་བའི་འཁོར་བར་འཁོར་རོ། །བརྟན་པ་ལས་སྤྲོས་པའི་ཁྱད་པར་སྐྱེས་པ་རྣམས་ [66a.2]སྤངས་ཏེ། གཉུག་མའི་རང་བཞིན་བྱང་ཆུབ་ཀྱི་ངོ་བོ་ཤིན་ཏུ་གཟི་བརྗིད་དང་ལྡན་པའི་བློ་རྗེས་སུ་ཚོལ་ཏེ། གང་གི་ཚེ་དེས་ཀུན་དུ་འཁྱུད་པར་གྱུར་ན། དེའི་ཚེ་ནམ་མཁའ་བཞིན་དུ་འདྲེས་པར་གྱུར་ཏེ། སྔར་ཡུལ་རྣམས་ལ་དགའ་བ་དང་ཆགས་པ་དང་ལྡན་པའི་རྣམ་པར་གཡེང་བའི་ [66a.3]ཁྱད་པར་སྐྱེ་བ་རྣམས་མེད་ཅིང་། ནམ་མཁའ་དང་མཚུངས་པར་རྟོག་པ་དང་བྲལ་བས་ཕྱག་རྒྱ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། དབང་པོ་ལས་འདས་པ་སྐྱེ་བ་མེད་པ་དང་ལྡན་པ་རང་གི་རིག་པའི་སྤྱོད་ཡུལ་ཅན། ཐ་སྙད་ལས་འདས་པ་སྔར་མངོན་དུ་མ་བྱས་པའི་ [66a.4]ཐབས་དང་ཤེས་རབ་ཀྱི་རང་བཞིན་བདེ་བའི་བདག་ཉིད་གཙོ་བོར་གྱུར་པ་སྐྱེ་བར་འགྱུར་རོ། །རླུང་གི་བློ་ནི་རྗེས་སུ་བཙལ་བས་ནི། །བདེ་བ་དམ་པའི་ངོ་བོ་རང་སེམས་ནི། །ཚིམ་བྱེད་དེ་དག་ལས་གཞན་མི་གཡོ་བ། །ཤེས་རབ་ཐབས་ཀྱི་རང་བཞིན་འགའ་ཞིག་ཡིན། ཐབས་ [66a.5]དང་ཤེས་རབ་ཀྱི་རང་གཞན་གསལ་བ་དེ་ཁོ་ན་ཉིད་དུ་སེམས་གནས་སོ། །དེས་སྔོན་ཡོངས་སུ་བཏང་བའི་དབང་པོ་དེ་ཡང་ཡིད་དང་བྲལ་བས་བྱེད་པ་མེད་པར་འགྱུར་ཏེ། ཨ་མས་བོར་བས་བེའུ་མ་ཉིད་རྗེས་སུ་ཚོལ་བ་དེ་བཞིན་དུ་དེ་ཡང་དབང་པོ་རྣམས་ནི་ཡིད་ཀྱི་རྗེས་སུ་འབྲང་བར་ [66a.6]འགྱུར་རོ། །གང་དུ་ཡིད་འཇུག་པ་དེར་རབ་ཏུ་འཇུག་སྟེ། གང་གི་ཕྱིར་དེ་མ་གཏོགས་པར་དེ་དག་རབ་ཏུ་སྦྱོར་བ་མེད་པ་ཡིན་ནོ། །འདིར་བྱེ་བྲག་ནི་འདི་ཡིན་ཏེ། འདི་ནི་ཐབས་དང་ཤེས་རབ་ལས་སྐྱེས་པའི་བདེ་བ་ཆེན་པོའི་སྣང་བ་གནས་པ་ཡིན་ཏེ་རྣམ་པར་རྟོག་པའི་ཚོགས་མཐའ་ [66a.7]དག་སྤངས་ནས། བླ་ན་མེད་པའི་ལོངས་སྤྱོད་དུ་ཉེ་བར་འགྲོ་ཞིང་བྱེད་པའི་གྲོང་ཁྱེར་རྣམས་རྗེས་སུ་ཞུགས་པ་དང་ལྡན་པས་འགྲོ་བ་འདི་དག་ཉིད་བདེ་བ་ཆེན་པོའི་རྣམ་པར་རོ་གཅིག་པར་འགྲོ་བར་འགྱུར་ཏེ། དཔེར་ན་ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་ཕོག་པའི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ [66b] [66b.1]བཞིན་དུ་འགྲོ་བ་རྣམས་སྙིང་པོ་མེད་པར་སྣང་ངོ་། །དེ་ལྟར་བྱེད་པའི་གྲོང་ཁྱེར་རྣམས་འཛིན་པས་སྟོང་ཞིང་སེམས་དང་ལྷན་ཅིག་འདྲེས་པས། གཡོ་བ་དང་མི་གཡོ་བ་སྣ་ཚོགས་མཐའ་དག་འདི་སྙམ་པ་མེད་པའི་མཉམ་པའི་རོ་བདེ་བ་ཕུན་སུམ་ཚོགས་པ་སྐྱེ་བ་མེད་པའི་དཔལ་བདེ་བ་ཆེན་ [66b.2]པོའི་རང་བཞིན་རྣམ་པར་འགྱུར་རོ། །དེ་དག་གིས་འདི་སྐད་དུ་བསྟན་པར་འགྱུར་ཏེ། དབང་པོའི་གྲོང་ཁྱེར་མི་སྣང་བར་གྱུར་ནས་རོ་དང་འདྲ་བ་རྗེས་སུ་མཐུན་པར་ལྷན་ཅིག་ཏུ་འཇུག་པས་འགྲོ་བ་རྣམས་ཀྱི་གཙོ་བོ་ཉིད་འཐོབ་སྟེ། བློའི་དབང་ཕྱུག་གི་གཙོ་བོ་རང་དབང་ཅན་གང་ [66b.3]དུ་འཇུག་པ་དེར་འཛིན་པས་སྟོང་པའི་དབང་པོ་རྣམས་དང་། སྐྱེ་བའི་དབང་པོ་དང་འདྲ་བར་འཇུག་སྟེ། དེའི་རྗེས་སུ་འབྲང་བའི་སྤྱོད་པ་རྣམས་མཛེས་ཤིང་རྗེས་སུ་མཐུན་པར་ཉེ་བར་སྤྱོད་ལ། གསལ་བ་ཉིད་དུ་སྟོན་ཅིང་ཉེ་བར་བརྟེན་པས་རྣམ་པར་རྟོག་པ་ཐམས་ [66b.4]ཅད་སྤངས་པའི་གཙོ་བོ་རང་བཞིན་གྱིས་རྣམ་པར་དག་པའི་ཡེ་ཤེས་ཀྱི་རྣམ་པ་གང་ཡིན་པ་དེར་བྱེད་པའི་གྲོང་ཁྱེར་འདི་དག་ཁྱད་པར་ཅན་དུ་གྱུར་ནས་རྗེས་སུ་འགྲོ་ཞིང་ཞུགས་པས་འབྲང་བར་འགྱུར་ཏེ། རྣམ་པ་དེ་ལྟར་བྱེད་པའི་གྲོང་ཁྱེར་རྣམས་སེམས་ཀྱིས་མེད་པར་འགྱུར་རོ། ། [66b.5]གལ་ཏེ་སེམས་མེད་པར་གྱུར་ན་དེའི་ཚེ་སྣ་ཚོགས་འདི་དག་ཉེ་བར་ཞིག་པས་ན་གང་དུ་གནས་པར་འགྱུར། དེ་བས་ན་སེམས་ལས་གཞན་པའི་མཆོག་ཏུ་གྱུར་པ་ཡོད་པ་མ་ཡིན་ནོ། །དབང་པོའི་ཚོགས་རྣམས་ཐིམ་ཞིང་རྣམ་རྟོག་ནི། །ཟད་པ་སྲིད་པའི་ས་བོན་མི་མཐུན་བྲལ། ། [66b.6]དཀའ་དང་གསལ་བའི་རང་བཞིན་བསིལ་གྱུར་པའི། །འདི་ནི་ནམ་མཁའ་ལྟ་བུར་ཤིན་ཏུ་མཚར། །དབང་པོའི་གྲོང་ཁྱེར་རྣམ་པར་ཞུགས་པས་ཤེས་རབ་ཐབས་ཀྱི་རྗེས་སུ་འགྲོ་བ་བདེ་བ་ཆེན་པོའི་སེམས་སོ། །ཡང་ཐོག་མ་མེད་པའི་བག་ཆགས་ཀྱི་ཚོགས་ཀྱི་ཟིལ་གྱིས་མནན་ [66b.7]པའི་བྱིས་པ་རྣམས་འབྱེད་པར་བྱེད་པས་ཅི་ཞིག་བྱ་སྟེ། གལ་ཏེ་སེམས་ཉིད་དངོས་པོའི་རང་བཞིན་དུ་མ་གྱུར་ན། དེ་ལྟར་ན་ནི་གང་ལས་ཕྱི་རོལ་གྱི་དོན་ཤེས། ཇི་སྟེ་སེམས་ཉིད་དངོས་པོའི་བདག་ཉིད་དུ་གྱུར་ན། དེ་ལྟར་ཡང་འདི་དག་སེམས་ཉིད་ཡིན་པས་རྣམ་པ་ཐམས་ཅད་དུ་ [67a] [67a.1]ཕྱི་རོལ་གྱི་དོན་སྐྱེ་བ་ཡོད་པ་མ་ཡིན་ཏེ། འདི་ལྟར་མ་ལུས་པ་འདི་དག་བརྟགས་པས་སྟོང་པའི་སེམས་ཉིད་དེ་སྐྱེ་བ་དང་། འགག་པ་དང་བྲལ་ཞིང་རང་བཞིན་དག་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པ་ཡོངས་སུ་གསལ་བ་ཡིན་ནོ། །དེ་དག་གིས་འདི་ [67a.2]སྐད་དུ་བསྟན་པར་འགྱུར་ཏེ། རང་བཞིན་དག་པའི་བྱང་ཆུབ་ཀྱིས་གང་ཡང་ལྷན་ཅིག་སྐྱེས་ཤིང་རྣམ་པར་སྤྲུལ་པའི་ཡན་ལག་བསྐྱོད་པ་ཇི་སྙེད་པ་དེ་དག་ཕྱག་རྒྱ་རབ་ཏུ་དབྱེ་བར་འགྱུར་ལ། གང་ཡང་ངག་གིས་བརྗོད་པའི་ཇི་སྙེད་པ་དེ་སྙེད་སྔགས་ཀྱི་རྣམ་པའོ། །གང་ཡང་ [67a.3]ལྷན་ཅིག་སྐྱེས་པ་ལས་བྱུང་བའི་རྒྱུན་མི་འཆད་པར་རྣམ་པར་གཡོ་བ་མངོན་པར་འདུས་མ་བྱས་ལ་རིས་སུ་ཚད་མེད་ཅིང་དཔག་ཏུ་མེད་པ་རྣམས་སྣ་ཚོགས་པའི་རོ་དང་ལྡན་པས་དགོངས་པ་དང་། བྱ་བ་རྣམས་འདི་ལྟར་སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་ [67a.4]བྱེད་པ་དང་། སྙིང་རྗེ་དང་། རྔམ་པ་དང་། ཞི་བ་ལ་སོགས་པའི་འདོད་ཆགས་དང་། ཞེ་སྡང་དང་། དྲེགས་པ་དང་། སེར་སྣ་དང་། ཕྲག་དོག་ལ་སོགས་པ་ཅུང་ཟད་སྐྱེས་པ་དེ་དག་མ་ལུས་པར་རང་བཞིན་དག་པའི་ཡེ་ཤེས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ་ཡིན་ནོ། ། [67a.5]ཁམས་གསུམ་སྣ་ཚོགས་འདི་དག་ཐམས་ཅད་སེམས་ཀྱི་རང་བཞིན་དུ་གནས་པའོ། །སྤྱོད་པ་ཡང་ངེས་བརྗོད་དུ་བསྟན་ཏོ། །དེ་ལྟར་ལ་ལར་སྙིང་རྗེའི་བདག་ཉིད་དོ། །ལ་ལར་ཁ་ཅིག་ཏུ་ནི་སྲིན་པོ་དང་མཚུངས་པར་རོ། །ལ་ལར་ནི་སྨྲ་བར་མཛད་དོ། །ལ་ལར་ནི་མུ་ཅོར་ [67a.6]སྨྲ་བར་རོ། །ལ་ལར་ནི་སྲིད་པར་རོ། །ལ་ལར་ནི་ཡིད་བཞིན་ནོར་བུ་དང་མཚུངས་པར་རོ། །ལ་ལར་ནི་གཉིད་ལོག་པར་རོ། །ལ་ལར་ནི་གཉིད་སད་ཅིང་བསྡམས་པར་རོ། །ལ་ལར་ནི་ཞིམ་པས་ཚིམ་པར་རོ། །ལ་ལར་ནི་རུལ་པ་ལ་སོགས་པ་སྲིད་པར་རོ། །ལ་ [67a.7]ལར་ནི་ཆགས་ཤིང་ཞེན་པར་རོ། །ལ་ལར་ནི་གཅིག་པུ་འདོད་ཆགས་དང་བྲལ་བར་གནས་པར་རོ། །ལ་ལར་ནི་ཚུལ་ཁྲིམས་ཀྱིས་གནས་པར་རོ། །ལ་ལར་ནི་ཚུལ་དང་སྤྱོད་ལམ་ངན་པར་རོ། །ལ་ལར་ནི་བརྟན་པར་གནས་པར་རོ། །ལ་ལར་ནི་རབ་ [67b] [67b.1]ཏུ་གཡོ་བར་རོ། །ལ་ལར་ནི་རོལ་པ་ཆགས་པར་རོ། །ལ་ལར་ནི་རྒོད་པ་གཅིག་པུ་ལའོ། །ལ་ལར་ནི་རབ་ཏུ་ངུ་བར་རོ། །ལ་ལར་ནི་རང་དགའི་བདག་ཉིད་དོ། །ལ་ལར་ནི་གཞན་གྱི་དབང་དུ་གྱུར་པའོ། །ལ་ལར་ནི་མི་གཙང་བར་གནས་པར་རོ། །ལ་ལར་ནི་ཤིན་ [67b.2]ཏུ་གཙང་སྤྲའི་སྤྱོད་པའི་ལུས་སུའོ། །ལ་ལར་ནི་འཆད་པ་ལ་འཁོར་བར་རོ། །ལ་ལར་ནི་རྨོངས་ཤིང་གླེན་པར་རོ། །ལ་ལར་ནི་ཅུང་ཟད་ཀྱིས་ཚིམ་པར་རོ། །ལ་ལར་ནི་ཚིམ་པ་མེད་པར་རོ། །ལ་ལར་ནི་གར་བྱ་བའི་ཕྱིར་ལུས་གློད་པ་ཡིད་ཀྱིས་འཇུག་པར་རོ། །ལ་ལར་ནི་ [67b.3]གླུ་ལེན་པའི་གསང་བ་མཐོན་པོ་ལས་སོ། །ལ་ལར་ནི་བདེ་བའི་གནས་སུའོ། །ལ་ལར་ནི་གཅིག་པུ་སྡུག་བསྔལ་གྱི་གནས་སུ་གྱུར་པར་རོ། །ལ་ལར་ནི་རྒྱན་པོ་རྩེ་བ་ལ་གོམས་ཤིང་དགའ་བར་རོ། །ལ་ལར་ནི་རྡུལ་གྱིས་གོས་པར་རོ། །ལ་ལར་ནི་ཁྲུས་ཀྱིས་གནས་པ་ [67b.4]དང་བསྐལ་པ་བཟང་པོར་རོ། །ལ་ལར་ནི་གཅེར་བུར་རོ། །ལ་ལར་ནི་རི་མོ་ཅན་གྱི་གོས་བགོས་པར་རོ། །ལ་ལར་ནི་སྦྱིན་པ་པོ་དང་ལོངས་སྤྱོད་པར་རོ། །ལ་ལར་ནི་ཤིན་ཏུ་ཕོངས་པར་རོ། །ལ་ལར་ནི་ཤིན་ཏུ་ངེས་པར་རོ། །ལ་ལར་ནི་བརྫུན་སྨྲ་བར་རོ། །ལ་ལར་ནི་བདེན་ [67b.5]པ་གཅིག་པུ་སྨྲ་བར་རོ། །ལ་ལར་ནི་ཆོས་ཀྱི་རྒོད་པ་དང་ལྡན་པར་རོ། །ལ་ལར་ནི་སྡིག་པ་ཆེན་པོ་བྱེད་པར་རོ། །ལ་ལར་ནི་སྦྱིན་པ་པོར་རོ། །ལ་ལར་ནི་དུལ་ཞིང་དེས་པར་རོ། །ལ་ལར་ནི་རྒྱུའི་གནས་པར་རོ། །ལ་ལར་ནི་བློ་བཟང་ཞིང་དག་པར་རོ། །ལ་ལར་ནི་ [67b.6]སྣང་བར་རོ། །ལ་ལར་ནི་མི་མཐོང་ཞིང་མི་སྣང་བར་རོ། །ལ་ལར་ནི་བདག་ཉིད་ཆེན་པོར་རོ། །ལ་ལར་ནི་མངོན་པར་ཤེས་པར་རོ། །ལ་ལར་ནི་དེ་ཉིད་ཐིམ་པར་རོ། །ལ་ལར་ནི་འབྱུང་བ་ལ་གནས་པར་རོ། །ལ་ལར་ནི་འབྱུང་བ་དང་བྲལ་བར་རོ། །ལ་ལར་ནི་རྣམ་པ་དང་ལྡན་ [67b.7]པར་རོ། །ལ་ལར་ནི་ངག་གི་ཡུལ་ལས་འདས་པར་རོ། །དེ་ལྟར་གང་ཞིག་ལྷན་ཅིག་སྐྱེས་པའི་རྣམ་རྟོག་དང་བྲལ་དམིགས་མེད་པར། །སྣ་ཚོགས་འདི་དག་རང་བཞིན་དག་པས་སྤྱོད་པའི་དགོངས་ལྡན་མཁས་པ་ནི། །དེ་ཡི་ལག་ན་བདེ་གཤེགས་གོ་འཕང་བདག་ཆེན་རྩོམ་ [68a] [68a.1]པ་ཆེར་ལྡན་པ། །རབ་དགའ་གཞན་དོན་ལ་དགའ་མཆོག་གིས་བདེ་བ་དམ་པ་ལེགས་པར་གནས། །སྐྱེ་བ་མེད་ཅིང་དགའ་བ་གཅིག་པུའི་རོ་དང་ལྡན་པའི་སེམས། །དངོས་པོ་ཀུན་གྱི་རང་བཞིན་མཆོག །ཆོས་ཀུན་མཉམ་དང་མི་མཉམ་པ། །ཀུན་ [68a.2]མཁྱེན་ཀུན་འགྲོ་ཐམས་ཅད་ལ། །ཆོས་རྣམས་ཀུན་གྱི་རང་བཞིན་འཛིན། །མི་གནས་མྱ་ངན་འདས་པའོ། །མཉམ་ཉིད་འགྲོ་བའི་དོན་མཛད་པ། །གཅིག་དང་དུ་མའི་རང་བཞིན་གནས། །ཚོར་མིན་གཡོ་བ་རང་བཞིན་མེད། །བཅོམ་ལྡན་སོ་སོ་རང་རིག་པ། །གཙོ་བོ་ [68a.3]དཔེ་དང་བྲལ་བ་སྟེ། །བདག་པོ་ཀུན་འགྲོ་ཀུན་ཁྱབ་པ། །བྱེད་པ་པོ་དང་འཕྲོག་པ་ཡིན། །འདི་ནི་དཔལ་ལྡན་རྡོ་རྗེ་སེམས། །དངོས་པོ་གསལ་བ་གསལ་མཛད་ཡིན། །དཔལ་ཨུ་རྒྱན་གྱི་རྡོ་རྗེ་ཆེན་པོ་མཆོག་གི་གནས་སུ་རང་བྱུང་གི་ཡེ་ཤེས་ཕུན་སུམ་ཚོགས་པའི་ [68a.4]དཔལ་རྣལ་འབྱོར་མ་རྣམས་འདུས་ནས་ཡང་དག་པའི་དོན་ལ་གཟིགས་མོ་ལས་བྱུང་བའི་མ་ནོར་བའི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་མོད་ལ་བྱིན་གྱིས་རློབ་པར་བྱེད་པ། ས་གསུམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དུས་སུ། །ནེམ་ནུར་མི་མངའ་བའི་ཞལ་གྱི་པདྨ་ [68a.5]རབ་ཏུ་རྒྱས་པ་ལས་བདེ་བ་ཕུན་སུམ་ཚོགས་པའི་སྦྲང་རྩིའི་རྒྱུན་འབབ་པར་གྱུར་པ་དངོས་པོ་གསལ་བའི་རྗེས་སུ་འགྲོ་བ་དེ་ཁོ་ན་ཉིད་གྲུབ་པ་རྫོགས་སོ།། །།དེ་ལྟར་འདི་ནི་བཅོམ་ལྡན་འདས་དེའི་བཀའ་བསྒོ་བའི་རྗེས་སུ་འགྲོ་བས་དོན་ཆེན་པོ་འདི་རྣམས་ཀྱིས་ཡང་ད [68a.6]ག་པར་བསྡུས་ནས། སྐྱེ་བོ་ཉན་འདོད་པ་རྣམས་ལ་ཇི་ལྟར་དེ་རྣམས་ཀྱི་མིག་གི་ཡུལ་དུ་གྱུར་པའི་གཟུགས་སྣང་ཞིང་གསལ་བར་མཛད་ནས། །སྔར་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་གསལ་བར་མཛད་དེ་མངོན་པར་བསྟན་པ་ཡིན་ནོ། །གང་ཞིག་འབྱུང་བའི་ཚོགས་ [68a.7]སུ་བགྲང་བར་མ་ཆུད་པ། །དེས་ཀྱང་བདག་ཉིད་འབའ་ཞིག་དག་པར་བྱེད་པའི་བློས། །དགའ་བ་འདི་ནི་གྲགས་པར་གྱུར་པ་རྣམ་དག་པའོ། །བདེ་བ་དམ་པ་ཐོབ་གྱུར་འདི་ནི་ངོ་མཚར་ཆེ། །རྣལ་འབྱོར་མ་ཚུལ་མཚོ་ཆེན་གྱི་ནི་།གྲུར་གྱུར་པ། །བདེ་བ་དམ་པའི་ [68b] [68b.1]གནས་སུ་སྒྲོལ་བྱེད་གང་ཡིན་པ། །དེ་ཉིད་གྲུབ་པ་བྲིས་པ་འདི་ཡིས་ནི། །སྐྱེ་འགྲོ་གསུམ་པོ་རྣམས་ཀྱིས་དངོས་གྲུབ་འགྲུབ་པར་ཤོག །དངོས་པོ་གསལ་བའི་རྗེས་སུ་གྲུབ་པ་དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བ། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་ཙི་ཏོས་མཛད་པ་རྫོགས་སོ།། །། [68b.2]པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་འདྲ་བར་མཚན་ཉིད་མེད། །འོན་ཀྱང་དེ་ལ་དབྱེ་ཡོད་དེ། །རབ་མཚམས་ཉིད་དང་མཚམས་མོའི་ [68b.3]བར། །སྣང་བ་དང་ནི་སྣང་བ་མཆེད། །དེ་བཞིན་སྣང་བ་ཐོབ་པ་ཅན། །སེམས་ནི་རྣམ་པ་གསུམ་དུ་བཤད། །དེ་ཡི་གཞི་ནི་བཤད་པར་བྱ། །ཕྲ་བའི་གཟུགས་ཅན་རླུང་དང་ནི། །ཡེ་ཤེས་དག་ནི་འདྲེས་གྱུར་པ། །དབང་པོ་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ [68b.4]ནི་སྨིན་པར་འགྱུར། །གང་ཚོ་སྣང་བ་ལྡན་འགྱུར་བ། །རླུང་ནི་བཞོན་པར་གྱུར་པ་ཡིན། །དེ་ཚེ་རང་བཞིན་དེ་ཐམས་ཅད། །མ་ལུས་ལུས་པ་མེད་པར་འབྱུང་། །རླུང་ནི་གང་དང་གར་གནས་པ། །རང་བཞིན་དེ་དང་དེ་རྗེས་སྤྱོད། །ཅེས་དགོངས་པ་ལུང་ [68b.5]སྟོན་པས་སོ།། {T2223}༄༅༅། །རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་སིདྡྷི་ནཱ་མ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་པ་གྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ལྷན་ [68b.6]ཅིག་སྐྱེས་གྲུབ་རབ་བཤད་བྱ། །སྦྱིན་སྲེག་མཆོད་སྦྱིན་དཀའ་སྤྱོད་འདས། །དང་པོ་ལས་ཅན་སྤངས་པ་རྣམས། །ལྷན་ཅིག་སྐྱེས་པའི་དངོས་རང་བཞིན། །དེ་ཉིད་གྲུབ་པ་རྟག་ཏུ་བཤད། །ལྷན་ཅིག་སྐྱེས་འགྱུར་དེ་ཡི་ཕྱིར། །བརྗོད་བྲལ་ལྷན་ཅིག་སྐྱེས་པར་བཤད། ། [68b.7]མཁའ་དབྱིངས་ལ་ཡང་བྷ་ག་བསམ། །འཁོར་ལོ་སྔོན་འགྲོ་གོ་རིམས་བཞིན། །ལྷ་ཉིད་ཇི་ལྟར་འབྱུང་བ་དག །དབུས་སུ་རྣམ་པར་བསྒོམ་པར་བྱ། །མཁའ་དབྱིངས་ཞེས་བྱ་པདྨ་ལ། །ཡེ་ཤེས་བྷ་གར་ཤེས་པར་བྱ། །བསྒོམ་པར་ཞེས་བྱ་སྙོམས་འཇུག་སྟེ། །དེ་ཡི་ [69a] [69a.1]བདེ་བ་འཁོར་ལོར་བརྗོད། །གོ་རིམས་རང་གིས་རིག་པ་སྟེ། ལྷ་ཉིད་བྱང་ཆུབ་སེམས་ཡིན་ནོ། །ཇི་ལྟར་འབྱུང་འགྱུར་དག་ཕྱིར་རོ། །དེ་ཕྱིར་ལྷན་ཅིག་སྐྱེས་རྣམ་གཉིས། །ཤེས་རབ་བུད་མེད་དག་ཏུ་འགྱུར། །སྐྱེས་བུ་ཐབས་སུ་ཤེས་པར་བྱ། །འདི་ [69a.2]དག་ཕྱིས་ནི་དོན་དམ་དང་། །ཀུན་རྫོབ་དབྱེ་བས་རྣམ་གཉིས་སོ། །དེ་ལ་སྐྱེས་བུའི་རྣམ་གཉིས་ཏེ། །ཁུ་བ་དང་ནི་ཡིད་བདེ་བའོ། །ཤེས་རབ་ལ་ཡང་སྐྱེས་བུ་ལྟར། །ཁུ་བ་དང་ནི་དེའི་བདེ་བའོ། །དེ་ལྟ་བས་ན་བདག་ཉིད་ཀྱང་། །རབ་ཏུ་དབྱེ་བ་རྣམ་བཞི་ཡིན། གང་ [69a.3]ཕྱིར་ལྷན་ཅིག་སྐྱེས་རྣམ་བཞི། །ཡང་དག་རྫོགས་སངས་རྒྱས་ཀྱིས་གསུངས། །དགའ་བ་ཅུང་ཞིག་བདེ་བ་སྟེ། །རབ་དགའ་དེ་ལས་ལྷག་པ་ཡིན། །དགའ་བྲལ་དགའ་བ་ཆགས་བྲལ་ཏེ། །ལྷན་ཅིག་སྐྱེས་དགའ་ལྷག་མ་ཉིད། །དང་པོ་རིག་པར་འདོད་པ་སྟེ། ། [69a.4]གཉིས་པ་བདེ་བར་འདོད་པ་ཡིན། །གསུམ་པ་ཆགས་པ་མཉམ་ཉིད་ཕྱིར། །བཞི་པ་དེར་ནི་བསྒོམ་བྱ་ཡིན། །དང་པོ་ཤེས་རབ་དྲོ་བ་སྟེ། །གཉིས་པ་དུ་བར་ལྡན་པ་ཡིན། །གསུམ་པ་མེ་སྟག་འཕྲོ་བ་སྟེ། །དེ་བཞིན་བཞི་པ་འབར་བ་ཡིན། །ལྟེ་བར་གཏུམ་མོ་ [69a.5]སྦྱོར་ནས་ནི། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་བསྲེགས་ནས་ནི། །བསྲེགས་པའི་ཧཾ་ལས་རི་བོང་འཛག །སྔ་མ་བཞིན་དུ་བྱང་ཆུབ་སེམས། །རྣམ་པ་གཉིས་སུ་རྒྱལ་བས་གསུངས། །ཤེས་རབ་རྡོ་རྗེ་མཉམ་སྦྱོར་བ། །དེ་བཞིན་དེ་ལས་ [69a.6]བལྟ་བར་བྱ། །གཟུགས་སྒྲ་དེ་བཞིན་དྲི་དག་དང་། །རོ་དང་རེག་བྱ་ཉིད་དེ་བཞིན། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ། །ཇི་ལྟར་འདོད་པར་སྤྱོད་པས་ན། །སྐྱེ་མཆེད་རེ་རེ་ལ་དགའ་བ། །བཞི་བཞི་དག་ཏུ་བལྟ་བར་བྱ། །ལྷན་ཅིག་སྐྱེས་གཞན་གྱིས་བརྗོད་མིན། །གང་ [69a.7]གིས་ཐོབ་པར་འགྱུར་བའང་མིན། །བླ་མའི་བསོད་ནམས་ཚོགས་བསྟེན་ལས། །བདག་ཉིད་ཀྱིས་ནི་ཤེས་པར་འགྱུར། །དཔལ་ཌོཾ་བི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་པ་གྲུབ་པ་ལས་ལྷན་ཅིག་སྐྱེས་པ་བསྟན་པ་སྟེ་ལེའུ་དང་པོའོ།། །།དམན་པ་བར་མ་མཆོག་ [69b] [69b.1]ཉིད་དང་། །གཞན་གང་ཡིན་པ་དེ་དག་ལ། །དེ་རྣམས་ཐམས་ཅད་མཉམ་ཉིད་ཅེས། །དེ་ཉིད་བསྒོམ་པས་བལྟ་བར་བྱ། །དམན་པའི་དངོས་དོན་ཕྲ་བ་སྟེ། །དངོས་པོ་དག་ནི་མཆོག་ཅེས་བྱ། །གཉིས་སྤངས་བར་མ་དག་ཡིན་ཏེ། །གཞན་ཞེས་བྱ་བ་དབང་པོ་དྲུག །བརྟན་དང་ [69b.2]གཡོ་བ་གང་དེ་ཞེས། །དེ་ཀུན་ཡོད་མིན་བདག་མེད་མིན། །མཉམ་དང་མཚུངས་པར་གཡོ་བ་རྣམས། །དེ་ཉིད་བསྒོམ་པར་མཚུངས་པ་ཡིན། །མཉམ་དང་མཚུངས་པ་དག་ཏུ་གསུངས། །དེ་ཡང་རོ་གཅིག་ཤེས་པར་བྱ། །མཉམ་པ་རོ་གཅིག་བསྒོམ་པ་ནི། །དོན་ [69b.3]འདི་ཡིས་ནི་གསུངས་པ་ཡིན། །འཇིག་རྟེན་རིགས་རྣམས་བསྟེན་པ་ཡིན། །གྲངས་ལྔར་གྱུར་པ་བྱས་པ་དག །རིགས་རྣམས་བསྟེན་པས་འགྲུབ་འགྱུར་ཏེ། །འདོད་པ་ཐམས་ཅད་རབ་སྩོལ་མཛད། །སེམས་ཅན་དངོས་གྲུབ་རྒྱུ་དག་གིས། །མི་བསྐྱོད་འོད་དཔག་མེད་ [69b.4]དག་དང་། །རིན་ཆེན་འབྱུང་ལྡན་རྣམ་སྣང་མཛད། །དེ་བཞིན་དོན་ཡོད་གྲུབ་པར་གསུངས། །མི་བསྐྱོད་རྡོ་རྗེ་ཞེས་བརྗོད་ཅིང་། །འོད་དཔག་མེད་ནི་པདྨར་བཤད། །རིན་ཆེན་འབྱུང་ལྡན་རིན་པོ་ཆེ། །རྣམ་པར་སྣང་མཛད་དེ་བཞིན་གཤེགས། །དོན་ཡོད་གྲུབ་པ་ [69b.5]ལས་ཞེས་གསུངས། །རིགས་རྣམས་དེ་དག་མདོར་བསྡུས་པས། །རིགས་བསྟེན་པ་ཡིས་འགྲུབ་འགྱུར་ཞེས། །ཡང་དག་རྫོགས་སངས་རྒྱས་ཀྱིས་གསུངས། །ཧ་ལ་སོགས་པའི་རིགས་དག་ལ། །འཇིག་རྟེན་མི་འདོད་སྐྲག་པར་འགྱུར། །རྨོངས་པ་རྣམས་ [69b.6]ལ་བསྟན་ན་ཡང་། །རབ་ཏུ་འཁྲུགས་འགྱུར་ཞི་མི་འགྱུར། །དད་པའམ་ཐོས་པ་ཡོད་གྱུར་ན། །དགྱེས་པ་རྡོ་རྗེ་དེས་ཤེས་འགྱུར། །སྐལ་ངན་ཀུན་ལ་སྦས་པ་སྟེ། །སེམས་ཅན་སྐལ་ལྡན་དག་ལ་བསྟན། །བཅུ་ཡི་གྲངས་སུ་བྱས་པ་ཡིས། །དམ་ཚིག་དག་ནི་ [69b.7]བསྟེན་པར་བྱ། །ལྷན་ཅིག་སྐྱེས་པའི་ཕྱིར་དབྱེ་གཉིས། །ཐ་དད་ཐ་དད་ལྔ་ལྔ་སྟེ། །དང་པོའི་ག་དང་ཐོག་མའི་ཧ། །མཐའ་ཡི་ཤྭ་དང་དང་པོའི་ཤྭ། །དང་པོའི་ན་སྟེ་འཇིགས་པས་ཀྱང་། །འཇིག་རྟེན་སྐུར་པས་སྦ་བར་བྱ། །ཕྱི་ཡི་མདོག་ནག་དཀར་པོ་དང་། །དམར་ [70a] [70a.1]དང་སྔོ་དང་སེར་པོ་དང་། །ཁ་དོག་དབྱེ་བ་དེ་ལྔ་ཡིན། །དེ་དག་དེ་བཞིན་གཤེགས་པར་ཤེས། །གང་ཞིག་སྲིད་གསུམ་འགྱུར་བ་ཡིན། །འགྲོ་ཀུན་ལྷན་ཅིག་སྐྱེས་པར་ལྡན། །འགྲོ་བའི་རང་བཞིན་གཞན་མི་སྣང་། །ཐམས་ཅད་དེ་ཉིད་ཀྱིས་ཁྱབ་ཡིན། ། [70a.2]དེ་ལྟར་ཤེས་ནས་རྣལ་འབྱོར་པས། །ངེས་པར་བདག་ཉིད་དེ་འདྲ་ཞེས། །ལྷན་ཅིག་སྐྱེས་པའི་བདེ་བ་ཡིན། །བློ་ཆེན་ལྡན་པས་རྣམ་པར་དཔྱད། །བཟའ་དང་བཏུང་བ་དེ་བཞིན་ཁྲུས། །འགྲོ་བའི་རྨི་ལམ་ན་ཡང་སེམས། །བདེ་ལྡན་མངོན་པར་འདོད་པས་ནི། །རྟག་པ་ [70a.3]ཉིད་ནི་དེ་ལས་ཐོབ། །དཔལ་ཌོཾ་བི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་པ་གྲུབ་པ་ལས་དམ་ཚིག་གི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།གང་དུ་ཕྱི་རོལ་གང་གསུངས་པ། །བདེ་བའི་སྟོབས་དང་ལྡན་པའི་མཆོག །དགྱེས་པའི་རྡོ་རྗེ་མ་རྒྱུད་ལས། ། [70a.4]དང་པོ་དཔའ་བོས་གསུངས་པ་ཡིན། །སློབ་སྦྱོང་སློབ་སྦྱོང་སྤྱོད་པ་དང་། །བྲམ་ཟེ་ན་ཡང་གཙང་སྦྲ་ཉིད། །རྟག་ཏུ་གཙང་སྦྲ་སྤྱད་པར་བྱ། །སེམས་ལ་གནོད་པར་མི་བྱའོ། །བསོད་ནམས་ཡེ་ཤེས་གཙང་སྦྲ་ཡིན། །རང་གི་རིག་པའི་བདེ་བ་ཡིས། །རང་གི་བདག་ཉིད་དག་ [70a.5]པར་འགྱུར། །གཞན་གྱིས་དག་པར་མོས་མི་བྱ། །སྨན་པ་སྨན་ལ་འཇུག་པ་ཡི། །སྤྱོད་པ་བསྟེན་པར་བྱ་ཞེས་གསུངས། །བསྟེན་པས་སྟེན་པའི་སྤྱོད་པ་ཡིས། །སྤྱད་པར་བྱ་ཞེས་ཡང་དག་ཤེས། །སློབ་མ་གང་ཞིག་གྲུབ་རྙེད་ནའང་། །གུས་པར་མངོན་པར་ཕྱག་མི་བྱེད། ། [70a.6]བླ་མའི་བཀའ་ལས་འདས་པ་ཡིས། །སྐད་ཅིག་གིས་ནི་ཡང་སོས་འགྱུར། །གང་ཕྱིར་ཡིད་ཀྱིས་མ་བསྒོམས་པ། །འགྲོ་བ་ཐམས་ཅད་བསྒོམས་པར་འགྱུར། །བསྒོམ་པ་མེད་པའི་བསྒོམ་ཉིད་ཀྱིས། །ཆོས་རྣམས་ཐམས་ཅད་ཡོངས་ཤེས་འགྱུར། །བརྟན་དང་གཡོ་བའི་ [70a.7]དངོས་པོ་གང་། །རྩྭ་དང་ནགས་ལ་ལྕུག་མ་སོགས། །བདག་གིས་རང་གི་ངོ་བོ་ཉིད། །དེ་ཉིད་མཆོག་ནི་དེས་བསྒོམ་བྱ། །དེ་དག་རྣམས་ལས་མཆོག་ནི་མེད། །སོ་སོ་རང་རིག་བདེ་ཆེན་པོ། །གང་ཞིག་སོ་སོ་རང་རིག་བསྒོམ། །རང་གི་དངོས་གྲུབ་འབྱུང་བར་འགྱུར། ། [70b] [70b.1]སོ་སོ་རང་རིག་ལས་འདི་ནི། །གནོད་པ་ལས་འདི་སྐྱེ་བར་འགྱུར། །རང་གི་བྱེད་པོ་རང་རིག་སྡུད་པ་པོའོ། །བདག་ཉིད་རྒྱལ་པོ་བདག་ཉིད་གཙོ་བོ་ཡིན། །འདོད་ཆགས་ཞེ་སྡང་དེ་བཞིན་ངེས་པར་ན། །གཏི་མུག་དང་ནི་ཕྲག་དོག་ང་རྒྱལ་རྣམས། །རིག་པའི་རྒྱལ་པོ་བདེ་ཆེན་ [70b.2]ལས། །ཉོན་མོངས་ལྔ་པོ་དག་ཏུ་བལྟ། །བཀྲེས་པ་དང་ནི་སྐོམ་པ་ཡིས། །གནོད་པར་མ་གྱུར་གང་དེ་ཚེ། །བཤང་དང་གཅི་སོགས་འཇུག་པ་མེད། །དེ་ཚེ་གྲུབ་པ་དག་ཏུ་བསྒྲགས། །དེ་ཕྱིར་བདེ་ལྡན་ཐོབ་འགྱུར་ཞིང་། །དཔའ་བོ་བདེ་ཆེན་ཐུབ་པ་ཡིས། །དོན་ཆེན་བདེ་བ་ [70b.3]ལ་བརྟེན་ནས། །རྣམ་པ་ཀུན་དུ་དངོས་གྲུབ་དག །ཉེ་བར་རབ་ཏུ་གནས་འགྱུར་ཞིང་། །མངོན་ཤེས་ལྔ་ཡང་འབྱུང་བར་འགྱུར། །ལྷའི་མིག་དང་། ལྷའི་རྣ་བ་དང་། ལྷའི་སྣ་དང་། །ལྷ་ཡི་རོ་དག་དང་། ལྷའི་རེག་བྱ་དང་། ཡིད་ཀྱི་ལུས་ཀྱིས་གཞན་དུ་གནས་པ་རྣམས་དེས་ [70b.4]ལོངས་སྤྱོད་པར་འགྱུར་རོ། །དཔལ་ཌོཾ་བི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་པ་གྲུབ་པ་ལས། སྤྱོད་པའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་ཀྱི་ལྷན་ཅིག་སྐྱེས་པ་གྲུབ་པ་ལས། ལྷན་ཅིག་སྐྱེས་པ་བསྟན་པ་སློབ་དཔོན་ [70b.5]ཆེན་པོ་དཔལ་ཌོཾ་བི་ཧེ་རུ་ཀའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། {T2224}༄༅༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་གཱི་ཏི། བོད་སྐད་དུ། །དོ་ཧ་མཛོད་ཀྱི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དུག་སྤྲུལ་ལྟ་བུའི་སྐལ་མེད་ནི། །ངེས་པར་སྐྱེ་བོ་དམ་ [70b.6]པ་ལ། །སྐྱོན་གྱི་དྲི་མས་དགོད་པའི་ཕྱིར། །མཐོང་བ་ཙམ་གྱིས་འཇིགས་པར་བྱོས། །དེ་ཉིད་མི་ཤེས་བྲམ་ཟེ་ནི། །གྱི་ན་རིགས་བྱེད་གཞི་དག་འདོན། །ས་ཆུ་ཀུ་ཤ་དག་བྱེད་དང་། །ཁྱིམ་ན་གནས་ཤིང་མེ་ལ་བསྲེག །དོན་མེད་སྦྱིན་སྲེག་བྱེད་པ་ནི། །དུ་བས་མིག་ [70b.7]ལ་གནོད་པར་བས། །དབྱུ་གུ་དབྱུག་གསུམ་ལེགས་ལྡན་གཟུགས། །ཐ་དད་པ་དང་དད་པས་བསྟན་པ་དག །ཆོས་དང་ཆོས་མིན་ཤེས་པར་མི་མཉམ་ཞིང་། །འགྲོ་བ་རྣམས་ནི་བརྫུན་པ་ཉིད་དུ་གོལ། །ཨེ་རའི་ཐལ་བས་ལུས་ལ་བྱུགས་ནས་སུ། །མགོ་ལ་རལ་པའི་ [71a] [71a.1]ཁུར་བུ་ཁུར་བར་བྱེད། །ཁྱིམ་དུ་མར་མེ་བཏང་ནས་གནས། །མཚམས་སུ་འདུག་ནས་དྲིལ་བུ་འཁྲོལ། །སྐྱིལ་ཀྲུང་བཅས་ནས་མིག་བཙུམས་ཏེ། །རྣ་བར་ཤུབ་ཤུབ་སྐྱེ་བོ་སླུ་བར་བྱེད། །ཁྱོ་མེད་སྐྲ་མེད་འདི་འདྲ་གཞན་ལ་སྟོན། །དབང་རྣམས་བསྐུར་ [71a.2]ཞིང་བླ་མའི་ཡོན་རྣམས་ལེན། །སེན་མོ་རིང་ཞིང་ལུས་ལ་དྲི་མས་གཡོགས། །གོས་དང་བྲལ་ཞིང་སྐྲ་ནི་འབལ་བར་བྱེད། །ནམ་མཁའི་ཡིད་ཅན་གནོད་བྱེད་ལམ་གྱི་གཟུགས། །ཐར་པའི་ཆེད་དུ་བདག་ཉིད་འགྲོ་བྱེད་སླུ། །གཅེར་བུས་གལ་ཏེ་གྲོལ་འགྱུར་ན། །ཁྱི་དང་ཝ་ [71a.3]སོགས་ཅིས་མི་གྲོལ། །སྤུ་བཏོགས་པས་ནི་གྲོལ་འགྱུར་ན། །བུད་མེད་སྤུ་བཏོགས་གྲོལ་བར་འགྱུར། །མཇུག་སྤུ་བསླང་བས་གྲོལ་འགྱུར་ན། །རྨ་བྱ་གཡག་སོགས་གྲོལ་བར་འགྱུར། །ལངས་ཏེ་ཟ་བས་གྲོལ་འགྱུར་ན། །རྟ་དང་གླང་པོ་ཅི་ཕྱིར་མིན། །མདའ་བསྣུན་ན་རེ་ [71a.4]ནམ་མཁའི་ཡིད་ཅན་ལ། །ཐར་པ་ནམ་ཡང་ཡོད་པ་མ་ཡིན་ཟེར། །བདེ་བའི་དེ་ཉིད་དང་ནི་བྲལ་གྱུར་ཞིང་། །ལུས་ཀྱི་དཀའ་ཐུབ་འབའ་ཞིག་ཙམ་ལྡན་པས། །དགེ་ཚུལ་དགེ་སློང་གནས་བརྟན་ཞེས་བྱ་བས། །བནྡེ་རྣམས་ནི་དེ་ལྟར་རབ་བྱུང་ནས། །ཁ་ཅིག་མདོ་སྡེ་ [71a.5]འཆད་པར་བྱེད་ཅིང་འཇུག །ལ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང་། །ཁ་ཅིག་ཐེག་ཆེན་དེ་ལ་རྒྱུག་བྱེད་ཅིང་། །དེ་ནི་གཞུང་ལུགས་ཚད་མའི་བསྟན་བཅོས་ཡིན། །གཞན་ཡང་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ། །ཁ་ཅིག་བཞི་པའི་དོན་འཆད་པ་ལ་ [71a.6]ཞུགས། །ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་སྣང་། །གཞན་ཡང་སྟོང་ཉིད་ལྡན་པར་བྱེད་པ་དེ། །ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན། །ལྷན་ཅིག་སྐྱེས་བྲལ་གཞན་གང་གིས། །མྱ་ངན་འདས་གང་སྒོམ་བྱེད་པ། །དེ་དག་འགས་ཀྱང་དོན་དམ་ནི། །ཅིག་ཤོས་འགྲུབ་ [71a.7]པར་མི་འགྱུར་རོ། །གང་ཞིག་གང་ལ་མོས་པར་གྱུར་པ་དེས། །བསམ་གཏན་གནས་པས་ཐར་པ་ཐོབ་བམ་ཅི། །མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། །དེ་ལ་ཅི་བྱ་གསང་སྔགས་བསྟན་པ་ཅི་ཞིག་དགོས། །འབབ་སྟེགས་འགྲོ་དང་དཀའ་ཐུབ་མི་དགོས་ཏེ། །ཆུ་ལ་ཞུགས་པས་ཐར་པ་ཐོབ་ [71b] [71b.1]བམ་ཅི། །སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེས། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཀྱེ་ལགས་གང་སྨྲས་ [71b.2]བརྫུན་ཞིང་ལོག་པ་དེ་བོར་ལ། །གང་ལ་ཞེན་པ་ཡོད་པ་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། དེ་ལ་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་སྒོམ་པ་དེ་ཡིན་ཏེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །དེ་མི་མཚོན་པའི་ལྟ་བ་ཡོད་མིན་ཏེ། ། [71b.3]འོན་ཀྱང་གཅིག་པུ་བླ་མའི་ཞལ་ལ་ལྟོས་པ་ཡིན། །བླ་མའི་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། །གཉུག་མའི་རང་བཞིན་བྱིས་པས་མ་མཐོང་བར། །འཁྲུལ་པས་བྱིས་བ་བསླུས་ཞེས་མདའ་བསྣུན་སྨྲ། །བསམ་གཏན་མེད་ཅིང་རབ་ཏུ་ [71b.4]འབྱུང་བ་མེད། །ཁྱིམ་ན་གནས་ཤིང་ཆུང་མ་དག་དང་ལྷན་ཅིག་ཏུ། །གང་ཞིག་ཡུལ་གྱི་དགའ་བས་བཅིངས་ལས་མི་གྲོལ་ན། །མདའ་བསྣུན་ད་ནི་དེ་ཉིད་ཤེས་པ་ཡིན་ཞེས་སྨྲ། །གལ་ཏེ་མངོན་དུ་གྱུར་ན་བསམ་གཏན་ཅི། །གལ་ཏེ་ལྐོག་ཏུ་གྱུར་ན་མུན་པ་འཇལ། །ལྷན་ཅིག་ [71b.5]སྐྱེས་པའི་རང་བཞིན་དེ་ཉིད་ནི། །དངོས་དང་དངོས་པོ་མེད་པ་མ་ཡིན་ཏེ། །མདའ་བསྣུན་འོ་དོད་རྟག་ཏུ་འབོད་པར་བྱེད། །གང་ཞིག་བླངས་ནས་སྐྱེ་ཤི་གནས་གྱུར་པ། །དེ་ཉིད་བླངས་ནས་བདེ་ཆེན་མཆོག་གྲུབ་ཅེས། །སྐད་གསང་མཐོན་པོས་མདའ་བསྣུན་སྨྲ་བྱེད་ཀྱང་། །བྱོལ་སོང་ [71b.6]འཇིག་རྟེན་མི་གོ་ཇི་ལྟར་བྱ། །བསམ་གཏན་བྲལ་བས་ཅི་ཞིག་བསམ་བྱར་ཡོད། །བརྗོད་དུ་མེད་གང་ཇི་ལྟར་བཤད་དུ་ཡོད། །སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས། །རང་བཞིན་གཉུག་མ་སུས་ཀྱང་བླངས་པ་མེད། །རྒྱུད་མེད་སྔགས་མེད་བསམ་བྱ་བསམ་གཏན་མེད། །དེ་ཀུན་རང་ཡིད་ [71b.7]འཁྲུལ་བར་བྱེད་པའི་རྒྱུ། །རང་བཞིན་དག་པའི་སེམས་ལ་བསམ་གཏན་དག་གིས་མི་བསླད་ད། །བདག་གི་དེ་ཉིད་བདེ་ལ་གནས་ཤིང་གདུང་བར་མ་བྱེད་ཅིག །ཟ་ཞིང་འཐུང་ལ་གཉིད་སྤྲོད་ཀྱིས་དགའ་ཞིང་། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདི་ལྟ་བུས་ [72a] [72a.1]འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པ་འཇིག་རྟེན་མགོན་པོར་རྡོག་པས་མནན་ནས་སོང་། །གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང་། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མི་ཤེས་པ་དག་གནས་དེ་དབུགས་ཕྱུང་ཅིག །མདའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་ [72a.2]བསྟན་ནས་སོང་། །གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་ལ་བྱེ་བྲག་དག་ཏུ་མ་འབྱེད་པར། །ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཅིག་དང་། །དེར་ནི་ཐོག་མ་དབུས་མཐའ་མེད། །ཇི་སྲིད་མྱ་ངན་འདས་པ་ [72a.3]མིན། །བདེ་བ་ཆེན་པོ་མཆོག་འདི་ལ། །བདག་དང་གཞན་དུ་ཡོད་མ་ཡིན། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ཉིད་དུ་མགོན་པོ་ད་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །དབང་པོ་གང་དུ་ནུབ་གྱུར་ཅིང་། ། [72a.4]རང་གི་ངོ་བོར་ཉམས་པར་འགྱུར། །གྲོགས་དག་དེ་ནི་ལྷན་ཅིག་སྐྱེད་པའི་ལུས། །བླ་མའི་ཞལ་ལས་གསལ་བར་བྲིས། །ཡིད་ནི་གར་འཆིང་རླུང་གར་དེངས། །ས་སྟེང་འདི་ན་ཡན་ལག་གནས། །དེ་ནི་རྨོངས་པས་མཚམས་སུ་ཡོངས་ཤེས་བྱ། །གཏི་མུག་རྒྱ་མཚོ་འཆད་པ་གང་ [72a.5]ཤེས་པ། །འདི་ནི་བདེ་ཆེན་མཆོག་ཡིན་ཏེ། །ས་ར་ཧ་ཡིས་བསྟན་ནས་འགྲོ། །ཀྱེ་ཧོ་འདི་ནི་རང་རིག་ཡིན་པ་སྟེ། །འདི་ལ་འཁྲུལ་པ་མ་བྱེད་ཅིག །དངོས་དང་དངོས་མེད་བདེ་བར་གཤེགས་པའི་འཆིང་བ་སྟེ། །སྲིད་དང་མཉམ་ཉིད་ཐ་དད་མ་འབྱེད་པར། །གཉུག་མའི་ [72a.6]ཡིད་ནི་གཅིག་ཏུ་གཏོད་དང་རྣལ་འབྱོར་པ། །ཆུལ་ཆུ་བཞག་བཞིན་དུ་ཤེས་པར་བྱོས། །བསམ་གཏན་བརྫུན་པས་ཐར་པ་རྙེད་མིན་ནོ། །སྒྱུ་ལུས་དྲ་བས་ཇི་ལྟར་པང་དུ་འཁྱུད། །བླ་མ་དམ་པའི་བཀའ་ཡིས་བདེ་བར་ཡིད་ཆེས་པར། །ང་ཡིས་བརྗོད་དུ་ཡོད་མིན་ཞེས་ནི་ [72a.7]མདའ་བསྣུན་སྨྲ། །གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །དེ་ལྟ་བུ་ཉིད་དུས་སུ་འགོག་པར་འགྱུར། །གཉུག་མ་ཉིད་ལ་སྐྱོན་གྱིས་བྱིས་པ་བསླུས། །སྐྱེ་བོ་མ་ལུས་ལྷག་པར་སུན་འབྱིན་ཅིང་། །ང་རྒྱལ་སྐྱོན་ [72b] [72b.1]གྱིས་དེ་ཉིད་མཚོན་མི་ནུས། །འཇིག་རྟེན་མ་ལུས་བསམ་གཏན་གྱིས་རྨོངས་འགྱུར། །གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད། །སེམས་ཀྱི་རྩ་བ་མིན་མཚོན་ཏེ། །ལྷན་ཅིག་སྐྱེས་པ་རྣམ་གསུམ་གྱི། །གང་ལས་དེ་སྐྱེས་གང་དུ་ནུབ། །གང་དུ་གནས་འགྱུར་ [72b.2]གསལ་བར་མི་ཤེས་སོ། །རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། །བླ་མའི་མན་ངག་མཐོང་བ་དེ་ཡིས་ཆོག །ཁྲོ་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས། །རྨོངས་རྣམས་མདའ་བསྣུན་གྱིས་སྨྲས་ཙེ་ནེ་ཤེས་པར་བྱོས། །གཉུག་མའི་རང་བཞིན་ཚིག་གིས་མི་བརྗོད་ [72b.3]ཀྱང་། །སློབ་དཔོན་མན་ངག་མིག་གིས་མཐོང་བར་འགྱུར། །ཆོས་དང་ཆོས་མིན་མཉེས་ནས་ཟོས་པ་ཡིས། །འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ལགས། །གཉུག་མའི་ཡིད་ནི་གང་ཚེ་སྦྱངས་གྱུར་པ། །དེ་ཚེ་བླ་མའི་ཡོན་ཏན་སྙིང་ལ་འཇུག་པར་འགྱུར། །འདི་ལྟར་རྟོགས་ [72b.4]ནས་མདའ་བསྣུན་གླུ་ལེན་ཏེ། སྔགས་དང་རྒྱུད་རྣམས་གཅིག་ཀྱང་མ་མཐོང་ངོ་། །འགྲོ་རྣམས་ལས་ཀྱིས་སོ་སོར་བཅིངས་གྱུར་ཏེ། །ལས་ལས་གྲོལ་ན་ཡིད་ནི་ཐར་པ་ཡིན། །རང་རྒྱུད་གྲོལ་ན་ངེས་པར་གཞན་མེད་དེ། །མཆོག་གི་མྱ་ངན་འདས་པ་ཐོབ་པར་འགྱུར། ། [72b.5]སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །སེམས་བཅིངས་པས་ནི་འཆིངས་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །བླུན་པོ་ [72b.6]གང་གིས་འཆིང་འགྱུར་བ། །མཁས་རྣམས་དེ་ཡིས་མྱུར་དུ་གྲོལ། །སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་གཟུང་བྱ། །ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ན། །དེས་ནི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །མཁས་འདྲར་ [72b.7]བྱས་ན་རླུང་ནི་རྣམ་པར་འཆིང་། །མཉམ་ཉིད་ཡོངས་སུ་ཤེས་པས་རབ་ཏུ་ཐིམ། །མདའ་བསྣུན་གྱིས་སྨྲས་ནམ་ཞིག་ནུས་ལྡན་ན། །མི་རྟག་གཡོ་བ་མྱུར་དུ་སྤོང་པར་འགྱུར། །རླུང་དང་མེ་དང་དབང་ཆེན་འགགས་པ་ན། །བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །ནམ་ [73a] [73a.1]ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཁྱིམ་དང་ཁྱིམ་ན་དེ་ཡིས་གཏམ་སྨྲ་ཡང་། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། །འགྲོ་ཀུན་བསམ་པས་སུན་ [73a.2]འབྱིན་མདའ་བསྣུན་སྨྲ། །བསམ་གྱིས་མི་ཁྱབ་གྲུབ་པ་འགའ་ཡང་མེད། །སྲོག་ཆགས་ཐམས་ཅད་ཀུན་ལ་ཡང་། །དེ་ཉིད་ཡོད་དེ་རྟོགས་པ་མེད། །ཐམས་ཅད་རོ་མཉམ་རང་བཞིན་པས། །བསམ་པས་ཡེ་ཤེས་བླ་མེད་པའོ། །ཁ་སང་དེ་ [73a.3]རིང་དེ་བཞིན་སང་དང་གཞན། །དོན་རྣམས་ཕུན་སུམ་ཚོགས་པར་སྐྱེ་བོ་འདོད། །ཀྱེ་ཧོ་བཞིན་བཟངས་སྙིམ་པ་ཆུས་བཀང་བ། །འཛགས་པ་བཞིན་དུ་ཉམས་པ་མ་ཚོར་རོ། །བྱ་བ་བྱེད་དང་བྱ་བ་མིན་བྱེད་པ། །ངེས་པར་རྟོགས་ན་འཆིང་དང་གྲོལ་བ་མེད། ། [73a.4]ཡི་གེ་མེད་ལས་འཆད་པར་ཡོད་འདོད་པ། །གང་ཞིག་རྣལ་འབྱོར་བརྒྱ་ལ་འགའ་ཡིས་མཚོན། །འཇུར་བུས་བཅིངས་པའི་སེམས་འདི་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །དངོས་པོ་གང་གི་རྨོངས་པས་འཆིངས། །མཁས་རྣམས་དེ་ཡིས་རྣམ་པར་གྲོལ། ། [73a.5]བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བ་རྩོམ། །མཐོང་བར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་བཟློག་རྔ་མོ་ལྟ་བུར་བདག་གིས་རྟོགས། །བུ་ཁྱོད་རྣམས་ཀྱང་རང་ལ་ཆེར་ཏེ་ལྟོས། །ཀྱེ་ལགས་དབང་པོ་ལྟོས་ཤིག་དང་། །འདི་ལས་ངས་ནི་མ་གཏོགས་སོ། ། [73a.6]ལས་ཟིན་པ་ཡི་སྐྱེས་བུ་ཡི། །དྲུང་དུ་སེམས་ཐག་གཅད་པར་བྱོས། །རླུང་བཅིངས་པ་ལ་རང་ཉིད་མ་སེམས་སྐྱེ། །ཤིང་གི་རྣལ་འབྱོར་སྣ་རྩེར་མ་འདུག་ཅིག །ཨེ་མའོ་མ་ཡིན་ལྷན་ཅིག་སྐྱེས་པ་མཆོག་ཆགས་བྱོས། །སྲིད་པའི་སྣ་རྩེར་འཆིང་བ་ཡང་དག་སྤང་། ། [73a.7]འདི་ནི་ཡིད་འདུས་པ་ལ་རླུང་གི་རླབས། །གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་སྲུན་འགྱུར། །ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་གྱུར་ན། །དེ་ཡིས་བདག་ཉིད་བརྟེན་པར་གྱུར་པ་ཡིན། །གང་ཚེ་ཡིད་ནི་ཉེ་བར་འགགས་གྱུར་ན། །ལུས་ཀྱི་འཆིང་བ་རྣམ་པར་འཆད་ [73b] [73b.1]པར་འགྱུར། །གང་ཚེ་ལྷན་ཅིག་སྐྱེས་དང་རོ་མཉམ་པ། །དེ་ཚེ་དམན་པའི་རིགས་དང་བྲམ་ཟེ་མེད། །འདི་ནི་ཟླ་བ་རྒྱ་མཚོ་ཉིད་དང་ནི། །འདི་ནི་གངྒཱའི་རྒྱ་མཚོ་ཉིད་དང་ནི། །བཱ་རཱ་ཎ་སཱི་སྲ་ཡ་གྷ་ཡ་ཏི། །འདི་ནི་ཟླ་བ་གསལ་བྱེད་ཉིད། །ཞིང་ཀུན་གནས་དང་ཉེ་བའི་ [73b.2]གནས་སོགས་པ། །ཕྱིན་ཏེ་བལྟས་པའི་རྟོགས་པ་གང་སྨྲ་བ། །ལུས་དང་འདྲ་བའི་མུ་གནས་གཞན་ན་མེད། །དགེ་བ་ང་ཡིས་ངེས་པར་ཡང་དག་མཐོང་། །འདབ་ལྡན་པདྨའི་སྡོང་པོ་གེ་སར་གྱི་དབུས་ན། །ཤིན་ཏུ་ཕྲ་བའི་རྣལ་མ་དྲི་དང་ཁ་དོག་ལྡན། །བྱེ་བྲག་ [73b.3]འོངས་ཤིང་རྨོངས་པ་མྱ་ངན་གྱིས། །གདུངས་པའི་འབྲས་བུ་མེད་པར་མ་བྱེད་ཅིག། །གང་ཚེ་ཚངས་པ་ཁྱབ་འཇུག་མིག་གསུམ་དང་། །འཇིག་རྟེན་མ་ལུས་ཐམས་ཅད་གཞིར་གྱུར་པ། །རིགས་མེད་དེ་ལ་མཆོད་ན་ལས་ཀྱི་ཡང་། །མཐའ་ཡི་ཚོགས་ [73b.4]ནི་ཡང་དག་ཟད་པར་འགྱུར། །ཀྱེ་ཧོ་བུ་ཉོན་རྩོད་པའི་རོ་ནི་དག་པར་ཡང་དག་གནས་ཤེས་པ། །འགྲོ་བ་འཆད་ཅིང་འདོན་ལ་སོགས་པས་དེ་ནི་ཤེས་པར་ནུས་མ་ཡིན། །ཀྱེ་ཧོ་བུ་ཉོན་དེ་ཉིད་སྣ་ཚོགས་ཀྱིས། །རོ་འདི་བསྟན་པར་ནུས་པ་མ་ཡིན་ཏེ། །བདེ་བའི་ [73b.5]གནས་མཆོག་རྟོག་སྤངས་ཏེ། །འགྲོ་བ་ཉེ་བར་སྐྱེ་བ་ཉིད་བཞིན་ནོ། །བློ་ནི་རྣམ་འགགས་ཡིད་ནི་ཕམ་གྱུར་པ། །གང་དུ་མངོན་པའི་ང་རྒྱལ་ཆད་པའོ། །དེ་ཉིད་སྒྱུ་མའི་རང་བཞིན་མཆོག་ཏུ་རྟོག་པ་སྟེ། །དེ་ལ་བསམ་གཏན་འཆིང་བ་དེས་ནི་ཅི་བྱར་ཡོད། །དངོས་པོར་སྐྱེས་པ་མཁའི་ལྟར་རང་བཞིན་ [73b.6]ན། །དངོས་པོ་རྣམ་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་དཔལ་ལྡན་བླ་མ་བསྟན་པས་རྟོགས། །མཐོང་དང་ཐོས་དང་རིག་དང་དྲན་པ་དང་། །ཟ་སྣོམ་འཁྱམ་དང་འགྲོ་དང་འདུག་པ་དང་། །ཅལ་ཅོལ་གཏམ་དང་ལན་སྨྲ་གྱུར་པ་ལ། །སེམས་སོ་ཞེ་ན་ [73b.7]གཅིག་གི་རྣམ་པ་ལ་མི་བསྐྱོད། །གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་བ་ངོ་མས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་ལ་སྐོམ་པས་གདུངས་ཏེ་འཆི་བར་ཟད། །བླ་མས་བསྟན་པ་བརྗོད་མིན་ན། །སློབ་མས་གོ་བ་མ་ཡིན་ཏེ། །ལྷན་ཅིག་ [74a] [74a.1]སྐྱེས་པ་བདུད་རྩིའི་རོ། །གང་གིས་ཇི་ལྟར་བསྟེན་པར་བྱ། །ཚད་མར་འཛིན་པའི་དབང་གིས་སུ། །བླུན་པོས་བྱེ་བྲག་རྙེད་པ་སྟེ། །དེ་ཚེ་རྡོལ་པའི་ཁྱིམ་དུ་རོལ། །འོན་ཀྱང་དྲི་མས་མི་གོས་སོ། །གང་ཚེ་སློང་ན་སྲང་ཁའི་ཁམ་ཕོར་གྱིས་སྤྱོད་དེ། །བདག་ནི་རྒྱལ་པོ་ [74a.2]ཡིན་ན་སླར་ཡང་ཅི་བྱར་ཡོད། །དབྱེ་བ་རྣམ་པར་སྤངས་ནས་དེ་ཉིད་གནས་པ་ལ། །རང་བཞིན་མི་གཡོ་བཏང་སྙོམས་ལྷུན་གྱིས་གྲུབ། །མྱ་ངན་འདས་པ་ལ་གནས་སྲིད་པར་མཛེས། །ནད་གཞན་དག་ལ་སྨན་གཞན་གཏང་མི་བྱ། །བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཇི་ལྟར་ [74a.3]བུ་ཆུང་ཚུལ་དུ་གནས་པར་བྱ། །བླ་མའི་ལུང་ལ་བསྒྲིམས་ཏེ་རབ་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཁ་དོག་ཡོན་ཏན་ཡི་གེ་དཔེ་བྲལ་བ། །སྨྲ་རུ་མི་བཏུང་དེ་ནི་བདག་གིས་གྱིན་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། ། [74a.4]དངོས་དང་དངོས་མེད་ཡོངས་སུ་བཅད་པ་དང་། །དེར་ནི་འགྲོ་བ་མ་ལུས་རབ་ཏུ་ཐིམ་པར་འགྱུར། །གང་ཚེ་ཡིད་ནི་མི་གཡོ་རང་གནས་བརྟན་པ་སྟེ། །དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་གྲོལ་འགྱུར། །གང་ཚེ་བདག་གཞན་ཡོངས་སུ་ཤེས་མེད་ནི། །དེ་ཚེ་བླ་མེད་ལུས་ནི་ཐོབ་པར་འགྱུར། །དེ་ [74a.5]ལྟར་བསྟན་པ་ཉིད་ལས་ངེས་པར་མ་འཁྲུལ་པར། །རང་གིས་རང་ལ་ལེགས་པར་ཤེས་པར་བྱས་ནས་ནི། །རྡུལ་མིན་རྡུལ་བྲལ་མ་ཡིན་སེམས་ཀྱང་མིན། །དངོས་པོ་དེ་དག་གདོད་ནས་ཞེན་པ་མེད། །མདའ་བསྣུན་གྱིས་སྨྲས་དེ་ཙམ་ཞིག་ཏུ་ཟད། །ཀྱེ་ཧོ་མ་ལུས་དྲི་མེད་དོན་དམ་ཤེས་པར་ [74a.6]བྱོས། །ཁྱིམ་ན་གནས་པ་ཕྱི་རོལ་སོང་ནས་ཚོལ། །ཁྱིམ་བདག་མཐོང་ནས་ཁྱིམ་ཚེས་དག་ལ་དྲི། །མདའ་བསྣུན་གྱིས་སྨྲས་བདག་ཉིད་ཤེས་པར་བྱོས། །བླུན་པོས་བསམ་གཏན་བསམ་བྱ་བཟླས་བརྗོད་མིན། །གང་ཚེ་བླ་མས་བསྟན་ཅིང་ཐམས་ཅད་ཤེས་བྱས་ཀྱང་། །བདག་ [74a.7]གིས་ཡོངས་སུ་བརྟགས་པས་ཐར་པ་ཐོབ་བམ་ཅི། །ཡུལ་རྣམས་བགྲོད་ཅིང་གདུང་བས་ཉེན་བྱས་ཀྱང་། །ལྷན་ཅིག་སྐྱེས་པ་མི་རྙེད་སྡིག་པས་འཛིན། །ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་སོ། །ཨུཏྤལ་འདབ་མ་ཆུ་ཡིས་མ་རེག་བཞིན། །གང་ལྟར་རྩ་བ་རྣལ་འབྱོར་ [74b] [74b.1]སྐྱབས་སུ་འགྲོ། །དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། །ལྷ་ལ་མཆོད་པ་ཁྲི་ཕྲག་བྱིན་ནས་ཀྱང་། །བདག་ཉིད་དེ་ཡིས་འཆིང་འགྱུར་ཅི་ཞིག་བྱ། །དེ་འདྲས་འཁོར་བ་འདི་ནི་འཆད་མིན་ཏེ། །གཉུག་མའི་རང་བཞིན་མ་རྟོགས་རྒལ་མི་ནུས། །མིག་ནི་མི་འཛུམས་ [74b.2]སེམས་ཀྱང་མི་འགོག་དང་། །རླུང་འགོག་པ་ནི་དཔལ་ལྡན་བླ་མས་རྟོགས། །གང་ཚེ་རླུང་རྒྱུད་དེ་ནི་མི་གཡོ་སྟེ། །འཆིང་བའི་ཚེ་ན་རྣལ་འབྱོར་པས་ཅི་བྱ། །ཇི་སྲིད་དབང་པོ་ཡུལ་གྱི་གྲོང་ལ་ལྷུང་། །དེ་སྲིད་རང་ཉིད་ལས་མེད་རབ་ཏུ་རྒྱས། །ཁྱེད་ཅག་ད་ལྟར་ཅི་ [74b.3]བྱེད་སམ་དང་ཀྱེ། །དེ་ནི་ཤིན་ཏུ་དཀའ་བའི་དགོངས་པ་འཇུག །གང་ཞིག་གང་ལ་གནས་པ་ནི། །དེ་ནི་དེ་རུ་མི་མཐོང་སྟེ། །མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པར་མ་རྟོགས་སོ། །གླང་ཆེན་ལོ་བས་ནས་སེམས་ [74b.4]ཚགས་ཆུད་པས་ན། །དེར་ནི་འགྲོ་འོང་ཆད་ནས་ངལ་བ་སྟེ། །འདི་ལྟར་རྟོགས་ན་གང་དུ་འང་དྲི་ས་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །གསོན་པ་གང་ཞིག་རྣམ་པར་མ་གྱུར་པ། །དེ་ནི་རྒས་ཤིང་འཆི་བར་འགྱུར་རམ་ཅི། །བླ་མས་བསྟན་པ་དྲི་མེད་བློ་ [74b.5]གྲོས་ནི། །དེ་ཉིད་གཏེར་ཡིན་གཞན་པ་གང་ཞིག་ལོ། །ཡུལ་ཉིད་རྣམ་པར་དག་སྟེ་བསྟན་བྱ་མིན། །སྟོང་པ་འབའ་ཞིག་གིས་ནི་སྤྱད་པར་བྱ། །ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་བཞིན། །སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་འབབ། །ཐག་པ་ནག་པོའི་དུག་སྦྲུལ་བཞིན། ། [74b.6]མཐོང་བཙམ་གྱིས་སྔང་བར་འགྱུར། །གྲོགས་དག་སྐྱེ་བོ་དམ་པ་ནི། །ཡུལ་གཉིས་སྐྱོན་གྱིས་བཅིང་བར་འགྱུར། །ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག །ཀྱེ་ཧོ་རྨོངས་པ་མདའ་བསྣུན་གྱིས་སྨྲས་པ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་། །འདི་ནི་ [74b.7]རི་དྭགས་བཞིན་དུ་བྱ་བར་བྱོས། །གང་ཞིག་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །སྲིད་དང་མཉམ་ཞིང་ནམ་མཁའི་རང་བཞིན་ནོ། །གང་ཞིག་བསྟན་ཏེ་གང་ཐོས་པ། །དགོངས་པ་གང་ [75a] [75a.1]ཡིན་དམ་པར་སྐྱོལ་བ་ན། །ཉི་ཟེར་ལྐུགས་པ་ས་ཡི་རྡུལ་བཞིན་བརླག །སྙིང་ག་ཉིད་དུ་ནུབ་པར་གྱུར་པ་ཡིན། །ཇི་ལྟར་ཆུ་ལ་ཆུ་བཞག་ན། །དེ་རྙེད་ཆུ་རུ་རོ་མཉམ་འགྱུར། །སྐྱོན་དང་ཡོན་ཏན་མཉམ་ལྡན་སེམས། །མགོན་པོ་སུས་ཀྱང་མཐོང་མི་འགྱུར། ། [75a.2]རྨོངས་པ་དག་ལ་གཉེན་པོ་གང་ཡང་མེད། །ནགས་ལ་མཆེད་པའི་མེ་ལྕེ་བཞིན། །གདོང་དུ་བབ་པའི་འདི་ལྟར་སྣང་བ་ཀུན། །སེམས་ཀྱི་རྩ་བ་སྟོང་པ་ཉིད་དུ་ལྷན་ཅིག་བྱོས། །གལ་ཏེ་ཡིད་དུ་འོང་ངམ་སྙམ་པའི་སེམས། །སྙིང་ལ་བབ་པ་གཅེས་པར་བྱས་ན་ནི། །ཏིལ་གྱི་ཤུན་པ་ [75a.3]ཙམ་གྱི་ཟུག་རྡུས་ཀྱང་། །ནམས་ཀྱང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །དེ་ལྟར་ཡིན་ཏེ་དེ་ལྟར་མ་ཡིན་ནོ། །གྲོགས་པོ་ཕག་དང་གླང་ཆེན་ལྟོས། །ཇི་ལྟར་ཡིད་བཞིན་ནོར་བུའི་དགོས་པ་བཞིན། །འཁྲུལ་པ་ཞིག་པའི་མཁས་པ་ངོ་མཚར་ཆེ། །རང་ལ་རང་རིག་བདེ་བ་ཆེན་ [75a.4]པོའི་བག་ཆགས་གཟུགས། །ཐམས་ཅད་དེ་ཚེ་མཁའ་མཉམ་བྱེད་པར་འགྱུར། །ཀ་ལ་ཀུ་ཊ་སྨོས་སུ་ཅི་རུང་སྟེ། །རང་བཞིན་མཁའ་མཉམ་ཡིད་ཀྱིས་འཛིན་པ་ཡིན། །ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ན། །རང་བཞིན་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས། །ཁྱིམ་དང་ [75a.5]ཁྱིམ་ན་དེ་ནི་བརྗོད་མིན་ཏེ། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །འགྲོ་ཀུན་སེམས་ཁྲལ་ཁུར་བ་མདའ་བསྣུན་འདྲ། །དེ་ནི་བསམ་མེད་སུས་ཀྱང་རྟོགས་མ་ཡིན། །བདེ་གསང་ཡན་ལག་ཡོངས་སུ་སྤངས་པ་ན། །བསྒོམ་དང་མི་སྒོམ་དབྱེར་མེད་བདག་གིས་མཐོང་། ། [75a.6]ཡུལ་གྱིས་མཚོན་པས་གཞན་དག་བསམ་པར་བྱེད། །དེ་ཉིད་བསམ་པས་མ་རྟོགས་རང་གཞན་འགགས་པར་འགྱུར། །གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། །རྣམ་རྟོག་དང་ནི་མི་གཡོ་བརྟན་པར་གནས། །ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་ [75a.7]བཞིན་ལ་ཐིམ་འགྱུར། །དེ་ཚེ་བདག་དང་གཞན་ནི་མཉམ་པར་མཐོང་། །འབད་དེ་བསམ་གཏན་བྱས་པས་ཅི་བྱར་ཡོད། །ལྷན་ཅིག་ལ་ནི་ལུང་རྣམས་མ་ལུས་མཐོང་། །རང་གི་འདོད་པ་མང་པོ་གསལ་བར་སྣང་། །མགོན་པོ་བདག་ཉིད་གཅིག་པུ་གཞན་རྣམས་འགལ། ། [75b] [75b.1]ཁྱིམ་དང་ཁྱིམ་ན་གྲུབ་མཐའ་དེ་གྲུབ་པོ། །གཅིག་ཟོས་པས་ནི་ཐམས་ཅད་ཚིག །ཕྱི་རོལ་སོང་ནས་ཁྱིམ་བདག་ཚོལ། །འོངས་ཀྱང་མ་མཐོང་ཕྱིན་ཀྱང་མེད། །འདུག་པར་གྱུར་ཀྱང་ངོ་མ་ཤེས། །དབའ་རླབས་མེད་པའི་དབང་ཕྱུག་མཆོག། །རྙོག་པ་མེད་པའི་བསམ་གཏན་ [75b.2]འགྱུར། །ཆུ་དང་མར་མེ་རང་གསལ་གཅིག་ཏུ་ཞོག། །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ། །གང་ཡང་སྔ་ན་མེད་པའི་སྒེག་མོ་དང་ཕྲད་ནས། །ཉལ་བའི་སེམས་ནི་གཞི་མེད་པ་ལ་བརྟེན། །རང་གི་གཟུགས་དང་ཐ་དད་མ་ལྟ་ཅིག །དེ་ལྟར་སངས་རྒྱས་ལག་ཏུ་གཏོད་པ་ [75b.3]ཡིན། །གང་ཚེ་ལུས་དང་ངག་ཡིད་དབྱེར་མེད་པ། །ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཚེ་མཛེས། །ཁྱིམ་བདག་ཟོས་ནས་ཁྱིམ་བདག་མོ་ལོངས་སྤྱོད། །ཡུལ་ནི་གང་ཟག་མཐོང་སྟེ་སྤྱད་པར་བྱ། །ང་ཡིས་རྩེད་མོ་བྱས་པ་ལ། །བུས་པ་རྣམས་ནི་ཨ་ཐང་ཆད། །ཨ་མ་ [75b.4]བཞག་ནས་བུ་དེ་སྐྱེ་མི་འགྱུར། །དེས་ནི་རྣལ་འབྱོར་སྤྱོད་པ་དཔེ་དང་བྲལ། །བདག་པོ་ཟ་ཞིང་རང་བཞིན་མཛེས། །ཆགས་པའི་སྤྱོད་དེས་གང་བའི་སེམས་དེ་ཉིད། །ཆགས་དང་ཆགས་བྲལ་སྤངས་ནས་དབུ་མར་ཞུགས། །སེམས་ཉམས་པས་ན་རྣལ་འབྱོར་ངས་མ་མཐོང་། ། [75b.5]ཟ་ཞིང་འཐུང་ལ་བསམ་དུ་མེད་པར་གྱུར། །གྲོགས་མོ་འདི་ནི་སེམས་ལ་གང་སྣང་བ། །ཕྱི་རོལ་སེམས་ལ་མཚོན་མེད་བདག་གིས་འཛིན། །སྒྱུ་མའི་རྣལ་འབྱོར་པ་ནི་དཔེ་དང་བྲལ་བ་སྟེ། །ས་གསུམ་དུ་ཡང་དྲི་མེད་མི་གནས་མི་འབྱུང་སྟེ། །མེ་ནི་སྤྲ་བ་ཉིད་ལ་རྐྱེན་གྱིས་ [75b.6]འབར། །ཟླ་བ་ཆུ་འཛག་ནོར་བུ་རང་དབང་མེད། །ཐབས་ཀྱིས་རྒྱལ་སྲིད་ཀུན་ལ་དབང་བསྒྱུར་བ། །སེམས་ཉིད་དེ་ཉིད་གྲུབ་པའི་རྣལ་འབྱོར་མའོ། །ལྷན་ཅིག་སྐྱེས་པའི་སྡོམ་པར་ཤེས་པར་བྱ། །ཡི་གེ་འགྲོ་བ་མ་ལུས་པ། །ཡི་གེ་མེད་པ་གཅིག་ཀྱང་མེད། །ཇི་སྲིད་ [75b.7]ཡི་གེ་མེད་གྱུར་པ། །དེ་སྲིད་ཡི་གེ་རབ་ཏུ་ཤེས། །སྣག་ཚ་མཉེས་པས་ཀླག་ཏུ་མེད། །རིག་བྱེད་དོན་མེད་འདོན་པས་ཉམས། །དམ་པ་སེམས་དང་ཅིག་ཤོས་མི་ཤེས་ན། །གང་ནས་ཤར་ཅིང་གང་དུ་ནུབ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །བཅུ་བཞི་པ་ཡི་ [76a] [76a.1]ས་ལ་རྒྱུན་དུ་གནས། །ལུས་མེད་ལུས་ལ་སྦས་པ་སྟེ། །དེ་ཤེས་དེ་ཡིས་གྲོལ་པར་འགྱུར། །སྒྲུབ་ཡིག་བཞི་ལས་དང་པོ་བདག་གིས་སྟོན། །ཁུ་བ་འཐུངས་པས་ང་ནི་བརྗེད་པར་གྱུར། །གང་གིས་ཡི་གེ་གཅིག་ཤེས་པ། །དེ་ཡིས་མིང་ནི་མི་ཤེས་སོ། ། [76a.2]རྐྱེན་བྲལ་གསུམ་ནི་ཡི་གེ་གཅིག །ཟག་མེད་གསུམ་གྱི་དབུས་ན་ལྷ། །གང་ཞིག་གསུམ་པོ་ཟག་པ་ནི། །གདོལ་པ་རིག་བྱེད་དེ་བཞིན་ནོ། །མ་ལུས་རང་བཞིན་མི་ཤེས་པས། །ཀུན་དུ་རུ་ཡི་སྐབས་སུ་བདེ་ཆེན་སྒྲུབ་པ་ནི། །ཇི་ལྟར་སྒོམ་པས་སྨིག་རྒྱུའི་ཆུ་སྙེགས་ [76a.3]བཞིན། །སྐོམ་ནས་འཆི་ཡང་ནམ་མཁའི་ཆུ་རྙེད་དམ། །རྡོ་རྗེ་པདྨ་གཉིས་ཀྱི་བར་གནས་པ། །བདེ་བ་གང་གིས་རྣམ་པར་རོལ་པ་ཡིན། །ཅི་སྟེ་དེ་བདེན་ནུས་པ་མེད་པས་ན། །ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། །ཡང་ན་ཐབས་ཀྱི་བདེ་བ་སྐད་ཅིག་ [76a.4]མ། །ཡང་ན་དེ་ཉིད་གཉིས་སུ་འགྱུར་བ་སྟེ། །བླ་མའི་དྲིན་གྱིས་སླར་ཡང་ནི། །བརྒྱ་ལ་འགའ་ཡིས་ཤེས་པར་འགྱུར། །གྲོགས་དག་ཟབ་པ་དང་ནི་རྒྱ་ཆེ་བ། །གཞན་མེད་བདག་ཉིད་མ་ཡིན་ནོ། །ལྷན་ཅིག་སྐྱེས་དགའ་བཞི་པའི་དུས། །གཉུག་མ་ཉམས་སུ་ [76a.5]མྱོང་བར་ཤེས། །མུན་ནག་ཆེན་པོར་ཟླ་བ་ནོར་བུ་ནི། །ཇི་ལྟར་འཆར་བར་བྱེད་པ་བཞིན། །མཆོག་ཏུ་བདེ་ཆེན་སྐད་ཅིག་གཅིག་ལ་ནི། །བསམ་པའི་སྡིག་པ་མ་ལུས་ཕན་པར་བྱེད་པའོ། །སྡུག་བསྔལ་སྣང་བྱེད་ནུབ་པ་ན། །སྐར་མའི་བདག་པོ་ [76a.6]གཟའ་དང་མཉམ་དུ་ཤར། །འདི་ལྟར་གནས་པས་སྤྲུལ་པར་སྤྲུལ། །དེ་ནི་དཀྱིལ་འཁོར་འཁོར་ལོ་དམ་པའོ། །ཀྱེ་ཧོ་རྨོངས་པའི་སེམས་ཀྱིས་སེམས་ལ་བརྟགས་ན་ནི། །ལྟ་བ་ངན་པ་ཐམས་ཅད་ལས་ནི་རང་གྲོལ་འགྱུར། །མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ནི། །དེ་ [76a.7]ལ་གནས་ན་དངོས་གྲུབ་དམ་པའོ། །སེམས་ཀྱི་གླང་པོ་ཡན་དུ་ཆུག །དེ་ནི་བདག་ཉིད་དྲིས་ལ་གཅིག །ནམ་མཁའི་རི་བོ་ཆུ་འཐུང་དང་། །དེ་ཡི་འགྲམ་དུ་ཞོག་ཅིག་རང་དགའ་བར། །ཡུལ་གྱི་གླང་པོའི་དབང་པོ་ལག་པས་བླངས་ནས་སུ། །ཇི་ལྟར་གསོད་པར་རང་དབང་ [76b] [76b.1]སྣང་བར་འགྱུར། །རྣལ་འབྱོར་བ་ནི་གླང་པོ་སྐྱོང་བ་བཞིན། །དེ་ཉིད་ནས་ནི་ལྡོག་པར་འགྱུར་བ་ཡིན། །གང་ཞིག་འཁོར་བ་དེ་ནི་མྱ་ངན་འདས་པར་ངེས། །དབྱེ་བ་གཞན་དུ་སེམས་པ་མ་ཡིན་ཏེ། །རང་བཞིན་གཅིག་གིས་དབྱེ་བ་རྣམ་པར་སྤངས། །དྲི་མ་མེད་པ་ང་ཡིས་རབ་ཏུ་ [76b.2]རྟོགས། །ཡིད་ཀྱིས་དེ་ཉིད་དམིགས་དང་བཅས། །དམིགས་པ་སྟོང་པ་ཉིད་ཡིན་ལ། །གཉིས་ལ་སྐྱོན་ནི་ཡོད་པ་སྟེ། །རྣལ་འབྱོར་གང་གིས་སྒོམ་པ་མིན། །སྒོམ་པ་དམིགས་བཅས་དམིགས་མེད་དེ། །སྒོམ་དང་མི་སྒོམ་ཐ་སྙད་མེད། །བདེ་བའི་རྣམ་པའི་རང་བཞིན་ནོ། །རབ་ [76b.3]ཏུ་བླ་མེད་རང་འབྱུང་བ། །བླ་མའི་དུས་ཐབས་བསྟེན་པས་ཤེས། །ནགས་སུ་མ་འགྲོ་ཁྱིམ་དུ་མ་འདུག་པར། །གང་ཡང་དེ་རུ་ཡིད་ཀྱིས་ཡོངས་ཤེས་ནས། །མ་ལུས་རྒྱུན་དུ་བྱང་ཆུབ་རྟག་པར་གནས། །འཁོར་བ་གང་ཡིན་མྱ་ངན་འདས་པ་གང་། །ཡིད་ཀྱི་དྲི་མ་དག་ལ་ [76b.4]ལྷན་ཅིག་སྐྱེས་པ་སྟེ། །དེ་ཚེ་མི་མཐུན་ཕྱོགས་ཀྱིས་འཇུག་པ་མེད། །ཇི་ལྟར་རྒྱ་མཚོ་དང་བར་གྱུར་པ་ལ། །ཆུ་བུར་ཆུ་ཉིད་ཡིན་ཏེ་དེ་ཉིད་ཐིམ་པར་འགྱུར། །ནགས་དང་ཁྱིམ་ན་བྱང་ཆུབ་གནས་པ་མེད། །དེ་ལྟར་བྱེད་པ་ཡོངས་སུ་ཤེས་ནས་སུ། །དྲི་མ་མེད་པའི་སེམས་ཀྱི་ [76b.5]རང་བཞིན་གྱིས། །མ་ལུས་མི་རྟོག་པ་རུ་བརྟེན་པར་འོས། །དེ་ནི་བདག་ཡིན་གཞན་ཡང་དེ་བཞིན་ནོ། །གང་བསྒོམ་ཡོངས་སུ་བསྒོམ་པ་གང་། །དབྱེ་བ་དེ་ཉིད་འཆིང་དང་བྲལ་བར་བྱ། །འོན་ཀྱང་བདག་ཉིད་རྣམ་པར་གྲོལ་བའོ། །བདག་དང་གཞན་དུ་འཁྲུལ་པ་མ་བྱེད་དང་། ། [76b.6]མ་ལུས་རྒྱུན་དུ་གནས་པའི་སངས་རྒྱས་ཏེ། །སེམས་ནི་ངོ་བོ་ཉིད་ཀྱིས་དག་པ་ན། །དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ་། །གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ནི། །ཁམས་གསུམ་མ་ལུས་ཀུན་དུ་ཁྱབ་པར་སོང་། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །མིང་ནི་ [76b.7]མཆོག་ཏུ་གཞན་ལ་ཕན་པའོ། །སྟོང་པའི་སྡོང་པོ་དམ་པ་མེ་ཏོག་རྒྱས། །སྙིང་རྗེ་དམ་པ་སྣ་ཚོགས་དུ་མར་ལྡན། །ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུ་སྟེ། །བདེ་བ་འདི་ནི་གཞན་པའི་སེམས་མིན་ནོ། །སྟོང་པའི་སྡོང་པོ་དམ་པའི་སྙིང་རྗེ་མིན། །གང་ལ་སླར་ཡང་རྩ་བ་མེ་ཏོག་ [77a] [77a.1]ལོ་འདབ་མེད། །དེ་ལ་དམིགས་པར་བྱེད་པ་གང་ཡིན་པ། །དེར་ལྷུང་བས་ནི་ཡན་ལག་མེད་པར་འགྱུར། །ས་བོན་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །དེ་ཡང་དབྱེར་མེད་གང་སེམས་པ། །དེ་ནི་འཁོར་དང་མྱ་ངན་འདས་རྣམས་གྲོལ། ། [77a.2]གང་ཞིག་འདོད་པ་ཅན་གྱི་སྐྱེ་བོ་འོངས་པའི་ཚེ། །དེ་ནི་རེ་བ་མེད་ན་གལ་ཏེ་འགྲོ་བ་ནི། །ཕྱི་སྒོར་བོར་བའི་ཁམ་ཕོར་བླངས་ནས་སུ། །དེ་བས་ཁྱིམ་ཐབ་བོར་ནས་བསྡད་པ་རུང་། །གཞན་ལ་ཕན་པའི་དོན་ནི་མི་བྱེད་པ། །འདོད་པ་པོ་ལ་སྦྱིན་པ་མི་སྟེར་བ། །འདི་ནི་འཁོར་བའི་འབྲས་བུ་ [77a.3]གང་ཡིན་ལོ། །དེ་བས་བདག་ཉིད་བོར་བར་བྱས་ན་རུང་། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་ཆེན་པོའི་ཞལ་སྔ་ནས་མཛད་པ་དོ་ཧ་མཛོད་ཅེས་བྱ་བ་དེ་ཁོ་ན་ཉིད་རྣལ་དུ་མཚོན་པ་དོན་དམ་པའི་ཡི་གེ་རྫོགས་སོ། །{T2225}༄༅༅། །རྒྱ་གར་སྐད་དུ། ཙ་ [77a.4]ཏུརྨུ་དྲཱ་ནིཤྩཱ་ཡ། བོད་སྐད་དུ། ཕྱག་རྒྱ་བཞི་གཏན་ལ་དབབ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྣམ་དག་ཡེ་ཤེས་དེ་བདག་ཉིད། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས། །ཕྱག་རྒྱ་དགོད་པ་མདོར་བསྡུས་པ། །བདག་ཉིད་གོ་བྱའི་དོན་དུ་ [77a.5]བྲི། །འདི་ན་ཕྱག་རྒྱ་དགོད་པ་ལ་ཡིད་རྣམ་པར་འཁྲུལ་ཅིང་རྨོངས་པས་སྲིད་པའི་རྒྱ་མཚོར་སྡུག་བསྔལ་ཞིང་འཁྱམས་པ་དེ་དག་གིས་བདེ་བླག་ཏུ་ཕྱག་རྒྱ་བཞིའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྒྱུད་ཀྱི་རྗེས་སུ་འབྲངས་ནས། །བདེ་བ་ཆེན་པོའི་སྒྲུབ་པའི་ཐབས་རབ་ཏུ་བསྒྲུབ་པར་བྱའོ། ། [77a.6]ཕྱག་རྒྱ་བཞི་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱའོ། །དེ་ལ་ལས་ཀྱི་ཕྱག་རྒྱ་བརྟག་པར་བྱ་སྟེ། ལས་ཀྱི་ལུས་དང་། ངག་དང་ཡིད་ཀྱི་བསམ་པ་སྟེ་གཙོ་བོའོ། །ཕྱག་རྒྱ་ནི་བརྟགས་#པའི་རང་བཞིན་ནོ། །ལས་ཀྱི་ [77a.7]ཕྱག་རྒྱ་དེ་ལས་སྐད་ཅིག་མའི་དབྱེ་བས་ཕྱེ་བས་#དགའ་བ་དག་སྐྱེ་བར་འགྱུར་རོ། །སྐད་ཅིག་ཤེས་པའི་དེ་ཡི་#ཤེས། །ཨེ་ཝཾ་ལ་ནི་རབ་ཏུ་གནས། །དགའ་བ་བཞི་ནི་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་དང་། དགའ་བྲལ་ལོ། །གཞན་དུ་ན། [77b] [77b.1]མཆོག་དང་དགའ་བྲལ་དག་གི་དབུས། །མཚོན་བྱར་བརྟགས་པས་བསྟན་#པར་བྱ། །ཞེས་གསུངས་པ་དེ་འཐད་པར་མི་འགྱུར་རོ། །སྐད་ཅིག་མ་བཞི་ནི་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། མཚན་ཉིད་བྲལ་བ་དང་། རྣམ་པར་ཉེད་པའོ། །མཚན་ཉིད་དང་ [77b.2]བྲལ་བ་དབུས་སུ་བསྟན་པ་ནི་དབང་ལས་ཤེས་པར་བྱའོ། །དབང་བཙན་ཐབས་ཀྱི་སྦྱོར་བ་ནི་མཚན་ཉིད་དང་བྲལ་བ་དང་། ལྷན་ཅིག་སྐྱེས་པ་ཐ་མར་གནས་པར་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་#དབང་བཙན་ཐབས་ཀྱི་སྦྱོར་བས་བསྟན་ཏོ། །དེ་ཐམས་ཅད་ནི་ལྷན་ཅིག་སྐྱེས་པ་ [77b.3]སྟེ། ལྷན་ཅིག་སྐྱེས་པའི་གྲིབ་མའི་རྗེས་སུ་བྱེད་པ་ལ་#ལྷན་ཅིག་སྐྱེས་པ་ཞེས་བྱའོ། །ལྷན་ཅིག་སྐྱེས་པའི་གྲིབ་མ་ནི་ལྷན་ཅིག་སྐྱེས་པའི་རྒྱུ་མཐུན་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱེད་པས། ཤེས་རབ་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའོ། །དེའི་ཕྱིར་ངེས་པར་ཤེས་རབ་ཡེ་ཤེས་ [77b.4]ལས། །ལྷན་ཅིག་སྐྱེས་པ་འབྱུང་བ་མ་ཡིན་ཏེ། གང་གི་ཕྱིར་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་རང་བཞིན་ནི་ཆོས་ཐམས་ཅད་མ་བཅོས་པའི་རང་གི་མཚན་ཉིད་ཅེས་བྱ་བའི་བར་དུའོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྒྱུ་མཐུན་#འབྲས་བུ་ཐོབ་པར་བྱེད་དོ། །རྒྱུ་མཐུན་པ་ནི་རྒྱུ་དང་འདྲ་ [77b.5]བར་འབྱུང་བས་ན་རྒྱུ་མཐུན་པ་སྟེ། ཇི་ལྟར་མེ་ལོང་དང་བཞིན་ལ་བརྟེན་ནས་བྱད་བཞིན་གྱི་གཟུགས་བརྙན་འབྱུང་བ་ནི་གཞན་#ཉིད་མ་ཡིན་ཏེ། སྔོན་དུ་གྲུབ་པ་མ་ཡིན་ལ་ད་ལྟར་ཡང་གྲུབ་པ་མ་ཡིན་པའི་ཕྱིར་རོ། །དེ་ནི་ངེས་པར་གཞན་#གྱི་གཟུགས་བརྙན་རྒྱུ་མཐུན་ཙམ་མཐོང་བ་ལ་འོན་ [77b.6]ཀྱང་འཇིག་རྟེན་པ་རྣམས་རང་#བཞིན་མཐོང་ཞེས་འཁྲུལ་པས་དགའ་བར་འགྱུར་རོ། །དེ་བཞིན་སློབ་དཔོན་བློ་གྲོས་དམན་པ་རྣམས་ཀྱང་། ཤེས་རབ་ཡེ་ཤེས་བསྒྲུབས་ན་ལྷན་ཅིག་སྐྱེས་པའི་རང་བཞིན་ཉམས་སུ་མྱོང་ཞེས་བརྗོད་ཅིང་དགའ་བ་སྐྱེ་བར་འགྱུར་རོ། །དེ་ལ་ [77b.7]དགའ་ཞིང་མགུ་བས་ནི་ཆོས་ཀྱི་ཕྱག་རྒྱའི་གཏམ་ཡང་མི་ཤེས་སོ། །ཆོས་ཀྱི་ཕྱག་རྒྱ་མ་ཤེས་པས་ལས་ཀྱི་ཕྱག་རྒྱ་བཅོས་མ་འབའ་ཞིག་ལས་ལྷན་ཅིག་སྐྱེས་པའི་རང་བཞིན་བཅོས་མ་མ་ཡིན་པ་ཇི་ལྟར་འགྱུར་#ཞིང་སྐྱེ་བར་འགྱུར། རིགས་མཐུན་པའི་རྒྱུ་ལས་རིགས་མཐུན་ [78a] [78a.1]པའི་འབྲས་བུ་སྐྱེ་བར་འགྱུར་གྱི། །རིགས་མི་མཐུན་པ་ལས་ནི་མ་ཡིན་ནོ། །ཇི་ལྟར་སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་སྐྱེ་བར་འགྱུར་གྱི། དྲུག་ཅུ་པ་ལས་མ་ཡིན་ནོ། །དེ་བཞིན་དུ་མ་བཅོས་པའི་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་ལས་མ་བཅོས་པའི་ལྷན་ཅིག་སྐྱེས་པ་འབྱུང་ [78a.2]ངོ་། །དེའི་ཕྱིར་ཆོས་ཀྱི་ཕྱག་རྒྱའི་རྒྱུ་ཉིད་ལ་དབྱེར་མེད་པར་སྤྱོད་པས་ཕྱག་རྒྱ་ཆེན་པོའི་རྒྱུར་འགྱུར་རོ། །དེ་ལྟར་ན་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨེ་ཡི་ཆ་བྱད་བཟང་པོ་ལ། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་#ནི་གནས། །སངས་རྒྱས་ [78a.3]རིན་ཆེན་ཟ་མ་ཏོག །ཅེས་པ་ནི་སངས་རྒྱས་ཀྱི་གྲིབ་མའི་རྗེས་སུ་བྱེད་པའི་ཕྱིར་རོ། །ཟ་མ་ཏོག་ནི་གནས་སམ་གཞིའོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་ཡན་ལག་ཅན་ལས་དགའ་བ་ཡིད་དུ་འོང་བ་ནི་རིན་ཆེན་འབྱུང་གནས་དང་མཚོ་སྐྱེས་ཀྱིས་ཏེ། དེ་ནི་རྡོ་རྗེ་དང་པདྨ་བསྲུབ་#ཅིང་བསྲུབས་ [78a.4]པའི་ཡང་དག་པའི་སྦྱོར་བས། ཀུན་རྫོབ་བྱང་#སེམས་ཨ་བ་དྷཱུ་ཏཱི་#ནས་ཇི་སྲིད་ནོར་བུའི་ནང་དུ་སོང་བ་དེ་ནི་དེའི་སྐད་ཅིག་མ་ཞེས་བྱ་བ་#སྟེ། དེ་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་ཡེ་ཤེས། སྐད་ཅིག་ཙམ་སྐྱེ་བར་འགྱུར་གྱི། དེ་ལྷན་ཅིག་སྐྱེས་པ་ནི་མ་ཡིན་ཏེ། རྒྱུ་མི་མཐུན་པའོ། །དེའི་རང་ [78a.5]བཞིན་ཤེས་རབ་ཡེ་ཤེས་ཀྱི་དགའ་བ་གསུམ་དང་། སྐད་ཅིག་མ་བཞི་དང་ལྡན་པའོ། །དབང་བཙན་ཐབས་ཀྱི་སྦྱོར་བ་ལས་ནི་ལས་ཀྱི་ཕྱག་རྒྱའི་རྒྱུ་མཐུན་པའི་འབྲས་བུར་གསུངས་སོ། །ལས་ཀྱི་ཕྱག་རྒྱའི་དབང་ངེས་པར་བསྟན་པ་སྟེ་དང་པའོ།། །།ཨོཾ་ཆོས་ཀྱི་ཕྱག་རྒྱ་ནི་ [78a.6]ཆོས་ཀྱི་#དབྱིངས་ཀྱི་རང་བཞིན་ཏེ། སྤྲོས་པ་དང་བྲལ་བ་རྣམ་པར་མི་རྟོག་པ་མ་བཅོས་པ། སྐྱེ་བ་དང་བྲལ་བ། སྙིང་རྗེའི་རང་བཞིན་མཆོག་ཏུ་དགའ་བས་གཅིག་ཏུ་མཛེས་པའི་ཐབས་སུ་འགྱུར་བ། རྒྱུན་གྱིས་#རྟག་པ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་#ཤེས་རབ་དང་ལྷན་ཅིག་སྐྱེས་#པ་ [78a.7]ལས་འབྱུང་བ། དབྱེར་མེད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཕྱག་རྒྱར་རིག་པར་བྱའོ། །གཞན་ཡང་དེའི་མཚན་ཉིད་ནི་དཔེར་ན་མུན་པས་ཀུན་དུ་འཁྲུགས་པ་ལ། ཉི་མའི་འོད་ཟེར་དང་འདྲ་བར་བླ་མའི་མན་ངག་ཉིད་ཀྱིས་#མི་ཤེས་པའི་མུན་པས་ཀུན་ནས་འཁྲུགས་པའི་འཁྲུལ་པ་རྩྭ་#རྡུལ་ཙམ་ [78b] [78b.1]གྱི་ཟུག་རྔུ་རྣམ་པར་སྤངས་ནས་རྟོགས་པའོ། །ས་དང་ཆུ་དང་མེ་དང་རླུང་སྟེ་ཁམས་བཞིའི་ནུས་པས་བཅིངས་པའི་འཇིག་རྟེན་གསུམ་པོ་མ་ལུས་པ་གཅིག་གི་རང་བཞིན་དབའ་རླབས་མེད་པའི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་#ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ [78b.2]པ། མཛེས་མ་ཤེས་རབ་རང་བཞིན་ལ། །རོ་མ་ཐབས་ཀྱིས་#ཡང་དག་གནས། །སྡིག་སྤངས་མ་ནི་དབུས་ཉིད་དུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ལྟར་རབ་ཏུ་འབད་པས་ཀྱང་། །དེ་བཞིན་ཉིད་ཀྱི་རྣམ་པ་ཉེ་བའི་རྒྱུར་གྱུར་པ་དེ་ནི་ལམ་དུ་ཤེས་པར་བྱའོ། །ལམ་དུ་ [78b.3]ཤེས་པས་གུས་པས་རྒྱུན་མི་འཆད་པ་ནི་ལམ་མོ། །འགོག་པ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་མངོན་དུ་བྱེད་པར་གྱུར་པའོ། །དེ་བཞིན་དུ་གསུངས་པ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་# [78b.4]རྣམ་པར་གྲོལ། མཛེས་མ་རོ་མ་དག་གི་དབུས་སུ་གནས་པ་ནི་སྡིག་སྤངས་མའོ། །དེ་ཉིད་ལ་ལྷག་པར་མོས་པས་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་དོན་གོ་འཕང་#མ་ལུས་པར་སེམས་རྩེ་གཅིག་པ་དང་། བླ་མ་དམ་པའི་མན་ངག་གིས་རྟོགས་པར་འགྱུར་རོ། །ཆོས་ཀྱི་ [78b.5]ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་#དབྱེར་མེད་པའི་རྒྱུར་གྱུར་པའོ། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་སྨིན་པའི་འབྲས་བུར་ངེས་པར་བསྟན་པ་སྟེ་གཉིས་པའོ།། །།ཨཱཿཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཕྱག་རྒྱ་ཆེན་པོ་སྟེ། རང་བཞིན་མེད་པ་ཉིད་ [78b.6]ཤེས་བྱ་#ལ་སོགས་པའི་སྒྲིབ་པ་སྤངས་པ། སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ལྟར་དྲི་མ་མེད་པ། ཕུན་སུམ་ཚོགས་པ་མཐའ་དག་གི་གཞིར་གྱུར་པ། འཁོར་བ་དང་མྱ་ངན་གྱི་མཐའ་ལས་འདས་པ་གཅིག་པའི་རང་བཞིན། དམིགས་པ་མེད་པ་སྙིང་རྗེའི་ལུས་བདེ་བ་ [78b.7]ཆེན་པོའི་རང་བཞིན་ནོ། །དེ་བཞིན་དུ་ཡིད་ལ་བྱེད་པ་མེད་པའི་ཆོས་དགེ་བའོ། །ཡིད་ལ་བྱེད་པའི་ཆོས་མི་དགེ་བའི་ཞེས་གསུངས་པ་དང་། ཀུན་དུ་རྟོགས་པས་#མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མིན། །དམིགས་པ་མེད་ལ་ཕྱག་འཚལ་ [79a] [79a.1]འདུད། ཅེས་བྱ་བ་གང་ཡིན་པ་དེ་ཕྱག་རྒྱ་ཆེན་པོ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལས། དམ་ཚིག་གི་ཕྱག་རྒྱ་མཆོག་གི་འབྲས་བུ་སྐྱེ་བར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་དྲི་མ་མེད་པའི་འབྲས་བུ་ངེས་པར་ [79a.2]བསྟན་པ་སྟེ་གསུམ་པའོ།། །།#ཧཱུཾ་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རྣམ་པའི་རང་བཞིན་དང་པོའི་ངོ་བོ་ཉིད་སེམས་ཅན་གྱི་དོན་གྱི་ཕྱིར་རྡོ་རྗེ་འཛིན་པ་ཧེ་རུ་ཀའི་རྣམ་པར་སྤྲོས་པ། དེ་ནི་དམ་ཚིག་གི་ཕྱག་རྒྱར་འདོད་དོ། །དམ་ཚིག་གི་ཕྱག་ [79a.3]རྒྱ་བླངས་ཏེ་ཞེས་བྱ་བ་ནི་འཁོར་ལོའི་རྣམ་པ་ཡེ་ཤེས་ལྔའི་ཆོ་ག་ཡོངས་སུ་བརྟག་པ་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་རྣམས་དང་། སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་ [79a.4]རྒྱལ་མཆོག་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་གྱིས་དམ་ཚིག་གི་ཕྱག་རྒྱའི་འཁོར་ལོ་བསྒོམ་པའི་སློབ་དཔོན་དེས་ནི་བསོད་ནམས་བྱས་པར་འགྱུར་རོ། །དེས་ཀྱང་ཆོས་ཀྱི་ཕྱག་རྒྱའི་འབྲས་བུ་ཐོབ་པར་མི་འགྱུར་ཏེ། ངེས་པའི་དོན་གྱི་རྒྱུ་ལས་ངེས་པའི་འབྲས་བུ་ [79a.5]དེ་ཉིད་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་བརྟན་པ་དང་གཡོ་བའི་དངོས་པོ་གང་བྱིས་པས་ཀུན་དུ་བརྟགས་པ་དེ་དག་ལྷན་ཅིག་སྐྱེས་པའི་རོས་ཕུག་ན་དེ་བྱང་ཆུབ་ཀྱི་གསེར་དུ་འགྱུར་རོ། །འདིས་#ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་ཡང་དག་པར་བསྒོམས་པར་འགྱུར་ཏེ། [79a.6]དེ་སྐད་དུ། #སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་དེ་#སྦྱིན་སྲེག་མེད། །དཀྱིལ་འཁོར་མེད་དེ་དཀྱིལ་འཁོར་པ་ཡང་ཡོད་མ་ཡིན། །དེ་ནི་སྔགས་བཟླས་དེ་ནི་དཀའ་ཐུབ་སྦྱིན་སྲེག་དེའོ། །དེ་ནི་དཀྱིལ་འཁོར་ཡིན་ཏེ་དཀྱིལ་འཁོར་པ་ཡང་དེའོ། །མདོར་བསྡུས་ན་ནི་སེམས་སུ་འདུས་ [79a.7]པའི་ཚུལ་ཅན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའོ#། །མདོར་བསྡུས་པ་ནི་ཆོས་ཐམས་ཅད་གཅིག་གི་#རྣམ་པ་སྟེ་གང་ཞེ་ན་བདེ་བ་ཆེན་པོའི་རང་བཞིན་ནོ། །སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །འདུས་པའི་ཚུལ་ནི་ཆོས་ཀྱི་ཕྱག་རྒྱ་དང་། །ཕྱག་རྒྱ་ཆེན་པོའི་དབང་ [79b] [79b.1]གིས་ནི#། །ཡེ་ཤེས་གང་ཡིན་པ་དེ་ཉིད་འདུས་པའི་ཚུལ་མངོན་པར་བརྗོད་དོ། །#དམ་ཚིག་གི་ཕྱག་རྒྱ་སྐྱེས་བུ་བྱེད་པའི་འབྲས་བུ་#ངེས་པར་བསྟན་པ་སྟེ་བཞི་པའོ། །#ཕྱག་རྒྱ་བཞི་གཏན་ལ་དབབ་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགས་སོ།། །།བླ་མ་དྷི་#རི་ཤྲཱི་ཛྙཱ་ [79b.2]ནའི་ཞབས་དང་། བོད་ཀྱི་ལོ་ཙཱ་#བ་རྨ་བན་ཆོས་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །{T2226}༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་ཛྙཱ་ན་པྲ་ཀཱ་སཾ། བོད་སྐད་དུ། ཤེས་རབ་ཡེ་ཤེས་གསལ་བ། བླ་མ་དམ་པ་ལ་ཕྱག་འཚལ་ལོ། ། [79b.3]གང་ཞིག་ཉི་མའི་འོད་ཟེར་ཤར་བས་པདྨ་ཟུམ་པའི་ནགས་རྣམས་འབྱེད་པར་བྱེད་པ་བཞིན། །ཐམས་ཅད་མཁྱེན་པའི་བདེ་བ་མ་ལུས་འཛིན་པའི་མཛེས་པའི་གོ་འཕང་སྐད་ཅིག་ཉིད་ཙམ་གྱིས། །སྐྱེ་བ་ཉིད་མཚམས་སྦྱོར་བའི་འཆིང་བ་གཅོད་ཅིང་འགྲོ་བའི་ལོང་ཏོག་སྐྱོན་རྣམས་སེལ་བར་ [79b.4]བྱེད་པ་གང་། །རྒྱལ་བའི་བཀའ་ལུང་དགེ་བའི་བཤེས་གཉེན་ལས་འོངས་དེ་ཡིས་རྒྱལ་བའི་འགྲོ་བ་རྟག་ཏུ་ཞི་བར་ཤོག །འཇམ་པའི་རྡོ་རྗེ་ལ་སོགས་རྒྱལ་བའི་སྲས་རྣམས་ཀྱིས། །ཤེས་རབ་ཕུན་ཚོགས་རྟོགས་པའི་ལམ་ནི་སུ་ལ་ཡོད། །སོ་སོ་སྐྱེ་བོ་དམན་པ་བདག་འདྲའི་བློ་གྲོས་ [79b.5]ལ། །ཇི་སྲིད་དྲན་པར་བརྗོད་པ་འདི་ལ་བཟོད་པར་འོས། །སྟོན་པ་དཔལ་ལྡན་རི་ཁྲོད་དབང་ཕྱུག་ཉི་མ་འཆར་ཀའི་རི་ལས་རྙེད་དེ་འོངས་པའི་ལམ། །འདི་ནི་གསལ་བྱེད་རྒྱལ་བ་ཅན་གྱིས་བདག་ལ་མངོན་སུམ་ཉིད་དུ་བསྟན། །དེ་ནི་དྲི་མ་མེད་པའི་ཡིད་ཀྱིས་འདི་རུ་བཤད་ཀྱིས་སྐྱེ་ [79b.6]བོ་དད་པར་བྱོས། །འདིར་ནི་གང་ཡང་ལུང་དང་རིགས་པས་མི་འཐད་པ་དེ་མཁས་པ་རྣམས་ཀྱིས་སྤང་བར་གྱིས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་དག་ཡོད་མེད་བརྟག་པས་སྟོང་། །ཤེས་རབ་ཡེ་ཤེས་ཉིད་དེ་བཞིན། །དེས་ན་ཤེས་རབ་ཡེ་ཤེས་བཤད། ། [79b.7]འདི་ནི་བཅོམ་ལྡན་འདས་ཕུལ་དུ་བྱུང་བ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་ཉིད་བླ་ན་མེད་པ་ཞེས་བྱ་བ། གཞན་གྱི་མིང་ཅན་རང་བཞིན་མེད་པ་ཡིན་ཡང་། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ནུས་པས་འབད་པ་མེད་པར་ [80a] [80a.1]ཟུང་དུ་འཇུག་པ། སེམས་ཅན་ཐམས་ཅད་ལ་གཅིག་ཏུ་ཕན་པའི་སྐུ་ལེགས་པར་འཛིན་པས་བདེ་བ་ཆེན་པོའི་འབྱོར་པ་ཟབ་པ་དང་རྒྱ་ཆེན་པོ་བསྟན་ཡང་། སྲིད་པ་འཁྲུལ་པས་འཁྱམས་པའི་སེམས་ཅན་མཐའ་ཡས་པ་ལ་ཕན་འདོགས་པའི་བསམ་པས། སེམས་ [80a.2]ཅན་མང་པོ་སྒྲོལ་བའི་ཐབས་སྣ་ཚོགས་དང་ལྡན་པ་རྣམ་པ་སྣ་ཚོགས་པའི་བཀས་ཉན་ཐོས་དང་རང་སངས་རྒྱས་དང་། ཐེག་པ་ཆེན་པོ་མཚུངས་པར་མཛད་པས། ཤིན་ཏུ་དང་བས་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་བསྙེན་བཀུར་བྱེད་པའི་ཚངས་པར་སྤྱོད་པ་ཅན་ [80a.3]བློ་ཤིན་ཏུ་དག་པའི་ཤེས་རབ་ཅན། མདོ་སྡེ་དང་། ཆོས་མངོན་པ་དང་། འདུལ་བ་དང་། སྐྱེས་པའི་རབས་རྟོགས་པ་ལེགས་པར་བཅོས་པའི་བློ་གྲོས་ཅན། སྦྱངས་ཤིང་དུལ་བས་མི་དགེ་བའི་ལས་སྤངས་པ། དགེ་བའི་ལས་ལ་གནས་ཤིང་སྙིང་རྗེ་འཇུག་པའི་ཡིད་ཅན། [80a.4]འཁོར་བ་ལ་ཞེན་པ་ལ་རྒྱབ་ཀྱིས་ཕྱོགས་པའི་སློབ་པའི་ཕྱིར། །དགེ་བའི་བཤེས་གཉེན་དམ་པ་ལ་བརྟེན་པའི་རང་བཞིན་གྱིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ནས་ཆུ་དང་དབུ་རྒྱན་ལ་སོགས་པ་སྔོན་ [80a.5]དུ་འགྲོ་བས། མཆོག་ཏུ་གྱུར་པའི་ཤེས་རབ་ཡེ་ཤེས་སྟོན་པར་མཛད་དོ། །འོ་ན་ཅིའི་ཕྱིར་འདི་སྟོན་ཏེ། འདོད་ཆགས་ལ་སོགས་པ་འཁོར་བར་ཡུན་རིང་དུ་ངན་འགྲོར་འཁྱམ་པའི་རྒྱུ་ཡིན་ལ། དེ་ཡང་སེམས་ཅན་རྣམས་ཡུན་རིང་དུ་ཞེན་ནས་ཡ་ང་བར་སྐྱེ་བ་རྨོངས་པར་ [80a.6]གྱུར་ནས་ཆགས་ཏེ་སྡང་བར་བྱེད་པའི་སྡིག་པ་མི་དགེ་བའི་ལས་བྱེད་པར་གྱུར་ནས། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་ལ་སོགས་པར་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་ཞིང་། འདོད་ཆགས་ལ་སོགས་པ་ལ་སྦྱོར་བ་དེ་ལྟ་བུ་དུག་འཛིན་པ་དག་ལ་འོ་མ་བླུད་པ་བཞིན་ [80a.7]དུ་དུག་འཕེལ་བར་མཐོང་བ་མ་ཡིན་ནམ་ཞེ་ན། འདི་ནི་བདེན་ཏེ་དགེ་བའི་བཤེས་གཉེན་དང་བྲལ་བ་རྣམས་འདོད་ཆགས་ལ་སོགས་པ་དེ་དག་ཆགས་པ་དང་བཅས་ནས་གཅིག་ཏུ་སྡུག་བསྔལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་སོགས་པ་མང་པོ་ [80b] [80b.1]བསྟན་པ་ཡིན་ནོ། །གཞན་ཡང་ཤིན་ཏུ་འདོད་ཆགས་དང་བྲལ་བ་རྣམས་འདོད་ཆགས་ལ་སྔངས་པས་དེ་ཤིན་ཏུ་སྡུག་བསྔལ་བར་བྱེད་དེ། དེ་དག་གི་དོན་དུ་འདོད་ཆགས་པར་མ་སྟོན་ནོ། །དེ་ཡང་། གང་གིས་འདོད་ཆགས་དང་ཆགས་པ། །སླར་ཡང་ཐེ་ཚོམ་ཟ་བར་འགྱུར། །དེ་ [80b.2]དག་འདོད་ཆགས་སྤངས་པའི་ཕྱིར། །འདོད་ཆགས་བྲལ་ཡང་རེག་མི་བྱ། །ཞེས་གསུངས་པ་དང་། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དོ། །དེ་ཕྱིར་འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཞེས་བཅོམ་ལྡན་འདས་ཀྱིས་ [80b.3]གསུངས་སོ། །གང་ལ་འདོད་ཆགས་བྲལ་བ་མ་ཡིན་པ་དེ་དག་ལ་འདོད་ཆགས་ཆེན་པོ་བསྟན་ཏེ། དེ་སྐད་དུ་ཡང་། འདོད་ཆགས་དགའ་ཞིག་སྤྱོད་དེ་ཡུལ། །འདོད་ཆགས་བྲལ་བས་དགའ་སྤངས་ཏེ། །དྲི་མེད་བློ་ཡིས་རྣལ་འབྱོར་པས། །མི་ལེན་སྤང་བར་རུ་མི་བྱེད། །ཅེས་ [80b.4]གསུངས་སོ། །དཔལ་མདའ་བསྣུན་གྱི་ཞལ་སྔ་ནས་ཀྱང་། ཁ་ཅིག་ཡུལ་རྣམས་འདོར་བྱེད་ཅིང་། །ཁ་ཅིག་ཡུལ་གྱིས་འཆིང་བར་བྱེད། །ལ་ལ་ཡུལ་དེ་ཉིད་ཀྱིས་ནི། །མི་མཆོག་བྱང་ཆུབ་ཐོབ་པར་བྱེད། །ཅེས་གསུངས་སོ། །དེ་བས་ན་འདོད་ཆགས་ཅན་གྱི་སེམས་ཅན་ [80b.5]རྣམས་འདོད་ཆགས་བྲལ་བ་ལ་འཛུད། འདོད་ཆགས་བྲལ་བ་རྣམས་འདོད་ཆགས་བར་མ་ལའོ། །འདོད་ཆགས་བར་མ་རྣམས་འདོད་ཆགས་ཆེན་པོ་ལ་དགོད་དོ། །དེ་བས་ན་སེམས་ཅན་མཆོག་ཏུ་གྱུར་པའི་དབང་དུ་མཛད་ནས། བླ་ན་མེད་པ་ཤིན་ཏུ་ཟབ་མོའི་ཤེས་རབ་ཡེ་ཤེས་ [80b.6]འདི་བསྟན་ཏོ། །འདིར་ཡང་བཅོམ་ལྡན་འདས་ཀྱིས། དུག་གི་དུམ་བུ་གང་ཞིག་གིས། །སྐྱེ་བོ་ཐམས་ཅད་འཆིང་འགྱུར་བ། །དུག་གི་དེ་ཉིད་ཤེས་གྱུར་ན། །དུག་གིས་དེ་ཉིད་སེལ་བར་བྱེད། །ཅེས་གསུངས་སོ། །གཞན་ནས་ཀྱང་འདོད་ཆགས་ནི་བྱང་ཆུབ་ཀྱི་ཡན་ [80b.7]ལག་གོ། །ཞེ་སྡང་ནི་བྱང་ཆུབ་ཀྱི་ཡན་ལག་གོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ཡེ་ཤེས་གྲུབ་པ་ལས་ཀྱང་། དཔེར་ན་བཅུད་ཀྱིས་ཕུག་པའི་ཟངས། །མཛེས་པའི་གསེར་དུ་འགྱུར་བ་བཞིན། །ཡེ་ཤེས་བཅུད་ཀྱིས་ཕུག་པས་ན། །ཉོན་མོངས་དགེ་བར་བྱེད་པ་ཡིན། ། [81a] [81a.1]ཞེས་གསུངས་སོ། །དེས་ན་ཕུང་པོ་ལྔ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ལ། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། [81a.2]མི་བསྐྱོད་པ་རྣམ་པར་དག་པའོ། །སྐྱེ་མཆེད་བཅུ་གཉིས་ནི། དབང་པོ་དྲུག་དང་། ཡུལ་དྲུག་གོ། །ཁམས་བཅོ་བརྒྱད་ནི། མིག་གི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་ཡང་ཤེས་པར་ [81a.3]བྱའོ། །འབྱུང་བ་ཆེན་པོ་བཞི་ནི། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཏེ་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམས་སོ། །ཡོད་པ་དང་མེད་པའི་རྟོགས་པས་སྟོང་པའི་ཕྱིར། མཐའ་བཞི་དང་བྲལ་བ་སྟེ། མ་སྐྱེས་པ་དང་། མི་ [81a.4]འཛིན་པ་དང་། རང་བཞིན་མེད་པ་ཤེས་པ་ལ་ཤེས་རབ་ཅེས་བརྗོད་དོ། །དེ་ཡང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་ [81a.5]གསུངས་པ་དང་། དེ་ཁོ་ན་ཉིད་ལ་འཇུག་པ་ལས་ཀྱང་། གང་ཞིག་སྤྲོས་བཅས་ཀུན་གྱི་ཡུལ་མིན་པས། །དེ་ནི་ངག་གི་ཡུལ་ཡང་མ་ཡིན་ནོ། །རྡོ་རྗེ་འཛིན་པས་རིགས་པ་དེ་ཉིད་ལ། །ཤེས་རབ་ཅེས་བྱར་ཡོངས་སུ་བསྒྲགས་པ་ཡིན། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ [81a.6]རྟེན་ཅིང་འབྲེལ་པར་འབྱུང་བའི་སེམས་སྣ་ཚོགས་པ་བདེ་བ་ཆེན་པོ་རང་རིག་པ་ཙམ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཞེས་བྱ་བ་མིང་གཞན་པ་ཅན་གྱི་ཡེ་ཤེས་ཡིན་ནོ། །ཤེས་རབ་ཀྱང་དེ་ཡིན་ལ། ཡེ་ཤེས་ཀྱང་དེ་ཡིན་པས་ཚིག་བསྡུས་པའོ། །བླ་མ་དམ་པའི་ཞལ་སྔ་ནས་ཀྱང་། [81a.7]མཁས་པ་ཀུན་རྟོག་སྤངས་ནས་ནི། །རྣམ་ཀུན་བདེ་བའི་དེ་ཉིད་མིན། །སྟོང་ཉིད་བདེ་བའི་དེ་ཉིད་མིན། །བསམ་མི་ཁྱབ་མིན་བདེ་བ་མིན། །ཞེས་གསུངས་པ་དང་། རྣམ་པ་མངོན་སུམ་བྱང་ཆུབ་སྟེ། །བསམ་པ་མེད་པའི་བློ་ཆེན་པོ། །གཞན་ཡིན་ན་ནི་ལོང་བར་འགྱུར། །གཞན་མ་ཡིན་ན་བེམས་པོར་འགྱུར། ། [81b] [81b.1]ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་། །འབྱུང་བ་ཆེ་ལས་བྱུང་བདེ་བ། །བདེ་བ་དེ་ཉིད་ཁོ་ན་མིན། །ཞེས་གསུངས་པ་དང་། གཞན་ཡང་། བདེ་བ་དཀར་པོ་བདེ་བར་གནས། །ཀུན་དུ་རུ་སྐྱེས་བདེ་བ་དྲན། །བདེ་བ་དངོས་པོ་དངོས་མེད་པའོ། །ཞེས་བྱ་བ་ལ་ [81b.2]སོགས་པ་རྒྱས་པར་གསུངས་སོ། །དེ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་དང་། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལམ་གྱི་ཡན་ལག་མའི་གཟུགས་ཀྱིས་ཐམས་ཅད་དུ་གནས་པ་ཡིན་ནོ། །དེ་སྐད་དུ་ཡང་། ཀུན་དུ་ཐར་པ་འདོད་ [81b.3]པ་ཡིས། །དོན་དམ་དག་ལ་གང་གནས་པ། །ཀུན་རྫོབ་ཀྱི་ནི་ལུས་འཛིན་པའི། །ཤེས་རབ་ཕ་རོལ་ཕྱིན་པའོ། །ཞེས་གསུངས་པ་དང་། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཀུན་གྱི་གནས་ཡིན་ཏེ། །སངས་རྒྱས་དཀོན་མཆོག་ [81b.4]ཟམ་ཏོག །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། འདི་ནི་ཡང་དག་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པའི་ཐབས་དམ་པ་དང་པོར་བྱ་བ་ཡིན་པས་དོགས་པ་མེད་པའི་ཡིད་ཀྱིས་འགྲོ་བ་ཐམས་ཅད་འདོན་པའི་བསམ་པས་སྙིང་རྗེ་ཆེན་པོའི་རོས་ཆགས་པ་བདེ་བ་ཡང་དག་པའི་ [81b.5]དབང་བསྐུར་ཞིང་རྗེས་སུ་གནས་པ་དང་། ཇི་སྐད་གསུངས་པའི་ཤེས་རབ་དམ་ཚིག་ཅན་མན་ངག་ཇི་ལྟ་བ་བཞིན་བརྟན་པར་བྱའོ། །དེ་སྐད་དུ་ཡང་། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་བ་གསུམ་ནི་དག་པར་ཉིད། །དེ་ཕྱིར་ཡིད་ཀྱིས་བྲལ་བ་རུ། །ཁྱོད་ཀྱིས་ནམ་ [81b.6]ཡང་མི་བྱའོ། །ཞེས་གསུངས་པ་དང་། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་གསུངས་སོ། །འོ་ན་འདི་ཇི་ལྟར་འཐད་པར་འགྱུར་ཏེ། །ལས་ཀྱི་ཕྱག་རྒྱ་ཁྲོ་རྒྱུ་ [81b.7]ཅན། །སྡིག་ལྡན་གཡོན་མ་འཇིགས་རུང་མ། །ཐག་རིང་ཡོངས་སུ་སྤང་བར་བྱ། །གཞན་ཡང་ཨ་ར་ལི་ལས་ཀྱང་། །མི་ཡི་བུད་མེད་འཇིགས་ཚུལ་ཅན། །དེ་ཡི་ཡེ་ཤེས་འཇིག་པར་ངེས། །ཞེས་གསུངས་པ་དང་། ཡེ་ཤེས་གྲུབ་པ་ལས་ཀྱང་། དབང་གཉིས་ [82a] [82a.1]བྱུང་བའི་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ། །དེ་ཡང་བདེ་བ་ཆེན་པོ་རུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། ལས་ཀྱི་ཕྱག་རྒྱ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་མ་ཡིན་པས་སྤང་བར་བྱ་བའི་ཕྱིར་རོ་ཞེ་ན། [82a.2]བདེན་ཏེ་ལས་ཀྱི་ཕྱག་རྒྱ་བཅོས་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ལས་ནི་བྱ་བ་སྟེ་ལུས་དང་ངག་དང་སེམས་ཀྱི་བསམ་པའི་མཚན་ཉིད་ཅན་ཏེ། དེས་མཚོན་པའི་ཕྱག་རྒྱ་བརྟག་པའི་ཕྱིར་ངོ་བོ་ཉིད་ལ་ལས་ཀྱི་ཕྱག་རྒྱ་ཞེས་བརྗོད་དེ། ཆོས་ཀྱི་ཕྱག་རྒྱ་ནི་བཅོས་པ་མ་ཡིན་པའི་ཕྱིར། མཚན་ [82a.3]ཉིད་ཐ་མི་དད་པས་ཐ་དད་པ་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་རང་བཞིན་མེད་པར་རྟོགས་པའི་མཚན་ཉིད་ཅན་ཏེ་དེ་ནི་མ་བཅོས་པའོ། །དེ་ནི་བཅོས་མའི་ཤེས་རབ་ཡེ་ཤེས་ཙམ་གྱིས་ཆུ་རྒྱུན་བཞིན་དུ་རྒྱུན་མི་འཆད་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་དུ་བླ་ན་མེད་པའི་དེ་ [82a.4]བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་འཇིག་པ་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེ་བ་མ་ཡིན་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། རྒྱུ་མཐུན་པའི་འབྲས་བུར་བསྟན་ཏོ། །ལྷན་ཅིག་སྐྱེས་པ་བསྟན་པ་ཡང་ལྷན་ཅིག་སྐྱེས་པའི་གྲིབ་མའི་རྗེས་སུ་བྱེད་པའི་ཕྱིར་རོ། ། [82a.5]དེ་ཡང་ཁོ་བོའི་བླ་མའི་ཞལ་སྔ་ནས་ཀྱང་། ཕྱག་རྒྱ་ཆེན་པོ་མི་ཤེས་པར། །ལས་ཀྱི་ཕྱག་རྒྱ་གཅིག་སྒྲུབ་པ། །དེ་ཉིད་བརྒྱུད་པ་ལས་ཉམས་ནས། །རྣལ་འབྱོར་པ་དེ་དུ་འབོད་འགྲོ། །ཞེས་གསུངས་སོ། །འོ་ན་ཇི་ལྟར། ཐབས་གཞན་གྱིས་ནི་འཚང་མི་རྒྱ། །ཞེས་ལས་ཀྱི་ཕྱག་ [82a.6]རྒྱ་འདི་ཉིད་ལས་གདོན་མི་ཟ་བར་སངས་རྒྱས་དཀོན་མཆོག་གི་ཟ་མ་ཏོག་ཏུ་བསྟན་ཞེ་ན། དེ་ནི་མི་འཐད་པ་མ་ཡིན་ཏེ། ཆགས་པ་ཆེན་པོ་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་བདེ་བ་མཐའ་ཡས་པའི་རང་བཞིན་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཆགས་པ་ཆེན་པོ་སྟེ། སྟོང་པ་དང་སྙིང་རྗེ་གཉིས་ཟུང་ [82a.7]དུ་འཇུག་པའི་ངོ་བོ་ཉིད་འདོད་ཆགས་ཉིད་ལ་འདོད་ཆགས་ཉིད་གསལ་བ་རབ་ཀྱི་མཐར་ཐུག་པ་ཉིད་ལ་བདེ་ཞིང་ཆགས་པ་སྟེ། དེ་ཡང་ལས་ཀྱི་ཕྱག་རྒྱ་མ་གཏོགས་པར་ཉམས་སུ་མི་མྱོང་བས་མངོན་སུམ་བསྟན་པར་མི་ནུས་ལ། ཆེན་པོ་རབ་ཀྱི་མཐར་ཕྱིན་པ་ཡང་གོམས་པ་དང་། བླ་མ་ [82b] [82b.1]དམ་པའི་མན་ངག་གིས་ཐོབ་པར་འགྱུར་བའི་ཕྱིར། དང་པོ་ལས་ཀྱི་ཕྱག་རྒྱ་བསྟན་པ་ལ་འགལ་བ་མེད་དོ། །བླ་མ་དམ་པའི་མན་ངག་འདི་ཡང་། ལས་ཀྱི་ཕྱག་རྒྱ་ལེགས་བསྒྲུབས་ནས། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ། །དེའི་སྟེང་ཕྱག་རྒྱ་ཆེན་པོ་སྟེ། །གང་ལས་དམ་ཚིག་འབྱུང་ [82b.2]བའོ། །ཞེས་གསུངས་སོ། །དགའ་བ་ཙམ་པ་དེ་ལ་རྒྱུ་མཐུན་པའི་འབྲས་བུ་དང་། དེ་ལྟར་སློབ་དཔོན་གྱིས་ཕྱག་རྒྱ་བཞིར་གང་ཞིག་གསུངས་པ་དང་། རྣམ་པར་སྨིན་པ་དང་དྲི་མ་མེད་པའི་འབྲས་བུ་དང་། དེ་ནས་རིམ་གྱིས་སྐྱེས་བུ་བྱེད་པར་འགྱུར་རོ། །བླ་མ་དམ་པས་ཀྱང་། [82b.3]ལས་ཀྱི་ཕྱག་རྒྱ་རྣམས་སྣ་ཚོགས། །རྣམ་སྨིན་ལས་བྱུང་ཆོས་ཕྱག་རྒྱ། །མཚན་ཉིད་བྲལ་བ་ཕྱག་རྒྱ་ཆེ། །རྣམ་ཉིད་དམ་ཚིག་ཕྱག་རྒྱ་ཡིན། །ཞེས་བྱ་བ་གསུངས་སོ། །དེ་ལ་ཕྱག་རྒྱ་ཆེན་པོ་མ་གཏོགས་པའི་ཕྱག་རྒྱ་རེ་རེ་ལ་དགའ་བ་བཞི་བཞི་འབྱུང་བའི་ཕྱིར། ལས་ [82b.4]ཀྱི་ཕྱག་རྒྱ་ཡན་ལག་མ་དང་དགའ་བ་བཞི་དང་། སྐད་ཅིག་མ་བཞིའི་གྲངས་གཞན་མན་ངག་གིས་རྟོགས་པར་བྱའོ། །སྣ་ཚོགས་པས་ནི་མགྲིན་སྣ་ཚོགས། །ནོར་བུའི་ནང་དུ་བདེ་སྨིན་པ། །བླ་མར་དེ་ཉིད་ཤེས་པར་བྱའོ། །དགའ་བྲལ་རྣམ་པ་ཉེད་པའོ། །ཞེས་ [82b.5]གསུངས་པ་དང་། གསུང་རབ་ལས་ཀྱང་། འཁྱུད་དང་འོ་བྱེད་ལ་སོགས་པ། །རྣམ་པ་སྣ་ཚོགས་དུ་མ་བརྗོད། །རྣམ་སྨིན་དེ་ལས་བཟློག་པ་སྟེ། །བདེ་བའི་ཡེ་ཤེས་སྤྱོད་པའོ། །བདག་ནི་བདེ་བ་སྤྱོད་དོ་ཞེས། །རྣམ་པར་ཉེད་པ་སྤྱོད་ [82b.6]པར་བཤད། །ཅེས་གསུངས་སོ། །དེ་ལྟ་བས་ན་མཆོག་དགའ་དང་དགའ་བྲལ་གྱི་དབུས་ན་གནས་པ། བཙན་ཐབས་པའི་དབང་དང་ལོག་པའི་དབང་སྤངས་པ། འདོད་ཆགས་དང་འདོད་ཆགས་བྲལ་བས་དབེན་པའི་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པའི་ལྷན་ཅིག་སྐྱེས་པ་དེ་བླ་མ་ [82b.7]དམ་པའི་ཞལ་ནས་ཉམས་སུ་མྱོང་བ་བས་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བུ་ལས་གཞན་དུ་སུ་ཞིག་གིས་རྟོགས་པར་ནུས་ཏེ། འདི་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་ནི་གྲུབ་པར་བྱའོ། །དེ་ཡང་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །དེ་བཞིན་དུ་ཚོར་བ་དང་ [83a] [83a.1]ཞེས་བྱ་བ་ལ་སོགས་པའི་ལུང་དང་། །གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་ཡིས་རང་བཞིན་སྐྱེ་བ་མེད། །གང་ཞིག་ངོ་བོ་མ་སྐྱེས་པ། །དེ་ལ་སྐྱེས་ཞེས་ཇི་ལྟར་བྱ། །ཞེས་བྱ་བ་ལ་སོགས་པ་དང་། ཚད་མའི་ཚིག་གསུངས་པ་ནི། གང་དང་གང་ཅི་འབྱུང་བའི་ཤེས་ [83a.2]པ་དེ་ནི་རང་བཞིན་མེད་པའོ། །དེ་ལྟ་བས་ན་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་གྱི། ལས་ཀྱི་ཕྱག་རྒྱ་འབའ་ཞིག་ནི་མ་ཡིན་ནོ། །དེ་ནི་དེ་བཞིན་གཤེགས་པའི་དག་པ་སྔོན་དུ་འགྲོ་བ་ཤེས་རབ་ཀྱི་ཡན་ལག་མའི་ཡེ་ཤེས་བསྟན་པས་ཆོ་ག་ཚིག་ཏུ་མ་སྤྲོས་པས་ཅི་དགོས། དེ་ [83a.3]ནས་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་རྣམས་ཀྱི་གྲུབ་མཐའ་ནི་འདི་ཡིན་ཏེ། གང་དག་བསྐལ་པ་གྲངས་མེད་པས་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །སྔགས་ཀྱི་ཚུལ་གྱིས་ནི་ཚེ་འདི་ལ་སངས་རྒྱས་སམ་རྡོ་རྗེ་སེམས་དཔར་འགྱུར་རོ་ཞེས་རྟོགས་པ་རྣམས་ཡན་ལག་བདུན་དང་ལྡན་ [83a.4]པའི་བསྒྲུབ་བྱར་འདོད་དེ། ལོངས་སྤྱོད་རྫོགས་ལ་ཁ་སྦྱོར་བདེ་ཆེན་རང་བཞིན་མེད་པ་དང་། །སྙིང་རྗེ་དེས་གང་རྒྱུན་མི་འཆད་དང་འགོག་པ་མེད་པ་སྟེ། །ཡན་ལག་བདུན་དང་ལྡན་པ་འདི་ནི་བདག་གིས་བསྒྲུབ་བྱར་འདོད། །ཚད་མར་བློ་སྦྱོངས་པ་ཡིས་འདི་དག་རབ་ཏུ་བསྔགས་པ་ [83a.5]ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་ལས་ཀྱི་ཕྱག་རྒྱ་ཡན་ལག་མེད་པར་ཉམས་སུ་མྱོང་བར་ཤེས་པར་ནུས་པ་མ་ཡིན་ནོ་ཞེ་ན། འདི་ཡང་མཛེས་པ་མ་ཡིན་ཏེ། ཕྱི་རོལ་གྱི་ཕྱག་རྒྱ་ནི་རྒྱུ་མཐུན་པའི་འབྲས་བུར་བརྗོད་ཀྱི། དེ་ནི་དེ་ཁོ་ན་ཉིད་མ་ཡིན་ནོ། །ཡན་ལག་བདུན་ [83a.6]དང་ལྡན་པ་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ལ་འཐད་པར་འགྱུར་ཏེ། འདི་ལྟར་ལོངས་སྤྱོད་རྫོགས་པ་སྟེ་ཉམས་སུ་མྱོང་བ་རྟེན་ཅིང་འབྲེལ་བར་འབྱང་བ་ལས་རྣམ་པ་ཐམས་ཅད་དུ་སྣང་བ་ཡིན་ནོ། །ཁ་སྦྱོར་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་ཡང་དག་པར་སྦྱོར་ [83a.7]བའི་ཕྱིར་རོ། །བདེ་བ་ཆེན་པོ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །རང་བཞིན་མེད་པ་ནི་སྐྱེ་བ་མེད་པའོ། །སྙིང་རྗེས་ངེས་པ་གང་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྒྱུན་མི་འཆད་པ་ནི་རྒྱུན་གྱི་རྟག་པ་ཡིན་པའི་ཕྱིར་རོ། ། [83b] [83b.1]འགག་པ་མེད་པ་ནི་ཆད་པ་མེད་པའི་ཕྱིར་རོ། །ལས་ཀྱི་ཡན་ལག་མའི་ཡེ་ཤེས་ལ་ནི་ཁྱད་པར་ཅན་དུ་གྱུར་པ་དེ་དག་ཡོད་པ་མ་ཡིན་ནོ། །གང་ཡང་ཚེ་འདི་ཉིད་ཀྱིས་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་ཉིད་དུ་འགྱུར་རོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་བུས་པའི་ཚིག་བཞིན་དུ་སྣང་ [83b.2]བར་འགྱུར་ཏེ། འདི་ལྟར་བསྙེམས་པས་ཁོ་བོ་ནི་རྡོ་རྗེ་སེམས་དཔའོ་ཞེས་སྨྲས་པ་འདི་རང་ཉིད་ཀྱིས་རང་ལ་སེམས་དང་ལྡན་པ་རྣམས་ཅི་སྟེ་སྨོད་པར་བྱེད། དཔེར་ན་ཤིན་ཏུ་བླུན་པོ་དག་ཁོ་བོ་ནི་རྒྱལ་པོའོ་ཞེས་སྨྲ་བ་བཞིན། རྒྱལ་པོ་མ་ཡིན་པ་གཅིག་པུར་མ་ཟད་ཀྱི་རླུང་ཅན་དུ་ [83b.3]ཡང་སྨྲས་པ་མ་ཡིན་ནམ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་སྔགས་ལ་ཁྱད་པར་མ་མཐོང་ངོ་། །འདི་སྐད་དུ་བརྗོད་པ་དེ་ཡང་མ་ཡིན་ཏེ། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མོང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ [83b.4]ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་པ་དེ་ཡང་། ཆོས་རྣམས་ཐམས་ཅད་ཉིད་ཀྱི་ནི། །དག་པ་དེ་བཞིན་ཉིད་དུ་འདོད། །ཅེས་སྔགས་ཀྱི་ཐེག་པ་ལས་གསུངས་པའི་ཕྱིར། གཉིས་ཀས་དེ་བཞིན་སྒྲུབ་པར་བྱེད་པས་དོན་གཅིག་པ་ནི་བདེན་པ་ཁོ་ན་ [83b.5]སྟེ་མ་རྨོངས་པའི་གཏན་ཚིགས་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མཚུངས་པའི་ཕྱིར་ཁྱད་པར་ཅི་ཡོད། །འདིར་རྨོངས་པའི་སྐྱེས་བུའི་སྐྱོན་ཡིན་ནམ། འོན་ཏེ་ཐེག་པ་འདིའི་སྐྱོན་ཡིན། དེ་ལ་རེ་ཞིག་རང་བཞིན་མེད་པར་བྱེད་པའི་མཚན་ཉིད་ཅན་གྱིས་ཐེག་པ་ལ་ནི་རྨོངས་པ་ཡོད་ [83b.6]པ་མ་ཡིན་ཏེ་གཉིས་ཀ་ལ་ཐལ་བར་མཚུངས་པའི་ཕྱིར་རོ། །སྐྱེས་བུ་དོན་ལ་མོས་པའི་རྨོངས་པ་ཡིན་ནོ་ཞེ་ན། དེ་ལྟར་འདྲ་མོད་ཀྱི་སྔགས་ཀྱི་ཐེག་པ་ལ་ཡང་སྐྱེས་བུའི་རྨོངས་པ་སྣང་བ་ཡིན་ནོ། །ཐབས་མང་བ་ཉིད་ཀྱང་འཁོར་གསུམ་མི་དམིགས་པའི་སྦྱིན་པའི་ཕ་རོལ་ [83b.7]ཏུ་ཕྱིན་པ་ལ་སོགས་པའི་ཐབས་དང་། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པ་སྟེ། མཚན་ཉིད་གསུམ་བསྒོམ་པས་ཀྱང་དེ་བཞིན་ཉིད་མཐོང་བར་འགྱུར་བའི་ཕྱིར་རོ། །དགའ་བ་ལ་སོགས་པའི་ཐབས་ཁྱད་པར་ཁོ་ན་ཡོད་པས་ན་ཆགས་པ་ལ་ [84a] [84a.1]འཇུག་པ་ཙམ་གྱིས་ནི་རིགས་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པས་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ [84a.2]རོ་ཞེས་གསུངས་པའི་ཕྱིར་རོ། །དཀའ་བ་མེད་པ་ཡང་གཉི་ག་ལ་མཚུངས་ཏེ། འདི་ལྟར་ཡང་གང་དག་སྔོན་པོ་དང་སེར་པོ་ལ་སོགས་པའི་དངོས་པོ་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་རྟོགས་པའི་ཕྱིར། །དེ་དག་ལ་དཀའ་བ་ཞེས་བྱ་བ་ཅི་ཞིག་ཡོད། དབང་པོ་རྣོན་བོས་དབང་ [84a.3]བྱས་པ་ཡང་མཚུངས་པ་ཉིད་དོ། །གང་གི་ཕྱིར་ཆོས་ཐམས་ཅད་རྐྱེན་ལས་སྐྱེས་པ་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་མི་འགག་པའི་ཕྱིར་རོ། །དབང་པོ་རྣོན་པོ་ཉིད་ཀྱིས་མོས་པ་བྱེད་ཀྱི། དམན་པ་དག་གིས་ནི་མ་ཡིན་ནོ། །གཞན་ཡང་རང་རང་གི་ངོ་བོ་ཉིད་ལས་རྣམ་པར་དཔྱད་ན་ [84a.4]ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་ཁོ་ན་ངེས་པའི་དོན་ཡིན་པའི་ཕྱིར་ལྷག་པར་འགྱུར་བ་སྟེ། དྲང་བའི་དོན་ནི་གཞན་དག་ཡིན་ནོ། །དཔེར་ན་གཙུབ་སྟན་དང་། གཙུབ་ཤིང་ལ་སོགས་པ་ལས་མེ་བྱུང་བའམ། པི་ཝང་ལས་སྒྲ་བྱུང་བ་བཞིན་དུ་གཟུགས་རྣམ་པར་སྣང་མཛད་ [84a.5]དེ། དེ་ཡང་མི་བསྐྱོད་པའི་མིང་ཅན་གྱི་རྣམ་པར་ཤེས་པས་རྒྱས་བཏབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྤྲོས་པ་ཙམ་སྟེ། ཡང་དག་པར་སྣ་ཚོགས་ཉམས་སུ་མྱོང་བ་ཙམ་གཟོད་མ་ནས་འོད་གསལ་བསྒྲུབ་པར་བྱའོ། །འདི་ཧ་ཅང་སྤྲོས་པ་ལ་དགའ་བས་བསྡུས་པས་ཆོག་གི། ། [84a.6]བཀྲུས་པ་ཉིད་བཀྲུ་དགོས་པའི་ལས་ཀྱི་ཕྱག་རྒྱ་ཉིད་དགོས་པ་མེད་པར་འགྱུར་ཏེ། དེ་ཡང་། མགོན་པོས་འདིར་ནི་བརྗོད་མེད་དམ། །རྒྱབ་ཅེས་བྱ་བ་སུ་ཡིས་བསྟན། །དབུ་གཙུག་གཡས་སུ་འཁྱིལ་པ་ཡང་། །ལག་པ་བཀྱིགས་པས་སྟོན་བྱེད་དམ། །ཞེས་གསུངས་པ་ལྟ་བུའོ། ། [84a.7]གཞན་ཡང་གང་ལས་ཀྱི་ཕྱག་རྒྱའི་བདེ་བ་འདོད་པ་དེ་དག་ནི་ཉི་ཚེ་བའི་རྣམ་པར་དག་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་ཅན་གྱི་ཤེས་རབ་ཀྱིས་སྦྱང་བར་བྱའོ། །དེ་དངོས་སུ་དངོས་པོ་ཐམས་ཅད་རྣམ་པར་དག་པ་ཉིད་ཅིའི་ཕྱིར་གོམས་པར་མི་བྱེད། འོན་ཏེ་འདོད་ཆགས་ [84b] [84b.1]ཆེན་པོའི་ཐེག་པ་འདིར། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་ཟག་པ་མེད་པའི་བདེ་བའི་རྣམ་པ་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་ཏེ། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །བདེ་བ་ཆེན་པོ་རབ་སྒྲུབ་ཕྱིར། །སངས་རྒྱས་བྱང་ཆུབ་གོ་འཕང་མཆོག །བླ་མེད་འདི་ནི་འགྲུབ་ [84b.2]པར་འགྱུར། །ཞེས་གསུངས་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་ཤིན་ཏུ་འཇིགས་པའི་ཚུལ་གྱིས་འདོད་པ་ལྔ་ལ་ལོངས་སྤྱད་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །འཇིགས་ཤིང་སྐྲག་པའི་བདེ་བས་བྱང་ཆུབ་འཐོབ་པར་བྱེད་པ་མ་ཡིན་ནོ་ཞེ་ན་དེ་ཡང་མཛེས་པ་མ་ཡིན་ཏེ། སེམས་ [84b.3]ཅན་ནི་དམན་པ་དང་། འབྲིང་དང་རབ་ཀྱི་དབྱེ་བ་རྣམ་པ་གསུམ་ཡིན་ནོ། །དེ་ལ་དམན་པ་དང་འབྲིང་ལ་འདི་དག་བསྟན་པ་ཡིན་གྱི། རབ་དམིགས་པ་མེད་པ་ལ་སྤྱོད་པ་རྣམས་ཀྱིས་ནི་འཕགས་པ་ཆོས་འཕགས་བཞིན་བག་ཚ་བ་མེད་པར་བུད་མེད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དང་ལྷན་ཅིག་ [84b.4]ཏུ་འདོད་པའི་ལོངས་སྤྱོད་ལྔ་རྣམས་ལ་རོལ་པས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་སྤངས་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་དབྱིངས་ལ་ཡང་དག་པར་བྱུང་བར་བསྟན་ལ། དེ་ཡང་། འདོད་ཆགས་དང་བྲལ་བར་འགྱུར་བ་མ་ཡིན་ [84b.5]ཞིང་། །བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་ནི། མ་རིག་པས་ཡིད་བསླད་བ་རྣམས་འདི་ལྟར་མངོན་པར་ཞེན་པ། དེ་ལྟར་ཡང་སྐད་ཅིག་གམ་ཐང་ཅིག་གིས་བྱ་བ་མྱུར་དུ་ཉམས་པར་འགྱུར་ཏེ། གསལ་བར་བྱེད་པའི་ཟླ་བས་བདེ་བ་བྱེད་པ་དེ་དག་ཀྱང་སྐར་མདས་ཀྱང་གདུང་བར་བྱེད་པ་ [84b.6]བཞིན་དུ་ཁོ་བོ་ཅག་ནི་བྲེད་པ་ཡང་མེད་ལ་དགའ་བ་ཡང་མེད་དེ། དེ་བས་གཉིས་ཀ་ཉམས་པར་འགྱུར་བས་གྲང་བ་ཡང་མེད་ཅིང་དྲོ་བ་ཡང་མེད་དོ། །དོན་དམ་པ་ཀུན་དུ་རྟོག་པ་མེད་པའི་ཕྱིར་རོ། །འོ་ན་བསྒྲུབ་བྱའི་རང་བཞིན་གང་ཡིན་ཞེ་ན། དབང་པོ་གཉིས་ཀྱི་སྦྱོར་བ་ནི། [84b.7]འདོད་ཆགས་ཅན་འདུལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ནི་ཐེག་པ་ཉིད་ཀྱི་དོན་དུ་གཟུང་བར་བྱའོ། །ལས་ཀྱི་ཕྱག་རྒྱ་དང་བྲལ་ན། །ཕྱག་རྒྱ་ཆེན་པོ་ཡོད་མ་ཡིན། །རང་གི་ཚིག་ལ་ཉམས་དགའ་བ། །རྟོག་ལྡན་གུས་པར་མི་འོས་ཏེ། །ལས་ཀྱི་ [85a] [85a.1]ཕྱག་རྒྱ་ལ་སོགས་ཀྱང་། །མེད་ན་ཕྱག་རྒྱ་ཆེན་པོ་མིན། །ཞེས་གསུངས་སོ། །དེ་བས་ན་ལས་ཀྱི་ཕྱག་ལ་སོགས་པའི་སྒོམ་པ་ཡང་གཟོད་མ་ནས་དག་པ་ཉིད་དེ་རྒྱུ་དང་འབྲས་བུའི་བྱེ་བྲག་དེ་སེམས་ཅན་འཇུག་པའི་ཕྱིར་བརྗོད་ཀྱི། ཕྱག་རྒྱ་ཆེན་པོའི་བྱེ་བྲག་གིས། ། [85a.2]ལས་ཀྱི་ཕྱག་རྒྱ་ལ་སོགས་གནས། །ཕྱག་རྒྱ་ཆེན་པོ་མ་གཏོགས་པར། །ནམ་ཡང་ལས་ལ་སོགས་པ་མེད། །དེ་ཁོ་ན་ཉིད་ལ་འཇུག་པ་ལས་ཀྱང་། ལས་ཀྱི་ཕྱག་རྒྱ་སོགས་བསྒོམ་པ། །ཕྱི་མ་ཕྱི་མ་མཆོག་ཡིན་ཏེ། །དེ་ཕྱིར་སྔ་མ་སྤང་བར་བྱ། །བླ་མ་དམ་པ་འདི་ལྟར་ [85a.3]གནས། །ཞེས་བསྟན་པ་དང་། དེ་ཁོ་ན་དམ་པ་ཞེས་བཤད་དོ། །ཆད་པ་མ་ཡིན་ནམ་ཞེ་ན། །དེ་དག་ནི་རིག་པ་མ་ཡིན་ཏེ། རྐྱེན་ལས་སྐྱེས་པ་རྟེན་འབྲེལ་ཉིད་ནི་སྐྱེ་བ་མེད་པ་སྟེ། དེ་ཡང་། གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་ཉིད་རང་བཞིན་མེད་པར་འདོད། །དེ་ལྟ་བུ་ [85a.4]ནི་དམ་ཆོས་ཏེ། །དེ་བཞིན་གཤེགས་པ་དེ་དང་མཚུངས། །ཞེས་གསུངས་པ་དང་། གཞན་ཡང་གང་ཞིག་རྟེན་ཅིང་འབྲེལ་པ་མཐོང་བ་དེ་ནི་ཆོས་མཐོང་བ་སྟེ། གང་གི་ཆོས་མཐོང་བ་དེ་བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་མཐོང་བར་འགྱུར་རོ་ཞེས་གསུངས་པ་དང་། ཚངས་པ་ཁྱད་ [85a.5]པར་སེམས་ཀྱིས་ཞུས་པ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། གང་གིས་རྟེན་ཅིང་འབྱུང་བ་ཤེས། །དེས་ནི་ཆོས་ཉིད་འདི་རྟོགས་ལ། །གང་གིས་ཆོས་ཉིད་ཤེས་པ་ནི། །དེ་ཡིས་སྟོང་ཉིད་དེ་རྟོགས་སོ། །གང་གིས་སྟོང་པར་ཤེས་གྱུར་པ། །དེ་དག་འདྲེན་པར་མཐོང་བ་ཡིན། །ཞེས་ [85a.6]གསུངས་སོ། །རྟེན་ཅིང་འབྲེལ་པ་དེ་ཡང་ཉམས་སུ་མྱོང་བ་སྟེ། །མཐའ་ཡས་བདེ་བའི་རང་བཞིན་གྱི། །བདེ་བ་ཆེན་པོའི་བདག་ཉིད་དོ། །དེ་ཡང་ཡན་ལག་མེད་པའི་རྡོ་རྗེའི་ཞལ་སྔ་ནས་ཀྱང་། མཐའ་ཡས་བདེ་བའི་ངོ་བོའི་ཕྱིར། །དཔལ་ལྡན་བདེ་མཆོག་ཅེས་ [85a.7]བྱའོ། །ཞེས་གསུངས་སོ། །སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་མ་ལུས་པ་རྣམ་པ་སྣ་ཚོགས་པ་ནི། རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་བཞིན་སྣང་བ་ཡིན་གྱི་རྟག་པ་ནི་མ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད། ། [85b] [85b.1]དྲི་ཟའི་གྲོང་ཁྱེར་བཞིན་དུ་གསལ། །སྣ་ཚོགས་རང་བཞིན་གྱིས་མི་གནས། །ནམ་མཁའི་མེ་ཏོག་ལྟ་བུའང་མིན། །ཞེས་གསུངས་སོ། །དེ་ལྟ་བས་ན་ལྷུན་གྱིས་གྲུབ་པ་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་རྒྱུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྣ་ཚོགས་པ་ནི། བདེ་བ་ཆེན་པོ་ཉམས་ [85b.2]སུ་མྱོང་བ་སྟེ། གཟོད་མ་ཉིད་ནས་རང་བཞིན་མེད་པ་ཉིད་དུ་བསྒྲུབ་པར་བྱའོ། །དེ་ཉིད་ཀྱི་ཕྱིར། གང་ཡང་རྟེན་ཅིང་འབྲེལ་འབྱུང་བ། །སྣ་ཚོགས་སེམས་ནི་གཉིས་སུ་མེད། །ཐ་དད་སྟོང་ལ་སེམས་སྣ་ཚོགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཉིད། །ཅེས་གསུངས་སོ། །དེ་ལ་གང་ [85b.3]ཞིག་གིས་སྟོང་པ་ཉིད་འབའ་ཞིག་གམ། ཆད་པའི་རང་བཞིན་ནམ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་སྟོང་བ་ཐ་མི་དད་པའམ། རྣམ་པ་མེད་པའམ། རྣམ་བཅས་སམ། བཏང་སྙོམས་ཀྱི་རྣམ་པ་ཅན་གྱིས་སྒོམ་པར་བྱེད་བ་དེ་དག་གིས་ནི་ནམ་ཡང་བདེ་བ་ཆེན་པོའི་ངོ་བོ་ཉིད་གྲུབ་པ་མ་ [85b.4]ཡིན་ཏེ། དབང་པོ་གཉིས་སྙོམས་པར་འཇུག་པ་མེད་པར་བདེ་བའི་རྣམ་པ་ཅན་ཉིད་མི་རྟོགས་པའི་ཕྱིར་རོ། །དེ་མེད་པར་ནི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཅན་གྱི་ལོངས་སྤྱོད་པའི་སྐུ་འགྲུབ་པར་མི་འགྱུར་བ་ཉིད་དེ། །འདི་ལྟར་གང་རྒྱ་མཚོའི་ཆུ་རླབས་བཞིན་དུ་ཕུང་པོ་དང་། ཁམས་དང་སྐྱེ་ [85b.5]མཆེད་ཀྱི་བྱེ་བྲག་ཐབས་དང་ཤེས་རབ་བསྒོམ་པ་རྟོག་པ་མེད་པའི་བདག་ཉིད་ཆེན་པོའི་བདེ་བའི་ཡེ་ཤེས་རྟོགས་པས་དེ་བསྒོམ་པར་བྱ་སྟེ། སྒོམ་པ་རབ་ཀྱི་མཐར་ཕྱིན་ན་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པའི་བདེ་བ་ཆེན་པོར་འགྱུར་གྱི། གཉེན་པོ་བསྒོམས་པས་ནི་མ་ཡིན་ནོ། ། [85b.6]དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཡེ་ཤེས་བསྒོམས་པས་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་གྱི། རྟོག་པ་ཐམས་ཅད་སྤངས་པས་བདེ་བ་ཅུང་ཟད་ཙམ་ཡང་ཉམས་སུ་མྱོང་བ་མ་ཡིན་ནོ། །དེ་བས་ན་རྒྱུ་དང་མཐུན་པའི་འབྲས་བུ་ [85b.7]མཐོང་བའི་ཕྱིར་རོ། །གཞན་ཡང་བདེ་བའི་ངོ་བོ་ཉིད་ཡིན་དུ་ཆུག་ན་ཡང་། རྣམ་པར་མི་རྟོག་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་བག་ཚ་བས་གཉེན་པོ་དང་། དེ་ཁོ་ན་ཉིད་དང་འབྲས་བུའི་རྒྱུ་མཚན་རྟོགས་པ་ཇི་ལྟར་འགྲུབ་པར་འགྱུར། དེ་ཡང་། གཉེན་པོའི་ཕྱོགས་ལ་མི་གནས་ཤིང་། ། [86a] [86a.1]དེ་ཉིད་ལ་ཡང་མ་ཞེན་གང་། །འབྲས་བུ་ལ་ནི་སྲིད་མིན་པར། །ཕྱག་རྒྱ་ཆེན་པོ་དེ་ཡིས་མཐོང་། །ཞེས་གསུངས་པས། དེ་ནི་གདོན་མི་ཟ་བར་ཡིད་བརྟན་པའམ། གཡོ་བར་འགྱུར་ཡང་འདོད་པའི་ཡོན་ཏན་ལྔ་ལ་དོགས་པ་མེད་པར་བརྟེན་པར་བྱ་སྟེ། དེ་ནས་ཉོན་ [86a.2]མོངས་པ་ཡང་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པའོ་སྙམ་དུ་སེམས་པས། ཉོན་མོངས་པའི་འཆིང་བའི་འཇིགས་པ་མེད་དོ། །འདི་ལྟར། བྱང་ཆུབ་ཉོན་མོངས་ལས་གཞན་མིན། །ཉོན་མོངས་བྱང་ཆུབ་ལས་མི་འབྱུང་། །འཁྲུལ་པས་ཉོན་མོངས་རྟོགས་པ་སྟེ། ། [86a.3]འཁྲུལ་པས་ངོ་བོ་དྲི་མ་མེད། །ཅེས་གསུངས་པ་དང་། དེ་ལྟ་བུ་ལ་ནི་ཉོན་མོངས་པའི་གླགས་སྐབས་མེད་དེ། རྣལ་འབྱོར་གྱི་ཀུན་རྫོབ་ཀྱིས་སོ་སོའི་སྐྱེ་བོའི་ཀུན་རྫོབ་ལ་གནོད་པའི་ཕྱིར་རོ། །དགེ་བ་ནི་རྟག་ཏུ་གོམས་པས་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་བསྐྱེད་པ་ཉིད་ [86a.4]ཀྱིས་ཡིད་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་ལ་འཇུག་པར་བྱེད་པས་ན་ཉམས་པར་མི་འགྱུར་རོ། །གཞན་ཡང་རང་བཞིན་མེད་པ་ལ་མོས་ཀྱང་། གལ་ཏེ་འཇིགས་ཤིང་བག་ཚ་བ་འབྱུང་ན་ཡང་། དེའི་ཚེ་ཇི་བཞིན་པའི་དོན་རྟོགས་པར་མི་བྱ་སྟེ། དེ་ཡང་། [86a.5]ཉན་ཐོས་རྣལ་འབྱོར་སྐོམ་པས་གདུངས། །རྐྱེན་རྟོག་ལུས་ལ་ཟོན་དང་ལྡན། །ཐེག་པ་ཆེན་པོ་འཇིགས་ཤིང་སྐྲག །ཉོན་མོངས་ལྔ་དག་སྔགས་ཀྱི་ཚུལ། །ཞེས་གསུངས་སོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་དེ་ལྟ་དེ་ལྟར་བརྗོད་ན་ཡང་། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ [86a.6]མེད་པར་དེ་ལྟ་བུར་གྱུར་པ་རྟོག་པ་དང་བྲལ་བ། ཡན་ལག་བདུན་དང་ལྡན་པའི་སངས་རྒྱས་མངོན་སུམ་དུ་བྱེད་པ་མ་ཡིན་ནོ། །གཞན་ཡང་ཨེ་མའོ་སྐྱེ་བོ་འདི་དག་ནི་ཕྱིན་ཅི་ལོག་གིས་བཅོམ་པས་རང་གི་བདག་ཉིད་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱི་ལྷའི་རང་བཞིན་མ་རྟོགས་པ་དང་། [86a.7]རབ་རིབ་ཅན་བཞིན་མངོན་པའི་ང་རྒྱལ་ཅན་དང་། ཇི་བཞིན་པའི་ལྷའི་ང་རྒྱལ་ཅན་ཤིང་ཐུན་རྣམས་དང་བརྩད་པར་མི་རིགས་ཀྱི་སྙིང་རྗེ་བར་འོས་སོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི། སེམས་ཅན་གཏི་མུག་ཆེན་པོའི་རབ་རིབ་ཀྱིས་བཅོམ་པ་རྣམས་ལ་རྣམ་པར་གཟིགས་ནས་ [86b] [86b.1]སྙིང་རྗེ་ཆེན་པོའི་ཐུགས་སྐྱེས་ཏེ། །སྟོང་པ་སྣ་ཚོགས་གཟུགས་འདི་ནི། །སེམས་ཅན་དོན་ནི་བྱེད་པའོ། །རང་གི་ལུས་ནི་ལྷ་རྣམས་ཡིན། །འདི་ལྟ་བུ་ནི་ཅིས་མི་འདོད། །འགྲོ་རྣམས་རྒྱལ་བའི་བདག་ཉིད་མ་ཡིན་ནམ། །རང་ཉིད་ངོ་བོ་ཉིད་ཀྱིས་དྲི་མ་མེད་པ་སྟེ། །འོན་ཀྱང་ཤིན་ཏུ་བྱིས་པའི་ [86b.2]ཚུལ་ཅན་ཏེ། །འདིར་སེང་གེ་ཕྲུ་གུ་དོགས་པ་ཆུང་བས་རང་གི་མཐུ་སྟོབས་མི་ཤེས་ན་ཡང་། གཞན་ཕ་རོལ་གཞོམ་པའི་ནུས་པ་ཡོད་པ་བཞིན། སྐྱེ་བོ་ཞལ་གཅིག་ལ་ལག་པ་གཉིས་དང་ལྡན་པ་ལ་སོགས་པའི་ཚུལ་གྱི། སོ་སོའི་སྐྱེ་བོ་ཐང་ཆད་པ་མ་ཡིན་ཏེ། ཕྱག་གཉིས་པ་རྡོ་རྗེ་ [86b.3]ཅན་ཡང་མ་ཡིན་ནོ། །བླང་ཞིང་དོར་བ་ཅུང་ཟད་མ་ཡིན་ཏེ། །བྱད་ཀྱི་རང་བཞིན་ལེགས་མཐོང་བྱང་ཆུབ་ཡིན། །དེ་ལྟར་བསྐྱེད་པའི་རིམ་པ་དང་མི་འགལ་བར་རང་བྱིན་གྱིས་བརླབ་པ་བསྒོམས་ནས། སྣ་ཚོགས་ཉིད་ལྷའི་བདག་ཉིད་ཀྱི་དཀྱིལ་འཁོར་འཁོར་ལོས་ལྷན་ཅིག་སྐྱེས་པ་ [86b.4]གྲུབ་པ་ཡིན། དེ་སྐད་དུ་ཡང་། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། འདི་ནི་གཞལ་ཡས་ཁང་ཡིན་ཁམས་གསུམ་པོ་མིན་ཡུལ་མིན་དབང་པོ་འབྱུང་བ་བས་མིན། །གཟུགས་ལ་སོགས་པ་མ་ཡིན་སྲོག་ཆགས་མིན་ཞིང་མི་མིན་འདི་ནི་རྒྱལ་བ་སྟེ། །འཁོར་ལོ་གཙོ་བོ་ཆོས་ཉིད་བདག་ཉིད་ [86b.5]ཡིན་ཏེ་དེས་ནི་དཀྱིལ་འཁོར་མ་ཡིན་ལ། །ཁམས་གསུམ་པོ་འདི་སྣ་ཚོགས་འཁོར་ལོར་ཤེས་ན་སེམས་ནི་ཅི་སྟེ་འཁྲུལ་པར་བྱེད། །ཅེས་གསུངས་ལ། དགྱེས་པའི་རྡོ་རྗེ་ལས་ཀྱང་། སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་དེ་སྦྱིན་སྲེག་མེད། །དཀྱིལ་འཁོར་པ་མེད་ [86b.6]དཀྱིལ་འཁོར་ཉིད་ཀྱང་མེད། །དེ་ནི་སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་དེ། །དེ་ཉིད་དཀྱིལ་འཁོར་བ་དང་དཀྱིལ་འཁོར་ཉིད། །མདོར་བསྡུས་སེམས་སུ་འདུས་པའི་ཚུལ་ཅན་ནོ། །ཞེས་གསུངས་པ་དང་། གཞན་ནས་ཀྱང་། ཡན་ལག་ཀུན་བསྒོམ་ལས་འདས་ཤིང་། ། [86b.7]རྟོག་དང་བརྟག་པ་རྣམ་པར་སྤངས། །གུག་སྐྱེད་ཐིག་ལེ་ལས་འདས་པ། །འདི་ནི་དཀྱིལ་འཁོར་དམ་པ་ཡིན། །ཞེས་གསུངས་སོ། །དེ་ཉིད་བསྒོམ་པ་ཡིས་ནི་གང་འདི་འབད་པ་མེད་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པར་བྱ་སྟེ། མཉམ་པར་བཞག་པ་དང་མཉམ་པར་མ་ [87a] [87a.1]བཞག་པ་ལས་ལངས་པ་ལས་ཀྱང་འགྲོ་བ་ཤིན་ཏུ་རྣམ་པར་དག་པ་ཕྱིན་ཅི་མ་ལོག་པར་ལྟ་བ་ཡིན་ནོ། །དེ་ཡང་ཡན་ལག་མེད་པའི་རྡོ་རྗེའི་ཞལ་སྔ་ནས། གང་ལ་སྒོམ་པ་པོ་མེད་ཅིང་། རྣམ་པར་བསྒོམ་པ་ཅི་ཡང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མིན་ [87a.2]པ། །དེ་ནི་དེ་ཉིད་བསྒོམ་པར་བཤད། །ཅེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ལས་ཀྱང་། སེམས་པ་བསམ་གཏན་བསམ་བྱ་དང་། །སྤྲོ་དང་བདེན་པ་མཐོང་བ་དང་། །འདི་དག་རྟོག་པ་ཙམ་ཉིད་དེ། །གང་གིས་ཤེས་པ་དེ་གྲོལ་འགྱུར། ། [87a.3]ཞེས་གསུངས་པ་དང་། དཔལ་གསང་བ་འདུས་པའི་རྒྱུད་ལས་ཀྱང་། སྒོམ་དུ་མེད་པ་བསྒོམ་པ་དེས། །སྒོམ་པ་ཉིད་ནི་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་སོ། །དེ་བས་ན། དགོས་མེད་ [87a.4]སྤྱོད་པ་བསམ་གཏན་ཏེ། །ཡོད་དང་མེད་ཅེས་མི་བརྗོད་དོ། །རྟག་ཏུ་ཤར་བའི་རོ་དེ་བཞིན། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། །ཞེས་གསུངས་སོ། །དེ་ཉིད་ཚོར་བས་ཡོད་པ་རུ། །འདུ་ཤེས་ཅན་ལ་བསམ་གཏན་བརྗོད། །གོམས་པ་ལས་གཞན་བསམ་ [87a.5]གཏན་མེད། །དེ་ཕྱིར་བསམ་གཏན་འབད་པར་བྱ། །དེས་ན་ལས་ཀྱི་ཕྱག་རྒྱ་མ་གཏོགས་པར་སྐྱེ་བ་མེད་པར་མངོན་སུམ་དུ་བྱེད་པ་གཏན་མེད་པ་ཞིག་སྟེ། དེའི་རྒྱུ་མཐུན་པར་བསྟན་པ་ཡང་མི་ནུས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཉེ་བར་བསྟན་པས་དེ་ལྟར་བརྗོད་ཀྱང་བསམ་པ་རྫོགས་ [87a.6]པར་མི་འགྱུར་རོ། །འདི་ལྟར་མངོན་དུ་དེ་མཐོང་དང་། མཐོང་དང་ཐོས་དང་དེ་བཞིན་དུ། །སྨྲ་བའི་ཚུལ་ལ་ཁྱད་མེད་ཀྱང་། །སྔ་མའི་འདོད་པ་ཟད་པ་ཡིན། །དེ་ཁོ་ན་ཉིད་དེ་ཡང་རྒྱལ་བའི་དབང་པོས་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ལུང་དང་། རིགས་པ་དག་གིས་གསུངས་པའི་ [87a.7]ཕྱིར་རོ། །འོ་ན་རང་རིག་པའི་སྒྲུབ་པའི་ཐབས་ཀྱི་དེ་ཁོ་ན་ཉིད་ནི། སྔགས་ཀྱི་ཚུལ་ལས་མངོན་དུ་བྱེད་པ་མ་ཡིན་ནམ། དེ་ཉིད་ཀྱི་ཕྱིར་དོན་གཅིག་ཡིན་ན་ཡང་བཅོམ་ལྡན་འདས་ཀྱིས་རྒྱུའི་བསྟན་བཅོས་ཞེས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལོགས་སུ་བསྟན་ཏོ། །རྡོ་རྗེ་ཐེག་པ་འདི་ནི་འབྲས་ [87b] [87b.1]བུའི་བསྟན་བཅོས་ཏེ་འབྲས་བུ་སྟོན་པའི་ཕྱིར་རོ། །སྨྲ་མཁས་པས་གཉི་ག་ལ་རྨོངས་པ་འབྱུང་ངོ་ཞེས་ཟེར་བ་དེ་ཡང་། གང་གི་ཕྱིར་དུག་གི་དེ་ཉིད་ཤེས་པས་དུག་དང་བསྲེས་ཏེ་བཟའ་བ་དང་། སྦྲུལ་གྱི་རྒྱན་ཆ་བྱེད་པ་དང་ཁ་ཅིག་དུག་གིས་མི་ཚུགས་པ་བཞིན་ནོ། །དོན་དམ་པ་དེ་ [87b.2]རྟོགས་པ་ལས་གཞན་མེད་དོ་སྙམ་པའི་ཡིད་ཅན་རྨོངས་པར་མི་འགྱུར་རོ། །དེ་བཞིན་དུ་ལུང་དང་རིགས་པ་དག་གིས་དུག་ཅེས་བྱ་བ་འདི་ནི་ཅི་ཡང་མེད་པ་ཡིན་ཡང་དོན་མ་ཡིན་པའི་སོམ་ཉི་ཡོད་པའི་ཕྱིར་འཇུག་པར་མི་འགྱུར་རོ། །མ་རིག་པའི་དུག་ཞི་བར་བྱེད་པའི་སྔགས་དང་ [87b.3]བཅས་པའི་གཉེན་པོ་མེད་པས། དུག་གི་རྡུལ་མྱང་ནས་དེ་ལས་གཞན་དུ་འཇོམས་པར་མི་བྱེད་དོ་ཞེས་བརྗོད་པར་མི་ནུས་སོ། །གང་ཡང་ཕ་རོལ་ཏུ་ཕྱིན་པ་གོམས་པ་ལ་ཀུན་དུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་སྟེ། མཚན་ཉིད་གསུམ་སྒོམ་ [87b.4]པའི་ཐབས་ཀྱིས་ཐབས་མང་པོ་མཚུངས་སོ་ཟེར་བ་ཡང་བརྟགས་ན་ཚུལ་ངན་པ་ཉིད་དེ། དཔེར་ན་དམུས་ལོང་ལ་གཟུགས་དམིགས་པའི་ཉམས་སུ་མྱོང་བས་སྟོང་པ་ལ། མིག་དང་ལྡན་པས་ཕན་པར་བསྟན་པར་འདོད་ནས་གཟུགས་དེའི་རང་བཞིན་འདི་ལྟ་བུ་ཞེས་བློ་བཟོད་དེ། ཐོས་ [87b.5]པ་ལ་སོགས་པའི་སྒོ་ནས་མོས་པས་བསྒོམས་ཀྱང་མྱུར་དུ་གཟུགས་མངོན་དུ་མི་བྱེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པས་ཀྱང་གང་དག་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་མ་བཞི་དང་ལྡན་པའི་དགའ་བ་བཞི་ཉམས་སུ་མྱོང་བ་དང་བྲལ་བའི་ཕྱིར། མཚན་ཉིད་དང་ [87b.6]བྲལ་བའི་སྐད་ཅིག་མ་མངོན་དུ་མ་གྱུར་པས། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་མ་ཤེས་པར་མངོན་པར་བྱང་ཆུབ་པ་ཆེན་པོ་མངོན་སུམ་དུ་བྱེད་པར་མི་ནུས་ཀྱི། སྔགས་ཀྱི་ཐེག་པ་ནི་དེ་བཞིན་གཤེགས་པའི་རྣམ་པར་དག་པས་སོ་སོ་སྐྱེ་བོའི་བག་ཆགས་དང་བྲལ་བའི་ཕྱིར་རོ། །ལྷའི་ [87b.7]ང་རྒྱལ་དང་ལྡན་པའི་རྣལ་འབྱོར་དམ་ཚིག་ཐམས་ཅད་ལ་སྤྱད་པས་རོ་མཉམ་པ་མངོན་དུ་བྱས་ནས། ཕྱག་རྒྱ་བཞི་ལ་སོགས་པའི་སྒྲུབ་ཐབས་ཀྱི་ཡན་ལག་བདུན་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རང་རིག་པའི་མངོན་སུམ་དུ་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་ [88a] [88a.1]ཕྱིར། ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་བདག་བྱིན་གྱིས་བརླབ་པ་ནི་ཐབས་མང་བའོ། །བཅོམ་ལྡན་འདས་ཀྱིས་ཀྱང་། ཐབས་གཞན་གྱིས་ནི་སངས་མི་རྒྱ། །ཞེས་གསུངས་སོ། །གསང་བའི་མཛོད་ཀྱི་མདོ་ལས་ཀྱང་། །རྡོ་རྗེ་སེམས་དཔའ་ཉོན་ཅིག་དང་། ། [88a.2]གསང་སྔགས་ཀྱི་ཐེག་པ་མཆོག་གིས་དབང་བསྐུར་བ་གསང་བ་ཆེན་པོ་འདིས་སངས་རྒྱས་ཐོབ་པར་ནུས་ཀྱི། ཐེག་པ་གཞན་གྱིས་ནི་བསྐལ་པ་གྲངས་མེད་པ་བྱེ་བས་ཀྱང་སངས་རྒྱས་ཐོབ་པར་མི་འགྱུར་རོ་ཞེས་གསུངས་སོ། །སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ [88a.3]ལས་ཀྱང་། བསྐལ་པ་བྱེ་བ་གྲངས་མེད་ཀྱིས། །སངས་རྒྱས་ཀུན་དངོས་མི་ཐོབ་སྟེ། །ཕྱག་རྒྱ་འདི་ཡི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། དེའི་དགོངས་པ་ནི་འདི་ཡིན་ཏེ། གཞན་གང་གིས་ཀྱང་སངས་རྒྱས་ཙམ་ལས་ཡང་དག་པར་ [88a.4]རྫོགས་པའི་སངས་རྒྱས་ཐོབ་པ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་བདེ་བའི་ངོ་བོ་ཉིད་ཀྱི་ཁ་སྦྱོར་མེད་པའི་ཕྱིར་ཏེ། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཡེ་ཤེས་ཀྱི་རོས་ལོངས་སྤྱོད་རྫོགས་པར་འགྱུར་བའི་ལོངས་སྤྱོད་རྫོགས་པའི་སྐུ་མི་འཐད་པའི་ [88a.5]ཕྱིར་རོ། །སྟོང་པ་ཉིད་དང་སྙིང་རྗེ་སྦྱོར་བ་ནི་ཁ་སྦྱོར་མ་ཡིན་གྱིས། བསྐྱེད་པའི་རིམ་པ་ཙམ་གྱིས་སམ། །དེ་ལྟ་བུ་ལ་སོགས་པ་ཡིས། རང་རིག་པས་སྟོང་པ་ཉིད་དུ་བདེ་བའི་རྣམ་པ་ཅན་གྱི་ཡེ་ཤེས་དབང་པོ་གཉིས་སྙོམས་པར་འཇུག་པ་ལས་སྐྱེད་པ་བཞིན་དུ་གང་ལས་ [88a.6]ཀྱང་མྱོང་བར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ན་གོམས་པ་མེད་པའི་དེ་ཁོ་ན་ཉིད་ཀྱིས་བདེ་བ་ཆེན་པོའི་བདག་ཉིད་རྡོ་རྗེ་སེམས་དཔའི་གོ་འཕང་མི་འཐོབ་པའོ། །དེས་ན་འདོད་ཆགས་ཆེན་པོའི་ཚུལ་འདིར་རྡོ་རྗེ་སེམས་དཔའ་གྲུབ་པར་བྱ་བའི་ཕྱིར་ཁ་སྦྱོར་བསྟན་པ་ཡིན་ནོ། །དེ་ཉིད་ [88a.7]ཀྱི་ཕྱིར་སངས་རྒྱས་ཉིད་འདིར་ཁྱད་པར་ཡོད་པའི་ཕྱིར་རྡོ་རྗེ་འཆང་ཞེས་བྱའོ། །འོ་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་གྲུབ་པ་སྟེ། འཕགས་པ་མགོན་པོ་བྱམས་པས་དེ་གསུངས་པ། མཚན་མཆོག་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བཟང་པོའི་བདག་ [88b] [88b.1]ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་བྱ་བའང་གསུངས་པ་འདི་ཡོད་པ་ལ་ཅི་སྟེ་ཞེ་ན། ཁོ་བོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་འགེགས་པ་ནི་མ་ཡིན་གྱི། ཡང་དག་པར་རྫོགས་པའི་སངས་རྒྱས་མེད་པ་ཡང་མ་ཡིན་ཏེ། གང་ [88b.2]ཡང་འགྲོ་བ་འདི་དག་སངས་རྒྱས་རྒྱུ། །འདི་ནི་སྣོད་དང་མི་ལྡན་གང་ཡང་མེད། །ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་འཁོར་གསུམ་མི་དམིགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ལ་གོམས་པས་ས་ཐོབ་ནས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ས་བཅུའི་ [88b.3]བར་བསྒྲུབས་ནས་རང་བཞིན་མེད་པ་མངོན་སུམ་དུ་བྱས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་རྩེད་མོ་ཙམ་དུ་སངས་རྒྱས་ཀྱི་དངོས་པོ་བསྟན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུས་མི་རིང་བར་ནུས་པར་འགྱུར་རོ། །དེ་བཞིན་གཤེགས་ [88b.4]པ་ཐམས་ཅད་བྱོན་ནས་རྗེས་སུ་འཛིན་པར་མཐོང་ནས་དེ་དག་ལ་སྔགས་ཀྱི་ཚུལ་གྱིས་ཉེ་བར་བསྟན་པ་ཐོབ་སྟེ། སེ་གོལ་གཏོགས་པའི་ཡུད་ཙམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་པ་ཡིན་ནོ། །སྔགས་ཀྱི་ཐེག་པ་ནི་མཚམས་མེད་པ་ལྔ་བྱེད་པ་ཡང་ [88b.5]རིགས་ལ་སོགས་པའི་རྐྱེན་དང་ལྡན་ན་དེ་ཡིས་དགེ་བའི་བཤེས་གཉེན་དམ་པ་བསྟེན་པ་ལས། ལས་ཀྱི་ཕྱག་རྒྱའི་ཐབས་ཀྱིས་ཇི་བཞིན་པའི་དོན་བསྒྲུབས་ནས། ཇི་བཞིན་པའི་མན་ངག་ཅན་སྡིག་པ་མི་དགེ་བའི་ལས་སྤངས་པ་དེས། དགེ་བའི་སྤྱོད་པ་དང་ཐབས་ལ་མཁས་པའི་ [88b.6]ཁྱད་པར་གྱིས་སེ་གོལ་གཏོགས་པ་ཙམ་གྱིས་སྦྱིན་པ་ལ་སོགས་པ་བླ་ན་མེད་པའི་བསོད་ནམས་ཀྱི་ཚོགས་རྫོགས་ཏེ་ཚེ་འདི་ཉིད་ལ་སངས་རྒྱས་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་བ་ནི་ཁྱུད་པར་རོ། །དེ་སྐད་དུ་དགྱེས་པའི་རྡོ་རྗེའི་རྒྱུད་ལས་ཀྱང་། མཚམས་མེད་ལྔ་པོ་བྱེད་པ་ [88b.7]དང་། །སྲོག་ཆགས་གསོད་ལ་དགའ་བ་དང་། །གཞན་ཡང་སྐྱེ་བ་དམན་པ་དང་། །ཁྲོ་ཞིང་རྨོངས་པའི་སྐྱེ་བ་གང་། །གཟུགས་ངན་ཡན་ལག་མ་ཚང་བ། །དེས་ཀྱང་བསྒོམས་ན་སྐྱེ་བར་འགྱུར། །ཞེས་གསུངས་པ་དང་། རྡོ་རྗེ་ཨ་ར་ལི་ལས་ཀྱང་། །འདོད་ཆགས་ [89a] [89a.1]ཞེ་སྡང་གཏི་མུག་ཀྱང་། །ཐེག་པ་ཆེ་ལ་ལོངས་སྤྱོད་འགྱུར། །ཞེས་གསུངས་སོ། །ཡང་དེ་ཉིད་ལས་ཐེག་པ་ཆེན་པོ་འདི་ནི་འདི་ལྟ་བུ་སྟེ། རྒྱུ་དང་འབྲས་བུའི་དངོས་པོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྔགས་ཀྱི་ཐེག་པ་གཉིས་བསྟན་ཏོ་ཞེས་གསུངས་པ་སྟེ། ཐེག་ [89a.2]པ་གཉིས་ཀ་དེ་ཁོ་ན་ཉིད་ལ་སྤྱོད་དོ་ཞེས་བྱ་བར་དགོངས་སོ། །སྦྱིན་པས་ས་དང་པོ་རབ་ཏུ་དགའ་བ་ལ་གནས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གོམས་པས་དེ་དང་དེ་ཐོབ་པར་གྱུར་ནས་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་ཏེ། །མྱུར་དུ་བླ་ན་མེད་ [89a.3]པ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་བ་ཉིད་དོ། །དང་པོ་ས་ནི་མཆོག་ཏུ་གྲུབ། །ཞེས་གསུངས་པས། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་བསྟན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་པ་འགྲུབ་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། དེ་ལྟ་ན་ནི་མ་ཡིན་ཏེ། [89a.4]ཡིན་དུ་ཆུག་ཀྱང་དེ་ལྟ་བུ་ཡུན་རིང་པོར་འགྱུར་ལ། དེ་ལྟར་མི་འགྱུར་བ་ཡང་སྲིད་པ་སྟེ། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་བདེ་བ་ཆེན་པོ་སྒྲུབ་པའི་ཐབས་དང་བྲལ་བའི་ཕྱིར་དང་། དེ་དག་གིས་ས་ཐོབ་པ་ཡང་ཐེག་པ་དམན་པར་ལྟུང་བ་སྲིད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ [89a.5]བཅོམ་ལྡན་འདས་ཀྱིས། རྒྱལ་བའི་སྲས་ཀྱི་ས་ཐོབ་ཀྱང་། །བློ་བརྟན་པ་ནི་མ་ཡིན་ཏེ། །ཇི་སྲིད་ས་བརྒྱད་པ་ཡི་བར། །དེ་དག་ཐེག་པ་དམན་པས་འཇིགས། །གསང་བའི་འཁོར་ལོ་ཆེན་པོ་འདིར། །བཞུགས་པའི་རྒྱལ་བའི་བདག་ཉིད་གང་། །ཐེག་པ་ཆེན་ [89a.6]པོ་ལ་ཞོན་ནས། །དབུགས་ཕྱིན་པ་རུ་གྱུར་པ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་གཙོ་བོ་མ་ཡིན་པར་འགྱུར་བའི་ཐབས་ཅུང་ཟད་ཙམ་གྱི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ཁྱད་པར་ཅན་གྱི་ཐབས་དང་བྲལ་ནས། ཐབས་མང་ལ་གཉི་ག་ལ་མཚུངས་པ་མ་ཡིན་ནོ། །དེ་ཁོ་ན་ [89a.7]དཀའ་བ་མེད་པར་གང་འདི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་ཉིད་ཀྱིས་ཡུན་མི་རིང་བར་རྡོ་རྗེ་འཆང་གི་ངོ་བོ་ཉིད་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་བའི་ཕྱིར་རོ། །དཀའ་ཐུབ་བརྟུལ་ཞུགས་ཀྱིས་བརྟུལ་བས། །སྡུག་བསྔལ་གྱུར་ནས་ལུས་བསྐམས་ཤིང་། །སྡུག་ [89b] [89b.1]བསྔལ་ཉིད་ཀྱིས་སེམས་གཡེངས་ཏེ། །གཡེང་བས་བྱང་ཆུབ་གཞན་དུ་འགྱུར། །ཞེས་གསུངས་པ་དང་། གཞན་ནས་ཀྱང་། དཀའ་ཐུབ་དཀའ་སྤྱོད་དྲག་པོ་ཡིས། །བསྟེན་ན་འགྲུབ་པར་མི་འགྱུར་ཏེ། །འདོད་པ་ལྔ་ལ་ལོངས་སྤྱོད་ཅིང་། །བསྟེན་ན་མྱུར་དུ་འགྲུབ་པར་ [89b.2]འགྱུར། །ཞེས་གསུངས་པ་དང་། ཕ་རོལ་ཕྱིན་པའི་ཚུལ་ལ་ཡུན་རིང་དཀའ་བས་འབྲས་བུ་སྨིན། །སྔགས་ཚུལ་དཀའ་བ་མེད་པར་མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བསྟན་པས་སོ། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་རྣམ་པར་དག་པའོ་སྙམ་དུ་རྟོག་པ་དེ་ཡང་རང་རིག་ [89b.3]མ་གཏོགས་པར་མེད་པ་ལ། རང་རིག་པ་ཡང་བདེ་བ་ཆེན་པོའོ་ཞེས་བྱ་ཞིང་། དེ་ཡང་སྔགས་ཀྱི་བསྟན་བཅོས་ཀྱི་ཉེ་བར་བསྟེན་པ་མ་གཏོགས་པར་ནམ་ཡང་འབྱུང་བར་མི་འོས་ཏེ་ཤིན་ཏུ་སྤྲོས་པས་ཆོག་གོ། །དབང་པོ་རྣོན་པོ་ནི་སྔགས་ཀྱི་ཐེག་པ་འདི་ལ་སོ་སོའི་སྐྱེ་བོ་ཉིད་ཀྱིས་ [89b.4]ཀྱང་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་ནུས་ཏེ། དགྱེས་པའི་རྡོ་རྗེ་དང་འཇམ་པའི་རྡོ་རྗེ་ལ་སོགས་པའི་ང་རྒྱལ་ལ་གནས་པས་སློབ་བཞིན་པའི་གནས་སྐབས་སུ་ཡང་། དེ་ལྟ་བུ་ལ་བསྟེན་པར་འགྱུར་བ་སྲིད་པའི་ཕྱིར། རྒྱུ་དང་འབྲས་བུ་འདུས་པར་བྱས་ནས་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ། ། [89b.5]གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་རྗེས་སུ་འབྲང་བ་རྣམས་ནི་ས་བརྒྱད་པ་ཉིད་ལ་ནི་ཕྱིར་མི་ལྡོག་པ་སྟེ། དེ་སྐད་དུ། ཕྱི་ནས་ས་བརྒྱད་པ་ལ་ནི། །དོགས་པ་ལྡོག་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ནི། དེ་ལྟ་བུའི་གྱུར་པ་ཉིད་ [89b.6]ཡིན་ནོ་ཞེས་ཟེར་ཀྱང་། དེ་ལྟ་བུ་ཉམས་སུ་མྱོང་བ་མེད་པའི་ཕྱིར། སོ་སོའི་སྐྱེ་བོར་འགྱུར་བ་ལ་ཕྱིར་མི་ལྡོག་པར་ཞེས་བརྗོད་པར་མི་ནུས་ཏེ། འདི་ནི་ཇི་སྲིད་དུ་ས་བརྒྱད་པ་མཐར་ཐུག་པའི་དབུགས་ཕྱིན་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གྲོགས་དག་ཉོན་ཅིག་ཐེག་པ་ [89b.7]ཆེན་པོ་བས། གལ་ཏེ་ཡུལ་ལ་སྤྱོད་ཀྱང་མོད་ལ་སྐྲག །ཨེ་མའོ་འཁོར་བ་འདི་དག་ཀུན། །ཡུལ་གྱི་ངོ་བོ་རྟོགས་པ་ཉིད་ཀྱིས་སུ། །དེ་བཞིན་ཉིད་ཀྱིས་དེ་དག་རྣམ་དག་པ། །ཡིན་ནམ་སྙམ་དུ་དེ་དག་དྲན་བྱེད་ཀྱང་། །སྤྲེའུ་ན་ཛ་ཡི་ཕུང་པོ་ལ་རེག་བཞིན། །འཇིགས་པས་ཉུག་ [90a] [90a.1]པར་བྱེད་ཅིང་བསྙེམས་པ་ཡིན། གང་ཡང་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པར་མོས་པའི་དབང་པོ་རྣོན་པོ་ཡོད་དོ་ཞེ་ན་དེ་མ་ཡིན་ཏེ། རྡོ་རྗེ་ཐེག་པའི་མན་ངག་མེད་ན་མི་རུང་བའི་ཕྱིར་ཤིན་ཏུ་རྒྱས་པ་འདིས་ཆོག་གོ། །གང་ཡང་འཕགས་པ་ཆོས་འཕགས་ས་ [90a.2]བཅུ་ཐོབ་པ་ལ་འདོད་པ་ཉེ་བར་ལོངས་སྤྱོད་པ་བག་ཚ་བ་མེད་པར་སྨྲ་བ་འདི་ནི་རིགས་པ་ཁོ་ན་ཡིན་ཏེ། འདིར་ནི་དེ་བཞིན་དུ་ཁྱད་པར་ཅན་གྱི་ཐབས་ཡོད་པའི་དབང་གིས་སློབ་བཞིན་པ་ཁྱད་པར་དུ་འགྱུར་རོ། །གཞན་སློབ་པའི་དབང་དུ་བྱས་ནས་ལམ་སྟོབས་ཅན་དང་སྟོབས་མེད་པ་སྤྱོད་ [90a.3]པའི་སྐབས་སུ་བྱང་ཆུབ་སེམས་དཔའ་ས་བཅུ་པའི་དབང་ཕྱུག་དཔེར་བྱེད་པ་ནི་རིགས་པ་མེད་པ་ཁོ་ནའོ། །གཞན་ཡང་དེ་བཞིན་ཉིད་ཙམ་ལ་བརྟེན་ནས་ཐེག་པ་ཆེན་པོའི་དོན་གང་སྨྲས་པ་དེ་ནི་རིགས་པ་མེད་པ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་མ་གཏོགས་པ་དེ་མངོན་པར་བྱེད་ [90a.4]པ་མེད་པའི་ཕྱིར་རོ། །དེ་ཡང་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་མི་འདོད་པ་སུ་ཞིག་ཡོད། དངོས་པོ་ཀུན་གྱི་ངོ་བོ་འདི། །སོ་སོར་རྟོགས་པར་དཀའ་བ་ཡིན། །ཞེས་གསུངས་སོ། །གང་ཡང་བདེ་བ་དང་སྡུག་བསྔལ་བའི་རྟོག་པ་དང་བྲལ་བ་ཞེས་ཟེར་བ་དེ་ནི་བདེན་ཏེ། ཁོ་བོ་ཅག་ [90a.5]ནི་མཆོག་དང་དགའ་བྲལ་དག་གི་དབུས་སུ་རང་གི་རིག་པ་གྲུབ་པ་ལ། སྡུག་བསྔལ་ལམ་བདེ་བར་རྟོགས་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པ་མི་འགྱུར་ཏེ། །གསུམ་པོ་སྤངས་པ་དེ་ཉིད་ནི། །ལྷན་ཅིག་ [90a.6]སྐྱེས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །འོན་ཀྱང་ཀུན་དུ་རྟོག་པ་མེད་པས་རང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་གྲུབ་པ་ཡང་མེད་དོ་ཞེས་གང་སྨྲས་པ་དེ་མངོན་སུམ་དུ་འགལ་བ་སྟེ་ཆད་པར་སྨྲ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང་། རང་རིག་མི་རྟོག་ [90a.7]ཡེ་ཤེས་སུ། །གལ་ཏེ་སྤྱོད་པར་བྱེད་ན་ནི། །སངས་རྒྱས་ཡེ་ཤེས་དག་པ་མིན། །དེ་དག་མཁས་པས་སྤང་བར་བྱ། །ཞེས་གསུངས་སོ། །དཔལ་མདའ་བསྣུན་གྱི་ཞལ་སྔ་ནས་ཀྱང་། །རྟོག་པ་ཞི་བས་བློ་དེའང་ཞི་བར་འགྱུར། །བློ་གྲོས་དམན་པ་ཁ་ཅིག་སྨྲ་ཞེས་གྲགས། །བློ་ [90b] [90b.1]བཟང་ཉིད་ནི་བླངས་ན་ཅི་ཡང་རུང་། །མཁའ་ལས་ལྷག་པར་ཅི་སྟེ་མི་འགྱུར་རོ། །རྟོག་པ་ཐམས་ཅད་བཅོས་པར་གྱུར་པའི་བློ། །གང་ཡིན་དེ་ནི་བདེ་བ་དམ་པར་གསལ། །དེ་ནི་བྱ་བ་བྱས་པ་མཁས་པ་སྟེ། །གཞན་པ་གང་དེ་རྐང་གཉིས་ཕྱུགས་ཡིན་ནོ། །ཞེས་གསུངས་ [90b.2]སོ། །གཞན་དག་འདོད་ཆགས་ཀྱིས་འདུལ་བ་གང་ཡིན་པའི་དོན་དུ་འདི་བསྟན་གྱི་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེ་ན། དེ་ནི་སངས་རྒྱས་པའི་ཚིག་མ་ཡིན་ནོ། །འདོད་ཆགས་ཅན་འདུལ་བའི་དོན་དུ་ནི་འདོད་ཆགས་ཆེན་པོ་བསྟན་པར་མི་རིགས་ཏེ། དེ་དག་གིས་འདོད་ཆགས་ཞི་བར་ [90b.3]བྱ་བའི་ཕྱིར་མི་སྡུག་པ་བསྟན་པ་མ་ཡིན་ནམ་ཞེ་ན། འདོད་ཅན་འདོད་པ་ཞི་བའི་ཕྱིར། །གཙོ་བོ་མཉམ་པར་དགོད་པར་མཛད། །ཆགས་བྲལ་ཆགས་པ་བར་མ་ལ། །འདོད་ཆགས་ཆེན་པོས་འཇོམས་པ་ཡིན། །དེའི་ཐེག་པ་ནི་གཅིག་ཉིད་དེ། །གང་འདི་ཐེག་པ་ཆེན་ [90b.4]པའོ། །བསྟན་པ་ཡང་ནི་གཅིག་པུ་སྟེ། །གང་འདི་འདོད་ཆགས་ཆེན་པོ་བསྟན། །ཞེས་པའོ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས། །གང་ཕྱིར་ཐེག་པ་གཅིག་ཅིང་ཚུལ་ཡང་གཅིག །འདྲེན་པས་བསྟན་པ་འདི་ཡང་གཅིག་པ་སྟེ། །གང་ཡང་ཐེག་པ་གསུམ་དུ་བསྟན་ [90b.5]པ་ནི། ང་ཡི་ཐབས་ལ་མཁས་པའི་རང་བཞིན་ཉིད། །ཅེས་གསུངས་པ་དང་། གཞན་ཡང་། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ཡོངས་སུ་གྱུར་པ་ནི། ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་གསུངས་སོ། །གཞན་ [90b.6]ཡང་ནོར་བུ་དང་སྔགས་དང་སྨན་གྱི་མཐུ་བསམ་གྱིས་མི་ཁྱབ་སྟེ། མཚམས་མེད་པ་ལྔའི་ལས་བྱེད་པ་ཡང་གང་ཞིག་ཐོབ་ནས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ་བདེ་བའི་ལྷ་བཞིན་དུ་འགྱུར་རོ། །ལམ་འདི་རིང་དུ་བགྲོད་པ་སྟེ། །རྟོག་གེ་སྐམ་པོའི་བྱ་དག་གིས། ། [90b.7]བློ་ཡི་རྒྱ་མཚོའི་ཕ་རོལ་འགྲམ། །མཐའ་ཡས་མཐོང་ནས་སོང་བ་ལྡོག །བློ་ཡི་ཡུལ་མིན་དེ་ཁོ་ན། །སྐྱེ་བ་མེད་པ་རྐྱེན་ལས་སྐྱེས། །སྣ་ཚོགས་དེ་ནི་རང་རིག་སྟེ། །བླ་མ་དམ་པ་མེད་པར་མིན། །གསང་སྔགས་ཐེག་པ་འདི་ལ་ནི། །བླ་མ་དམ་པ་སྐྱ་བ་འཛིན། །དེ་ལྟར་ཁོ་བོས་ [91a] [91a.1]སྐྱེ་བོ་དག །ཉོན་མོངས་རྒྱ་མཚོ་རྒལ་བར་མཐོང་། །དེ་ལ་སྔགས་ཀྱི་ཐེག་པ་ཆེན་པོ་བསྟན་པ་ནི་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ལ་རྣམ་པ་གཉིས་ཏེ། ཕྱི་རོལ་བསྐྱེད་པའི་རིམ་པ་དང་ཟབ་མོ་བསྐྱེད་པའི་རིམ་ [91a.2]པའོ། །རྫོགས་པའི་རིམ་པ་ལ་གསུམ་སྟེ། རྫོགས་པ་དང་། ཡོངས་སུ་གྲུབ་པ་དང་། ངོ་བོ་ཉིད་ཀྱི་རིམ་པའོ། །རྣམ་པ་ལྔ་པོ་དེ་དག་ནི་རིམ་པ་གཉིས་སུ་སོ་སོར་མངོན་པར་སྦྱར་རོ། །དེ་ལ་བསྐྱེད་པའི་རིམ་པ་ནི་བདག་མེད་མ་གསལ་བ་ལས་བསྟན་པ་སྟེ། ཇི་སྐད་དུ་ [91a.3]གསུངས་པའི་བདག་མེད་མའི་འཁོར་ལོ་བསྒོམ་པ་ཡང་བླ་མ་དམ་པའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལས་ཁོང་དུ་ཆུད་པར་བྱའོ། །དེ་ཡང་གཞུང་མངས་ཀྱིས་དོགས་པས་མ་བྲིས་སོ། །རྫོགས་པའི་རིམ་པ་གང་ཞེ་ན། དེ་ཡང་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པའི་ [91a.4]ལྷ་རྣམས་ཀྱི་དོན་དུ། དགོད་པ་དག་ལ་སློབ་དཔོན་ཏེ། །དེ་བཞིན་ལྟ་བ་གསང་བ་ཉིད། །ལག་བཅངས་པས་ནི་ཤེས་རབ་སྟེ། །དེ་ཡང་གཉིས་འཁྱུད་རྒྱུ་ཡིན་ནོ། །ཞེས་གསུངས་པ་གང་ཡིན་པ་དང་། གཞན་ནས་ཀྱང་དབང་བསྐུར་བ་དྲུག་ནི་དེ་བཞིན་གཤེགས་པས་ [91a.5]དབུགས་དབྱུང་བའོ་ཞེས་གསུངས་པས་ཕྱི་རོལ་བསྐྱེད་པའི་རིམ་པའོ། །ཟབ་མོའི་རིམ་པ་ནི། ལས་ཀྱི་ཕྱག་རྒྱ་མའི་ཡེ་ཤེས་ནི་རྡོ་རྗེ་འཛིན་པའི་དབུགས་དབྱུང་བའོ། །རྫོགས་པའི་རིམ་པ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ངོ་བོ་ཉིད་ཀྱི་བདེ་བ་གང་ཐོབ་པ་དེ་ཉིད་འདི་ཡིན་ཞེས་པས་ [91a.6]མཐོང་བ་གང་ཡིན་པའོ། །སྐད་ཅིག་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་མངོན་སུམ་དུ་བྱེད་པའི་ཕྱིར་གཟུང་བ་དང་འཛིན་པ་ཉམས་ན་མཆོག་ཏུ་བདེ་བ་ཉིད་དུ་བརྗོད་དོ། །སྔོན་པོ་ལ་སོགས་པའི་རྣམ་པ་ཅན་གྱི་ཆོས་རྣམས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་སྡོམ་པ་སྟེ་རོ་གཅིག་པའོ། ། [91a.7]ངོ་བོ་ཉིད་མ་ཡིན་པ་ཡང་ངོ་བོ་ཉིད་ཀྱི་རང་བཞིན་ཡིན་པས། ཆོས་ཀྱི་ཕྱག་རྒྱ་ཞེས་བརྗོད་དོ། །དགའ་བལ་སོགས་པའི་རྣམ་པར་གཞག་པ་ཡང་། འདིར་དགེ་བའི་བཤེས་གཉེན་དམ་པ་བསྟེན་པ་ལས་ཤེས་པར་བྱ་སྟེ། བླ་མ་དམ་པའི་ཞལ་སྔ་ནས་ཀྱང་། ལས་ཀྱི་ཕྱག་རྒྱ་ [91b] [91b.1]རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དམ་ཚིག་གི་ཕྱག་རྒྱ་ནི་ཡོངས་སུ་གྲུབ་པའི་རིམ་པ་སྟེ། སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་དགྱེས་པའི་རྡོ་རྗེ་དང་། [91b.2]འཇམ་པའི་རྡོ་རྗེ་ལ་སོགས་པའི་རྣམ་པ་ཅན་གྱི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དང་། དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་གསལ་བ་གང་ཡིན་པ་དེ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དགའ་བ་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱ་བཞིན་བླ་མ་དམ་པའི་མན་ངག་ལས་རྟོགས་པར་བྱའོ། །དེ་ [91b.3]ཡང་། ལས་ཀྱི་ཕྱག་རྒྱ་ཉིད་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངོ་བོ་ཉིད་ཀྱི་རིམ་པ་ཡང་གང་ཀུན་དུ་བཟང་པོར་གྱུར་པ་སྟེ། བསམ་གྱིས་མི་ཁྱབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཁྱད་པར་ལས། བླ་མ་དམ་པའི་མན་ངག་གིས་འབད་པ་མེད་པར་སྐད་ཅིག་མ་གཅིག་ [91b.4]ལ་མངོན་པར་བྱང་ཆུབ་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདི་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །ཆེན་པོ་ཡང་ཡིན་ཞིང་ཕྱག་རྒྱ་ཐམས་ཅད་ལ་རྒྱས་འདེབས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱག་རྒྱ་འདིས་རྒྱས་བཏབ་པས་ཐམས་ཅད་ཀྱིས་ཀྱང་ཕྱག་རྒྱ་ཆེན་པོའི་གོ་འཕང་ [91b.5]འཐོབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ལྷན་ཅིག་སྐྱེས་པ་བརྗོད་དུ་མེད། །ཅེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་ནི་བརྟག་ཏུ་མེད་པའི་ངོ་བོ་ཉིད་ཡིན་གྱི། ལུང་བསྟན་པར་སླ་བ་ནི་མ་ཡིན་པས་འདིར་དཔྱད་པར་མི་བྱའོ། །བློ་ཡིས་དཔྱད་ན་དེ་འདིའོ། །ཞེས་ [91b.6]ཤེས་རབ་རྒྱལ་བས་ཀྱང་མི་དཔྱོད་དོ། །འོན་ཀྱང་དེ་ཡི་བདག་ཉིད་ནི། །དེ་ཉིད་འདི་ཡིན་སྙམ་དུ་གསལ། །བླང་དང་དོར་བས་སྟོང་པའི་ཕྱིར། །བདག་ཅག་ལྟ་བུ་མི་བརྟན་པས། །བསྐལ་པ་བྱེ་བ་བརྒྱར་བརྟགས་ཀྱང་། །མི་རྟོགས་ཇི་ལྟར་རྣམ་རྟོག་པ། །བྱང་ཆུབ་ཉེ་བ་རིང་བར་ [91b.7]འགྱུར། །དཔྱོད་པ་མིན་པའི་ངོ་བོ་ཉིད། །ཆོས་ཉིད་དེ་བཞིན་ཉིད་སྣ་ཚོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྙིང་རྗེ་བདག་ཉིད་བླངས་པ་ནི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་བླ་མ་བསྟེན་པ་ལས། །དེ་ཕྱིར་བླ་མ་དམ་པའི་ཞབས། །པདྨ་ཉིད་ལས་འབད་ [92a] [92a.1]བརྟེན་དང་། །དངོས་པོར་འཁྲུལ་པའི་མུན་པ་ནི། །ཉི་མ་བརྒྱ་ཡི་འོད་བཞིན་འཇོམས། །དགེ་བའི་བཤེས་གཉེན་དམ་པའི་ཞབས་ཀྱི་ནི། །པདྨའི་རྡུལ་གྱི་བཀའ་དྲིན་ཉིད་ཐོབ་པས། །མངོན་སུམ་པ་ཡི་ལམ་སོན་ཇི་ལྟ་བཞིན། །ཐོས་པའི་ལམ་ལས་གནས་ [92a.2]པ་གང་ཡིན་པ། །སྲིད་དང་ཞི་བ་རོ་མཉམ་པར་རིག་སྟོང་ཉིད་དེ་ལ་འདུད། །མ་འོངས་པ་ཡི་དེ་བཞིན་གཤེགས་པ་ཉིད་ནི་བདག་གིས་བྱ་བའི་ཕྱིར། །གང་གིས་སེམས་ཉིད་གློག་གི་འོད་བཞིན་གསལ་གྱུར་པ། །དགེ་བའི་ལུས་ཅན་བསྟེན་བྱ་དེ་ཡི་ཞབས་ཀྱི་པདྨ་གཉིས། །རབ་ཏུ་ [92a.3]གུས་པས་ཐང་ཅིག་ཙམ་ཡང་སྤྱི་བོས་ལེན་པ་ཡིན། །བླ་མའི་ཞབས་ཀྱི་རྡུལ་ནས་རིན་ཆེན་འོད་འབར་བ། །ཡིད་ཀྱི་མུན་པ་འཇོམས་པར་སྐད་ཅིག་ཙམ་གྱིས་བྱེད། །རྣམ་པ་ཐམས་ཅད་ཀྱིས་བརྒྱན་དེ་བཞིན་ཉིད་འདི་ནི། །འཇིག་རྟེན་འདི་དག་ཀུན་གྱིས་མཐོང་གྱུར་ཅིག །ཐེག་པ་ཆེན་པོའི་ [92a.4]གསང་སྔགས་ཐམས་ཅད་དང་འབྲེལ་པ། །བླ་མ་དམ་པས་བསྟན་པ་ཉམས་སུ་མྱོང་བ་ནི། །གང་ཞིག་བདག་གིས་བསྟན་པའི་དགེ་བ་བསགས་པ་དེས། །འགྲོ་བ་ཐམས་ཅད་རྒྱལ་བ་མཆོག་གི་གོ་འཕང་ཐོབ་པར་ཤོག །ཤེས་རབ་ཡེ་ཤེས་གསལ་བ་འདི། །སེམས་ཅན་ཀུན་ལ་ [92a.5]ཕན་དོན་དུ། །དམ་པའི་ལམ་ནི་ཐོབ་བྱའི་ཕྱིར། །མཁས་པ་པདྨ་རྡོ་རྗེས་བྱས། །ཤེས་རབ་ཡེ་ཤེས་གསལ་བ་ཞེས་བྱ་བ། མཁས་པ་ཆེན་པོ་དེ་བ་ཙནྡྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་བཛྲ་པཱ་ཎི་དང་། ལོ་ཙཱ་བ་དྷརྨ་ཀཱི་རྟིས་བསྒྱུར་བའོ། ། [92a.6]{T2227}༄༅༅། །རྒྱ་གར་སྐད་དུ། །སྠི་ཏི་ས་མུཙྪཱ་ཡ། བོད་སྐད་དུ། གནས་པ་བསྡུས་བ། བཅོམ་ལྡན་འདས་དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་བྱེ་དྲག་སྨྲ་རྣམ་རིག །དབུ་མའི་རིམ་བཞིན་གསལ་བ་ཡི། །ཆོས་དང་གང་ཟག་བདག་མེད་ལ། །བཏུད་ [92a.7]དེ་དེ་ཉིད་བཤད་པར་བྱ། །ཁ་ཅིག་གང་ཟག་ཅེས་བྱ་སྨྲ། །རྟག་མིན་མི་རྟག་མ་ཡིན་ཟེར། །ནམ་མཁའ་དང་ནི་འགོགས་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་ཡིན། །འདུས་བྱས་ཐམས་ཅད་མི་རྟག་སྟེ། །འགྲོ་བ་ཕུང་པོ་ལྔ་བདག་ཉིད། །སྲིད་པ་སྡུག་བསྔལ་ [92b] [92b.1]བདེན་པ་སྟེ། །དེ་ནི་འབྲས་བུ་ཤེས་པར་བྱ། །རྒྱུ་ནི་ཀུན་འབྱུང་བདེན་པ་སྟེ། །ལས་དང་ཉོན་མོངས་བདག་ཉིད་དོ། །བདེན་པ་དེ་གཉིས་ཟག་བཅས་ཏེ། །ཕྱི་མ་གཉིས་ནི་ཟག་པ་མེད། །ལས་དང་ཉོན་མོངས་ཡོངས་ཟད་ནས། །ཤིན་ཏུ་འང་འགོགས་པར་གྱུར་པ་ན། ། [92b.2]དམ་པའི་རྣམ་ཐར་མངོན་སུམ་དོན། །ཞི་བ་སྡུག་བསྔལ་ཟད་པ་ཡིན། །འཕགས་ལམ་ཡན་ལག་བརྒྱད་དེ་ནི། །གོམས་པས་ངེས་པར་འབྱིན་པའི་མཆོག །ཡང་དག་བསྟན་པ་ལ་སོགས་ཞེས། །ཡན་ལག་བརྒྱད་ལམ་ཐུབ་པས་གསུངས། །དེ་ཉིད་ཉན་ཐོས་མྱ་ངན་འདས། ། [92b.3]རང་སངས་རྒྱས་ཀྱི་བསྒོམ་པ་ཡང་། །ལུང་བསྟན་པ་ལ་མི་ལྟོས་པར། །རང་གི་སྔོན་གྱི་སྨོན་ལམ་གྱིས། །དོན་མངོན་བྱས་ནས་མྱ་ངན་འདས། །ལྷག་མར་བཅས་པའི་ལུས་ཀྱིས་སུ། །བདག་ཉིད་ཆེན་པོ་དེ་ཀུན་ནས། །བདག་དང་གཞན་དོན་ནུས་པ་ཉིད། །རང་གི་འདོད་ [92b.4]པ་བསྟེན་ནས་སུ། །མར་མེ་ལྟར་ཡོངས་མྱ་ངན་འདས། །འདི་ནི་འབྲིང་པོའི་སངས་རྒྱས་ཏེ། །བྱེ་བྲག་སྨྲ་བའི་གནས་པའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །དེ་དག་བདག་མེད་པ་རུ་ནི། །ཡང་དག་ཤེས་པའི་ཡུལ་དུ་ [92b.5]བྱས། །དམ་པའི་ཤེས་པ་གཉིས་ཀྱིས་ཚུལ། །མངོན་སུམ་དང་ནི་རྗེས་དཔག་སྟེ། །ཡུལ་གྱི་རང་གི་མཚན་ཉིད་ལ། །མངོན་སུམ་ལྐོག་ཏུ་གྱུར་པའོ། །ཡུལ་དང་དུས་ནི་ཉི་ཚེ་བ། །ཕྲ་རབ་རྡུལ་དང་སྐད་ཅིག་མས། །དོན་གྱི་བྱ་བ་ནུས་པའི་ཕྱིར། །དེ་ཉིད་དོན་དམ་ [92b.6]དངོས་པོ་ཡིན། །ནམ་མཁའ་ལ་སོགས་ལྟ་ཞོག་གི། །བྱ་བའི་དོན་ཀུན་འདོད་པ་ཡིས། །ཚད་མའི་ཡུལ་དུ་བྱས་ནས་སུ། །དེ་ཉིད་འདིར་ནི་ཡོངས་སུ་བརྟག །འདི་ལྟར་བུམ་པ་ལ་སོགས་གཟུགས། །རྟག་ཏུ་དོན་གྱི་བྱ་བྱེད་པ། །སོ་སོའི་སྐད་ཅིག་དེ་ཉིད་ལ། །རང་གི་ [92b.7]དངོས་པོ་ཉིད་བྱེད་པའོ། །བྱ་བའི་དོན་གཅིག་བྱས་ནས་ནི། །དེ་ཉིད་བྱེད་པ་མ་ཡིན་ལ། །བྱེད་པ་བྱེད་པར་མི་སྦྱོར་ཏེ། །བྱས་ན་དེ་ཉིད་གཞན་དུ་འགྱུར། །སྔ་མའི་རང་བཞིན་རྣམ་ཀུན་དུ། །སྐད་ཅིག་གཞན་གྱི་རྗེས་མི་འཇུག །སྐད་ཅིག་མ་ཡི་རྒྱུན་འདྲ་བས། །མངོན་ [93a] [93a.1]ཤེས་ལ་སོགས་སོ་སོར་གནས། །ད་ལྟར་མངོན་སུམ་གྱུར་པའི་དོན། །ཡོངས་སུ་གཅོད་པ་དེ་བཞིན་ཡང་། །དེ་ནི་རྣམ་པར་གཅོད་པ་སྟེ། །མངོན་སུམ་ལས་བྱུང་བསྒོམ་པ་ཡིན། །སྣང་བ་རྣམ་པར་ཉམས་ནས་ནི། །རྒྱུད་གཞན་དགོད་པ་མ་ཡིན་ཏེ། །བསྐྱེད་པ་ [93a.2]གཞན་ནི་འཇིགས་པས་ནི། །རང་རིག་རྒྱུ་ཡིས་ཉམས་པར་འགྱུར། །ཕྲ་རབ་རྡུལ་ནི་འདུས་པ་ལས། །རགས་པའི་གཟུགས་སུ་མཐོང་བ་ཡི། །ལུས་ལ་ཤིང་དང་ས་ལ་སོགས། །རགས་པ་ཅུང་ཟད་གཅིག་པ་མིན། །ཇི་ལྟར་དེ་བཞིན་བདེ་དང་སྡུག །བུམ་པ་ལ་སོགས་ [93a.3]སོ་སོར་རོ། །གཅིག་ལ་བསྐྱོད་དང་དམར་བས་སུ། །ཀུན་བསྐྱོད་པ་དང་དམར་པོར་འགྱུར། །གཅིག་ལ་གཡོ་བར་གྱུར་པ་ཡིས། །ལུས་ཀུན་ཁྱབ་འགྱུར་དེ་བཞིན་ནོ། །འོན་ཀྱང་ཆ་ཤས་བསྐྱོད་སོགས་པས། །ཡན་ལག་ཅན་ལ་མིན་ཞེ་ན། །ཡན་ལག་ཅན་ཉིད་མི་ [93a.4]བསྐྱོད་ན། །ཇི་ལྟར་ཡུལ་གཞན་ཐོབ་པར་འགྱུར། །རྡུལ་ཕྲན་འདུས་པས་ཕྱི་རོལ་གྱི། །སྣང་བ་སྐད་ཅིག་གང་ཡིན་པ། །ཤེས་པ་རང་གི་རྣམ་པ་ནི། །སྐྱེས་པས་ཡུལ་ཉིད་ཐོབ་པར་འགྱུར། །དེ་ཉིད་ཙམ་གྱི་སྤྱོད་ཡུལ་གྱིས། །ཐམས་ཅད་མཁྱེན་པ་ཐོབ་མིན་ཏེ། ། [93a.5]ཚོགས་པ་གཅིག་ལ་རག་ལས་པས། །རྒྱུ་ནི་དབང་པོ་དང་མཉམ་འགྱུར། །ཕྱེད་དང་མ་ཕྱེད་རྣམ་བརྟགས་པས། །ཤེས་པའི་བྱེ་བྲག་སྐྱེས་དོན་མེད། །བེམས་པོ་བེམས་མིན་རྣམ་བརྟགས་པས། །ཀུན་ནས་སྐྱེ་བ་ཡོད་མ་ཡིན། །འཕགས་པའི་བདེན་པ་བཞི་པོ་ཡང་། །འདི་ [93a.6]ལ་བློ་དང་ལྡན་པས་བསྒོམ། །ཡང་དག་རྫོགས་པའི་བྱང་ཆུབ་སེམས། །ཚོགས་མ་རྫོགས་ན་ཡོད་མ་ཡིན། །མངོན་དུ་བྱེད་པ་མི་བྱ་སྟེ། །བྱས་ན་ཐེག་པ་དམན་པར་གྱུར། །ཟབ་མོའི་རིམ་ལ་གོམས་པ་ཡིས། །བྱང་ཆུབ་རྩ་བ་སྙིང་རྗེ་ཡིན། །སྙིང་རྗེ་རྩ་བ་རབ་སྦྱོར་ [93a.7]བས། །བྱེ་བྲག་སྨྲ་བའང་དེ་བཞིན་ཏེ། །ཐེག་ཆེན་རིམ་པས་གོམས་པ་ཡིས། །རྫོགས་པའི་བྱང་ཆུབ་ཅིས་མི་འགྱུར། །གཞན་དུ་མདོ་སྡེ་པས་རྟོགས་པའི། །བློ་དེ་ཇི་ལྟར་ཐེག་ཆེན་ཡིན། །གང་ཕྱིར་དབུ་མ་དང་བྲལ་བས། །དེ་ལའང་སངས་རྒྱས་ཡོད་མ་ཡིན། ། [93b] [93b.1]གནས་པ་ཙམ་གྱི་བྱེ་བྲག་གིས། །ཐེག་པ་ངེས་པ་མེད་པའི་ཕྱིར། །ཤེས་རབ་འབའ་ཞིག་དགྲ་བཅོམ་དང་། །དབུ་མ་པས་ཀྱང་མཐོང་བའོ། །ཐེག་ཆེན་སྙིང་རྗེ་སྦྱོར་བ་ལས། །སྦྱིན་སོགས་ལམ་ནི་ལྷག་པར་འགྱུར། །སྡུག་བསྔལ་ལ་སོགས་བདེན་པ་རྣམས། །གནས་ [93b.2]པའི་དབྱེ་བ་གཞན་དུ་འགྱུར། །གལ་ཏེ་ཆུང་ངུ་འབྲིང་སོགས་པའི། །དབྱེ་བ་ཕྱེ་སྟེ་རབ་བརྟགས་ནས། །དེ་ནི་སོ་སོ་རྣམ་པ་དགུ། །དེ་ནི་ཐེག་པ་གནས་པར་ཕྱེ། །མདོ་སྡེ་པ་ཡི་གནས་པ་བསྡུས། །རྡུལ་ཕྲན་ཆ་ཤས་མེད་པའི་ཕྱིར། །ཕན་ཚུན་ཡང་དག་སྦྱོར་བ་ [93b.3]མེད། །ཐམས་ཅད་འབྲལ་མེད་བདག་ཉིད་པས། །རགས་པ་ཅུང་ཟད་ཙམ་ཡང་མེད། །དབང་པོ་ལས་འདས་རང་རྒྱུད་པས། །འདུས་པ་ཡང་ནི་དེ་བཞིན་ནོ། །གལ་ཏེ་རགས་པའི་ཆོས་ཀྱི་དོན། །ཤེས་པ་ཇི་ལྟར་དངོས་མེད་འགྱུར། །ཕྱེ་དང་མ་ཕྱེ་རབ་བརྟགས་པས། ། [93b.4]དོན་གྱི་ཆོས་དེ་མེད་པ་སྟེ། །ཕྲ་མོའི་དབྱེ་བས་བྱེ་བ་ནི། །རྫས་དེ་ཇི་ལྟར་རགས་པ་ཡིན། །དངོས་དང་དངོས་མེད་འགལ་བས་ན། །ཕྱེ་དང་མ་ཕྱེ་གཅིག་པ་མེད། །འགུལ་དང་མི་འགུལ་སོགས་སྐྱོན་པས། །གཅིག་ལའང་ཆ་ཤས་ཡོད་མ་ཡིན། །ཕྱོགས་དང་སྣམ་སོགས་ [93b.5]བྱེ་བྲག་གིས། །སྒྲུབ་པའི་དོན་ལ་ངེས་པ་མེད། །གང་ཕྱིར་འདི་དོན་དངོས་མེད་དེ། །རྨི་ལམ་གཟུགས་བརྙན་ལ་སོགས་བཞིན། །སྔོན་པོ་ལ་སོགས་དོན་མེད་ཕྱིར། །རྣམ་པར་ཤེས་པ་འཐད་མ་ཡིན། །སྣ་ཚོགས་རྣམ་པར་སྣང་བས་ན། །ཇི་སྲིད་སྔོ་སོགས་གཅིག་པ་ [93b.6]མིན། །ཕན་ཚུན་འཐད་པ་མ་ཡིན་པས། །རྣམ་ཤེས་སྣ་ཚོགས་མ་ཡིན་ནོ། །བག་ཆགས་སྟོབས་ཀྱིས་གཟུང་བ་དང་། །འཛིན་པ་ལྟ་བུར་ཕྱེ་བའི་ཕྱིར། །སྣང་བའི་བྱེ་བྲག་སྔོན་པོ་སོགས། །བདེན་མིན་འཁྲུལ་པས་རྣམ་པ་མེད། །འགྲོ་བ་རྣམ་རིག་ཙམ་དུ་ནི། །དེ་ [93b.7]བཞིན་བཅོམ་ལྡན་འདས་ཀྱིས་གསུངས། །དེ་ལྟར་བུས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་རབ་ཏུ་སྣང་བར་འཇུག །རྣམ་པ་མེད་པར་མོས་པ་ཡིས། །གསུམ་པོ་དམིགས་པ་མེད་པ་ [94a] [94a.1]སྟེ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །སོ་སོར་འཁོར་གསུམ་རྩེ་གཅིག་བྱ། །ཐོས་དང་བསམས་པ་ལས་བྱུང་དང་། །བསྒོམས་པ་ལས་སྐྱེས་ཤེས་རབ་ནི། །བསམ་གཏན་ལས་སྐྱེས་རྣལ་འབྱོར་གྱིས། །ཞི་གནས་དང་ནི་ལྷག་མཐོང་ [94a.2]ངོ་། །བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕ་རོལ་དོན་དུ་མི་བརྟག་གོ། །དེ་བཞིན་ཉིད་ལ་གནས་བཅས་ནས། །སེམས་ཅན་ལས་ཀྱང་འབྲང་བར་བྱ། །སེམས་ཙམ་ཉིད་ལ་འདས་ནས་སུ། །སྣང་བ་མེད་ལས་འདའ་བར་བྱ། ། [94a.3]སྣང་མེད་གནས་པའི་རྣལ་འབྱོར་པ། །དེས་ནི་ཐེག་པ་ཆེན་པོ་མཐོང་། །འཇུག་པ་ལྷུན་གྱིས་གྲུབ་ཅིང་ཞི། །སྨོན་ལམ་རྣམ་པར་དག་ནས་ནི། །ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་པ་མཐོང་བ་ཡིན། །ཞེས་གསུངས་སོ། །སྣ་ཚོགས་གསལ་བ་དེ་ཉིད་ཀུན་དུ་ [94a.4]བརྟགས་པ་སྡུག་བསྔལ་ཏེ། །ཀུན་འབྱུང་གི་ནི་བག་ཆགས་གཞན་གྱི་དབང་གིས་རང་བཞིན་ནོ། །སྦྱིན་པ་ལ་སོགས་ལམ་ཉིད་ཡོངས་སུ་རྫོགས་པ་འགོག་པ་སྟེ། །རྫོགས་པར་ཡོངས་སུ་གྲུབ་པ་རྣམ་མེད་རྣམ་པར་རིག་པ་ཙམ། །རྣལ་འབྱོར་སྤྱོད་པའི་ལམ་རྣམ་པ་མེད་ [94a.5]པའི་གནས་པ་བསྡུས་པའོ།། །།གང་གང་ཅུང་ཟད་སྣང་བ་ནི། །དེ་དེ་སེམས་ལ་ཤིན་ཏུ་གསལ། །ཇི་ལྟར་དེ་བཞིན་རྨི་ལམ་སེམས། །གཟུགས་ལ་སོགས་པ་སོ་སོར་སྣང་། །ཇི་ལྟར་སོ་སོར་སྣང་བའི་སེམས། བག་ཆགས་ལ་ནི་རྣམ་གནས་པ། །ཅི་སྟེ་དོན་ [94a.6]མེད་རྣམ་ཤེས་ནི། །ཇི་ལྟར་གཞན་ལས་ཤེས་པར་འགྱུར། །དོན་གྱི་སྣང་བའི་ཕྱི་རོལ་ན། །བསེ་རུ་ལྟ་བུར་ཐུབ་པས་གསུངས། །གཟུང་དང་འཛིན་པ་སྟོང་པར་ནི། །སྣང་མེད་པ་དག་འདོད་པ་ཡིན། །རྣམ་ཤེས་སོ་སོར་སྣང་བས་ན། །སྔོན་པོ་ལ་སོགས་དོན་མེད་དེ། ། [94a.7]དེ་ཕྱིར་ཀུན་གྱིས་རྣམ་པ་བསྒོམ། །མི་རྟོག་སྙིང་རྗེ་ཆེན་པོ་ཡིན། །ཀུན་འབྱུང་བག་ཆགས་བསྟན་པ་ནི། །སྦྱིན་པ་ལ་སོགས་བག་ཆགས་སྤང་། །སྡུག་བསྔལ་ཐམས་ཅད་འགོག་པ་ཡང་། །སྣ་ཚོགས་གཉིས་སུ་མེད་པས་མཐོང་། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། ། [94b] [94b.1]གཟུང་དང་འཛིན་པ་སྟོང་པ་ཉིད། །གསལ་བར་བྱེད་པའི་ཆོས་སྐུ་ལས། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་འཕྲོ། །གཟུང་བ་ལ་སོགས་མེད་པའི་དངོས། །སྣང་བའི་བག་ཆགས་ཡོད་མ་ཡིན། །དེ་བཞིན་གཉིས་ཀ་ཡོད་མ་ཡིན། །གཟུགས་ལས་གཞན་དུ་མི་རྟོག་གོ། །མཐའ་ [94b.2]བཞི་ལས་ནི་རྣམ་གྲོལ་བའི། །དངོས་པོ་འདི་ནི་མེད་པ་མིན། །རྣམ་པར་མི་རྟོག་རང་བཞིན་ཡང་། །ཡེ་ཤེས་རང་རིག་ཉམས་མྱོང་ཡིན། །རྣལ་འབྱོར་སྤྱོད་པའི་ལས་རྣམ་པ་དང་བཅས་པའི་གནས་པ་བསྡུས་པའོ།། །།མུ་སྟེགས་སངས་རྒྱས་པར་མ་བཏུས། ། [94b.3]གསུམ་ནི་མེད་པར་མི་འདོད་པས། །ལེགས་ཤིང་མཛེས་པ་དམ་པའི་ཆོས། །མེད་པར་གནས་པའི་སྡིག་པ་ཡིན། །དབུ་མ་ཆེན་པོའི་རང་བཞིན་ཉིད། །གནས་པ་ཐམས་ཅད་རྣམ་སྤངས་པ། །བཏུད་དེ་གནས་པ་ཟད་བྱེད་ཉིད། །ལུང་དང་རིགས་པས་བཤད་པར་ [94b.4]བྱ། །ཁམས་རྣམས་ཉིད་ལས་གྲུབ་པ་གང་། །རྐྱེན་ལས་སྐྱེས་པ་སྐད་ཅིག་མ། །གཅིག་དང་དུ་མ་དང་བྲལ་བས། །དེ་ཉིད་དངོས་པོ་མེད་པ་ཡིན། །དེ་ཡང་ལུས་ལ་རྐང་ལག་དང་། །མགོ་དང་རྒྱབ་སོགས་ཕྱེ་བ་ལས། །ལག་པ་ལ་སོགས་གཅིག་ཀྱང་མེད། །སོ་སོར་ [94b.5]ཕྱེ་བས་བྱུང་བ་ཡིན། །ཇི་སྲིད་དེ་ཡི་ཆ་ཕྱེ་སྟེ། །རྡུལ་ཕྲན་རྣམ་པར་དཔྱད་པ་ནི། །ལུས་པོ་ཉིད་ནི་བཤད་པ་ལས། །རྟེན་དང་བརྟེན་པ་ལ་སོགས་ཤེས། །གཅིག་གི་དངོས་པོ་བགག་པས་ན། །དུ་མའང་ཡོད་པ་མ་ཡིན་ནོ། །རྨི་ལམ་དང་ནི་མཉམ་གནས་པར། ། [94b.6]སྔོན་དུ་བཀག་པ་ཉིད་ཀྱིས་མིན། །ཤེས་པའི་རང་བཞིན་མེད་པའི་ཕྱིར། །རིག་པ་ཉིད་དང་འགལ་བ་མིན། །གང་ཕྱིར་སྤྱི་ཡི་གཏན་ཚིགས་ཀྱིས། །བརྗོད་པ་དམ་པའི་ཚུལ་ཡིན་ནོ། །ཀུན་རྫོབ་དོན་བྱེད་ནུས་པ་ཡི། །སྣ་ཚོགས་འདི་ནི་རང་བཞིན་མེད། །དེ་ནི་ཤེས་དང་ཤེས་ [94b.7]བྱ་ཉིད། །ཁོ་བོས་ཅི་ཞིག་ཡོངས་སུ་བརྟག །གཟུགས་སོགས་སོ་སོར་སྣང་བ་ནི། །དེ་ཉིད་རྣམ་པར་ཤེས་པ་ལ། །དེ་ལྟར་སྒྲུབ་ཐབས་ལྟ་བུ་སྟེ། །བློ་ལྡན་རིགས་པས་མི་འགྲུབ་མེད། །ཀུན་རྫོབ་ཏུ་ནི་སྐྱེ་བ་དང་། དེ་ནི་སྐྱེ་བ་མེད་པའི་དོན། །དེ་ཕྱིར་སྐྱེ་བ་མེད་པའི་ [95a] [95a.1]སེམས། །རང་བཞིན་མེད་པའི་ཕྱིར་བཞིན་ནོ། །སྐྱེ་བ་གྲུབ་པས་ཡོད་པ་ཡིན། །ཡོད་པ་ཡིན་པས་མེད་པའང་མེད། །རྒྱུ་ཡི་དངོས་པོ་མེད་པས་ན། །རང་བཞིན་གཞན་ལས་སྐྱེ་བ་མིན། །ཇི་ལྟར་གཟུགས་བརྙན་འབྱུང་བ་ལྟར། །བདེན་ [95a.2]མིན་བརྫུན་པ་མ་ཡིན་གཟུགས། །དེ་ཉིད་ཆོས་རྣམས་ཐམས་ཅད་དེ། །རང་བཞིན་རིག་པ་རྣམས་ཀྱི་ལུགས། །འདུས་པ་མཁར་དང་གོས་ལ་སོགས། །བརྩམས་པ་ཀུན་རྫོབ་དངོས་པོ་སྟེ། །འདི་ནི་རང་བཞིན་མ་སྐྱེས་པས། །འདུས་པ་ཉིད་ཀྱང་དེ་བཞིན་ནོ། །དེ་ཕྱིར་བཅོམ་ [95a.3]ལྡན་འདས་ཉིད་ཀྱིས། །འགྲོ་བ་འདི་དག་མིང་ཙམ་གསུངས། །གཞན་གྱིས་སྨྲས་པ་འདི་དག་ཀུན། །བདག་གིས་ལེགས་པར་བརྗོད་པ་ཡིན། །ཕྱོགས་ནི་སྔ་མར་བརྗོད་པ་དག །འདི་ནི་བློ་གྲོས་རྣམ་པར་གསལ། །ཏཱུདེ་ཡི་བློ་གྲོས་བསལ་ནས་སུ། །རང་གི་ཕྱོགས་ནི་ [95a.4]བདག་གིས་བཤད། །ཇི་ལྟར་མེ་ལོང་ལ་གཟུགས་བརྙན། །གཅིག་དང་གཞན་ཉིད་སྤངས་པ་ལྟར། །སྣང་ལས་གཞན་ན་ཡོད་མིན་ཏེ། །དེ་ལྟར་དངོས་པོའི་རང་བཞིན་ནོ། །འཇིག་རྟེན་སྒྱུ་མ་རྨི་ལམ་བཞིན། །རྒྱུ་དང་རྐྱེན་ནི་རྣམ་པར་སྤངས། །རྟག་ཏུ་རྒྱུན་མེད་པར་སྣང་ [95a.5]བས། །རྣམ་པར་རྟོག་པ་མི་འཇུག་གོ། །གང་ལ་དངོས་པོ་ཡོད་མིན་པས། །སེམས་ཙམ་དུ་ནི་རྟོགས་པར་བྱ། །ཇི་ལྟར་དངོས་པོ་མེད་པའི་སེམས། །སེམས་ཙམ་དུ་ནི་རིགས་པ་མིན། །གཟུང་དང་འཛིན་པའི་བྱེ་བྲག་གིས། །གལ་ཏེ་སེམས་ནི་འཇུག་པ་ན། །འཇིག་རྟེན་ [95a.6]པ་ཡི་སེམས་འདི་དག །སེམས་ཙམ་དུ་ནི་མི་རིགས་སོ། །ལུས་དང་ལོངས་སྤྱོད་དབང་པོ་ནི། །གལ་ཏེ་རྨི་ལམ་ལྟར་སྐྱེས་ན། །སེམས་ནི་གཉིས་སུ་འགྱུར་བ་སྟེ། །སེམས་ཀྱི་མཚན་ཉིད་གཉིས་མིན་ནོ། །གང་ཕྱིར་ཇི་ལྟར་རལ་གྲིའི་སོ། །ཇི་ལྟར་རང་གི་མཛུབ་རྩེ་ཡིས། ། [95a.7]མི་ཆོད་པ་དང་མི་རེག་པ། །དེ་བཞིན་སེམས་ཉིད་རང་སྣང་བའོ། །གཟུགས་བརྙན་བཞིན་དུ་སྣང་བའི་སེམས། །སྔོན་དུ་གོམས་པར་གྱུར་པའི་བློས། །ཇི་ལྟར་འབྱུང་བ་རྣམ་པར་མཐོང་། །དོན་གྱི་རྣམ་པ་དོན་ཡོད་མིན། །གང་ཟག་རྒྱུ་དང་ཕུང་པོ་དང་། །དེ་ [95b] [95b.1]བཞིན་རྐྱེན་དང་རྡུལ་ཕྲན་དང་། །གཙོ་བོ་དབང་ཕྱུག་བྱེད་པ་པོ། །སེམས་ཙམ་པོ་ལ་རྣམ་པར་བརྟགས། །ཕྱི་རོལ་དོན་མཐོང་ལོག་པ་སྟེ། །དོན་གཞན་མེད་པའི་སེམས་ཉིད་དོ། །རིགས་པས་ཡིད་ལ་བརྟགས་ནས་ནི། །གཟུང་དང་འཛིན་པ་འགོག་པའོ། །བློ་ [95b.2]ཡིས་རྣམ་པར་གཞིག་ན་ནི། །རང་བཞིན་ངེས་པར་གཟུང་དུ་མེད། །དེ་ནི་བརྗོད་དུ་མེད་པའི་ཕྱིར། །དངོས་པོ་མེད་པར་བསྟན་པ་ཡིན། །ཡིད་ལ་བློ་ཡིས་རྣམ་བརྟགས་ན། །གཞན་དབང་མེད་ཅིང་ཀུན་བརྟགས་མེད། །ཡོངས་སུ་གྲུབ་པའི་དངོས་མེད་ན། །ཇི་ལྟར་བློ་ [95b.3]ཡིས་རྣམ་པར་དཔྱད། །རང་བཞིན་མེད་ཅིང་རིག་བྱེད་མེད། །དངོས་མེད་གཞི་ཡང་ཡོད་མ་ཡིན། །ནུས་པ་རོ་དང་མཚུངས་པའི་ཕྱིར། །རྟོག་གེ་ངན་པས་འདི་དག་བརྟགས། །དངོས་པོ་མཚན་མ་རྣམ་རིག་གོ། །ཡིད་ལོག་གཡོ་བ་གང་ཡིན་ལས། །ང་ཡི་ལུས་ [95b.4]རྣམས་འདས་ནས་སུ། །རྣམ་པར་མི་རྟོག་པ་ཡིས་སྤྱོད། །དེ་བཞིན་ཉིད་དང་སྟོང་ཉིད་མཐའ། །མྱ་ངན་འདས་དང་ཆོས་ཀྱི་དབྱིངས། །སྐྱེ་བ་མེད་པའི་ཆོས་རྣམས་ནི། །དམ་པའི་དོན་གྱི་རང་བཞིན་ནོ། །ཕྱི་རོལ་དངོས་དང་དངོས་མེད་དེ། །སེམས་ཀྱིས་ཡོངས་སུ་ [95b.5]གཟུང་བ་མེད། །ལྟ་བ་ཐམས་ཅད་སྤངས་པ་གང་། །སྐྱེ་བ་མེད་པའི་མཚན་ཉིད་དོ། །གང་ཕྱིར་ཚོགས་པའི་རྐྱེན་ཡོད་ན། །འཇུག་པ་དང་ནི་ལྡོག་པར་འགྱུར། །ཚོགས་པ་སོ་སོར་གྱུར་ན་ནི། །སྐྱེ་བ་མེད་ཅིང་འགག་པ་མེད། །ཡོད་མེད་དངོས་ [95b.6]པོ་སྐྱེ་བ་མེད། །སེམས་ནི་ཡོད་མིན་མེད་པ་མིན། །གང་ཕྱིར་ལས་གཞན་འདུས་པ་ལས། །འཇུག་པ་དང་ནི་ལྡོག་པ་མིན། །གང་ཚེ་འཇིག་རྟེན་འདི་དག་ཀུན། །འདུས་པ་ཉིད་ནི་མཐོང་བ་སྟེ། །ཚོགས་པ་ཙམ་པོ་འདི་ཉིད་ནི། །དེ་ཚེ་སེམས་ལ་མཉམ་པར་གནས། ། [95b.7]གང་ལ་ཅུང་ཟད་སྐྱེ་མེད་པས། །དགག་པ་ཅུང་ཟད་ཡོད་མ་ཡིན། །དེ་ནི་ཡོད་དང་མེད་མིན་ཏེ། །འགྲོ་འདི་བརྗོད་དུ་མེད་པར་བལྟའོ། །ཟུང་དུ་འཇུག་པ་ཡོངས་ཤེས་ན། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེ། །མཁས་པས་ཀུན་རྫོབ་དེ་ཉིད་ཀྱང་། །མི་སྤང་པར་ནི་སྤྱད་ [96a] [96a.1]པར་བྱ། །གང་ཕྱིར་ཀུན་རྫོབ་ལོག་ན་ནི། །དེ་ཕྱིར་དེ་ཉིད་ཅི་ཡང་མེད། །ཀུན་རྫོབ་ཉིད་ཀྱིས་སྐྱེ་བ་གང་། །དེ་ཉིད་སྐྱེ་བ་མེད་པའི་དོན། །འདི་ནི་ཟུང་འཇུག་མཚན་ཉིད་དེ། །རྐྱེན་ལས་སྐྱེས་པའི་མཚན་ཉིད་དོ། །དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས། ། [96a.2]ཤེས་རབ་ཕ་རོལ་ཕྱིན་པའི་མཆོག །ཡང་དག་མཐའ་དང་སྐྱེ་བ་མེད། །མི་དམིགས་པ་དང་མྱ་ངན་འདས། །སྟོང་ཉིད་མཚན་མ་མེད་པ་དང་། །སྨོན་པ་མེད་དང་འདུས་མ་བྱས། །རྨི་ལམ་སྒྱུ་མ་ལ་སོགས་དཔེ། །དེ་ཉིད་རྒྱལ་བ་རྣམས་ཀྱིས་བསྒྲུབས། །ཐེག་ཆེན་འདི་ནི་ [96a.3]མཆོག་ཡིན་ཏེ། །ངེས་དོན་མདོ་སྡེར་བསྡུས་པ་ཡི། །མདོ་སྡེ་ལྟ་ཞིང་ཉན་པ་ལ། །འདི་ལྟར་འབད་པས་བསམ་པར་བྱ། །སྙིང་རྗེ་སེམས་ཅན་ལ་བསྐྱེད་དེ། །བྱང་ཆུབ་སེམས་ནི་བརྩོན་བྱས་ནས། །བྱང་ཆུབ་སྡོམ་གནས་བརྩོན་ཆེན་པོས། །རང་བཞིན་མེད་པ་བསྒོམ་པར་བྱ། ། [96a.4]འཕགས་པའི་ལམ་བརྒྱད་ལ་གནས་ཏེ། །སྦྱིན་དང་ཚུལ་ཁྲིམས་སོགས་ལ་འབད། །མཁས་རྣམས་གང་ཕྱིར་བདེན་གཉིས་གཉིས་མེད་འདིས། །ཇི་ལྟར་དེ་ཉིད་དོན་དེ་ཆད་པ་ལྟ་བུར་ནི། །མངོན་སུམ་གྲུབ་པ་སྐྱེ་དང་འགག་པའི་སྣོད་ཡིན་ཏེ། །གལ་ཏེ་དོན་སྐྱེས་རྣམ་པར་ [96a.5]ཉམས་པའི་སྐྱོན་ཡིན་ནོ། །གང་ཕྱིར་ཇི་ལྟར་མེ་ལོང་ནང་དུ་གཟུགས་བརྙན་མཐོང་། །རིགས་པས་བརྟགས་པའི་སྟོབས་ཀྱིས་དེ་མེད་དེ་མཐོང་མེད། །ཕྱི་ཡི་དོན་མེད་འདི་ཡང་མེད་དེ་རྣམ་པ་སྣ་ཚོགས་སེམས། །འོན་ཀྱང་རྟེན་འབྲེལ་དག་ལ་རིགས་པས་འགལ་བ་མེད། ། [96a.6]འདི་ནི་དབུ་མའི་གནས་སུ་བསྡུས་པའོ། །དེ་ལྟར་མཐའ་བཞི་རྣམ་སྤངས་པ། །བརྟགས་ཏེ་བརྟན་པར་བྱས་ནས་སུ། །སྐྱེ་བ་མེད་ཅིང་གནས་པ་མེད། །འགག་པ་མེད་ཅིང་མཚན་ཉིད་མེད། །རང་རིག་རྐྱེན་ལས་སྐྱེས་པ་སྟེ། །དེ་ཉིད་ཕ་རོལ་ཕྱིན་པའི་ཚུལ། །ཕྱག་རྒྱ་ [96a.7]བཞི་ཡི་རང་བཞིན་ལུང་། །སྔགས་ཀྱི་ཚུལ་ལ་བསྟེན་ནས་སུ། །བླ་མའི་ཁྱད་པར་མྱོང་པ་ཡིན། །མ་བརྟགས་པར་ཡང་སོམ་ཉི་མེད། །སྟོང་པ་ཉིད་ནི་རང་རིག་སྟེ། །ཐབས་དང་ཤེས་རབ་བདེ་ཆེན་པོ། །འབྲས་གནས་བཞིན་དུ་རྩོད་པ་མེད། །བྱང་ཆུབ་སེམས་ [96b] [96b.1]ནི་རྣམ་པར་བསྒོམ། །དེ་སྐད་དུ་ཡང་། གསང་སྔགས་ཚུལ་དེ་ཤེས་པ་ཡིས། །སྔགས་ཀྱི་ལུགས་ཀྱི་ཁྱད་པར་གསུངས། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་བསྟན་བཅོས་ཁྱད་ [96b.2]པར་འཕགས། །གང་ཕྱིར་སྟོང་པ་རིག་པ་ཉིད། །ཡེ་ཤེས་རང་བཞིན་སྐད་ཅིག་མ། །གང་ཕྱིར་རྡོ་རྗེ་སེམས་དཔར་ངེས། །ཕུང་པོ་དེ་བཞིན་གཤེགས་པར་རྟོགས། །རིགས་པའི་སྟོབས་ཀྱིས་གཞག་པ་གང་། །མ་བརྟགས་པ་རུ་སྦྱོར་བ་དོན། །ཅི་སྟེ་ཡོངས་ [96b.3]སུ་བརྟག་བྲལ་བ། །སྔགས་ཀྱིས་ཚུལ་དང་བྲལ་ན་ནི། །རྣམ་པ་ཀུན་དུ་དཔེ་མེད་ན། །ཟག་པ་མེད་པའི་བདེ་བ་ཆེ། །ལྷ་ཡི་ང་རྒྱལ་བལྟ་བྱས་པ། །ཇི་ལྟར་སྟོང་ཉིད་ཉམས་སུ་མྱོང་། །ལས་ཀྱི་ཕྱག་རྒྱ་ལེགས་གྲུབ་ནས། །ཆོས་ཀྱི་ཕྱག་རྒྱ་རབ་ཕྱེ་བས། །ཕན་ཚུན་ [96b.4]རེ་བ་མེད་ན་ནི། །དམ་ཚིག་འབྲས་བུ་ཇི་ལྟར་ཡིན། །ཐབས་ནི་མང་པོ་རྣམས་ཀྱིས་སུ། །ཉམས་སུ་མྱོང་བའི་ཁྱད་པར་དང་། །ལས་དང་ཆོས་དང་ཕྱག་རྒྱ་ཆེ། །དབྱེ་བ་གཞན་དུ་ཇི་ལྟར་ཡིན། །ཤིན་ཏུ་དབང་པོ་རྣོན་པོ་ཡིས། །སྟོང་ཉིད་ཉམས་སུ་མྱོང་བ་ཡང་། །བདེ་ [96b.5]ཆེན་མངོན་པར་བྱང་ཆུབ་ལ། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །དེར་ནི་ཤིན་ཏུ་བདེ་བ་ཉིད། །དེ་ལྟར་ཐབས་ཀྱི་དངོས་པོ་ཡིས། །དང་པོའི་དུས་ལ་གོམས་པ་ལས། །གཞན་དུ་ཇི་ལྟར་དཀའ་བ་མིན། །ཕ་རོལ་ཕྱིན་པ་ཀུན་བདག་ཉིད། །བསྒོམ་པའི་སྟོབས་ནི་རྫོགས་ [96b.6]པ་ན། །རྫོགས་པའི་བྱང་ཆུབ་གྲུབ་པ་ལ། །དབང་པོ་རྣོན་པོས་ཅིས་མི་འགྲུབ། །ལྷན་ཅིག་སྐྱེས་དགའ་རྟོགས་པའོ། །ཨེ་བཾ་ལས་ནི་ཕྱག་བྱས་ནས། །ཕྱག་རྒྱའི་རང་བཞིན་མདོར་བསྡུས་པ། །སྔགས་ཀྱི་ཐེག་པ་བཤད་པར་བྱ། །ཤེས་རབ་སྤྲུལ་པའི་གཟུགས་ཅན་ [96b.7]མ། །ལས་ཀྱི་ཕྱག་རྒྱ་བདག་མེད་ཉིད། །ལུས་དང་ངག་དང་སེམས་ཀྱི་ལས། །ཡེ་ཤེས་གཙོ་བོའི་རང་བཞིན་ནོ། །གང་ཕྱིར་དེ་ལས་ཤེས་པ་གང་། །དགའ་བ་ལ་སོགས་རིམ་སྐྱེས་པ། །དབུས་སུ་རྣམ་པར་ཤེས་པ་སྟེ། །དེ་ནི་ཤེས་རབ་ཡེ་ཤེས་བརྗོད། །རྣམ་ [97a] [97a.1]བཅས་དང་ནི་རྣམ་པ་མེད། །དེ་བཞིན་དབུ་མའི་རྟོག་པའོ། །ཇི་ལྟར་མོས་པའི་ཡེ་ཤེས་ནི། །མན་ངག་གིས་ནི་ཐོབ་པར་འགྱུར། །གསུམ་པའི་ལྷན་ཅིག་སྐྱེས་པར་རྟོགས། །བཙན་ཐབས་དབང་གིས་བཞི་པ་སྟེ། །རླུང་གི་བཀོད་པས་སྣ་རྩེལ། །མི་ [97a.2]འགྱུར་བ་ཡི་སྦྱོར་བ་ཡིན། །ཇི་ལྟ་ཇི་ལྟར་བདེ་ཡེ་ཤེས། །ཐབས་ཀྱིས་རབ་ཏུ་བསྒྲུབ་པ་ཡིན། །དེ་ལྟ་དེ་ལྟར་རྟོགས་པ་སྟེ། །རྟོག་པ་ལྷན་ཅིག་སྐྱེས་པ་མཆོག། །གང་ཕྱིར་འབྲས་བུ་འདྲ་བའི་དབང་། །བཙན་ཐབས་ལྷན་ཅིག་སྐྱེས་པར་འདོད། །ཡུན་རིང་དུས་སུ་འབྲལ་མེད་ [97a.3]གནས། །མ་བཅོས་པ་ཡི་ཚོགས་ཡིན་ནོ། །དེ་གསུངས་པ། དགའ་བ་ཁུ་བ་འབབ་པ་སྟེ། །གཙུག་ཏོར་སྨིན་ཕྲག་པདྨའི་ཚལ། །མགྲིན་པ་སྙིང་གར་མཆོག་དགའ་སྟེ། །དེ་ནས་དགའ་བ་བྲལ་བར་འགྱུར། །སྣ་ཚོགས་རོལ་མོས་ལྟེ་བ་ནས། །ཇི་སྲིད་གསང་བའི་ [97a.4]པདྨར་སོན། །དེ་སྲིད་གསང་བའི་ནོར་བུ་ནས། །མ་འཕྲོས་བར་དུ་ལྷན་ཅིག་སྐྱེས། །མི་གནས་པ་ཡི་མྱ་ངན་འདས། །འདོད་ཆགས་ཆེན་པོའི་ཁྱབ་བདག་གཙོ། །མ་འཕྲོས་བདེ་བ་ཆགས་བྲལ་ཏེ། །འདི་ནི་མྱ་ངན་འདས་པར་གནས། །ཆགས་བྲལ་ལས་ནི་ [97a.5]སྡིག་པ་མེད། །བདེ་བ་མཆོག་ལས་བསོད་ནམས་མེད། །དེ་ཕྱིར་མི་འགྱུར་བདེ་བའི་སེམས། །རྟག་ཏུ་དེར་གནས་མོས་པར་བྱ། །འཕོ་བ་ལས་ནི་ཆགས་བྲལ་འབྱུང་། །ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང་། །སྡུག་བསྔལ་བས་ནི་ཁམས་ཟད་དེ། །ཁམས་ཟད་ [97a.6]པས་ནི་འཆི་བར་འགྱུར། །ཤི་ནས་དེ་དག་བཞིན་དུ་འང་འབྱུང་། །སྲིད་པར་འཆིང་ཞིང་སྐྱེ་བ་སྟེ། །དེ་ཕྱིར་འབད་པས་ཐམས་ཅད་ཀྱིས། །ཆགས་པ་དོར་བ་རྣམ་པར་སྤངས། །ཆགས་བྲལ་འདོད་ལྡན་མ་ཡིན་ཏེ། །འདོད་པའི་སྦྱོར་ཐབས་འདི་འདོད་ན། །ང་ཡིས་བསྟན་པ་ [97a.7]རྒྱུན་དུ་ཡང་། །ཅི་སྟེ་རྣལ་འབྱོར་སྡུག་བསྔལ་བསྐྱེད། །བདེ་བ་མི་འགྱུར་རང་བཞིན་གྱིས། །མི་འགྱུར་མཆོག་ནི་བསྒྲུབ་པར་བྱ། །རྟེན་ནི་ཤོར་བར་གྱུར་པ་ཡིས། །རྟེན་པ་ཆགས་དང་བྲལ་བ་ཡིན། །སྤྱི་བོར་རྒྱས་པའི་ཐིག་ལེ་ནི། །ཤེས་རབ་ཆགས་ལས་ཞུ་བར་ [97b] [97b.1]འགྱུར། །གང་བར་གནས་པའི་གོ་འཕང་ནི། །བཅིངས་པ་དམ་པའི་དོན་ཡིན་ནོ། །ཇི་ལྟར་ཟླ་བ་འཆར་བའི་རིམ། །འཕེལ་བའི་དུས་ཀྱིས་རྫོགས་པར་འགྱུར། །དེ་བཞིན་སེམས་བསྐྱེད་རིམ་པ་ནི། །འཕེལ་བའི་དུས་ཀྱིས་རྫོགས་པ་ཡིན། །དེ་ནི་གཙུག་ནས་ [97b.2]བྱུང་ནས་སུ། །རྡོ་རྗེ་ནོར་བུ་གང་བར་འགྱུར། །དེ་ནི་ཆགས་དང་བྲལ་ན་ཉམས། །རྡོ་རྗེ་རྩེ་མོར་རབ་རྒྱས་འགྱུར། །བདེ་ཆེན་རང་བཞིན་འདི་ཉིད་ནི། །རྫོགས་པའི་སྒྲ་ཡིས་བསྟན་པ་ཡིན། །རྫོགས་པ་མི་བསྐྱོད་གྱུར་པ་ཡིན། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཇི་ལྟར་ཆུ་ཡི་ཆུ་སྣ་ཚོགས། ། [97b.3]རྒྱ་མཚོ་ཆེན་པོར་རོ་མཉམ་འགྱུར། །དེ་བཞིན་དངོས་པོ་སྣ་ཚོགས་ཀྱང་། །མི་འགྱུར་བ་དེར་ཉམས་པར་འགྱུར། །ཇི་ལྟར་ཁམས་རྣམས་འདུས་པ་ཉིད། །གང་ཞིག་དངུལ་ཆུས་ཕུག་པ་ལྟར། །དངོས་པོ་སྣ་ཚོགས་ [97b.4]འདི་དག་ཀྱང་། །མི་འགྱུར་མཆོག་གིས་ཟ་བ་ཡིན། །མི་འགྱུར་མཆོག་གི་བདག་ཉིད་ཀྱིས། །རྣམ་པ་ཀུན་གྱི་རང་བཞིན་འཛིན། །སྟོང་པ་ལས་སྐྱེས་དངོས་པོ་རྒྱུ། །མི་འགྱུར་ལས་སྐྱེས་བདེ་འབྲས་བུ། །རྒྱུ་ལ་འབྲས་བུ་བདེ་རྒྱས་བཏབ། །འབྲས་བུ་ལ་ཡང་རྒྱུས་བཏབ། ། [97b.5]སྟོང་ཉིད་དངོས་པོ་འཛིན་པའི་རྒྱུ། །མི་འགྱུར་སྙིང་རྗེ་འཛིན་པས་འབྲས། །བྱང་ཆུབ་སེམས་དེ་མ་འཕོས་ན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ངོ་བོ་ཉིད་ཀྱིས་མ་སྐྱེས་པས། །འབྱུང་བ་ཟད་པར་མི་འགྱུར་ཏེ། །སྣ་ཚོགས་འདི་ནི་རང་བཞིན་ [97b.6]མེད། །དངོས་དང་དངོས་མེད་མཚན་ཉིད་གཅིག །ཡུལ་དང་དབང་པོའི་སྒོ་ཡིས་སུ། །སེམས་ནི་རྫོགས་པའི་རང་བཞིན་ཏེ། །གཞན་དུ་སྦྲུལ་གྱིས་ཟོས་པ་ཡི། །སྡུག་བསྔལ་ཚོར་བ་རིག་པ་མིན། །ཇི་ལྟར་ལྕགས་ཀྱི་ཕྱོགས་གཅིག་ན། །གང་ཕྱིར་གསེར་འགྱུར་རྩི་གནས་ [97b.7]པ། །འབར་བའི་མེ་ཡིས་བསྲེགས་ན་ནི། །ཐམས་ཅད་གསེར་དུ་འགྱུར་བ་ཡིན། །དེ་བཞིན་སེམས་ཀྱི་ཕྱོགས་གཅིག་ཏུ་འང་། །མི་འགྱུར་བདེ་ལ་ལེགས་གནས་པ། །འདོད་པའི་མེ་ཡིས་རབ་བསྲེགས་ནས། །ཐམས་ཅད་བདེ་བར་གྱུར་པ་ཡིན། །ཇི་ལྟར་ལྕགས་ནི་གསེར་ [98a] [98a.1]གྱུར་ན། །ནམ་ཡང་ནག་པོར་འགྱུར་བ་མིན། །དེ་བཞིན་སེམས་ཉིད་རྟོགས་པ་ཡང་། །ནམ་ཡང་བག་ཆགས་འགྱུར་བ་མིན། །གང་ཕྱིར་མེ་ཡིས་སྦྱངས་བའི་གསེར། །ལྕགས་སུ་གྱུར་པ་མ་ཡིན་ནོ། །དེ་བཞིན་ཕྱིར་ཞིང་ཕྱིར་ཞིང་སེམས། །འདོད་ [98a.2]ཆགས་མེ་ཡིས་དྲི་མ་མེད། །འདིར་མང་སྨྲ་བ་ཅི་ཞིག་དགོས། །འཇིག་རྟེན་ཀུན་རྫོབ་བདེན་པ་ལ། །ལྕགས་ནི་འགྱུར་བར་བྱེད་པ་ཡི། །རྩི་ཡི་རང་བཞིན་བསམ་མི་ཁྱབ། །དོན་དམ་པར་ནི་རབ་བརྟགས་ན། །གློ་བུར་དྲི་མས་གོས་པ་ཡི། །སེམས་ཉིད་རྟོགས་པར་གྱུར་པ་ན། །ཡེ་ [98a.3]ཤེས་རང་བཞིན་སྨོས་ཅི་དགོས། །ཇི་ལྟར་རྩི་ཡིས་བསྒྱུར་བའི་ལྕགས། །ལྕགས་ཀྱི་རྗེས་སུ་འགྲོ་བ་མིན། །དེ་བཞིན་བདེ་བས་བསྒྱུར་བའི་སེམས། །སྡུག་བསྔལ་ཉིད་དུ་འགྱུར་བ་མིན། །ཞེས་སོ། །ཡང་གསུངས་པ། རྡོ་རྗེ་དབྱིངས་ཕྱུག་མ་ཡི་རྩ། །བྷ་གའི་དབུས་ན་ [98a.4]རྣམ་པར་གནས། །འབད་པས་ཉེ་བར་ཐོབ་ནས་སུ། །བླ་མའི་བཀའ་ལ་གོམས་པ་ཡིས། །མཛུབ་མོ་ཅུང་ཟད་བསྐྱོད་པ་ཡིས། །ཕྱི་ནང་ལྕེ་དང་རྡོ་རྗེ་ཡིས། །རྩ་དེ་རྒྱས་པར་གྱུར་པ་ལས། །མཆོག་ཏུ་བདེ་བ་རབ་ཏུ་འབབ། །ཕ་རོལ་ཕྱིན་བཅུ་རྫོགས་པ་སྟེ། །སྟོབས་དང་དབང་ [98a.5]པོ་རྣམས་དང་ལྡན། །ས་བཅུ་ལས་ནི་འདས་ནས་སུ། །དེ་ལ་རྟགས་སུ་གྱུར་པ་མེད། །ཅེས་སོ། །ཡང་གསུངས་པ། གང་ཚེ་ཡེ་ཤེས་མཐོང་བ་ནི། །རྣལ་འབྱོར་པ་ནི་བདེ་བར་གནས། །འགྱུར་མེད་ཐུན་ནས་ཞག་གཅིག་གམ། །ཟླ་ཕྱེད་ཟླ་བ་ལོ་གཅིག་གམ། །བསྐལ་ [98a.6]པའམ་བསྐལ་པ་སྟོང་དུ་འམ། །ཡེ་ཤེས་མངོན་པར་སྦྱོར་བས་གནས། །ཡང་གསུངས་པ། །ཇི་སྲིད་རྣལ་འབྱོར་བྱང་ཆུབ་སེམས། །གཏོང་པར་བྱེད་པ་མ་ཡིན་པས། །དེ་སྲིད་རྒྱུན་མི་འཆད་པ་འཐོབ། །དགའ་བ་ལས་སྐྱེས་བདེ་བ་ཡི། །བྱང་ཆུབ་སེམས་དེ་ལྷུང་གྱུར་ན། ། [98a.7]དངོས་གྲུབ་ཀུན་གྱི་གཏེར་ཡིན་པས། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་ནས། །དངོས་གྲུབ་མ་སྨད་ག་ལ་ཡོད། །ཅེས་གསུངས་སོ། །ལས་དང་དམ་ཚིག་ཕྱག་རྒྱ་ཡི། །དུས་སུ་ལྷན་ཅིག་སྐྱེས་པ་རྟོགས། །ཆོས་ཀྱི་ཕྱག་རྒྱ་ཕྱག་རྒྱ་ཆེ། །གཉིས་ནི་ལྷན་ཅིག་སྐྱེས་པ་ [98b] [98b.1]མཆོག །བྱང་སེམས་བྲལ་ན་བདེ་བ་ཡིན། །བརྒྱ་ལམ་ན་ཡང་མི་འཐོབ་པོ། །བདེ་ཆེན་ཉིད་ནི་མ་གཏོགས་པ། །ནམ་ཡང་གསང་སྔགས་ཐེག་པ་མེད། །ཤེས་རབ་ཡེ་ཤེས་ཐོབ་པས་ན། །ལས་ཀྱི་ཕྱག་རྒྱ་ལྷན་ཅིག་སྐྱེས། །ཐ་མ་འབྲིང་སོགས་དབྱེ་བ་ཡིས། །དེ་ཉིད་རང་ [98b.2]བཞིན་དཀྱིལ་འཁོར་བསྒོམ། །ལས་ཀྱི་ཕྱག་རྒྱ་སྙོམས་འཇུག་པས། །དམ་ཚིག་དཀྱིལ་འཁོར་བསྒོམ་པར་བྱ། །ཐ་མས་བསྐྱེད་པ་བསྒོམ་པ་སྟེ། །ལས་ཀྱི་ཡན་ལག་དང་བྲལ་འབྲིང་། །རབ་ཀྱིས་ཀྱང་ནི་བསམ་བྱ་བ། །མྱུར་དུ་རྫོགས་པའི་དཀྱིལ་འཁོར་རོ། །ཆོས་ཀྱི་ [98b.3]ཕྱག་རྒྱ་བསྒོམ་པ་ནི། །ཐ་མས་རྩ་དང་ཡི་གེ་རིམ། །གཏུམ་མོའི་བྱེ་བྲག་འབྲིང་གིས་སོ། །མི་ཤིགས་པ་ནི་རབ་ཀྱིས་ཏེ། །ཐིག་ལེ་ཕྲ་སོགས་རྣལ་འབྱོར་པས། །བསྡུས་པ་རིག་པར་འདོད་པ་ཡིན། །རབ་ཀྱི་ཐ་མས་བསྒོམ་བྱ་ན། །ཁམས་གསུམ་པོ་ནི་གཞལ་ཡས་ [98b.4]ཁང་། །སེམས་ཅན་རྣམས་ནི་དཀྱིལ་འཁོར་བ། །རྣལ་འབྱོར་པ་ནི་དཀྱིལ་འཁོར་བདག །དེ་བཤད་པ། །འདི་ནི་གནས་གསུམ་མ་ཡིན་གཞལ་ཡས་ཁང་པ་ཡིན། །སྲོག་ཆགས་མ་ཡིན་འདི་ནི་རྒྱལ་བ་ཡིན། །འཁོར་ལོའི་བདག་པོ་ང་ཡིན་དབང་པོ་མ་ཡིན་ཏེ། ། [98b.5]ས་ལ་སོགས་པའང་མ་ཡིན་གཟུགས་ལ་སོགས་པའང་མིན། །ཆོས་ཉིད་བདག་ཉིད་དེ་ཉིད་དེས་ན་དཀྱིལ་འཁོར་པ་ཡང་ཡིན། །སྣ་ཚོགས་དཀྱིལ་འཁོར་འཁོར་ལོར་ཤེས་ན་ཅི་སྟེ་འཁྲུལ་པར་བྱེད། །ཅེས་བསྟན་ཏོ། །ཁམས་བཞི་དང་ནི་ཕུང་པོ་དག །ལྷ་མོ་ཡེ་ཤེས་ཧེ་རུ་ [98b.6]ཀས། །འཁོར་ལོ་རྒྱས་བཏབ་དེ་བཞིན་ཉིད། །རབ་ཀྱི་འབྲིང་པོའི་བསྒོམ་བྱ་བ། །སྣ་ཚོགས་བདག་མེད་དེ་བཞིན་ཉིད། །ཐབས་དང་ཤེས་རབ་སྟོབས་ཀྱིས་སུ། །ཟུང་འཇུག་ལྷུན་གྱིས་གྲུབ་པ་སྟེ། །དཀྱིལ་འཁོར་སྙིང་པོ་བསྡུས་པ་ཉིད། །སེམས་ནི་རྟོག་མེད་སྦྱོར་བས་ [98b.7]ཀྱང་། །སེམས་དེ་ཉིད་ནི་བརྟག་མི་བྱ། །ཀུན་ནས་ཐམས་ཅད་མཆོག་ཡིན་ཏེ། །རྣམ་མེད་དབང་པོའི་ཡུལ་ལས་འདས། །དངོས་དང་དངོས་མེད་རང་བཞིན་ཉིད། །དངོས་དང་དངོས་མེད་རྣམ་པར་སྤངས། །མཐའ་བཞི་ལས་ནི་རྣམ་གྲོལ་ཞིང་། །མཐའ་བཞི་དག་ནི་མཉམ་པར་ [99a] [99a.1]བརྟེན། །སྣ་ཚོགས་སྒྲོ་བཏགས་གནས་པ་མེད། །ཆགས་མེད་བདེ་བ་ཆེན་པོ་ཉིད། །འབྲས་བུ་དེ་ཉིད་མི་མཐུན་ཕྱོགས། །བརྟགས་པ་དེ་ཉིད་མ་བརྟགས་པའོ། །དེ་རྐྱེན་ཐོབ་པས་སྐྱེ་བ་སྟེ། །སྐྱེ་བ་མེད་པའི་རང་བཞིན་ཏེ། །བེམས་པོ་མེད་དེ་ [99a.2]རང་རིག་པས། །མི་ཤེས་པ་དང་མ་མཐོང་བ། །བརྟགས་པས་ནམ་མཁའ་དངོས་མེད་དེ། །དེ་ནི་མི་འགྱུར་བརྟན་པའོ། །ཆད་པ་མིན་པས་དངོས་མེད་མིན། །སྐྱེ་བ་མེད་པས་རང་བཞིན་ཉིད། །ཀུན་རྫོབ་ལས་སྐྱེས་དངོས་པོ་སྟེ། །ཆོས་རྣམས་ཐམས་ཅད་ལྷན་ [99a.3]ཅིག་སྐྱེས། །གཉུག་མའི་དགའ་བའི་རང་བཞིན་ཉིད། །བདག་བྱིན་བརླབས་པས་རང་བྱུང་སྟེ། མི་ཉམས་པས་ན་མི་ཤིགས་པའོ། །ཆོས་ཀྱི་ཕྱག་རྒྱ་ཕྱག་རྒྱ་ཆེ། །གཉིས་མེད་མོས་པས་ལྡན་པའོ། །དབང་པོ་མཆོག་གི་རྣལ་འབྱོར་པ། །རབ་ཀྱི་ཡང་ནི་རབ་ཡིན་ནོ། །རྒྱུ་ [99a.4]དང་འབྲས་བུ་དབྱེར་མེད་པས། །སྒོམ་པའི་རིག་པ་བདག་ལ་མེད། །ཇི་ལྟར་བསྐྱེད་པས་ཉམས་མྱོང་བས། །དྲན་དང་དྲན་པ་ཉམས་པ་ཉིད། །མ་སྐྱེས་པ་ཡི་རོ་ཚོར་བས། །དེ་བཞིན་བསྒོམ་པའང་རྟོགས་པའོ། །གང་ཕྱིར་ཤེས་རབ་བསྒོམ་པ་ཡིས། །སྟོང་ཉིད་ [99a.5]སོ་སོར་རྟོགས་པ་ཡིན། །དཔལ་ལྡན་དགྱེས་རྡོར་སོགས་རྒྱུད་དུ། །བཅོམ་ལྡན་འདས་ཀྱིས་གསལ་བར་གསུངས། །ཆོས་རྣམས་ཐམས་ཅད་ཡོངས་ཤེས་ན། །བསྒོམ་པ་ཉིད་ནི་བསྒོམ་པ་མིན། །གང་ཕྱིར་བདག་བྱིན་བརླབ་རིམ་དེས། །ཟུང་འཇུག་རིམ་པའང་དེ་བཞིན་ [99a.6]ནོ། །བདེ་ཆེན་མངོན་པར་རྫོགས་བྱང་ཆུབ། །དེ་བཞིན་ཕྱག་རྒྱ་ཆེན་པོ་མཆོག །ཆོས་ཀྱི་དེ་ཉིད་རིག་པ་ཡིས། །ངལ་བར་གྱུར་པ་མ་ཡིན་ཏེ། །ཆོས་ཀྱི་དེ་ཉིད་ལ་བཞུགས་ཕྱིར། །དེ་ཡིས་འབྱེད་པར་རབ་ཏུ་བསྟན། །བླ་མ་དམ་པའི་མན་ངག་གིས། །གསལ་བར་ [99a.7]གྱུར་གྱི་གཞན་དུ་མིན། །འདི་ལ་གཞན་གྱིས་བསྟན་པ་ཡིས། །དོན་རྟོགས་པ་ནི་མ་ཡིན་ནོ། །ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །ཇི་བཞིན་འདི་ལ་རྟོགས་པར་གསུངས། །རང་གི་མོས་པས་ཚིག་གི་དོན། །གཟུང་བ་དངོས་ཉིད་མ་ཡིན་ནོ། །དེ་བཞིན་བཞི་པོ་ཐམས་ [99b] [99b.1]ཅད་ཀྱང་། །འདི་ལ་སོགས་པ་གསུངས་པ་ནི། །ཇི་ལྟར་དེ་བཞིན་སྐུ་བཞི་པའོ། །བླ་མ་དམ་པའི་ཐབས་ཀྱིས་གསལ། །སྟོང་ཉིད་བདེ་བ་དངོས་པོ་སྟེ། །བདེ་བ་བདེ་བ་ཆེན་པོར་འདོད། །བདེ་བ་རོ་མཉམ་བདེ་བ་ཉིད། །ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །དེ་ཉིད་བདེ་བའི་ [99b.2]དོན་བྱེད་པས། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཡང་། །རྣམ་པ་ལྔ་ཡི་རོ་དེ་ཉིད། །ཐམས་ཅད་གཉུག་མར་བྱེ་བྲག་མེད། །ཅེས་པ་དང་། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་པ་ལ་སོགས་གསུངས་པ་ཡང་། །སྐུ་ལྔ་ཐོབ་པར་གྱུར་པ་ནི། །དེ་ཉིད་རོ་གཅིག་ [99b.3]པ་ཡི་ཚུལ། །སྐུ་བཞི་རུ་ནི་རྣམ་ཕྱེ་བ། །དབྱེར་མེད་པས་ན་རྣམ་ལྔ་བའོ། །དེ་ཉིད་ཙམ་དུ་གཅིག་པ་འདི། །སྐུ་ཡང་དེ་ལྟར་འདོད་པ་ཡིན། །ཇི་ལྟར་འདི་ནི་བདག་གི་བློས། །སོ་སོར་རིག་པ་མཉམ་པར་འཇུག །དམ་ཆོས་ཡུལ་ལ་ཤེས་རབ་ཀྱིས། །ཇི་ལྟར་བློ་གྲོས་ [99b.4]ཀྱིས་ཐོབ་ལྟར། །འདི་ནི་ཅུང་ཟད་བརྗོད་པ་ལས། །ཇི་ལྟར་འབྱུང་བའི་དོན་རྟོགས་པ། །འགྲོ་རྣམས་དེ་ཡི་སྣོད་དུ་ཤོག །གནས་པ་བསྡུ་པ་རྫོགས་སོ།། །།སློབ་དཔོན་ཆེན་པོ་དཔལ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ་བླ་མ་དྷ་རི་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང་། བོད་ [99b.5]ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ། །ཕྱིས་བར་སྟོན་གྱིས་ཞུས་ནས་བླ་མ་རྒྱ་གར་བ་དང་། མཆུར་ལོ་ཙཱ་བས་དཔེ་ཕྱི་མོ་ལ་གཏུགས་ཏེ་གཏན་ལ་ཕབ་པའོ།། {T2228}༄༅༅། །རྒྱ་གར་སྐད་དུ། [99b.6]ཨ་ཙིནྟ་ཀྲ་མ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངན་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཤེས་རབ་མཆོག་གི་མངལ་ནས་བྱུང་། །གདོད་ནས་གཉིས་མེད་གནས་པ་ལ། །ཕྱག་འཚལ་བཟང་པོའི་ཞལ་སྔ་ཡི། ། [99b.7]ཡང་དག་རིམ་འོང་བྲི་བར་བྱ། །ཐབས་དང་ཤེས་རབ་གསང་བ་ཆེ། །སྙིང་རྗེ་བསམ་མི་ཁྱབ་མཚན་ཉིད། །ངག་གི་སྤྱོད་ཡུལ་བསམ་ལས་འདས། །ཡེ་ཤེས་རང་ལས་འཆར་བར་འགྱུར། །རང་བཞིན་བདེ་བའི་འབྱུང་གནས་ཉིད། །རང་བྱུང་གཉིས་སུ་མེད་པའི་མཆོག །དེ་ནི་དངོས་ [100a] [100a.1]པོའི་རང་བཞིན་དུ། །བལྟས་ཏེ་བསྒོམ་པ་དམིགས་སུ་མེད། །བྱང་སེམས་རྡོ་རྗེ་ཅན་བཅས་པས། །དངོས་པོ་མེད་པས་གཟིགས་མི་འགྱུར། །རྟག་དང་ཆད་པའི་བྱེ་བྲག་དག །དོན་དམ་དུ་ནི་གཉིས་མེད་གཟིགས། །དངོས་བོ་དང་ནི་སྟོང་པ་ཉིད། །གཉིས་སུ་མེད་པར་ [100a.2]མཉམ་པར་བསྒོམ། །གཉིས་པོ་འདི་དག་ཡོད་མིན་པས། །རྣམ་པ་ཐམས་ཅད་གཉིས་སུ་མེད། །གཉིས་པོ་དག་ནི་རྣམ་དཔྱད་ན། །གཉིས་མེད་ཡེ་ཤེས་འཆར་བར་འགྱུར། །མཉམ་པ་རོ་མཉམ་རྣམ་པ་སྟེ། །བསམ་གྱིས་མི་ཁྱབ་ཡེ་ཤེས་མཆོག །རྟོག་དང་བརྟག་པའི་སྦྱོར་བ་ [100a.3]ཡིས། །གཉིས་མེད་མཆོག་ནི་བསྒོམ་པ་མིན། །བདེ་བའི་རྡོ་རྗེ་མི་རྟོག་པ། །བསམ་གྱིས་མི་ཁྱབ་ཀྱིས་ཐོབ་འགྱུར། །བསྐྱེད་པ་རྣམ་པར་རྟོག་པའི་རྒྱུ། །མི་སྐྱེ་བ་ཡང་དེ་བཞིན་ནོ། །གཉིས་ཀྱི་རྣམ་པ་དང་བྲལ་བས། །བག་ཆགས་བག་ཆགས་ལྡན་པར་སྤངས། །ཡེ་ཤེས་བག་ [100a.4]ཆགས་དང་བྲལ་བས། །བཟང་པོའི་ཞབས་ཀྱི་རིམ་གྱིས་འོང་། །རང་བྱུང་ཁྲེམ་གཉེར་མེད་པ་ནི། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་དང་དངོས་མེད་རང་བཞིན་གྱིས། །གཉིས་ཀྱི་བག་ཆགས་འཆིང་བ་ཉིད། །མི་རྟོག་པ་ཡི་རང་བཞིན་གྱིས། །བསམ་མི་ཁྱབ་པ་ཉིད་ཀྱིས་ [100a.5]དཔྱོད། །རྟོག་པའི་དྲི་མ་འདྲ་བ་ཡིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །གཉིས་སུ་མེད་པའི་ཡེ་ཤེས་ཉིད། །དྲི་མ་བྲལ་ཕྱིར་སངས་རྒྱས་བརྗོད། །ཐམས་ཅད་རྟོག་མེད་བདག་ཉིད་དུ། །རྣལ་འབྱོར་པ་ཡིས་རྟག་ཏུ་བལྟ། །ཏིང་འཛིན་བསྒོམ་པ་འདི་ཉིད་ནི། །བཟང་པོའི་ཞལ་སྔ་ནས་ [100a.6]ཀྱིས་བསྟན། །རང་གི་རང་བཞིན་མ་སྐྱེས་ལ། །འཇིག་པ་ཉིད་ནི་ཡོད་མ་ཡིན། །ཡེ་ཤེས་དེ་ནི་གཉིས་མེད་མིན། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །དཔལ་ལྡན་བདེ་ཆེན་རྡོ་རྗེ་ཅན། །མི་རྟོག་དོན་སྐྱེད་བྱེད་པ་པོ། །ཕྱི་རོལ་ནང་གི་རྣམ་རྟོག་གིས། །འཇིག་རྟེན་ཐམས་ཅད་ཡང་ [100a.7]དག་བསྟན། །སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱིས། །རྟོག་པ་ཕྱི་རོལ་ཉིད་དུ་བསྟན། །གཉིས་མེད་གཉིས་ལས་རྣམ་གྲོལ་བ། །ཡེ་ཤེས་རང་ཉིད་སྐྱེ་བར་འགྱུར། །དངོས་པོ་མེད་པར་བསྒོམ་པ་མིན། །དངོས་པོར་ཡང་ནི་བསྒོམ་པ་མིན། །འཇིག་པ་མེད་པའི་བདེ་བསམས་ན། ། [100b] [100b.1]བསམ་གྱིས་མི་ཁྱབ་གཉིས་མེད་གནས། །སེམས་ཅན་ཀུན་གྱི་བསམ་པ་གང་། །ཤེས་རབ་མངལ་ན་རྣམ་པར་གནས། །སྙིང་རྗེ་སད་པའི་མདའ་ཡིས་ནི། །བདེ་བ་ཆེན་པོའི་འབེན་ལ་འབིགས། །དོགས་པ་ཀུན་ལས་རྣམ་པར་གྲོལ། །གཉིས་སུ་མེད་ཅིང་མཆོག་ཏུ་ཞི། །མཁའ་མཉམ་རྣམ་རྟོག་ [100b.2]ལས་གྲོལ་བ། །དེ་ཉིད་གཉིས་སུ་མེད་པར་བརྗོད། །བསམ་གྱིས་མི་ཁྱབ་རྣལ་འབྱོར་གྱིས། །དངོས་པོ་ཐམས་ཅད་རྣམ་པར་བསྒོམ། །ཆོས་ཀྱི་ཞལ་སྔའི་རིམ་འོང་ནི། །བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས། །རྣམ་པའི་དབྱེ་བ་གཉིས་མེད་ལ། །དཔལ་ལྡན་མགོན་པོ་བདེ་བ་ཆེ། ། [100b.3]གཅིག་ཏུ་གྱུར་པའི་རང་བཞིན་ལས། །འགྲོ་བ་རྣམས་ནི་རྣམ་པར་སྤྲུལ། །སྟོང་པ་དམིགས་པ་སྨྲ་བ་ཡིས། །བརྫུན་དུ་སྨྲ་བས་བསླུས་པ་རྣམས། །རྣམ་རྟོག་རྨོངས་པའི་འཆིང་བ་ཡིས། །བདེ་བ་དམ་པ་གཉིས་མི་རྟོགས། །ཐབས་དང་ཤེས་རབ་རྣམ་དག་ལས། །ཕྱི་རོལ་རྟོག་ [100b.4]པ་ངན་པའི་རྟགས། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ཆེ། །བདེ་བ་ཆེན་པོ་གཅིག་ཉིད་དུ། །བརྟན་དང་གཡོ་བའི་དངོས་པོ་ཀུན། །གཉིས་སུ་མེད་པའི་རྣམ་པར་གནས། །དེ་རྣམས་རང་བཞིན་རྣམ་དག་ཅིང་། །མཁའ་ལྟར་དྲི་མེད་གཉིས་མེད་ལ། །ང་རྒྱལ་གྱིས་ནི་ཐ་སྙད་བརྟགས། ། [100b.5]ཐ་སྙད་དེ་ཡང་ཡོད་མ་ཡིན། །ཚོར་དང་ཚོར་པོ་མཚོན་བྱ་བྲལ། །གཉིས་མེད་བདེ་བ་ཆེན་པོ་ཉིད། །གང་ཡང་བསམ་མེད་རང་བཞིན་ཕྱིར། །སངས་རྒྱས་བློ་ཡི་སྤྱོད་ཡུལ་མིན། །ཐམས་ཅད་དེ་ཡི་རང་བཞིན་ཉིད། །རང་བྱུང་བསམ་པ་རྣམས་ལས་འདས། །ས་སྟེང་སྲོག་ཆགས་ [100b.6]ཐམས་ཅད་ནི། །རྟོག་པའི་དྲ་བས་ཉམས་པར་འགྱུར། །ཡེ་ཤེས་གཅིག་པུ་གཉིས་མེད་པ། །རྣམ་པར་རྟོག་པ་རྣམ་སྤངས་པ། །རྟག་དང་ཆད་པ་ཇི་སྙེད་པའི། །ཕུང་པོ་གཉིས་ནི་ཡོད་མིན་པས། དབུ་མར་ཡང་ནི་མི་དམིགས་པའི། །གཉིས་སུ་མེད་པའི་ཡེ་ཤེས་མཆོག། ། [100b.7]གཉིས་དང་གཉིས་མེད་རྣམ་རྟོག་སྟེ། །ཐབས་དང་ཤེས་རབ་རྣལ་འབྱོར་ཆེ། །རོ་གཅིག་གཉིས་སུ་མེད་པར་བརྗོད། །འདོད་ཆགས་འདོད་ཆགས་བྲལ་བ་སྤངས། །དབུ་མར་དམིགས་པར་མི་འགྱུར་རོ། །རང་རིག་པ་ཡི་བདེ་བ་ཉིད། །དེ་ཉིད་གཉིས་སུ་མེད་པར་བརྗོད། ། [101a] [101a.1]མཚན་བཞི་མཚན་ཉིད་རྣམ་པར་གྲོལ། །རིག་པ་པོ་དང་རིག་བྱ་སྤངས། །བདག་མེད་སོ་སོར་རྟོག་པ་ཡིས། །རིན་ཆེན་སེམས་ནི་རབ་རྟོགས་བྱས། །དངོས་པོ་རང་བཞིན་མེད་པའི་ཕྱིར། །དངོས་མེད་ཉིད་ཀྱང་མཐོང་མི་འགྱུར། །དབང་པོའི་ཤེས་པས་རྟོགས་པ་ [101a.2]ཡིས། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །སྤྲོས་པ་ཐམས་ཅད་རྣམ་བྲལ་ཞིང་། །ནམ་མཁའ་ལྟ་བུར་དྲི་མ་མེད། །རྟོག་པའི་དྲ་བ་རྣམ་གཅོད་ཅིང་། །བསམ་གྱིས་མི་ཁྱབ་གཉིས་མེད་མཆོག །གཉིས་མེད་བཅུད་ཀྱིས་ཕུག་པས་ན། །རྡོ་དང་ཤིང་ཡང་དེ་ཡི་དངོས། །ལྷ་ཡི་རྣམ་པར་ [101a.3]འགྱུར་བ་ནི། །བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས། །ཐབས་དང་ཤེས་རབ་སྙིང་རྗེ་ཆེ། །གཅིག་ཏུ་རོ་གཅིག་རྣམ་པ་ཉིད། །དེར་ནི་ཡེ་ཤེས་སྐྱེ་བར་འགྱུར། །གཉིས་མེད་བདེ་བ་ཆེན་པོ་ཉིད། །གཟུགས་དང་སྒྲ་དང་རོ་ལས་འདས། །དྲི་དང་རེག་བྱ་ལ་སོགས་སྤངས། །ཆོས་ [101a.4]དབྱིངས་རང་བཞིན་རྣམ་པར་དགེ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །དོགས་པ་ཀུན་ལས་རྣམ་པར་གྲོལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །རང་བཞིན་རྣམ་དག་མ་གོས་པ། །གཉིས་མེད་དོན་ནི་དམ་པའོ། །མ་སྐྱེས་པ་དང་མི་འཇིགས་པ། །མི་འགྱུར་བ་དང་ [101a.5]མི་གནས་པ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །འདི་ནི་ཕྱག་རྒྱ་ཆེན་པོ་ཉིད། །ཡོན་ཏན་རྣམས་དང་སྐྱོན་རྣམས་ནི། །སེམས་ཀྱི་རྣམ་པར་བརྗོད་པ་སྟེ། །དེ་ལ་དམིགས་པ་ཡེ་ཤེས་མཆོག །ཁྲེམ་གཉེར་མེད་པའི་རང་བཞིན་ཅན། །ཡེ་ཤེས་རང་ལས་སྐྱེ་བར་འགྱུར། ། [101a.6]ཅུང་ཟད་ཀྱང་ནི་བསྒོམ་པ་མེད། །གང་ཕྱིར་བསམ་མེད་ཆོས་འདི་ཉིད། །གཉིས་མེད་སངས་རྒྱས་རྣམས་ཀྱི་གནས། །ཤིན་ཏུ་དྲི་མེད་ཆེས་དག་ཅིང་། །སྒོམ་པ་པོ་དང་བསྒོམ་བྱ་སྤངས། །དཔལ་ལྡན་བདེ་བའི་འབྱུང་གནས་ཀུན། །རྣམ་རྟོག་མེད་པས་ངེས་མཐོང་འགྱུར། །ལྷ་ཡི་ [101a.7]གཟུགས་ནི་དུ་མ་དང་། །རྡོ་རྗེ་སེམས་དཔའ་ལ་སོགས་སྐུ། །སངས་རྒྱས་གཟུགས་བརྙན་ཐམས་ཅད་དང་། །རྣལ་འབྱོར་པ་ཡི་དཀྱིལ་འཁོར་ཚོགས། །ཁྲོ་བོའི་རྒྱལ་པོ་ཐམས་ཅད་དང་། །དེ་བཞིན་རིག་པའི་ལྷ་མོ་ཉིད། །དཀྱིལ་འཁོར་འཁོར་ལོ་བཟང་པོ་རུ། །སྣང་ [101b] [101b.1]པའི་རྣམ་པ་དྲི་མེད་ཉིད། །དེ་བཞིན་མདོ་སྡེའི་སྡེ་སྣོད་དང་། །གཞན་ཡང་ཕ་རོལ་ཕྱིན་རིམ་དང་། །སྔགས་དང་ཕྱག་རྒྱ་རིག་པ་དང་། །དེ་བཞིན་སྙིང་ཉིད་བསྐུལ་བ་དང་། །སྔགས་ཀྱི་སྨྲ་བ་མ་ལུས་པ། །དཀྱིལ་འཁོར་དང་ནི་སྦྱིན་སྲེག་དང་། །བཟླས་དང་མཆོད་པའི་ཆོ་ག་རྣམས། ། [101b.2]གཉིས་མེད་ལས་ནི་རང་ཉིད་སྐྱེས། །ཞི་བ་ཉི་མ་ལྟ་བ་དང་། །དེ་བཞིན་མཆོད་འོས་ཁྱབ་འཇུག་པ། །རིག་བྱེད་ཚད་མར་སྨྲ་བ་དང་། །གཞན་ཡང་རང་བཞིན་སྐྱེ་བར་འགྱུར། །ཀུན་མཁྱེན་གནས་ཀྱི་སྦྱོར་བ་འདི། །བསམ་གྱིས་མི་ཁྱབ་མི་རྟོག་པ། །ཀུན་དུ་བཟང་པོ་ཞེས་ [101b.3]བྱའི་ལྷ། །ཡིད་བཞིན་ནོར་བུ་བཞིན་དུ་འབྱུང་། །ས་འོག་རལ་གྲི་རིལ་བུ་དང་། །ཤིང་ལྷ་བུམ་པ་གནོད་སྦྱིན་མོ། །བཅུད་དང་མིག་སྨན་བཟང་པོ་ཡང་། །རང་ཉིད་འགྲུབ་སྟེ་གཞན་དུ་མིན། །སྔགས་པས་དངོས་པོ་བསྒོམ་བྱ་མིན། །དངོས་མེད་ཉིད་ཀྱང་བསྒོམ་བྱ་མིན། །རྣམ་ [101b.4]པར་མི་རྟོག་མོས་པ་ཡིས། །ཐམས་ཅད་རང་ཉིད་སྐྱེ་བར་འགྱུར། །སངས་རྒྱས་ཉིད་ཀྱང་འགྲུབ་འགྱུར་ན། །ཞི་བ་ཁྱབ་འཇུག་སོགས་ཅི་སྨོས། །དེ་ལ་ཐ་སྙད་ཡོད་མ་ཡིན། །གཟུགས་དང་ཁ་དོག་མཚན་ཉིད་མེད། །སྒྱུ་མའི་རྣམ་འཛིན་བཟང་མོ་ཉིད། །དང་པོའི་རང་ [101b.5]བཞིན་དྲི་མ་མེད། །རང་བཞིན་འོད་གསལ་རྣམ་དག་སྟེ། །རྟག་ཏུ་དགའ་བདེའི་འབྱུང་གནས་ཉིད། །སྐུ་དང་གསུང་དང་ཐུགས་དང་བྲལ། །མེ་ལོང་མེ་ལྕེ་འབར་བ་འདྲ། །མཆོག་དགའི་བདེ་བ་རྣམ་པ་སྟེ། །རྟག་ཏུ་བདེ་ཆེན་འབྱུང་བའོ། །ཡི་གེ་དང་ནི་མིང་བརྗོད་པ། ། [101b.6]སྦྱོར་བའི་ཚིག་ཏུ་རབ་ཏུ་བསྟན། །གཞན་དུ་ངག་གི་ལམ་འདས་ཕྱིར། །སྨྲ་བ་ཉིད་དེ་མི་ནུས་སོ། །བྱ་བའི་ཚུལ་ལ་ཞུགས་པ་ཡིན། །འདོད་པའི་དོན་ལ་རོལ་བ་ཡི། །མཆོད་པ་མཆོག་གི་དུས་སུ་ནི། །བཟང་པོའི་ཞལ་སྔ་ནས་ཀྱིས་བསྟན། །ཤེས་རབ་གཉིས་སུ་མེད་པས་ [101b.7]ནི། །གཅིག་པུའི་རྣམ་པའི་རང་བཞིན་ལས། །བག་ཆགས་ཟད་པར་གྱུར་པས་ན། །སངས་རྒྱས་ཉིད་ནི་ངེས་པར་འཐོབ། །སྣ་ཚོགས་རིགས་ཀྱི་མཐུ་ཡིས་ནི། །ལྟ་བ་སྣ་ཚོགས་སྦྱོར་བ་ལས། །བག་ཆགས་དྲི་མ་བསགས་པས་ནི། །གཉིས་མེད་ཉིད་ནི་རྟོགས་པ་མིན། ། [102a] [102a.1]ཐོག་མཐའ་དབུས་དང་མཐའ་མ་བྲལ། །བསྐྱེད་པ་དང་ནི་རྫོགས་པ་སྤངས། །བསམ་དང་སེམས་པ་དང་བྲལ་བ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །གཉིས་མེད་ཅེས་བྱ་སངས་རྒྱས་སུ། །བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས། །དེ་ཕྱིར་སངས་རྒྱས་རྟོགས་ [102a.2]པ་ལས། །སྒྲུབ་པོ་དམ་པ་སངས་རྒྱས་འགྱུར། །ཚིག་གི་སྦྱོར་བ་བསྟན་པས་ན། །སངས་རྒྱས་དང་ནི་གཉིས་མེད་བརྟགས། །དོན་དམ་ཐ་དད་མེད་ཚུལ་གྱིས། །གཉིས་མེད་སངས་རྒྱས་གཉིས་སུ་མེད། །བསྟན་པའི་ཡེ་ཤེས་འཆར་བས་ན། །རྟོགས་བའི་རྟོག་པ་རིང་སྤངས་ཏེ། ། [102a.3]དངོས་པོ་ལ་སོགས་རྟོག་པ་ཀུན། །དེ་ཉིད་ལས་ནི་ལྐོག་ཏུ་གྱུར། །བཟང་པོའི་ཞལ་སྔའི་བཀའ་དྲིན་གྱིས། །ཉམས་པ་གསོ་བའི་སྦྱོར་བ་ལས། །གཉིས་མེད་མིང་དུ་གཟུང་བ་ལ། །བདག་མ་འབྱོར་བ་བྱེ་བཟོད་པར་མཛོད། །མཁས་པས་རབ་ཏུ་འབད་པས་ཀྱང་། །བག་ཆགས་ [102a.4]རྣམས་ནི་ཟད་པར་བྱས། །གཞན་དུ་བསྐལ་པ་གྲངས་མེད་དུ། །བྱེ་བ་སངས་རྒྱས་ཉིད་མ་ཡིན། །ཡེ་ཤེས་གཉིས་མེད་མགོན་པོས་ནི། །བག་ཆགས་རྣམས་ནི་ཟད་པར་བྱེད། །བག་ཆགས་ཟད་པར་གྱུར་པ་ན། །གཉིས་སུ་མེད་པའི་སངས་རྒྱས་བརྗོད། །བག་ཆགས་བྲལ་བའི་གནས་ [102a.5]སྐབས་ན། །སྐྱེས་བུ་ཐ་མ་འབྲིང་པོ་དག །གང་གི་ཕྱོགས་ནི་ཡོད་མིན་པས། །དེ་ནི་སངས་རྒྱས་བརྗོད་པར་བྱ། །རང་བཞིན་མེད་པའི་རང་བཞིན་གྱིས། །ཤེས་རབ་ཆ་ནི་ཡང་དག་གནས། །ཐབས་ནི་དངོས་པོ་བསྐྱེད་པ་པོ། །བཟང་པོའི་ཞལ་སྔ་ནས་ཀྱིས་བསྟན། །དེ་དག་འདུས་ [102a.6]པའི་བདག་ཉིད་ཅན། །རོ་གཅིག་རྣམ་པར་སྦྱོར་བ་ལས། །འདི་ནི་གཉིས་སུ་མེད་པའི་མཆོག །བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས། །བསམ་དང་སྒོམ་པ་པོར་བསྟན་མེད། །མཆོག་ཏུ་དགའ་བའི་གཟུགས་ཅན་མ། །སངས་རྒྱས་ཉིད་ནི་ཐོབ་བྱའི་ཕྱིར། །བཟང་པོས་བཟང་ [102a.7]པོ་གསུངས་པ་ཉིད། །དཔེ་ནི་ཆོས་རྣམས་ཐམས་ཅད་ལ། །བཞག་པ་ཉིད་དུ་དེ་མི་ནུས། །མིག་སོགས་ཡིད་ཀྱི་རྣམ་ཤེས་ཀྱི། །དཔེ་ཡི་དངོས་པོ་རྣམ་པར་སྤངས། །གཅིག་ཉིད་ཐོག་མ་མེད་པ་དང་། །མཐའ་མེད་རྣམ་པར་ཡང་དག་གནས། །བླ་མའི་ཞལ་སྔའི་བཀའ་དྲིན་ལས། [102b] [102b.1]མཆོག་གཅིག་གིས་ནི་ཤེས་པར་འགྱུར། །རྣལ་འབྱོར་སྐྱེས་བུར་བཤད་པ་སྟེ། །རྗེས་སུ་རྣལ་འབྱོར་རིག་པའི་མཆོག །གཉིས་འདས་ཤིན་ཏུ་རྣལ་འབྱོར་ཏེ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ཆེ། །རྣལ་འབྱོར་པ་ཉིད་སངས་རྒྱས་འགྱུར། །ཉི་ཟླ་གཟའ་ཡིས་ཟིན་པ་ན། །ཤེས་ [102b.2]རབ་རྡོ་རྗེའི་སྦྱོར་བ་ལས། །ཞུ་བས་གཉིས་མེད་ཡེ་ཤེས་ཀྱིས། །སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །དོན་དམ་དགའ་བའི་རང་བཞིན་ཏེ། །གཟུང་དང་འཛིན་པ་རྣམ་པར་སྤངས། །གྲུབ་པའི་གཟུགས་སུ་ཐེ་ཚོམ་མེད། །སྙིང་རྗེ་གཉིས་སུ་མེད་པའི་མཆོག །གཟུགས་ཀྱི་ཐོག་མ་འབྲིང་ [102b.3]པོ་ནི། །གང་ཡང་མིག་གིས་མཐོང་གྱུར་པ། །དོན་དམ་དོན་གྱི་རང་བཞིན་གྱིས། །གཉིས་མེད་དམ་པར་བལྟ་བར་བྱ། །གང་ཡང་རྣ་བས་ཐོས་འགྱུར་བའི། །སྒྲ་དང་སྒྲ་ངན་རྣམ་ཕྱེ་བ། །སྒྲ་ལས་འདས་པ་ཡེ་ཤེས་གཙོ། །ཐོས་པ་གཉིས་སུ་མེད་པའི་མཆོག །གང་ཡང་ [102b.4]ལྕེ་ཡིས་མྱོང་འགྱུར་བའི། །རོ་མཆོག་རོ་ནི་ངན་པ་ཡི། །རོ་དྲུག་གཅིག་ཏུ་གྱུར་པ་ཡི། །གཉིས་མེད་མཆོག་ནི་རྟོགས་པར་བྱ། །སྣ་ཡིས་དྲི་ནི་སྣམ་ཤེས་པའི། །རི་དྭགས་ལྟེ་བ་ལ་སོགས་དྲི། །གཅིག་ཏུ་གྱུར་པའི་རང་བཞིན་གྱིས། །གཉིས་མེད་མཆོག་ནི་ཤེས་པར་བྱ། །ལུས་ [102b.5]ཀྱི་རེག་བྱའི་རང་བཞིན་རྣམས། །རིགས་བཟང་རིགས་ངན་རྣམ་ཕྱེ་བ། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །སྙོམས་འཇུག་གཉིས་སུ་མེད་པའི་མཆོག །མཐའ་མེད་ཐམས་ཅད་ཁྱབ་པ་པོ། །ཡེ་ཤེས་སྣང་བའི་འོད་ཟེར་ལས། །རང་བྱུང་མཆོག་ཏུ་དགའ་བ་ཉིད། ། [102b.6]གཉིས་མེད་སངས་རྒྱས་དམ་པ་སྟེ། །འདུ་བྱེད་ཚོར་བ་འདུ་ཤེས་དང་། །གཟུགས་དང་རྣམ་པར་ཤེས་པ་ཉིད། །ཡེ་ཤེས་ལྔ་ཡི་རང་བཞིན་སྐུ། །ལྔ་མེད་གཉིས་སུ་མེད་པའི་བདག །རྟག་པ་མི་བསྐྱོད་རིན་ཆེན་དང་། །ཚེ་དཔག་མེད་དང་དོན་ཡོད་བདག །ལྔ་བདག་གྱུར་པའི་ [102b.7]རིལ་པོ་ནི། །དྲུག་པ་བདེ་བ་ཆེན་པོ་ཉིད། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའི་ཉིད་དེང་ནི། །འབྱུང་ལྔ་ལྷན་ཅིག་སྐྱེས་པ་ནི། །བྱང་ཆུབ་གཉིས་སུ་མེད་པར་འགྱུར། །མེ་ལོང་མཉམ་ཉིད་བྱ་ནན་ཏན། །སོ་སོར་རྟོག་པ་ཆོས་དབྱིངས་རྣམས། །རྣམ་པར་རྟོག་ [103a] [103a.1]བརྐྱེན་གྱིས་བརྟགས། །རང་བྱུང་གཅིག་པུ་གཉིས་སུ་མེད། །སེམས་ཅན་བསམ་པའི་དབང་གིས་ནི། །ལྟ་བ་ལ་སོགས་རྣམ་པར་ཕྱེ། །ཞི་སོགས་ཁྱབ་འཇུག་ཚངས་པ་དང་། །ཀུན་མཁྱེན་གཅིག་པུ་གཉིས་སུ་མེད། །མིག་ལས་བྱུང་སོགས་མ་ལུས་དང་། །ཡིད་ [103a.2]ཀྱི་སྤྱོད་ཡུལ་ལས་འདས་པ། །དོན་དམ་གཉིས་མེད་ཅེས་བྱ་བ། །ངག་གི་སྤྲོས་པ་ཀུན་རྫོབ་ཀྱི། །གཉིས་སུ་མེད་ལ་ཀུན་དུ་བརྟགས། །དོན་དམ་གནས་སྐབས་དབྱེར་མེད་པ། །གཉིས་སུ་མེད་ལ་སངས་རྒྱས་མེད། །རྟོག་པས་ནམ་མཁར་སྦྱོར་བ་ནི། །ངག་གིས་སྤྲོས་པ་བསྟན་ [103a.3]པ་ཡིན། །བསྟན་བཅོས་རིམ་པས་ཚིག་ཏུ་ནི། །རྣམ་པར་ཕྱེ་སྟེ་བཤད་པ་ཡིན། །གཉིས་མེད་ལས་གཞན་སངས་རྒྱས་ནི། །སྨྲ་བ་ཉིད་དུ་མི་ནུས་སོ། །སྟོང་པ་བཅུ་དྲུག་བཤད་པ་དང་། །ཤེས་རབ་བཅུར་ནི་བརྟགས་པ་དང་། །སངས་རྒྱས་ལྔར་ཡང་བཤད་པ་དང་། །རྣམ་རིག་དག་ནི་ [103a.4]གཉིས་སུ་མེད། །མེ་ལོང་སྣང་བའི་གཟུགས་བརྙན་ནི། །ཇི་ལྟར་ཀུན་དུ་སྣང་འགྱུར་བ། །དེ་བཞིན་གཉིས་མེད་ཡེ་ཤེས་འདིར། །སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། །ཁམས་གསུམ་དག་ནི་ཐམས་ཅད་དུ། །སྐྱེ་དང་གནས་པའི་རྒྱུ་རྣམས་ཀྱི། །དེ་ཀུན་གཉིས་མེད་ཡེ་ཤེས་ [103a.5]ལས། །སྐྱེ་བོ་ཐམས་ཅད་འབྱུང་བར་འགྱུར། །རྒྱ་མཚོ་རི་དང་ཤིང་དང་ནི། །རྩྭ་ལྕུག་གེལ་བ་ལ་སོགས་པ། །གཉིས་མེད་ཡེ་ཤེས་ལས་བྱུང་བ། །འདི་ལ་ཐེ་ཚོམ་ཡོད་མ་ཡིན། །ཕ་དང་མ་ཡང་གཅིག་པ་སྟེ། །འདི་ལ་གཉིས་ཡོད་མ་ཡིན་ནོ། །གཉིས་མེད་ཡེ་ཤེས་རང་བཞིན་ [103a.6]ལས། །གཞན་ཡང་ཐམས་ཅད་སྐྱེ་བར་འགྱུར། །འདི་ལྟར་ཐབས་དང་སྦྱོར་བ་ཡིས། །ཤེས་རབ་གཉིས་མེད་རང་བཞིན་ལས། །སྐྱེ་བ་འདིར་ནི་རྣལ་འབྱོར་པས། །སངས་རྒྱས་ཉིད་ནི་འཕྲལ་དུ་རྙེད། །ཡེ་ཤེས་དག་གི་རང་བཞིན་མཆོག །བླ་མ་བརྒྱུད་པ་རིམ་པའི་གཞུང་། ། [103a.7]སྙན་ནས་སྙན་དང་ཞལ་ནས་ཞལ། །བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས། །བཟང་པོའི་ཞལ་སྔའི་བཀའ་དྲིན་ལས། །བསམ་མེད་སྒོམ་པའི་རྣལ་འབྱོར་པ། །རྫོགས་པའི་རྣལ་འབྱོར་འདི་ཡིས་ནི། །སངས་རྒྱས་ཉིད་ནི་ངེས་པར་འཐོབ། །རྟ་མཆོག་པ་ཡི་ཞལ་སྔ་ནས། ། [103b] [103b.1]ཨིནྡྲ་བྷཱུ་ཏི་ལེགས་སྨྲར་བཅས། །སྒེག་པའི་རྡོ་རྗེ་གུན་དི་རི། །སློབ་དཔོན་པདྨ་སྙིང་རྗེ་ཆེ། །ཆོས་ཀྱི་ཞལ་སྔའི་རིམ་པ་ལས། །བཟང་པོའི་ཞལ་སྔར་ཕྲད་པ་ཉིད། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །ཐམས་ཅད་ཀྱི་ནི་དགོངས་པ་གཅིག །སྔགས་ཀྱི་སྨྲ་བ་མ་ལུས་དང་། །དེ་བཞིན་ [103b.2]ཕ་རོལ་ཕྱིན་པའི་ལུགས། །མདོ་སྡེ་སྡེ་སྣོད་ལ་སོགས་པ། །འདིར་གཅིག་གཉིས་མེད་བདེ་ཆེན་པོས། །མཆོད་འོས་ཞི་བ་ཉི་མ་སོགས། །སོ་སོའི་གྲུབ་པའི་མཐའ་ཉིད་དང་། །ཁྱབ་འཇུག་དང་ནི་ཤེས་བུའི་ཆོས། །གཉིས་སུ་མེད་པར་བསྟན་པའོ། །གཉིས་མེད་ཕྱི་རོལ་ཡོད་ [103b.3]མིན་པས། །ལྷ་དང་ལྷ་མིན་ཐ་མ་ནི། །ཐམས་ཅད་གཉིས་མེད་ཡེ་ཤེས་ལས། །སོ་སོར་སྣང་བ་གསལ་བར་འགྱུར། །སྟོང་པའི་བྱེ་བྲག་ཏུ་ཕྱེ་བ། །སྙིང་རྗེ་དང་ནི་གཉིས་མེད་འདྲེས། །ཐབས་དང་ཤེས་རབ་མཉམ་པར་ལྡན། །སངས་རྒྱས་རང་བཞིན་ཀུན་བླ་མ། །འདི་ནི་ [103b.4]བཟང་པོའི་ཞལ་སྔའི་གཞུང་། །ཡེ་ཤེས་རྒྱ་མཚོ་དམ་པ་ཉིད། །འོ་མའི་རྒྱ་མཚོ་བསྲུབས་པ་ལས། །དམ་པ་ཐམས་ཅད་སྐྱེ་འགྱུར་ཞིང་། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །གང་ཡང་སངས་རྒྱས་སོགས་གྲགས་དང་། །ཉི་ཟླ་གཟའ་སྐར་བཅས་བ་ཡང་། །ཡེ་ཤེས་རྒྱ་མཚོ་ [103b.5]ལས་བྱུང་ཞིང་། །ལེགས་སྨིན་དང་ནི་དབྱངས་ཅན་ཉིད། །རོ་ཡི་མཆོག་ནི་མྱང་བ་དང་། །ཚངས་བཅས་ལྷ་མིན་མི་རྣམས་ནི། །བདུད་རྩི་ལས་ནི་ཐམས་ཅད་ལོང་། །རྡོ་རྗེ་འཛིན་པའི་ས་དགེ་བ། །བཅུ་གསུམ་དུ་ཡང་རྣམ་བཤད་པ། །གྲུ་གསུམ་རྣམ་པར་འབྱུང་བ་ནི། །འདི་ནི་ཆོས་ཀྱི་ [103b.6]འབྱུང་གནས་བརྗོད། །ཉི་ཟླ་ཆུ་ཡིས་གང་བ་ཡིས། །ཤེས་རབ་གཟུགས་ནི་ཆེར་འབར་བ། །བདེ་ལས་བདེ་བ་ཆེན་པོ་ཀུན། །སངས་རྒྱས་ཉིད་ནི་འཐོབ་བྱེད་མ། །བད་ཆེན་འདབ་མ་བྱེ་བ་ཉིད། །དེ་ཡི་དབུས་ན་རྣམ་པར་གནས། །རྟག་ཏུ་གེ་སར་བཅས་པའི་ནང་། །ཨཱ་ལི་ཀཱ་ལི་ཡང་དག་ [103b.7]ལྡན། །ཟླ་བ་ཉི་མའི་གོས་ཀྱིས་བཀབ། །ཤེས་རབ་དགུ་དང་ཡང་དག་ལྡན། །འཛག་ཅིང་འབར་བའི་རྣམ་པ་ཉིད། །ཐིག་ལེ་ཟླ་བ་འཆར་བའི་མཆོག །དགའ་བ་སྐྱེད་བྱེད་བཟང་མོ་སྟེ། །མ་ལུས་དོན་གྱི་འབྲས་སྟེར་མ། །དང་བའི་བདུད་རྩི་ཤིན་ཏུ་གང་། །ནོར་བུ་རིན་ཆེན་མཉམ་ [104a] [104a.1]པར་ལྡན། །ཡོན་ཏན་མཐའ་ཡས་ས་ཡི་གཞི། །བདེ་དཔལ་རྡོ་རྗེ་ཅན་གྱི་གནས། །ཐམས་ཅད་ཚིམ་པར་བྱེད་པ་མོ། །འབྱིན་བྱེད་སྐྱེད་པར་བྱེད་པ་མོ། །ལྷ་ཡི་གཟུགས་ནི་དུ་མ་དག །གཉིས་མེད་རྒྱ་མཚོ་ལས་ནི་འབྱུང་། །ཆོས་དང་ལོངས་སྤྱོད་རྫོགས་གཟུགས་དང་། ། [104a.2]སྤྲུལ་པ་ཡི་ནི་སྐུ་ཉིད་ཀྱིས། །སེམས་ཅན་དུ་མ་ཀུན་གྱི་དོན། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི། །མཐའ་ཡས་མཐར་ཐུག་ཐམས་ཅད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་པོ། །སྟོབས་བཅུ་ཡི་ནི་ཡེ་ཤེས་ལྡན། །ཤེས་རབ་གཙོ་བོ་དམ་པ་ཉིད། །མཁའ་འགྲོ་པདྨ་ངེས་པར་རིག ། [104a.3]ལམ་མཆོག་བཟང་པོའི་རིམ་ལས་འོངས། །སྙིང་ག་ལྟེ་བའི་པདྨ་དང་། །དེ་བཞིན་ལྐོག་མའི་པདྨ་ཉིད། །དྲིལ་ཅན་སྐྱེ་གནས་པདྨ་ཡི། །དངོས་སུ་འཛག་པས་རྣམ་པར་གནས། །བཤང་གཅི་ཁུ་བ་འཕོ་བ་དང་། །ལྟ་དང་སྣོམ་དང་ཉན་པ་དང་། །རོ་མཆོག་རྣམས་ནི་རིག་པར་འགྱུར། །སྒོ་ [104a.4]དགུ་དག་ནས་རྒྱུ་བ་ཡི། །ས་བོན་པད་བསྣོལ་རྣམ་པ་མཚུངས། །འོག་དང་སྟེང་དུ་རྣམ་པར་གནས། །འདི་ནི་ཤེས་རབ་ཅེས་བཤད་པ། །སངས་རྒྱས་ཀུན་གྱི་ཡུལ་ཉིད་དོ། །དེ་ཡི་དབུས་ན་གནས་པའི་ལྷ། །མཆོག་གི་དབང་ཕྱུག་གཉིས་མེད་པ། །པདྨ་གསུམ་དུ་རོལ་བར་འགྱུར། །ཐམས་ [104a.5]ཅད་མཁྱེན་པའི་བདེ་ཆེན་པོ། །མེ་དང་ཆུ་དང་དབང་ཆེན་དང་། །རླུང་གིས་རྣམ་པར་བརྒྱན་པ་ཉིད། །དལ་བུས་འཁོར་བའི་སྦྱོར་བ་ཡིས། །བྱེ་བྲག་གསུམ་དུ་འདྲེན་པར་བྱེད། །དྲིལ་ཅན་བུ་གའི་ལམ་གྱིས་ནི། །སྣ་ཡི་རྩེ་མོར་སྦྱོར་བ་ལས། །སྲོལ་གོང་རྡོ་རྗེའི་བུ་ག་རུ། །སངས་རྒྱས་ཕྲེང་བ་ [104a.6]གཉིས་སུ་མེད། །འཁོར་བས་ཡོངས་སུ་ཉོན་མོངས་ན། །དྲིལ་ཅན་རྩེ་མོར་ངལ་སོ་ནས། །རྡོ་རྗེ་ལྕེ་ཡིས་རབ་སྦྱོར་བས། །བདུད་རྩི་བཏུང་བར་བྱ་བ་ཉིད། །དེ་ནས་ལུས་ནི་རྣམ་དག་པ། །རང་བཞིན་དྲི་མ་མེད་པར་འགྱུར། །ཤེས་རབ་བཟང་ཞིང་ཡིད་གཞུངས་པ། །རྒ་དང་འཆི་བ་ཉམས་ [104a.7]པར་བྱས། །བཟང་པོའི་ཞལ་སྔའི་རྣལ་འབྱོར་གྱིས། །བདག་ལ་རྣམ་པར་རོལ་པར་གསུངས། །ཏིང་འཛིན་བདུད་རྩི་ཞེས་བྱ་བ། །བདེ་བའི་མཆོག་དེ་བཞིན་དུ་མིན། །སྣ་ནས་རྔུབ་པའི་བྱེ་བྲག་གིས། །ཧཾ་གི་རྣམ་པ་མི་ཤིགས་པ། །དྲིལ་ཅན་བུ་གའི་ལམ་དུ་ནི། །རྩ་རྣམས་ [104b] [104b.1]སུམ་ཅུ་རྩ་གཉིས་གནས། །སོ་ནི་སུམ་ཅུ་རྩ་གཉིས་བརྗོད། །ཆ་དང་ཆ་མིན་གཉིས་སུ་མེད། །སྣ་ཡིས་རྔུབ་པའི་བྱེ་བྲག་གིས། །ཧཾ་གི་རྣམ་པ་མི་ཤིགས་པ། །དྲིལ་ཅན་བུ་གའི་ལམ་གྱིས་ནི། །ངེས་པར་འདྲེན་པ་ལམ་གྱི་མཆོག །དེ་ལ་སྒོ་རུ་ངལ་སོ་ཞིང་། །དག་པའི་རྣམ་པ་ [104b.2]འོད་གསལ་བ། །ཐོག་མ་མེད་ཉིད་ཅེས་བྱ་བ། །བདེ་དཔལ་རྣམ་པར་ཡང་དག་གནས། །དེ་ནས་རླུང་གིས་ཕུལ་བ་དང་། །དབང་ཆེན་ཡང་ནི་གསལ་བར་འགྱུར། །ངེས་པའི་ལམ་ཡང་གསལ་འགྱུར་བ། །མཆོག་གི་དབང་ཕྱུག་མི་ཤིགས་པ། །ས་ནི་བཅུ་གསུམ་དབང་ཕྱུག་ [104b.3]མཆོག །ཐོག་མ་མེད་པར་གྲུབ་པའི་གཟུགས། །ཆོས་ཀྱི་འཁོར་ལོ་བསྐོར་བས་སོ། །བཟང་པོའི་ཞལ་ལྔའི་མན་ངག་སྟེ། །སྙིང་པོ་བརྒྱུད་པའི་རིམ་པ་ཡི། །གང་ཡང་ཐོས་པ་ཀུན་བཟུང་ནས། །དེ་ཐོས་བསམ་པས་བསྒོམ་པ་ཡིན། །བཟང་པོའི་ཞལ་སྔའི་བཀའ་དྲིན་གྱིས། །ཉན་ [104b.4]པ་གོམས་པའི་སྦྱོར་བ་ལས། །དགེ་ཅན་ཏོག་རྩེ་ཞེས་བྱ་བས། །གཞུང་འདི་དག་ནི་ཡང་དག་བསྡུས། །བདག་ནི་བཟང་པོའི་ཞལ་སྔ་དང་། །སློབ་དཔོན་གཞན་དང་རྣལ་འབྱོར་པ། །སེམས་ཅན་རྣམས་ནི་མ་ལུས་པའི། །བྲན་དུ་སྐྱེ་དང་སྐྱེ་གྱུར་ཅིག །བསམ་པ་འདི་ཡི་སྒོ་ནས་ [104b.5]ནི། །གལ་ཏེ་བདག་ནི་སངས་རྒྱས་འགྱུར། །འོན་ཏེ་དམྱལ་བར་འགྲོ་སྲིད་ན། །དམྱལ་ཉིད་བདེ་བ་ཅན་དུ་ཤོག །བསམ་མེད་གཉིས་མེད་རྫོགས་པ་ཡི། །རིམ་པའི་མན་ངག་མཁྱེན་པ་བླ། །ལྷ་ཡི་རང་བཞིན་མ་ལུས་སྔགས་གཞུང་རྣལ་འབྱོར་མཆོག །རྣལ་འབྱོར་རྒྱས་པ་ [104b.6]མཐའ་ཡས་བླ་མ་ལས་བྱུང་དྲི་མེད་འདི། །གླེན་པ་བློ་ཞན་བདག་ཉིད་དྲན་པ་ཙམ་ཕྱིར་བྲིས་པ་ཡིན། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་ཐོབ་པའི་སློབ་དཔོན་ཏོག་རྩེ་ཞབས་ཀྱིས་མཛད་པ་རྫོགས་སོ། །བདེ་བའི་མྱུ་གུ་དང་འགོས་ཀྱིས་བསྒྱུར་བའོ།། །། [104b.7]{T2229}༄༅༅། །རྒྱ་གར་སྐད་དུ། ཀུ་དྲྀཥྚི་ནི་རྒ་ཏ་ནཱ་མ། བོད་སྐད་དུ། ལྟ་བ་ངན་པ་སེལ་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ཞིག་འདི་ལ་གནས་གྱུར་ན། །རྒྱལ་བའི་གོ་འཕང་ཐོབ་འགྱུར་བ། །དང་པོ་ལས་ [105a] [105a.1]པའི་ཆོ་ག་ཉིད། །ལྟ་ངན་སེལ་བ་བཤད་བར་བྱ། །འདིར་ནི་སེམས་ཅན་ནི་རྣམ་པ་གཉིས་ཏེ། སློབ་པ་དང་། མི་སློབ་པའོ། །དེ་ལ་ལྷག་པའི་བསམ་པས་མོས་པའི་སྦྱོར་བ་དང་། ས་ལ་ཞུགས་པའི་སྦྱོར་བ་དང་། ལྔ་ལ་དབང་ཐོབ་པར་མཐར་ཐུག་པའི་བར་དུ་རྒྱུའི་གནས་ [105a.2]སྐབས་ལ་གནས་པའི་སློབ་པ་རྣམས་ཤིན་ཏུ་རྣམ་པར་དག་པའི་ལས་དང་པོའི་ཆོ་གས་ཚོགས་གཉིས་བསགས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཐོབ་བོ། །མི་སློབ་པ་ཡང་དེ་ཁོ་ན་ཉིད་དང་། འབྲས་བུ་རྣམ་པར་རྟོག་པ་ནི་གཉེན་པོའི་ཕྱོགས་ཀྱིས་གསལ་ལ། ཤཱཀྱ་ [105a.3]ཐུབ་པ་ལྟར་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་ནུས་པས་ཟུང་དུ་འཇུག་པ་ཉིད་དུ་འབད་པ་མེད་པར་སེམས་ཅན་གྱི་དོན་བྱེད་པ་ནི། །མཚན་ཉིད་རྒྱུན་མི་འཆད་པར་དང་པོའི་ལས་ལ་འཇུག་གོ་ཞེས་བྱ་བར་གནས་སོ། །དེ་ཡང་། མགོན་པོ་སེམས་དཔའ་མི་མངའ་ཞིང་། །རྣམ་རྟོག་གཡོ་བ་མི་མངའ་ [105a.4]ཡང་། །ཁྱོད་ཉིད་ངང་གིས་འཇིག་རྟེན་ལ། །སངས་རྒྱས་མཛད་པ་འཇུག་པར་འགྱུར། །གཞན་དོན་ཕུན་ཚོགས་སངས་རྒྱས་ཀྱི། །འབྲས་བུ་གཙོ་བོ་གཞན་མ་ཡིན། །དེས་ན་སངས་རྒྱས་འབྲས་བུར་བརྗོད། །ཀུན་རྟོག་རླུང་དམར་ཐམས་ཅད་ཀྱིས། །དཔག་བསམ་ཤིང་ལྟར་མི་བསྐྱོད་ [105a.5]པ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི། །བསམ་པ་མ་ལུས་ཡོངས་རྫོགས་བྱེད། །འབྲས་བུ་དེ་ཉིད་མི་མཐུན་ཕྱོགས། །བླང་དང་དོར་བ་རྣམ་སྤངས་ནས། །བློ་ལྡན་རྫོགས་པའི་བྱང་ཆུབ་རྟོགས། །དང་པོ་ལས་པ་འབད་པས་སམ། །ཞེས་བསྟན་པ་ཡིན་ནོ། །འོན་ཏེ་ལས་དང་པོ་པས་ [105a.6]ནི་སློབ་པའི་ཆོ་ག་ཉིད་རིགས་ནའང་མི་སློབ་རང་བཞིན་མེད་པ་བསྒོམ་པར་གྱུར་པ་རྣམས་ལ་ལས་དང་པོ་བའི་རྩོམ་པ་ཡོད་པ་ཇི་ལྟ་བུ། དཔེར་ན་འདིར་ཡང་གསེར་གྱི་སྒྲོག་གིས་བཅིངས་པ་ལྟ་བུ་ཉིད་དོ་ཞེ་ན་བདེན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པ་དང་མ་བྲལ་བའི་ཕྱིར་རོ། །ཤེས་ [105a.7]རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔའི་བདག་ཉིད་དོ། །དེ་ལྟ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པ་ལྔས་ནི་ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་བོ་ཞེས་གསུངས་ [105b] [105b.1]པ་དང་། འཕགས་པ་དྲི་མ་རྔེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བའོ། །ཐབས་དང་བྲལ་བའི་ཤེས་རབ་ཀྱང་འཆིང་བའོ། །ཤེས་རབ་དང་བཅས་པའི་ཐབས་ནི་ཐར་བའོ། །ཐབས་དང་བཅས་པའི་ཤེས་རབ་ཀྱང་ [105b.2]ཐར་པའོ་ཞེས་གསུངས་སོ། །འདི་དག་ནི་འདིའི་བདག་ཉིད་བླ་མ་དམ་པའི་མན་ངག་ཉིད་ལས་སྒྲོན་མ་དང་སྣང་བ་བཞིན་དུ་ལྷན་ཅིག་སྐྱེས་པ་གྲུབ་པ་བཞིན་དུ་རྟོགས་པར་བྱའོ། །དེ་ལྟ་བས་ན། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །སངས་རྒྱས་ཡེ་ཤེས་འདོད་པ་གང་། །རྣལ་འབྱོར་པ་ཀུན་བྱ་བ་ [105b.3]ཉིད། །དང་པོའི་ལས་ཅན་བསྟན་པ་གང་། །ཕ་རོལ་ཕྱིན་ལྔར་གང་བསྟན་པ། །དང་པོའི་ལས་ཅན་ཞེས་བྱ་བ། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །ངོ་བོ་ཉིད་ནི་དཔྱད་མི་བྱ། །དེ་བཞིན་དུ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ལ་གུས་པས། །རྟག་ཏུ་བློ་ [105b.4]ལྡན་གྱིས་བསྟེན་ན། །བདེ་བར་ཤེས་རབ་འབྱུང་བར་འགྱུར། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་གསུམ། །བསམ་གཏན་ཤེས་རབ་ཆོས་ཀྱིའོ། །བརྩོན་འགྲུས་གཉིས་ཀར་འདོད་པ་ཡིན། །ཞེས་བསྟན་པས་ན། བྱང་ཆུབ་སེམས་དཔའ་ལས་ [105b.5]དང་པོ་པས། ཤིན་ཏུ་རྣམ་པར་དག་པས་གནས་པར་བྱའོ། །ཟློག་པ་ནི་མེད་པར་སྨྲ་བར་ཐལ་བར་འགྱུར་རོ། །དེ་ཡང་། དགེ་དང་མི་དགེ་གང་ཕྱིར་དངོས་མེད་ཀྱང་། །དེ་ལྟར་དགེ་བ་ཉིད་བྱ་མི་དགེ་མིན། །འཇིག་རྟེན་ཀུན་རྫོབ་ཆུ་ཡི་ཟླ་འདྲ་ཡང་། །དེ་ལས་ཡིད་འོང་སྡུག་བསྔལ་ཡིད་མི་ [105b.6]བདེ། །ཞེས་བསྟན་པ་ཡིན་ན། དེ་ལྟར་ན་སློབ་པས་སྨྱོན་པའི་བརྟུལ་ཞུགས་ལ་གནས་ནས། རྣམ་པར་མི་རྟོག་པ་མྱོང་བར་འདོད་པས་ལས་དང་པོ་པ་ལ་འཇུག་པ་ཇི་ལྟ་བུ་ཞེ་ན། ལུས་སྦྱིན་པར་གཏོང་བ་དང་ལྡན་པའི་སྤྱོད་པ་སྟེ། །ལུས་ནི་སྦྱིན་པར་བཏང་བྱས་ལ། །ཕྱིན་ནས་ [105b.7]སྤྱོད་པ་བརྩམ་པར་བྱ། །ཞེས་བྱ་བའི་ཐ་ཚིག་གོ། །ལུས་གཏོང་བའི་སྦྱིན་པ་དང་ལུས་དང་ངག་དང་ཡིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཚུལ་ཁྲིམས་དང་། གྲང་བ་དང་། ཚ་བ་དང་། སོག་ལེས་གཤག་པ་ལ་བཟོད་པའི་བཟོད་པ་དང་། འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་ [106a] [106a.1]གནོད་པ་ལས་མཉམ་པ་ཉིད་ཀྱི་བརྩོན་འགྲུས་དང་། དངོས་པོ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་འབད་པ་མེད་པའི་རང་གི་ངང་གིས་འབྱུང་བའི་བསམ་གཏན་དང་། ཆོས་ཐམས་ཅད་མི་དམིགས་པར་རྗེས་སུ་བརྟག་པའི་མཚན་ཉིད་ཀྱི་ཤེས་རབ་སྟེ། འབད་པ་མེད་ [106a.2]པར་རོ་གཅིག་པའི་ངང་གིས་ཐམས་ཅད་དུ་རོ་གཅིག་པར་འདོད་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མཆོག་གོ། །དེ་ལྟ་བས་ན། སྨྱོན་པའི་བརྟུལ་ཞུགས་ལ་གནས་པ་ཡང་དང་པོ་ལས་ལ་འཇུག་པ་ཉིད་ཡིན་ནོ། །ཚུ་རོལ་མཐོང་བར་གྲགས་པ་ཉམས་པ་འཇིག་རྟེན་ཕ་རོལ་སླུ་བ་ཐམས་ [106a.3]ཅད་དུ་རིགས་པ་ཙམ་མ་ཡིན་པ་སྨྲ་བ་ལྟར་ནི་མ་ཡིན་ནོ། །དེ་ལ་སློབ་མ་བརྟུལ་ཞུགས་ཅན་བྱང་ཆུབ་སེམས་དཔའ་ལ་ནི། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཕྱིན་ནས་བསླབ་པ་སྦྱིན་པར་བྱ། །ཞེས་དགྱེས་པའི་རྡོ་རྗེ་ལས་གསུངས་སོ། །དང་པོར་གསོ་སྦྱོང་སྦྱིན་པ་ནི། །བཙུན་ [106a.4]པའམ་སློབ་དཔོན་དགོངས་སུ་གསོལ། །བདག་དགེ་བསྙེན་མིང་འདི་ཞེས་བྱ་བ། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བྱའོ། །བདག་གསུམ་ལ་སྐྱབས་སུ་སོང་བར་ [106a.5]བཙུན་པས་གཟུང་དུ་གསོལ། །སློབ་དཔོན་དགོངས་སུ་གསོལ། བདག་དགེ་བསྙེན་མིང་འདི་ཞེས་བགྱི་བ། དུས་འདི་ནས་ཉེ་བར་བཟུང་ནས་ཉི་མ་མ་ཤར་གྱི་བར་དུ་སྲོག་ཆགས་གསོད་པ་དང་། གཞན་གྱི་ནོར་རྐུ་བ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། [106a.6]དེ་བཞིན་དུ་མྱོས་པར་འགྱུར་བའི་བཏུང་བ་འཐུང་བ་དང་། དུས་མ་ཡིན་པར་ཟ་བ་དང་། ཕྲེང་བ་དང་། ཁ་དོག་དང་། གླུ་དང་གར་དང་། རྩེ་འཇོ་དང་། ཁྲི་སྟན་དང་། ཁྲི་སྟན་ཆེན་པོ་ལས་ལྡོག་པར་བགྱིའོ། །བདག་ཡོན་ཏན་བརྒྱད་ཀྱིས་དགྲ་བཅོམ་པའི་ཚུལ་དུ་གནས་ [106a.7]པར་གྱིའོ་ཞེས་བྱ་བ་ནི་གསོ་སྦྱོང་སྦྱིན་པའི་ཚིག་སྟེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་ལ་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། རང་བཞིན་གྱི་ [106b] [106b.1]ཁ་ན་མ་ཐོ་བ་དང་བཅས་པས་མྱོས་པར་འགྱུར་བའི་བཏུང་བ་ཆང་འཐུང་བ་དང་ལྔ་ལས་ལོག་པར་བགྱིའོ། །མོས་པ་དང་སྤྱོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པའི་མི་དགེ་བཅུ་ཡོངས་སུ་ཤེས་པར་བྱས་ལ། ཡང་མི་བྱ་བར་ཡོངས་སུ་བསྡམ་པར་བྱ་ཞིང་། དགེ་བའི་ལས་ [106b.2]རྣམས་ནི་བྱའོ། །ཐོ་རངས་ཀྱི་ཐུན་ལ་ལངས་ལ་གདོང་བཀྲུ་བ་ལ་སོགས་བྱས་ནས། དཀོན་མཆོག་གསུམ་རྗེས་སུ་དྲན་པས། ཨོཾ་ཨཱཿཧཱུཾ་ཞེས་པས། བདག་དང་། གནས་དང་། རྣལ་འབྱོར་སྲུང་བར་བྱས་ལ། རྟོག་པ་ཇི་ལྟ་བ་བཞིན་དུ་བསམ་གཏན་དང་བཟླས་པ་དང་བསྟོད་པ་ [106b.3]ལ་སོགས་པ་བྱ་བའོ། །མཚན་ཡང་དག་པར་བརྗོད་པ་ཡང་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ཡི་རྗེས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་པའི་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དཔལ་གནོད་གནས་ལ་དབུལ་བར་བྱའོ། །དེ་ནས་ན་མཿས་མནྟ་བུདྡྷཱ་ནཱཾ་སརྦ་ [106b.4]ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སམྦྷར་སམྦྷ་ར་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བའི་གཏོར་མའི་སྔགས་ལན་བདུན་བཟླས་ཤིང་། ལག་པ་གཡས་པའི་སོར་མོ་ལྔ་བརྐྱང་པ་ལས། བདུད་རྩི་ལྔས་སྒོ་དྲུང་ན་འདུག་པའི་གཏོར་མའི་ཟས་ཆུ་དང་བཅས་པ་ཟན་འབྲུ་གཅིག་གི་ཀྱང་ཡུལ་མ་གདྷཱི་བྲེ་བོ་ [106b.5]ཆེ་རེ་རེ་འབྱུང་བར་གྱུར་པར་བསམས་ལ། ཡི་དྭགས་ཀྱི་ཚོགས་མ་ལུས་པ་ལ་སེ་གོལ་ལན་གསུམ་གཏོགས་པས་སྦྱིན་པར་བྱའོ། །ད་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་རྣམ་པ་ལྟར་བལྟ་བའི་བྱམས་པ་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་འཁོར་བའི་རྒྱ་མཚོ་ལས་འབྱིན་ [106b.6]པར་བསམ་པའི་ངོ་བོ་ཉིད་ཀྱི་སྙིང་རྗེའི་བསམ་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྤྲོས་པར་འགྱུར་བའི་ཡིད་ལས་བྱུང་བའི་དགའ་བ་དང་། མི་བདེན་པ་ལ་ཆགས་པ་ཡོངས་སུ་སྤོང་བའི་མཚན་ཉིད་ཀྱི་བཏང་སྙོམས་བསྒོམ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་ [106b.7]སྤྲོ་བའི་སེམས་ཀྱིས་བའི་ལྕི་བ་གཙང་མ་བླངས་ལ་ཆུ་གཙང་མ་དང་བསྲེས་ལ། ཨོཾ་བཛྲ་རེ་ཁེ་ཧཱུཾ་ཞེས་བྱ་བས་དཀྱིལ་འཁོར་བྱིན་གྱིས་བརླབས་ལ། སའི་ཆ་གྲུ་བཞི་པ་ལ་སོགས་པ་གང་ཡང་རུང་བར་འདོད་པའི་མཎྜལ་བྱས་ལ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ [107a] [107a.1]ཟླ་བ་དང་། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་སྔོན་པོ་ཡོངས་སུ་རྫོགས་པའི་མི་བསྐྱོད་པས་གནོན་གྱི་ཕྱག་རྒྱ་འཛིན་པ་སྐུ་མདོག་སྔོན་པོའོ། །དེའི་རྗེས་ལ་ཤར་ཕྱོགས་ཀྱི་འདབ་མ་ལ། ཡི་གེ་ཨོཾ་དཀར་པོ་ལས་རྫོགས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་འཛིན་པའི་རྣམ་ [107a.2]པར་སྣང་མཛད་དང་། དེ་ནས་ལྷོ་ཕྱོགས་ཀྱི་འདབ་མ་ལ་ཡི་གེ་ཏྲཾ་སེར་པོ་ལས་ཡང་དག་པར་བྱུང་བའི་སྐུ་མདོག་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་འཛིན་པའི་རིན་ཆེན་འབྱུང་ལྡན་ནོ། །དེ་ནས་ནུབ་ཕྱོགས་ཀྱི་འདབ་མ་ལ། ཡི་གེ་ཧྲི་དམར་པོ་ལས་ཡང་དག་པར་བྱུང་བའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ [107a.3]འཛིན་པའི་སྣང་བ་མཐའ་ཡས་སྐུ་མདོག་དམར་བའོ། །དེ་ནས་བྱང་ཕྱོགས་ཀྱི་འདབ་མ་ལ་ཡི་གེ་ཁཾ་ལྗང་གུ་ལས་བྱུང་བའི་མདོག་ལྗང་གུ་མི་འཇིགས་པའི་ཕྱག་རྒྱ་འཛིན་པའི་དོན་ཡོད་གྲུབ་པ་བསྒོམས་ལ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཞེས་པ་ལ་སོགས་པ་མངོན་པར་ཞེན་པའི་སྔགས་པས་ [107a.4]འདོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དབུལ་བར་བྱའོ། །དེ་བཞིན་གཤེགས་པ་ལྔ་པོ་འདི་དག་ནི། ན་བཟའ་དུར་སྨྲིག་བསྣམས་པ། གཙུག་ཏོར་དང་བཅས་པའོ། །ཉི་མའི་དཀྱིལ་འཁོར་དང་བཅས་པ་སྟེ་རྣམ་པར་སྣང་མཛད་ནི་ཟླ་བའི་དཀྱིལ་འཁོར་ལའོ། །དེ་ལ་བཞི་པོ་ནི་ [107a.5]མི་བསྐྱོད་པ་ལ་ཕྱོགས་པའོ། །མི་བསྐྱོད་པ་ནི་སྒྲུབ་པ་པོ་ལ་ཕྱོགས་པའོ། །དེ་དག་གི་མདུན་ན་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་རྟོགས་པའི་དོན་ཇི་ལྟ་བ་བཞིན་དུ་མངོན་དུ་བྱས་ནས་གདོན་པར་བྱའོ། །དེ་ལ་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་ [107a.6]པ་ནི་འདི་ཡིན་ཏེ། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་ [107a.7]རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་དང་གཞན་དོན་རབ་ཏུ་བསྒྲུབ་པའི་ཕྱིར། །བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་ [107b] [107b.1]ཅན་འདི་དག་ཐམས་ཅད་མགྲོན་གཉེར་ནས། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །གསོ་སྦྱོང་འཕགས་པའི་ཡན་ལག་བརྒྱད། །བསྙུང་བར་ [107b.2]བྱ་བ་སྤྱད་པར་བྱ། །ཞེས་བྱའོ། །དེ་ནས། ཚུལ་ཁྲིམས་ཙནྡན་ལུས་ལ་བྱུགས། །བསམ་གཏན་གྱི་ནི་གོས་ཀྱིས་གཡོགས། །བྱང་ཆུབ་ཡན་ལག་མེ་ཏོག་བརྒྱན། །ཇི་ལྟར་བདེ་བ་ཉིད་དུ་གནས། །ཞེས་བརྗོད་ནས། ཨོཾ་བཛྲ་མཎྜལ་ཧཱུཾ་མུཿཞེས་བྱ་བས་གཤེགས་སུ་གསོལ་ལོ། །དེ་བཞིན་ [107b.3]དུ་འཇམ་དཔལ་སོགས་པ་ཡང་མན་ངག་ཇི་ལྟ་བ་བཞིན་མཆོད་པར་བྱའོ། །དཀྱིལ་འཁོར་གྱི་ཆོ་གའོ། །ལྕི་བ་ཆུ་དང་བཅས་པ་སྦྱིན་པ་སྟེ། །ལེགས་པར་བྱུགས་པ་ཚུལ་ཁྲིམས་བཟོད་པ་ནི། །སྲོག་ཆགས་ཕྲ་མོ་སེལ་བར་བྱེད་པ་ཡིན། །བརྩོན་འགྲུས་བྱ་བ་དག་ལ་འཇུག་པའོ། །བསམ་ [107b.4]གཏན་དེ་དུས་རྩེ་གཅིག་བྱེད་པའི་སེམས། །ཤེས་རབ་ཚོགས་སོགས་ལེགས་པར་མཛེས་པ་ཡིན། །ཐུབ་པ་རྣམས་ཀྱི་དཀྱིལ་འཁོར་བྱས་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་ནི་དེས་ཐོབ་ཤོག །ནད་ཀུན་ལས་གྲོལ་གསེར་གྱི་མདོག་ཏུ་འགྱུར། །ལྷ་དང་མིའི་ཆོས་ཟླ་བ་བཞིན་པར་མདངས། ། [107b.5]ནོར་དང་གསེར་ཕྱུག་རྒྱལ་པོའི་རྒྱུད་སྐྱེ་བར། །བདེ་གཤེགས་གནས་མཆོག་ལུས་ཀྱིས་བྱས་པར་འགྱུར། །ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་ཕན་ཡོན་གྱི་ཚིགས་སུ་བཅད་པའོ། །ལྕི་བ་ཆུ་དང་མེ་ཏོག་གིས། །རྟག་ཏུ་དཀྱིལ་འཁོར་བྱས་ནས་ནི། །ཅུང་ཟད་ཕུལ་ནས་བླ་མ་ལ། །དུས་ [107b.6]གསུམ་དུ་ནི་གུས་ཕྱག་བྱ། །གཞན་དག་གི་ནི་སེམས་མགུ་ཞིང་། །རང་གི་སེམས་ཀྱང་འཕེལ་བར་བྱེད། །བདེ་ཞིང་ཚད་མེད་ནོར་དང་ལྡན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །ཕ་རོལ་ཕྱིན་དྲུག་རྫོགས་པར་འགྱུར། །སངས་རྒྱས་སོགས་ཀྱིས་བྱིན་གྱིས་བརླབས། །དཀྱིལ་འཁོར་རབ་ཏུ་བྱེད་པ་པོ། ། [107b.7]དཔག་མེད་ཡོན་ཏན་རྫོགས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཕན་ཡོན་རྒྱས་པར་འབྱུང་བ་ཡིན་ནོ། །དཀྱིལ་འཁོར་ལ་སོགས་ཆོ་ག་ཡིས། །ཡང་དག་ཤེས་རབ་ཕ་རོལ་ཕྱིན། །རྟག་ཏུ་མཆོད་ཅིང་བཀླག་པར་བྱ། །དེ་ཡི་དོན་ཡང་རྟོགས་པར་བྱ། །ཚིགས་བཅད་གཅིག་དང་ཚིགས་ [108a] [108a.1]བཅད་བཞི། །ཚིགས་བཅད་གཉིས་དང་སྒོ་དྲུག་པའི། །གཟུངས་དང་བཟང་པོ་སྤྱོད་པ་དང་། །ཕུང་པོ་གསུམ་པ་དུས་གསུམ་དུ། །ཡི་གེ་གཅིག་ནས་ཉེར་བཟུང་ནས། །གསུམ་གྱི་བར་དུ་མཉམ་གཞག་པས། །ཡི་དམ་ཉམས་པ་མེད་པ་ཡིས། །བློ་ལྡན་ཇི་ [108a.2]ལྟར་རྙེད་པ་བཀླག །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རས་རིས་དང་། གླེགས་བམ་དང་། ལུགས་མ་ལ་སོགས་པ་མཆོད་པར་བྱའོ། །རས་རིས་དང་གླེགས་བམ་དང་སྐུ་གཟུགས་ལ་སོགས་པ་མཆོད་པའི་ཆོ་གའོ། །ད་ནི་དཀྱིལ་འཁོར་ཆེན་པོ་བཀོད་པའི་རྗེས་སུ་ [108a.3]འབྲངས་ནས་ཚ་ཚ་གདབ་པའི་ཆོ་ག་བཤད་པར་བྱ་སྟེ། ན་མ་སྶ་མནྟ་བུདྡྷཱ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འཇིམ་པ་བླང་བའི་སྔགས་སོ། །ཨོཾ་བཛྲོད་བྷ་བཱ་ཡ་སྭཱ་ཧཱ། འབི་འབི་བྱ་བའི་སྔགས་སོ། །ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། སྣུམ་བསྐུ་བའི་སྔགས་སོ། །ཨོཾ་དྷརྨ་དྷཱ་ཏུ་གརྦེ་ [108a.4]སྭཱ་ཧཱ། རྒྱར་གཞུག་པའི་སྔགས་སོ། །ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་སྭཱཧཱ། གདབ་པའི་སྔགས་སོ། །ཨོཾ་དྷརྨ་ཨཱ་ཡུ་ཥེ་སྭཱ་ཧཱ། སྤྱན་དྲང་བའི་སྔགས་སོ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། བཞུགས་སུ་གསོལ་བའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱི་པ་ཏེ་ཛྭ་ལ་ཛྭ་ལ་ [108a.5]དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། རབ་ཏུ་གནས་པའི་སྔགས་སོ། །ཨོཾ་སྭ་བྷཱ་བ་བཱི་ཤུདྡྷེ་ཨ་ཧ་ར་ཨ་ཧ་ར་ཨཱ་གཙྪ་ཨཱ་གཙྪ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། གཤེགས་སུ་གསོལ་བའི་སྔགས་སོ། །ཨོཾ་ཨཱ་ཀཱ་ཤ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། བཟོད་པར་གསོལ་བའི་སྔགས་སོ། །དེ་ལྟ་བུ་ནི་ཚ་ཚ་གདབ་ [108a.6]པའི་ཆོ་གའོ། །ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན། པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ་སམྱཀྴི་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུ་ཀྵྨེ་སུ་ཀྵྨེ། ས་མ་ཡེ་པྲས་མ་ཡེ། ཤཱནྟེ་ངཱནྟེ། ས་མ་རོ་པེ། ཨ་ན་ལམྦྷེ། ཏ་རམྥེ་ཡ་ཤོ་བ་ཏི་མ་ཧཱ་ཏེ་ཛ་ནི་རྐུ་ལེ། ནིརྦཱ་ན། སརྦ་བུདྡྷཱ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། [108a.7]ཞེས་བྱ་བའི་གཟུངས་འདི་འཇིམ་པའམ། བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་བཟླས་ཏེ། མཆོད་རྟེན་བྱས་ན། དེ་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱེ་མ་སྙེད་ཀྱི་འགྱུར་གྱི་མཆོད་རྟེན་བྱས་པའི་བསོད་ནམས་ཐོབ་པར་འགྱུར་རོ། །ས་བཅུའི་དབང་ཕྱུག་ཏུ་འགྱུར་རོ། ། [108b] [108b.1]མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་ཏེ། གཟུངས་འདི་ནི་ཕན་ཡོན་དཔག་ཏུ་མེད་དོ། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཚིགས་སུ་བཅད་ [108b.2]པས་རབ་གནས་བྱས་ལ། ན་མོ་བྷ་ག་བ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡཱཪྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་མ་ཧཱ་རཏྣེ་རཏྣ་བོ་དྷི་སྭཱཧཱ། ཞེས་བྱ་བའི་གཟུངས་ལ་སོགས་པ་འདི་བརྗོད་ཅིང་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་བྱས་ནས། མཆོད་རྟེན་གཅིག་ལ་ཕྱག་བྱས་ [108b.3]པས། མཆོད་རྟེན་བྱེ་བ་ལ་ཕྱག་ལ་སོགས་པ་བྱས་པར་འགྱུར་རོ། །འཇིམ་པ་ལ་སོགས་པ་ལ་མཆོད་རྟེན་བྱ་བའི་ཆོ་གའོ། །འདི་དག་ཐམས་ཅད་ཁྱད་པར་ཅན་དུ་ཡོངས་སུ་བསྔོ་བ་ལས་ནི་ཁྱད་པར་ཅན་གྱི་འབྲས་བུ་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ [108b.4]ལས་གསུངས་པའི་ཡོངས་སུ་བསྔོ་བ་ཆེན་པོས་ཡོངས་སུ་བསྔོ་བར་བྱའོ། །དེ་ཡང་འདི་ལྟར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་ཅིང་ [108b.5]གཟིགས་པའི་དགེ་བའི་རྩ་བ་འདིས་རིགས་གང་ཡིན་པ་དང་། སྡེ་གང་ཡིན་པ་དང་། མཚན་ཉིད་ཇི་ལྟ་བ་དང་། རང་བཞིན་གང་ཡིན་པ་དང་། ཆོས་ཉིད་གང་ཡིན་པས་ཡང་དག་པར་གནས་པ་དེ་དག་གིས་ཇི་ལྟ་བ་མཁྱེན་པ་དེ་ལྟར་བདག་ཀྱང་རྗེས་སུ་ཡི་རང་ངོ་། །དེ་དག་ [108b.6]གིས་ནི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྡོས་པ་ལྟར། བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བརྗོད་དོ། །གཞན་ཡང་། དགེ་བའི་ལས་འདི་བདག་གིས་བྱས་པ་ཡིས། །རིང་པོར་མི་ཐོགས་འཇིག་རྟེན་སངས་རྒྱས་ནས། །འགྲོ་ལ་ [108b.7]ཕན་ཕྱིར་ཆོས་ནི་སྟོན་བྱེད་ཅིང་། །སྡུག་བསྔལ་མང་པོས་མནར་བའི་སེམས་ཅན་གྲོལ་གྱུར་ཅིག །བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བའི་ཆོ་གའོ། །གང་དང་གང་གིས་གང་འཚོ་བ། །འཚོ་བ་དག་པ་དེ་རྒྱལ་བ། །བཀྲེས་དང་སྐོམ་སོགས་ཞི་ [109a] [109a.1]བྱའི་ཕྱིར། །སྨན་བཞིན་དུ་ནི་བསམ་པར་བྱ། །ཞེས་བྱ་བའི་དེའི་རྗེས་ལ་ཇི་ལྟར་རྙེད་པའི་ཟས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ན་རྭཱ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་གཏོར་མ་སྦྱིན་པར་བྱའོ། །དེའི་རྗེས་ལ། ཨོཾ་ཨཱཿསརྦ་བུདྡྷ་བོ་དྷི་སཏྭ་ [109a.2]བྷྱོ་བཛྲ་ནཻ་བི་དྱཻ་ཧཱུཾ་ཞེས་བྱ་བས་བཤོས་གཙང་དབུལ་ལོ། །ཨོཾ་ཧ་རི་ཏི་མ་ཧཱ་ཡཀྵི་ནི་ཧ་ར་ཧ་ར་སརྦ་པཱ་པཾ་ན་ཀྵ་ན་སྭཱ་ཧཱ། ཞེས་བརྗོད་ལ་ཟན་ཆང་བུ་གཉིས་སྦྱིན་པར་བྱའོ། །ཨོཾ་ཨ་གྲ་པ་ཎི་ཊཱ་སི་བྷྱཿསྭཱ་ཧཱ། ཞེས་བྱ་བས་ནི་ཟན་གྱི་ཆང་བུ་གསུམ་པ་སྦྱིན་པར་བྱའོ། །དེའི་རྗེས་ལ། ཨཱོཾ་ཨཱཿ་ [109a.3]ཧཱུཾ་ཞེས་བྱ་བས། རང་གི་སྣོད་ཀྱི་ཟན་བྱིན་གྱིས་བརླབ་ཅིང་དུག་ལ་སོགས་པ་རྣམས་ཞི་བར་གྱུར་གྱི་བར་དུ་དང་པོ་མཐེ་བོང་དང་སྲིན་ལག་གིས་བཟའ་བར་བྱའོ། །དེའི་རྗེས་ལ་ཇི་ལྟར་བདེ་བར་བཟོད་པའི་ཟས་ལྷག་མ་ལ། ཨོཾ་ཨུཙྪིཊ་བནྡི་ཨ་སི་བྷྱཿསྭཱ་ཧཱ། ཞེས་བྱ་བས་ལྷག་ [109a.4]མའི་ཆང་བུ་སྦྱིན་པར་བྱའོ། །ལྷག་མ་གཞན་བྱིན་གྱིས་མ་བརླབས་པ་ནི་ཡོངས་སུ་དོར་བར་བྱའོ། །དེ་ཡང་། གཏོར་མ་བཏང་ཞིང་བཤོས་གཙང་དབུལ། །འཕྲོག་མ་དང་པོ་ཆང་བུ་དང་། །ལྔ་པོ་ལྷག་མ་གཏང་བ་སྟེ། །འབྲས་བུ་ལོངས་སྤྱོད་ཆེན་པོར་འགྱུར། །ཞེས་བསྟན་ [109a.5]པས་སོ། །དེའི་རྗེས་ལ། འཐོར་འཐུང་ལ་སོགས་པ་བྱས་ལ། །བློ་བདེ་བ་ཡོངས་སུ་དག་ཅིང་ཁྱད་པར་ཅན་གྱི་བདེ་བ་དང་ལྡན་པས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར། ལན་གསུམ་གྱི་བར་དུ་འདི་བརྗོད་པར་བྱ་སྟེ། རྒྱལ་པོ་དང་ནི་ཡོན་བདག་དང་། ། [109a.6]སེམས་ཅན་ཕུང་པོ་གཞན་དག་ཀྱང་། །ཚེ་དང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་གྱུར་ཅིག། །ཅེས་བྱའོ། །དེའི་རྗེས་ལ། །ཡོངས་སུ་དག་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཇི་ལྟར་འདོད་པས་གནས་པར་བྱའོ། །དེའི་རྗེས་ལ། དགེ་བའི་བཤེས་གཉེན་བསྟེན་ [109a.7]ནས་ལྷན་ཅིག་སྤྱོད་པ་དང་། སྐྱེས་པའི་རབས་སམ། གཏམ་རྒྱུད་དམ། གླེང་གཞི་འམ། རྟོགས་པ་བརྗོད་པའི་གཏམ་གྱིས་ཉིན་དང་མཚན་དུ་ཡིད་ཤིན་ཏུ་གནས་པས་གནས་པར་བྱའོ། །དེ་ནས་ཕྱི་དྲོའི་དུས་སུ་ཡང་བཟླས་པ་དང་བསྟོད་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྐྱེ་བ་མེད་ [109b] [109b.1]པའི་ཡིད་ཀྱིས་བྱས་ལ། ཡི་གེ་ཨ་ལ་སོགས་པས་གཏོར་མ་བྱིན་ལ་རྣལ་འབྱོར་གྱི་གཉིད་ཀྱིས་ཉལ་བར་བྱའོ། །ཨུ་སངས་རྒྱས་ཆོས་ལ་རྟག་ཏུ་འཇུག །ཉེ་བར་ཞི་བའི་དགེ་བསྙེན་ཏེ། །སེམས་ཅན་རྣམས་ལ་ཉེ་བར་ཕན། །ཐམས་ཅད་ཉེ་བར་ཕན་གྱུར་པས། །རྟག་ཏུ་སྡིག་པ་སྤོང་བར་ [109b.2]བྱེད། །སྡིག་པ་ཅན་དང་འགྲོགས་པ་སྤང་། །སྐྱེས་བུ་སྡིག་པ་སྤོང་བར་བྱེད། །ཀུན་དུ་སྡིག་པ་བཤགས་བྱེད་པའོ། །སྒྲོ་བཏགས་ཐམས་ཅད་྅རྣམ་པར་གྲོལ། །ཏིང་ངེ་འཛིན་ལ་ལེགས་མཉམ་འཇོག །ཀུན་དུ་མཆོག་ཏུ་དགའ་བ་ཡིས། །མཁས་པས་རྫོགས་པའི་བྱང་ཆུབ་ [109b.3]བསྒྲུབ། །དུས་ཀུན་དུ་ནི་འབད་མེད་པས། །སྙིང་རྗེས་ཡོངས་སུ་སྐྱོང་བ་ཉིད། །སྡུག་བསྔལ་གྱུར་ཀྱང་མི་འདོད་མིན། །ཕན་པ་མཆོག་ནི་བྱེད་པར་འགྱུར། །ཞེས་བྱ་བའི་ཚིག་གིས་ཡི་གེ་བཞི་པའི་དོན་དང་ལྡན་པའི་ཚིག་གིས་བསྙེན་ནོ། །དགེ་བའི་ལས་ནི་ཡོངས་སུ་བྱས། ། [109b.4]བསོད་ནམས་ཚོགས་ནི་ཉེ་བར་བསགས། །གོམས་པའི་དབང་གིས་སད་པ་བཞིན། །དགེ་བ་རྨི་ལམ་ཉིད་ན་འང་བྱེད། །འགྲོ་བ་ཐམས་ཅད་དྲི་མེད་པའི། །གཟུགས་བརྙན་གཞན་དུ་མཐོང་འགྱུར་ན། །ཐམས་ཅད་སྨྲ་བའི་སྐྱེས་བུ་ལྟར། །རྗེས་སུ་མི་དམིགས་བཞིན་དུ་ [109b.5]བྱེད། །དེ་ལྟ་བས་ན་ཕྱིར་མི་ལྡོག། །ཞེས་བརྗོད་དོ། །དེ་ལྟར་ཉིན་དང་མཚན་དུ་རྒྱུན་མི་འཆད་པར་བསོད་ནམས་ཀྱི་ཚོགས་ཉེ་བར་བསགས་པ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སེམས་ཅན་ལ་ཕན་པ་དང་། བདེ་བས་ཡང་དག་པར་གནས་སོ་ཞེས་བྱ་བ་ཡིན་ནོ། །དབུ་མའི་དོན་ལ་མཆོག་གཞོལ་བ། ། [109b.6]ནམ་མཁའ་སྙིང་པོ་ཞེས་བྱ་བས། །དང་པོ་ལས་ལ་མཉམ་འཇོག་ཅིང་། །ཡི་དམ་ཉིད་དུ་འདི་བྱེད་པ། །རྡོ་རྗེ་གདན་ནས་འོངས་འགྱུར་ཏེ། །བྲམ་ཟེའི་རིགས་ལ་ཞི་བའི་སེམས། །ནམ་མཁའི་སྙིང་པོར་གསོལ་བཏབ་བདག་གིས་དང་པོའི་ལས། །ཆོ་གའི་ཚིག་འགའ་ཙམ་ [109b.7]ཞིག་བསྟན་པར་བྱས་པ་འདིས། །བྱང་ཆུབ་གོམས་པར་བྱས་ནས་མྱུར་དུ་ཉོན་མོངས་པའི། །སྡིག་པའི་བློ་ཡི་དྲི་མའི་རབ་རིབ་འདིས་སེལ་ཤོག །དང་པོ་ལས་པའི་ཆོག་འདིས། །བདག་གིས་བསོད་ནམས་གང་ཐོབ་པ། །དང་པོའི་ལས་ཅན་དེ་དག་དང་། །འགྲོ་བ་གཉིས་ [110a] [110a.1]མེད་ཐོབ་པར་ཤོག །སློབ་དཔོན་མཁས་པ་ཆེན་པོ་ངེས་པར་སྦྱངས་པ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་ལྟ་བ་ངན་པ་སེལ་བཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བླ་མ་བཛྲ་པཱ་ཎིའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་མཚུར་སྟོན་ཡེ་ཤེས་ [110a.2]འབྱུང་གནས་ཀྱིས་བསྒྱུར་བའོ།། {T2230}༄༅༅། །རྒྱ་གར་སྐད་དུ། མདྷྱ་མ་ཤ་ཏ། བོད་སྐད་དུ། དབུ་མ་དྲུག་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །ཤེས་པ་སྐད་ཅིག་མ་ཡོད་དེ། །རྟོག་པས་སྟོང་ཞིང་དམིགས་ [110a.3]པ་མེད། །རྣམ་བཅས་སྨྲ་བར་ཤེས་པར་བྱ། །ཆད་པ་མ་ཡིན་རང་རིག་ནི། །སྔོན་པོ་ལ་སོགས་པར་སྣང་བ། །དེ་ནི་མཚན་ཉིད་ཀྱིས་མ་སྐྱེས། །དབུ་མ་པ་ཡི་ལམ་དུ་འདོད། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །གསལ་བ་བརྫུན་པའི་མཚན་ཉིད་དེ། །དེ་ནི་སྒྱུ་མ་ལྟར་གཉིས་མེད། ། [110a.4]ཚད་མར་ལྡན་པའི་གྲུབ་མཐའོ། །དངོས་པོ་སྟོང་པར་རིག་པ་གང་། །སྣང་བ་མེད་ཅིང་སྒྲིབ་གཡོགས་མེད། །དེ་ཉིད་དབུ་མ་པ་ཡི་ལམ། །རྗེས་ཐོབ་དག་པའི་ཀུན་རྫོབ་ཡིན། །གསལ་བ་འམ་ནི་མི་གསལ་བ། །དེ་ཉིད་ལ་ནི་དམིགས་སུ་མེད། །རྣམ་ཀུན་མ་སྐྱེས་པ་རང་བཞིན། ། [110a.5]གཞན་དག་དབུ་མ་པ་རུ་འདོད། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །གསལ་བ་ལྷ་ཡི་བདག་ཉིད་ཅན། །གཉིས་མེད་མཆོག་ཏུ་བདེ་བའི་དངོས། །རྟེན་ཅིང་འབྲེལ་འབྱུང་ཙམ་བདག་ཉིད། །དབུ་མ་དྲུག་པ་ཞེས་བྱ་བ། །སློབ་དཔོན་མཁས་པ་མཻ་ཏྲིས་མཛད་པ་རྫོགས་སོ།། །། [110a.6]བླ་མ་བཛྲ་པཱ་ཎི་དང་། ནགས་ཚོས་བསྒྱུར་བའོ།{T2231}༄༅༅། །རྒྱ་གར་སྐད་དུ། ཀུ་དྲྀཥྚི་ནི་རྒ་ཏ་ཊཱི་ཀཱ། བོད་སྐད་དུ། ལྟ་བ་ངན་པ་སེལ་བའི་དཀའ་འགྲེལ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དེ་ལ་གནས་སྐབས་ནི་རྣམ་པ་གསུམ་སྟེ། རྒྱུའི་གནས་སྐབས་དང་། ། [110a.7]འབྲས་བུའི་གནས་སྐབས་དང་། སེམས་ཅན་གྱི་དོན་བྱེད་པའི་གནས་སྐབས་སོ། །དེ་ལ་སློབ་པ་ནི་རྒྱུའི་གནས་སྐབས་སོ། །འབྲས་བུའི་གནས་སྐབས་དང་། སེམས་ཅན་གྱི་དོན་བྱེད་པའི་གནས་སྐབས་ནི་དེ་བཞིན་གཤེགས་པའོ། །དེ་ལ་ཡང་རྒྱུའི་གནས་སྐབས་ཞེས་ [110b] [110b.1]བྱ་བ་ནི། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ནས་བཟུང་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་རོ། །འབྲས་བུའི་གནས་སྐབས་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་བསྐྱེད་པ་དང་། ཉོན་མོངས་པ་ཐམས་ཅད་སྤང་པ་ཡོན་ཏན་ཐོབ་པའི་གནས་ [110b.2]སྐབས་སོ། །སེམས་ཅན་གྱི་དོན་བྱེད་པའི་གནས་སྐབས་ཞེས་བྱ་བ་ནི། དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་བཟུང་སྟེ། །བསྟན་པ་མ་ནུབ་ཀྱི་བར་རོ། །དེ་ལ་རྒྱུའི་གནས་སྐབས་ནི་གསུམ་སྟེ། བསམ་པའི་གནས་སྐབས་དང་། སྦྱོར་བའི་གནས་སྐབས་དང་། དབང་གི་ [110b.3]གནས་སྐབས་སོ། །དེ་ལ་བསམ་པའི་གནས་སྐབས་ནི། སེམས་ཅན་ཐམས་ཅད་ངེས་པར་ཐར་པའི་སྨོན་ལམ་མོ། །དེའི་ཉེ་བའི་དཀའ་བ་བཞི་ནི་འདི་ལྟ་སྟེ། གཞན་གྱི་སྡུག་བསྔལ་ཉེ་བར་བསལ་བ་ལ་སོ་སོར་རྟག་པ་དང་། དགོས་པ་ལ་སོ་སོར་རྟོག་པ་དང་། གྲོགས་ལ་སོ་སོར་ [110b.4]རྟོག་པ་དང་། ལོངས་སྤྱོད་ལ་སོ་སོར་རྟོག་པའོ། །དེ་ལ་ཐབས་སུ་འགྲོ་བ་བྱང་ཆུབ་ཏུ་སྨོན་པ་སྟེ། དེའི་རྗེས་སུ་ཚོལ་བ་བཞི་ནི་འདི་ལྟ་སྟེ། རིགས་དང་བཤེས་གཉེན་དམ་པ་དང་སྙིང་རྗེ་དང་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། རྐྱེན་བཞི་བཞི་རྣམས་ལས་བྱང་ཆུབ་ཀྱི་ [110b.5]སེམས་སྐྱེ་བར་འགྱུར་ཏེ་ཞེས་བྱ་བའི་ཚིག་བཅུ་པ་འདི་དག་གིས་སྟོན་ཏེ། ལྷག་པའི་བསམ་པའི་གནས་སྐབས་སོ། །ལྷག་པར་མོས་པ་སྦྱོར་བས་སྦྱོར་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་ཐོབ་པའི་ཕ་རོལ་ཏུ་ཕྱིན་པ་བདུན་ནོ། །དེ་ལ་ལྷག་པར་མོས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ནི། སྦྱིན་ [110b.6]པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་ཡེ་ཤེས་ཏེ། དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །ས་ཐོབ་པའི་ཕུན་སུམ་ཚོགས་པ་བཞི་ནི། བསམ་པ་དང་། སྦྱོར་བ་དང་། [110b.7]ཡོངས་སུ་འཛིན་པ་དང་། སྦྱིན་པ་ཕུན་སུམ་ཚོགས་པ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་ཏེ། དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་བདུན་ནོ། །ལྷག་པར་མོས་པའི་སྦྱོར་བས་ཕ་རོལ་ཏུ་ཕྱིན་པ་དག་བྱེ་བྲག་ [111a] [111a.1]ཏུ་འགྱུར་རོ། །རྣམ་པ་གཉིས་པོ་འདི་དག་ནི་སྦྱོར་བའི་གནས་སྐབས་སོ། །དེ་ལ་དབང་ལྔ་ནི། འདི་ལྟ་སྟེ། ཉོན་མོངས་པ་དང་། སྐྱེ་བ་དང་། ལས་དང་། ཐབས་དང་། སེམས་ཅན་ཡོངས་སུ་སྨིན་པ་ལ་དབང་བ་རྣམས་སོ། །དེ་ལ་རྒྱུའི་གནས་སྐབས་ལ་གནས་པ་ལས་ [111a.2]དང་པོ་པ་རྣམས་ཀྱིས་ཐམས་ཅད་བྱའོ། །དེ་ལ་འབྲས་བུའི་གནས་སྐབས་དང་། སེམས་ཅན་གྱི་དོན་བྱེད་པའི་གནས་སྐབས་ལ་གནས་པ་རྣམས་ཀྱིས། ཤཱཀྱ་ཐུབ་པ་ལྟར་འབད་པ་མེད་པར་ལས་དང་པོ་པ་ལ་རབ་ཏུ་འཇུག་གོ། །འདི་དག་གིས་ནི་ལྟ་བ་ངན་པ་སེལ་བ་རྒྱས་པར་ཤེས་པར་བྱའོ། ། [111a.3]ལྟ་བ་ངན་པ་སེལ་བའི་དཀའ་འགྲེལ་དཔལ་ལྡན་ངེས་པར་སྦྱངས་པ་གཉིས་སུ་མེད་པས་མཛད་པ་རྫོགས་སོ།། །།བཛྲ་པཱ་ཎི་དང་མཚུར་གྱིས་བསྒྱུར་བ་ཡིན་ནོ།། {T2232}༄༅༅། །རྒྱ་གར་སྐད་དུ། ས་ཧ་ཛ་ཥ་ཊ་ཀ །བོད་སྐད་དུ། ལྷན་ཅིག་སྐྱེས་པ་དྲུག་པ། རྡོ་རྗེ་ [111a.4]འཛིན་པ་ལ་ཕྱག་འཚལ་ལོ། །རྟག་དང་ཆད་ལས་ངེས་གྲོལ་བ། །དེ་ཉིད་བདེ་གཤེགས་རྣམས་ཀྱིས་བཞེད། །རང་བཞིན་ལས་སྐྱེས་ཆོས་རྣམས་ལ། །སྒྲུབ་དང་སེལ་བར་ཕྱག་ནི་བརྗོད། །ཡོད་པར་སྨྲ་བ་ལ་བརྗོད་པ། །ཐམས་ཅད་རྣམ་པར་དཔྱད་ན་མེད། །མེད་པར་སྨྲ་བ་ལ་བརྗོད་པ། ། [111a.5]རྣམ་པར་དཔྱད་ན་ཐམས་ཅད་ཡོད། །ཇི་ལྟ་ཇི་ལྟར་སྒྲོ་བཏགས་པ། །དེ་ཉིད་རྣལ་འབྱོར་པ་རྣམས་སྐྱེ། །དེ་ལྟ་དེ་ལྟར་སྒྲོ་བཏགས་པ། །རྣལ་འབྱོར་དེ་ཉིད་ཀྱིས་ནི་འཇོམས། །གང་ཕྱིར་ལྷན་ཅིག་སྐྱེས་མ་བཅོས། །དེ་ཕྱིར་དོགས་མེད་ལྷན་ཅིག་སྐྱེས། །བདེ་བས་ལྷན་ཅིག་སྐྱེས་ [111a.6]གཞན་མིན། །བདེ་བ་དོགས་པ་མེད་མཚན་ཉིད། །ཤེས་ཕྱིར་དོགས་པ་མེད་པའི་བདག །དབྱེར་མེད་རྟོགས་པ་དམ་པ་བདེ། །སྣ་ཚོགས་རང་རིག་རྟོགས་བྱས་པས། །ལྷན་ཅིག་སྐྱེས་པའི་རྒྱ་མཚོར་ནུབ། སྔགས་ཀྱི་དེ་ཉིད་རྣལ་འབྱོར་པས། །དོགས་མེད་དོན་ལ་རབ་ [111a.7]ཏུ་གནས། །སྲིད་པ་ཡང་འདི་བླ་མར་བྱས། །དོགས་པ་མེད་པའི་ཡུལ་གྱིས་སྟོན། །ལྷན་ཅིག་སྐྱེས་པ་དྲུག་པ་བླ་མ་མཻ་ཏྲི་པས་མཛད་པ་རྫོགས་སོ།། །།བླ་མ་བཛྲ་པཱ་ཎི་དང་། མཚུར་གྱིས་བསྒྱུར་བའོ། {T2233}༄༅༅། །རྒྱ་གར་སྐད་དུ། སྭཔྣ་ནིར་དེ་ཤ། བོད་སྐད་དུ། རྨི་ལམ་ [111b] [111b.1]ངེས་པར་བསྟན་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །འདུལ་བ་དང་ནི་ཆོས་མངོན་དང་། །མདོ་ལས་རྒྱལ་བ་སྐྱེས་མཆོག་གིས། །རྨི་ལམ་ལྟ་བུར་ཆོས་གསུངས་པ། །གསལ་བར་འདི་ནི་བསྟན་པ་ཡིན། །རྨི་ལམ་བདེན་ནམ་བརྫུན་པའམ། །སྣ་ཚོགས་སེམས་སམ་རྣམ་མེད་སེམས། ། [111b.2]སྒྱུ་མའམ་ཡང་ན་མི་གནས་ལས། །དམ་པ་ལྟར་ནི་གང་ཞིག་འདོད། །མ་རྟོགས་པ་ནི་རྨི་ལམ་བདེན། །རྟོགས་ན་དེ་ནི་བརྫུན་འགྱུར་ཏེ། །དང་པོར་རྟག་པར་ཤེས་བྱ་སྟེ། །གཉིས་པ་ཆད་པར་གྱུར་པ་ཡིན། །རབ་ཏུ་སད་པས་རྟོག་པ་སེལ། །ཉམས་སུ་མྱོང་བ་སེལ་མ་ [111b.3]ཡིན། །སེམས་བཅས་སྣ་ཚོགས་སེལ་བདག་ཉིད། །གང་ཞིག་ཉམས་སུ་ཆེར་མྱོང་བ། །སྐད་ཅིག་འཇུག་པ་ཀུན་གཞིག་རྩ། །སྣ་ཚོགས་སྣང་བ་འཇུག་པ་རྣམས། །དེ་དང་དེར་ནི་རྣམ་པར་གནས། །སེམས་འདི་ཉིད་ནི་དེ་ལྟར་འདོད། །གལ་ཏེ་རྨི་ལམ་རྨི་ལམ་ཉིད། ། [111b.4]སེམས་དངོས་སྣ་ཚོགས་དེ་ཚེ་བརྫུན། །ཡོད་དང་མེད་པ་འཇུག་མེད་པ། །གསལ་བ་ལ་ནི་ཆད་པ་མེད། །ཅི་སྟེ་མིང་མེད་ལ་མིང་བཏགས། །མིང་ནི་སྒྱུ་མ་ཉིད་དུ་དོགས། །མིང་ལ་མིང་ནི་རིགས་མ་ཡིན། །མིང་ནི་མི་གནས་པ་ཡིན་ནོ། །འདིར་ནི་དྲུག་ལས་གཉིས་དེར་ [111b.5]བྱོས། །གཞི་ནི་རྟོགས་པར་བྱ་བའོ། །སྣ་ཚོགས་འདི་དག་རྨི་ལམ་མཚུངས། །དེ་ལྟར་རྒྱལ་བ་མཆོག་གིས་གསུངས། །མི་གནས་གཞུང་ནི་རྟོགས་བྱ་སྟེ། །སངས་རྒྱས་པ་ཀུན་ནོར་ཡིན་པས། །རང་རིག་དང་ནི་བླ་མའི་བཀའ། །ལུང་གི་ཁྱད་པར་གྱིས་ཤེས་སོ། །རྨི་ལམ་ [111b.6]ངེས་པར་བསྟན་པ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།བླ་མ་བཛྲ་པཱ་ཎི་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། {T2234}༄༅༅། །རྒྱ་གར་སྐད་དུ། མཱ་ཡཱ་ནི་རུཀྟི་ནཱ་མ། བོད་སྐད་དུ། སྒྱུ་མ་ངེས་པར་བསྟན་པ་ཞེས་བྱ་བ། འཇམ་ [111b.7]དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་རྣམས་སྒྱུ་མ་ཇི་བཞིན་དུ། །དངོས་མེད་ཚེ་ན་དངོས་སངས་རྒྱས། །མཁས་པས་བདེ་བའི་བསམ་པ་ཡིས། །འགྲོ་འདི་ཅི་ཕྱིར་གྲོལ་མ་བྱས། །སྒྱུ་མ་མཁན་བྱས་སྒྱུ་མ་ནི། །ཁྱིམ་ནི་རབ་ཏུ་འབར་བ་ལ། །ཁ་ཅིག་ལ་ནི་བདེན་ [112a] [112a.1]པར་སྣང་། །སྒྱུ་མ་མཁན་བཞིན་མཁས་པས་རིག །སྒྱུ་མར་མཐོང་བས་འབད་མེད་པར། །འདོད་པ་གང་དེ་རང་འང་འགྱུར། །འདི་ལ་ཐམས་ཅད་སྒྱུ་མ་སྤྱོད། །གང་ཀུན་སྒྱུ་མར་རྟོགས་པའི་ཕྱིར། །ཁྱོད་ཀྱིས་བརྫུན་པར་མ་རྟོག་པར། །སྒྱུ་མ་རྟག་པར་སྨྲ་བར་ [112a.2]གྱིས། །ཆོས་དབྱིངས་མ་སྐྱེས་པ་ཡི་ཕྱིར། །ཆད་པར་ཐལ་བར་མི་འགྱུར་རོ། །ཆོས་རྣམས་མ་སྐྱེས་མི་འགག་ཕྱིར། །བེམས་པོར་གྱུར་པ་མ་ཡིན་ནོ། །ཆོས་རྣམས་སྟོང་ཉིད་ལ་བསྐྱེད་པའི། །སྟོང་ལས་ཆོས་ཉིད་གཞན་མ་ཡིན། །དེ་ཡི་ཕྱིར་ན་ཀུན་མཁྱེན་གྱིས། །སངས་རྒྱས་ [112a.3]ཉམས་པར་མི་མཛད་དོ། །འབད་མེད་དབང་གིས་ཐམས་ཅད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བའང་འཇུག །རྐང་པ་བརྐྱང་བ་སྤངས་ནས་ནི། །ང་རྒྱལ་ལ་སོགས་བཏང་ནས་ཀྱང་། །གནས་མེད་གནས་ལ་ལེགས་གནས་ཏེ། །རྣལ་འབྱོར་པ་ཡིས་ཆོས་ལ་སྤྱོད། །བཟའ་དང་བཏུང་བའི་ [112a.4]རོ་རྙེད་ནས། །དག་པ་ཉིད་ཀྱི་གཏམ་སྨྲ་ཞིང་། །གང་ཞིག་སྤྱད་པ་མི་སྤྱོད་པ། །རྫོགས་པའི་བྱང་ཆུབ་སྤྱོད་འདི་མིན། །སྐྱེ་བོ་དེ་ཉིད་གཏམ་སྨྲ་ཞིང་། །སྤྱོད་པ་འདི་ལ་ཡི་རང་བྱེད། །རིགས་པ་བསྒྲུབ་པ་ཉམས་ལེན་པའི། །འབྱོར་པའི་སྐྱེ་བོ་རྙེད་པར་དཀའ། །ས་ཡི་ལམ་ལ་ [112a.5]ཕྱོགས་ཀྱི་གོས། །སློང་མོའི་ཟས་ནི་ཟ་བ་དང་། །སྐྱེ་མེད་ཆོས་ལ་བཟོད་པ་དང་། །འབད་མེད་རྩེ་བ་འཇུག་པའོ། །ཆོས་གང་སྐྱེ་བོ་ལས་རྒྱལ་བ། །དེ་ལ་རྒྱལ་བ་དེ་སྤྱོད་པ། །དེ་ཡི་འབྲས་བུ་ཚེ་འདིར་ལྟོས། །བླ་མེད་འབྲས་བུ་སྨོས་ཅི་དགོས། །སྒྱུ་མ་བསྟན་པའི་བསོད་ [112a.6]ནམས་གང་། །དགེ་བའི་སེམས་ཀྱིས་གང་ཐོབ་དེས། །གཉིས་མེད་འཇིག་རྟེན་ལས་འདས་པ། །གོ་འཕང་འཇིག་རྟེན་གྱིས་ཐོབ་ཤོག །སྒྱུ་མ་ངེས་པར་བསྟན་པ་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། ལོ་ཙཱ་བ་ [112a.7]དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། {T2235}༄༅༅། །རྒྱ་གར་སྐད་དུ། ཨ་པྲ་ས་ཧ་པྲ་ཀ་ས་ནཱ་མ། བོད་སྐད་དུ། རབ་ཏུ་མི་གནས་པ་གསལ་བར་སྟོན་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་པ་རབ་ཏུ་མི་གནས་པ། ། [112b] [112b.1]སངས་རྒྱས་ཕ་ནོར་ཐམས་ཅད་འདོད། །འོན་ཀྱང་འབད་མེད་སྦྱོར་བ་ཡིས། །གང་ཚེ་སེམས་ཅན་དོན་བྱེད་ནའོ། །གང་ཕྱིར་གཞན་སེལ་སྒྲུབ་ལས་སྐྱེས། །དེ་ནི་རྟག་དང་ཆད་ལ་གནས། །རྟག་ཏུ་མ་སྐྱེས་མི་འགག་ཉིད། །སྐྱེ་དང་འགག་པ་བྱོལ་སོང་ཚིག །གལ་ཏེ་རང་རིག་ [112b.2]ཚད་མ་ནི། །རིག་དེ་སེམས་ཅན་འདོད་མ་ཡིན། །སྣང་བ་ཐམས་ཅད་སྤང་བའི་ཕྱིར། །སེམས་ཅན་བདེན་པ་མ་ཡིན་ནོ། །རྗེས་ལ་སེམས་ཅན་འདོད་ཅེ་ན། །དེ་ཚེ་སེམས་ཅན་རྫས་ཡོད་མིན། །དམ་བཅས་གཅོད་པ་གནོད་པའི་དོན། །རྗེས་སུ་རྟག་པ་ཞེས་བརྗོད་དོ། །དངོས་ [112b.3]གཞི་ལ་ཡང་རིག་པ་ཡོད། །རྗེས་ལ་དེ་ལྟར་སྣང་བའི་ཕྱིར། །དང་པོ་མི་རྟོག་པར་འགྱུར་གྱིས། །དེ་ལས་འཛིན་པའི་ཤེས་པའོ། །འདས་དང་མ་འོངས་ལ་སོགས་པའོ། །སེམས་ནི་གནས་པ་ཡོད་མ་ཡིན། །དེས་ན་དེ་དག་མེད་པར་ནི། །འགྲོ་ལ་འགྲོ་བའི་མགོན་པོས་ [112b.4]བསྟན། །ཆོས་རྣམས་ཀྱི་ནི་སྐྱེ་བ་ཉིད། །རང་ཉིད་གཉུག་མ་བསམ་མི་ཁྱབ། །དེ་ཉིད་སྟོང་པ་ཉིད་ཅེས་བརྗོད། །ཆད་པའི་རྗེས་འགྲོ་མ་ཡིན་ནོ། །རབ་ཏུ་མི་གནས་ས་བོན་ལས། །འབྲས་བུ་རབ་ཏུ་མི་གནས་འབྱུང་། །སྐྱོབ་པ་དེ་ཉིད་དམ་པ་སྟེ། །བཅོས་མའི་བཅོས་མ་དེ་ [112b.5]བཞིན་ནོ། །དེ་བཞིན་བསམ་གཏན་ཡོད་མེད་ཅེས། །ཆགས་མེད་སྤྱོད་ལ་བརྗོད་དུ་མེད། །གང་ཕྱིར་རྟེན་ནས་འབྱུང་བ་རྣམས། །ཉམས་མྱོང་ཇི་བཞིན་རྟག་ཏུ་སྐྱེ། །རྟེན་ནས་འབྱུང་བ་གང་དང་གང་། །དེ་དེ་གཉིས་མེད་སྣ་ཚོགས་སེམས། །སྟོང་དང་སྣ་ཚོགས་སེམས་དབྱེ་ [112b.6]བས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཉིད། །བདག་གིས་མི་གནས་བརྗོད་པ་ལས། །བདེ་བ་བསགས་པ་གང་ཡོད་དེས། །ཉེ་བར་སྤྱོད་པ་ཐམས་ཅད་དང་། །འགྲོ་རྣམས་མི་གནས་ཐོབ་པར་ཤོག །རབ་ཏུ་མི་གནས་པ་གསལ་བར་བསྟན་པ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་ [112b.7]རྫོགས་སོ།། །།བཛྲ་པཱ་ཎི་དང་། ནགས་ཚོས་བསྒྱུར་བའོ།། {T2236}༄༅༅། །རྒྱ་གར་སྐད་དུ། ཏཏྟད་ཤ་ཀ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡོད་དང་མེད་པའི་སྦྱོར་བས་ཀྱང་། །སྤངས་པ་ [113a] [113a.1]གང་ཞིག་དྲི་མེད་པ། །བྱང་ཆུབ་རང་བཞིན་རྟོགས་པ་གང་། །དེ་བཞིན་ཉིད་དེ་ཕྱག་འཚལ་འདུད། །དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །དངོས་པོ་འདི་ནི་ [113a.2]བྱང་ཆུབ་འགྱུར། །ཆགས་པ་སྤངས་པའི་རང་བཞིན་ཉིད། །འཁྲུལ་པ་ལས་ནི་ཆགས་མེད་འགྱུར། །འཁྲུལ་པའང་གནས་པ་མེད་པར་འདོད། །དེ་ཉིད་ཅི་ན་དངོས་རང་བཞིན། །དངོས་པོ་དངོས་མེད་གང་ཡིན་པའོ། །དངོས་པོ་མེད་པའང་དངོས་པོར་འགྱུར། །རྒྱུ་དང་འབྲས་ [113a.3]བུའི་རང་བཞིན་གྱིས། །དེ་ལྟར་ཆོས་རྣམས་རོ་གཅིག་སྟེ། །ཐོག་མ་མེད་ཅིང་གནས་མེད་པར། །ཇི་ལྟ་བ་ཡི་ཏིང་འཛིན་གྱིས། །འདི་དག་ཐམས་ཅད་འོད་གསལ་ཏེ། །ཇི་ལྟ་བ་ཡི་ཏིང་འཛིན་ཡང་། །རབ་ཏུ་འཇུག་པའི་སེམས་ཉིད་ཀྱིས། །གང་ཕྱིར་དེ་ཡང་གནས་རིག་པས། ། [113a.4]དེ་ཉིད་རྒྱུན་མི་འཆད་ལས་སྐྱེས། །ཤེས་དང་ཤེས་བྱ་རྣམ་བྲལ་བའི། །འགྲོ་བ་ཉིད་ནི་གཉིས་མེད་འདོད། །གཉིས་དང་བྲལ་བར་རློམ་པ་ཡང་། །དེ་ལྟར་འོད་གསལ་བ་ཉིད་དོ། །དེ་ལྟའི་དེ་ཉིད་ངེས་རྟོགས་ན། །ཇི་ལྟ་དེ་ལྟར་གང་དེ་ན། །རྣལ་འབྱོར་མིག་ནི་རྒྱས་འགྱུར་བས། ། [113a.5]ཀུན་དུ་སེང་གེ་ཇི་བཞིན་ནོ། །འཇིག་རྟེན་ཆོས་ལ་རྣམ་ལོག་འདིས། །སྨྱོན་པའི་སྤྱོད་པ་ལ་བརྟེན་ནས། །བདག་བྱིན་བརླབ་པས་རྣམ་བརྒྱན་ནས། །དམིགས་པ་མེད་པར་ཐམས་ཅད་བྱེད། །དྲི་མེད་དེ་ཉིད་གང་བསྟན་ཅིང་། །གཉིས་སུ་མེད་པ་གང་སྨྲས་པ། །མཉམ་དང་མི་མཉམ་འདི་ [113a.6]སྤངས་ནས། །བློ་ཆེན་རྣམས་ཀྱིས་རྟོགས་བྱའི་རིགས། །དེ་ཁོ་ན་ཉིད་བཅུ་པ། སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།བླ་མ་ཕྱག་ན་དང་། མཚུར་གྱིས་བསྒྱུར་བའོ། །།ཕྱིས་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་རོ།། {T2237}༄༅༅། །རྒྱ་གར་ [113a.7]སྐད་དུ། ཡུ་ག་ན་ད་པྲ་ཀཱ་ས་ནཱ་མ། བོད་སྐད་དུ། ཟུང་དུ་འཇུག་པ་རབ་ཏུ་གསལ་བ་བསྟན་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་དང་གང་སྣང་དེ་དག་པར། །རྟོགས་པར་གྱུར་ན་མི་འགྱུར་ཉིད། །རྐྱེན་ལས་སྐྱེས་པ་དེ་འགྱུར་བ། ། [113b] [113b.1]དེ་ཡང་རྐྱེན་ལས་དེ་མ་སྐྱེས། །གཟུགས་ལས་གཟུགས་ནི་ཡོད་མ་ཡིན། །མིག་ལ་ཡང་ནི་ཡོད་མ་ཡིན། །དེ་སྐྱེས་རྣམ་ཤེས་ལ་ཡང་མིན། །ཇི་ལྟར་གཙུབ་ཤིང་མི་བསྟེན་བཞིན། །གཙུབ་ཤིང་དང་ནི་གཙུབ་གཏན་དང་། །སྐྱེས་བུའི་ལག་པ་མ་བསྟེན་པར། ། [113b.2]མངོན་དུ་མེ་ནི་གྲུབ་པ་མེད། །དེ་ནི་འདི་དག་བསྟེན་ནས་འབྱུང་། །བདག་གིས་བུ་བས་སྔར་རྨོངས་སམ། །འོན་ཏེ་བུ་ལས་རྨོངས་པར་འགྱུར། །བུ་ཉིད་ལ་ནི་སྔར་ཞེན་པ། །དེ་ནི་རྫས་སུ་ཡོད་མ་ཡིན། །དེ་ལྟར་རྐྱེན་ཉིད་འབའ་ཞིག་ཕྱིར། །ཆོས་རྣམས་རང་བཞིན་ [113b.3]མེད་པ་ཉིད། །དེ་ལ་གནས་པའི་རྣལ་འབྱོར་པས། །བདེ་མཆོག་ལས་ནི་ཉམས་མི་འགྱུར། །ཐམས་ཅད་བླང་དང་དོར་མེད་ཀྱང་། །ཐ་སྙད་དུ་ནི་འཇུག་པར་འགྱུར། །འདི་དག་སྒྱུ་མ་བཞིན་དངོས་མེད། །རྐྱེན་ལས་བྱུང་བར་རྟོགས་པའི་ཕྱིར། །མ་སྐྱེས་ཕྱིར་ན་རང་ [113b.4]བཞིན་མེད། །རྐྱེན་ལས་བྱུང་བ་མི་འགག་ཉིད། །དངོས་དང་དངོས་མེད་ཉམས་པས་ན། །ཟུང་དུ་འཇུག་པ་སྣང་བར་འགྱུར། །སྟོང་པ་སྙིང་རྗེ་གཅིག་གྱུར་པ། །རང་གི་རྟོག་པས་བྱས་པ་མིན། །སྟོང་པ་ཉིད་དང་རབ་གསལ་བ། །རང་བཞིན་ཟུང་དུ་འཇུག་པ་ཉིད། །རྣམ་ [113b.5]པ་ཀུན་མཆོག་རྒྱས་ལྡན་པའི། །ཟབ་མོ་གཉུག་མའི་སྙིང་པོ་ཉིད། །མངོན་སུམ་རིག་པ་སངས་རྒྱས་ཀྱིས། །མཆོད་པ་ལེགས་སྦྱོར་བྱེད་པ་ཡིན། །ལུས་དང་ངག་དང་སེམས་ཀྱི་ནི། །རྟག་ཏུ་བློ་བཟང་རབ་གནས་ན། །སྤྱོད་པ་བྱེད་དང་མི་བྱེད་ཀྱང་། །དེ་ལ་སྤྱོད་པ་བྱེད་ཅེས་ [113b.6]བརྗོད། །ཟུང་དུ་འཇུག་པ་རབ་ཏུ་གསལ་བ་བསྟན་པ་ཞེས་བྱ་བ། སློབ་དཔོན་ཨ་བ་དྷཱུ་ཏཱིས་མཛད་པ་རྫོགས་སོ།། །།བཛྲ་པཱ་ཎི་དང་། ནགས་ཚོས་བསྒྱུར་བའོ། །༄༅༅། །རྒྱ་གར་སྐད་དུ། པྲི་ཎ་པཉྩ་ཀ །བོད་སྐད་དུ། དགའ་གཅུགས་ལྔ་པ། སངས་རྒྱས་ལ་ [113b.7]ཕྱག་འཚལ་ལོ། །སྣང་བ་མཆོག་ཏུ་གཅུགས་པ་ནི། །རྟེན་ཅིང་འབྲེལ་འབྱུང་ཙམ་ཉིད་དོ། །མེད་པར་གྱུར་ན་སྟོང་པ་ཉིད། །འདོད་པ་མོ་དངོས་འཆིང་བར་འགྱུར། །སྟོང་ཉིད་ཤིན་ཏུ་མཆོག་གྱུར་པའི། །མཛའ་བོ་དཔེ་མེད་གཟུགས་ལྡན་གང་། །དེ་དང་བརྒྱ་ལ་བྱེད་ན་ནི། ། [114a] [114a.1]དགའ་བདེའི་གཙོ་བོ་བརླག་པར་འགྱུར། །དེ་ཕྱིར་དོགས་པས་ཁྱོ་ཤུག་གཉིས། །བླ་མ་དམ་པའི་སྤྱན་སྔར་གནས། དེ་ཡིས་དེ་དག་སྔོན་བཞིན་དུ། །དགའ་བས་ལྷན་ཅིག་གཅུགས་པར་མཛོད། །ཨེ་མའོ་བླ་མ་མཆོག་མཁས་ནི། །འདི་ལྟ་བུ་ལ་མཁས་པ་ [114a.2]མཚར། །རང་བཞིན་གཉིས་མེད་དམིགས་པ་མེད། །བླ་ན་མེད་པར་གཉིས་ཀ་སྐྱེས། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཐའ་གཉིས་རྣམ་པར་སྤངས་པ་སྟེ། །དངོས་པོ་ཀུན་གྱི་ངོ་བོ་ཉིད། །རང་བཞིན་མེད་པར་རྟག་ཏུ་ཤར། །དགའ་གཅུགས་ལྔ་ [114a.3]པ་སློབ་དཔོན་མཻ་ཏྲི་པས་མཛད་པ་རྫོགས་སོ།། །།བླ་མ་ཕྱག་ནའི་ཞལ་སྔ་ནས་དང་། ལོ་ཙཱ་བ་རྨ་བན་གྱིས་བསྒྱུར་བའོ།། {T2238}༄༅༅། །རྒྱ་གར་སྐད་དུ། ནིར་བྷེ་ད་པཉྩ་ཀ །བོད་སྐད་དུ། མི་ཕྱེད་པ་ལྔ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ [114a.4]རྟོགས་ན་འགྲོ་བ་དག །སངས་རྒྱས་རྟོགས་པ་ཅན་རྩ་ལག །ཨེ་མའོ་སངས་རྒྱས་གཟོད་ནས་དག །སངས་རྒྱས་བསྟན་པ་ཇི་ལྟར་རྟོགས། །འདིས་ནི་གཉེན་པོ་དང་དེ་ཁོ་ན་ཉིད་དང་། འབྲས་བུ་ལ་རྣམ་པར་རྟོག་པ་བཟློག་པ་ནི། ། [114a.5]རང་བཞིན་གྱིས་དབྱེར་མེད་པ་ཅན་ཏེ། ངོ་བོ་ཉིད་བསྟན་པའོ། །ཡེ་ཤེས་རྙོག་མེད་སྟོང་པ་སྟེ། །ལྷུན་གྲུབ་སྙིང་རྗེའི་བདག་ཉིད་ཅན། །དེ་ཡང་རྐྱེན་ལས་སྐྱེས་པ་སྟེ། །དངོས་དང་དངོས་མེད་རྣམ་པར་སྤངས། །འདིར་ནི་དབྱེར་མེད་རྟོགས་པའི་རང་བཞིན་བསྟན་པའོ། །ཆོས་ [114a.6]རྣམས་སྟོང་པ་ཡ་མཚན་ཆེ། །སྙིང་རྗེ་ཤིན་ཏུ་ངོ་མཚར་ཆེ། །འཁོར་ལོ་སྡོམ་པའི་ནུས་པ་མཚར། །ཀུན་རྫོབ་དག་པ་ཤིན་ཏུ་མཚར། འདིས་ནི་ཤིན་ཏུ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་མཐུ་བཤད་པའོ། །ཧ་ཅི་བརྗོད་པ་ཇི་ལྟར་བཤད། །བཤད་ན་སྐྱེ་བོ་ [114a.7]སུ་ཡིས་གོ། །རྟོགས་པར་གྱུར་ན་མི་འགྱུར་ཉིད། །ལྷུན་གྱིས་གྲུབ་པ་ཉིད་དུ་སྣང་། །འདིས་ནི་སྙིང་རྗེས་རབ་ཏུ་མི་གནས་པའི་ཆོས་ཟབ་མོའི་ཚུལ་ལ་མོས་པའི་སྐྱེས་བུ་རྙེད་པ་དཀའ་བར་བསྟན་པ་ཉིད་དོ། །རང་གི་ལས་ཀྱི་ས་བོན་སྐུ། །གནད་གཅོད་པ་ཡི་འབྲས་བུ་གང་། ། [114b] [114b.1]བདག་གིས་གཞན་ལ་མི་གཙེ་སྟེ། །ཨེ་མའོ་དེ་ཉིད་ཀྱིས་ནི་བཟོད། །འདིས་ནི་རང་གི་ལས་ཀྱི་སྐུད་པའི་མདུད་པས་དཀྲིས་པའི་བློ་དང་ལྡན་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཡོངས་སུ་འཛིན་པར་བྱེད་ཅིང་ཐུགས་ལ་དགོངས་པའོ། །མི་ཕྱེད་པ་ལྔ་པ་སློབ་དཔོན་མཻ་ཏྲི་ [114b.2]བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། ལོ་ཙཱ་བ་རྨ་བན་གྱིས་བསྒྱུར་བའོ།། {T2239}༄༅༅། །རྒྱ་གར་སྐད་དུ། མ་ཧཱ་སུ་ཁ་པྲ་ཀ་ས། བོད་སྐད་དུ། བདེ་བ་ཆེན་པོ་གསལ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཐབས་ཤེས་ངོ་བོ་ཉིད་ཅན་གྱི། ། [114b.3]རྡོ་རྗེ་སེམས་དཔའ་ལ་བཏུད་ནས། །དངོས་པོ་དེ་ཉིད་མདོར་བསྡུས་པ། །བདེ་བ་ཆེན་པོ་བདག་གིས་བཤད། །བསྐྱེད་རིམ་བསྒོམ་པ་གཅིག་ཡིན་ཏེ། །གཉིས་པ་རྫོགས་རིམ་བསྒོམ་པའོ། །དེ་ཕྱིར་གཉི་ག་བསྒོམ་པ་ནི། །དེ་ནི་བདག་གིས་འདིར་བརྗོད་བྱ། །ཆོས་རྣམས་རྐྱེན་མེད་པ་ [114b.4]རུ་ནི། །སྐྱེ་བ་མེད་པར་ངེས་པ་སྟེ། །རྟེན་ཅིང་འབྲེལ་འབྱུང་རང་བཞིན་ཕྱིར། །ཧཱུཾ་སྐྱེས་མོ་སྐྱེས་དེས་ཅི་མིན། །སྟོང་ཉིད་བྱང་ཆུབ་ལས་ས་བོན། །ས་བོན་ལས་ནི་གཟུགས་སྐྱེས་འགྱུར། །གཟུགས་ལའང་དགོད་དང་དེ་དགོད་བྱ། །དེ་ཕྱིར་ཐམས་ཅད་རྐྱེན་ལས་སྐྱེས། །ཕྱི་རོལ་ [114b.5]གཉིས་ནི་སྙོམས་འཇུག་པ། །ཐུབ་པ་ཡིས་ནི་ཉེར་བསྟན་གང་། །དེ་ནི་ནང་གི་རྟོགས་དོན་དུ། །རྒྱུད་དུ་གསལ་བར་ཤེས་པར་བྱ། །བདེ་བ་ངོ་བོ་ཉིད་འདོད་གང་། །བདེ་བ་མེད་ན་བྱང་ཆུབ་མིན། །ཡོད་ནའང་ཆགས་པ་ཆེན་པོ་སྟེ། །འཁོར་བར་སྐྱེ་བའི་རྒྱུ་ཉིད་དོ། །རྟེན་ [114b.6]ཅིང་འབྲེལ་འབྱུང་བདེ་བ་གང་། །གཟོད་ནས་ཞི་བའི་བདེ་བར་རྟོགས། །དེ་ཕྱིར་དངོས་པོ་མེད་པར་བརྗོད། །བདེ་བ་ཡོད་མིན་མེད་པའང་མིན། །རེ་ཞིག་དེ་ནི་མ་སྐྱེས་པ། །ཆོས་རྣམས་ཀྱི་ནི་དོན་དམ་ཉིད། །བདེ་བ་བརྫུན་པར་གསལ་བ་ནི། །དག་པའི་ཀུན་རྫོབ་ཏུ་ཤེས་ [114b.7]པས། །བདེན་པ་ཉིད་ནི་རྣམ་པར་དག །ཀུན་རྫོབ་སྟོང་ཉིད་རྣལ་འབྱོར་པ། །གཉིས་པོ་གཉིས་མེད་བསྒྲུབ་བྱ་སྟེ། །དོན་དམ་རྣམ་པར་སྤངས་བྱས་སོ། །སྔགས་དང་དབྱིབས་ཀྱི་སྦྱོར་བདག་ཉིད། །བློ་ལྡན་བདེ་བ་དེར་སོང་ནས། །དེ་ནས་སྣ་ཚོགས་སྒྱུ་མ་བཞིན། །གཉིས་སུ་ [115a] [115a.1]མེད་པར་དེ་ལྟར་མཐོང་། །དེ་ནས་ཡང་དག་མཐར་འཇུག་ཅིང་། །ཟུང་འཇུག་གོ་འཕང་རྟོགས་པར་འགྱུར། །ཟུང་འཇུག་ལ་གནས་རྣལ་འབྱོར་པ། །སེམས་ཅན་དོན་ལ་གཅིག་ཏུ་བརྩོན། །བདེ་སེམས་ལྷ་ཡི་རྣལ་འབྱོར་པ། །སྣ་ཚོགས་འཁོར་ལོ་ཐབས་ཡིན་ [115a.2]ཏེ། །ཤེས་རབ་སྟོང་པ་ཉིད་དུ་བརྗོད། །དེ་ནི་བདག་ཉིད་བསྒྲུབ་བྱར་འདོད། །ཕྱི་ནང་དག་པ་དེ་ཉིད་ནི། །ཤེས་རབ་ཐབས་ཀྱི་བདག་ཉིད་དེ། །བདེ་བ་གནས་མེད་རྣལ་འབྱོར་པས། །མདོར་བསྡུས་འདི་ལྟར་ཤེས་པར་བྱ། །རྟེན་ཅིང་འབྲེལ་འབྱུང་ཙམ་ཉིད་ཕྱིར། །ཡོད་པ་མ་ [115a.3]ཡིན་སྟོང་ཉིད་མིན། །རང་བཞིན་མེད་པའི་རང་བཞིན་ཅན། །སྣང་བ་ལྷ་ཡི་རྣལ་འབྱོར་ཡིན། །ཇི་ལྟ་ཇི་ལྟར་སྣང་གྱུར་པ། །དེ་ལྟ་དེ་ནི་སྟོང་ཉིད་བདག །གཉིས་དང་གཉིས་མེད་ཤེས་པ་གང་། །དེ་ནི་དེ་ཡི་བག་ཆགས་བྲལ། །རྣལ་འབྱོར་ཧེ་རུའི་ང་རྒྱལ་བྱེད། །ཧེ་ [115a.4]རུ་ཀ་དོན་ལ་རབ་གནས། །དངོས་འདི་བླ་མར་བྱས་ནས་སུ། །སེང་གེ་ལྟ་བུར་ས་སྟེང་རྒྱུ། །གང་ཞིག་རྒྱལ་བ་རྣམས་ཀྱི་དག་པ་སྣ་ཚོགས་འདི་དག་ཀུན་ནས་རྟག་ཏུ་སྣང་། །གཟོད་ནས་མ་སྐྱེས་མི་འཇིག་བསྐལ་པ་བྱེ་བར་རང་དང་གཞན་དུ་རྟོག་པ་སྤངས་པ་ཡི། །བདེན་ [115a.5]པ་བརྫུན་པར་སྣང་བ་སྲིད་དང་ཞི་བར་མཉམ་པ་ཉིད་དུ་གཉིས་མེད་རང་བཞིན་ཕྱིར། །འདི་ནི་འཁོར་ལོའི་བདག་པོ་རྒྱལ་བའི་ཡོན་ཏན་ཐུབ་དབང་རྡོ་རྗེ་མཁའ་འགྲོ་ངེས་པར་འགྱུར། །བདེ་བ་ཆེན་པོ་གསལ་བ་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ་དཔལ་གཉིས་སུ་མེད་པའི་ [115a.6]རྡོ་རྗེས་མཛད་པ་རྫོགས་སོ།། །།བླ་མ་བཛྲ་པཱ་ཎི་དང་། རྨ་བན་གྱིས་བསྒྱུར་བའོ།། {T2240}༄༅༅། །རྒྱ་གར་སྐད་དུ། ཏཏྟྭ་རཏྣ་ཨ་བ་ལི་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་ [115a.7]འཚལ་ལོ། །སྟོན་ཀའི་ཟླ་བ་དྲི་མེད་འོད། །རྡོ་རྗེ་སེམས་དཔའི་ཞབས་གཉིས་ཀྱི། །ཆུ་སྐྱེས་ལ་ནི་ཕྱག་འཚལ་ནས། །དེ་ཉིད་རིན་ཆེན་བརྗོད་པར་བྱ། །བརྒྱུད་པའི་གཞུང་ལུགས་ལས་ཉམས་ཤིང་། །རབ་རིབ་ཀྱིས་ནི་མིག་བཀབ་པའི། །སྐྱེས་བུ་རྣམས་ལ་ཡང་དག་པའི། ། [115b] [115b.1]དེ་ཉིད་རིན་ཆེན་རྣམ་བཤད་བྱ། །དེ་ལ་ཐེག་པ་ནི་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཞེས་བྱའོ། །གནས་པ་ནི་བཞི་དག་སྟེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའི་དབྱེ་བས་སོ། ། [115b.2]དེ་ལ་བྱེ་བྲག་ཏུ་སྨྲ་བའི་གནས་པ་ནི། །ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱའོ། །ཐེག་པ་ཆེན་པོ་ཡང་རྣམ་པ་གཉིས་ཏེ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། །གསང་སྔགས་ཀྱི་ཐེག་པ་ཞེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཡང་གསུམ་སྟེ། [115b.3]མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་ལ་གནས་པར་སྤྱད་པར་བྱའོ། །གསང་སྔགས་ཀྱི་ཚུལ་ལ་ཡང་གཉིས་ཏེ། རྣལ་འབྱོར་པ་དང་། དབུ་མ་ལ་གནས་པའོ། །རྣལ་འབྱོར་སྤྱོད་པ་ལ་ཡང་རྣམ་པ་གཉིས་ཏེ། རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་དབྱེ་ [115b.4]བས་སོ། །དེ་བཞིན་དུ་དབུ་མ་ཡང་རྣམ་པ་གཉིས་ཏེ། སྒྱུ་མ་ལྟ་བུར་གཉིས་སུ་མེད་པར་སྨྲ་བ་དང་། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྨྲ་བའི་དབྱེ་བས་སོ། །དེ་ལ་ཉན་ཐོས་ཀྱང་རྣམ་པ་གསུམ་སྟེ། ཐ་མ་དང་། འབྲིང་དང་། མཆོག་གི་དབྱེ་བས་སོ། །དེ་ལ་ཐ་མ་དང་འབྲིང་ [115b.5]ནི་བྱེ་བྲག་ཏུ་སྨྲ་བའི་ཕྱི་མའོ། །མཆོག་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའོ། །དེ་ལ་ཉན་ཐོས་ཐ་མའི་དཔྱད་པར་བྱ་བ་ནི། སྔོན་པོ་དང་། སེར་པོ་ལ་སོགས་པའི་ཕྱིའི་དོན་ཁས་ལེན་པ་སྔོན་དུ་འགྲོ་བས། གང་ཟག་ནི་རྟག་པ་དང་། མི་རྟག་པ་ཉིད་དང་བྲལ་བའོ་ཞེས་རྣམ་པར་དཔྱད་པའོ། །དེ་ [115b.6]ཡང་སྔོན་པོ་ལ་སོགས་ཡོད་པར་ནི། །དངོས་འཛིན་གདོན་གྱིས་ཟིན་པ་རྣམས། །ཟབ་མོའི་ལུས་ཀྱི་འཇིགས་པ་ཡིས། །འགྲོ་བ་ཤིན་ཏུ་རྨོངས་པ་ལའོ། །ཞེས་བྱ་བ་དང་། ཁུར་ཁུར་བའི་གང་ཟག་ཀྱང་ཡོད་དེ། །རྟག་པ་ཞེས་ཀྱང་མི་བརྗོད་དེ། །མི་རྟག་ཞེས་ཀྱང་མི་བརྗོད་དོ། ། [115b.7]གང་ཟག་འདོད་ཆགས་དང་བཅས་པ་ནི་འཁོར་བར་འགྱུར་བས། འདོད་ཆགས་རབ་ཏུ་སྤང་བའི་ཕྱིར། །མི་སྡུག་པའི་བསམ་གཏན་བསྒོམ་པར་བྱའོ། །མི་སྡུག་པ་བསྒོམ་པ་ཡང་ལུས་ཀྱི་བཤང་བ་དང་། གཅི་བ་དང་ཁུ་བ་དང་། ཁྲག་དང་། ངར་སྣབས་དང་། རྒྱུ་མ་དང་། [116a] [116a.1]ཞག་དང་། གློ་བ་དང་། སྙིང་དང་། མཁལ་མ་དང་། མཆེར་པ་དང་། ཕོ་བ་ལ་སོགས་པ་ཚོགས་པ་ལ་ངེས་པར་དཔྱོད་དོ། །དེ་ཡང་གསུངས་པ། རེ་ཞིག་པགས་པའི་ཁ་སྦྱོར་འདི། །རང་གི་བློ་ཡིས་ཐ་དད་དབྱེ། །ཤ་དང་རུས་པའི་དྲ་བ་ལས། །ཤེས་རབ་མཚོན་ [116a.2]གྱིས་དབྱེ་བར་བྱ། །རུས་པ་རྣམས་ཀྱང་དབྱེ་བྱས་ནས། །རྐང་གི་བར་དུ་དབྱེ་བྱས་ན། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བརྟག་པར་བགྱི། །ཞེས་བསྟན་པའོ། །གང་ཟག་གིས་རྟག་པར་ལྟ་བ་སྔོན་དུ་སོང་བ་ནི་ཏིང་ངེ་འཛིན་གྱི་དྲི་མའོ། །ཇི་སྲིད་འཚོའི་བར་དུ་ [116a.3]སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆིའོ། །བདེ་བར་གཤེགས་པ་དང་། རྒན་པོ་གཉིས་ལ་ཕྱག་བགྱིའོ། །དགེ་བའི་རྩ་བ་ཅི་བསགས་པས། བདག་ཉིད་གཅིག་པུ་དུལ་བར་བགྱིའོ། །བདག་ཉིད་གཅིག་པུ་ཞི་བར་བགྱིའོ་ཞེས་བྱ་བ་ནི་ལྟ་བའོ། །འབྲིང་ [116a.4]པོའི་ལྟ་བ་དང་། དཔྱོད་པ་ནི་སྔ་མ་བཞིན་ནོ། །འདི་ནི་གཞན་གྱི་དོན་ཅུང་ཟད་བྱེད་པར་འདོད་པའོ། །དབུགས་དབྱུང་བ་དང་། དབུགས་རྔུབ་པའི་ཏིང་ངེ་འཛིན་གྱིས། རྟག་པ་དང་མི་རྟག་པ་ཉིད་དང་བྲལ་བའི་གང་ཟག་ལ་ལྟ་བའི་བསམ་གཏན་དང་། རླུང་གི་བུམ་པའི་སེམས་ [116a.5]མེད་པའི་རང་བཞིན་ནི་ཏིང་ངེ་འཛིན་གྱི་དྲི་མའོ། །བེམས་པོར་གྱུར་པའི་ཕྱིར་རོ། །མཆོག་ནི་ཕྱིའི་དོན་ཁས་ལེན་ཅིང་། །ལུས་ལ་བདག་མེད་པ་ཉིད་དུ་རྣམ་པར་འཇིག་ཅིང་དཔྱད་པའོ། །འཕགས་པའི་བདེན་པ་བཞི་ཡོངས་སུ་ཤེས་པས། སྟོང་པ་ཉིད་དུ་ལྟ་བ་ནི་བསམ་ [116a.6]གཏན་ནོ། །འདིར་སྡུག་བསྔལ་ནི་ཕུང་པོ་ལྔའི་རང་བཞིན་ཏེ་ཤེས་པར་བྱའོ། །ཀུན་འབྱུང་ནི་རྣམ་པར་རྟོག་པ་སྟེ་སྤང་བར་བྱའོ། །འགོག་པ་ནི་ལྷག་མཐོང་སྟེ་མངོན་དུའོ། །ལམ་ནི་སྟོང་པ་ཉིད་དེ་བསྒོམ་པར་བྱའོ། །སྟོང་པ་ཉིད་ཀྱང་རྟག་ཏུ་ཞི་བའི་རྣམ་པ་ཉིད་དུ་སྒྲོ་བཏགས་ [116a.7]པ་ནི་བསམ་གཏན་གྱི་དྲི་མའོ། །ཡང་འདིའི་ལྟ་བ་ནི་གཞན་གྱི་དོན་བྱེད་པའི་ཁྱད་པར་རོ། །ཡང་འདིར་ཉན་ཐོས་ཐ་མ་ནི་རིགས་ངེས་པ་ཉིད་ཀྱི་ཕྱིར་དང་། སྙིང་རྗེ་དང་བྲལ་བའི་ཕྱིར་ཉན་ཐོས་ཀྱི་བྱང་ཆུབ་ཉིད་དུ་འགྱུར་རོ་ཞེས་ཁ་ཅིག་འདོད་དོ། །གཞན་དག་ནི། ཐམས་ཅད་ [116b] [116b.1]སངས་རྒྱས་ཉིད་དུ་འགྱུར། །འདི་ན་སྐལ་མེད་འགའ་ཡང་མེད། །ཅེས་བྱ་བས། བདག་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ་སྒྱིད་ལུག་པར་མི་བྱའོ་སྙམ་སེམས་ཤིད། ཉན་ཐོས་ཐ་མ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ཟེར་རོ། །རིགས་ [116b.2]དེས་པ་ཡང་སངས་རྒྱས་འགའ་ཞིག་ལ་བརྟེན་ནས་འགྱུར་རོ་སྙམ་སེམས་སོ། །འབྲིང་པོ་ནི་རང་སངས་རྒྱས་ཉིད་དུ་འགྱུར་བའོ། །མཆོག་ནི་བསྐལ་པ་གྲངས་མེད་པ་བཞིས་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་ཟེར་རོ། །རང་སངས་རྒྱས་རྣམས་དཔྱད་པ་ནི། ཉན་ཐོས་མཆོག་རྣམས་ [116b.3]ཀྱི་བཞིན་ནོ། །འདི་ལ་ཞུགས་པའི་གང་ཟག་ནི་སྟོང་པ་ཉིད་དང་། བསམ་དུ་མེད་པའི་མཚན་ཉིད་དང་། སློབ་དཔོན་མེད་པ་དང་། རང་བྱུང་གི་ཡེ་ཤེས་དང་། ལྷག་མཐོང་དང་། ཞི་གནས་སོ། །དེ་ལ་ལྷག་མཐོང་ནི་དབང་པོ་རྣམས་འགོག་པ་དང་། གང་ཟག་མི་དམིགས་པའོ། །ཞི་ [116b.4]གནས་ནི་ལུས་དང་ངག་དང་ཡིད་ཡང་དག་པར་སྡོམ་པ་སྟེ། འདི་ནི་འདིའི་བསམ་གཏན་ནོ། །འདི་ལ་གཉིས་ཀྱིས་སེམས་བསྡུས་པའི་བདེ་བའི་གནས་སྐབས་ཀྱི་སེམས་ཀྱི་བསམ་གཏན་དང་། སེམས་ལས་བྱུང་བ་ཤིན་ཏུ་འགགས་པའི་གནས་སྐབས་ནི་བསམ་གཏན་གྱི་དྲི་མའོ། །དེ་ལ་སྔ་མ་ [116b.5]ནི་ཉི་མའི་གཞུང་ལ་རྗེས་སུ་ཞུགས་པ་རྣམས་ཀྱིས་ཏེ། དེའང་འོངས་པར་འགྱུར་བའི་གཉིད་དག་ནི། ཕྱི་ཡི་སྤྱོད་ཡུལ་ཉམས་པ་ན། །ཡིད་ཀྱི་སྤྱོད་ཡུལ་གང་གྱུར་པ། །དེ་ནི་འབད་ལ་བསྒོམ་པར་བྱ། །ཞེས་བྱ་བ་དང་། གཞན་ཡང་བྱེ་བྲག་པའི་གཞུང་གི་རྗེས་སུ་འབྲང་བ་རྣམས་ [116b.6]ཀྱིས་ཀྱང་། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཤེས་པ་མེད་པའི་ཡེ་ཤེས་གང་། །གཉིད་ཀྱི་དཔེ་ཡིས་བསྒྲུབ་པ་ནི། །དབང་པོ་འགག་པའི་ཤེས་པ་སྟེ། །བྱེ་བྲག་པ་ཡི་འདོད་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་གསུང་རབ་ལས་ཀྱང་། རྒྱལ་བྱེད་ཚལ་ནི་མཉམ་ [116b.7]དགའ་བར། །བདག་ཉིད་ཝ་རུ་གྱུར་ཀྱང་བླའི། །བྱེ་བྲག་པ་ཡི་ཐར་པ་ནི། །ནམ་ཡང་གོ་ཏམ་མ་འཚལ་ལོ། །ཞེས་བསྟན་པ་ཡིན་ནོ། །འདི་ཡང་བསྐལ་པ་གྲངས་མེད་པ་བཞི་འདས་ནས་སངས་རྒྱས་སུ་འགྱུར་བའོ། །ཉན་ཐོས་དང་། རྐྱེན་རྟོགས་འདི་དག་གི་སྙིང་རྗེ་ [117a] [117a.1]ཡང་སེམས་ཅན་ལ་དམིགས་པ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། །འགྱུར་བའི་སྡུག་བསྔལ་དག་ལ་ཉིན་རེ་ཞིང་། སེམས་ཅན་ལ་དམིགས་ནས་སྙིང་རྗེ་གང་སྐྱེ་བ་དེ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེའོ། །ཉན་ཐོས་ནི་དག་གིས་སྟོན་པའོ། །རྐྱེན་ [117a.2]རྟོགས་ནི་ལུས་ཀྱིས་སྟོན་པའོ། །དེ་ཡང་། རྫོགས་སངས་རྒྱས་རྣམས་མི་འབྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟོག་པ་མེད་པར་རབ་ཏུ་འབྱུང་། །ཞེས་བསྟན་པའོ། །ད་ནི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་བ་རྣམས་ཀྱི་བརྗོད་པར་བྱའོ། ། [117a.3]དེ་ལ་ཆུང་དུ་ནི་མདོ་སྡེ་པའོ། །ཡང་འདིའི་དོན་དུ་རྡུལ་ཕྲ་རབ་བསགས་པའི་ངོ་བོ་རྣམ་པ་དང་བཅས་པའི་ཤེས་པ་སྐྱེས་པར་བྱེད་པའི་ངོ་བོའོ། །དེ་ཡང་འདིའི་ངོ་བོ་ཉིད་ནི། གང་གི་ཕྱིར་རྣམ་པ་དང་བཅས་པའི་ཤེས་པ་སྐྱེས་པ་ཉིད་ཅེས་བྱའོ། །དེ་ཡང་ཐ་དད་དུས་སུ་ཇི་ལྟར་གཟུང་ཞེ་ན། མཁས་ [117a.4]པས་གཟུང་བར་བྱ་བ་ཉིད། །རིག་པའི་ཤེས་པར་གཏན་ཚིགས་ཉིད། །ཤེས་པ་རྣམ་པ་ལེན་བཟོད་པའོ། །ཞེས་བྱ་བ་ནི་བརྟགས་པའོ། །དབང་པོ་ཡུལ་གྱི་གྲོང་ལས་ཡོངས་སུ་ལྡོག་པའི་བསམ་གྱིས་མི་ཁྱབ་པ་ནི་བསམ་གཏན་ནོ། །དེ་འང་འདི་ནི་གོམས་པར་བྱ་བའི་དུས་ཡིན་གྱི། [117a.5]མངོན་སུམ་དུ་བྱ་བའི་དུས་ནི་མ་ཡིན་ནོ་ཞེས་གསུངས་པས། དེའི་ཕྱིར་གོམས་པར་བྱ་བ་ཁོ་ནའོ། །གོམས་པར་བྱ་བའང་། སེམས་ཀྱི་སེམས་མེད་རྟོག་པ་ཡིས། །གང་ཚེ་གོམས་པར་བྱེད་པ་ན། །གང་ནས་གང་དུ་སོང་གྱུར་པ། །དེ་ཚེ་སེམས་མཐོང་མི་འགྱུར་རོ། ། [117a.6]སྐད་ཅིག་སྐད་ཅིག་ལ་བསྟེན་ནས། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །སྣ་རྩེར་གཡོ་བའི་ཡིད་གཏད་ལ། ཁྱིམ་པར་གྱུར་ཀྱང་བསྒོམ་པར་བྱ། །ཏིང་ངེ་འཛིན་འདིའི་དྲི་མ་ནི་སྔ་མ་བཞིན་ནོ། །འཁོར་གསུམ་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་ཀུན་དུ་སྤྱོད་ཅིང་ [117a.7]འབྲས་བུལ་རེ་བ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་ལྟ་བའོ། །འབྲིང་པོ་ནི་རྣལ་འབྱོར་སྤྱོད་པའོ། །དེ་ལ་རྣམ་པ་དང་བཅས་པའི་ཤེས་པ་དང་སྨྲ་བ་ནི། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་ཆ་ཤས་དྲུག་ཏུ་འགྱུར། །ཞེས་བྱ་བ་ལ་སོགས་པའི་ [117b] [117b.1]རིགས་པས། རྡུལ་ཕྲ་རབ་ཀྱང་དམིགས་པར་མི་འགྱུར་གྱིས། འདི་དག་ཐམས་ཅད་ནི་སེམས་ཙམ་སྟེ། སེམས་ཉིད་གཟུང་བ་དང་། འཛིན་པའི་རྣམ་པའི་ངོ་བོ་དང་བྲལ་བ། གསལ་བ་ཉིད་གསལ་བ་རབ་ཏུ་སྟོན་པའོ་ཞེས་རབ་ཏུ་རྟོགས་པའོ། །འདི་ཡང་ཀྱེ་རྒྱལ་བའི་སྲས་དག་ [117b.2]ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པ་དང་། དེ་བཞིན་དུ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་ཀྱང་། སྡོ་སོགས་ངོ་བོ་བློ་ཉིད་ན། །ཕྱི་ཡི་དོན་གྱི་རྒྱུ་ཅི་ཞིག །བློ་ཉིད་སྔོ་སོགས་མ་ཡིན་ནའང་། །ཕྱི་ཡི་དོན་གྱི་རྒྱུ་ཅི་ཞིག །ཅེས་བསྟན་པ་ཡིན་ནོ། །གཞན་ [117b.3]དག་ནས་ཀྱང་། དབང་པོའི་དོན་གྱི་ངོ་བོ་ཉིད། །སེམས་ལས་གཞན་ཡོད་མ་ཡིན་ཏེ། །གཟུགས་ལ་སོགས་པར་སྣང་བ་ནི། །སེམས་ཉིད་རབ་ཏུ་སྣང་བའོ། །ཞེས་བསྟན་པས། དེའི་ཕྱིར་སེམས་ཁོ་ན་སྣ་ཚོགས་ཀྱི་རྣམ་པར་གཞག་པ་གཞན་ལ་མི་ལྟོས་པས་རབ་ཏུ་གསལ་བ་ཉིད་དོ་ [117b.4]ཞེས་བྱ་བ་ནི། རྣམ་པ་དང་བཅས་པའི་ཤེས་པ་སྨྲ་བའི་རྣལ་འབྱོར་སྤྱོད་པའི་རྣམ་པར་བརྟགས་པ་ཡིན་ནོ། །རྣམ་པ་མེད་པའི་སྨྲ་བའི་རྣལ་འབྱོར་སྤྱོད་པ་ནི་ཡང་། འདི་དག་ཐམས་ཅད་སེམས་ཉིད་དེ། །རྣམ་པ་མེད་པའི་རང་རིག་པའི་ངོ་བོ་ཉིད་སེམས་ཞེས་བྱའོ། །དེ་ཡང་། [117b.5]ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །གང་ཞིག་ཇི་སྲིད་སྣང་གྱུར་པའི། །དེ་སྲིད་སྒྱུ་མ་བཞིན་དུ་སྣང་། །སྣང་བ་མེད་པའི་དེ་ཉིད་ནི། །ནམ་མཁའ་མཐའ་མེད་ [117b.6]དག་པ་བཞིན། །ཐུབ་པ་ཆེན་པོ་ཆོས་སྐུ་ནི། །སྤྲོས་པ་མེད་ཅིང་སྣང་བ་མེད། །དེ་ལ་བྱུང་བའི་གཟུགས་ཀྱི་སྐུ། །རྗེས་ལ་སྒྱུ་མ་བཞིན་དུ་གནས། །ཞེས་བསྟན་པ་ནི་རྣམ་པར་བརྟགས་པའོ། །རྣམ་པ་དང་བཅས་པའི་བསམ་གཏན་ནི། རྣམ་པར་རྟོག་པ་མ་ལུས་སྤངས་ [117b.7]ཤིང་། སྣ་ཚོགས་དང་བཅས་པ་གཉིས་སུ་མེད་པར་མངོན་སུམ་དུ་བྱེད་པའོ། །དེ་ཡང་། ཤེས་བྱ་གང་དང་གང་དག་ལ། །ཡིད་ཀྱིས་འགྲོ་བ་དེར་སྦྱར་ན། །གང་དུ་འགྲོ་ཞིང་གཡོ་བར་འགྱུར། །ཐམས་ཅད་དེ་ཡི་རང་བཞིན་ནོ། །ཞེས་བསྟན་པ་ཡིན་ནོ། །རྣམ་པ་མེད་པར་སྨྲ་བའི་ [118a] [118a.1]བསམ་གཏན་ནི། བདེན་པ་གཉིས་སུ་མེད་ཅིང་བསམ་གྱིས་མི་ཁྱབ་པ། སྤྲོས་པ་མེད་པ། སྣང་བ་མེད་པའི་ཡེ་ཤེས་ནི་མངོན་སུམ་དུ་བྱེད་པའོ། །དེ་ཡང་། འདི་ཡི་ངོ་བོ་གསལ་བར་འདོད། །རྣམ་པ་མེད་ཅིང་མ་གོས་པ། །འདི་ནི་མཁས་པ་མ་ཡིན་པས། །ནམ་ཡང་ཤེས་ [118a.2]པར་མི་ནུས་སོ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །འདི་སྙམ་དུ་ཡང་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ཉིད་ཙམ་ལ་མི་གནས་སོ། །གང་ཚེ་ཤེས་པས་དམིགས་པ་རྣམས། །ཉེ་བར་མི་དམིགས་པ་ཡི་ཚེ། །སེམས་ཙམ་ལ་ནི་གནས་པ་སྟེ། །གཟུང་ [118a.3]བ་མེད་པས་དེར་འཛིན་མེད། །ཅེས་བསྟན་པས་སོ། །རྣམ་པ་དང་བཅས་པ་སྨྲ་བའི་ཏིང་ངེ་འཛིན་གྱི་དྲི་མ་ནི་དོན་དམ་པར་རྟོགས་པར་འདོད་པ་སྟེ། བཅོམ་ལྡན་འདས་ཀྱི་གཞུང་ལ་གནས་ནས་རིག་བྱེད་པའི་རྗེས་སུ་འཇུག་པ་སྟེ། དེ་ཡང་དོན་དམ་པར་རྟག་པ་རང་གི་སེམས་ཀྱི་ངོ་བོ་ལ། [118a.4]ཚངས་པ་ལས་གཞན་མ་ཡིན་པ་ཡོངས་སུ་གྱུར་པའི་ངོ་བོར་འགྲོ་བ་རྣམས་འདོད་དོ། །དེ་ཡང་། ཅུང་ཞིག་གང་དང་གང་མཐོང་བ། །དེ་དང་དེ་ནི་ཚངས་པར་བརྟག །སེམས་ནི་དེ་ལས་གཞན་པ་མེད། །ཚངས་པ་ཉིད་ལ་ངེས་པར་གནས། །ཞེས་བྱ་བ་ནི། རྣམ་པ་བཅས་པའི་ [118a.5]ཏིང་ངེ་འཛིན་གྱི་དྲི་མའོ། །དེ་བཞིན་དུ་རྣམ་པ་མེད་པར་སྨྲ་བའི་བསྒོམ་པ་ཡང་རྟགས་པ་སྣང་བ་མེད་པའི་སྤྲོས་པ་རང་རིག་པའི་ཤེས་པ་སྟེ། ཉི་མའི་གཞུང་གི་རྗེས་སུ་ཞུགས་པར་ཐལ་བར་འགྱུར་ཏེ། དེ་ཡང་མིང་དང་གཟུགས་མ་ལུས་པ་དང་བྲལ་བ། སྤྲོས་པའི་འཁྲུལ་པ་མ་ལུས་པ་ [118a.6]རྣམ་པར་དག་པ་རབ་ཏུ་གསལ་བ་མཐའ་མེད་པ། བར་མཚམས་མེད་པ། རྟག་པའི་ཚངས་པར་ཁས་ལེན་པར་བྱེད་དོ། །དེ་ཡང་བདག་རྟོག་རྒྱ་མཚོ་དང་ས་པ་ལ། །སྣ་ཚོགས་ཆུ་བུར་གསོག་འདི་འབྱུང་བར་འགྱུར། །འཆར་བ་དང་ནི་ནུབ་པར་འགྱུར་བ་ཡང་། །རྣམ་པར་རྟོག་པས་ཀུན་ཏུ་མ་རྟོག་པའོ། ། [118a.7]ཞེས་བྱ་བ་ནི་རྣམ་པ་མེད་པར་སྨྲ་བའི་ཏིང་ངེ་འཛིན་གྱི་དྲི་མའོ། །འདིའི་ལྟ་བ་ཡང་སྔ་མ་བཞིན་ནོ། །རབ་ནི་དབུ་མ་པའོ། །དེ་ལ་སྒྱུ་མ་ལྟ་བུ་གཉིས་སུ་མེད་པར་སྨྲ་བའི་དཔྱད་པ་ནི། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀྱི་མིན་པའང་མ་ཡིན་པ། །མཐའ་བཞི་ལས་ནི་རྣམ་གྲོལ་བ། ། [118b] [118b.1]དེ་གཉིས་དབུ་མ་པ་ཡི་རིགས། །འདིའི་དོན་ནི་འདི་ཡིན་ཏེ། །ཡོད་པ་མ་ཡིན་པ་ནི་སྦྱོར་བས་གནོད་པས་སོ། །མེད་པ་མ་ཡིན་པ་ཡང་བག་ཆགས་ཀྱི་དབང་གིས་མི་བདེན་པར་སྣང་བའོ། །གཉི་ག་ལ་ཡང་སྐྱོན་གཉིས་ཡོད་པས་མ་ཡིན་ན། །གཞན་ཡང་སྔོན་དང་ད་ལྟར་དཔྱད་པ་མེད་པར་སྣ་ཚོགས་ [118b.2]སུ་ཇི་ལྟར་སྣང་བ་དེ་ལྟར་རྗེས་སུ་བདེན་པ་ཅི་ཞིག་གང་དུ་ཐལ་བར་འགྱུར། །དེ་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པའོ་ཞེས་བརྟགས་པའོ། །འདི་ཉིད་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་བསམ་གཏན་ནོ། །འདི་ལའང་ཆད་པ་ལ་མངོན་པར་ཞེན་པ་ནི་བསམ་གཏན་གྱི་དྲི་མའོ། །སྒྱུ་མ་ལྟ་བུ་ [118b.3]གཉིས་སུ་མེད་པར་ལྷག་པར་མོས་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནི་ལྟ་བའོ། །ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྨྲ་བའི་རྟག་པ་ནི་འདི་ཡིན་ཏེ། སྣ་ཚོགས་བརྟགས་པ་མ་ཡིན་ཏེ། །ཆད་པར་ཡང་ནི་ཁས་མི་ལེན། །རྟག་དང་ཆད་པ་གཉི་ [118b.4]ག་དང་། །གཉི་ག་མིན་པའང་མ་ཡིན་ནོ། །འདི་ནི་ཐམས་ཅད་མི་གནས་པས། །དངོས་པོའི་དེ་ཉིད་མཁས་པས་རིག །དེས་ན། འདི་ལྟ་བུ་ཡི་རྣམ་རྟོག་གིས། །སེམས་ནི་སེམས་ཀྱིས་རིག་མ་ཡིན། །ཇི་སྲིད་སྒྲོ་བཏགས་ཐམས་ཅད་ནི། །དེ་ཀུན་ཐམས་ཅད་དུ་མེད་ [118b.5]པས། །དབུ་མའི་དོན་ལ་སྒྲོ་བཏགས་མེད། །དེས་ན་དགག་དང་སྒྲུབ་པ་མེད། །ཤེས་པ་གང་ཞིག་ལྷུན་གྲུབ་པ། །དེ་ལ་བསམ་མི་ཁྱབ་ཅེས་བརྗོད། །བསམ་བཞིན་དུ་ནི་མི་སེམས་པ། །དེ་ལ་བསམ་མི་ཁྱབ་མི་བརྗོད། །བདག་གིས་འགྲོ་བ་མ་སྐྱེས་ཞེས། །བློ་ནི་དག་ [118b.6]པས་རྟོགས་པ་ཉིད། །འགྲོ་བའི་གཉུག་མ་བདེན་པ་ཉིད། །བློ་དང་ལྡན་པས་འབད་པ་མེད། །དེ་ཡང་། སྒྲོ་བཏགས་ཀུན་ལས་ངེས་གྲོལ་བ། །བདག་གིས་དེ་ཉིད་དུ་བརྗོད་དོ། །སྟོང་པ་ལ་སོགས་མངོན་བརྗོད་དང་། །དེ་ལ་སྒྲོ་འདོགས་གཅོད་པའོ། །ཞེས་བསྟན་པ་ཡིན་ནོ། ། [118b.7]བཏགས་པ་འདིའི་དོན་ནི། །སྒྲོ་མ་བཏགས་པའི་དོན་གྱི་རང་བཞིན་ལ། །མངོན་པར་ཞེན་པ་མེད་པར་མངོན་དུ་བྱེད་པ་མེད་པ་ནི་བསམ་གཏན་ནོ། །དོན་ཐམས་ཅད་ཆད་པར་ལྟ་བ་དང་། བེེམས་པོའི་རང་བཞིན་དུ་འགྱུར་བ་ནི་ཏིང་ངེ་འཛིན་གྱི་དྲི་མའོ། །སྒྲོ་འདོགས་པ་མེད་པར་ཕ་རོལ་ཏུ་ཕྱིན་ [119a] [119a.1]པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནི་ལྟ་བའོ། །འདིར་དམན་པ་དང་འབྲིང་པོའི་སྙིང་རྗེ་ནི་ཆོས་ལ་དམིགས་པ་སྟེ། ཆོས་རྣམས་ཀྱི་མི་རྟག་པ་ཉིད་ཀྱི་རླུང་གིས་བསྐྱོད་པའི་ཆོས་ཐམས་ཅད་ལ་དམིགས་ནས་སྐྱེ་བར་འགྱུར་བར་རྟོགས་པར་བྱའོ། །རབ་ནི་ [119a.2]དམིགས་པ་མེད་པ་སྟེ། རང་བཞིན་མེད་པའི་ཆོས་ཡིད་ལ་བྱེད་པས་མངོན་པར་རྟོགས་པ་ནི་དམིགས་པ་མེད་པའི་སྙིང་རྗེའོ། །འདིར་སྐུ་གསུམ་རྣམ་པར་གཞག་པ་ནི་མགོན་པོ་བྱམས་པས་གསུངས་སོ། །དེ་ཡང་། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་ [119a.3]སྣ་ཚོགས་དག །མཉམ་ཉིད་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་འདོད། །ཟག་མེད་ཆོས་ [119a.4]རྣམས་རྣམ་ཀུན་དུ། །རྣམ་པར་དག་གྱུར་གང་དག་ཡིན། །འདི་དག་རང་བཞིན་མཚན་ཉིད་ཅན། །ཐུབ་པའི་ངོ་བོ་ཉིད་སྐུ་ཡིན། །ཞེས་བསྟན་པ་ཡིན་ནོ། །འདིར་ཁོ་བོས་གསང་སྔགས་ཀྱི་གཞུང་ནི་མ་བཤད་དོ། །ཤིན་ཏུ་ཟབ་པའི་ཕྱིར་དང་། ཟབ་མོའི་ཐེག་པ་ལྷག་པར་ [119a.5]མོས་པའི་སྐྱེས་བུའི་སྤྱོད་ཡུལ་ཡིན་པའི་ཕྱིར་དང་། ཕྱག་རྒྱ་བཞི་ལ་སོགས་པའི་སྒྲུབ་པ་རབ་ཏུ་བསྟན་པ་རྒྱས་པའི་ཕྱིར་རོ། །དེ་ཡང་། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་པས། སྔགས་ཀྱི་བསྟན་བཅོས་ [119a.6]ཁྱད་པར་འཕགས། །ཞེས་བསྟན་པས་སོ། །དེའང་ཁོ་བོས་དབང་ངེས་པར་བསྟན་པ་ཞེས་བྱ་བ་ནས་བསྟན་ཏོ། །གལ་ཏེ་ཐེག་པ་ཆེན་པོ་ནས་དོན་འདི་ངེས་པར་བསྟན་ན་དོན་དམ་པ་ལ་གོམས་པར་བྱ་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་བཅོམ་ལྡན་འདས་ [119a.7]ཀྱིས་ཅིའི་ཕྱིར་བསྟན་ཞེ་ན། དེ་བློ་དམན་པ་ཡིན་ཏེ། ཐོབ་པར་བྱ་བའི་ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་ཕྱིར། །འདི་དག་སྐས་ཀྱི་རིམ་པ་ལྟ་བུར་བསྟན་པ་ཡིན་ནོ། །དེ་ཡང་། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་ [119b] [119b.1]པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བསྟན་པ་དང་། དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང་། །ཐེག་པ་གཅིག་ཅིང་ལུགས་ཀྱང་གཅིག །གཙོ་བོས་བསྟན་པ་འདི་ཡང་གཅིག །གང་ཡང་ཐེག་པ་གསུམ་བསྟན་པ། །ང་ཡིས་ཐབས་ལ་མཁས་པའི་དངོས། ། [119b.2]ཞེས་གསུངས་པ་དང་། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོས་ཐེག་དབྱེར་མ་མཆིས་ཀྱང་། །ཁྱོད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་བསྟན་པ་དང་། གཞན་དག་ནས་ཀྱང་། སྟོང་པ་ཉིད་ [119b.3]ཀྱིས་གྲོལ་བར་འགྱུར། །དེ་མ་ཤེས་པས་འཆིང་བར་འགྱུར། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཐེག་པ་གསུམ་རབ་ཏུ་བསྟན་པ་ཡང་། །བཅོམ་ལྡན་འདས་ཀྱིས་སྤྱི་དང་བྱེ་བྲག་གི་རྟོག་པའི་ཁྱད་པར་གྱིས་སེམས་ཅན་གྱི་དོན་དུ་རྟོགས་ [119b.4]པར་འགྱུར་བའི་ཕྱིར་རོ། །དེ་ཡང་། གཙོ་བོ་ཁྱོད་ཀྱི་འགའ་ཞིག་ཏུ། །ཡི་གེ་གཅིག་ཀྱང་མ་གསུངས་སོ། །གདུལ་བྱའི་འགྲོ་བ་མ་ལུས་ལ། །ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད། །ཅེས་པ་དང་། ཀུན་དུ་རྟོག་པ་མ་ལུས་པས། །ཡིད་བཞིན་ནོར་ལྟར་མ་གཡོས་ཀྱང་། །དེ་ [119b.5]ལྟར་སེམས་ཅན་ཐམས་ཅད་ཀྱི། །བསམ་པ་མ་ལུས་ཡོངས་རྫོགས་བྱེད། །འཁོར་ལོ་བསྐོར་བའི་སྦྱོར་བ་ཡིས། །མི་རྟོགས་བཞིན་དུ་སྐྱོབ་པ་ནི། །ཚོགས་ཀྱི་དབྱེ་བ་ནུས་པ་ཡིས། །བསྟན་པ་རབ་ཏུ་འཇུག་པར་འགྱུར། །ཇི་སྲིད་སེམས་ནི་འཇུག་པར་དུ། །ཐེག་པ་ [119b.6]མཐའ་ལ་ཐུག་པ་མེད། །སེམས་ཉིད་ཡོངས་སུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བ་མེད། །དམ་ཆོས་ལས་གྲུབ་རིན་པོ་ཆེ། །དྲི་མེད་དག་གི་སྐུད་པས་བརྒྱུས། །དགའ་བ་སྐྱེད་བྱེད་རིན་ཆེན་ཕྲེང་། །བསྟན་པས་སྙིང་གར་གདགས་པར་བགྱི། །བདག་ནི་སྙིང་པོ་ལ་མེས་ [119b.7]པས། །རྒྱས་པར་བསྟན་པ་མ་ལགས་པ། །རྒྱས་ལ་དགྱེས་པའི་མཁས་པ་རྣམས། །བདག་ལ་ཐམས་ཅད་བཟོད་པར་མཛོད། །སྐལ་ལྡན་གྱིས་ནི་གསོལ་བཏབ་བདག་གིས་ནི། །འབད་པས་བླ་མེད་དོན་ལྡན་འདི་བརྩམས་པས། །བདག་གིས་བསོད་ནམས་ཐོབ་པར་གྱུར་ [120a] [120a.1]པ་དེས། །མ་འོངས་སེམས་ཅན་དེ་བཞིན་གཤེགས་པར་ཤོག། །དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། {T2241}༄༅༅། །རྒྱ་གར་སྐད་དུ། [120a.2]ཏཏྟྭ་པྲ་ཀས་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་རབ་ཏུ་བསྟན་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐུ་གསུམ་ངོ་བོ་ཅན། །གང་གི་མཐུ་ལས་སྐྱེས་གྱུར་པ། །སྲིད་དང་མྱ་ངན་འདས་པ་མཆོག །ཤེས་རབ་ཐབས་བདག་ལ་ཕྱག་འཚལ། །སྐྱེ་བོ་ [120a.3]རབ་རིབ་ཅན་དག་ལ། །མཁའ་ལ་སྐྲ་ཤད་སྣང་བ་ལྟར། །དེ་བཞིན་མ་རིག་མུན་བསྒྲིབས་པའི། །བྱིས་པ་རྣམས་ནི་འགྲོ་སྙམ་སེམས། །འཁྲུལ་པས་མཁའ་ལ་མཚོན་པ་ཡི། སྐྲ་ལ་དག་པའི་མིག་གིས་ལྟ། །མཐོང་བ་དག་པའི་རྣལ་འབྱོར་པས། །སྲིད་པ་ཐམས་ཅད་དེ་ལྟར་རྟོགས། །ཀྱེ་ [120a.4]ལགས་ནམ་མཁའི་དཀྱིལ་ལྟོས་དང་། །སྐྲ་ཤད་འཛིངས་པ་བདག་གིས་མཐོང་། །དག་པའི་མིག་ཅན་དེས་སྨྲས་པ། །ཡོད་མིན་ཁྱོད་ཀྱི་བློ་གྲོས་འཁྲུལ། །རབ་རིབ་ཀྱིས་འཁྲུལ་བསལ་བའི་ཕྱིར། །ཕྱི་ནས་ཡོད་མིན་ཞེས་བརྗོད་ཀྱི། །གསལ་དང་མི་གསལ་སྟོང་པའི་ཕྱིར། །དེ་ཉིད་དུ་ནི་ [120a.5]དགག་གྲུབ་མེད། །དེ་བཞིན་ཟག་པ་མེད་ཆོས་རྣམས། །ལོངས་སྤྱོད་སྤྲུལ་པའི་སྐུ་དག་གི། །རྟེན་འབྲེལ་སྨོན་ལམ་དག་གིས་ནི། །སེམས་ཅན་དོན་དུ་རབ་ཏུ་འཇུག །དེ་དག་དེ་ལས་ཐ་དད་མིན། །དེ་དག་དེ་ཡི་རང་བཞིན་ཕྱིར། །དེ་དག་རང་བཞིན་མ་བཅོས་གྲུབ། །དེ་དབྱེས་སེམས་ཀྱི་དོགས་ [120a.6]པ་སེལ། །གལ་ཏེ་སྐྱེ་མེད་མི་འདོད་ན། །ལྡོག་པས་དངོས་ལ་ཐ་དད་པས། །རྣལ་འབྱོར་སྤྱོད་གཞུང་ལས་གཞན་པའི། །དབུ་མའི་དོན་དུ་ལྟར་འགྱུར། །གལ་ཏེ་མཐའ་བཞི་རྣམ་སྤངས་པས། །དབུ་མའི་དོན་ནི་ཁྱད་འཕགས་ན། །རྣམ་རིག་ལ་ཡང་ཐལ་བར་འགྱུར། །དེ་ཡང་འདི་ [120a.7]དག་རྣམ་སྤང་ཕྱིར། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །ཤེས་པ་གཉིས་མེད་རྫས་བདེན་པ། །བརྟགས་པས་སྟོང་ཞིང་གཉིས་སུ་མེད། །རྣམ་རིག་སྨྲ་བའི་མཁས་པས་རིག །ཡང་དག་མཐའ་ལས་སྣ་ཚོགས་འདི། །རྟེན་ཅིང་འབྲེལ་ལས་འབྱུང་བར་འགྱུར། །དེ་ནི་མ་སྐྱེས་ [120b] [120b.1]རྫས་ཀྱིས་སྟོང་། །མ་འདྲེས་མིང་ཙམ་པ་ཉིད་དོ། །བདག་བྱིན་བརླབ་དང་འོད་གསལ་བའི། །དབྱེ་བ་ཀུན་མཁྱེན་གྱིས་གསུངས་པ། །གང་ཚེ་དེ་དག་གཅིག་བསྟན་པ། །དེས་ནི་ཆད་པར་ལྟ་བ་སྤངས། །འབྲས་བུ་དེ་ཉིད་མི་མཐུན་ཕྱོགས། །གང་ལ་ཆགས་པ་ཡོད་མིན་པ། །འབད་མེད་སྦྱོར་བ་དེ་ཡིས་ [120b.2]ནི། །སངས་རྒྱས་གོ་འཕང་དེས་རྫོགས་བྱེད། །དེ་བཞིན་གཤེགས་པས་ལུང་བསྟན་པའི། །འཕགས་པ་ཀླུ་སྒྲུབ་ཀྱིས་བཞེད་པ། །སངས་རྒྱས་ཆོས་ཀྱི་རྗེས་འབྲངས་ཉིད། །ཆོས་ཀྱི་དེ་ཉིད་མ་སྐྱེས་པའོ། །དེ་ཉིད་རབ་ཏུ་བསྟན་བྱས་ལས། །བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་འཇིག་རྟེན་མ་ [120b.3]ལུས་པ། །ཟུང་དུ་འཇུག་པའི་སྣོད་གྱུར་ཅིག །དེ་ཁོ་ན་ཉིད་རབ་ཏུ་བསྟན་པ་ཞེས་བྱ་བ། །སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ། །{T2242}༄༅༅། །རྒྱ་གར་སྐད་དུ། ཏ་ཐཱ་ག་ཏ་པཉྩ་མུ་དྲཱ་བི་པ་ར། བོད་སྐད་དུ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ། རྡོ་རྗེ་ [120b.4]སེམས་དཔའ་ལ་ཕྱག་འཚལ་ལོ། །རྐྱེན་ལས་སྐྱེས་པ་ཀུན་རྟག་སྟོང་པ་སྟེ། །རང་བཞིན་སྟོང་པས་དངོས་པོ་ཡོད་མ་ཡིན། །ཆད་མིན་སྣ་ཚོགས་གཅིག་པའི་སེམས་རང་བཞིན། །གཟུགས་སོགས་རྒྱལ་བ་ལྔ་རུ་རྒྱལ་གྱུར་ཅིག །ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་ལ་གཞི་ནི་རྣམ་པར་ཤེས་པ་ [120b.5]ཙམ་དུ་རྟོགས་པར་བྱ་བའི་ཕྱིར། །མི་བསྐྱོད་པས་རྒྱས་བཏབ་པའོ། །དེ་ལྟར་ན་ཕྱི་རོལ་གྱི་རྣམ་པ་ནི་སེམས་ཙམ་ཡིན་པས། གཟུང་བའི་དངོས་པོ་མེད་ལ། འཛིན་པ་ཡང་སྟོང་པ་སྟེ། གཟུང་བ་དང་ནི་འཛིན་པ་སྤངས་པའི་དོན་དམ་པ་ཡོད་པ་མཆོག་ཏུ་ཉམས་སུ་མྱོང་བ་ཙམ་གྱིས་རྣམ་པར་རིག་པར་ [120b.6]གནས་སོ། །དེ་ཉིད་སྟོན་ཀའི་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་རྣམ་པ་མེད་པར་སྨྲ་བས་དངོས་གཞི་རྣམ་པར་ཤེས་པར་སྨྲ་བར་གྲུབ་བོ། །དེ་ཡང་གསུངས་པ། རྟག་པས་སྟོང་པའི་རང་བཞིན་ནི། །སྣང་བ་མེད་ཅིང་རྣམ་པ་མེད། །བདེན་པ་རང་རིག་བདེ་བ་ཙམ། །རྗེས་ཐོབ་རྣམ་པའི་ཚོགས་ [120b.7]འཁྲུལ་པའོ། །ཞེས་གསུངས་པ་དང་། དེ་ཡང་ཕྱིན་ས་གཟུགས་ཀྱི་སྐུ་གཉིས་ཐོབ་བོ་ཞེས་གསུངས་པ་དང་། འདི་ལྟར། སྤྲོས་པ་མེད་ཅིང་སྣང་བ་མེད། །ཐུབ་པ་ཆེན་པོ་ཆོས་ཀྱི་སྐུ། །དེ་ལས་གཟུགས་སྐུ་གཉིས་འབྱུང་བ། །རྗེས་ཐོབ་སྒྱུ་མ་བཞིན་དུ་གནས། །ཞེས་གསུངས་སོ། །ཅི་སྟེ་མི་བསྐྱོད་པའི་ [121a] [121a.1]ཕྱག་རྒྱ་ཉིད་ཀྱིས་གྲུབ་པ་ཡིན་ན། འོན་ཅིའི་ཕྱིར་མི་བསྐྱོད་པ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་བཏབ་བོ་ཞེས་གསུངས་པའི་ལུང་ནི་ཇི་སྲིད་དུ་རྟོགས་པའི་རྣམ་པས་སྟོང་པར་བྱེད་དེ་ཞེ་ན། མ་ཡིན་ཏེ་དང་པོ་ཕྱག་རྒྱ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །དེ་བས་ན་མི་བསྐྱོད་པའི་ཕྱག་རྒྱ་ཡེ་ཤེས་ཀྱི་དངོས་གཞི་རང་ [121a.2]རིག་ལས་རྗེས་ཐོབ་གཞན་ཡིན་ལ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་རྣམ་པར་ཤེས་པ་ནི་རྗེས་ཐོབ་སྟེ། རྡོ་རྗེ་ནི་དངོས་གཞིར་འགྱུར་རོ། །རྡོ་རྗེ་རྩེ་མོ་ལས་ཀྱང་གསུངས་པ། སྙིང་པོ་བརྟན་ཞིང་ཁོང་སྟོང་མེད། །མི་ཆོད་མི་ཕྱེད་མཚན་ཉིད་དེ། །མི་ཤིགས་པ་དང་མི་ཉམས་དང་། །སྟོང་ཉིད་ [121a.3]རྡོ་རྗེ་ཞེས་བརྗོད་དོ། །ཞེས་གསུངས་སོ། །དངོས་གཞི་ཡེ་ཤེས་མི་བསྐྱོད་རྒྱས། །གཟུགས་སོགས་རྗེས་ཐོབ་ཡིན་ན་ནི། །དེ་ནི་རྡོ་རྗེའི་ཕྱག་རྒྱ་ཡིས། །རྗེས་ཐོབ་སེམས་དཔའ་ཅིས་མི་འཐོབ། །འོ་ན་སྙིང་རྗེ་དངོས་མེད་པའི། །ཆད་པར་སྨྲ་བ་ཐལ་བར་འགྱུར། །ཞེ་ན་དེ་ཡང་འདོད་དེ། རྡོ་རྗེ་ [121a.4]སྟོང་པ་ཉིད་དུ་བརྗོད། །སེམས་དཔའ་ཡེ་ཤེས་ཙམ་ཉིད་དེ། །དེ་དག་བདག་ཉིད་གྲུབ་པ་འདིས། །རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །སྟོང་ཉིད་སྙིང་རྗེ་དབྱེ་བ་ནི། །མར་མེ་དང་ནི་སྣང་བ་བཞིན། །སྟོང་ཉིད་སྙིང་རྗེ་གཅིག་པ་ཡང་། །མར་མེ་སྣང་བ་ཇི་བཞིན་ནོ། །དངོས་ཉིད་སྟོང་ཉིད་གཞན་མེད་དེ། ། [121a.5]དེ་དང་བྲལ་ན་དངོས་ཡོད་མིན། །མི་ཕྱེད་དངོས་པོ་ངེས་པ་སྟེ། །བྱས་པ་མི་རྟག་པ་བཞིན་ནོ། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཇི་ལྟར་དེ་ཉིད་སྟོན་པ་ལ། །མ་ཆད་པ་ཉིད་ཀུན་རྫོབ་སྟེ། །ཀུན་རྫོབ་དང་ནི་བྲལ་བ་ལ། །དེ་ཁོ་ན་ཉིད་དམིགས་མེད་འགྱུར། ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། ། [121a.6]དེ་ལྟར་ན་མི་བསྐྱོད་པ་དང་། །རྡོ་རྗེ་སེམས་དཔའ་གཅིག་པར་འགྱུར་རོ་ཞེ་ན། འོ་ན་ནི་རྣམ་པར་ཤེས་པས་གཟུགས་ལ་སོགས་པ་ཡོངས་སུ་མ་བཏང་བས། སྣ་ཚོགས་གཉིས་སུ་མེད་པའི་མཆོག་ཏུ་འགྱུར་རོ། །དེ་གསུངས་པ། སྣ་ཚོགས་དང་བཅས་སེམས་ཙམ་མ་ལུས་རྟོགས་པ་ཡིས། །སྟོང་པའི་ [121a.7]དངོས་པོ་རྣམ་བཅས་པ་ཡི་གཞུང་གིས་འདོད། །འགྲོ་ཚེ་རྩྭ་ལ་རེག་པ་བཞིན་དུ་མཉམ་པ་སྟེ། །དབུ་མའི་དོན་དུ་སྐྱེས་བུས་རབ་ཏུ་སྨྲ་བའོ། །སྣ་ཚོགས་གཉིས་སུ་མེད་པར་སྨྲ་བ་ཡང་། །དོན་དམ་པ་ཡི་བདེན་པ་ཞེས་ཟེར་ཏེ། །རྣམ་པར་ཤེས་པ་ཡོད་པར་འདོད་པས་མཛེས་པ་མ་ཡིན་ནོ། །གཟུང་བ་དང་འཛིན་ [121b] [121b.1]པས་སྟོང་པ་སྣ་ཚོགས་གཉིས་སུ་མེད་པ་ཉིད་མི་བསྐྱོད་པའི་རང་བཞིན་གྱི་རང་རིག་པ་ལས། རྡོ་རྗེ་སེམས་དཔས་རྒྱས་བཏབ་པས་དངོས་པོའི་བདེན་པ་གསལ་ཏོ། །དེ་གསུངས་པ། གཟུགས་སོགས་རྟོགས་པས་སྟོང་པ་ཡི། །ཡེ་ཤེས་མི་བསྐྱོད་ཕྱག་རྒྱ་ལ། །དེར་ནི་རྡོར་སེམས་རྒྱས་བཏབ་པས། །དངོས་པོ་ཡོད་ [121b.2]པ་བཀག་པ་ཡིན། །རྣམ་པར་རིག་པ་ཙམ་གྱིས་ནི། །རྡོ་རྗེ་སེམས་དཔའ་མི་བྱ་སྟེ། །དང་པོ་ཉིད་ནས་མི་གནས་པས། །རྟག་པ་ཐམས་ཅད་སྟོང་པ་ཉིད། །དེ་ལྟར་ན་དོན་དམ་པ་ཡོད་པའི་ཟུག་རྔུ་སྤངས་པ་སྟེ། ཐམས་ཅད་དུ་མི་གནས་པའི་རང་བཞིན། ལྷུན་གྱིས་གྲུབ་པའི་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་ [121b.3]རྒྱུ་རང་རིག་པར་གྲུབ་པ་ནི། དབུ་མའི་གྲུབ་པའི་མཐའ་ཕུལ་དུ་ཕྱུང་བའོ། །འདི་ཡང་བླ་མ་དམ་པའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལས་རྟོགས་པར་བྱའོ། །ཅི་སྟེ་ཞེས་རང་རིག་པས་གྲུབ་ན་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པར་སྨྲ་བར་ཐལ་བར་འགྱུར་ཏེ། ཐམས་ཅད་དུ་རབ་ཏུ་མི་གནས་པས་ནི་མ་ཡིན་ནོ་ཞེ་ན། འདི་ [121b.4]ནི་མ་ཡིན་ཏེ། ཇི་ལྟར་རྟེན་ཅིང་འབྲེལ་འབྱུང་བ། །དེ་ཡི་རང་བཞིན་མ་སྐྱེས་པས། །ངོ་བོ་ཉིད་ཀྱིས་མ་སྐྱེས་གང་། །དེ་ལ་སྐྱེ་ཞེས་ཇི་ལྟར་བྱ། །ཞེས་པས་སོ། །ཉམས་སུ་མྱོང་བ་ཡང་། རྐྱེན་ལས་སྐྱེས་པ་སྟེ། དེའི་ཕྱིར། ཉམས་སུ་མྱོང་བ་མི་གནས་པས། །མ་སྐྱེས་པ་ཡི་གོ་འཕང་ངོ་། ། [121b.5]དེ་ལྟར་ཡང་། ཉམས་སུ་མྱོང་བ་མ་སྐྱེས་པ། །དངོས་པོ་ཡོད་པ་འང་དེ་བཞིན་ནོ། །རྡོ་རྗེ་སེམས་དཔའི་རང་བཞིན་དུ། །འགྲོ་བ་ཉིད་ནི་ཐུབ་པས་གསུངས། །ཡང་འདི་ལྟར་འཇམ་དཔལ་ལ་དེ་བཞིན་གཤེགས་པས་དྲིས་པ། འདི་བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ཡིན། འཇམ་དཔལ་གྱིས་གསོལ་ [121b.6]པ། ཁམས་གང་བསམ་དུ་མེད་པའི་སེམས་དེ་བརྗོད་དུ་མེད་པ་དང་། སེམས་ཀྱི་གཞལ་བྱ་མ་ཡིན་པ་དང་། སེམས་ཀྱིས་སེམས་པ་མེད་པ། རབ་ཏུ་བསམ་པར་བྱ་སྟེ། འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་སེམས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་ [121b.7]སོ། །ཅིའི་ཕྱིར་ཞེ་ན། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་སེམས་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་སེམས་ནི་བསམ་དུ་མེད་ལ། དོན་ཇི་ལྟ་བ་བཞིན་དུ་རྟོགས་པའི་སེམས་སོ། །འོན་ཀྱང་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ། །གཞན་དུ་ཡང་གསུངས་པ། ཀུན་དུ་རྟོག་ [122a] [122a.1]པས་མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །དམིགས་པ་མེད་ལ་ཕྱག་འཚལ་འདུད། །ཅེས་སོ། །ཟླ་བ་སྒྲོན་མ་ལས་ཀྱང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རག་ལས་གང་ [122a.2]དེ་སྟོང་པ་ཡིན། །གང་ཞིག་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །ཞེས་པ་དང་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། གང་ཕྱིར་འཁྲུལ་པ་ཀུན་སྤངས་ནས། །གལ་ཏེ་མཚན་མ་སྐྱེས་ན་ནི། །དེ་ཉིད་འཁྲུལ་པར་འགྱུར་བ་སྟེ། །རབ་རིབ་མ་དག་པ་བཞིན་ནོ། །ཞེས་གསུངས་ [122a.3]སོ། །དེ་བཞིན་དུ་ཡང་། རྣམ་རིག་ལ་གནས་མ་གྱུར་ཅིག །དེ་ཕྱིར་འཇིགས་ལས་ཐུབ་པ་ཡིས། །ཆོས་རྣམས་ཕྱེ་སྟེ་བསྟན་པ་ནི། །སྟོང་པ་ཉིད་དུ་ཡང་དག་བསྟན། །ཞེས་པ་དང་། དགྱེས་པའི་རྡོ་རྗེ་ལས་ཀྱང་། །ངོ་བོ་ཉིད་ཀྱིས་མ་སྐྱེས་པ། །བདེན་པ་མ་ཡིན་བརྫུན་པ་མིན། །ཞེས་ [122a.4]གསུངས་སོ། །གང་ཡང་། ཐམས་ཅད་མཉམ་པ་ཉིད་དུ་བཞག་ནས་སུ། །བློ་ལྡན་ཕྲ་བས་ལྟ་བའི་གྲུབ་པའི་མཐའ། །སངས་རྒྱས་པ་དང་ཕྱི་རོལ་དབྱེ་བ་བྱས། །གང་ཚེ་འདིར་གཅིག་སྟོང་པ་ཉིད་དུ་བརྗོད། འདི་དག་གིས་ནི་སྟོང་པ་ཉིད། །ཆད་པ་བསལ་བར་བྱ་བའི་ཕྱིར། །གང་མཐོང་དེ་ནི་ [122a.5]དེ་བཞིན་ཉིད། །དབུ་མའི་དོན་གྱི་རྗེས་འབྲངས་ནས། །དེ་ཉིད་རིག་པ་དེ་ནོར་ལྡན། །གང་ཚེ་མངོན་སུམ་རྟོགས་པའོ། །མཁའ་འགྲོ་མ་དྲ་བའི་སྡོམ་པ་ལས་ཀྱང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །སེམས་གང་གིས་ནི་རྟོགས་གྱུར་ན། །གང་ཕྱིར་དེ་སངས་རྒྱས་དང་ཆོས། །དགེ་འདུན་དུ་ [122a.6]ཡང་བསྟན་པའོ། །ཞེས་གསུངས་སོ། །དེའི་ཕྱིར་ནི་ཕུང་པོ་ལྔ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར། །ངོ་བོ་ཉིད་ཀྱིས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པས་འགྲོ་བ་རྣམས་སྟོང་པ་དང་། སྙིང་རྗེ་དབྱེར་མེད་པར་གནས་སོ། །དེ་དག་ཉིད་ [122a.7]བླ་མའི་མན་ངག་གིས་རྒྱུན་མི་འཆད་པར་བསམ་གཏན་བྱ་སྟེ། ཆུ་རླབས་འབབ་པའི་གཞུང་དང་ནི། །མར་མེ་འབར་བའི་རྒྱུན་བཞིན་དུ། །སྔགས་ཀྱི་དེ་ཉིད་རྗེས་འབྲངས་ནས། །རྒྱུན་མི་འཆད་པའི་བསམ་གཏན་ཐོབ། །དེ་བཞིན་དུ་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས་གསུངས་པ། འདི་ནི་ [122b] [122b.1]གཞལ་ཡས་ཁང་མིན་ཡུལ་མིན་དབང་པོ་མིན་ཏེ་འབྱུང་བ་ལ་སོགས་མིན། །གཟུགས་ལ་སོགས་པ་མ་ཡིན་སྲོག་ཆགས་མིན་ཞིང་མི་མིན་འདི་དག་རྒྱལ་བའོ། །འཁོར་ལོའི་གཙོ་བོ་འདི་ནི་ཆོས་ཉིད་ཡིན་ཏེ་དེས་ན་དཀྱིལ་འཁོར་པ་ཡིན་ལ། །ཁམས་གསུམ་འདི་དག་སྣ་ཚོགས་འཁོར་ལོར་ [122b.2]ཤེས་ན་སེམས་ནི་ཅི་སྟེ་འཁྲུལ་བར་བྱེད། །ཅེས་སོ། །རྐྱེན་ལས་བྱུང་བའི་ལྷ་རྣམས་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུར་གསལ་བ། སྤྲོས་པ་སྣ་ཚོགས་རང་བཞིན་གྱིས་གནས་པ་མེད་དེ ནམ་མཁའི་མེ་ཏོག་བཞིན་དུ་གཏན་མེད་པ་ནི་མ་ཡིན་ནོ། །དེ་ཡང་དགྱེས་པའི་རྡོ་རྗེ་ལས་གསུངས་པ། ཆོས་འདི་དག་ནི་ [122b.3]མྱ་ངན་འདས། །གཏི་མུག་ལས་ནི་འཁོར་བའི་ཆོས། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང་། ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ། ། [122b.4]{T2243}༄༅༅། །རྒྱ་གར་སྐད་དུ། ཥེ་ཀ་ཏཱ་ཀཱ་ཪྻཾ་སཾ་གྲཧ། བོད་སྐད་དུ། དབང་གི་དགོས་པ་མདོར་བསྡུས་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དག་པའི་བཤེས་གཉེན་བཀའ་ནི་རྟོགས་དཀའ་བས། །ཚིག་གི་ལམ་མ་ཡིན་པ་གང་ཡིན་པའི། །དེ་ཉིད་ [122b.5]ལོག་པའི་ལམ་དུ་སྟོན་པ་བཞིན། །ཆེ་བའི་བདག་ཉིད་གང་ཡིན་དེ་ནི་རྒྱལ་གྱུར་ཅིག །རྡོ་རྗེ་སློབ་དཔོན་ཆོག་ཤེས་པས། །དབང་བསྐུར་དགོས་པ་མདོར་བསྡུས་པ། །དབང་བསྐུར་གཞུང་ནི་དུ་མ་ལས། །ཇི་ལྟར་རྟོགས་པ་བཞིན་དུ་བྱ། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བ་མཆོག་ནི་གཉིས་པ་ [122b.6]ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། །བུམ་པའི་དབང་ནི་དང་པོ་སྟེ། །ཞེས་བྱ་བ་ནི་ཆུ་དང་ཅོད་པན་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་དང་སློབ་དཔོན་མཚན་ཉིད་ཅན་དང་། དྲུག་པོ་འདི་དག་ནི་བུམ་པའི་དབང་ངོ་། །ཕྱི་རོལ་ [122b.7]གྱི་ཆུས་ནི་ཕྱི་རོལ་གྱི་དྲི་མ་འཁྲུད་པ་ལྟར་མ་རིག་པའི་དྲི་མ་འཁྲུད་པའི་ཕྱིར་དང་། དག་པར་བྱ་བ་འདི་ཡིས་ནི་དབང་བསྐུར་བ་ཞེས་བྱའོ། །དེ་དག་ཉིད་ལ་ཡང་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བྱ་སྟེ། དེ་བཞིན་གཤེགས་པ་དྲུག་གི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཡང་ཆུའི་དབང་ནི་མེ་ལོང་ལྟ་བུའི་ [123a] [123a.1]ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའི་ངོ་བོ་ཉིད་དོ། །ཅོད་པན་གྱི་དབང་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དོ། །རྡོ་རྗེའི་དབང་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཉིད་དོ། །བདག་པོའི་དབང་ནི་བྱ་བ་ནན་ཏན་གྱི་ [123a.2]ཡེ་ཤེས་ཀྱི་བདག་ཉིད་དོན་ཡོད་གྲུབ་པའི་ངོ་བོ་ཉིད་དོ། །མིང་གི་དབང་ནི་མ་རིག་པ་འགོག་པའི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་དོ། །སློབ་དཔོན་གྱི་དབང་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དོ། །འདི་དག་ [123a.3]ལས་དབང་བསྐུར་བ་ལྔ་ནི་རིག་པའི་དབང་བསྐུར་བ་ཞེས་བྱ་སྟེ། སངས་རྒྱས་སྤྱན་ལ་སོགས་པ་རིག་མ་ལྔའི་བྱ་བ་ཡིན་པའི་ཕྱིར་རོ། །འདིར་མ་རིག་པའི་དྲི་མ་འཁྲུད་པའི་ཕྱིར། །རྡོ་རྗེ་སློབ་དཔོན་མི་བསྐྱོད་པའི་གཟུགས་སུ་གནས་པས། །སློབ་མ་རྣམ་པར་སྣང་མཛད་ཀྱི་ [123a.4]གཟུགས་སུ་དམིགས་པ་ལ་ཆུའི་དབང་བསྐུར་སྦྱིན་པར་བྱའོ། །དེ་ལྟ་བུའི་ང་རྒྱལ་ཐམས་ཅད་དུ་བྱའོ། །མ་འོངས་པ་ན་སངས་རྒྱས་ཀྱི་དབུ་གཙུག་ཏོར་གྱི་ངོ་བོ་ས་བོན་དུ་གྱུར་པའི་ཅོད་པན་གྱི་དབང་བསྐུར་བའོ། །རྟེན་ཅིང་འབྲལ་པར་འབྱུང་བའི་ངོ་བོ་ཡན་ལག་བཅུ་གཉིས་རྣམ་ [123a.5]པར་དག་པས་སོར་བཅུ་གཉིས་པའི་ཚད་ཙམ་གྱི་རྡོ་རྗེ་དབུས་ཀྱི་ལྟེ་བ་ཟླུམ་པོའི་ནང་དུ་བླ་ན་མེད་པའི་ཆོས་ཉིད་མཚོན་པར་བྱེད་པའི་ཡི་གེ་ཧཱུཾ་ངོ་། །འདིའི་དོན་ནི་འདི་ཡིན་ཏེ། ཧ་ཞེས་བྱ་བ་ནི་རྒྱུ་དང་བྲལ་བའོ། །ཨུ་ཞེས་བྱ་བ་ནི་རྟོག་པ་དང་བྲལ་བའོ། །ཨ་ཞེས་བྱ་བ་ནི་ཆོས་ཐམས་ [123a.6]ཅད་རབ་ཏུ་མི་གནས་པའོ། །འདིར་ཡང་སྲིད་པའི་མཚོ་སྐྱེས་ཁ་ནས་འཕྲོས་པའི་རྩེ་ལྔ་པའི་གཟུགས་ཅན་ནི་ཕུང་པོ་ལྔའི་རྣམ་པར་དག་པ་ལས་ངེས་པར་འབྱུང་བའི་སྲིད་པའི་གཟུགས་ཅན་ནོ། །འདིར་ཡང་ཕྱོགས་ཀྱི་རྩེ་མོ་རྣམས་དབུས་ཀྱི་རྩེ་མོ་ལ་ཕྱོགས་པ་ནི། གཟུགས་ལ་སོགས་པ་ [123a.7]ཐམས་ཅད་རྣམ་པར་ཤེས་པའི་བདག་ཉིད་དུ་མཚོན་པར་བྱེད་པ་ཡིན་ནོ། །དེ་ལྟར་ཐམས་ཅད་ཀྱང་ཐམས་ཅད་ཀྱི་བདག་ཉིད་དུ་ཤེས་པར་བྱ་སྟེ་ཀུན་ཀྱང་ཟུར་བཞི་པ་ཉིད་དོ། །དེ་ལྟ་བས་ན་རྡོ་རྗེ་ཆོས་ཐམས་ཅད་རྟོགས་པའི་མཁས་པས་ཧཱུཾ་གི་སྒྲ་ངེས་པར་སྒྲོགས་པའི་རང་གི་གཟུགས་ཀྱིས་རྣམ་པར་ [123b] [123b.1]གྲོལ་བ་སྐུ་ལྔའི་མཐར་ཐུག་པ་སོ་སོར་ཀུན་དུ་ཡང་སྤྲོ་བར་བྱེད་པའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ཉིད་དུ་རྟོགས་པར་བྱ་བའི་ཕྱིར། ཀུན་ལ་ཡང་མེ་ཏོག་གསུམ་གསུམ་མོ། །དེ་ལྟར་ན་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ [123b.2]ཏན་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དབྱེར་མེད་པའི་ཡེ་ཤེས་མཚོན་པ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེ་ཡང་། སྙིང་པོ་བརྟན་ཞིང་ཁོང་སྟོང་མེད། །མི་ཆོད་མི་ཕྱེད་ [123b.3]མཚན་ཉིད་ཅན། །མི་ཚིག་པ་དང་མི་མཉམ་པའི། །སྟོང་པ་རྡོ་རྗེ་ཞེས་བརྗོད་དོ། །ཞེས་པ་དང་། དགྱེས་པའི་རྡོ་རྗེ་ལས་ཀྱང་། མི་ཕྱེད་རྡོ་རྗེ་ཞེས་བཤད་དོ། །ཞེས་གསུངས་པ་དང་། རྡོ་རྗེ་དབང་བསྐུར་བའི་ཆོ་ག་འདིས་ནི་དབྱེར་མེད་པའི་ཡེ་ཤེས་སྐྱེས་པའི་ས་བོན་གྱི་གནས་དང་འདྲ་བ་ [123b.4]ཉིད་སྟེར་བའོ། །དེ་བཞིན་དུ་དྲིལ་བུའི་ཡང་དགོས་པ་སྔ་མ་བཞིན་སོར་བཅུ་གཉིས་ཀྱི་ཚད་ཙམ་སྟེ། པདྨ་ཡིན་པས་ཁ་ཐུར་དུ་བལྟས་པའོ། །སྒྲ་སྒྲོགས་པ་ནི་རྡོ་རྗེ་དང་སྙོམས་པར་འཇུག་པ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པར་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །དབྱེར་མེད་པའི་ [123b.5]ཡེ་ཤེས་ཀྱི་གནས་ཆོས་ཀྱི་འབྱུང་གནས་རྟོགས་པར་བྱ་བའི་ཕྱིར། སྟེང་དང་འོག་གི་ཆ་ལ་རྡོ་རྗེའི་ཕྲེང་བ་ཟུང་གིས་མཛེས་པར་བྱས་པ་ཡིན་ནོ། །ཁམས་གསུམ་པའི་ངོ་བོ་ཉིད་ཀྱི་གཞལ་ཡས་ཁང་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དྲ་བ་དང་དྲ་བ་ཕྱེད་པའི་རྣམ་པའོ། །དེའི་ཕྱིར་དེ་བཞིན་ [123b.6]གཤེགས་པ་ལྔས་མཚན་པའོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱི་བྱེད་པ་ཉིད་ཀྱིས་དབྱེར་མེད་པར་བསྟན་པའི་ཕྱིར། །སྟེང་དུ་ཤེས་རབ་ཀྱི་གདོང་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ [123b.7]ལྔའི་རང་བཞིན་དང་། གཟུགས་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་དང་། ས་ལ་སོགས་པ་ཁམས་ལྔའི་རང་བཞིན་དུ་བསྟན་པའི་ཕྱིར། །སྟེང་རྩེ་མོ་ལྔས་མཛེས་པར་བྱས་པ་ཡིན་ནོ། །དེ་ཡང་དབུས་ལ་ཕྱོགས་པའི་དགོས་པ་སྔ་མ་བཞིན་ནོ། །དེ་ལྟ་བས་ན་འདི་ལྟར་བརྗོད་པའི་སྒྲ་དང་། བླ་ [124a] [124a.1]ན་མེད་པའི་ཆོས་ཉིད་མ་ལུས་པ་རྟོགས་པར་བྱེད་པའི་རྒྱུར་གྱུར་པའི་དྲིལ་བུའོ། །འདི་ཡང་གཙོར་བསྟན་པར་བྱ་བའི་ཕྱིར་དང་། རྒྱུ་ཉིད་དུ་བསྒྲུབ་པའི་ཕྱིར་བྱེད་པར་གྱུར་པ་ཡིན་ཡང་། །དྲིལ་བུའི་དབང་བསྐུར་བཞག་ནས། །དང་པོར་རྡོ་རྗེའི་དབང་བསྐུར་བ་སྦྱིན་པར་བྱའོ། །ཆོས་ [124a.2]ཐམས་ཅད་མིང་མེད་པ་ཉིད་དུ་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་དང་། ཕྱིས་འབྱུང་བའི་ཐུབ་པའི་དབང་པོའི་མིང་ཐོབ་པར་བྱ་བའི་ཕྱིར། སྔར་གྱི་མིང་བཞག་ནས་རང་གི་རིགས་ཀྱི་ལྷ་ཉིད་ཀྱི་རིགས་དང་རྗེས་སུ་མཐུན་པའི་མིང་གི་དབང་བསྐུར་རོ། །སློབ་དཔོན་གྱི་དབང་བསྐུར་བ་ནི། རྡོ་རྗེའི་དམ་ [124a.3]ཚིག་དང་། དྲིལ་བུའི་དམ་ཚིག་དང་། ཕྱག་རྒྱའི་དམ་ཚིག་དང་། སྣོད་དུ་བྱ་བ་དང་། རྗེས་སུ་གནང་བ་དང་། བརྟུལ་ཞུགས་དང་། ལུང་བསྟན་པ་དང་། དབུགས་དབྱུང་བའི་མཚན་ཉིད་དོ། །ལེགས་པར་ལུས་འདུས་བྱས་པ་འདི་ནས་བཟུང་ནས། འདུས་མ་བྱས་པ་དབྱེར་མེད་ཅིང་ཟུང་དུ་འཇུག་པ་ [124a.4]རྟོགས་པ་ནི་ཁྱོད་ཀྱི་དམ་ཚིག་གོ་ཞེས་རྟོགས་པར་བྱ་བ་ནི་རྡོ་རྗེའི་དམ་ཚིག་གོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཁྱོད་ཀྱིས་བསྒྲག་པར་བྱའོ་ཞེས་རྟོགས་པར་བྱ་བ་ནི་དྲིལ་བུའི་དམ་ཚིག་གོ། །ཁྱོད་ཀྱི་རང་གི་འདོད་པའི་ལྷའི་ངོ་བོ་ཉིད་དོ་ཞེས་རྟོགས་པར་བྱ་བ་ནི་ཕྱག་རྒྱའི་དམ་ཚིག་གོ། །དཀྱིལ་འཁོར་ [124a.5]གྱི་དེ་ཉིད་དང་། དཀྱིལ་འཁོར་གྱི་རྣམ་པར་དག་པའི་མཚན་ཉིད་དང་། ལྷའི་དེ་ཉིད་དང་། རྣམ་པར་དག་པའི་མཚན་ཉིད་དང་། སློབ་དཔོན་གྱི་མཚན་ཉིད་དང་། དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཀྱི་ཡེ་ཤེས་དང་། སྒྲོན་མ་ལྔ་དང་བདུད་རྩི་ལྔ་བཟའ་བ་ནི་སྣོད་དུ་བྱའོ། ། [124a.6]རྫོགས་པའི་རིམ་པའི་ཕྱོགས་ལ་ནི་དེ་དག་གི་དངོས་པོར་མེད་པར་ངེས་པར་བྱ་བའོ། །རྗེས་སུ་གནང་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་དོན་ཏོ། །ཕྱི་རོལ་གྱི་བརྟུལ་ཞུགས་སྤང་བར་བྱ་བའི་ཕྱིར་ནི་བརྟུལ་ཞུགས་སྦྱིན་པའོ། །ས་ལ་སོགས་པའི་ངོ་བོ་ཉིད་དུ་མཚོན་པར་བྱ་བའི་ [124a.7]ཕྱིར་ནི་ལུང་བསྟན་པའོ། །དེ་ལ་བྷུར་ནི་ས་འཛིན་པ་ལ་སོགས་པའོ། །ས་ནི་རང་གི་ངོ་བོ་སྟེ་བྷུ་བ་སྟེ། བྷུར་ཝ་སྭ་ཞེས་བྱ་བ་འདིའི་དོན་ཡིན་ནོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཁྱོད་ལ་བཞེད་པའོ། །འདི་ནས་ [124b] [124b.1]བཟུང་ནས་ཞེས་བྱ་བ་དེ་ནི་རྟོགས་པར་བྱ་བའི་དོན་དེ་དབུགས་དབྱུང་བའོ། །ཤེས་རབ་དང་དད་པའི་ཞིང་དུ་བྱ་བའི་ཕྱིར་དང་། དམ་ཚིག་བསྲུང་པའི་ཕྱིར་གཉི་གས་དུས་མཉམ་དུ་བསྲུང་བའི་བྱང་ཆུབ་ཀྱི་སེམས་རབ་ཏུ་སྦྱིན་པ་ནི་གསང་བའི་དབང་བསྐུར་བ་སྟེ། ཐབས་དང་ཤེས་རབ་ཀྱི་གསང་བ་དག་སྦྱིན་ [124b.2]པར་བྱའོ་ཞེས་ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ། །ཤེས་རབ་ཡེ་ཤེས་ནི་འདིར་གཉིས་སུ་མེད་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཡེ་ཤེས་སམ། ཤེས་རབ་ཉིད་ཡེ་ཤེས་སོ། །དེ་ལ་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པའི་བློས་ཁམས་བཞི་དང་། ཕུང་པོ་ལྔ་དང་། གཟུགས་ལ་ [124b.3]སོགས་པ་ཡུལ་དྲུག་གི་བདག་ཉིད་ཅན་གྱི་ཡན་ལག་དང་། ཉིང་ལག་གི་ངོ་བོ་ནི་ཤེས་རབ་སྟེ། དེ་རྒྱུ་མཚན་དུ་གྱུར་པ་ལས་བྱུང་བ་བྱང་ཆུབ་ཀྱི་སེམས་སོ་ཞེས་ཁོང་དུ་ཆུད་པར་བྱའོ། །གཞན་དག་ནི་དེ་ཉིད་རྣམ་པ་གཉིས་པོས་སྟོང་པ་ཉིད་དོན་དམ་པའི་རྣམ་པར་ཤེས་པས་ཁོང་དུ་ [124b.4]ཆུད་པར་བྱའོ་ཞེས་ཟེར་རོ། །ཤེས་རབ་ཡེ་ཤེས་ཀྱིས་མཚོན་པར་གྱུར་པ་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་པར་བྱ་བ་བཞི་པའི་དོན་ཡིན་ནོ་ཞེས་གཞན་དག་འདོད་དོ། །གཞན་དག་ནི་ཤེས་རབ་ཡེ་ཤེས་ཉིད་གོམས་པར་བྱས་པ་ལས་སྟོན་ཀའི་དྲི་མ་མེད་པའི་ནམ་མཁའི་དཀྱིལ་ [124b.5]ལྟ་བུ་ནི་བཞི་པའི་དོན་ཡིན་ནོ་ཞེས་ཟེར་རོ། །ཡང་གཞན་དག་ནི་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་གཉུག་མའི་རྣམ་པར་གྱུར་པའི་གཟུགས་རྟེན་ཅིང་འབྲེལ་བར་འབྱུང་བའི་བདག་ཉིད་ཅན་གྱི་ཟུང་དུ་འཇུག་པ་འབྱུང་བར་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ནི་བཞི་པའི་དོན་ཡིན་ནོ་ཞེས་ཟེར་རོ། ། [124b.6]ཕྱོགས་གཞན་དང་གཞན་ནི་གཞུང་མངས་པའི་འཇིགས་པས་མ་བརྗོད་དོ། །ཤིན་ཏུ་དབང་བསྐུར་ཆོ་ག་བསྡུས་པ་ལས། །བདག་གིས་ཛྭབསོད་ནམས་གང་སྙེད་ཐོབ་པ་དེས། །འགྲོ་བ་ཀུན་གྱིས་བདེ་བར་གཤེགས་པ་ཡི། །དྲི་མེད་གསལ་བའི་བཟོད་པ་ཐོབ་པར་ཤོག །དབང་གི་ [124b.7]དགོས་པ་མདོར་བསྡུས་པ་མཁས་པ་ཆེན་པོ་ངེས་པར་སྦྱངས་པ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བླ་མ་བཛྲ་པཱ་ཎིའི་ཞལ་སྔ་ནས་དང་། ལོ་ཙཱ་བ་མཚུར་སྟོན་གྱིས་བསྒྱུར་བའོ།། {T2244}༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་ཥེ་ཀ་པྲ་ཀྲི་ཡ། [125a] [125a.1]བོད་སྐད་དུ། དབང་གི་བྱ་བ་མདོར་བསྡུས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐུབ་པའི་སྐུ་ནི་བདེ་ཆེན་པོ། །ཐོག་མ་མེད་པར་རྟག་ཤར་བའི། །ལྷན་ཅིག་སྐྱེས་དགའ་ཕྱག་འཚལ་ཏེ། །དབང་གི་ཆོག་གསལ་བར་བཤད། །དེ་ལ་གོ་རིམས་ཇི་ལྟ་ [125a.2]པ་བཞིན་དུ་དབང་བསྐུར་ཞིང་གནང་བ་ཐོབ་པའི་ཏིང་ངེ་འཛིན་གསུམ་ལ་མཁས་ཤིང་། བཟླས་པ་རིག་པའི་རྣལ་འབྱོར་པས། །རང་གི་སློབ་མ་ལེགས་པར་བརྟགས་པ་རྗེས་སུ་གཟུང་བར་འདོད་པས་རྒྱལ་པོ་དང་རྐུན་མ་ལ་སོགས་པའི་ཉེ་བར་འཚེ་བ་རྣམས་དང་བྲལ་བའི་དཀྱིལ་འཁོར་གྱི་ [125a.3]ཁང་པ་ལ་སོགས་པར་ཆོ་ག་ཇི་ལྟ་བ་བཞིན་དུ་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། ཐང་ཀའི་དཀྱིལ་འཁོར་ལ་སོགས་པ་ལ་ལྔ་ཡིས་མཆོད་དེ། དགོངས་ཀའི་དུས་སུ་བུམ་པ་ལྷག་པར་གནས་པར་བྱའོ། །བཅུ་དགུ་འམ། དགུ་འམ། ལྔའམ། གཅིག་ལ་རྡོ་རྗེ་སེམས་དཔའ་ [125a.4]དང་། དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་རྣམས་དང་། གཏི་མུག་དང་ཞེ་སྡང་དང་འདོད་ཆགས་དང་། རྡོ་རྗེ་དགའ་མ་རྣམས་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་རྡོ་རྗེ་རྣམས་དང་། གཤིན་རྗེ་གཤེད་དང་། ཤེས་རབ་མཐར་བྱེད་དང་། [125a.5]པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཀྱི་གོ་རིམས་ཇི་ལྟ་བར་ཐུབ་པའི་མཚན་མ་བྲི་བར་བྱའོ། །སྣ་ཚོགས་རྡོ་རྗེ་དང་རྡོ་རྗེ་སྔོན་པོ་རྩེ་ལྔ་ག་དེངས་པ་དང་། འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་། ནོར་བུ་མ་རྐ་ཏ་ཆ་དགུ་པ་དང་། པདྨ་དམར་པོ་དང་། རལ་གྲི་སྔོན་པོ་དང་། མིག་ [125a.6]འབྲས་སྔོན་པོའི་སྤྱན་དཀར་པོ་ཟུང་དང་། རྡོ་རྗེ་ནག་པོ་རྩེ་ལྔ་པ་དང་། ཡལ་ག་དང་བཅས་པའི་པདྨ་དང་། ཨུཏྤལ་སྔོན་པོ་དང་། མེ་ལོང་དཀར་པོ་དང་། དྲི་ཟའི་པི་ཝང་སྔོན་པོ་དང་། དུང་སེར་པོ་དང་། རོའི་ལྷུང་བཟེད་དམར་པོ་དང་། གོས་སྣ་ཚོགས་པ་དང་། ཆོས་འབྱུང་དཀར་ [125a.7]པོ་དང་། རྡོ་རྗེ་ཐོ་བ་ནག་པོ་དང་། དབྱུང་པ་དཀར་པོ་དང་། པདྨ་དམར་པོ་དང་། རྡོ་རྗེ་སྔོན་པོ་གདེངས་པའོ། །རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། ལྷ་མོ་བཅུ་ནི་སྣ་ཚོགས་པདྨ་དང་ཟླ་བ་ལའོ། །ལྷག་མ་རྣམས་ནི་སྣ་ཚོགས་པདྨ་དང་། ཉི་མའི་གདན་ལ་གནས་ [125b] [125b.1]པའོ། །ལས་ཐམས་ཅད་པ་ལ་ནི་རྡོ་རྗེ་སེམས་དཔའ་འམ། བདུད་རྩི་འཁྱིལ་པ་བྲི་བར་བྱའོ། །དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ནི་མཆུ་ཡོ་བ་མེད་པ་རྩ་བ་ནག་པོ་མེད་པ། གསུས་པ་ཆེ་བ། མགྲིན་པ་རིང་བ། མཚན་མ་ལེགས་པར་བྲིས་པ། གོས་གཙང་མས་མགྲིན་པ་དཀྲིས་པ། [125b.2]བུ་ཏ་ཏ་བ་བལ་སོགས་པས་ཁ་བརྒྱན་པ། གསེར་དང་དངུལ་དང་། རཱ་ཛ་བརྟི་དང་། མུ་ཏིག་དང་། བྱི་རུ་དང་། ནས་དང་། གྲོ་དང་། སོ་བ་དང་། ཏིལ་དང་། མ་ཤ་དང་། བྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། ཤྭེ་ཏ་ཨ་པ་ར་ཛི་ཏ་དང་། དཎྜོཏྤལ་དང་། ཧ་ས་དེ་བ་དང་། རིན་ཆེན་ལྔ་ [125b.3]དང་། འབྲུ་ལྔ་དང་། སྨན་ལྔ་བུམ་པའི་ནང་དུ་བླུགས་ལ། དྲིའི་ཆུས་ཡོངས་སུ་བཀང་སྟེ། དེ་ལ་དཀྱིལ་འཁོར་བསམས་ཏེ། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཡེ་ཤེས་ཀྱི་བདུད་རྩི་ཞུ་བའི་གཟུགས་སུ་གཞུག་གོ། །དེའི་རྗེས་ལ་མེ་ཏོག་གི་ཕྲེང་བས་ཉེ་བར་ [125b.4]མཛེས་པའི་རྡོ་རྗེ་སྟེང་དུ་ཡང་དག་པར་བཞག་སྟེ། རང་རིག་ལྷག་པའི་ལྷའི་སྔགས་བརྒྱ་རྩ་བརྒྱད་དམ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བསྔགས་སོ། །བུམ་པ་གཞན་རྣམས་ནི་ཇི་ལྟ་བའི་རྣལ་འབྱོར་དང་། དཀྱིལ་འཁོར་པའི་སྔགས་ཀྱིས་སོ། །མེ་ཏོག་དང་སྦོས་ལ་ [125b.5]སོགས་པས་ཡང་དག་པར་མཆོད་པ་དང་། གཏོར་མ་ཕུལ་ཏེ། མི་བསྐྱོད་པ་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པས་བསྟོད། དྲི་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེའི་རྗེས་ལ་རྡོ་རྗེ་སློབ་མས་མཎྜལ་བྱས་ལ། མེ་ཏོག་གི་ཕྲེང་བ་འཛིན་ [125b.6]པས་པུས་མོའི་ལྷ་ངས་ལ་བཞག་སྟེ། སྔགས་ཀྱི་ཐེག་པའི་སྐལ་པ་དང་ལྡན་པ་ལ། སྔགས་ཀྱི་དངོས་གྲུབ་གཉེར་བ་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་འདི་ལས་གཞན། །གཞན་དུ་འཇིག་རྟེན་ཕ་རོལ་གཉེར། །འཇིག་རྟེན་ཕ་རོལ་ལ་དམིགས་ཏེ། ། [125b.7]སླར་ཡང་དད་པ་ལྡན་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་པར་བྱ། །འདི་ཡིས་འབྲས་བུ་མི་རྙེད་དེ། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །དེ་བཞིན་ཕ་རོལ་དོན་དུ་ནི། །འཇིག་རྟེན་ཕ་རོལ་དོན་གཉེར་ན། །འབད་མེད་པར་ནི་འབྲས་བུ་འགྲུབ། །དེའི་རྗེས་སུ་དད་པའི་ [126a] [126a.1]སློབ་མ་བློས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེ་ནས་ཕྱུང་ནས་རང་གི་གསང་བའི་རིག་མའི་པདྨའི་ནང་དུ་གནས་པ་ལ་དེ་བཞིན་གཤེགས་པ་ཞུ་བས་དབང་བསྐུར་བར་བལྟས་ཏེ། དཀྱིལ་འཁོར་གྱི་ཤར་གྱི་སྒོར་ཉེ་བར་གནས་པར་གཞག་པར་བྱའོ། །དགའ་ཆེན་ཁྱོད་བདག་ [126a.2]སྟོན་པ་ནི། །མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། སྐྱབས་གསུམ་དག་ཀྱང་བདག་ལ་ [126a.3]སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་པ་ནི། སློབ་མའི་གཙོ་བོ་གཅིག་གིས་བྱའོ། །བུ་ཚུར་ཐེག་པ་ཆེན་པོ་ལ། །གསང་སྔགས་སྤྱོད་པའི་ཆོ་གའི་ཚུལ། །ཁྱོད་ལ་ཡང་དག་བསྟན་པར་བྱ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། ། [126a.4]སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་དབང་བསྐུར་མཐུ་སྟོབས་ཀྱིས། །ཡེ་ཤེས་མཉམ་པ་ཉིད་ཐོབ་པ། །གསང་སྔགས་སྦྱོར་བ་མཉམ་མེད་པས། །ཤཱཀྱ་སེང་གེ་མཆོག་སོགས་ཀྱིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་ [126a.5]དེས་བཅོམ་ནས། །འཇིག་རྟེན་མཐུན་པར་གཤེགས་ནས་ཀྱང་། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་ [126a.6]བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་པས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་སློབ་མས་བཀླག་པར་བྱའོ། །ཨོཾ་ཨ་བེགྷྣཱནྟ་ཀྲྀཏ་ཧཱུཾ་ཞེས་པས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྲུང་ངོ་། །དེ་དག་གིས་སྙིང་ག་དང་། [126a.7]མགྲིན་པ་དང་། སྤྱི་བོ་ལ་ཟླ་བ་ལ་གནས་པའི་རྡོ་རྗེ་དང་། པདྨ་དང་། འཁོར་ལོའི་ལྟེ་བ་རྣམས་ལ། ཨཱཿཧཱུཾ་ཨོཾ་བསམ་པར་བྱའོ། །དེ་ལ་ལག་པ་གཡས་པའི་ཁུ་ཚུར་གྱིས་འཛིན་པ་ལགས་ཏེ། སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་སྙིང་ག་དང་། མགྲིན་པ་དང་། མགོ་པོ་ལ་རེག་སྟེ། [126b] [126b.1]ཧཱུཾ་ཨཱཿ་ཨོཾ་ཞེས་བརྗོད་པ་སྟེ། མེ་ཏོག་ནི་མགོ་བོ་ལའོ། །བདུག་སྤོས་ནི་མདུན་དུའོ། །དེ་བཞིན་དུ་དྲི་དང་མར་མེ་ནི་སྙིང་གར་སྦྱིན་ནོ། །དེའི་རྗེས་སུ་བདུད་རྩི་འཁྱིལ་པའི་སྔགས་མངོན་པར་བཟླས་པའི་མ་གས་པ་དང་། འབུས་མ་ཟོས་པའི་ཨ་ཤྭདྷྭའི་ཤིང་ལ་སོགས་པ་སོར་བཅུ་ [126b.2]གཉིས་པའི་ཚད་ལ། རྩེ་མོར་མེ་ཏོག་གི་ཕྲེང་བས་བཅིངས་པའི་སོ་ཤིང་སློབ་མ་དག་ལ་སྦྱིན་པར་བྱའོ། །དེ་དག་གིས་ཀྱང་རྩེ་མོ་ཁ་ཤར་རམ་བྱང་དུ་བལྟས་པས་བཅའ་བར་བྱའོ། །བ་ལང་གི་པགས་པ་ཙམ་བྱུགས་པའི་ས་ལ་དོར་བར་བྱའོ། །དེ་ལ་ཞི་བ་ལ་སོགས་པའི་ལས་བསྟན་ཏེ། [126b.3]གང་ལ་མངོན་པར་ཕྱོགས་ལྷུང་པ། །དེ་ཡི་དངོས་གྲུབ་མཆོག་ཏུ་ཤེས། །དེ་ཡང་ཤར་ཕྱོགས་རྩེ་མོ་ནི། །དངོས་གྲུབ་འབྲིང་དུ་རབ་གྲགས། །བྱང་དུ་བལྟས་དང་དེ་བཞིན་ལོགས། །འཇིག་རྟེན་པ་ཡི་དངོས་གྲུབ་བཞེད། །གལ་ཏེ་ལྷོ་རུ་མངོན་ཕྱོགས་པས། །ཤིན་ཏུ་དྲག་པོ་དེ་ནས་ [126b.4]འགྱུར། །ནུབ་ཏུ་མངོན་པར་ཁ་བལྟས་པ། །ཕྲ་མོའི་དངོས་གྲུབ་དེ་ལ་ཡོད། །དེ་བཞིན་དུ་ནི་སོ་ཤིང་དོར། །གལ་ཏེ་འོག་ཏུ་ཁ་བལྟས་འགྱུར། །དེ་ཡིས་ས་འོག་དངོས་གྲུབ་འགྱུར། །ངེས་པར་འདི་ལ་དཔྱད་པ་མེད། །དེའི་རྗེས་སུ་ཐོར་འཐུང་དྲིའི་ཆུ་ཁྱོར་པ་གསུམ་གྱི་བཏུང་ [126b.5]བ། ཨོཾ་ཧྲིཿ་བི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པ་ནི་རྩཱ་སྱ་སཾ་ཤོ་དྷ་ཡ་པི་ཀལྤ་ཨ་པ་ན་ཡ་ཧཱུཾ། །ཞེས་པ་འདིའི་སྔགས་ཀྱིས་ཁ་བཀྲུ་བར་བྱའོ། །དེ་ལྟར་ཉེ་བར་གཏད་དེ་ཀུ་ཤ་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། དེ་དག་སྟན་དང་སྔས་སུ་སྦྱིན་པར་བྱའོ། །ངེས་མངོན་ [126b.6]པར་བསྔགས་པའི་སྐུད་པ་སུམ་སྒྲིལ་མདུད་པ་གསུམ་བྱས་ལ་བསྲུང་བའི་དོན་དུ་དབུང་པ་གཡས་པར་བཅིང་བར་བྱའོ་ཆོས་སྟོན་པ་བརྗོད་དེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ [126b.7]སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་ནི་མཐོང་མ་ཐག །དེ་མ་ཐག་ཟད་འགྱུར་ [127a] [127a.1]བ་ཡིན། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང་གིས་ཁྱོད་རྣམས་རྒྱལ་བ་ཀུན། ། [127a.2]སྲས་བཅས་འདི་ཡིས་བསྟན་པ་ལ། །ཐམས་ཅད་ཀྱིས་ནི་ཡོངས་འཛིན་པའི། །བདག་ཉིད་ཐམས་ཅད་འགྲོ་བར་འགྱུར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ལེགས་པ་ཉིད་དུ་འགྲོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་ [127a.3]རྣམས་དེར་ནི་དོང་བས་ན། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་པའི་ཆོས་སྟོན་པ་རྣམས་མཉན་པར་བྱའོ། །དེ་ལྟར་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ཏེ། སྡོམ་པའི་ཁྱད་པར་ཡོངས་སུ་གཟུང་བར་བྱའོ། །འཁོར་ [127a.4]ལོ་མི་ལྡོག་པ་ཡི་དབང་། །མགོན་པོ་དེ་དག་བདག་ལ་སྩོལ། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་དང་ཡང་། སངས་རྒྱས་ཀུན་གྱི་དམ་ཚིག་རྣམས། །གསང་པ་ཡི་ནི་སྡོམ་པ་མཆོག །སློབ་དཔོན་ཆེན་པོ་རྟག་ཏུ་ནི། །སེམས་ཅན་ཀུན་གྱི་དོན་བྱའོ། །དེ་ནས་སློབ་ [127a.5]མ་ཀུ་ཤ་བཀྲམ་པ་ལ་ཉལ་བར་བྱའོ། །གང་ཅུང་ཟད་རྨི་ལམ་དུ་མཐོང་བ་ནང་པ་རང་ལ་སྒྲོགས་ཤིག་ཅེས་བརྗོད་དོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །སླར་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། སློབ་དཔོན་གྱིས་བསྲུང་བའི་དོན་དུ་བདུད་རྩི་འཁྱེལ་པའི་སྔགས་ཀྱི་བཟླས་པར་བྱའོ། ། [127a.6]གཏོར་མ་སྦྱིན་ནོ། །ཐོ་རངས་ཀྱི་ཆོ་སློབ་མ་རྣམས་བཀུག་སྟེ། དགེ་བ་དང་མི་དགེ་བའི་རྨི་ལམ་བལྟའོ། །གལ་ཏེ་སློབ་མས་མི་དགེ་བའི་རྨི་ལམ་མཐོང་ན། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ཡང་དག་པར་བསྲུང་བར་བྱའོ། །དེའི་རྗེས་སུ་བྲིས་པའི་དཀྱིལ་འཁོར་རྒྱ་ཆེན་པོ་འདི་མཆོད་ [127a.7]བར་བྱས་ལ་རང་གི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས། །རང་གི་སློབ་མའི་ཆོ་ག་བཞིན་དུ་རང་འཇུག་གོ། །འཇུག་པ་ནི་འཆད་པར་འགྱུར་བའི་རྗེས་སུ་གནང་བ་དང་། དབང་ལ་ཐུག་པའི་བར་དུ་བཅོམ་ལྡན་འདས་བདག་པོ་ལས་བློས་ཐོབ་པར་འགྱུར་བའོ། །དེ་ནས་སློབ་མ་རྣམས་གཞུག་པར་ [127b] [127b.1]བྱ་བའི་ཕྱིར་བདེན་པ་བརྗོད་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་ལས་དེ་བཞིན་ཡང་དག་འབྱུང་། །དེ་བཞིན་དེ་ཉིད་ངེས་པར་འབྱུང་། །བདེན་པ་འདི་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་ [127b.2]མ་རྣམས། །དྲི་མེད་ཐམས་ཅད་ཐོབ་པར་ཤོག །ཅེས་པ་ལ་སོགས་པ་བརྗོད་པས། །ཡོལ་བའི་ཕྱི་རོལ་དུ་སློབ་མས་ཡོན་ཕུལ་ཏེ། སློབ་མ་དབང་བསྐུར་བའི་སྐལ་བ་དང་ལྡན་པ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་པ་ལ། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་པའི་སྔགས་བརྗོད་ཅིང་མེ་ཏོག་གི་ [127b.3]ཕྲེང་བ་དང་། གདོང་གཡོགས་བཅིངས་ཏེ་བུམ་པའི་ཆུས་བསངས་ཏེ། དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དྲི་བར་བྱའོ། །བུ་ཁྱོད་ཅི་ལ་དགའ་ཞེས་པའོ། །དེས་ཀྱང་བརྗོད་པར་བྱ་བ་ནི། །བདེ་ཆེན་སྐལ་བཟང་བདག་ལགས་སོ་ཞེས་འགྱུར་རོ། །སློབ་མའི་སྙིང་གར་རྡོ་རྗེ་ཡང་དག་པར་བཞག་ལ། [127b.4]ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡ་མི། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ། བོ་དྷི་ཙིཏྟ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱིན་གྱིས་རློབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་འདི་ཁྱོད་ [127b.5]ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། །མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཨོཾ་ཨཱ་ཛཿ་ཧཱུཾ་ཞེས་པ་འདིས་བཀུག་སྟེ། ཡོལ་བའི་ནང་དུ་བཅུག་ལ། དཀྱིལ་འཁོར་གྱི་ཤར་གྱི་སྒོར་ཡང་དག་པར་བཞག་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་ [127b.6]དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་བུའི་ཡེ་ཤེས་ངས་ཁྱོད་ལ་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་ [127b.7]མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། སླར་མགོ་བོར་རྡོ་རྗེ་ཡང་དག་པར་བཞག་སྟེ། འདི་སྐད་བརྗོད་པར་བྱའོ། །དགའ་པ་ཁྱོད་ཀྱིས་འདི་སྨྲས་ནས། །དམ་ཚིག་རྡོ་རྗེ་འདི་ཡིས་ནི། །མགོ་བོ་རྣམ་པར་འགེམས་འགྱུར་ཞིང་། །དེ་མ་ཐག་ [128a] [128a.1]ཏུ་དྲལ་ཏེ་གཤེགས། །མེ་ཏོག་དང་བཅས་པའི་རྡོ་རྗེ་ཡང་དག་པར་སྙིང་གར་བཞག་སྟེ། བརྗོད་པར་བྱའོ། །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པ་ནི། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །འདིས་ནི་མནའ་བསྒག་ [128a.2]པར་བྱ་སྟེ། །བདུད་རྩི་ལྔ་པདྨའི་སྣོད་དུ་ཡང་དག་པར་བཞག་སྟེ། ཡི་གེ་གསུམ་གྱིས་ཡང་དག་པར་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཨཱ་མྲྀ་ཏོད་ཀ་ཋ་ཞེས་ལན་གསུམ་གྱི་བར་དུ་འདི་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་ [128a.3]གྲུབ་ཐོབ། །འཐུངས་ཤིག་རྡོ་རྗེ་བདུད་རྩིའི་ཆུ། །ཞེས་བཀླགས་པ་ནི་དམ་ཚིག་གོ། །དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། དེང་ཕན་ཆད་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ཡིན་གྱིས། །ངས་ཅི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་ལ། ང་ལ་བརྙས་པར་ཡང་མ་བྱེད་ཅིག །བྱས་ན་ཡང་བ་མ་སྤངས་པར་ [128a.4]འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བྱ་བ་ནི་དམ་ཚིག་གི་ཆུ་སྦྱིན་པའོ། །དེ་ནས་སློབ་མས་འདི་སྐད་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་ཀྱིས་བདག་ལ་བྱང་ཆུབ་ཀྱི་སེམས་ཕོབ་ཅིག་ཅེས་བྱའོ། །དེ་ནས་སློབ་མའི་སྙིང་གར་ [128a.5]ལྃ་སེར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པས་མཚན་པ། སའི་དཀྱིལ་འཁོར་གྲུ་བཞི་པ་ལ་གནས་པའི་ཡི་གེ་ཧཱུཾ་དོ། །སྤྱི་བོར་བཾ་ལས་བྱུང་བའི་བུམ་པས་མཚན་པའི་ཆུའི་དཀྱིལ་འཁོར་ཟླུམ་པོ་ལ་གནས་པའི་ཡི་གེ་ཧའོ། །མགྲིན་པར་ཡྃ་ལས་སྐྱེས་པའི་གཡོ་བའི་བ་དན་གྱིས་མཚན་ [128a.6]བའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལ་གནས་པའི་ཡི་གེ་ཨའོ། །རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་ལ་འབར་བ་རཾ་གྱི་ཡི་གེ་ལས་སྐྱེས་པའི་ཁ་དོག་དམར་པོ་རྡོ་རྗེས་མཚན་པ། འོད་ཟེར་འཕྲོ་བ་མེའི་དཀྱིལ་འཁོར་གྲུ་གསུམ་པ་ལ་གནས་པའི་ཛྷཻཾ་གི་ཡི་གེ་འོད་ཟེར་དང་བཅས་པ་ [128a.7]བསམ་ལ། བསྙེམས་ཚུལ་དང་བཅས་པའི་དྲིལ་བུ་དཀྲོལ་བར་བྱའོ། །ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧ་ཨ་ཛྷཻ་ཞེས་བརྗོད་དོ། །ལྕེ་ལ་ཡི་གེ་ཨ་དམར་པོ་བསྒོམ། འོད་དཔག་མེད་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །ཕེབས་པར་གྱུར་ན་སྨྲོས་ཤིག་བུ་ཡིས་དགེ་མེ་དགེ། ། [128b] [128b.1]ཞེས་བརྗོད་པར་བྱའོ། །ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱ་སྟེ། མིག་དག་ལ་ཅི་སྣང་ཞེས་དྲི་བར་བྱའོ། །དེ་ནས་དེས་དམར་པོ་དང་། དཀར་པོ་དང་། སེར་པོ་དང་། ནག་པོ་སྣང་ཞེས་པའོ། །ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་རྣམས་གྲུབ་པའི་སྣོད་དུ་འགྱུར་རོ་ཞེས་བརྗོད་ [128b.2]དོ། །བདེན་པའི་བྱིན་གྱིས་བརླབ་པར་བྱའོ། །ཡང་དག་དཀྱིལ་འཁོར་ཞེས་བྱ་འདིར། །བདག་གིས་སློབ་མ་གཞུག་པར་བྱ། ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །འདི་ཡིས་དངོས་གྲུབ་འགྲུབ་པར་འགྱུར། །རིགས་ནི་གང་གིས་གྲུབ་པ་དང་། །གང་ [128b.3]འདིར་བསོད་ནམས་རྗེས་འབྱུང་བ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །དེ་ནས་མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་དུ་པྲ་ཏཱི་ཙྪ་བཛྲ་ཧོ་ཞེས་པ་འདིས་དོར་རོ། །དེ་ནས་མེ་ཏོག་ལྟུང་བས་དམན་པ་དང་། འབྲིང་དང་མཆོག་གི་དངོས་གྲུབ་མཚོན་པར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས་རྣམས་ [128b.4]ཀྱི་དབུའམ། མཛོད་སྤུའམ། གཙུག་ཏོར་ལ་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་རོ། །མཆོག་གི་ཡན་ལག་ལས་ནི་མཆོག་གོ། །འབྲིང་གི་ཡན་ལག་ལས་ནི་འབྲིང་ངོ་། །མཐའ་མའི་ཡན་ལག་ལས་ནི་མཐའོ། །གཟུགས་བརྙན་དང་རིང་བ་ལས་ནི་ཤིན་ཏུ་ཡུན་རིང་བ་ནའོ། ། [128b.5]ཉེ་བ་ལས་ནི་མྱུར་བའི་དངོས་གྲུབ་པོ། །ལྷ་རྣམས་ཀྱི་རིགས་ནི་རེའུ་མིག་ལས་སོགས་པ་རྣམ་པར་བཅད་པ་ལས་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་པོའི་བར་དག་ཏུ་ལྷུང་ན། དེ་ཡང་གང་གི་ཉེ་བ་དེའི་རིགས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་ཕ་རོལ་དུ་ལྷུང་ན་དམན་པའི་དངོས་གྲུབ་ [128b.6]བོ། །གལ་ཏེ་རེག་ལ་ལྷུང་ན་སླར་འཕང་ངོ་། །ལན་གསུམ་བར་དུ་དེ་ཉིད་ལ་ལྷུང་ན་དངོས་གྲུབ་མེད་དོ། །རྡོ་རྗེ་ར་བའི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །སྙིང་ག་ལ་ལྷུང་བ་ཤིན་ཏུ་དཀའོ་ཞེས་པ་ནི་མེ་ཏོག་དོར་བའི་ཆོ་གའོ། །དེ་ནས་ཕྲེང་བ་བཟུང་བ་མགོ་ལ་བཅིང་བ་ནི། །སེམས་ཅན་ [128b.7]སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་པར་གྱིས། །ཞེས་བརྗོད་དོ། །མིག་གཉིས་ལ་ཡང་ཡི་གེ་ཨོཾ་བལྟས་ཏེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་ [129a] [129a.1]བརྗོད་ལ་མིག་རས་བསལ་བར་བྱའོ། །དེ་ནས་དཀྱིལ་འཁོར་ཉེ་བར་བསྟན་པར་བྱའོ། །དབུས་ཀྱི་རྣམ་ཤེས་ཕུང་པོ་ནི་མི་བསྐྱོད་པའོ། །ཤར་ལ་སོགས་པའི་ཕྱོགས་སུ་ནི་གཟུགས་རྣམ་པར་སྣང་མཛད་དོ། །ཚོར་བ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ནི་འོད་དཔག་ཏུ་མེད་པའོ། ། [129a.2]འདུ་བྱེད་ནི་དོན་ཡོད་གྲུབ་པའོ་མེ་ལ་སོགས་པ་མཚམས་རྣམས་སུ་ནི་སྤྱན་མའོ། །ཆུའི་ཁམས་ནི་མཱ་མ་ཀའིའོ། །མེ་ནི་གོས་དཀར་མོའོ། །རླུང་ནི་སྒྲོལ་མའོ། །དཀྱིལ་འཁོར་ཕ་རོལ་གྱི་མེ་ལ་སོགས་པའི་མཚམས་སུ་ཤར་གྱི་ངོས་གཉིས་སུ་གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ། དྲི་རྡོ་རྗེ། རོ་རྡོ་ [129a.3]རྗེ། རེག་རྡོ་རྗེ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་རྣམས་སོ། །གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཤར་ལ་སོགས་པའི་སྒོ་རྣམས་སུ་གནས་པའོ། །དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །ཡིད་ཆེས་པའི་དབང་བརྗོད་པར་བྱ་ [129a.4]སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ལ་དྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་མི་བསྐྱོད་པའི་གཟུགས་སུ་དམིགས་ལ། རིག་པའི་སྐྱེས་བུ་དང་བཅས་ [129a.5]པའི་ཆུ་རྣམས་ཐམས་ཅད་ཀྱི་བུམ་པའི་ཆུ་བླུགས་བར་བྱའོ། །ཧཱུཾ་ལས་རྡོ་རྗེར་བལྟས་ཏེ། རྡོ་རྗེ་སེམས་དཔའི་མཐུ་སྟོབས་ཀྱིས་རྡོ་རྗེ་དང་བཅས་ཁུ་ཚུར་གྱིས་བུམ་པའི་ཆུ་བླུགས་ཏེ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་ལ། །གསང་བ་གསུམ་གྱི་གནས་ [129a.6]ལས་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་བྷི་ཥིཉྩཱ་མི་སྟྭཾ་ཞེས་བརྗོད་པས། སློབ་མ་འཁོར་ལོས་སྒྱུར་བ་ལྟ་བུ་ལ་དབང་བསྐུར་བར་བྱའོ། །ཆུའི་དབང་གི་ཆོག་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ནས་བསྟན་མ་ཐག་པའི་རིམ་པས་གསེར་རམ་གོས་ལ་སོགས་པ་ལས་བྱས་ [129a.7]པའི་ཅོད་པན་སློབ་མ་ལ་བྱིན་ཏེ། རིན་ཆེན་འབྱུང་ལྡན་གྱི་སྦྱོར་བ་སྟེ། སངས་རྒྱས་ཀུན་གྱིས་དཀྱིལ་འཁོར་མཆོད། །མ་ཧཱ་མུ་ཀུ་ཊཾ་པྲ་ཏཱིཙྪ་བཛྲ་ཧོ། །ཞེས་བརྗོད་པས་ནམ་མཁའི་དཀྱིལ་འཁོར་དུ་སོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་རིགས་ཅན་གྱི་ཅོད་པན་དུ་རྣམ་པར་ [129b] [129b.1]བསམ་མོ་ཞེས་པ་ནི་ཅོད་པན་གྱི་དབང་གི་ཆོ་གའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་རྡོ་རྗེ་རྩེ་ལྔ་པ་ཆེན་པོ་སྙིང་གར་ལག་པས་བཞག །སློབ་མ་འཇིག་རྟེན་དབང་ཕྱུག་ཏུ་བྱས་པ་ལ། རྡོ་རྗེ་ལག་པ་གཡས་སུ་གཏད་པར་བྱའོ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ [129b.2]ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རབ་ཏུ་བསྒྲུབ་ཕྱིར་རྡོ་རྗེ་ཟུང་། །ཞེས་བརྗོད་པས་རྡོ་རྗེ་སྙིང་ག་ལ་སོགས་པར་རེག་པས། རྡོ་རྗེ་ལག་པ་གཡས་པར་སྦྱིན་པར་བྱའོ་ཞེས་པ་ནི་རྡོ་རྗེའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་དོན་ཡོད་གྲུབ་པའི་གཟུགས་སུ་དམིགས་ལ། ལག་ [129b.3]པ་གཡོན་པར་དྲིལ་བུ་སྦྱིན་ཏེ། རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་སློབ་མའི་ལག་པ་དག་མངོན་པར་འཁྱུད་པའི་ཚུལ་གྱིས་ལག་པར་བྱིན་ལ། ཨོཾ་བཛྲ་ཨཱ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཱི་ཏིཥྛ་བཛྲ་སམ་ཡ་སྟྭཾ་ཞེས་བརྗོད་དེ་ཞེས་པ་ནི་དྲིལ་བུའི་དབང་གི་ཆོ་གའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ [129b.4]ནས་རྣམ་པར་སྣང་མཛད་དུ་བལྟས་ལ་མིང་གི་དབང་བསྐུར་བར་བྱའོ། །མགོར་རྡོ་རྗེ་དང་དྲིལ་བུ་མཉམ་པར་གཞག་སྟེ། ཨོཾ་བཛྲ་སཏྭ་ཧཱུཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་གཏི་མུག་རྡོ་རྗེ། ཀྱེ་དཔལ་འདོད་ཆགས་རྡོ་རྗེ། ཀྱེ་དཔལ་ཕྲག་དོག་རྡོ་རྗེ། ཀྱེ་དཔལ་ཞེ་སྡང་ [129b.5]རྡོ་རྗེ་ཞེས་པ་ལ་སོགས་པ་རིགས་ཀྱི་རྗེས་སུ་མཐུན་པའི་མིང་བྱའོ་ཞེས་པ་ནི་མིང་གི་དབང་གི་ཆོ་གའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དབང་བསྐུར་བ་འདི་རྣམས་ཀྱིས་རྒྱུད་མཉན་པ་དང་། བཤད་པ་དང་། སྔགས་སྒྲུབ་པའི་སྣོད་དུ་འགྱུར་རོ། །དབང་པོ་ལྔ་པོ་འདི་ [129b.6]དག་ཉིད་རིག་པའི་དབང་ཞེས་བརྗོད་དེ། ཐམས་ཅད་ལ་སྤྱན་མ་ལ་སོགས་པ་རྣམས་ཀྱི་བྱ་བ་འཇུག་པའི་ཕྱིར་རོ། །དེའི་རྗེས་སུ། རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །བདག་དང་གཞན་གྱི་དོན་གྱི་ཕྱིར། །ཐུགས་རྗེ་ཅན་གྱི་བཀའ་དྲིན་གྱིས། །དེ་རིང་བདག་ལ་སྩལ་དུ་གསོལ། །དེ་ལྟར་ [129b.7]གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེང་དུ་གདུགས་དང་བླ་རེས་བརྒྱན་པ་ཤར་གྱི་སྒོར་སེང་གེའི་ཁྲི་ལ་གནས་པ་རྣམས། རྣམ་པ་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྡོ་རྗེ་སེམས་དཔའི་གཟུགས་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེར་བལྟས་ [130a] [130a.1]ཏེ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་བྱ་བས་དེ་ཉིད་བླང་ངོ་། །དེའི་རྗེས་སུ་ཡི་གེ་ཨ་ལས་ [130a.2]སྐྱེས་པའི་དྲིལ་བུའོ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་གཉིས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། ། [130a.3]སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་པས་སློབ་མས་དཀྲོལ་བར་བྱའོ། །དེའི་རྗེས་སུ། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བརྗོད་དོ། །གང་ཕྱིར། ཡིད་ཀྱིས་ལུས་ནི་བརྟན་པ་གང་། །དེ་ཕྱིར་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པ་འདིས་རང་གི་འདོད་ [130a.4]པའི་ལྷར་དམིགས་ལ་བདག་ཉིད་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ་ཁོང་དུ་ཆུད་པར་བྱའོ། །དེའི་རྗེས་སུ་སློབ་དཔོན་རང་གི་སྙིང་གའི་ས་བོན་ལས་ཡང་དག་པར་བྱུང་བའི་ལྷ་མོའི་ཚོགས་ནམ་མཁར་གནས་པས་དབང་བསྐུར་བར་ཡུད་ཙམ་བསམ་མོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། ། [130a.5]ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་པས་དབང་བསྐུར་རོ། །འདི་སྐད་དུ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་གཉིས་ཀྱིས་འཁྱུད་ནས་ནི། །རྡོ་རྗེ་དྲིལ་བུ་རབ་སྦྱར་བ། །སློབ་དཔོན་ [130a.6]གྱི་ནི་དབང་དུ་བཞེད། །ཅེས་པའོ །དེའི་རྗེས་སུ་མདོར་བསྡུས་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་གྱི་རྣམ་པར་དག་པ་བཤད་པར་བྱའོ། །པདྨའི་དཀྱིལ་འཁོར་ཞེས་སུ་བརྟན། །ཡིད་ཀྱི་དཀྱིལ་འཁོར་གྱི་ནི་མཆོག །ཁང་བུ་བརྩེགས་པ་ཡེ་ཤེས་སོ། །སེམས་ [130a.7]ནི་གཞལ་ཡས་ཁང་གི་དངོས། །ཕུང་པོ་ལྔ་ལ་མཉམ་བསྟེན་ནས། །སངས་རྒྱས་ལྔར་ནི་ཡོངས་སུ་གྲགས། །ཞེས་པ་ལ་སོགས་པའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པར་དམིགས་པའི་སློབ་མ་ལ་རྗེས་སུ་གནང་བ་སྦྱིན་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ [130b] [130b.1]ཁམས་ནི་ཐམས་ཅད་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པས་ཆོས་ཀྱི་གནས་སུ་རྡོ་རྗེ་དང་། ནོར་བུ་དང་། པདྨ་དང་། ལས་ཀྱི་སྒྲ་བཅུག་སྟེ། ཚིགས་སུ་བཅད་པའི་རིམ་པས་རྗེས་སུ་གནང་བ་སྦྱིན་ནོ། །དེའི་རྗེས་སུ་མི་བསྐྱོད་པའི་ [130b.2]གཟུགས་སུ་དམིགས་ལ། རྡོ་རྗེ་བརྟུལ་ཞུགས་སྦྱིན་ཏེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཞེས་པ་འདིས་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྦྱིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ [130b.3]བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྷོ་དྷ་ར་ཡ་མི། ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་དོ། །སློབ་མས་རྡོ་རྗེ་བཟུང་ངོ་། །རྡོ་རྗེ་བརྟུལ་ཞུགས་སྦྱིན་པའོ། །དེའི་རྗེས་ལ་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་དམིགས་ལ་སྙིང་གར་ལག་པ་གཡོན་པས་ཆོས་གོས་སྙིང་གར་བཟུང་བའི་ཚུལ་དུ་བྱས་ལ། གཡས་ [130b.4]པས་མི་འཇིགས་པའི་ཕྱག་རྒྱས་བཏབ་ལ། སློབ་མ་གང་གི་རིགས་དེའི་གཟུགས་སུ་དམིགས་པར་བྱས་ལ། དེ་ལ་ལུང་བསྟན་པར་བྱ་བ་ནི། ཨོཾ་དེ་རིང་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་དང་ངན་འགྲོ་ [130b.5]དག་ལས་བཏོན། །ཧེ་མ་ཧཱ་མུ་ཀ་ན་མ་ཏ་ཐཱ་ག་ཏ། སིདྡྷི་ས་མ་ཡ་སྟྭཾ། བྷུར་བྷུ་བ་སྭཿ་ཞེས་པས་ལུང་བསྟན་པ་གོང་གི་ཚིགས་སུ་བཅད་པ་དང་ཕྱག་རྒྱ་འདི་དག་གིས་ལུང་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ [130b.6]ཅད་དང་དཀྱིལ་འཁོར་པ་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །འདི་ཉིད་ཤིན་ཏུ་ཕྱག་རྒྱའི་མཐུས། །འདིས་སྔགས་ཀྱི་སྟོབས་ཀྱིས་དད་པར་བྱ། །ཞེས་སློབ་མར་བརྗོད་དོ། །ལུང་བསྟན་པའོ། །དེའི་རྗེས་སུ་མ་ཧཱ་ས་མ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་ [130b.7]པས་དབུགས་དབྱུང་བར་བྱ་སྟེ། གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། །བཅུག་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །དེ་རིང་ཁྱོད་ནི་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་བས། །སྲིད་པས་ཤིན་ཏུ་དག་པས་ན། །སྲིད་པའི་ [131a] [131a.1]སྡུག་བསྔལ་བཏོན་པའོ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །གང་ཞིག་སྐྱེས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་མི་སྤང་ཞིང་། །ནམ་ཡང་སྤང་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ལ། །དེ་ནི་ [131a.2]བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ནམ་ཡང་སྤང་བར་མི་བྱའོ། །སངས་རྒྱས་ཀུན་དང་མཉམ་པས་ན། །སློབ་དཔོན་ནམ་ཡང་སྨད་མི་བྱ། །རང་གི་བདག་ཉིད་ཡོངས་བཏང་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་གཟུང་། །འདི་ནི་ [131a.3]མ་འོངས་རྫོགས་སངས་རྒྱས། །དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་བཞེད་པ་ཡིན། །སེམས་ཅན་རྣམས་ནི་རྗེས་གཟུང་ཕྱིར། །དཀྱིལ་འཁོར་ཆོ་ག་བཞིན་དུ་ནི། །ཁྱོད་ཀྱིས་ [131a.4]ནན་ཏན་བཞིན་དུ་བྲིས། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །དབུགས་དབྱུང་བ་སྦྱིན་པའོ། །འདི་ལ་རྗེས་སུ་གནང་བ་སྦྱིན་ཏེ། །རིག་པའི་དབང་ལྔའི་རྗེས་དང་སློབ་དཔོན་གྱི་དབང་གི་རྗེས་སུ་སྦྱིན་པར་བྱའོ། །སློབ་དཔོན་གྱི་དབང་ནི་ཕྱིར་མི་ལྡོག་པའི་དབང་ཞེས་བྱའོ། །ཐམས་ཅད་ལ་ [131a.5]བུམ་པའི་བྱ་བ་འཇུག་པའི་ཕྱིར་རོ། །དབང་བསྐུར་བ་འདི་དག་ནི་རྒྱུན་ཐམས་ཅད་དང་མི་འགལ་བའོ། །འདི་དག་ནི་སློབ་དཔོན་གྱི་དབང་བསྐུར་བའི་སྐུ་རྡོ་རྗེ་རྣམ་པར་སྤྱོད་པའོ། །དེའི་རྗེས་ལ་སྒྲིབ་གཡོགས་ལ་སོགས་པས་དབེན་པར་བྱས་པའི་ཕྱོགས་སུ་སློབ་མ་དང་ཡིད་དུ་འོང་བའི་ [131a.6]གཟུགས་དང་ལོང་ཚོ་དང་ལྡན་པ། །དམ་ཚིག་དང་སྡོམ་པ་དང་ལྡན་པའི་ཤེས་རབ་གསང་བའི་དབང་བསྐུར་བའི་ཕྱིར་བླ་མ་ལ་ཕུལ་ཏེ། གྲོལ་བའི་གནས་སྐབས་ཀྱིས་གསོལ་བ་བཏབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་ [131a.7]དྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །བླ་མས་ཀྱང་ཏིང་ངེ་འཛིན་གསུམ་མངོན་དུ་བྱས། རང་རིག་པར་བྱས་ཏེ་ནམ་མཁའི་ཁམས་ནས་སྤྲོས་པའི་ཤེས་རབ་ཀྱི་པདྨ་ནས་བླངས་ནས། ཤེས་རབ་གདོང་ནི་བཅིང་བ་དང་། །ཐབས་ཀྱིས་གདོང་ཡང་དེ་བཞིན་ [131b] [131b.1]ནོ། །རྒན་པོ་དང་ནི་མིང་མེད་དག། །གིས་ནི་སློབ་མའི་ཁར་ལྷུང་བྱ། །ཨ་ཧོ་མ་ཧཱ་སུ་ཁ་ཞེས་པས་ལོངས་སྤྱོད་ཀྱི་གནས་སུ་གཞག་པར་བྱའོ། །རྣམ་པར་སྣང་མཛད་བདག་ཉིད་དོ། །དེ་ནས་ལངས་ནས་འདི་དག་ཉིད་དུ་སྦྱིན་ནོ། །གསང་བའི་དབང་བསྐུར་བ་ནི་ངག་གིས་རྡོ་རྗེ་བའོ། ། [131b.2]གསང་བའི་དབང་བསྐུར་བའི་ཆོ་གའོ། །དེའི་རྗེས་སུ་ཕྱག་རྒྱ་གཅིག་གམ། དེ་ལས་ཐ་དད་པ་གཞན་ལ་སོ་སོ་རང་གིས་རིག་པའི་ཆོས་ཀྱི་སྐུ་རྟོགས་པའི་ཕྱིར་གང་སྔར་བསྟན་པའི་ཚིགས་སུ་བཅད་པས་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་ལ་དེའི་ལག་པར་དེའི་ལག་པ་རབ་ [131b.3]ཏུ་གཏད་དོ། །ལན་ཅིག་དེ་བཞིན་གཤེགས་པའི་སྐུའི་རྡོ་རྗེ་བཞག་སྟེ། བླ་མ་རྡོ་རྗེ་འཛིན་པས་འདི་སྐད་བརྗོད་དོ། །ཡིད་དུ་འོང་བའི་གཟུངས་མ་འདི། །བསྟེན་པར་སངས་རྒྱས་ཀུན་གྱིས་བསྔགས། །འཁོར་ལོའི་རིམ་པའི་སྦྱོར་བ་ཡིས། །དམ་པའི་བདེ་བ་ཉམས་སུ་མྱོང་། །འགྲོ་ [131b.4]གསུམ་དེ་ཡིས་དག་པ་ནི། །ཐབས་གཞན་ལས་ནི་བྱང་ཆུབ་མེད། །དེ་བས་ཁྱོད་ཀྱིས་ནམ་ཡང་ནི། །འདི་དང་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་འགའ་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་ [131b.5]གྲུབ་མེད། །ཅེས་བརྗོད་པར་སྦྱིན་ནོ། །དེས་ཀྱང་གུར་གུམ་དང་ཙནྡན་དག་བྱུགས་ཏེ་དྲི་ཞིམ་པོ་དང་མེ་ཏོག་གི་ཕྲེང་བས་མཛེས་པར་བྱས་ཏེ། གོས་དང་བྲལ་བའི་ལེགས་པའི་པདྨ་གསལ་བར་བསྟན་ཏེ། འདི་སྐད་ཅེས་བརྗོད་དོ། །བཤང་གཅི་ལ་སོགས་བཟའ་བ་དང་། །ཁྲག་དང་ཁུ་བ་ [131b.6]དེ་བཞིན་ཤ། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །བུད་མེད་མཆོག་ལ་འདི་བཞིན་གུས། །བྷ་ག་པདྨའོ་བྱེད་དམ། །བུ་ཡི་ཇི་ལྟར་བདེ་བ་སྨྲོས། །ཞེས་པའོ། །དེས་ཀྱང་། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་བ་ཁྲག་སོགས་བཟའ་བ་དང་། །རྟག་ཏུ་བུད་མེད་གུས་པར་བྱེད། ། [131b.7]བྷ་ག་ཉིད་ལའོ་བྱེད་དོ། །ཞེས་བརྗོད་དོ། །དེ་ནས་དགའ་བའི་བསམ་པ་དང་བརྩེ་བའི་རྣམ་པར་བལྟ་བས་འཁྱུད་བཞིན་དུ་རྣམ་པར་བལྟས་ཏེ། ལེགས་པའི་པདྨ་བསྟན་ཏེ། འདི་སྐད་ཅེས་བརྗོད་དོ། །ཀྱེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་གིས་ཆོག་ [132a] [132a.1]བཞིན་དུ་བསྟེན། །ང་ནི་དེ་ཡི་མདུན་ན་གནས། །ཇི་ལྟར་པདྨའི་བྱ་བ་གྱིས། །རྫོགས་པའི་སངས་རྒྱས་བསྙེན་བཀུར་ལྷག །རང་ཉིད་བདེ་ཆེན་རྒྱལ་པོ་སྟེ། །འདི་ཉིད་དུ་ནི་ཡང་དག་གནས། །བྷཉྫ་ཧཱུཾ་མོཀྵ་ཧོ་ཞེས་པའོ། །དེས་ཀྱང་རང་གི་ལྷའི་རྣལ་འབྱོར་གྱི་ [132a.2]བདག་ཉིད་ཀྱིས། མགོ་བོ་དང་། །སྙིང་ག་དང་། ལྟེ་བ་དང་། གསང་བ་དང་། རྐང་པ་རྣམས་སུ་གོ་རིམས་ཇི་ལྟ་བར་ཨོཾ་ཧཱུཾ་སྭཱ་ཨཱ་ཧ་ཞེས་པས་རིགས་ལྔ་ཡང་དགོད་པར་བྱས་ལ། དེའི་རྗེས་སུ་ཡི་གེ་ཧཱུཾ་ལས་པདྨ་དང་རྡོ་རྗེ་ཨཱཿདང་ཡི་གེ་ཨོཾ་དག་གིས་ཟེའུ་འབྲུ་དག་གི་ནང་དུ་ཡི་གེ་ [132a.3]ཕཊ་རྣམ་པར་བསྒོམ་མོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཡོན་གྱི་ངོས་ན་གནས་པ་སོར་མོས་བསྐྱོད་དེ་ཅུང་ཟད་ཤེས་པས་སོ། །འདི་ཡང་བླ་མའི་མན་ངག་ལས་སོ། །དེའི་རྗེས་སུ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པས་དགའ་བ་ [132a.4]བརྩམས་པར་བྱའོ། །རྡོ་རྗེ་པདྨར་རབ་བཞག་ནས། །བྱང་ཆུབ་སེམས་ནི་ཤོར་མི་བྱ། །དགའ་བ་ཡིས་ནི་དཀྲུགས་པ་ཡི། །སེམས་ནི་གང་བས་བསྒོམ་པར་བྱ། །བྱང་ཆུབ་སེམས་ནི་གཤེགས་གསོལ་བས། །ཇི་སྲིད་རྣལ་འབྱོར་པ་མི་བྱེད། །གང་ཡང་དགའ་བ་ལས་སྐྱེས་འདི། །དེ་ [132a.5]སྲིད་རྒྱུན་མི་འཆད་འཐོབ་པ། །བྱང་ཆུབ་སེམས་ནི་ལྷུང་བ་ཡིས། །ཕུང་པོ་རྣམ་ཤེས་བརྒྱལ་གྱུར་ནས། །ཇི་སྲིད་དངོས་གྲུབ་སྨད་པ་ཡིན། །མཁའ་དབྱིངས་རྡོ་རྗེ་ཡང་དག་སྦྱོར། །རེག་པ་ལས་ཀྱང་རྨད་བྱུང་ཚེ། །བདེ་བ་སྐྱེ་བར་འགྱུར་བ་གང་། །དེ་ནི་མཆོག་དགའ་དམ་ [132a.6]པའོ། །དགའ་བྲལ་གྱི་ནི་ནང་དག་ཏུ། །མཚོན་ཞིང་ལྟོས་ལ་བརྟན་པར་གྱིས། །པདྨའི་ནམ་མཁར་ནོར་བུའི་ཟེའུ་འབྲུ་དག །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་མནན་པའི་གནས་དག་ཏུ། །སེམས་ཀྱི་ནོར་བུའི་ནང་དུ་ཆུད་པ་བལྟ། །ཡེ་ཤེས་གང་སྐྱེས་ཡེ་ཤེས་གཟུགས་ཀྱིས་བརྒྱན། །འདོད་ [132a.7]ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །རྣལ་འབྱོར་ཡེ་ཤེས་མཐོང་བ་གང་། །བདེ་བར་གནས་པ་འཕོ་བ་མེད། །ཐུན་ཕྱེད་དམ་ནི་ཡང་ན་གཅིག །ཉིན་དང་ཟླ་བ་ཟླ་ཕྱེད་ལོ། །བསྐལ་པ་བསྐལ་པ་སྟོང་ཕྲག་ཏུ། །ཡེ་ཤེས་ཀྱིས་ནི་རྣལ་འབྱོར་ [132b] [132b.1]གནས། །སློབ་མས་སྙོམས་པར་འཇུག་བལྟས་ལ། །བླ་མའི་སྙིང་གནས་འབྱུང་བའི། །གཏི་མུག་དགའ་མ་ལ་སོགས་བཞི། །དེ་ཡིས་སེམས་ཉིད་ལ་དགོད་དོ། །སློབ་མའི་མཚན་ཉིད་ལེགས་པར་གྱིས། །པདྨའི་ནང་དུ་འབྱུང་བར་བྱ། །དེ་ནས་བཅུད་ཀྱིས་ལེན་གྱི་སེམས། །བྱང་ [132b.2]ཆུབ་མངོན་དུ་འགྲོ་བས་བླང་། །ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱོང་བའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་ག་ཇི་སྐད་བཤད་པའི་ཆོ་གས་ཤེས་རབ་ཀྱི་དབང་ཡོངས་སུ་འཛིན་པ་ལ་དེ་བཞིན་དུ་མངོན་པར་ [132b.3]བརྗོད་པ་བཞི་པ་འབྲས་བུར་གྱུར་པའི་དབང་བསྐུར་བ་རིན་པོ་ཆེ་བརྗོད་པར་བྱ་སྟེ། གཞན་དུ་དམ་ཚིག་ལ་སོགས་པས་འཕགས་པ་གསུངས་པ། གཞན་དུ་དབང་ནི་མ་བསྐུར་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། ནམ་མཁའ་ཁུ་ཚུར་བརྡེག་པ་དང་། །སྨིག་རྒྱུའི་ [132b.4]ཆུ་ལ་འཐུང་བ་མཚུངས། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་ཆོ་ག་ཇི་ལྟ་བ་བཞིན་དུ་བྱིན་པས་སློབ་མའི་མོས་པ་ལ་ཡིད་བརྟགས་ཏེ། ཟབ་ཅིང་རྒྱ་ཆེ་བ་ལ་ལྷགས་པར་མོས་ན། ཚིག་གིས་དབང་བསྐུར་པ་རིན་པོ་ཆེ་སྦྱིན་ནོ། །གཞན་དུ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་རང་བཞིན་རྒྱ་ཆེ་བ་ལ་ [132b.5]མོས་པར་རིགས་ཤེན། དེ་སྐད་དུ་ཡང་། དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་རྣམས་ལས་ཤེས། །བཞིན་ནི་རབ་ཏུ་དང་བས་སྟོན། །ལུས་ཀྱིས་ཀྱང་ནི་པདྨ་སྤྲོ། །ཁྱོད་རྒྱས་པ་ཡིས་དེ་ཉིད་ [132b.6]མཐོང་། གོང་དེ་སློབ་དཔོན་མཁས་པ་ཡིས། །སློབ་མ་དེ་ནི་རྗེས་སུ་གཟུང་། །ཞེས་པའོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། །དབང་བསྐུར་བ་ནི་རྣམ་པ་གསུམ། །རྒྱུད་འདི་རུ་ནི་རབ་ཏུ་གྲགས། །སློབ་དཔོན་གསང་བ་ཤེས་རབ་དང་། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་ [132b.7]པའོ། །དགོད་དང་བལྟས་དང་ལག་བཅངས་དང་། །དེ་ལྟར་སླར་ཡང་གཉིས་སྤྲོད་རྒྱུད། །དགའ་བ་དང་ནི་མཆོག་དགའ་དང་། །བྲལ་བ་དེ་བཞིན་ལྷན་ཅིག་སྐྱེས། །རྣམ་པ་སྣ་ཚོགས་རྣམ་སྨིན་དང་། རྣམ་པར་ཉིད་དང་མཚན་ཉིད་བྲལ། །དབང་བསྐུར་བ་ཡི་རིམ་པ་ཀུན། །ཐམས་ [133a] [133a.1]ཅད་ཤེས་རབ་ལུས་ལས་སྐྱེས། །ཡང་གསུངས་པ། ཨེ་ཡི་ཆ་བྱད་བཟང་པོ་ལ། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དེ་ལ། དགོད་པ་དག་ནི་སློབ་དཔོན་ཏེ། །ལྟ་བ་དེ་བཞིན་གསང་བའོ། ། [133a.2]འཁྱུད་པ་དག་ལ་ཤེས་རབ་དང་། །བཞི་པ་དེ་བཞིན་གཉིས་སྤྲོད་རྒྱུད། །དགའ་བ་ཅུང་ཟད་བདེ་བ་སྟེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་འགྱུར། །ལྷན་ཅིག་སྐྱེས་དགའ་ལྷག་མའོ། །དང་པོ་རིག་པ་འདོད་པ་སྟེ། །གཉིས་པ་བདེ་བར་འདོད་པ་ཡིན། ། [133a.3]གསུམ་པ་འདོད་ཆགས་འཇིག་པར་འགྱུར། །དེ་བས་བཞི་པ་བསྒོམ་པར་བྱ། །དགའ་བ་དང་པོ་རྣམ་སྣ་ཚོགས། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་བྲལ་དགའ་བ་རྣམ་ཉིད་དང་། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །རྣམ་པ་སྣ་ཚོགས་སྣ་ཚོགས་བརྗོད། ། [133a.4]འཁྱུད་དང་འོ་བྱེད་ལ་སོགས་པ། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་བའོ། །རྣམ་པར་ཉེད་པ་སྤྱོད་པར་བརྗོད། །བདག་གི་བདེ་བ་སྤྱོད་དོ་ཞེས། །མཚན་བྲལ་དགའ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་སྤངས་པའོ། །དེ་དག་ཉིད་ [133a.5]གསུངས་པ། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །དགའ་བ་གསུམ་པོ་སྤོང་བ་ཉིད། །ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ། །དོན་འདི་ཉིད་བཅོམ་ལྡན་འདས་ཀྱིས་དཔལ་གསང་བ་འདུས་པ་ལས་བསྟན་ཏེ། བསྒྲུབ་བྱ་སྒྲུབ་པའི་ཡང་ [133a.6]དག་སྦྱོར། །གང་དེ་བསྙེན་པར་ཞེས་བྱར་བརྗོད། །རྡོ་རྗེ་པདྨ་མཉམ་པར་སྦྱོར། །ཉེ་བར་སྒྲུབ་པ་ཞེས་བཤད་དོ། །བསྐྱོད་པ་རྗོད་བ་རུ་ནི་བཤད། །ཡི་གེ་ཧཱུཾ་ཕཊ་མཉམ་པར་ལྡན། །རང་བཞིན་རང་གི་བདེ་ཞི་བ། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །བསྒྲུབ་བྱ་ཤེས་རབ་སྒྲུབ་ [133a.7]པ་ཐབས། །དེ་དག་སྦྱོར་བ་བསྙེན་པ་ཡིན། །པདྨར་རྡོ་རྗེ་འཇུག་པ་ཉེ་བར་སྒྲུབ། །བསྐྱོད་པ་སྒྲུབ་པ་རང་བཞིན་གྱིས། །རང་གི་བདེ་ཞི་སྒྲུབ་པ་ཆེན་པོར་བཤད། །བསྒྲུབ་བྱ་སྒྲུབ་པར་རྡོ་རྗེ་གང་། །རབ་འཇུག་མཐར་ཐུག་དགའ་བའོ། །ཤིན་ཏུ་བསྐྱོད་པ་བྱང་ཆུབ་ཀྱི། །མཐར་ [133b] [133b.1]ཐུག་མཆོག་ཏུ་དགའ་བའོ། །འཕོས་པ་ཡིས་ནི་དགའ་བྲལ་ལོ། །འདི་དག་ནང་དུ་གནས་པ་ཡིས། །བདེ་བ་བཞི་པར་གང་གསུངས་པ། །དེ་ནི་ལྷན་ཅིག་སྐྱེས་པའོ། །སྒྲུབ་པ་ཤེས་པའི་དོན་ཏོ། །དེ་དག་ཉིད་གསུངས་པ། །ཐོག་མ་དབུས་དང་ཐ་མ་མེད། །སྲིད་མེད་མྱ་ངན་འདས་ [133b.2]པ་མེད། །འདི་ནི་བདེ་ཆེན་མཆོག་ཡིན་ནོ། །བདག་དང་གཞན་ཡང་ཡོད་མ་ཡིན། །མཆོག་གི་སྲིད་པར་བཤད་པ་སྟེ། །མྱ་ངན་འདས་པའང་འདོད་ཆགས་བྲལ། །དགའ་བ་གསུམ་པོ་ཙམ་ཉིད་ནི། །ལྷན་སྐྱེས་དགའ་བ་རྣམ་པར་སྤངས། །སྣ་ཚོགས་སྤངས་པའི་སྐད་ཅིག་གིས་ [133b.3]མཆོག་ཏུ་དགའ་བ་ཡང་དག་རྙེད། །བླ་མས་བཀའ་སྩལ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་ཡང་དག་གཟུང་། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པའོ། །ཇི་ལྟར་ཞེ་ན། གང་ཕྱིར་དབྱེ་བས་གསུམ་བསྟན་པ། །རྒྱུ་ལ་འབྲས་བུ་ [133b.4]གཞན་མེད་ཕྱིར། །དབྱེ་བ་གསུམ་ནི་སྔར་རབ་གྲགས། །བྲལ་དང་དགའ་བ་ནང་དག་ཏུ། །རབ་ཏུ་གསལ་བར་བྱེད་པ་བཞི། །འོ་ན་ཇི་ལྟར་ཡིད་དག་ནང་དུ་རབ་གསལ་ཞེས་པ་ཇི་ལྟར་ཞེ་ན། མཆོག་གི་མཐའ་ལ་བྲལ་བའི་དབུས། །སྟོང་ལས་སྟོང་མིན་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པའི་ [133b.5]ཚིག་གོ། །སྟོང་ལས་སྟོང་མིན་ཇི་ལྟར་ཞེ་ན། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཁྱབ་པའི་བདག །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་དཔའ་ཞེས་བྱར་བརྗོད། །ཅེས་པ་ནི་གྲུབ་པའི་མཐའོ། །འདི་དག་གང་གིས་ཐབས་ཀྱིས་བསྐྱེད། །དཀྱིལ་འཁོར་ལ་ [133b.6]སོགས་ཐབས་ཀྱིས་དང་། །རང་བྱིན་བརླབ་པའི་རིམ་པས་ཀྱང་། །ཞེས་པ་རྒྱས་པར་སྦྱར་རོ། །དེ་དག་བདག་གིས་ནི་མ་བཤད་དོ། །ཅིའི་ཕྱིར་ཞེ་ན། གང་རང་རིག་པའི་ཡེ་ཤེས་འདི་ནི་ངག་གི་སྤྱོད་ཡུལ་གྱི་ལམ་ལས་འདས་པའི་ཕྱིར། །བྱིན་རླབས་གོམས་པས་གང་དེ་ཡི། །ཐམས་ [133b.7]ཅད་ཤེས་པ་དེ་རང་བཞིན། །གཞན་ཡང་གསུངས་པ། །གཞན་དུ་ལྷན་ཅིག་སྐྱེས་བཤད་མེད། །གང་ལས་ཀྱང་ནི་རྙེད་མི་འགྱུར། །བླ་མའི་དུས་ཐབས་བསྟེན་པ་ལས། །རང་གི་བསོད་ནམས་ཀྱིས་ཤེས་འགྱུར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །རང་གི་བསོད་ནམས་ཆེན་པོར་འགྱུར། ། [134a] [134a.1]སྐད་ཅིག་ཤེས་པའི་ཡེ་ཤེས་གང་། །ངག་གི་སྤྱོད་ཡུལ་ལམ་ལས་འདས། །འདི་སྐད་ཅེས་གསུངས་པ། བདེ་ཆེན་རྒྱལ་པོ་གཅིག་པ་ཤེས། །འགྲོ་བའི་རྒྱུད་ལ་རྟག་ཤེས་པར། །གང་གིས་ཀྱང་ནི་སྟོན་པའི་དུས། །ཐམས་ཅད་མཁྱེན་པའང་ཚིག་ཕོངས་འགྱུར། །ས་ར་བ་ཡིས་ [134a.2]གསུངས་པ། དེའི་ཚིག་བླ་མས་མི་སྟོན་པས། །སློབ་མས་གོ་བར་མ་གྱུར་ཏེ། །གྲོགས་དག་མ་ལུས་འདི་དག་ལྷན་ཅིག་སྐྱེས་པ་ཡིས། །བདུད་རྩིའི་རོ་འགྱུར་སུ་ཞིག་བསྟན། །བློ་ཡི་སྤྱོད་ཡུལ་མ་ཡིན་དག་གིས་རྒྱུ་བ་མེད། །བླ་མའི་བརྗོད་པར་དངོས་པོ་ལས་ [134a.3]རིང་གཏམ་ལས་འཇུག །དེ་ཡང་རིམ་གྱིས་སྙིང་རྗེ་ལ་སོགས་རིམ་གྱིས་ཡོན་ཏན་འཕེལ། །དད་ལྡན་སྙིང་གི་གནས་སུ་རང་ཉིད་སྟེར་བར་འགྱུར། །འོ་ན་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཅི་ཡིན་ཟེར་ན། དེས་གསུངས་པ། དབང་པོ་རྣམས་ནི་གཉིད་ལོག་དང་། །ཡིད་ནི་ནང་དུ་རྣམ་གནས་པ། །སེམས་ [134a.4]ནི་ཉམས་པ་ལྟ་བུར་སྣང་། །ལུས་ནི་དམ་པའི་བདེ་པས་རྒྱས། །དབང་པོའི་ཚོགས་རྣམས་རྣམ་པར་ནུབ། །རྣམ་པར་རྟོག་ཉམས་འཁོར་བའི་ས་བོན་མེད། །དགའ་བའི་སྣང་བ་འདི་ནི་ནམ་མཁའ་དང་། །མཉམ་པའི་ངོ་མཚར་བསིལ་བའི་ཉམས། །དབང་པོ་རྣམས་ཀྱང་ནུབ་ [134a.5]འགྱུར་ཞིང་། །རང་གི་ངོ་བོ་ཡང་ཉམས་འགྱུར། །ལྷན་ཅིག་སྐྱེས་དགའ་མཆོག་འདི་ནི། །བླ་མའི་ཞལ་ལ་གསལ་བར་དྲིས། །དེ་ཉིད་གསུངས་པ། གང་ཞིག་ཉམས་པའི་དུས་སུ་ཤར་བས་འདུད། །ཡུལ་དང་དབང་པོ་ཉམས་པར་ནུབ་འགྱུར་བ། །གང་ཡང་མངོན་དགའ་ [134a.6]རྒྱལ་བས་མཛེས་པ་གཅིག་པའི་ལུས། །སྙིང་ལ་མྱུར་དུ་འཆར་བ་མི་ལྡོག་མཁས་པ་ཡིན། །རྣམ་པར་རྟོག་པ་མཐའ་དག་སྤངས་པའི་བློ། །གང་དེ་བདེ་བ་དམ་པའི་སྟོབས་སུ་འགྱུར། །དེ་ཡང་བྱ་བ་བྱས་པའི་མཁས་པའོ། །གང་གཞན་ཕྱུགས་ནི་རྐང་གཉིས་པ་ཞེས་ [134a.7]པའོ། །དེའི་ཕྱིར་ཡང་དག་པའི་བླ་མའི་བསྙེན་བཀུར་སློབ་མ་དམ་པས་བྱའོ། །སྐུ་གསུམ་རྗེས་སུ་འཇུག་པའི་བདེ་བ་ཆེན་པོའི་ངོ་བོ་རང་གིས་རིག་པར་བྱའོ། །དབང་བསྐུར་བ་ཐོབ་པའི་བྱ་བ་བྱས་ནས་འདི་སྐད་བརྗོད་པར་བྱ་སྟེ། །དེ་རིང་བདག་སྐྱེས་འབྲས་བུར་བཅས། ། [134b] [134b.1]བདག་གི་རྩོལ་བ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །དེ་ནས་བླ་མ་དམ་པ་དག་ལ་དབུལ། །དེ་བཞིན་གཤེགས་པས་གསུངས་མཚན་ཉིད། །སྣ་ཚོགས་རྒྱན་ནི་གོས་ལ་སོགས། །རང་གི་ལུས་ནི་ཁྱད་པར་འཕགས། །ཞེས་ [134b.2]སོ། །དེའི་རྗེས་སུ་སྦྱིན་སྲེག་བྱས་ཏེ། གཏོར་མ་བྱིན་ལ་སྐྱེ་བོ་འདུ་བ་དང་བཅས་པའི་དགེ་འདུན་ལ་ཆོས་སྟོན་དེ་ནས་བྱའོ། །སྡུག་བསྔལ་བ་མགོན་མེད་པ་རྣམས་ཚིམ་པར་བྱའོ། །དབང་གི་ཆོ་ག་མདོར་བསྡུས་བྱས་པ་ལས། །གང་ཡང་བསོད་ནམས་ལས་བྱུང་གཞལ་མེད་ [134b.3]པ། །དེ་ཡིས་གཉིས་མེད་བསམ་མི་ཁྱབ་པ་ཡི། །བདེ་བ་ཆེན་པོའི་བདག་ཉིད་ཐོབ་པར་ཤོག །དབང་གི་ཆོ་ག་མདོར་བསྡུས་པ་རྫོགས་སོ།། །།དཔལ་གཉིས་མེད་རྡོ་རྗེས་མཛད་པའོ། {T2245}༄༅༅། །རྒྱ་གར་སྐད་དུ། པཉྩ་སྭ་བྷཱ་བ། [134b.4]བོད་སྐད་དུ། རང་བཞིན་ལྔ་མ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྤྲོས་པ་མེད་ཅིང་བླ་ན་མེད། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །མདོར་བསྡུས་སློབ་མས་རྟོགས་བྱའི་ཕྱིར། །རྣམ་པ་ལྔ་ནི་བདག་གིས་བཤད། །ཨོཾ་ཨཱཿཧཱུཾ་ཞེས་པ་ [134b.5]འདིས་བདག་དང་གནས་དང་རྣལ་འབྱོར་བསྲུང་བར་བྱས་ལ། དྲི་ཞིམ་པོ་ལ་སོགས་པས་བྱུགས་པའི་སའི་ཆ་གྲུ་བཞི་པ་ལ་སོགས་པའི་དཀྱིལ་འཁོར་གྱི་དབུས་སུ། །དེ་བཞིན་གཤེགས་པ་ལྔ་དང་། །རྣལ་འབྱོར་མ་ལྔ་རྣམས་མཆོད་དེ། དེ་ལ་དབུས་སུ་ཁ་དོག་སྣ་ཚོགས་པའི་པཾ་ [134b.6]ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཁ་བྱེ་བའི་ལྟེ་བའི་སྟེང་དུ་རཾ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་སྔོན་པོ་ལས་མི་བསྐྱོད་པ་ཞལ་གཅིག་ཕྱག་གཉིས་པས་གནོན་གྱི་ཕྱག་རྒྱ་མཛད་པ། རྡོ་རྗེའི་སྐྱིལ་ཀྲུང་བཅས་པ། མཚན་སུམ་ཅུ་རྩ་ [134b.7]གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཀྱི་གནས་བུ་ག་དང་ཤ་དང་རུས་པ་སྤངས་པ། རབ་ཏུ་སྣང་བ་ཙམ་སྟེ་མེ་ལོང་གི་གཟུགས་བརྙན་དང་མཚུངས་པ། བདེན་པ་མ་ཡིན་བརྫུན་པ་མ་ཡིན་པ། བྱམས་ [135a] [135a.1]པ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་ཁ་དོག་ནག་པོ། །རྡོ་རྗེ་ནག་པོའི་ཕྱག་མཚན་ཅན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཕུང་པོ་ལྔའི་རང་བཞིན་ཏེ། སྐྲ་དང་ཁ་སྤུ་བྲེགས་པ་ཆོས་གོས་གྱོན་པའི་སྐུ། །སྤྱི་བོར་རྡོ་རྗེ་སེམས་དཔས་མཚན་པ། །རྡོ་རྗེ་སེམས་དཔའི་རང་ [135a.2]བཞིན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་ཉིད་རྒྱུ་དང་འབྲས་བུའི་བདག་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་འདུས་མ་བྱས་ཤིང་། དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་སྐུའོ། །རབ་ཏུ་སྣང་བ་ཙམ་ཡིན་པའི་ཕྱིར་ལོངས་ [135a.3]སྤྱོད་རྫོགས་པའི་སྐུའོ། །བརྟགས་པའི་རྣམ་པར་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་སྤྲུལ་པའི་སྐུའོ། །དེ་སྐད་དུ་གསུངས་པ། འདུས་མ་བྱས་སེམས་ཆོས་ཀྱི་སྐུ། །རྟག་པ་ལོངས་སྤྱོད་རྫོགས་མཚན་ཉིད། །སྣ་ཚོགས་དེ་ཉིད་སྤྲུལ་པའོ། །གཉུག་མ་ཀུན་གྱི་རང་བཞིན་ནོ། །ཞེས་ [135a.4]པའོ། །རྣམ་པར་རྟོག་པ་ལ་སོགས་པས་མི་རིག་པའི་ཕྱིར་རྡོ་རྗེའི་རིགས་ཅན་དང་། །རྡོ་རྗེའི་རིགས་དེ་འཇིག་རྟེན་པ་རྣམས་ཀྱིས་མི་རིག་པའི་ཕྱིར་རོ། །ཞེ་སྡང་དང་། རྡོ་རྗེ་ཆུ་དང་། དྲང་བ་དང་། ཉི་མ་ཕྱེད་དང་། རོ་ཚ་བ་དང་། ཐོས་པ་དང་། ནམ་མཁའ་དང་། སྒྲ་དང་ཙའི་སྡེ་ [135a.5]ཚན་ཏེ། འདི་དག་ནི་མི་བསྐྱོད་པའི་རྣམ་པར་དག་པ། །ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་རྣམ་པར་གཞག་པའོ། །འདིར་ཡང་སྐུ་བཞིའི་རྣམ་པར་གཞག་པ་ནི་སྔ་མ་བཞིན་ནོ། །ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ། འདི་ནི་བཟླས་པའི་སྔགས་སོ། །རྡོ་རྗེ་སེམས་དཔའ་ཡང་ཧཱུཾ་ལས་སྐྱེས་པ་ [135a.6]དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་འཛིན་པ་ཡིད་ཀྱི་རང་བཞིན། །སྟོང་པའི་རྒྱས་བཏབ་པ། རོ་བསྐ་བའི་ལུས། སྟོན་ཀའི་དུས་རྣམ་པར་དག་པ། ཡ་ར་ལ་ཝ་ལ་སོགས་པའི་བདག་ཉིད་ནམ་ཕྱེད་ནས་ནམ་ལངས་པའི་བར་ཏེ། ཆོས་ཀྱི་ [135a.7]དབྱིངས་ཞེས་བྱ་བ་མིང་གཞན་ནོ། །ཤར་གྱི་འདབ་མ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ལས་སྐྱེས་པའི་རྣམ་པར་སྣང་མཛད་མདོག་དཀར་པོ་འཁོར་ལོ་དཀར་པོའི་ཕྱག་མཚན་དང་། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། གཟུགས་ཀྱི་ཕུང་པོ་རང་བཞིན་དང་། གཏི་མུག་གི་ལུས་ཀྱི་རང་བཞིན་ [135b] [135b.1]དང་། བཤད་པའི་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་རིགས་ཅན་དང་། མེ་ལོང་ལྟ་བུའི་ཡེ་ཤེས་རབ་ཏུ་གནས་པ་དང་། དགུན་གྱི་དུས་རྣམ་པར་དག་པ་དང་། རོ་མངར་བའི་ལུས་དང་། ཀའི་སྡེ་ཚན་དང་། སྔ་དྲོའི་ཐུན་གྱི་བདག་ཉིད་དང་། ལུས་ཀྱི་རང་བཞིན་ནོ། །ཨོཾ་ཨཱཿཛི་ན་ཛི་ཀ་ [135b.2]ཧཱུཾ་ཞེས་བྱ་བ་འདི་ནི་སྔགས་སོ། །ལྷོའི་འདབ་མའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཏྲཱཾ་ལས་སྐྱེས་པའི་རིན་ཆེན་འབྱུང་ལྡན་ཁ་དོག་སེར་པོ་རིན་པོ་ཆེའི་ཕྱག་མཚན་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་འཛིན་པ། ཚོར་བའི་ཕུང་པོའི་རང་བཞིན་དང་ཕྲ་མའི་ལུས་དང་། ཁྲག་གི་བདག་ཉིད་རིན་པོ་ཆེའི་རིགས། [135b.3]མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དང་ལྡན་པ། དཔྱིད་ཀྱི་དུས་རྣམ་པར་དག་པ། ལན་ཚྭའི་ལུས་ཀྱི་རང་བཞིན། ཊའི་སྡེ་ཚན་གྱིས་ཁྱབ་པ་ཐུན་ཚོད་གསུམ་པའི་བདག་ཉིད་དོ། །འདིའི་སྔགས་ནི་ཨོཾ་ཨཱཿརཏྣ་དྷྲྀཀ་ཧཱུཾ་ཞེས་པའོ། །དེའི་ནུབ་ཀྱི་འདབ་མ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདྨར་པོ་ [135b.4]ལས་ཡང་དག་པར་བྱུང་བའི་འོད་དཔག་མེད་ཁ་དོག་དམར་པོ་པདྨའི་ཕྱག་མཚན་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་འཛིན་པ། །འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་དང་། འདོད་ཆགས་ཀྱི་ལུས་དང་། ཁུ་བའི་བདག་ཉིད་དང་། པདྨའི་རིགས་ཅན་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་དང་། [135b.5]སོས་ཀའི་དུས་ཀྱི་རང་བཞིན་དང་རོ་སྐྱུར་བའི་ལུས། ཏའི་སྡེ་ཚན་གྱི་བདག་ཉིད་དོ། །ནུབ་མོའི་ཐུན་དང་པོའོ། །འདིའི་བཟླས་པའི་སྔགས་ནི། ཨོཾ་ཨཱཿཨ་རོ་ལི་ཀ་ཧཱུཾ་ཞེས་པའོ། །དེའི་བྱང་གི་འདབ་མ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁཾ་ལྗང་གུ་ལས་སྐྱེས་པའི་དོན་ཡོད་གྲུབ་པ་ལྗང་གུ ། [135b.6]ཤའི་རང་བཞིན་རལ་གྲིའི་ཕྱག་མཚན་དང་། མི་འཇིགས་པའི་ཕྱག་རྒྱ་འཛིན་པ། འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད་དང་། ལས་ཀྱི་རིགས་དང་། ཕྲག་དོག་གི་རང་བཞིན་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། ཆར་གྱི་དུས་ཀྱི་རང་བཞིན་དང་། རོ་བསྐ་བའི་རང་བཞིན། པའི་སྡེ་ཚན་གྱི་རྣམ་པར་དག་པ་དང་། ནམ་ [135b.7]ཕྱེད་ཀྱི་དུས་བཞིན་ནོ། །འདིའི་བཟླས་པའི་སྔགས་ནི། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཧཱུཾ་ཞེས་པའོ། །དེ་དག་ནི་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཞལ་གཅིག་ཕྱག་གཉིས་པ་གཙུག་ཏོར་ཅན་སྐྲ་དང་ཁ་སྤུ་བྲེགས་པ། ཆོས་གོས་གྱོན་པ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ [136a] [136a.1]པ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་གཞིར་གྱུར་པ་བུ་ག་དང་། ཤ་དང་། རུས་པ་སྤངས་པ། མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། བདེན་པ་དང་བརྫུན་པ་ལ་སོགས་པ་མཐའ་དག་དང་བྲལ་བ་དྲི་མ་མེད་པ་རབ་ཏུ་སྣང་བ་ཙམ་སྟེ་ལོངས་སྤྱོད་རྫོགས་ [136a.2]པའི་སྐུའོ། །སྐུ་གསུམ་རོ་གཅིག་པ་ངོ་བོ་ཉིད་ཀྱི་སྐུའོ། །འདུས་བྱས་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ཆོས་ཀྱི་སྐུའོ། །བརྟགས་པའི་རྣམ་པར་ཤེས་པའི་སྐུ་ཐ་མི་དད་པའོ། །གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད་རྣམ་པར་སྣང་མཛད་དང་རིན་ཆེན་ [136a.3]འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམ་པར་ཤེས་པ་ཙམ་དུ་རྟོགས་པར་བྱ་བའི་ཕྱིར་མི་བསྐྱོད་པས་རྒྱས་བཏབ་པ་ཡིན་ཏེ། མི་བསྐྱོད་པས་དབུ་ལ་བརྒྱན་པའོ། །རྣམ་པར་ཤེས་པའི་རང་བཞིན་མེད་པ་སྟོང་པ་དང་སྙིང་རྗེའི་བདག་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་མི་བསྐྱོད་པ་ལས་ [136a.4]ཡང་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་ཡིན་ཏེ། དེ་དག་གིས་རྒྱུ་དང་འབྲས་བུའི་བདག་ཉིད་སྲིད་པ་དང་མྱ་ངན་ལས་འདས་པར་རོ་གཅིག་པ་ཙམ་དུ་འགྲོ་བ་འདི་དག་རྟོགས་པར་འགྱུར་རོ། །དེ་ལྟར་ཡང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་སེམས་ནི་རྣམ་བསྒོམས་པ། །དེ་ནི་སངས་ [136a.5]རྒྱས་དང་ནི་ཆོས། །དགེ་འདུན་དུ་ཡང་བསྟན་པའོ། །བུ་རམ་མངར་ཞིང་མེ་ཚ་བ། །ཇི་བཞིན་པ་ཡི་རང་བཞིན་ཏེ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །དེ་བཞིན་རང་བཞིན་འདོད་པ་ཡིན། །དེ་ལྟར་ཡང་། སྲིད་པ་དག་ནི་ཡོངས་ཤེས་ན། །མྱ་ངན་འདས་ཞེས་དེ་ལ་བརྗོད། །མེའི་ [136a.6]མཚམས་ཀྱི་འདབ་མ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལཾ་དཀར་པོ་ལས་སྐྱེས་པའི་སྤྱན་མ་ཁ་དོག་དཀར་མོ། །མིག་གི་མཚན་མ་ཅན་སའི་ཁམས་ཀྱི་རང་བཞིན། །དེ་བཞིན་གཤེགས་པའི་རིགས་ལས་བྱུང་བ། གཏི་མུག་དགའ་མའོ། །འདིའི་ས་བོན་དང་སྔགས་ནི། ཨོཾ་ཨཱཿལཾ་ [136a.7]ཧཱུཾ་སྭཱ་ཧཱ་ཞེས་པའོ། །བདེན་བྲལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཾ་ནག་པོའི་ས་བོན་ལས་ཡང་དག་པར་བྱུང་བ། མཱ་མ་ཀཱི་ཁ་དོག་ནག་མོ་རྡོ་རྗེ་ནག་པོའི་མཚན་མ་ཅན་ཆུའི་ཁམས་ཀྱི་རང་བཞིན་རྡོ་རྗེའི་རིགས་ཞེ་སྡང་ལ་དགའ་མའོ། །འདིའི་ས་བོན་དང་སྔགས་ནི། །ཨོཾ་ཨཱཿམཾ་ [136b] [136b.1]ཧཱུཾ་སྭཱ་ཧཱ་ཞེས་བྱའོ། །རླུང་གི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པཾ་གྱི་ས་བོན་ལས་ཡང་དག་པར་བྱུང་བ། གོས་དཀར་མོ་ཅན་ཞེས་བྱ་བའི་མིང་ཅན་ཁ་དོག་དམར་པོ་པདྨའི་མཚན་མ་ཅན་མེའི་ཁམས་ཀྱི་རང་བཞིན་པདྨའི་རིགས་འདོད་ཆགས་ལ་དགའ་མའོ། །འདིའི་ས་ [136b.2]བོན་དང་སྔགས་ནི། ཨི་ཨཱཿཔཾ་ཧཱུཾ་སྭཱ་ཧཱ་ཞེས་པའོ། །དབང་ལྡན་གྱི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔོ་བསངས་ཏཱི་ཡོངས་སུ་གྱུར་བ་ལས་སྒྲོལ་མ་ཁ་དོག་སྔོ་བསངས་ཨུཏྤལ་སྔོན་པོའི་མཚན་མ་ཅན། རླུང་གི་ཁམས་ཀྱི་རང་བཞིན་ལས་ཀྱི་རིགས་ཕྲག་དོག་དགའ་མའོ། ། [136b.3]འདིའི་ས་བོན་དང་སྔགས་ནི། ཨོཾ་ཨཱཿཏཱཾ་ཧཱུཾ་སྭཱ་ཧཱ་ཞེས་པའོ། །དེ་ལ་ལྷ་མོ་བཞི་ནི་ལོ་བཅུ་དྲུག་ལོན་པ་ཐུན་མོང་མ་ཡིན་པར་མཛེས་པ། གཟུགས་དང་ལང་ཚོ་དང་ལྡན་པ་ཇི་ལྟར་མཛེས་པར་ཡང་དག་པར་གནས་པའོ། །སྐུ་བཞིའི་བདག་ཉིད་སྔོན་བཞིན་ཡིད་དུ་འོང་བ་རྒྱལ་བའི་ཡོན་ [136b.4]ཏན་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པ། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་དེ་དག་གི་དབུས་སུ་ཨཱ་ལིའི་རང་བཞིན་རྡོ་རྗེ་སེམས་དཔའི་གཟུགས་འདི་ནི་རྡོ་རྗེ་དབྱིངས་དང་པོ་ནས་གྲུབ་པའོ། །གཞུང་འདི་བྱས་པའི་དགེ་བ་གང་ཕྱིར་འབད་པ་ཅུང་ཟད་མདོར་བསྡུས་སློབ་མས་ [136b.5]རྟོགས་བྱའི་ཕྱིར། །ཆོ་ག་འདི་ནི་བསྡུས་པས་སེམས་ཅན་རྣམས་ལ་ཕན་པ་ཡུན་རིང་དུ། །རྒྱལ་བ་ཀུན་གྱི་ལུང་དང་རིགས་པར་ལྡན་པའི་ཕྱིར། །མ་ལུས་དགེ་བ་འདི་ནི་བདག་གིས་ཐོབ་པས་འགྲོ་བ་རྣམས་ནི་རྒྱལ་གྱུར་ཅིག །འདི་ནི་རྡོ་རྗེ་སེམས་དཔའི་རང་བཞིན་ལྔ་པ་ [136b.6]དཔལ་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།ཨ་མྲྀ་དེ་བས་ཞུས་ཏེ་གསོལ་བ་བཏབ་ནས་བརྩམས། {T2246}༄༅༅། །རྒྱ་གར་སྐད་དུ། པྲཛྙོ་པཱ་ཡ་བེ་ཡ་པཉྩ། བོད་སྐད་དུ། ཐབས་དང་ཤེས་རབ་རྩེ་བ་ལྔ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་ [136b.7]འཚལ་ལོ། །རབ་ཏུ་སྣང་བའི་མཆོག་རྩེ་བ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ། །གལ་ཏེ་མེད་གྱུར་འཆིང་འགྱུར་ཉིད། །སྟོང་ཉིད་ཡོད་པའི་འདོད་ཙམ་མ། །སྟོང་ཉིད་ཤིན་ཏུ་མཆོག་རྩེ་བའི། །གང་གི་ལུས་ནི་དཔེ་མེད་པ། །གལ་ཏེ་བརྒྱལ་ཐ་དད་གྱུར། །རྩེ་བའི་ [137a] [137a.1]གཙོ་བོ་ཐ་དད་འགྱུར། །དེ་ཕྱིར་དོགས་པ་ཁྱོ་ཤུག་གཉིས། །བླ་མ་དམ་པའི་སྤྱན་སྔར་གནས། །གཉུག་མའི་རྩེ་བ་དེ་དང་དེའི། །ལྷན་ཅིག་སྐྱེས་པའི་རྩེ་བར་མཛོད། །ཨེ་མའོ་བླ་མ་དམ་པ་མཁས། །ངོ་མཚར་འདི་འདྲའི་ཐབས་མཁས་པ། །གཉུག་མ་ [137a.2]དབྱེར་མེད་དམིགས་པ་མེད། །བླ་ན་མེད་པ་གཉི་ག་སྟེ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཐའ་གཉིས་དག་ནི་རྣམ་པར་སྤངས། །དངོས་པོ་ཀུན་གྱི་རང་བཞིན་ནི། །རང་བཞིན་མེད་པ་རྟག་ཏུ་ཤར། །ཐབས་དང་ཤེས་རབ་རྩེ་བ་ལྔ་པ་སློབ་དཔོན་ཨ་བ་དྷཱུ་ཏཱི་པ་ [137a.3]གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། བོད་ཀྱི་ལོ་ཙཱ་བ་མཚུར་ཛྙཱ་ན་ཨཱ་ཀ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། {T2247}༄༅༅། །རྒྱ་གར་སྐད་དུ། དོ་ཧ་ཏི་ནཱ་མ་ཏ་ཏྟྭ་ཨུ་པ་དེ་ཤ། བོད་སྐད་དུ། [137a.4]དོ་ཧ་ཏི་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་མན་ངག །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཐེག་པ་གསུམ་ནི་གནས་པ་ཞེས་བཤད་དེ། །བྱེ་བྲག་སྨྲ་བ་གཉིས་སུ་ཤེས་པར་བྱ། །ཉན་ཐོས་དམན་དང་འབྲིང་པོ་ནུབ་ཕྱོགས་པ། །མཆོག་དང་རང་རྒྱལ་དག་ནི་ཁ་ཆེ་བའོ། །ཕུང་པོ་ལྔ་ནི་ཀུན་གྱི་ [137a.5]གྲུབ་མཐའ་ཡིན། །གང་ཟག་བརྗོད་མེད་ནུབ་ཕྱོགས་པ་གཉིས་འདོད། །ཐམས་ཅད་ཇི་སྲིད་འཚོ་བར་གསུམ་སྐྱབས་འགྲོ། །བདག་ཉིད་དུལ་བའི་སྙིང་རྗེ་ལྷག་པར་འབྱུང་། །ཐེག་པ་དམན་པ་མི་གཙང་བམ་པ་དེ། །ལུས་གཙང་བློ་དེ་དྲི་མར་ཤེས་པར་བྱ། །འབྱུང་དང་འཇུག་པ་ [137a.6]འབྲིང་པོའི་སྒོམ་པ་སྟེ། །དེ་ཡི་དྲི་མ་བུམ་པར་མཉམ་སྦྱོར་ཡིན། །རབ་ཀྱི་སྒོམ་པ་བདེན་པ་བཞི་པོ་སྟེ། །ཡན་ལག་རྒྱས་ལམ་གང་ཟག་སྟོང་པ་ཉིད། །སྡུག་བསྔལ་འཁོར་བ་ཀུན་འབྱུང་ཆགས་པ་སྟེ། །འགོག་པ་མྱ་ངན་འདས་པ་ཟག་མེད་ལམ། །རྟག་པ་བཞི་པ་ལ་དམིགས་ [137a.7]དྲི་མ་མེད། །རང་གི་བསམ་མི་ཁྱབ་སྒོམ་རང་སངས་རྒྱས། །མཉམ་གཞག་འདི་ནི་དྲི་མ་གཉིས་ཤེས་ཏེ། །མྱོས་དང་སེམས་མེད་པ་རུ་ཤེས་པར་བྱ། །ཕྲ་བ་འདུས་པ་མདོ་སྡེ་པ་ཡི་ལུགས། །བསམ་མི་ཁྱབ་སྒོམ་དྲི་མ་སྔོན་དང་འདྲ། །འདི་ཡི་ལྟ་བ་ཕ་རོལ་ཕྱིན་དྲུག་ཉིད། །སྙིང་ [137b] [137b.1]རྗེའི་སྟོབས་ཀྱིས་ཡོངས་སུ་བསྔོ་བའོ། །འགྲོ་བ་སེམས་ཙམ་ཡིན་ཏེ་རྡུལ་ཕྲན་མེད། །རྣལ་འབྱོར་སྤྱོད་པ་རྨི་ལམ་ལྟ་བུ་སྟེ། །སྔོན་པོ་སེར་པོ་ལ་སོགས་སྣ་ཚོགས་སྣང་། །གང་ཞིག་འདོད་པ་ཐམས་ཅད་རང་བཞིན་ཏེ། །ཐམས་ཅད་རང་གིས་རིག་པའི་བསམ་གཏན་ནོ། །རྟག་པར་ [137b.2]ལྟ་བ་སྒོམ་པའི་དྲི་མར་ཤེས། །གཞན་ཡང་སྲིད་པའི་བག་ཆགས་འདོད་པའོ། །རྣམ་པ་ཐམས་ཅད་མི་མཐུན་ཕྱོགས་སུ་གནས། །གཉིས་སུ་མེད་མཉམ་བསམ་ཡས་རྣམ་པར་དག །སྙིང་རྗེའི་རང་བཞིན་རྣམ་མེད་རྫོགས་སངས་རྒྱས། །གཟུགས་ཀྱི་ས་གཉིས་རྩ་བ་ལས་འཕྲོས་ཏེ། ། [137b.3]བསམ་གཏན་ལྟ་བའི་དྲི་མ་སྔོན་རང་བཞིན། །མཐའ་བཞི་སྤངས་ནས་རང་གི་རིག་པ་ཙམ། །ཆུ་ཟླ་སྒྱུ་མ་རྨི་ལམ་ལྟ་བུ་ཉིད། །ལྟ་བ་འདི་ཡི་བསམ་གཏན་དེ་གསུངས་པའོ། །རང་རིག་སྤངས་པའི་ཆད་པ་དྲི་མ་ཡིན། །འགྲོ་བ་གཞན་ནས་གཞན་དུ་གཞན་ཐོབ་འགྱུར། །རྣམ་ [137b.4]པ་ཐམས་ཅད་རང་བཞིན་དག་པ་སྟེ། །འདི་ནི་དཔེ་མེད་རབ་ཏུ་མི་གནས་པའོ། །བསམ་གཏན་ལྟ་བའི་དྲི་མ་མཐའ་དག་རིག །རྣམ་པ་དེ་ཕྱིར་ཕ་རོལ་ཕྱིན་ཐེག་པའོ། །བདེ་བའི་རང་བཞིན་ཉམས་མྱོང་གསང་སྔགས་ཆེ། །རྡོ་རྗེ་དང་ནི་མཚོ་སྐྱེས་སྦྱོར་བའི་སེམས། །མཆོག་ [137b.5]ཏུ་ཆགས་པའི་ཉི་ཟླ་ཡང་དག་སྦྱོར། །སྙིང་རྗེའི་ཐབས་ཀྱི་སྟོབས་ཀྱིས་འགྲོ་བ་ཀུན། །གདོད་མའི་བདེ་བ་དེར་ནི་དེ་བཞིན་ཉིད། །གང་དུ་རོ་མཉམ་བྱང་ཆུབ་སེམས་རང་བཞིན། །དེ་ནི་ལྷན་ཅིག་སྐྱེས་པའི་བདེ་བའོ། །དེ་ཚེ་གཉིས་ནི་སྔོན་དུ་དེར་ལྷུང་བ། །གཞན་ཡང་སྟོང་དང་སྙིང་ [137b.6]རྗེ་དེར་མཉམ་གྱུར། །འགྲོ་ཀུན་ལྷན་ཅིག་སྐྱེས་པའི་རྣམ་པ་རུ། །བླ་མ་མཆོག་གིས་བཀའ་སྩལ་ཇི་ལྟར་རྟོགས། དོ་ཧ་ཏི་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་མན་ངག་རྫོགས་སོ།། །།ཨ་བ་དྷཱུ་ཏཱི་པས་མཛད་པ། །རྗེ་བཙུན་དྷི་རི་ཤྲཱི་ཛྙཱ་ནས་བསྒྱུར་བའོ།། །། [137b.7]{T2248}༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་བིང་ཤ་ཏི། །བོད་སྐད་དུ། །ཐེག་པ་ཆེན་པོ་ཉི་ཤུ་པ། །སྙིང་པོའི་སྐུ་ལ་ཕྱག་འཚལ་ལོ། །ཟུང་འཇུག་གོ་འཕང་ཡང་དག་སོན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །མཚན་ཉིད་མེད་ཅིང་འདུས་མ་བྱས། །གཉུག་མའི་སྐུ་ལ་ཕྱག་ [138a] [138a.1]འཚལ་ལོ། །འདི་ནི་ཆོས་དང་ལོངས་སྤྱོད་སྦྲུལ། །སྙིང་པོ་དེ་ཡི་རང་བཞིན་པས། །དེ་ལ་འདི་མཐོང་ལྡན་པ་ཡིས། །ཡང་དག་རྫོགས་པའི་བྱང་ཆུབ་འགྲུབ། །འདི་ལ་མཐོང་བར་གྱུར་པ་ཡིས། །སྒྲོ་མ་བཏགས་པས་ལྷག་པར་མཐོང་། །གསང་སྔགས་ཐེག་པའི་རྗེས་འབྲངས་ [138a.2]ནས། །དེ་འདིར་ད་ལྟར་བཤད་པར་བྱ། །སྣ་ཚོགས་རྟོག་པའི་གཞུང་ནི་མེད། །ཆད་པར་སེམས་པའང་མེད་པ་སྟེ། །རྟག་དང་ཆད་པའང་གཉིས་ཀ་མེད། །གཉིས་པོ་མེད་པས་གཉིས་མིན་ཏེ། །མཐའ་བཞི་རྣམ་གྲོལ་དེ་ཉིད་ནི། །དེ་ཉིད་རིག་པ་མཁས་པས་ཤེས། །མཐའ་བཞི་རྣམ་ [138a.3]པར་དག་པ་ཉིད། །མཐའ་བཞི་ལ་ནི་རྣམ་པར་བརྟེན། །ནམ་མཁའ་དང་མཉམ་ཞི་བ་དང་། །ཐོག་མ་དབུས་དང་ཐ་མ་སྤངས། །བསམ་གྱིས་མི་ཁྱབ་སེམས་ཉིད་ནི། །དངོས་པོ་ཀུན་གྱི་རང་བཞིན་ནོ། །འགྲོ་བ་རོ་གཅིག་པར་རྟོགས་ན། །རྙོག་པ་མེད་ཅིང་འོད་གསལ་བའོ། །ཀུན་དུ་རྟོག་ [138a.4]པས་འཇིགས་མེད་ན། །ཇི་ལྟར་བདེ་བ་ཁྱོད་གནས་བྱོས། །བྱང་ཆུབ་ཉོན་མོངས་ཐ་དད་མེད། །ཉོན་མོངས་བྱང་ཆུབ་ལས་མི་འབྱུང་། །འཁྲུལ་པས་ཉོན་མོངས་རྟོགས་པ་སྟེ། །འཁྲུལ་པའི་ངོ་བོ་དྲི་མ་མེད། །ལུས་ཀྱི་ལས་སུ་སྤྱོད་ལམ་སྟེ། །ངག་གི་ལས་ནི་ཆོས་སྟོན་ཏེ། །ཡིད་ [138a.5]ཀྱི་ལས་སུ་ཡང་དག་འཛིན། །རྣམ་པར་མི་རྟོག་བློ་ལྡན་པའོ། །འགྲོ་བ་སྒྱུ་མ་སྒྱུ་མ་འདི། །སྒྱུ་མས་སྒྱུ་མ་མི་བྱ་སྟེ། །སྒྱུ་མ་རྨོངས་པས་འཁྲུལ་པ་ཆེ། །འཁྲུལ་འགྱུར་འཁྲུལ་པ་དམ་པའི་ལུགས། །ཇི་ལྟར་རང་བཞིན་རྣམ་ཤེས་ན། །སངས་རྒྱས་ལ་སོགས་བསྡུས་པ་སྟེ། །ཀུན་ནས་ [138a.6]ཀུན་དུ་ལོངས་སྤྱོད་ན། །དེ་ཉིད་རིག་པར་རབ་ཏུ་འགྲུབ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་གིས། །རྟོག་པ་ཞེས་བྱ་སྟོང་པ་ཉིད། །རྟག་པ་འདི་ནི་དཔྱད་པས་མིན། །བླ་མས་དཔྱད་པ་མིན་པར་འགྱུར། །སྐྱེས་བུ་རྣམ་རྟོག་བྲལ་བ་ནི། །རྣམ་ཀུན་བདེ་བའི་དེ་ཉིད་དོ། །སྟོང་ཉིད་བདེ་བའི་དེ་ཉིད་ [138a.7]མིན། །བསམ་མི་ཁྱབ་མིན་བདེ་བ་མིན། །དེས་ན་སངས་རྒྱས་སྒྲོ་མ་བཏགས། །དེ་ནི་དོན་དམ་མཐོང་བ་མེད། །གང་ལ་སྤྱོད་པ་ཇི་ལྟར་བདེ། །དེ་ལྟ་རིག་པ་མཐོང་བ་མེད། །གཉིས་སུ་མེད་པ་གཉིས་མེད་མིན། །བྱང་ཆུབ་དག་པའི་མཚན་ཉིད་མེད། །རེ་བ་མེད་འདི་རྣལ་འབྱོར་ཆེ། ། [138b] [138b.1]རྣམ་པ་ཐམས་ཅད་རྟོགས་པའོ། །ཇི་ལྟར་གསུངས་པ་དང་པོའི་ལས། །རྣལ་འབྱོར་ཀུན་གྱི་བྱ་བ་ཡིན། །སྟོང་དང་སྙིང་རྗེ་དབྱེར་མེད་པ། །དེ་ནི་སངས་རྒྱས་ཡེ་ཤེས་འདོད། །སྟོང་ལས་སྙིང་རྗེ་གཞན་མིན་ཏེ། །སྙིང་རྗེ་ཡི་ནི་མིང་གཞན་ཡིན། །བདག་གིས་འདུས་བྱས་སུ་མི་བརྗོད། ། [138b.2]བརྗོད་པ་ཟུང་དུ་འཇུག་པར་རོ། །བུམ་པ་ལ་སོགས་འཛིན་གང་ལ། །རྣལ་འབྱོར་ཀུན་གྱི་བསམ་གཏན་བྱ། །འདིས་ནི་སངས་རྒྱས་ཆེན་པོར་འགྱུར། །རྣམ་པ་ཀུན་གྱི་ལུས་གཅིག་པའོ། །འདུས་མ་བྱས་སེམས་ཆོས་ཡིན་ཏེ། །རྟོགས་པའི་ལོངས་སྤྱོད་རྫོགས་མཚན་ཉིད། ། [138b.3]སྣ་ཚོགས་སེམས་ནི་སྤྲུལ་པའོ། །གཉུག་མ་ཀུན་གྱི་རང་བཞིན་ནོ། །དེ་ལྟར་འདི་ཡིས་ཐོབ་པ་ནི། །བསོད་ནམས་ལྡན་པའི་བསོད་ནམས་ཀྱིས། །དེ་ནི་འཇིག་རྟེན་མ་ལུས་པ། །སངས་རྒྱས་བྱང་ཆུབ་ཐོབ་པར་ཤོག །ཐེག་པ་ཆེན་པོ་ཉི་ཤུ་པ་སློབ་དཔོན་གཉིས་མེད་རྡོ་རྗེས་ [138b.4]མཛད་པ་རྫོགས་སོ།། །།པ་རི་པ་ཏ་པྲཛྙཱ་ཤ་ར་ས་མ་དྷྱ་ན། རྒྱ་གར་གྱི་མཁན་པོ་དེ་བཱ་ཀ་ར་ཙནྡྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་དབབ་པའོ། {T2249}༄༅༅། །རྒྱ་གར་སྐད་དུ། ཨ་མཱ་ན་སི་ཀ་ར་ཨུ་ད་ར་ [138b.5]ནཱ་མ། བོད་སྐད་དུ། ཡིད་ལ་མི་བྱེད་པ་སྟོན་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡིད་ལ་མི་བྱེད་པ་ཞེས་བྱ་བ་འདི་ནི་ཕལ་ཆེར་ལོག་པར་རྟོག་པ་སྟེ། དེ་ལ་ཁ་ཅིག་འདི་སྐྱོན་ཅན་གྱི་ཚིག་ཏུ་སྨྲ་སྟེ། སྡུག་པའི་ཡིད་ལ་མི་བྱེད་པ་ཞེས་རྟོག་པར་འགྱུར་རོ། །དེ་ལ་ [138b.6]བརྗོད་པར་བྱ་སྟེ། དེ་ནི་སྐྱེས་བུ་བྱས་པའི་ལ་ཞེས་བྱ་བའི་ཚིག་གིས་བདུན་པ་ཕྱིས་པ་སྟེ། །ལ་ཕྱིས་བསྡུ་བ་བྱས་པས་ཡིད་ལ་མི་བྱེད་པ་དང་། །ཡིད་ལ་མི་བྱེད་པ་སྟེ། པགས་པའི་སྙིང་པོ་དང་། པགས་པའི་སྙིང་པོའོ། །གཡུལ་ངོ་ལ་བརྩན་པ་ཞེས་བྱ་བས་དེ་དག་གིས་ [138b.7]གཟུགས་གྲུབ་པའོ། །དེའི་ཕྱིར་འདི་སྐྱོན་ཅན་གྱི་ཚིག་མ་ཡིན་ནོ། །གཞན་ཡང་ཚིག་འདི་མཚན་ཉིད་ཀྱིས་གྲུབ་པ་ཡིན་ཏེ། འོན་ཀྱང་སངས་རྒྱས་པའི་ཚིག་མ་ཡིན་ནོ། །དེ་ནི་མ་ཡིན་ཏེ། མདོ་སྡེ་དུ་མར་མཐོང་བའི་ཕྱིར་རོ། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་ [139a] [139a.1]འཇུག་པ་ཡེ་ཤེས་སྣང་བ་དམ་པའི་རྒྱན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཡིད་ལ་མི་བྱེད་པའི་ཆོས་རྣམས་དགེ་བའོ། །ཡིད་ལ་བྱེད་པའི་ཆོས་རྣམས་མི་དགེ་བའོ་ཞེས་པ་དང་། དེ་བཞིན་དུ། ཀུན་དུ་རྟོག་པས་མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་ [139a.2]པ་མེད་ཅིང་ཡིད་བྱེད་མེད། །དམིགས་པ་མེད་ལ་ཕྱག་འཚལ་འདུད། །དེ་བཞིན་དུ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྟོག་པ་ཐབས་ཀྱི་མཚན་མ་ནི་སྣང་བ་ལ་རྟོག་པ་སྟེ། །ཡིད་ལ་མི་བྱེད་པའི་ཡོངས་སུ་ [139a.3]སྤངས་པའོ། །མདོ་སྡེ་གཞན་དང་གཞན་གྱི་གཞུང་མངས་ཀྱིས་དགོས་པས་འདིར་མ་བྲིས་སོ། །ད་ནི་གཞན་བརྗོད་པ་ཚིག་འདི་ནི་མདོ་སྡེ་པའི་ཚིག་ཉིད་དེ། སྔགས་ཀྱི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མདོ་སྡེ་རྣམས་ལས་མཐོང་བའི་ཕྱིར་རོ་ཞེས། དེ་ནི་མ་ཡིན་ཏེ། ཧེ་བཛྲ་ [139a.4]ལས་གསུངས་པ། །ངོ་བོ་ཉིད་ཀྱིས་སེམས་མེད་ཅིང་། །སེམས་བྱུང་པའང་མེད་པའོ། །དེ་བཞིན། གང་ཕྱིར་ཡིད་ཀྱིས་མ་བསྒོམས་ན། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་པའི་དོན་གྱིས་ཡིད་ལ་མི་བྱེད་པའོ་ཞེས་རྟོགས་པར་བྱའོ། །གཞན་ཡང་བརྗོད་པ། [139a.5]རྒྱུད་ནའང་ཡོད་དེ་མེད་པར་དགག་པ་ནི་མེད་པའི་ཡུལ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པར་བརྗོད་པར་བྱའོ། །དེ་ནི་མ་ཡིན་ཏེ། ཡོད་པའི་དངོས་པོའི་དགག་པ་ནི་མེད་པར་དགག་པའོ། །ཡང་ན་ཐལ་བ་མེད་པའི་ཐལ་བར་འགྱུར་བ་འགོག་པའོ་ཞེས་པ་ནི་མེད་པ་དགག་ [139a.6]པའོ། །ཇི་ལྟར་རྒྱལ་པོའི་བཙུན་མོ་ཉི་མ་མཐོང་བ་ནི་འདིའི་དོན་ཏོ། །འདི་ལྟ་བུ་མི་མིན་ཟེར་ཞེས་པ་ཡང་རྒྱལ་པོའི་ཆུང་མ་དེ་ཤིན་ཏུ་སྦས་པས་ཉི་མ་ཡང་མི་མཐོང་བའོ། །འདིར་བཀག་པའི་ཉི་མ་མེད་པར་མ་བྱས་པའོ། །གང་ཞེ་ན། རྒྱལ་པོའི་ཆུང་མ་རྣམས་གང་གིས་ཉི་མ་ [139a.7]མཐོང་བ་ཡོད་ན་དེ་འགོག་པ་སྟེ། །ཡིད་ལ་མི་བྱེད་པ་ལ་ཡང་ཡིད་ལ་བྱེད་པ་གང་གཟུང་བ་དང་འཛིན་པ་ལ་སོགས་པར་ཡོད་པ་དེ་འགོག་པ་སྟེ། ཡང་ནི་མ་ཡིན་ཏེ། འདི་ལ་སྐྱོན་མེད་དོ། །གང་གི་ཚེ་ལས་འདི་སྐད་འཆད་དེ། རྟག་པ་དང་ཆད་པའི་མཚན་ཉིད་ནི་ཡིད་ལ་ [139b] [139b.1]མི་བྱེད་པའོ་སྙམ་སེམས་ན་དེའི་ཕྱིར་བརྗོད་པ། རྟག་པ་དང་ཆད་པ་ལ་སོགས་པར་ཡིད་ལ་བྱེད་པ་ཡིད་ལ་མི་བྱེད་ན། དེ་དག་གིས་ནི་ཆགས་པ་ཐམས་ཅད་ལ་གནོད་པར་བྱེད་པ་སྟེ་ཡིད་ལ་མི་བྱེད་པའི་སྒྲ་ཡིས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། [139b.2]རིགས་ཀྱི་བུ་རྒྱུ་གང་གིས་རྣམ་པར་མི་རྟོག་པའི་དབྱིངས་ལ་ཡིད་ལ་བྱེད་པ་ཞེས་བརྗོད། །རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཚན་མ་ལས་ཡང་དག་པར་འདས་ན་བླང་པའོ། །དེ་དག་གིས་ནི་རྣམ་པར་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པ་བསྟན་པར་འགྱུར་ཏེ། ཡིད་ལ་བྱེད་པའི་སྒྲ་ [139b.3]ཡིས་སོ། །མ་ཡིན་པར་བརྟགས་པའི་ཕྱོགས་ཀྱང་སྐྱོན་མེད་དེ། བྲམ་ཟེ་མ་ཡིན་པར་ཁྲིད་ལ་ཤོག་ཅེས་པས་བྲམ་ཟེ་དང་འདྲ་བའི་རྒྱལ་པོ་ལ་སོགས་པ་ཁྲིད་ལ་ཤོག་ཅེས་པ་གསལ་གྱི། །རིགས་མི་མཐུན་པ་ཤིང་རྟ་མཁན་ལ་སོགས་པ་ནི་མ་ཡིན་ནོ། །འདི་ལ་ཡང་རང་བཞིན་མེད་པའི་རིག་པ་ [139b.4]ལ་གནས་པར་བྱས་པ་སྟེ། དེ་དག་གིས་ནི་སྒྱུ་མ་ལྟ་བུར་གཉིས་སུ་མེད་པར་སྨྲ་བར་གནས་པར་འགྱུར་རོ། །གང་ལས་ཆད་པར་ལྟ་བར་ཐལ་བར་འགྱུར། །འོན་ཀྱང་མེད་པའི་ཐ་སྙད་ཙམ་སྟེ། ཚིག་འདི་ནི་གཉིས་བརྗོད་པར་བྱའོ། །སྒྱུ་མའམ་ཡང་དག་པར་གྲུབ་པ་མེད་པས་ཡོད་པ་ [139b.5]འགེགས་པ་ནི་མ་ཡིན་ཏེ། དེ་མེད་པ་ཡང་མ་ཡིན་ནོ། །རིགས་པ་འདི་ཡིས་འགྲོ་བ་འགེགས་པའི་དོན་ནི་ཉམས་པར་འགྱུར། །འདིར་བརྗོད་པ་ཙམ་བྱས་པའོ། །ཨི་ཡིག་གཙོ་བོར་གྱུར་པའི་ཡིད་ལ་བྱེད་པ་ནི་ཡིད་ལ་མི་བྱེད་པ་སྟེ། ལོ་མའི་རྒྱལ་པོ་བཞིན་ཚིག་དབུས་མ་ཕྱིས་པའི་ [139b.6]བསྡུས་པའོ། །དེ་གང་གིས་ནི་ཡིད་ལ་བྱེད་པ་གང་ཡིན་པ་ཐམས་ཅད་ནི་ཨ་སྟེ་སྐྱེ་བ་མེད་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་གང་བསྟན་ཞེ་ན། །སྐྱེ་བ་མེད་པའི་ཞེས་བྱ་བའི་ཚིག་གིས་ཨ་ཡིག་ཅེས་བྱ་བ་འདི་ལྟ་སྟེ། དགྱེས་པའི་རྡོ་རྗེའི་སྔགས་ཀྱི་ལེའུ་ལས་ཀྱང་། ཨ་ཀཱ་རོ་མུ་ཁཾ་ [139b.7]སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ན་ཏྭཏ་ཏ་ཞེས་པ་ལ་སོགས་པ་གསུངས་ཏེ། འདིའི་དོན་ཡང་ཆོས་ཐམས་ཅད་ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་ཨའི་སྒོ་གཙོ་བོར་གྱུར་པ་སྟེ། ཨ་ཞེས་མ་སྐྱེས་པའི་མཚན་ཉིད་དུ་སྦྱར་རོ། །དེ་སྟར་ཡང་མཚན་ཡང་དག་པར་བརྗོད་པ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་ [140a] [140a.1]མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ་སྟེ། ཡང་ན་འདིར་ཨ་ནི་བདག་མེད་པའི་ས་བོན་ནོ། །དེ་སྐད་དུ་ཡང་དགྱེས་པའི་རྡོ་རྗེ་ལས། ཨཱ་ལི་དང་པོ་ནི་བདག་མེད་མའོ། །དེ་དག་གིས་ནི་ཡིད་ [140a.2]ལ་བྱེད་པ་ཐམས་ཅད་བདག་མེད་པས་རང་བཞིན་མེད་པ་ཞེས་བརྗོད་པར་འགྱུར་རོ། །དང་པོ་དབྱངས་ཡིག་རང་བཞིན་ཏེ། །བློ་ཞེས་པ་ནི་ཤེས་རབ་བརྟགས། །དེ་ཉིད་བཅོམ་ལྡན་འདས་ཤེས་རབ། །རྫོགས་པའི་རིམ་པའི་སྦྱོར་བ་ཉིད། །ཡང་ན་ཨ་ཞེས་པ་ནི་འོད་གསལ་བའི་ཚིག་ [140a.3]ལ། ཡིད་ལ་བྱེད་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་ཚིག་སྟེ། འདི་ཡང་ཨ་ཡང་ཡིན་ལ་ཡིད་ལ་བྱེད་པ་ཡང་ཡིན་པས་ཡིད་ལ་མི་བྱེད་པའོ། །འདིས་ནི་ཡིད་ལ་མི་བྱེད་པའི་གནས་བསམ་གྱིས་མི་ཁྱབ་པ་འོད་གསལ་བ་བདག་ལ་བྱིན་གྱིས་བརླབ་པའི་བདག་ཉིད་སྟོང་ [140a.4]པ་ཉིད་དང་། སྙིང་རྗེ་དབྱེར་མེད་པ་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་རྒྱུན་ཡང་དག་པར་རིག་པ་བསྐྱེད་པར་འགྱུར་རོ། །ཡིད་ལ་མི་བྱེད་པ་སྟོན་པ་བདག་མེད་པ་གསལ་བ་སློབ་དཔོན་ཆེན་པོ་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། [140a.5]བོད་ཀྱི་ལོ་ཙཱ་བ་གཉན་ཆུང་གིས་བཅོམ་པའོ། །{T2250}༄༅༅། །རྒྱ་གར་སྐད་དུ། ཏཱཏྟྭ་མ་ཧཱ་ཡཱ་ན་བིཪྴ་ཏི། བོད་སྐད་དུ།དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ཉི་ཤུ་པ། རྗེ་བཙུན་སངས་རྒྱས་ལ་ཕྱག་འཚལ་ལོ །ཤེས་རབ་སྣ་ཚོགས་རྣམ་པར་སྨིན། ། [140a.6]རྣམ་མེད་དང་ནི་རྣམ་ཉེད་བྲལ། །འདི་ཡི་དེ་ཉིད་ཤེས་རབ་འདོད། །གང་ཕྱིར་འགྲོ་བ་ཁྱབ་པའི་བདག །ཤེས་རབ་སྲིད་དང་མཉམ་བདག་ཉིད། །སྐུ་གསུམ་ཐེག་པའི་གསུམ་པ་འདིས། །དེ་ཉིད་འཁོར་ལོ་བདེ་བའི་ཐབས། །དེ་ནི་རྣལ་འབྱོར་བདག་དང་གཞན། །འཇམ་ [140a.7]དཔལ་རྡོ་རྗེ་སྒྱུ་མ་ཆེ། །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཞན། །སྣང་བའི་བྱེ་བྲག་ཤེས་རབ་ཉིད། །དེ་ཉིད་རྒྱལ་བའི་བདག་ཉིད་གྲོལ། །བསམ་གྱིས་མི་ཁྱབ་སེམས་པ་ཉིད། །གཉིས་དང་གཉིས་མེད་དེ་བཞིན་ནོ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །དངོས་དང་ [140b] [140b.1]དངོས་མེད་གཟུང་དང་འཛིན། །རྣམ་པར་ཤེས་པས་བོར་བའི་སེམས། །དམིགས་པ་མེད་ཅིང་བླ་ན་མེད། །དག་ཅིང་ཞི་བ་སྣང་བ་མེད། །རིག་པ་ཤེས་རབ་ཅེས་སུ་གྲགས། །འདི་ལ་ཞུགས་པར་གྱུར་པ་ནི། །གསང་སྔགས་ཆོས་ཀྱིས་རྣམ་པར་གསལ། །གང་ཕྱིར་ [140b.2]སྣ་ཚོགས་པ་ཡི་ཐབས། །འདི་ལ་ཆུང་འབྲིང་ཆེན་པོ་ཡིས། །ལས་དང་དམ་ཚིག་ཕྱག་རྒྱ་དང་། །འཁོར་ལོ་རྫོགས་པར་སྒོམ་པ་ཉིད། །མཐའ་མའི་བྱང་ཆུབ་བསམ་གཏན་དེ། །དག་པའི་དེ་ཉིད་ཁ་ཕྱིར་བལྟས། །ཡེ་ཤེས་ཕྱག་རྒྱ་སྙོམས་འཇུག་པས། །འཇམ་ [140b.3]པའི་རྡོ་རྗེ་ལ་སོགས་གཙོ། །བདེན་མིན་བརྫུན་གྱི་རྣམ་པ་མིན། །འབྲིང་པོའི་རྣལ་འབྱོར་བདག་ཉིད་ཡིན། །བདག་བྱིན་བརླབ་པའི་གོ་འཕང་ཤེས། །གང་ཕྱིར་དེ་ཉིད་ནུས་པ་མེད། །དེ་རྣམས་ལ་ནི་ཡང་དག་བསྟན། །རིམ་གྱིས་བྱང་ཆུབ་གྲུབ་པའོ། །ལྷ་རྣམས་མངོན་ [140b.4]པར་དགོད་ཅེ་ན། །འདི་ལ་བག་ཆགས་ཅི་སྟེ་མེད། །བག་ཆགས་ཉིད་ནི་རྣམ་དག་ན། །ཐམས་ཅད་དུ་ཡང་དེ་བཞིན་ནོ། །སླར་ཡང་རྣལ་འབྱོར་དེ་ཉིད་མཐོང་། །ཕྱག་རྒྱ་ཆེ་ལ་མཆོག་ཏུ་གཞོལ། །དངོས་པོ་ཀུན་གྱི་རང་བཞིན་གྱི། །དབང་པོ་མཆོག་གིས་གནས་པར་བྱ། ། [140b.5]ངོ་བོ་ཉིད་ཀྱི་བདེ་ཐོབ་པས། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །གང་ཕྱིར་འགྲོ་བ་དེ་ཉིད་ཡིན། །དེ་ཕྱིར་ཐམས་ཅད་རྟོག་པ་མེད། །ཕྱི་རོལ་དངོས་ཡིད་ཀྱིས་གཟུང་ལ། །གང་ལ་འཁྲུལ་པ་སྣང་མི་འགྱུར། །རྨི་ལམ་བུད་མེད་གསལ་བ་ཉིད། །སེམས་ཅན་དོན་ནི་བྱེད་པ་ [140b.6]སྟེ། །ཐམས་ཅད་དངོས་པོའི་རང་བཞིན་འདི། །སེམས་ཙམ་དུ་འགྱུར་བྱང་ཆུབ་བོ། །སེམས་ཀྱི་འདོད་པ་སེམས་མ་ཡིན། །རང་གིས་རིག་པ་སེམས་མིན་ཏེ། །རིག་པ་བླ་མ་ལ་སྟོས་འགྱུར། །དངོས་མེད་ཀུན་གྱི་ངོ་བོ་ཉིད། །མིང་འདི་མི་འདོད་པ་ནི་གང་། །དངོས་པོ་ཀུན་གྱི་ [140b.7]རང་བཞིན་འདི། །སོ་སོར་རྟོགས་པར་དཀའ་བ་ཡིན། །དེ་ལ་སོགས་པ་འདུས་པ་ན། །ཇི་ལྟར་འདི་ནི་འབྲས་ལས་ཟན། །དེ་ལྟར་དེ་བཞིན་ཉིད་དག་ལ། །མ་རིག་པ་ནི་རིག་པར་འགྱུར། །གང་ལ་བསམ་པ་བསམ་གཏན་ཡིན། །དེ་ལ་བསམ་མི་ཁྱབ་ཀྱིས་མིན། །བསམ་གྱིས་མི་ [141a] [141a.1]ཁྱབ་རྣལ་འབྱོར་པ། །སངས་རྒྱས་ཀྱིས་ནི་གྲོལ་བར་བསྟན། །འདི་ནི་འཁོར་ལོའི་རྣལ་འབྱོར་ཡིན། །གང་ཕྱིར་ཕྱག་རྒྱ་ཆེ་དེ་ཉིད། །ཆོས་དང་ལོངས་སྤྱོད་སྤྲུལ་པ་སྟེ། །གང་ཕྱིར་དེ་ནི་རྣམ་ཀུན་ཡིན། །བྱ་བ་བྱས་པས་བསམ་དང་བྲལ། །དོགས་པ་ཀུན་ [141a.2]ལ་ཁ་ཕྱིར་བལྟས། །སྤྱོད་ལམ་རྣམ་པ་བཞི་ལྡན་པ། །སངས་རྒྱས་འདི་ནི་སངས་རྒྱས་བཞེད། །གཉིས་མེད་གཉིས་སུ་མེད་པས་བྱས། །བདག་གིས་ཐོབ་པའི་བསོད་ནམས་ཀྱིས། །དེ་ནི་འགྲོ་བ་གཉིས་མེད་ཉིད། །དེ་ཡིས་བདེ་བ་ཆེན་པོར་ཤོག །ཨ་ཝ་དྷཱུ་ཏཱི་པ་གཉིས་ [141a.3]མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།{T2251}༄༅༅། །རྗེ་བཙུན་དྷི་རི་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། ལོ་ཙཱ་བ་སེང་ཀར་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་རྣལ་འབྱོར་པས། །སྙིང་རྗེའི་རང་སེམས་གློ་བུར་སད། །ཤེས་རབ་སྐྱེ་བ་ [141a.4]མེད་རྒྱས་བཏབ། །གཉིས་མེད་བསམ་མི་ཁྱབ་མཚན་ཉིད། །སྣང་བའི་སྐྱེ་བ་མེད་པ་དྲན། །དྲན་པའི་རང་བཞིན་གཟུང་བ་མེད། །གཟུགས་སོགས་དངོས་པོའི་རང་བཞིན་གྱིས། །བདེ་བ་ཆེན་པོའི་རོ་མྱོང་བས། །བསམ་དུ་མེད་པའི་རྣལ་འབྱོར་རྟོགས། །དེ་ཡང་། བླ་མའི་ [141a.5]དྲིན་གྱིས་སླར་ཡང་ནི། །སོ་སོར་རྟོག་པའི་རང་བཞིན་ནོ། །དེ་ཡང་། ཇི་ལྟར་མྱོང་བས་བསྐྱེད་པས་ན། །དྲན་པས་གཟུང་དང་མ་གཟུང་མེད། །རྒྱུ་དང་འབྲས་བུ་དབྱེར་མེད་པས། །སྒོམ་པའི་རིམ་པ་བདག་ལ་མེད། །སྟོང་པ་ཉིད་ཀྱི་རོ་ཚོར་བས། །སྒོམ་པ་ཡང་ནི་རྟོགས་པའོ། ། [141a.6]གང་ཕྱིར་ཤེས་རབ་སྒོམ་པ་ཡིས། །ཐམས་ཅད་ཕྱག་རྒྱ་ཆེན་པོ་ལ། །གང་ཞིག་མི་མཐུན་ཕྱོགས་སུ་ཡང་། །དེ་ཉིད་ཕྱག་རྒྱ་ཆེན་པོ་ལ། །རང་བཞིན་ལྟུག་པ་བསམ་དུ་མེད། །ཇི་སྲིད་བྱེ་བྲག་གཉིས་འབྱུང་བ། །དེ་ལས་བྱུང་ནི་དེ་རུ་ཐིམ། །དེ་ལས་བདེ་བའི་ཡེ་ཤེས་པས། ། [141a.7]འབྲས་བུ་དག་ལས་རེ་བ་མེད། །ཡིད་ལ་མི་བྱེད་རྣལ་འབྱོར་པས། །སྟོང་ཉིད་སྙིང་པོ་བསམ་དུ་མེད། །གཉིས་མེད་ཤེས་རབ་རང་སོ་ལ། །མཉམ་གཞག་རྗེས་ཐོབ་རིག་པ་མེད། །བསམ་མེད་རྒྱུན་གྱི་རྣལ་འབྱོར་པས། །གཉིས་སུ་མི་བྱེད་རང་སོ་ཉིད། །མ་སྐྱེས་པ་ཉིད་དངོས་ [141b] [141b.1]པོར་སད། །དངོས་པོར་སྐྱེ་བ་མེད་པར་ཐིམ། །དངོས་སུ་གཉིས་མེད་རྡོ་རྗེར་མཐུན། །ཉེས་པ་དབང་སོགས་གློ་བུར་བ། །དེས་ན་དྲང་ཐད་སོ་མ་སྟེ། །དེ་དང་དེ་ཉིད་ཐད་ཀར་བཅས། །སྐྱེ་བ་མེད་མཐོང་རྣལ་འབྱོར་པས། །ཤེས་པ་མི་བཟུང་རང་ཐད་ཞོག །སྐྱེ་བ་མེད་པའི་སེམས་ཉིད་ [141b.2]ལ། །ཅི་ཞིག་བསྡུས་ཤིང་ཅི་ཞིག་སྤྲོ། །ཨུ་པ་དེ་ཤ་པ་ར་མ་པ་ཡ། གསང་བ་དམ་པ་རྫོགས་སོ།། {T2252}༄༅༅། །རྒྱ་གར་སྐད་དུ། ཥེ་ཀ་ནིར་དེ་ཤ་ནཱ་མ། བོད་སྐད་དུ། དབང་བསྐུར་བ་ངེས་པར་བསྟན་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་ [141b.3]འཚལ་ལོ། །གང་ལས་ཀུན་དགའ་སྐྱེ་འགྱུར་ཞིང་། །སྐད་ཅིག་མ་བཞིའི་རྒྱུར་འགྱུར་གང་། །དབྱེ་བས་བྱང་ཆུབ་གྲུབ་པའི་ཕྱིར། །ཨེ་ཝཾ་རྣམ་པར་ཕྱག་འཚལ་ལོ། །དྲག་པོའི་སྦྱོར་བ་སྤངས་བ་ཡི། །སྣ་ཚོགས་དེ་ནས་རྣམ་པར་སྨིན། །གསུམ་པ་མཚན་ཉིད་བྲལ་བ་སྟེ། །རྣམ་ [141b.4]པར་ཉེད་པ་དེ་ནས་ཤེས། །རྣམ་ཉེད་ཀུན་དུ་སྤྱོད་ཅེ་ན། །གསུམ་པ་ཇི་ལྟར་འདོད་པར་བྱེད། །གང་ཕྱིར་དེ་ཚེ་དཔྱོད་མེད་དེ། །མཚན་ཉིད་མེད་པར་རིག་པར་འགྱུར། །དེ་ཕྱིར་མཚན་ཉིད་བྲལ་བར་རིགས། །དེ་ཕྱིར་གསུམ་པ་དེ་ཉིད་ཡིན། །རང་གི་ཉིད་དེ་དངོས་གྲུབ་འགྱུར། ། [141b.5]ལུང་སྟོན་དང་ཡང་ལྡན་པ་ཡིན། །འོ་དང་འཁྱུད་པ་སྣ་ཚོགས་ཉིད། །སྲུབ་པ་རྣམ་པར་སྨིན་པ་ཉིད། །ནོར་བུ་མཚན་ཉིད་བྲལ་ཞེས་ཟེར། །དེ་ནས་དབང་བསྐུར་ཡང་དག་རིགས། །དེ་ནི་དབང་བསྐུར་ངན་པ་ཡིན། །རིན་ཆེན་དཀྱིལ་དུ་རང་རིག་པ། །གལ་ཏེ་དེ་ཉིད་དེ་ཡིན་ན། ། [141b.6]ཞི་བ་རིག་བྱེད་དེ་ཉིད་འགྱུར། །འདི་ནི་སངས་རྒྱས་པ་མི་བཞེད། །དེ་ཡང་ཞི་བར་ངེས་པར་བསྒྲགས །ལྷ་མོས་ཞུས་པའི་རྒྱུད་ལས། ལྷ་མོ་རིན་ཆེན་གྲོང་ཁྱེར་འདི། །པདྨའི་ཟེའུ་འབྲུ་ཞུ་བར་འགྱུར། །མཉམ་དུས་དྲག་པོ་ཞི་བ་མཆོག །དེ་ཉིད་ནུས་པ་མཆོག་གི་མཆོག ། [141b.7]མཚན་ཉིད་མཚོན་པ་རྣམ་བྲལ་བ། །ངག་གི་མཚོན་པ་རྣམས་དང་བྲལ། །ཞི་བ་ནུས་པ་མཉམ་སྦྱོར་བས། །རྨད་དུ་བྱུང་བའི་བདེ་བ་མཆོག །ནུས་པའི་ཡུལ་དུ་བསྒོམ་བྱ་ན། །སྲིད་པ་དེ་ཉིད་དུ་ན་མེད། །སྒྲོ་བཏགས་ཐམས་ཅད་ཉམས་པ་ཡིན། །སྟོང་པར་མཐོང་བ་ [142a] [142a.1]ནུས་པ་ཡིན། །ཞེས་འབྱུང་བ་དང་། ཨུཙྪུཥྨའི་རྒྱུད་ལས་ཀྱང་། །ཞི་བ་ནུས་པ་མཉམ་སྦྱོར་བའི། །དམ་པ་བདེ་བ་མཆོག་གཉིས་མེད། །ཞི་མིན་ནུས་པ་མ་ཡིན་པ། །རིན་ཆེན་དཀྱིལ་དུ་གནས་པའོ། །རྣལ་འབྱོར་བརྟགས་པ་ལས་ཀྱང་། བྱ་བ་བྱས་པའི་རྣལ་ [142a.2]འབྱོར་པས། །ཡེ་ཤེས་བདུད་རྩིའི་ངོམས་གྱུར་ནས། །བྱ་བ་ཅུང་ཞིག་ཡོད་མ་ཡིན། །ཡོད་ན་དེ་ཉིད་རིག་མ་ཡིན། །རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ལས་ཀྱང་། དབང་པོ་ཡུལ་ལས་ཚོར་མིན་པའི། །ཡེ་ཤེས་ཉི་མའི་གཞུང་གིས་འདོད། །ཚོར་བ་ཀུན་དགའ་ཙམ་ཉིད་དེ། ། [142a.3]ལེགས་ལྡན་སྨྲ་བའི་གཞུང་གིས་འདོད། །ནུས་དང་ཕྲད་ཅིང་སྦྱོར་བ་ལས། །ནུས་པ་དབང་གྱུར་མཐར་གྱུར་པ། །ཚངས་པའི་བདེ་བ་དེ་ཉིད་གང་། །བདེ་དེས་མངོན་སུམ་གྲོལ་བར་འགྱུར། །དེར་ནི་བདེ་བ་རྒྱུན་མི་འཆད། །སྡུག་བསྔལ་འབྱུང་བ་མེད་པ་ཡིན། །ཀུན་དུ་དགའ་ [142a.4]བ་ཚངས་པའི་གཟུངས། །དེ་ལ་ཐར་པ་ཞེས་བརྗོད་དོ། །ཅུང་ཞིག་གང་དང་གང་མཐོང་བ། །དེ་དང་དེ་ནི་ཚངས་པར་བརྟགས། །དེས་ན་སེམས་ནི་གཞན་མི་འགྱུར། །ཚངས་པ་ཉིད་ལ་རྣམ་པར་གནས། །གང་གིས་མྱ་ངན་འདས་མཐོང་བ། །ཆགས་པ་ཆགས་པའི་ [142a.5]སེམས་ཉིད་ཀྱང་། །སྡུག་པ་མཐོང་བ་གཉིས་གཅིག་པུས། །མཐོང་བ་གཞན་གྱིས་ཅི་ཞིག་བྱ། །ཆོས་དང་ཆོས་མིན་སྤངས་ནས་ནི། །བདེན་དང་བརྫུན་པ་གཉི་ག་སྤངས། །བདེན་དང་བརྫུན་གཉིས་སྤངས་ནས་སུ། །གང་ཞིག་སྤངས་པ་དེ་ཡང་སྤངས། །ཞེས་འབྱུང་བ་དང་། [142a.6]ལེགས་ལྡན་གྱི་གླུ་ལས་ཀྱང་། །དངོས་པོ་བདེན་པ་ཡོད་མ་ཡིན། །མི་བདེན་དངོས་ཀྱང་ཡོད་མ་ཡིན། །དེ་དག་གཉི་གའི་མཐའ་མཐོང་བ། །དེ་ཡིས་དེ་ཉིད་མཐོང་བའོ། །ཞེས་འབྱུང་བ་དང་། གཞན་ཡང་། གཟུང་བ་གཟུགས་ཀྱིས་སྟོང་པའི་སེམས། །མི་བསྐྱོད་པ་ཞེས་བརྗོད་ [142a.7]ཅེ་ན། །རང་གི་ལུང་གིས་གནོད་པ་ཡིན། །རྡོ་རྗེ་སེམས་དཔའི་རྒྱ་ལྡན་པར། །ཅི་ཕྱིར་འདི་ལྟར་ངེས་པ་རུ། །སྟོན་པ་པོས་ནི་བསྟན་པ་ཡིན། །འདི་ནི་དེ་བཞིན་གཤེགས་པ་ཡིས། །དབུགས་དབྱུང་བློ་ཡི་དང་པོར་བསྟན། །རྡོ་རྗེ་ནང་གི་རྣམ་བཅས་སྐྱེ། །དེ་ཡི་རྩེ་ [142b] [142b.1]མོར་རྣམ་མེད་སྐྱེ། །དབུ་མར་གནས་ཞེས་གང་སྨྲ་བ། །ཁོ་བོ་བླ་མ་དེ་མི་འདོད། །རྡོ་རྗེའི་ནང་དང་དེ་རྩེ་དང་། །ཐོད་པའི་ནང་དུ་ལྷུང་བ་དང་། །བར་ན་འདུག་པའང་མི་འདོད་ལ། །དེ་ཉིད་བླ་མའི་ཁ་ལས་རིག །དགའ་བ་སྣ་ཚོགས་ཉིད་དུ་བརྗོད། །དེ་ལ་སོགས་པ་ལེགས་གནས་པ། །ནོར་ [142b.2]བུའི་ནང་དུ་ཆུད་ལ་སོགས། །བླ་མས་བསྟན་པ་ཇི་ལྟར་སྦྱར། །དགོད་ལ་སོགས་པའི་དགའ་བ་གང་། །སློབ་དཔོན་ལ་སོགས་འདོད་པ་གང་། །དེ་ཡི་རྣམ་གཞག་བསྐྱེད་རིམ་ལ། །རྫོགས་པའི་རིམ་པ་མ་ཡིན་ནོ། །སྣ་ཚོགས་པས་ན་མགྲིན་སྣ་ཚོགས། །བདེ་བ་སྨིན་པ་ནོར་ [142b.3]བུའི་རྩེར། །བླ་མས་དེ་ཉིད་རྣམ་ཤེས་བྱ། །རྣམ་ཉེད་རྣམ་བྲལ་དགའ་བ་ཉིད། །ལས་ཀྱི་ཕྱག་རྒྱ་ལ་བསྟེན་ནས། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ། །དེ་ཡི་སྟེང་དུ་ཕྱག་རྒྱ་ཆེ། །གང་ལས་དམ་ཚིག་ཡོང་འབྱུང་བའོ། །དགའ་བ་ཕྱག་རྒྱས་སོ་སོ་ལ། །ཕྱག་རྒྱ་ཆེན་པོ་མ་ [142b.4]རྟོགས་པར། །ལུང་དང་རང་གི་རིགས་པ་དང་། །བླ་མ་དམ་པའི་མན་ངག་གིས། །སྣ་ཚོགས་ལས་ཀྱི་ཕྱག་རྒྱ་ཉིད། །རྣམ་སྨིན་འགྲོ་བའི་བདག་ཉིད་དོ། །དེ་ལ་མཚན་བྲལ་བརྟན་པ་ཉིད། །རྣམ་ཉེད་འགྲོ་བ་རྣམ་ལྟ་བ། །ཀུན་ལ་རབ་ཏུ་མི་གནས་པ། །ཕྱག་རྒྱ་ཆེ་ཞེས་ [142b.5]གྲགས་པ་ཡིན། །དྲི་མ་མེད་ཕྱིར་རང་རིག་ཕྱིར། །རྣམ་པ་སྣ་ཚོགས་སོགས་འབྱུང་མིན། །ཡེ་ཤེས་གང་ཞིག་འབད་མེད་པ། །བསམ་དུ་མེད་ཅེས་དེ་བརྗོད་དོ། །བསམས་ནས་གང་ཞིག་བསམ་མེད་བྱེད། །དེ་ཉིད་བསམ་དུ་མེད་མི་འགྱུར། །དབུ་མའི་དོན་གྱི་རྗེས་འབྲངས་ནས། ། [142b.6]གང་ཞིག་དེ་བཞིན་ཉིད་མཐོང་ནས། །མངོན་སུམ་གང་ཚེ་རིག་གྱུར་པ། །དེ་ཉིད་རིག་དེ་དེ་ནོར་ལྡན། །ཇི་སྙེད་སྒྲོ་བཏགས་ཐམས་ཅད་ནི། །ཐམས་ཅད་ཀུན་དུ་མེད་གྱུར་པ། །སྒྲོ་བཏགས་མེད་པ་དབུ་མའི་དོན། །དེ་ནི་དགག་སྒྲུབ་གང་ཞིག་ཡོད། །ཤེས་དང་ཤེས་བྱར་ [142b.7]མིང་འདོགས་པ། །སྙམ་པ་དེ་ནི་གཞན་མ་ཡིན། །ཇི་ལྟར་དེ་ལྟར་ཀུན་སྔོན་ནས། །ཇི་ལྟར་བློ་བཞིན་དེ་ལྟར་མིན། །མ་སྐྱེས་འགྲོ་བར་གང་ཡིན་བློ། །དག་པར་སངས་རྒྱས་ཀྱིས་ངེས་བསྟན། །འགྲོ་ཀུན་དེ་ཡི་རང་བཞིན་འདྲེན། །བློ་དང་ལྡན་པས་འབད་མེད་པར། ། [143a] [143a.1]རྣམ་རྟོག་འདི་ཉིད་རྟེན་ཅིང་འབྱུང་། །འབྲེལ་པ་སྒོམ་པ་མ་ཡིན་ནོ། །འདི་ཉིད་མྱ་ངན་འདས་པ་སྟེ། །སེམས་ཉིད་འཁྲུལ་པར་མ་བྱེད་ཅིག །གཉེན་པོའི་ཕྱོགས་ལ་མི་གནས་ཤིང་། །དེ་ཉིད་ལ་ཡང་མི་ཆགས་པ། །གང་གི་འབྲས་བུའང་མི་འདོད་པ། ། [143a.2]དེ་ཡིས་ཕྱག་རྒྱ་ཆེན་པོ་ཤེས། །ཇི་ལྟར་ལས་ཀྱི་ཕྱག་རྒྱ་ལ། །དགའ་བ་ལ་སོགས་གནས་པ་ལྟར། །དེ་བཞིན་དམ་ཚིག་ཕྱག་རྒྱ་ལ། །རྡོ་རྗེ་སློབ་དཔོན་ཉེ་བར་སྟོན། །ལས་ཀྱི་ཕྱག་རྒྱ་སྣ་ཚོགས་ཉིད། །ཆོས་ཀྱི་ཕྱག་རྒྱ་རྣམ་སྨིན་སྐྱེས། །མཚན་ཉིད་བྲལ་བ་ཕྱག་རྒྱ་ཆེ། །རྣམ་ [143a.3]པར་ཉེད་པ་དམ་ཚིག་འགྱུར། །ཕྱག་རྒྱ་ཆེན་པོ་མི་ཤེས་པར། །ལས་ཀྱི་ཕྱག་རྒྱ་གཅིག་སྒྲུབ་པ། །བརྒྱུད་པའི་དེ་ཉིད་ལ་ཉམས་པས། །རྣལ་འབྱོར་པ་དེ་ངུ་འབོད་འགྲོ། །ཇི་སྲིད་གཙོ་བོར་རི་ཁྲོད་པའི། །ཞབས་ཀྱི་རྡུལ་ལམ་རེག་པར། །དེ་སྲིད་ཕྱག་རྒྱ་བཞི་དང་ནི། །སྐད་ཅིག་མ་ [143a.4]བཞི་མི་ཤེས་སོ། །མགོན་པོ་ཆོས་ཉིད་ཇི་ལྟ་བུ། །ཆོས་རྣམས་ཐམས་ཅད་རྣམ་དག་པ། །ཇི་ལྟ་བུར་ནི་རྙེད་འགྱུར་གསུངས། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །ཡང་དག་དབང་བསྐུར་ཆོ་གའི་དོན། །དྲག་པོའི་དབང་བསྐུར་ངན་སྤངས་པས། །བདག་གིས་གང་བྱས་བསོད་ [143a.5]ནམས་དེས། །འགྲོ་བ་རྣམས་ནི་བདེ་གྱུར་ཅིག །དབང་བསྐུར་བ་ངེས་པར་བསྟན་པ་ཞེས་བྱ་བ། སློབ་དཔོན་རྒྱལ་བ་མཻ་ཏྲི་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྞཿ་པཎྜི་ཏ་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།། {T2253}༄༅༅། །རྒྱ་གར་སྐད་དུ། [143a.6]ཥེ་ཀ་ནིར་དེ་ཤ་པཉྩིཀཱ། བོད་སྐད་དུ། དབང་བསྐུར་བ་ངེས་པར་བསྟན་པའི་དཀའ་འགྲེལ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཉིད། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་མགོན། །འགྲོ་དོན་མཛད་པའི་བླ་མ་ནི། །བླ་ན་མེད་ལ་གུས་ [143a.7]ཕྱག་འཚལ། །སྐྱེ་བོ་དམ་ཆོས་གཞུང་འཆད་པའི། །མཆོག་འཛིན་ཐབས་མཁས་བདག་ལ་མེད། །བླ་མའི་བཀའ་བསྐུལ་བཤད་པ་ནི། །བྲི་བར་བྱེད་པ་བཟོས་འོས་ཡིན། །དེ་ལྟ་ན་ཡང་གཞན་དོན་མིན། །བདག་ཉིད་དྲན་བདེ་ཁོ་ནའི་ཕྱིར། །དོན་དུ་གཉེར་བ་གཞན་དག་ཀྱང་། ། [143b] [143b.1]བདག་འདྲའི་དོན་དུ་ཅུང་ཟད་བྲི། །འདིར་མཁས་པ་ཆེན་པོ་ངེས་པར་སྦྱངས་པ་དཔལ་བྱམས་པ་མགོན་པོས། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ་དང་། རྣལ་འབྱོར་གོང་ན་མེད་པའི་རྒྱུད་རྣམས་ལ། བླ་ན་མེད་པའི་བླ་མ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་ [143b.2]པའི་ཕྱག་རྒྱ་བཞིའི་རྗེས་སུ་བསྟན་པའི་རྗེས་སུ་འབྲངས་ནས་དབང་ངེས་པར་བསྟན་པ་བྱེད་པར་འདོད་ན། དང་པོར་རེ་ཞིག་བརྗོད་པར་བྱ་བ་སྨྲ་བར་འདོད་པས། གསུང་རབ་རྣམས་ཀྱི་གླེང་གཞིའི་ཚིག་གམ། མདོར་བསྡུས་པ་རྣམས་ཀྱི་དོན་དང་པོར་གྱུར་པ། ཐབས་དང་ཤེས་རབ་ཀྱི་ངོ་བོ་ཨེ་ཝཾ་གི་ [143b.3]རྣམ་པ་ལ་རབ་ཏུ་བཏུད་པ་ནི། ཨེ་ཝཾ་རྣམ་པར་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཨེ་དང་བཾ་ནི་སྒྲའི་རང་བཞིན་གྱི་ཡི་གེ་གཉིས་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ལ་ཕྱག་འཚལ་བ་ནི། ལུས་དང་ངག་དང་ཡིད་ཀྱང་རབ་ཏུ་བཏུད་པའོ། །ཅིའི་དོན་དུ་ཞེ་ན། བྱང་ཆུབ་སྒྲུབ་པའི་ཕྱིར་ཏེ། ཡང་དག་ [143b.4]པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །ཨེ་ཝཾ་གི་རྣམ་པ་ནི་དོན་ཆེ་བ་དང་། ཕན་ཡོན་ཆེ་བ་ཡིན་ཏེ། འདི་སྐད་དུ། བཅོམ་ལྡན་འདས་ལ་ལྷའི་དབང་པོས་ཞུས་པ་ལས། གང་ཕྱིར་ཐམས་ཅད་གཟིགས་པ་ཡིས། །དང་པོ་འདི་སྐད་ཅེས་གསུངས་པ། །དེ་ནི་གོ་ [143b.5]རིམས་ཇི་བཞིན་དུ། །ལྷ་ཡི་དབང་པོས་མཉན་པར་བྱོས། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་དེ་བཞིན་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །ཝཾ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེ་ནི་སྦྱོར་ [143b.6]བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་བྱུང་བའོ། །ཨེ་ནི་པདྨ་ཞེས་བྱ་བ། །ཝཾ་ནི་རྡོ་རྗེ་ཉིད་ཡིན་ནོ། །ཐིག་ལེ་དེར་ནི་ས་བོན་ཏེ། །དེ་ལས་འགྲོ་བ་གསུམ་རྣམས་ཏེ། །ཨེ་ནི་ཤེས་རབ་གཉིས་འགྱུར་ལ། །ཝཾ་ནི་རབ་དགའི་བདག་པོའོ། །ཐིག་ལེ་མི་ཤིག་དེ་ཉིད་དེ། །དེ་ལས་ཡི་གེ་ཉིད་ [143b.7]ཀྱང་སྐྱེས། །ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤེས། །དེ་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་འགྱུར། །འགྲོ་བ་གང་གིས་ཡི་གེ་གཉིས། །མི་ཤེས་རྟག་ཏུ་འདོན་པ་དག །དེ་ནི་སངས་རྒྱས་ཆོས་རྣམས་ལ། །སྦྱོར་སྤངས་ [144a] [144a.1]ཕྱི་རོལ་ཐུབ་པ་བཞིན། །ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་བསྟན་པའི་ཐོག་མར་ནི། །ཨེ་ཝཾ་དེ་ཕྱིར་རབ་ཏུ་བཤད། །དེ་བས་བརྒྱ་བྱིན་ལྷ་ཡི་བདག །གལ་ཏེ་རྟག་པའི་གནས་འདོད་ན། །ཡིག་གཉིས་སྒྱུ་མར་ [144a.2]དྲན་བྱ་ཞིང་། །དམ་པའི་ཆོས་ལ་བླ་མར་གྱིས། །ཞེས་གསུངས་པས། །སྐབས་ལ་བབ་པའི་བརྗོད་པར་བྱ་བ་ཡིན་པས་དེའི་ཕྱིར་རྣམ་པར་བཤད་པར་བྱའོ། །སྐད་ཅིག་མ་བཞིའི་རྒྱུར་གྱུར་གང་། །ཞེས་བྱ་བ་ལ། བཞི་ནི་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་ [144a.3]དང་། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་སྟེ། རྒྱུ་གང་ཡིན་པ་དེ་ནི་བྱེད་པའོ། །གང་གི་ཕྱིར་ཨེ་ཝཾ་གི་ཡི་གེ་ནི་ཆོས་ཀྱི་ཕྱག་རྒྱའི་ངོ་བོའོ། །ཆོས་ཀྱི་ཕྱག་རྒྱ་གོམས་པར་བྱས་ན་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤོང་བར་བྱེད་དོ། །དེ་སྤོང་བའི་ཁྱད་པར་རང་འབྲེལ་པའི་སྐད་ཅིག་ [144a.4]མའི་ཁྱད་པར་རོ། །དེའི་ཕྱིར་སྐད་ཅིག་མ་རྣམས་ཀྱི་རྒྱུར་གྱུར་པ་ནི། ཨེ་ཝཾ་ངོ་། །ཡང་དེ་བཞིན་དུ་བཤད་པར་བྱ་བའི་ཕྱིར། གང་ལ་ཀུན་དགའ་སྐྱེ་འགྱུར་ཞིང་། །ཞེས་བྱ་བ་སྟེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་གང་ཁོ་ན་ལས་ལམ་གྱི་ཡེ་ཤེས་དགའ་བ་དང་། མཆོག་དགའ་ [144a.5]དང་། དགའ་བ་དང་བྲལ་བ་དང་། ལྷན་ཅིག་སྐྱེས་པ་ཞེས་བྱ་བ་དགའ་བའི་སྐད་ཅིག་བྱེ་བྲག་ཉིད་ཀྱིས་ཐ་དད་ཅིང་མ་འདྲེས་པར་སྐྱེ་བར་འགྱུར་རོ། །དེ་ནས་གང་གི་ཕྱིར། སྐད་ཅིག་མ་བཞིའི་རྒྱུར་གྱུར་པ། གང་ཁོ་ན་ལས་དགའ་བའི་དབྱེ་བ་ཉིད་སྐྱེ་བར་འགྱུར་བ་དེ་ནི་ཨེ་ཝཾ་གི་རྣམ་པ་ [144a.6]སྟེ། བྱང་ཆུབ་སྒྲུབ་པར་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་བསྡུས་པའི་དོན་ཏེ། སྒྲའི་རང་བཞིན་གྱི་བཤད་པའོ། །ད་ནི་དྲིས་པའི་གཞུགས་བཤད་པར་བྱ་སྟེ། བླ་མའི་མན་ངག་ཉིད་ཀྱིས་ཨེ་ཝཾ་གི་རྣམ་པ་ནི་ཡི་གེ་སྟེ། དབྱིབས་ཨེ་ཝཾ་གི་རྣམ་པ་ཆོས་ཀྱི་འབྱུང་གནས་ཀྱི་ངོ་བོ་ལ་ཕྱག་ [144a.7]འཚལ་བའོ། །ཡང་ན་ཉེ་བར་བསྒྱུར་བ་ཕྱིས་ནས། ཨེ་ཝཾ་གི་རྣམ་པ་ནི་ཨེ་ཝཾ་རྣམ་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཟ་མ་ཏོག་ཆོས་འབྱུང་གི་ཕྱག་རྒྱ་ལ་ཕྱག་འཚལ་བའོ། །དེ་ལྟ་བུའི་རྣམ་པ་ཅན་ནི་ཆོས་ཀྱི་འབྱུང་གནས་སོ་ཞེས་བཅོམ་ལྡན་འདས་ཀྱིས་བསྔགས་ཏེ། ཨེའི་ཆ་བྱད་ [144b] [144b.1]བཟང་པོ་དང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་བྱ་བས་སོ། །གལ་ཏེ་འདི་ལ་ཕྱག་བྱས་པས་ཅིར་འགྱུར་ཞེ་ན། དེའི་ཕྱིར། སྐད་ཅིག་མ་བཞིའི་རྒྱུར་གྱུར་གང་། །ཞེས་བྱ་བ་སྨྲས་ཏེ། སྐད་ཅིག་མ་བཞི་ནི་རྣམ་ [144b.2]པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བ་རྣམས་སོ། །རྒྱུ་ནི་བྱེད་པའོ། །རྒྱུ་དེ་ཡང་རྣམ་པ་སྣ་ཚོགས་པ་སྟེ། དེ་ཡང་བསྐྱེད་པའི་མཐར་ཐུག་པ་ཉིད་ཀྱི་བར་དུའོ། །དེ་ལྟ་ན་ཡང་གསུང་རབ་ནི་རྒྱས་པར་བཤད་པར་བྱའོ། །འབྲས་ [144b.3]བུ་ལ་ལྷག་པར་མོས་པས་རྒྱུ་ལ་ཕྱག་བྱ་སྟེ། དེ་སྐད་དུ་ཡང་། ཇི་ལྟར་རྒྱུ་ཡི་དེ་ཉིད་མཐོང་། །འབྲས་བུའི་དེ་ཉིད་དེ་བཞིན་ནོ། །ཞེས་གསུངས་པ་ཡིན་ནོ། །གཞན་ཡང་ཕྱག་འཚལ་བའི་རྒྱུ་མཚན་གཉིས་པ་བསྟན་པའི་ཕྱིར། གང་ལ་ཀུན་དགའ་སྐྱེ་འགྱུར་ཞིང་། །དབྱེ་བས་ཞེས་བྱ་བ་སྨྲས་ཏེ། [144b.4]དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་དང་། ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་དགའ་བའི་དབྱེ་བའོ། །གང་ལས་ཕན་ཚུན་མ་འདྲེས་པར་སྐྱེ་བ་དེ་ནི་སྐྱེ་བར་བྱེད་པའི་རང་བཞིན་ཞེས་བྱ་བས་ལྔ་པ་རྙེད་པ་ཡིན་ན་ཡང་གང་ལ་ཞེས་བདུན་པར་བསྟན་པ་ནི་གནས་ཉིད་དུ་བསྟན་པ་སྟེ། [144b.5]དེར་གང་ལས་སྐྱེས་པ་རབ་ཏུ་གནས་པར་འགྱུར་བས་སོ། །དེ་ཡང་། སྐད་ཅིག་ཡེ་ཤེས་བདེ་ཡེ་ཤེས། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་པ་དང་དེ་བཞིན་དུ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་པ་དང་། དེ་བཞིན་དུ། ཨོཾ་པདྨ་སུ་ཁ་དྷ་ར་ [144b.6]མ་ཧཱ་རཱ་ག་སུ་ཁཾ་དད་ཙ་ཏུར་ཨཱ་ནནྡ་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀཪྻཾ་ཀུ་རུ་ཥྭ་མེ་ཞེས་བྱ་བ་ནི་རྟེན་ལ་ཕྱག་འཚལ་བ་སྟེ། བདེ་གཤེགས་གང་དུ་བཞུགས་པ་དང་། །འཆགས་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །ཞེས་བྱ་བའི་ [144b.7]ཚིག་གིས་སོ། །ཅིའི་ཕྱིར་ཕྱག་འཚལ་ཞེ་ན། བྱང་ཆུབ་བསྒྲུབ་པའི་ཕྱིར་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བསྒྲུབ་པའི་ཕྱིར་དང་། དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུའོ། །སྐད་ཅིག་མ་བཞིའི་རྒྱུར་གྱུར་གང་། །ཞེས་བྱ་བས་ཕྱག་འཚལ་བའི་ [145a] [145a.1]རྒྱུ་བསྟན་ཏོ། །དེ་ལས་གང་ཞིག་སྐྱེ་ཞེ་ན། སྐད་ཅིག་མ་བཞིའོ། །དེའི་གོ་རིམས་ཇི་ལྟར་ཞེ་ན། དེའི་ཕྱིར། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་འདིར་རྒྱུད་ནས་བསྟན་པའི་གོ་རིམས་བོར་ནས། མཚན་ཉིད་དང་བྲལ་བ་གསུམ་པར་ཇི་ལྟར་འདོད་ཅེ་ན། [145a.2]དེའི་ཕྱིར། དྲག་པོའི་སྦྱོར་བ་སྤངས་པ་ཡིས། །ཞེས་བྱ་བ་སྨོས་ཏེ། དེ་ལ་དྲག་པོའི་སྦྱོར་བ་ནི་འདི་ཡིན་ཏེ། སྣ་ཚོགས་ནི་རྣམ་པ་སྣ་ཚོགས་ཏེ། གཟུང་བ་དང་འཛིན་པའི་ངོ་བོ་འཁྱུད་པ་ལ་སོགས་པའོ། །རྣམ་པར་སྨིན་པ་ནི་དེ་ལས་བཟློག་པ་སྟེ། རྣམ་པ་སྣ་ཚོགས་མ་ཡིན་པ། [145a.3]གཟུང་བ་མེད་པ་བདེ་བའི་ཡེ་ཤེས་བསྐྱེད་པའོ། །རྣམ་པར་ཉེད་བ་ནི་རྣམ་པར་མི་རྟོག་པ་མི་མཐོང་བའི་བདེ་བ་སྟེ། རིན་པོ་ཆེའི་མཐར་ཐུག་པ་ཁྱབ་པའི་བར་རོ། །གཞན་ནི་མཚན་ཉིད་དང་བྲལ་བ་སྟེ། འདོད་ཆགས་རྣམ་པར་སྤངས་པ་བདེ་བ་དང་བྲལ་བས་ངེས་པར་གང་བའི་དངོས་ [145a.4]པོའོ། །འདོད་ཆགས་མེད་པ་ཡང་མ་ཡིན་ཏེ། ཉམས་སུ་མྱོང་བའི་བདེ་བ་དྲན་པའི་ཕྱིར་རོ། །འདོད་ཆགས་ཡོད་པ་ཡང་མ་ཡིན་ཏེ། ལྟུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་། སྣ་ཚོགས་རྣམ་པ་སྣ་ཚོགས་བརྗོད། །འཁྱུད་དང་འོ་བྱེད་ལ་སོགས་པ། །རྣམ་པར་སྨིན་ [145a.5]པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་པ་པོ། །རྣམ་པར་ཉེད་པ་དཔྱོད་པར་བརྗོད། །བདེ་བའི་ཡེ་ཤེས་དཔྱོད་པ་ཞེས། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་མེད་རྣམ་པར་སྤངས། །ཞེས་གསུངས་པ་ཡིན་ནོ། །འདི་ནི་རྣམ་པ་མེད་པར་སྨྲ་ [145a.6]བའི་གཞུང་གིས་རིན་པོ་ཆེ་ཉམས་སུ་མྱོང་བ་འདི་ཉིད་ལ་སྟོན་ཀའི་དྲི་མ་མེད་པའི་ཉི་མ་ཕྱེད་ཀྱི་ནམ་མཁའི་དཀྱིལ་ལྟ་བུར་བདེ་བ་རང་རིག་པ་ཙམ་སྔོན་པོ་ལ་སོགས་པའི་རྣམ་པ་ཀུན་གྱིས་རྙོག་མ་དང་བྲལ་བར་ངེས་པར་གནས་སོ། །རྣམ་པ་ལ་གནོད་པ་གཅིག་དང་དུ་མ་དང་བྲལ་བའི་ [145a.7]ཚད་མ་ནི་གཞུང་མངས་པའི་འཇིགས་པས་མ་སྤྲོས་སོ། །དེ་སྐད་དུ་ཡང་། དེ་ཕྱིར་དོན་གྱི་ཡེ་ཤེས་ལ། །དེ་ཡི་བདག་ཉིད་རིག་སྣང་མེད། །གཅིག་ནི་རབ་ཏུ་བཀག་པ་ཡིན། །མང་པོ་འང་འབྱུང་བར་མི་འགྱུར་རོ། །ཕྱི་རོལ་ལྟར་གནས་ཆ་ལ་ནི། །གང་གི་ཁྱད་པར་ལྟར་ཡོངས་ [145b] [145b.1]གཅོད། །ཡེ་ཤེས་དབྱེར་མེད་ཁྱད་པར་ལས། །རབ་ཏུ་སྣང་བ་བསླད་པ་ཡིན། །ཞེས་བྱའོ། །འདི་ཉིད་ནི་ཆོས་ཀྱི་སྐུའོ། །དེའི་རྗེས་ལ་ལས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྣམ་པའི་ཡེ་ཤེས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་ [145b.2]ཤཱཀྱ་ཐུབ་པ་ལ་སོགས་པའི་རྣམ་པ་ནི་སྤྲུལ་པའོ། །དེ་རྣམས་ཀྱི་ངོ་བོ་གཅིག་པ་ཉིད་ནི་ངོ་བོ་ཉིད་ཀྱི་སྐུའོ། །དེ་བཞིན་དུ་རྣམ་པར་ཉེད་པ་ནི་ཆོས་སོ། །རྣམ་པར་སྨིན་པ་ནི་ལོངས་སྤྱོད་རྫོགས་པའོ། །རྣམ་པ་སྣ་ཚོགས་ནི་སྤྲུལ་པའོ། །མཚན་ཉིད་དང་བྲལ་བ་ནི་ངོ་བོ་ཉིད་ཀྱི་སྐུའོ། ། [145b.3]དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་ཀྱང་། ཇི་སྐད་དུ། གཟུགས་ཀྱི་སྐུ་ནི་ཕྱི་མའོ། །ཞེས་བསྟན་པ་ཡིན་ནོ། །ཇི་སྲིད་དུ་མི་དམིགས་པར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ་ཞེས་བསྟན་པས། དཔེ་འདི་དག་ཉིད་ཀྱིས་མཚོན་པ་གུས་པ་དང་བཅས་པས་རྒྱུན་མི་འཆད་པར་ཡུན་ [145b.4]རིང་པོར་བྱས་ཤིང་སྒོམ་པ་དང་། སྔོན་གྱི་སྨོན་ལམ་གྱི་དབང་གིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ངེས་པར་རྫོགས་པར་འགྱུར་རོ། །ཡང་ན་བདེ་བ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་སྟེ། གུས་པ་དང་བཅས་པ་ལ་སོགས་པ་ [145b.5]བསྒོམ་པ་ལས་གསལ་བར་རང་ཉིད་འབྱུང་བར་འགྱུར་བ་སྟེ། ཇི་སྐད་དུ། དེ་ཕྱིར་ཡང་དག་ཡང་དག་མིན། །གང་དང་གང་དེ་བསྒོམ་པ་ལས། །བསྒོམས་པའི་སྟོབས་ནི་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་བུ། །ཞེས་བསྟན་པ་ཡིན་ནོ། །འདིར་ཡང་སྔོན་གྱི་ [145b.6]སྨོན་ལམ་གྱི་བྱེ་བྲག་གི་དབང་གིས་གཟུགས་ཀྱི་སྐུ་གཉིས་ཡིན་ནོ། །འདི་ཉིད་ལ་འཇུག་པའི་ཐབས་ནི་གཉིས་ཏེ། ཇི་སྐད་དུ། དཀྱིལ་འཁོར་འཁོར་ལོ་སོགས་ཐབས་དང་། །རང་བྱིན་བརླབ་པའི་རིམ་པས་ཀྱང་། །ཞེས་གསུངས་པ་ཡིན་ནོ། །འདི་ལྟ་བུ་ཉིད་ནི་དབུ་མའི་ [145b.7]དོན་ཏོ་ཞེས་ཀྱང་བརྗོད་པར་བྱ་སྟེ། རང་རིག་རྒྱུན་ནི་མི་འཆད་ཅིང་། །སྔོན་པོ་ལ་སོགས་མི་སྣང་ཞིང་། །མཚན་མ་རྣམས་ཀྱང་མི་འབྱུང་བས། །དབུ་མ་ལ་ནི་ཞུགས་པ་ཡིན། །ཞེས་བྱའོ། །འདིར་མཚན་མ་རྣམས་མེ་འབྱུང་པ་ནི་མངོན་པར་ཞེན་པ་མེད་པ་བསྟན་ཏེ། ཡོད་པ་ [146a] [146a.1]དང་མེད་པ་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པས་མུ་བཞི་དང་བྲལ་བ་ཉིད་དོ། །འདིར་བཞི་པ་ཡང་། དེ་ལྟར་དེ་བཞིན་པ་བཞི་པ་ཡང་། །ཞེས་བྱ་བའི་ཚིག་གིས་ཏེ། དེ་ལ་དེ་ལྟར་ཞེས་བྱ་བ་ནི་ཤེས་རབ་ཀྱི་དུས་སུ་ཉམས་སུ་མྱོང་བ་དེ་ནི་རྣམ་པ་མེད་པའི་ཚོར་བའོ། །ཡང་ཞེས་ [146a.2]བྱ་བ་ནི་སྔོན་པོ་ལ་སོགས་པའི་འཁོར་ལོའི་རྙོག་པ་དང་བྲལ་བའོ། །དེ་བཞིན་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་བཞིན་དུ་རྟོགས་པར་བྱའོ། །གལ་ཏེ་རྣམ་པ་དང་བཅས་པར་སྨྲ་བ་རྣམས་ནི་རྣམ་པ་མེད་པའི་ཤེས་པ་ནི་རྨི་ལམ་དུ་ཡང་ཉམས་སུ་མྱོང་བ་མེད་དོ་ཞེས་ཟེར་ཏེ། ཇི་སྐད་དུ། རྣམ་པའི་ [146a.3]འཁོར་ལོ་སྤངས་པའི་བློ་ནི་འཇུག་པ་མེད། །དེ་ལ་གནོད་པ་སྟོབས་ཆེན་དབུ་མའི་ཚུལ་རྒྱས་དཔལ། །གལ་ཏེ་སྨོད་མིན་འདི་ནི་གཉིས་མེད་ཉིད་ནི་སྣ་ཚོགས་ཏེ། སེམས་ནི་རྣམ་པ་མེད་པར་འདོད་པའི་གནས་སྐབས་གང་ལས་གསལ། །ཞེས་པའོ། །དེ་ལྟར་རྟོག་པར་མི་བྱ་སྟེ། རྣམ་ [146a.4]པ་རབ་ཏུ་གསལ་བ་མེད་པས་རྣམ་པ་སྔར་མེད་པ་ཉིད་དོ་ཞེ་ན། དེ་མེད་པར་གསལ་བར་མི་ནུས་པ་ལ་ཉམས་སུ་མྱོང་བའི་རྗེས་ལ་སྣང་བ་ངེས་པའི་ཕྱིར། སྔོན་པོ་ལ་སོགས་པ་ཡོད་པ་ཡིན་ནོ། །གང་དེ་ཇི་སྲིད་སྣང་བའི་ཤེས་པ་གང་། །དེ་ནི་དེ་ལྟར་ཉམས་སུ་མྱོང་། །སྣ་ཚོགས་རྣམ་ [146a.5]པའི་སེམས་པ་ཉིད་དེ། གཅིག་པུའི་ངོ་བོ་ཞེས་བྱ་འདི། །ཞེས་བྱ་བས་དེ་ལྟར་སེམས་ལས་གཉིས་སུ་མེད་པའི་ཚོར་བ་མཆོག་ཉིད་ནི་ཡོད་དོ། །འདིར་ཡང་གཞུང་མངས་པའི་འཇིགས་པས་སྒྲུབ་པར་བྱེད་པ་དང་། གནོད་པར་བྱེད་པའི་ཚད་མའི་དཔྱད་པ་ནི་མ་བྱས་པའོ། །དེ་ལྟར་ཡང་མུ་ [146a.6]བཞི་དང་བྲལ་བའི་དབུ་མའི་དོན་འགྲུབ་པར་འགྱུར་ཏེ། དེ་ཡང་གསལ་བའི་དངོས་པོ་མེད་མིན་དེ་ལས་གཞན་བ་ཡོད་མ་ཡིན། །གཅིག་མིན་གཉིས་མིན་གཉིས་དང་གཉིས་མ་ཡིན་པ་དེ་དག་མིན། །དེ་ལྟར་འགྲོ་བ་གལ་ཏེ་མུ་བཞི་ལས་གྲོལ་བ། །རྣམ་བཅས་གཞུང་དང་དབུ་མའི་ཚུལ་ [146a.7]ལ་བྱེ་བྲག་ཅི། །ཞེས་བྱ་བའོ། །ལོངས་སྤྱོད་རྫོགས་པ་ལ་སོགས་པའི་ལྡོག་པས་ཐ་དད་དེ། རྣམ་པར་ཉེད་པ་ནི་ཆོས་སོ། །རྣམ་པར་སྨིན་པ་ནི་ལོངས་སྤྱོད་རྫོགས་པའོ། །རྣམ་པ་སྣ་ཚོགས་ནི་སྤྲུལ་པའོ། །མཚན་ཉིད་དང་བྲལ་བ་ནི་ངོ་བོ་ཉིད་ཀྱི་སྐུའོ། །མཚོན་པར་གྱུར་པ་ [146b] [146b.1]ཤེས་རབ་ཡེ་ཤེས། དེ་བཞིན་དུ་གོམས་པར་བྱ་བ་ནི་ཡང་གི་སྒྲས་བརྗོད་པར་བྱ་བ་བཞིན། །ཡན་ལག་བདུན་དང་ལྡན་པ་ནི་བསྒྲུབ་བྱར་འདོད་པར་འགྱུར་རོ། །དེ་ལ་ཡན་ལག་བདུན་ནི། ལོངས་སྤྱོད་རྫོགས་པའི་ཚོར་བ་དང་། ཁ་སྦྱོར་སྙོམས་པར་འཇུག་པ་དང་། བདེ་བ་ཆེན་པོ་བདེ་བའི་ངོ་བོ་ [146b.2]ཉིད་དང་། མེད་པ་རྟོག་པ་དང་བྲལ་བ་དང་། སྙིང་རྗེ་ངེས་པར་གང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལོངས་སྤྱོད་རྫོགས་པ་ལ་སོགས་པས་སེམས་ཅན་གྱི་དོན་མཛད་པ་དང་། རྒྱུན་མི་འཆད་པར་རབ་ཏུ་རྒྱུན་ཆད་པ་མེད་པ་དང་། འགོག་པ་མེད་པས་རྒྱུད་རྒྱུན་འཆད་པ་མེད་པའོ། །དེ་ཡང་། ལོངས་སྤྱོད་རྫོགས་ [146b.3]དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེ་དེས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་པོ་ཉིད་དང་ལྡན་པའི་བསྒྲུབ་བྱ་འདི། །མཚན་མས་ཡོངས་བསྒོམ་བློ་དང་ལྡན་པར་སྔགས་པ་རང་བཞིན་འདོད། །ཅེས་བསྟན་པ་ཡིན་ནོ། །ཡང་ན་ཡན་ལག་བདུན་གྱི་བསྒྲུབ་པའི་རྣལ་ [146b.4]འབྱོར་གྱིས་ཅི་ཞིག་བྱ། འདིར་ངེས་པ་མེད་དོ། །གང་གི་ཕྱིར་བདག་མེད་རྣལ་འབྱོར་མའི་འཁོར་ལོ་བསྒོམ་པ་ཡང་སངས་རྒྱས་ཉིད་ཀྱི་རྒྱུ་མ་ཡིན་ནམ། འདིར་ཡན་ལག་བདུན་གྱི་སྒྲུབ་ཐབས་ཀྱིས་རྣལ་འབྱོར་མ་ཡིན་ཏེ། ཁ་སྦྱོར་མེད་པའི་ཕྱིར་རོ། །དེ་སྐད་དུ། ཡན་ལག་བདུན་ལྡན་ [146b.5]བསྒྲུབ་བྱ་འདི། །དེ་ཉིད་གལ་ཏེ་བསྒྲུབ་བྱ་ན། །བདག་མེད་རྣལ་འབྱོར་མའི་འཁོར་ལོར། །རྟོགས་པར་ཅི་ཡི་ཕྱིར་མི་འདོད། །ཅེས་བྱའོ། །གལ་ཏེ་འདི་སྙམ་དུ་སེམས་ཏེ། དེ་ལ་ཡང་ཁ་ཊྭཱཾ་གའི་ཐབས་དང་། ཁ་སྦྱོར་ཡོད་དེ། དེ་སྐད་དུ། ཁ་ཊྭཱཾ་ག་དང་སྦྱོར་ལྷ་མོ། །ལོངས་སྤྱོད་རྫོགས་ [146b.6]པ་ལ་སོགས་ལྡན། །བདག་མེད་རྣལ་འབྱོར་མ་འཁོར་ལོར། །རྟོགས་པར་ཅི་ཡི་ཕྱིར་མི་འགྲུབ། །ཅིས་བསྟན་པའོ། །དེ་ཡང་མཛེས་པ་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་། ཇི་སྐད་བསྟན་པའི་ཁ་སྦྱོར་མེད་ན་ཡང་། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་བྱང་ཆུབ་ཀྱི་ [146b.7]སེམས་ཀྱི་ཁ་སྦྱོར་ཡོད་པས། གསང་སྔགས་ཀྱི་ཚུལ་ལྟར་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་བྱ་འགྲུབ་པར་ཐལ་བར་འགྱུར་རོ། །ཁྱད་པར་ཅན་གྱི་ཁ་སྦྱོར་བོར་ནས་གལ་ཏེ་གཞན་དུ་རྟོག་ན། ཐེག་པ་གཞན་གྱི་སྟོང་བ་ཉིད་དང་། རང་བཞིན་གྱི་ཁ་སྦྱོར་ལ་ཡང་ཐལ་བར་འགྱུར་རོ། །དེ་ [147a] [147a.1]ལྟ་བས་ན་འདིར་ཡང་སྒྲུབ་པར་བྱེད་པ་ཡན་ལག་བདུན་དང་ལྡན་པ་ཉིད་རིགས་པ་ཡིན་ཏེ། གང་གི་ཕྱིར་ནུ་མ་སྤངས་ན་རྡོ་རྗེར་འགྱུར། །པདྨའི་དཀྱིལ་དུ་རྣམ་པར་གནས། །འགྲམ་གཉིས་དྲིལ་བུར་བསྒྱུར་ནས་ནི། ཟེའུ་འབྲུ་ཉིད་ནི་རྡོ་རྗེར་འགྱུར། །ཞེས་བྱ་བ་དེ་ཡང་མཛེས་པ་ [147a.2]མ་ཡིན་ཏེ། གང་གི་ཕྱིར་འདི་དག་ཐམས་ཅད་གྲུབ་པའི་གནས་སྐབས་མ་ཡིན་ཏེ། སྒྲུབ་པའི་དུས་ནི་མ་ཡིན་ནོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་དེ་ལྟ་བུས་གྲུབ་པར་བྱེད་པ་མེད་པར་ཡང་བསྒྲུབ་པར་བྱ་བ་ཡན་ལག་བདུན་ལྡན་འགྲུབ་པར་ཐལ་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་ [147a.3]བཟློག་པར་དཀའ་སྟེ། དང་པོར་ཁ་སྦྱོར་མེད་པར་རྫོགས་པ་ན་དེ་ཡོད་པར་འགྱུར་རོ། །དེ་ལྟ་བུ་ནི་ཁོ་བོ་ཅག་ཀྱང་འདོད་ན། ཡང་སྒྲུབ་པའི་ཐབས་ནི་གཞན་ཉིད་ཡིན་ནོ། །འདི་དག་ཉིད་ལས་གཞན་དག་ནི། །སྒྱུ་མ་ལྟ་བུ་གཉིས་སུ་མེད་པའོ། །ཞེས་རྗོད་པར་བྱེད་དེ། ཇི་ལྟར་རྨི་ལམ་ན་ཉམས་ [147a.4]སུ་མྱོང་བའི་འདོད་པ་ཅན་དང་ལྷན་ཅིག་དགའ་བ་ཉམས་སུ་མྱོང་བའི་རྗེས་ཐོགས་ལ་རྨི་ལམ་བརྟགས་པའི་རྨི་ལམ་གྱི་དངོས་པོ་ཡང་དག་པར་མྱོང་བར་འགྱུར་བས་ན། ཉམས་སུ་མྱོང་བས་བརྫུན་པ་ཡང་མ་ཡིན་ནོ། །བདེན་པ་ཡང་མ་ཡིན་ཏེ། སད་པའི་དུས་ན་ཉེ་བར་དམིགས་པའི་ [147a.5]དོན་བྱ་བ་བྱེད་པའི་བདག་དང་གཞན་ཡང་དག་པར་རིག་པའི་རྫས་བཞིན་དུ་མི་སླུ་བ་མེད་པའི་ཕྱིར་རོ། །དེ་སྐད་དུ། གལ་ཏེ་རྨི་ལམ་རྨི་ལམ་ལྟར། །སེམས་ཉིད་སྣ་ཚོགས་བརྫུན་འགྱུར་ཏེ། །བདེན་པ་མ་ཡིན་མི་རིགས་ལས། །ཆགས་པ་མ་ཡིན་གསལ་འགྱུར་བས། །ཞེས་པ་ཡིན་ནོ། །དེ་ལྟར་ཡང་སྣ་ཚོགས་ [147a.6]འདི་ཤིན་ཏུ་བརྫུན་པ་མ་ཡིན་ཏེ་རིགས་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་ཡང་མ་ཡིན་ཏེ། ཡོད་པ་དང་མེད་པའི་སྐྱེ་བ་དང་མི་ལྡན་པ་ཞེས་བྱ་བ་ལ་སོགས་པས། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ལ་མངོན་པར་ཞེན་པའི་དོན་དམ་པར་ཤིན་ཏུ་མ་སྐྱེས་པ་ཉིད་ལམ་སྐྱེས་པའི་སེམས་ནི་མེད་ [147a.7]པའི་ཕྱིར་རོ། །ཇི་སྐད་དུ། རྟེན་ཅིང་འབྲེལ་པར་གང་བྱུང་བ། །ངོ་བོ་ཉིད་ཀྱི་དེ་མ་སྐྱེས། །ངོ་བོ་ཉིད་ཀྱི་གང་མ་སྐྱེས། །དེ་ལ་སྐྱེ་ཞེས་ཇི་ལྟར་བརྗོད། །ཅེས་གསུངས་པ་ཡིན་ནོ། །འདིར་ཡང་བཞི་པ་ཉིད་དང་། ཆོས་ཀྱི་སྐུ་ལ་སོགས་པ་དང་ལྡན་པ་ཉིད་དུ་རྣམ་པར་གཞག་པ་ནི་སྔ་མ་བཞིན་དུ་རྟོགས་ [147b] [147b.1]བར་བྱ་བ་ཉིད་དོ། །གལ་ཏེ་དྲག་པོའི་དབང་བསྐུར་བའི་སྟོབས་ཀྱིས་བྱས་པ་རིག་པ་དང་བྲལ་བའོ་ཞེས་བྱ་བའི་བར་གྱི་འདི་རིག་པ་དང་བྲལ་བ་ཉིད་ཇི་ལྟ་བུ་ཞེ་ན། བརྗོད་པར་བྱ་སྟེ། ལུང་དང་འགལ་བ་ཉིད་དུ་བསྟན་པའི་ཕྱིར། རྣམ་ཉེད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། །མཆོག་ཏུ་དགའ་བྲལ་ [147b.2]དབུས་དག་ཏུ། །མཚོན་ཞིང་ལྟོས་ལ་བསྟན་པར་གྱིས། །ཞེས་བྱ་བས་འདིར་གཉི་གའི་དབུས་སུ་འདོད་པ་ཉིད་དོ། །དེ་ཁྱེད་ཀྱི་གཞུང་གིས་ནི་མེད་དོ། །དེ་ནི་མ་ཡིན་ཏེ། འདིའི་དོན་ནི་གཞན་ཡིན་ནོ། །དེ་ལྟ་ན་ཡང་འདི་ནི་ངེས་པར་བཟུང་པའི་དྲུག་པ་སྟེ། དེས་ན་དོན་ནི་འདི་ཡིན་ཏེ། འདི་གཉིས་ [147b.3]ཀྱི་དབུས་སུ་གང་གཙོ་བོར་གྱུར་པ་དེ་འདིར་གཟུང་བར་བྱ་སྟེ། གཙོ་བོ་ཉིད་ནི་དགའ་བྲལ་ཉིད་དོ། །འདི་ནི་མི་ལེགས་པ་ཅུང་ཟད་ཀྱང་མེད་དོ་ཞེས། དེ་ལྟ་ན་ནི། དགའ་བྲལ་དང་པོ་མཆོག་གི་མཐའ། །སྟོང་དང་སྟོང་མིན་ཧེ་རུ་ཀ། །ཞེས་བྱ་བ་དང་ཡང་མི་འབྱོར་རོ། །དེས་ན་འདི་ནི་དགའ་བྲལ་དང་པོ་མཆོག་ [147b.4]ཏུ་དགའ་བའི་མཐའ་ཞེས་བྱ་བའི་གཞུང་ལུགས་སོ། །འོན་ཏེ་དེ་ནི་མ་ཡིན་ཏེ། གང་ཕྱིར་དེའི་དོན་ཡང་གཞན་ཏེ། དགའ་བྲལ་ཡང་ཡིན་ལ་དང་པོ་ཡང་ཡིན་པས་དགའ་བྲལ་དང་པོ་སྟེ། དང་པོ་ཉིད་ནི་ལྷན་ཅིག་སྐྱེས་པ་ལ་ལྟོས་པའི་ཕྱིར་རོ། །དེས་ན་འདི་ཉིད་ལེགས་པར་གནས་པ་ཡིན་ནོ་ཞེ་ན། དེ་ལྟ་ན། དགའ་ [147b.5]བྲལ་དང་པོ་མཚོན་པར་བྱ། །དེ་ནི་དག་པ་གསུམ་བྲལ་ཉིད། །ཅེས་བྱ་བ་ཇི་ལྟར་ཡིན། འདིར་ཡང་དགའ་བྲལ་ཡང་ཡིན་ལ་དང་པོ་ཡང་ཡིན་པས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟ་ན་ཡང་། རྣམ་པར་ཉེད་པ་དཔྱོད་པར་བརྗོད། །རང་གི་བདེ་བ་ཟ་བ་ཉིད། །ཅེས་བྱ་བ་ཇི་ལྟ་བུ། འདིར་ཡང་རྣམ་ [147b.6]པར་ཉེད་པ་ལ་སོགས་པའི་ཚིག་རྣམས་ནི་རྣམ་པར་རྟོག་པའི་ངོ་བོ་ཡིན་པར་གསལ་པོ་ཉིད་དུ་རྟོགས་པར་བྱའོ། །དེ་ལྟ་ན་ཡང་། འདིར་གང་གི་ཕྱིར་རྣམ་པར་མི་རྟོག་པ་ཞེས་མངོན་པར་བརྗོད་པར་ཇི་ལྟར་འགྱུར། དེ་ལྟ་བས་ན་འཇིག་རྟེན་གྱི་གྲགས་པས་གནོད་པ་ཡིན་ནོ། །དེ་ཡང་འཇིག་རྟེན་ནི་རྣམ་ [147b.7]པར་ཉེད་པ་དང་། རྣམ་པར་རྩོད་པ་དང་། རྣམ་པར་བསྐྱོད་པ་དང་། རྣམ་པར་དཔྱོད་པ་དང་། དེའི་དགོས་པ་ལ་སོགས་པའི་རྣམ་པར་སེམས་པའོ་སྙམ་པའོ། །གཞན་ཡང་། དགའ་བ་དང་པོ་སྣ་ཚོགས་ཉིད། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་བྲལ་དགའ་བ་རྣམ་པར་ [148a] [148a.1]ཉེད། །ལྷན་ཅིག་སྐྱེས་པ་མཚན་ཉིད་བྲལ། །ཞེས་བྱ་བ་ཡིན་ཏེ། འདིར་ཡང་དགའ་བྲལ་ཉིད་ནི་རྣམ་པར་ཉེད་པ་ཞེས་བྱ་བར་ངེས་པ་ཡིན་ནོ། །གཞན་ཡང་། དགའ་བ་དང་པོ་འགྲོ་བ་ཉིད། །དེ་བཞིན་མཆོག་དགའ་འང་འགྲོ་བ་ཡིན། །དགའ་བྲལ་དགའ་བ་འང་འགྲོ་བ་ཉིད། ། [148a.2]ལྷན་ཅིག་སྐྱེས་པ་གསུམ་མི་དམིགས། །ཞེས་བྱ་བའི་དགའ་བྲལ་ཡང་འགྲོ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། འཁོར་བའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །འདི་ནི་འཁོར་བའི་རྣམ་པར་རྟོག་པ་ཙམ་དུ་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་དང་བཅས་པ་ཉིད་དུ་བསྟན་པར་འགྱུར་རོ། །འོན་ [148a.3]ཏེ་ལྷན་ཅིག་སྐྱེས་པའི་རྣམ་པར་མི་རྟོག་པ་ཉིད་དུ་འདོད་པའང་འགྲུབ་པར་མི་འགྱུར་རོ། །འདི་ཡང་། ལྷན་ཅིག་སྐྱེས་དགའི་ངོ་བོ་གང་། །མཆོག་མཐའ་དགའ་བྲལ་དང་པོ་ཅན། །ཞེས་བྱ་བས་སོ་ཞེས་ཟེར་བ་དེ་ཡང་མི་འཐད་དེ། རྣལ་འབྱོར་མའི་རྒྱུད་དུ་བསྒྲུབ་པར་བྱ་བ་དེ་ཡང་ལྷན་ཅིག་ [148a.4]སྐྱེས་པ་ཞེས་བྱ་བ་བདེ་བ་ཆེན་པོ་མཆོག་ཏུ་དགའ་བའི་མཐའ་དགའ་བྲལ་གྱི་དང་པོར་འབད་པས་མཚོན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ཡང་མི་འཐད་དོ། །དེ་ཡང་། བུམ་པའི་དབང་ནི་དང་པོ་སྟེ། །གསང་བ་མཆོག་གི་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ལྟར་ [148a.5]དེ་བཞིན་བཞི་པ་ཡང་། །ཞེས་བྱ་བས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། ལྷན་ཅིག་སྐྱེས་པའི་དབང་བསྐུར་བ་ཡིན་ནོ་ཞེས་བྱ་བ་དེ་ཡང་དེས་ན་ཉམས་པར་འགྱུར་རོ། །དེའི་ཕྱིར་གཞུང་གི་གཙོ་བོ་ཉམས་པར་འགྱུར་བ་དང་། ལུང་དང་ཡང་འགལ་བའི་རྣམ་པར་ [148a.6]ཉེད་པ་རྣམ་པར་རྟོག་པ་ཡིན་པས་གསུམ་པར་འདོད་པར་མི་བྱའོ། །གང་གི་ཕྱིར་དེ་ལ། རྣམ་པར་མི་རྟོག་པ་ཉིད་ཀྱི་ཚོར་བ་ཡོད་པས་དེ་ཉིད་འཁོར་དང་བཅས་པ་ལེགས་པར་བསྡུས་པ་ཡིན་ནོ། །དེའི་ཕྱིར་མཚན་ཉིད་བྲལ་བར་རིགས། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གལ་ཏེ་འཇིག་རྟེན་ [148a.7]གྱི་གྲགས་པས་གནོད་པ་མ་ཡིན་པའི་ཕྱིར། དེ་ལྟར་རྣམ་པར་ཉེད་པར་བརྗོད། །ཅེས་བྱ་བ་ལ་སོགས་པའི་གནོད་པ་སྟོན་ཞེ་ན། ཁྱོད་ཀྱི་དེ་ལྟ་བུ་དེ་ཡང་བདག་གི་བསམ་བམ་ཤེས་པའི་འབྲས་བུ་ཡིན་ཏེ། གང་གི་ཕྱིར། དགའ་བྲལ་དགའ་བ་འགྲོ་བ་ཉིད། །ཅེས་བྱ་བའི་རྣམ་པར་ཉེད་ [148b] [148b.1]པ་འགྲོ་བའི་ངོ་བོ་ཉིད་དུ་སྐབས་ལ་བབ་པའི་གནོད་པ་ཇི་ལྟར་བསྟན་པའི་ལུང་ཐམས་ཅད་མི་འགྲུབ་པ་ཉིད་དོ། །རྣམ་ཉེད་ཀུན་དུ་དཔྱོད་ཅེས་བྱ་བ་ལ་སོགས་པས་ནི་གནོད་པ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ན་གཱ་རྫུ་ནའི་ཞལ་སྔ་ནས་ཀྱིས་ཀྱང་། ཕྱག་རྒྱ་བཞིའི་རྗེས་སུ་བཀོད་པ་ [148b.2]ལས་ཀྱང་། མཆོག་ཏུ་དགའ་བ་དང་། དགའ་བྲལ་དག་གི་དབུས་སུ་མཚོན་ཅིང་ལྟོས་ལ་བསྟན་པར་གྱིས་ཞེས་བྱ་བ་ལ་སོགས་པས་གནོད་པ་བསྟན་པ་ཡིན་ཏེ། དེ་ཡང་ཁྱོད་ཀྱི་གཞུང་ལ་མེད་དོ། །དགའ་བའི་བདེ་བ་ཅུང་ཟད་བདེ། །མཆོག་ཏུ་དགའ་བ་ [148b.3]དེ་བས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་འགྱུར། །ལྷན་ཅིག་སྐྱེས་དགའ་ལྷག་མ་ཉིད། །ཅེས་བྱ་བ་ཡང་ཇི་ལྟར་ཞེ་ན། དེ་ཡང་འདི་ལྟར་ཤེས་པར་བྱ་སྟེ། དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་ཉིད་ནི་ཅུང་ཟད་བདེ་བ་སྟེ། དེ་བས་ན་ལྷག་པའི་འདོད་ཆགས་འཛིན་པའི་ཕྱིར་ལྷག་མ་ནི་ཤིན་ཏུ་ལྷག་མར་འགྱུར་ [148b.4]བས། གསུམ་ལས་གཞན་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་པར་ཤེས་པར་བྱའོ། །ཡང་དགའ་བ་དང་། མཆོག་དགའ་བ་དང་། དགའ་བྲལ་དང་། ལྷན་ཅིག་སྐྱེས་པ་ཞེས་བྱ་བ་གོ་རིམས་ཀྱི་དབང་གིས་བཞག་པ་ཡིན་ལ། རྟོགས་པར་བྱ་བ་ནི་ལྷན་ཅིག་སྐྱེས་པ་གསུམ་པར་རོ། །གང་ [148b.5]ཡང་འདི་སྐད་དུ། བཅོམ་ལྡན་འདས་ཀྱིས་ལེགས་པར་དབང་བསྐུར་བ་ཉིད་གང་ལས་ཀྱང་མ་བསྟན་པར། ཅིའི་ཕྱིར་ཉོན་མོངས་པ་མང་པོ་རྣམས་ལ་དྲག་པོའི་དབང་བསྐུར་བ་དགོས་པའི་ཚིག་དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་དང་། ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་རིམ་པས་ [148b.6]བསྟན་ཅེ་ན། དེ་ནི་མ་ཡིན་ཏེ། གླེགས་བམ་གྱིས་མཁས་པར་བྱེད་ཅིང་དགེ་བའི་བཤེས་གཉེན་ལ་ལྟོས་པ་དང་བྲལ་བ་དགག་པའི་ཕྱིར། གོ་རིམས་འདི་ལྟར་བཤད་པ་ཡིན་ཏེ། དེ་སྐད་དུ་ཡང་། བྱང་ཆུབ་དེ་དགེ་བའི་བཤེས་གཉེན་ལ་རག་ལས་པས་ཞེས་བྱ་བ་དང་། གཞན་ལས་ [148b.7]ཀྱང་། བླ་མ་མཉེས་པར་ས་ཐོབ་པར། །ཞེས་བྱ་བས་སོ། །འདིར་ཅུང་ཟད་ལུང་དང་འགལ་བས། དྲག་པོའི་དབང་བསྐུར་བ་དང་། དབང་བསྐུར་ངན་པ་དགག་པ་ཉིད་ཡིན་ཏེ། རྣམ་པར་ཉེད་པ་ལ་སོགས་པར་གཞག་པ་དགག་པ་ཉིད་མ་ཡིན་ཏེ་དེ་དང་ཀུན་དུ་སྦྱར་བ་དང་འགལ་བ་ཙམ་ཉིད་ [149a] [149a.1]ཀྱི་ཕྱིར་རོ། །དེ་ནས་རྡོ་རྗེ་འཆང་གི་དབུགས་དབྱུང་བའི་ངོ་བོ་ཉིད་དུ་དབང་བསྐུར་བཟང་པོའི་གྲུབ་པའི་མཐའ་ཉིད་མ་ལུས་པར་རྣམ་པར་གཞག་པར་རིག་པར་བྱའོ། །ཞེས་སྨྲ་བར་བྱེད་པའི་དོན་དུ་འདིར་བསྟན་པ་ཡིན་ནོ། །དྲག་པོའི་དབང་བསྐུར་བ་སྨྲ་བ་རང་གི་གྲུབ་པའི་མཐའ། [149a.2]དེ་སྐད་དུ་སྨྲ་བར་བྱེད་པའི་དེ་དག་གི་ཕྱིར་དེ་ལྟར་བསྟན་ནས། དེའི་རྗེས་ཐོགས་སུ། དབང་བསྐུར་ངན་པ་བསྟན་པའི་ཕྱིར། །འོ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལྟ་བ་ནས་བརྩམས་ནས་ཇི་སྲིད་དུ་ཕྱི་རོལ་གྱི་བྱ་བ་ཅི་སྙེད་པ་ནི་རྣམ་པ་སྣ་ཚོགས་སོ། །རྡོ་རྗེ་དང་པདྨ་སྦྱོར་བ་ནས། རི་བོང་ [149a.3]ཅན་ནོར་བུར་བྱུང་བའི་བར་དུ་བསྐྱོད་པ་དེ་ནི་རྣམ་པར་སྨིན་པའོ། །རིན་པོ་ཆེ་བཀག་པ་ནས་ཆད་པར་འགྱུར་བར་སུན་དབྱུང་བར་གནས་ཀྱི་བར་དུ་མཚན་ཉིད་དང་བྲལ་བའོ་ཞེས་གང་དེ་ལྟར་སེམས་པ། དེས་ནི་དབང་བསྐུར་ཡང་དག་རིག །ཅེས་བྱ་སྟེ། ཡང་དག་རིག་ཅེས་བྱ་བ་ནི་ཞད་ [149a.4]གད་དོ། །དེ་བཟློག་པར་བྱ་བའི་ཕྱིར། རིན་ཆེན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ཞི་བ་ཡིན་པས་ཞི་བའོ། །འདི་རིག་བྱེད་ཡིན་པས་ན་རིག་བྱེད་དོ། །གལ་ཏེ་ཅི་འདི་ཞི་བ་ལ་སོགས་པ་ལ་འདི་ལྟ་བུ་ཡོད་དམ་ཞེ་ན། དེའི་ཕྱིར་ལྷ་མོ་རིན་ཆེན་གྲོང་ཁྱེར་ཞེས་བྱ་བ་སྨྲས་ཏེ། རིན་ [149a.5]ཆེན་ནི་ནོར་བུའོ། །དེའི་གྲོང་ཁྱེར་ནི་གནས་གང་ཡིན་པ་སྟེ། གང་བདེ་བའི་ངོ་བོར་མངོན་བར་འདོད་པ་དེ་ནི། རིན་ཆེན་གྲོང་ཁྱེར་རོ། ཟེའུ་འབྲུ་ལྷུང་བ་ནི་ཞུ་བར་གྱུར་པ་སྟེ། སྙིང་པོ་མེད་པ་ཉིད་དེ། དྲག་པོ་ནི་ལེགས་ལྡན་ནོ། །མཉམ་འདུས་ནི་སྙོམས་པར་འཇུག་པའོ། །ཞི་བ་ནི་དགེ་བ་ [149a.6]འབྱུང་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ན་མཆོག་གོ། །དེ་ཉིད་ནི་དེ་ཁོ་ན་ཉིད་དོ། །ནུས་པ་ནི་སེམས་ཀྱི་གཟུགས་སོ། །མཆོག་ནི་གཙོ་བོ་དེ་ཉིད་དོ། །དེའི་རང་གི་ངོ་བོ་ནི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ་གོ་སླའོ། །དེ་ཉིད་ཁོ་ན་སྣ་ཚོགས་ཀྱི་ངོ་བོར་ཡོད་པ་ཉིད་དོ་ཞེས་བསྟན་པའི་ [149a.7]ཕྱིར། །སྲིད་པའི་དེ་ཉིད་དུ་ནི་མེད། །ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྲིད་པ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའོ། །དེ་ཉིད་དུ་ཞེས་བྱ་བ་ནི་དོན་དམ་པ་མེད་པ་ཉིད་དོ། །དེ་ལྟར་ན་སྔོན་པོ་ལ་སོགས་པའི་སྣང་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ནུས་པའི་གཟུགས་སུ་བསྒོམ་བྱས་ན། ཞེས་ [149b] [149b.1]བྱ་བ་སྨྲས་ཏེ་སེམས་ནུས་པའི་ངོ་བོར་གྱུར་པ་སྟེ། སེམས་ཀྱི་ངོ་བོར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་དེ་ཉིད་ཡང་དག་པར་ཡོད་པར་འགྱུར་རོ་ཞེ་ན། །དེའི་ཕྱིར། དེ་དག་དགག་པར་བྱ་བའི་ཕྱིར། །སྟོང་པར་མཐོང་བ་ནུས་པ་ཡིན། །ཞེས་སྨྲ་སྟེ་གོ་སླའོ། །དེ་ལྟ་བུ་དེ་ཡང་མུ་བཞི་ [149b.2]དང་བྲལ་བའི་དབུ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །བེརྒའི་རྩེ་མོ་ཡལ་གའི་ནུས་པས་རྒྱུད་ལས། བདེན་མིན་བརྫུན་མིན་བདེན་བརྫུན་མིན། །དེ་དག་གཉི་ག་སྤངས་པའང་མིན། །དེ་ཡི་གནས་སྐབས་རྟོགས་དཀའ་བ། །འདི་ལས་མཆོག་གཞན་ཅི་ཞིག་ཡོད། །ཅེས་བསྟན་པ་ཡིན་ནོ། ། [149b.3]རྣམ་པ་གཞན་གྱིས་ཀྱང་དེ་ཉིད་བསྟན་པ་ནི། ཞི་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཆེན་དཀྱིལ་དུ་གནས་པའོ། །ཞེས་བྱ་བ་ནི་ནོར་བུའི་དཀྱིལ་ན་གནས་པའོ། །རྣལ་འབྱོར་པས་དེ་ལྟ་བུར་རིག་པའི་ཡེ་ཤེས་ཀྱི་ཁོང་དུ་ཆུད་པའི་མཐར་ཐུག་པར་བསྟན་པ་ནི། ཡེ་ཤེས་བདུད་རྩི་ཞེས་ [149b.4]བྱ་བ་ལ་སོགས་པ་སྨྲས་ཏེ། གོ་སླའོ། །ད་ནི་རིག་བྱེད་ཀྱི་མཐའ་འཆད་པར་འགྱུར་བའི་གཞུང་ལུགས་ཀྱི་རིམ་པ་འོངས་པ་ཉིད་ཀྱི་གལ་ཏེ་སྨྲ་བར་བྱེད་ན། དེའི་ཕྱིར་དེ་དག་གིས་བདེ་བ་རྟོགས་པར་བྱ་བའི་ཕྱིར་དང་། དེ་དོར་བའི་ཕྱིར་ཕྱེད་སྔ་མ་དབང་པོ་ཡུལ་འདས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དབང་ [149b.5]པོ་རྣམས་ལས་གཞན་མཆོག་སྨྲ་བ་ནི། །དབང་པོ་དག་ལས་མཆོག་ནི་ཡིན། །ཡིད་ལས་ཕ་རོལ་གྱུར་པ་བློ། །བློ་ལས་ཕ་རོལ་གང་དེ་དེ། །ཞེས་བྱའོ། །ལྷག་མ་ནི་གོ་སླའོ། །ལེགས་ལྡན་གྱི་གྲུབ་པའི་མཐའ་ནི་རིག་བྱེད་ཀྱི་དཔེས་ཉེ་བར་མཚོན་པའི་ཕྱིར་སྔར་བསྟན་པ་ཉིད་རྒྱས་པར་ [149b.6]བསྟན་པའི་ཕྱིར། ནུས་པ་དང་ཕྲད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། ནུས་པ་ནི་བརྐྱང་མའོ། །དེ་དང་ཕྲད་པ་ནི་སྦྱོར་བའོ། །བསྐྱོད་པ་ནི་དེ་ནས་བསྐུལ་བསྐྱོད་དོ། །ནུས་པ་དབང་བསྐུར་མཐར་ཐུག་པའོ། །ཞེས་བྱ་བ་ལ་ནུས་པའི་ཡན་ལག་དང་ལྡན་པའོ། །དབང་བསྐུར་བ་ནི་མངོན་པར་ཞེན་པ་སྟེ། གོང་ [149b.7]ནས་གོང་དུ་རྗེས་སུ་ཆགས་པའོ། །དེའི་མཐར་ཐུག་པ་ནི་དེའི་མཐར་ཐུག་པའི་བདེ་བ་གང་ཡིན་པའོ། །ཚངས་པའི་དེ་ཉིད་ནི་དབང་གི་ཡེ་ཤེས་ཀྱི་དེ་ཉིད་དོ། །བདེ་དེས་ཞེས་བྱ་བ་ནི་རང་གིས་ཏེ། བདག་གིས་ཞེས་བརྗོད་པའོ། །དེ་དག་ལྟར་ན་ནི་རྡོ་རྗེའི་དཀྱིལ་དང་། དེའི་རྩེ་མོ་དང་། བར་དང་། ཐོད་ [150a] [150a.1]པ་ལ་གནས་པའི་དེ་དག་དང་མཚུངས་པར་གྱུར་ཏེ། བརྐྱང་མ་ཀུན་ལས་བྱུང་བ་བཞིན་དུ་དགའ་བའི་དགའ་བ་མི་ཟད་པའི་དུས་ན་འབྱུང་བའི་ཡང་དག་པར་རིག་པ་ནི། དེ་སྲིད་དུ་རིག་བྱེད་ལས་བྱུང་བའི་གཞུང་ལུགས་ལས་བྱུང་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་རང་གི་ངོ་བོ་བསྟན་ [150a.2]པའི་ཕྱིར། །སྡུག་བསྔལ་འབྱུང་བ་མེད་པ་ཡིས། །ཞེས་བྱ་བ་སྨྲས་ཏེ་གོ་སླའོ། །འདི་དག་གིས་ནི་འགྲོ་བའི་ངོ་བོ་གཅིག་པར་བསྟན་པའི་ཕྱིར། །ཅུང་ཞིག་གང་དང་གང་མཐོང་བ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གོ་སླའོ། །དེའི་རྗེས་ལ་ཡེ་ཤེས་ཀྱི་ཁྱད་པར་བརྐྱང་མ་ཉིད་བསྔགས་ [150a.3]པའི་ཕྱིར། སྡུག་པ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྡུག་པ་མཐོང་བ་ནི་མཐོང་བ་སྟེ། འདི་དང་མངོན་པར་འདོད་པའི་ཐར་པ་ཞེས་བྱ་བས་སོ། །ལྷག་མ་ནི་གོ་སླའོ། །འདི་དག་གིས་ནི་དེ་དག་ལས་གཞན་པའི་བཤད་པ་སྤངས་ནས་བརྐྱང་མ་ཉིད་ཀྱི་དཔེ་བསྟན་པར་བྱ་བའི་ཕྱིར་ངེས་པར་ [150a.4]མཐོང་བར་འདོད་པ་ཉིད་དོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ཞུགས་པས་དེ་ནི་མངོན་པར་ཞེན་པ་ཐམས་ཅད་སྤངས་པའི་ཕྱིར། ཆོས་དང་ཆོས་མིན་སྤངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་གོ་སླའོ། །མུ་བཞི་དང་བྲལ་བ་ཉིད་དུ་བསྟན་པའི་ཕྱིར། དངོས་པོ་བདེན་པ་ཡོད་མ་ཡིན། ། [150a.5]ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གོ་སླའོ། །དེ་ལྟར་གཞན་གྱི་གཞུང་དང་མཚུངས་པར་སྨྲས་ནས། རང་གི་གཞུང་དང་འགལ་བར་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིར་དབུ་མ་ལ་སོགས་པའི་རྣམ་པར་དཔྱད་པའི་དོན་ནི། གསང་སྔགས་ཀྱི་ཚུལ་གྱི་འབྲས་བུ་ལྷའི་ [150a.6]རྣལ་འབྱོར་གྱིས་བསྟན་པར་བྱ་བ་ཡིན་ཏེ། དེའི་ཕྱིར། གང་ལ་གང་གིས་རྒྱས་བཏབ་པ། །དེ་དང་དེ་ཡི་ངོ་བོར་འགྱུར། །ཞེས་བྱ་བས་གཟུང་བར་བྱ་བའི་གཟུགས་ལ་སོགས་པའི་ཕུང་པོ་བཞིའི་ངོ་བོ་གཟུང་བ་སྤངས་པའི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པ་འཛིན་པ་བཞི་པོ་གཞན་གྱི་དབང་གི་ [150a.7]ངོ་བོར་བསྟན་ཏེ། དེ་དག་གིས་རྒྱས་བཏབ་པའི་དོན་དུ་ཡོངས་སུ་གྲུབ་པའི་ངོ་བོ་གཟུང་བ་དང་འཛིན་པས་སྟོང་པ་མི་བསྐྱོད་པའོ་ཞེས་བརྗོད་དོ། །དེ་ལྟ་ན་ནི་ལུང་ལས་བསྟན་པའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང་འགལ་ཏེ། རིན་པོ་ཆེའི་དཀྱིལ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྲུབ་པའི་ངོ་བོ་ [150b] [150b.1]མི་བསྐྱོད་པའི་ངོ་བོར་གྱུར་བ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་མེད་པར་སངས་རྒྱས་ཀྱིས་མཛད་པའི་གྲུབ་པའི་མཐར་མི་འགྱུར་ཏེ། ཇི་ལྟར་ཞེ་ན། ཕྱི་རོལ་པའི་གྲུབ་པའི་མཐའ་དང་མཚུངས་པའི་ཕྱིར་རོ། །དེ་ཡང་ལ་བའི་ན་བཟའ་ཅན་གྱི་ཞལ་སྔ་ནས། ཐམས་ཅད་མཚུངས་པར་རབ་ཏུ་དཔྱད་བྱས་ནས། [150b.2]ཕྲ་རབ་ལྟ་བའི་བློ་ཡིས་མཐར་བྱས་ཏེ། །སངས་རྒྱས་པ་དང་ཕྱི་རོལ་རྣམས་ཕྱེ་ན། །གཅིག་ཀྱང་མི་དམིགས་དེ་ཕྱིར་སྟོང་པར་སྨྲ། །རྣམ་རིག་ལ་གནས་མི་འགྱུར་ཞེས། །དེའི་ཕྱིར་འཇིག་ལ་ཐུག་པ་ཡིས། །ཆོས་རྣམས་ཐ་དད་བསྟན་ནས་ནི། །སྟོང་པའི་ཆོས་རྣམས་ཡང་བསྟན་ཏོ། །ཞེས་ [150b.3]གསུངས་པ་དང་། གསུང་རབ་ལས་ཀྱང་། མ་ལུས་རིག་བྱེད་གྲུབ་མཐའ་དང་། །དབང་ཕྱུག་ལ་སོགས་ཀྱིས་བྱས་དང་། །སངས་རྒྱས་རྣམས་ཀྱི་སྔགས་རྒྱུད་ཀྱི། །སྟོང་པ་ཉིད་ལ་བྱེ་བྲག་ཡོད། །ཅེས་བྱ་བས་གཞན་དག་གིས་ཡོངས་སུ་བརྟགས་པའི་སྟོང་པ་ཉིད་དུ་སྨྲ་བ་དང་། དེ་བཞིན་ [150b.4]གཤེགས་པས་བསྟན་པའི་སྟོང་པ་ཉིད་ལ་ལྡེམ་པོར་དགོངས་པ་བྱས་པས་ཁྱད་པར་ནི་གསལ་བར་མ་སྨྲས་སོ། །གལ་ཏེ་དེ་ལྟར་ཡིན་ན་འདི་ལྟར་ཅི་ཕྱིར་བཤད་ཅེ་ན། དེའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་སྟེ། དེ་བཞིན་གཤེགས་ [150b.5]པ་ནི་རྣམ་པར་སྣང་མཛད་དོ། །དེས་ཉེ་བར་མཚོན་པའི་དོན་གྱིས་ན་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཡང་གཟུང་སྟེ། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་ཡང་གཟུང་ངོ་། །དེ་དག་གིས་དབུགས་དབྱུང་བ་ནི། མི་བསྐྱོད་པས་རྒྱས་བཏབ་པས་རྣམ་པར་ཤེས་ [150b.6]པས་ཤེས་པར་བྱ་སྟེ། དེ་ལྟར་རིག་པར་བྱའོ། །དེ་སྐད་དུ་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་ཀྱང་། །ཕྱི་རོལ་དོན་ལ་མི་རྟག་གོ། །དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང་། །སྣང་བ་ [150b.7]མེད་ལ་ཟླ་བར་བྱེད། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡི་ཐེག་པ་ཆེན་པོ་མཐོང་། །ཞེས་འབྱུང་ངོ་། །ད་ནི་གནས་གང་དང་གང་དུ་རྒོལ་བ་གང་དང་གང་འབྱུང་བ་དེ་བསྟན་པའི་ཕྱིར། རྡོ་རྗེ་ནང་གི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནང་གི་རྣམ་བཅས་ཏེ། །དེ་ཡི་རྩེ་མོར་ [151a] [151a.1]རྣམ་མེད་ཉིད། །ཡང་ན་དེ་ཡི་རྩེ་མོ་རྣམ་པ་དང་བཅས་པའོ། །དེ་ཡི་ནང་གི་ནི་རྣམ་པ་མེད་པའོ། །འདི་ལྟ་བུ་གང་ཡིན་པ་ཉིད་དབུ་མའོ། །ཞེས་བསྔགས་པ་དེ་ནི་ཁོ་བོའི་བླ་མ་མི་འདོད་དེ། གང་གི་ཕྱིར་མི་འདོད་པ་ཉིད་གང་ཞེ་ན། རྡོ་རྗེའི་ནང་དང་དེ་ཡི་རྩེ་མོ་དང་། །ཞེས་བྱ་བ་ལ་ [151a.2]སོགས་པ་སྨྲས་ཏེ། དེ་ལྟ་བུ་གང་ཡིན་པ་དེ་ཉིད་རྟག་ཏུ་མི་བསྐྱོད་པའི་གཟུགས་ཀྱིས་ཡོད་པའི་ཕྱིར། རྡོ་རྗེ་སེམས་དཔའི་རྒྱ་དང་བྲལ་བ་ཡིན་ནོ། །བར་དང་ཐོད་པ་འདི་དག་ལ་ཡང་རེ་ཞིག་རྡོ་རྗེ་སེམས་དཔའི་རྒྱ་དང་བྲལ་བ་ལྟ་ཞོག །མངོན་པར་འདོད་པའི་བདེ་བ་དམ་པ་ཡང་མེད་པ་ཉིད་དོ། ། [151a.3]གཟུང་བ་ལ་སོགས་པ་ཡོད་པའི་ཕྱིར་མི་བསྐྱོད་པའི་རྒྱ་དང་ཡང་བྲལ་བ་ཉིད་དོ། །དེ་དག་གིས་སྔར་སྨྲས་པའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང་བྲལ་བའོ་ཞེས་ཤུགས་ཀྱིས་རྙེད་པར་འགྱུར་རོ། །དེ་ལྟར་ན་དེ་ཁོ་ན་ཉིད་གང་ལས་ཤེས་པར་བྱ། དེ་ཉིད་བླ་མའི་ཞལ་ལས་རིག །ཅེས་བྱ་བ་ལ། འདིར་ [151a.4]ནི་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བའི་བཅོམ་ལྡན་འདས་མ་འདིའི་གནས་སྐབས་སུ་མན་ངག་ཡིན་ནོ། །དེ་ཡང་། གཉིས་འདས་ནས་ནི་གཉིས་མཉམ་པ། །རྡོ་རྗེ་ནས་ལྷུང་པདྨར་རེག །མི་བསྐྱོད་རྡོ་རྗེ་ནས་ལྷུང་བ། །རྡོ་རྗེ་པདྨ་ལ་རེག་པ། །འབྲས་བུས་རྒྱུ་ལ་རྒྱས་བཏབ་པ། ། [151a.5]འབྲས་བུ་ལ་ཡང་རྒྱུས་རྒྱས་བཏབ། །འདི་ནི་བདེ་ཆེན་རྒྱལ་པོ་ཡིན། །ཞེས་བྱ་བས། འདི་དག་ནི་རྡོ་རྗེའི་ངོ་བོ་དང་། སེམས་དཔའི་ངོ་བོས་རྡོ་རྗེ་སེམས་དཔའ་སྟེ། སྟོང་པ་ཉིད་དང་། སྙིང་རྗེ་དང་། ཤེས་རབ་དང་། ཐབས་དང་། མྱ་ངན་ལས་འདས་པ་དང་། སྲིད་པ་ལ་སོགས་ [151a.6]པའི་མིང་གིས་རྟོགས་པར་བྱའོ། །འདི་ཉིད་ཀྱི་དོན་ནི་བསྐྱེད་པའི་རིམ་པར་ཡང་འདོད་ཆགས་ཆེན་པོ་ཞུ་བའི་ཟླ་བ་དང་། ཉི་མའི་བར་ན་གནས་པའི་ཐིག་ལེ་གཉིས་ཀྱི་གཟུགས་ཀྱིས་སྟེང་དང་འོག་ཏུ་བྱུང་བ་དེ་དང་དེར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །རྫོགས་པ་ནི་ཇི་སྐད་དུ་བསྟན་ [151a.7]པའི་དབང་གི་དོན་ཏོ། །ཡོངས་སུ་རྫོགས་པ་ནི་རྡོ་རྗེ་ཞུ་བའི་གཟུགས་ཉི་མར་གནས་པར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན། སྟོང་པ་ཉིད་དང་སྙིང་རྗེའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རིག་པའི་གནས་སྐབས་ཀྱི་དུས་ཀྱི་ངོ་བོ་མཚོན་པའི་ཕྱིར། བཅོམ་ལྡན་འདས་ཞབས་ཀྱི་མཐེ་བོང་ [151b] [151b.1]གཅིག་གིས་གདན་ལ་རེག་པར་བཞེངས་པའོ། །གལ་ཏེ་རྡོ་རྗེ་ལྟེ་བའི་དཀྱིལ་འཁོར་ན་གནས་པའི་ཧཱུཾ་གི་དེ་ཉིད་ཀྱང་བསྒོམ་པར་བྱའོ་ཞེས་བསྟན་པ་མ་ཡིན་ནམ། དེ་ཅི་ལྟ་བུ་ཞེ་ན། འདིར་རྡོ་རྗེའི་ལྟེ་བའི་དཀྱིལ་ན་གནས་པ་ཞེས་བྱ་བའི་དོན་མི་འགྲུབ་པོ་ཞེ་ན། འདིའི་དོན་ནི་གཞན་ནོ། །དེ་ [151b.2]ལྟ་ན་ཡང་རྡོ་རྗེའི་ཟེའུ་འབྲུ་དག་ཏུ་ཤེས་རབ་དང་ཐབས་ཀྱི་ཡན་ལག་གི་མཆོག་གི་དབུས་ན་གནས་པའི་དེ་ཁོ་ན་ཉིད་ཧཱུཾ་ཞེས་བྱ་བ་སྟེ། ཧ་ཞེས་བྱ་བ་ནི་རྒྱུ་སྟོང་པའོ། །ཨུ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བྲལ་བའོ། །ཨ་ཞེས་བྱ་བ་ནི་རབ་ཏུ་མི་གནས་པའོ། །བསྒོམ་ཞེས་བྱ་བ་ནི་རྟོགས་ [151b.3]པར་བྱའོ། །དེ་ལྟར་ན་ནོར་བུའི་ནང་དུ་ཆུད་པ་ལ་ནོར་བུར་རྟོགས་པར་བྱ་ཞེས་བྱ་བ་ཇི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། འདིའི་དོན་ཡང་གཞན་ཡིན་ནོ། །དེ་ཡང་ནོར་བུ་དག་རབ་ཏུ་སྟེ། འདམ་སྐྱེས་དང་རྡོ་རྗེའི་རབ་ཏུ་རྟོགས་པར་བྱ་བའོ། །འདི་ཡང་ལེགས་པར་གནས་པར་འགྱུར་རོ། །གལ་ [151b.4]ཏེ་འདི་ཡང་ཇི་ལྟར་ཤེས་པར་བྱ། གང་གི་ཕྱིར་འདིར་གཉི་གའི་དོན་བརྗོད་པར་བྱ་ཞེ་ན། བརྗོད་པར་བྱ་སྟེ། པདྨའི་ནམ་མཁར་རྡོ་རྗེ་ཟེའུ་འབྲུ་དག །རྡོ་རྗེ་སྐྱིལ་ཀྲུང་གིས་མནན་གནས་དག་ཏུ། །སེམས་ཀྱི་ནོར་བུ་ནང་དུ་ཆུད་པར་བྱ། །ཡེ་ཤེས་གང་སྐྱེས་བརྗོད་མེད་ཡེ་ཤེས་གཟུགས། །ཞེས་ [151b.5]དཔལ་མཆོག་དང་པོ་ལས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། པདྨའི་ནམ་མཁའ་ནི་པདྨའི་དཀྱིལ་གྱི་ཡུལ་སྟོང་པའོ། །ནོར་བུ་ཟེའུ་འབྲུ་དག་ཅེས་པ་ནི། །འདམ་སྐྱེས་དང་རྡོ་རྗེ་དག་གི་དབུས་སུའོ། །མནན་པའི་གནས་ཞེས་བྱ་བ་ནི་བསྐྱོད་པའི་གནས་སོ། །རྡོ་རྗེའི་སྐྱིལ་མོ་ [151b.6]ཀྲུང་གི་ཞེས་བྱ་བ་ལས། རྡོ་རྗེ་ཡོངས་སུ་ཁྱབ་སྟེ་ཐམས་ཅད་དུའོ། །ཨོཾ་ཨཱ་ཀ་ཏ་ཞེས་བྱ་བ་ནི་མཚོན་བྱེད་དུའོ། །ལྔ་པར་བྱས་ན་ནི་རྡོ་རྗེ་ཕྱི་རོལ་དུ་རེག་པ་ཙམ་བརྗོད་པར་འགྱུར་རོ། །སེམས་ནི་ནོར་བུའི་ནང་དུ་ཆུད་པར་བསྟན་པ་ན། རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དེ་ནི་རྣམ་པར་ [151b.7]ཤེས་པའི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྡོ་རྗེ་བདུད་རྩི་ལས། གེ་སར་གྱིས་བཀབ་སྤྱོད་ཡུལ་གྱི། །ལྟེ་བའི་དཀྱིལ་ན་ལྷ་མོ་གནས། །ཁུ་བའི་གཟུགས་ཀྱིས་བྱུང་བ་ཡི། །བྷ་ག་ལིངྒའི་དབུས་ན་གནས། །ཞེས་གསུངས་པའི་ཕྱིར་རོ། །དགྱེས་པའི་རྡོ་རྗེ་ལས་ཀྱང་། ཨཱ་ [152a] [152a.1]ལི་ཟླ་བ་ཀཱ་ལི་ཉི། །ས་བོན་དཀྱིལ་ན་གནས་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཡང་། ཇི་སྲིད་མ་ལྷུང་འོད་གསལ་རང་བཞིན་བསིལ་བའི་འོད་ཟེར་ཁུ་བའི་རྒྱུན། །ལྷ་མོ་པདྨའི་འདབ་མའི་ནང་དུ་རོ་མཉམ་རོ་གཅིག་རྒྱལ་བའི་ཚོགས། །རྡོ་རྗེ་རྩེ་མོར་སྤྲོས་པའི་སྙིང་ [152a.2]རྗེ་དབྱེར་མེད་འགྲོ་བའི་རྒྱུ། །དེ་སྲིད་སྙིང་རྗེའི་དཔལ་གྱི་སྟོབས་ཀྱིས་ལྷན་ཅིག་སྐྱེས་པའི་གཟུགས་ཞེས་ཁྱབ་པའི་བདག །ཇི་སྲིད་རྡོ་རྗེ་ནོར་བུར་རྡོ་རྗེ་གསུམ་བསྲེགས་ཟླ་བའི་ཉམས་འགྱུར་རླུང་གི་གནས། །པདྨའི་བུ་གའི་ཁྱིམ་གྱི་ནང་དུ་ཐིམ་པར་འདོད་པ་དེ་ཡི་ཚེ། །ཇི་སྲིད་འབྱུང་བ་རང་གཞན་ [152a.3]ལ་སོགས་སྤངས་པས་བྱ་བ་དམན་པའི་ཡིད། །དེ་ཉིད་ལྷན་ཅིག་སྐྱེས་བའི་ཡེ་ཤེས་དེ་ཡང་ལུང་དང་རིགས་པས་གསལ། །ཤེས་རབ་འདམ་སྐྱེས་རྡོ་རྗེ་སྦྱོར་བ་མཆོག་དགའི་ལྷག་མར་གནས། །གནས་འཛག་དག་པའི་ཐིག་ལེ་མི་རྒྱུ་ཇི་སྲིད་ཟླ་བར་འདོད། །དེ་ཚེ་མིག་ནི་མི་གཡོ་འགྲོ་སྟེ་རླུང་རྒྱུན་ཉམས་པར་ [152a.4]འགྱུར། །རྣ་བས་མི་ཐོས་མིག་ནི་བརྟན་འགྱུར་ཕྱག་རྒྱ་ཆེན་པོར་མོས། དེ་ལྟར་ན། གཞན་གྱི་བརྗོད་མིན་ལྷན་ཅིག་སྐྱེས། །གང་ནས་ཀྱང་ནི་རྙེད་མི་འགྱུར། །བླ་མའི་དུས་ཐབས་བསྟེན་པ་དང་། །རང་གིས་ཤེས་བྱ་བསོད་ནམས་ཀྱིས། །ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། འདིར་བླ་མའི་དུས་ [152a.5]ཐབས་ནི་རྡོ་རྗེའི་དུས་ཐབས་སོ། །བསྟེན་པའི་དུས་ཞེས་བྱ་བའི་དོན་དང་སྦྱོར་བར་མི་འགྱུར་བའི་ཕྱིར་ཏེ། ཉེ་བར་བསྟེན་པ་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཉེ་བ་ཞེས་བྱ་བའི་སྒྲ་ནི། དྲུང་ན་འདུག་པའི་ཚིག་ཉིད་ཀྱིས་རྡོ་རྗེ་ལས་ཕྱི་རོལ་གྱི་དྲུང་དུ་བསྟེན་པ་ཞེས་བརྗོད་པ་ཉིད་དོ། །དེ་ལྟར་ན། རྡོ་ [152a.6]རྗེ་སྐྱེ་མཆེད་ཐབས་ཉིད་ཀྱིས། །རྡོ་རྗེའི་བདེ་བ་ཕྱག་རྒྱ་ཆེ། །ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། འདིར་ཡང་རྡོ་རྗེ་བདེ་བ་གང་ཡིན་པ་དེ་ནི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་ཉིད་ཀྱི་སྐྱེ་མཆེད་ནི་གནས་ཏེ་ཐབས་ཞེས་བྱ་བའི་དོན་དང་མི་སྦྱོར་བའི་ཕྱིར་རོ། །ཞེ་ན་མ་ཡིན་ཏེ། རྡོ་རྗེའི་བདེ་བ་ཕྱག་རྒྱ་ཆེན་པོ་དང་། [152a.7]རྡོ་རྗེ་སྐྱེ་མཆེད་ཀྱི་གནས་གང་ན་ཡོད་པ་དེ་ནི་མཆོག་ཏུ་དགའ་བ་སྟེ། དེ་ནི་ཐབས་ཞེས་བསྟན་པ་ཉིད་དོ། །གཞན་ཡང་ཁོ་བོ་ཅག་གི་གཞུང་ལྟར་ན། དེ་ནས་གསང་བ་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །གསང་བ་མཆོག་གི་ཞེས་བྱ་བ་ལ་སོགས་པ་ལ་ལེགས་པར་གནས་པར་ [152b] [152b.1]འགྱུར་རོ། །དེ་ཡང་གསང་བ་ནི་གསང་བ་བཤད་བྱ་བ་ཞེས་བྱ་བ་དང་སྦྱར་ཏེ། ར་ཧ་སྐྱེ་ཞེས་བྱ་བ་ར་དང་ཧ་དག་ནི། རྡོ་རྗེ་དང་། པདྨ་དང་གཉི་གའི་བར་དག་གོ། །སྱ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུའོ། །ཡ་ཞེས་བྱ་བ་ནི་ཡང་དག་པའི་ཇི་ལྟ་བ་བཞིན་ནོ། །ཨ་ཞེས་བྱ་བ་ནི་གཉིས་སུ་མེད་ [152b.2]པའོ། །ཨི་ཞེས་བྱ་བ་ནི་འདི་ཞེས་བྱ་བ་ལས་འདས་པའོ། །དེ་ཡང་། ར་ནི་རྡོ་རྗེ་ཞེས་བཤད་དོ། །ཡི་གེ་ཧ་ནི་པདྨར་བཤད། །ཅེས་གསུངས་པ་ཡིན་ནོ། །ད་ནི་རྣམ་པ་སྣ་ཚོགས་པ་ལེགས་པར་གནས་པར་བྱ་བའི་ཕྱིར་དགའ་བ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བླ་མ་ཞེས་ [152b.3]བྱ་བ་ལ་སོགས་པས་བླ་མ་དམ་པས་ཉེ་བར་བསྟན་པ་ཉིད་ནི་འདིར་བླ་མ་དམ་པས་མན་ངག་བསྟན་པར་བྱ་སྟེ། སྣ་ཚོགས་རྣམ་པ་སྣ་ཚོགས་བརྗོད། །འཁྱུད་དང་འོ་བྱེད་ལ་སོགས་པ། །ཞེས་བྱ་བ་བསྟན་པ་ཡིན་ནོ། །འདིར་ཡང་སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་ལ་བསྐྱོད་པའི་མཐར་ཐུག་ [152b.4]པའི་བར་དུ་རྣམ་པ་སྣ་ཚོགས་སུ་བརྗོད་པ་ཡིན་ནོ། །འོན་ཏེ་བསྐྱོད་པའི་མཐར་ཐུག་པའི་བར་ཞེས་བྱ་བ་ཡང་། ཇི་ལྟར་རྟོགས་པར་བྱ་ཞེ་ན། ཤེས་རབ་བཅུ་དྲུག་ལོན་པ་ལ། །རྡོ་རྗེ་དྲིལ་བུ་མཉམ་སྦྱར་བ། །ལག་པ་གཉིས་ཀྱིས་འཁྱུད་ནས་ནི། །སློབ་དཔོན་དབང་དུ་ཤེས་པར་བྱ། ། [152b.5]ཞེས་བྱ་བ་བསྟན་པས། འདི་ཡང་རྡོ་རྗེ་དང་པདྨ་མཉམ་པར་བས་ནི། །རྡོ་རྗེ་པདྨ་རེག་པ་ཞེས་བསྟན་ནོ། །གལ་ཏེ་སློབ་དཔོན་གྱི་དབང་བསྐུར་བ་ཡིན་ན། དང་པོར་སློབ་དཔོན་གྱི་རྣམ་པ་སྣ་ཚོགས་ཞེས་བྱ་བར་གང་ལས་ཤེས་ཤེ་ན། །དབང་བསྐུར་བ་ནི་གཞི་ཡི་གྲངས། །དགའ་ [152b.6]བ་ལ་སོགས་རིམ་ཤེས་བྱ། །ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པར་བསྟན་ཏོ། །དེའི་དགའ་བ་ལ་སོགས་པ་བཞི་པོ་སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དེ་ལྟར་དེ་བཞིན་བཞི་པ་ཡང་། ཞེས་པ་དང་། གྲངས་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །དགའ་ [152b.7]བ་ནི་རྣམ་པ་སྣ་ཚོགས་པ་ཉིད་ཀྱི་སྐད་ཅིག་མའོ་ཞེས་བྱ་བ་སྟེ། བསྐྱོད་པའི་མཐར་ཐུག་པ་རྣམ་པ་སྣ་ཚོགས་སོ། །རྣམ་པར་སྨིན་པ་ནི་དེ་ལས་བཟློག་པ་སྟེ། བདེ་བའི་ཡེ་ཤེས་ཟ་བའོ། །ཞེས་བྱ་བས་མདོར་བསྟན་ཏོ། །ནོར་བུའི་རྩེ་མོའི་བར་དུ་སྟེ་བདེ་བའི་ངོ་བོ་ནི་མཆོག་ཏུ་ [153a] [153a.1]དགའ་བའོ། །གལ་ཏེ་མཆོག་ཏུ་དགའ་བ་བདེ་བའི་ངོ་བོ་ཉིད་དུ་ཇི་ལྟར་ཤེས་པར་བྱ་ཞེ་ན། སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །མཆོག་ཏུ་དགའ་བ་ཡང་དག་རྙེད། །བླ་མས་བཀའ་སྩལ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་ཡང་དག་གཟུང་། །ཞེས་རྒྱས་པར་བསྟན་ [153a.2]པས་སོ། །འདིར་ཡང་སྣ་ཚོགས་སྤངས་པའི་སྐད་ཅིག་ཉིད་ལ་ཞེས་བྱ་བ་ལ་སོགས་པའི་དོན་ཇི་ལྟར་འབྱུང་བ་བཞིན་དུ་ཐམས་ཅད་ལེགས་པར་གནས་པ་ཡིན་ནོ། །ནོར་བུའི་ནང་དུ་ཆུད་ལ་སོགས། །ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །གལ་ཏེ་བསྐྱོད་པའི་མཐར་ཐུག་པ་ནི་དགའ་བ་ [153a.3]སྟེ། དེ་ཡང་སློབ་དཔོན་གྱི་དབང་ཡིན་ནོ། །ནོར་བུའི་ནང་ནི་མཆོག་ཏུ་དགའ་བ་སྟེ། དེ་ཡང་གསང་བ་ཡིན་ན། དེ་ལྟར་ན། དགོད་པ་དག་པ་སློབ་དཔོན་ཏེ། །ལྟ་བ་དེ་བཞིན་གསང་བའོ། །འཁྱུད་བདག་ལ་ཤེས་རབ་སྟེ། །དེ་ཡང་གཉིས་ཀྱི་གཉིས་སྤྲད་རྒྱུ། །ཞེས་བྱ་བ་དེ་ཇི་ལྟ་བུ་ [153a.4]ཞེ་ན། འདི་ནི་ཕྱི་རོལ་གྱི་བསྐྱེད་པའི་རིམ་པ་ཡིན་ནོ། །དེ་ལྟར་ན་ཆུའི་དབང་བསྐུར་བ་ལ་སོགས་པ་སློབ་དཔོན་གྱི་དབང་དུ་བསྟན་པ་གང་ཡིན་པ་དེ་ནི་ཇི་ལྟ་བུ་ཡིན་ཞེ་ན། དེ་ཡང་ཕྱི་རོལ་བསྐྱེད་བའི་རིམ་པར་ཤེས་པར་བྱའོ། །ཟབ་མོ་བསྐྱེད་པའི་རིམ་པས་ནི་དགའ་བ་སློབ་དཔོན་གྱི་ད [153a.5]བང་སྟེ། དེ་བཞིན་གཤེགས་པའི་དབུགས་དབྱུང་བའོ། །རྫོགས་པའི་རིམ་པར་དགའ་བ་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་བའོ། །ཕྱག་རྒྱ་བཞིའི་ཕྱོགས་ལ་ནི། ཡོངས་སུ་གྲུབ་པ་ཉིད་སློབ་དཔོན་ཉིད་དེ། ལས་ཀྱི་ཕྱག་རྒྱ་ལས་རྟོགས་པར་བྱའོ། །གལ་ཏེ་དྲུག་གིས་བམ་པའི་ [153a.6]དབང་དུ་གསུངས་པ་ཡིན་ཏེ། ཐམས་ཅད་བུམ་པའི་བྱ་བ་འཇུག་པའི་ཕྱིར་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་ཞེ་ན། བུམ་པའི་སྒྲ་ནི་ཆུ་འཛིན་པའི་སྒྲ་ཉེ་བར་མཚོན་པ་ཉིད་ཀྱིས། ཆུ་འཛིན་པའི་བྱ་བ་ཉིད་ཡིན་པའི་ཕྱིར་འདི་འཚམ་པ་ཡིན་ནོ། །དེ་དག་ཐམས་ཅད་བསྟན་པའི་ཕྱིར། །དགོད་ལ་ [153a.7]སོགས་པའི་དགའ་བ་གང་། །ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་བཤད་ཟིན་ཏོ། །ད་ནི་དགའ་བ་བཞི་རྣམ་པར་གཞག་པའི་ཕྱིར། སྣ་ཚོགས་རྣམ་པ་སྣ་ཚོགས་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྣ་ཚོགས་གཉིས་ནི་གཟུང་བ་དང་འཛིན་པའི་ངོ་བོར་ཡོད་པ་ནི་སྣ་ [153b] [153b.1]ཚོགས་ཏེ་དགའ་བའོ། །བསྲུབ་ཚེ་ཞེས་བྱ་བ་ལ་བསྲུབ་པའི་མཐར་ཐུག་པ་ནི་བསྲུབ་པའོ། །བྱང་ཆུབ་ཀྱི་སེམས་ནི་ནོར་བུ་ཉེ་བའི་བར་དུ་ནི་རེག་པའོ། །འདི་དག་གིས་ནི་ནོར་བུའི་གྲོང་གིས་མཆོག་ཏུ་དགའ་བ་ཞེས་བྱ་བ་རྙེད་པར་འགྱུར་རོ། །བདེ་བས་ཉེ་བར་གང་བའི་བདེ་བ་ཡོད་པ་ནི་སྨིན་ [153b.2]པའོ། །མཆོག་ནི་ནོར་བུའི་གྲོང་དུ་སྟེ། རིན་པོ་ཆེའི་རྩེ་མོའི་བར་དུའོ།། བླ་མས་དེ་ཉིད་ཅེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །དགའ་བྲལ་ནི་རྣམ་པར་བྲལ་བའོ། །རྣམ་བྲལ་ནི་བྱང་ཆུབ་སེམས་ལྷུང་བའོ། །རྣམ་ཉིད་ནི་བདེ་བ་སྤྱོད་པའོ། །བདག་གི་བྱ་བ་ནི་དཔྱོད་པ་སྟེ། འདི་ལྟ་བུ་ནི་ [153b.3]དགའ་བྲལ་ལོ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་པ་ལ། དེ་ལྟར་ནི་ཤེས་རབ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ནོ། །ཡང་ཞེས་བྱ་བ་ནི་རྣམ་པར་འགྱུར་བའི་ངོ་བོ་རྟེན་ཅིང་འབྲེལ་པར་འབྱུང་བའི་བདག་ཉིད་ཅན་ནོ། །དེ་བཞིན་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུ་སྟེ་སྔ་མ་བཞིན་དུ་ཤེས་པར་བྱའོ། ། [153b.4]དེ་ནི་བཞི་པར་འགྱུར་ཏེ། དེ་དག་གིས་ནི་ཕྱི་རོལ་གྱི་ཡན་ལག་ཅན་ལས་ཀྱི་ཕྱག་རྒྱའི་དགའ་བ་བཞི་ནི། ཕྱག་རྒྱ་བཞི་རྣམ་པར་གཞག་པ་ལ། དགའ་བ་རྣམས་གཅིག་ཏུ་གནས་པ་ལ་ལས་ཀྱི་ཕྱག་རྒྱ་ཞེས་བྱའོ། །འདི་ཡང་རྣམ་པ་མེད་པར་སྨྲ་བའི་རྣམ་པར་གཞག་པ་དང་དྲག་པོའི་དབང་ [153b.5]བསྐུར་བའི་གནས་སྐབས་ནས་བསྟན་པ་བཞིན་ཤེས་པར་བྱའོ། །ད་ནི་རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་བསྟན་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། །ལས་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་དོ། །ཕྱག་རྒྱ་ནི་མཚོན་པ་དང་། [153b.6]མཚན་ཉིད་དེ། ལས་ཀྱི་ཕྱག་རྒྱའོ། །དེའི་རྟེན་གང་ལ་ཡང་བཏགས་པས་ཉེ་བར་མཚོན་པའི་དོན་ཉིད་ཀྱིས་རྐང་པ་ལ་ཡང་བརྗོད་པར་བྱའོ། །གང་ལས་ཀྱང་ཕྱག་རྒྱ་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་གྱི་ངོ་བོ་ཉེ་བར་བསྔགས་ཏེ། དེ་ཡང་འགྱུར་བའི་རྫས་ཀྱི་ངོ་བོ་ཉིད་འབའ་ [153b.7]ཞིག་གོ། །ལྷན་ཅིག་སྐྱེས་པའི་གཟུགས་བརྙན་གྱི་རྗེས་སུ་བྱས་པ་ཞེས་བྱ་བས། ལྷན་ཅིག་སྐྱེས་པའི་རྒྱུ་མཐུན་པའི་འབྲས་བུར་བརྗོད་དོ། །དེ་ལྟ་བུའི་རྒྱུ་མཐུན་པའི་རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྟེ་དགའ་བ་ཉིད་དོ། །དེ་ནས་སྔོན་པོ་དང་སེར་པོ་ལ་སོགས་པའི་ཆོས་ [154a] [154a.1]རྣམས་མངོན་པར་བྱང་ཆུབ་པ་ལྔ་དང་། ལྷའི་རྣམ་པར་དག་པས་གཟུང་བ་ཉེད་ལ་སོགས་པ་དང་བྲལ་བ་ཉིད། མཆོག་ཏུ་དགའ་བ་གཅིག་ཏུ་མཛེས་པའི་ཐབས་སུ་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྤྱད་པས་འོངས་པ་རབ་ཏུ་མི་གནས་པའི་ངོ་བོ་དེ་ནི་ཆོས་ཀྱི་ཕྱག་རྒྱའོ། །འདི་ནི་ཕྱག་ [154a.2]རྒྱ་ཆེན་པོ་དང་དབྱེར་མེད་པའི་རྒྱུད་ཉིད་ཡིན་པས་ལམ་ཡིན་པའི་ཕྱིར། །ཁྱད་པར་ཅན་དུ་སྨིན་པ་ཉིད་ནི་རྣམ་པར་སྨིན་པའི་འབྲས་བུའོ། །རྣམ་པར་སྨིན་པའི་སྐད་ཅིག་མ་དེ་ནི་མཆོག་ཏུ་དགའ་བའོ། །དེ་ནས་ཕྱག་རྒྱ་གསུམ་ལ་རྒྱས་བཏབ་པའི་ཕྱིར། འདི་ཆེན་པོ་ཡང་ཡིན་ལ་ཕྱག་རྒྱ་ཡིན་ཏེ། [154a.3]དཔྱད་པས་འོངས་པ་མི་གནས་པའི་ངོ་བོ་ཉིད་ལམ་གྱི་ཡེ་ཤེས་གུས་པ་དང་བཅས་ཤིང་རྒྱུན་མི་ཆད་པར་གོམས་པར་བྱས་པས།མངོན་དུ་བྱས་པ་དངོས་པོ་མེད་པ། ཤེས་བྱ་ལ་སོགས་པའི་སྒྲིབ་པ་སྤངས་པས། ཕུན་སུམ་ཚོགས་པ་མ་ལུས་པའི་གཞིར་གྱུར་པ། སྲིད་དང་མྱ་ངན་ལས་ [154a.4]འདས་པ་ངོ་བོ་ཉིད་ཀྱིས་གཅིག་པ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ལུས་ཅན་བདེ་བ་ཆེན་པོའི་སྐུ་གཅིག་པུ་ནི་ཕྱག་རྒྱ་ཆེན་པོའོ། །འདི་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བ་དྲི་མ་མེད་པའི་འབྲས་བུའོ། །དེ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ [154a.5]ནས་དམ་ཚིག་གི་བརྡ་དང་། སེམས་ཅན་གྱི་དོན་གྱི་ཕྱིར། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་ངོ་བོ་ཧེ་རུ་ཀ་ལ་སོགས་པའི་རྣམ་པ་དང་རྡོ་རྗེ་འཆང་གི་རྣམ་པར་སྤྲུལ་པ་གང་ཡིན་པ་དེ་ནི། དམ་ཚིག་གི་ཕྱག་རྒྱའོ། །དེའི་སྐྱེས་བུ་བྱེད་པའི་འབྲས་བུའོ། །དེ་ལ་རྣམ་པར་ཉེད་པ་ནི་དགའ་བྲལ་གྱི་དགའ་ [154a.6]བའོ། །དེ་ལ་ཕྱག་རྒྱ་རྣམས་སྔ་མ་སྔ་མ་ལ་ལྟོས་ནས་རྒྱུ་ཉིད་དོ། །ཕྱི་མ་ཕྱི་མ་ལྟོས་ནས་འབྲས་བུའོ། །དེ་ནི་ཕྱག་རྒྱ་སོ་སོ་ལ་དགའ་བ་བཞིའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། དགའ་བ་ཕྱག་རྒྱ་སོ་སོ་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕྱག་རྒྱ་དང་ཕྱག་རྒྱ་སོ་སོ་ལ་ཞེས་བྱ་བ་ནི། ཕྱག་རྒྱ་སོ་ [154a.7]སོ་ལ་དགའ་བ་བཞི་པོ་ཤེས་པར་བྱའི། ཕྱག་རྒྱ་ཆེན་པོ་ལ་ནི་མ་ཡིན་ནོ། །འདི་དག་གི་དོན་ཉིད་དུ་ལུང་དང་རང་གི་རིགས་པ་ཞེས་བྱ་བ་ལ་སོགས་པས་རྒྱུ་གསུམ་བསྟན་ཏེ། དེ་ལ་ལུང་གིས་བསྟན་པ་ནི། དགའ་བ་དང་པོ་སྣ་ཚོགས་གཉིས། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་བྲལ་ [154b] [154b.1]དགའ་བ་རྣམ་ཉེད་བ། ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །ཞེས་བྱ་བ་ལ་སོགས་པ་དགྱེས་པའི་རྡོ་རྗེ་ལ་སོགས་པས། རྣམ་པ་སྣ་ཚོགས་དགའ་བ་དང་པོར་བྱས་ནས་རིམ་པ་བཞིན་དུ་གསུངས་བ་ཡིན་ནོ། །དེ་ལྟ་བས་ན་གང་དུ་རྣམ་པ་སྣ་ཚོགས་ལ་སོགས་པ་འབྱུང་བ་དེ་ཉིད་དུ་དགའ་བ་ལ་ [154b.2]སོགས་པ་ཡང་རྣམ་པར་གཞག་གོ། །དེ་དག་ཀྱང་ཕྱག་རྒྱ་གསུམ་པོ་ཉིད་ལས་བྱུང་བར་འགྱུར་གྱི། ཕྱག་རྒྱ་ཆེན་པོ་ལས་ནི་མ་ཡིན་ནོ། །རྣམ་པ་སྣ་ཚོགས་པ་འཆད་པར་འགྱུར་བའི་ངོ་བོ་འདི་ཉིད་ནི། །རང་གིས་རིག་པའི་ངོ་བོ་ནི་གསལ་བ་ཉིད་དོ། །བླ་མ་དམ་པའི་མན་ངག་ནི། སྣ་ [154b.3]ཚོགས་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ།། དགའ་བ་བཞིའི་ངོ་བོ་བསྟན་པའི་ཕྱིར། །ལས་ཀྱི་ཕྱག་རྒྱ་ལུས་ཀྱི་ལས་ཉིད་ལ་དགའ་བ་བཞིའི་རང་བཞིན་བརྗོད་ནས། ངག་ཆོས་ཀྱི་ཕྱག་རྒྱ་ལ་དགའ་བ་བཞི་པོའི་ངོ་བོ་ཉིད་བསྟན་པའི་ཕྱིར། སྣ་ཚོགས་ཞེས་བྱ་བ་ལ་སོགས་ [154b.4]པ་སྨྲས་ཏེ། ལས་ཀྱི་ཕྱག་རྒྱའི་རྒྱུ་མཚན་དང་། བླ་མ་དམ་པའི་མན་ངག་སྟོན་པའི་ཚིག་གིས་རབ་ཏུ་རྟོག་པའི་སྣ་ཚོགས་པ་འགྲོ་བའི་བདག་ཉིད་དུ་སྣང་བའི་ཕྱིར་རྣམ་པ་སྣ་ཚོགས་སོ། །དེ་ཉིད་བསྒོམ་པ་ལས་ངེས་པར་བྱེད་པ་མངོན་པར་ཕྱོགས་པ་སྣ་ཚོགས་སུ་སྣང་བ་ནུབ་པར་གྱུར་བ་ནི་རྣམ་པར་ [154b.5]སྨིན་པའོ། །དེ་ལ་འགྲོ་བའི་བདག་ཉིད་དུ་བསྒོམ་པ་རབ་ཀྱི་མཐར་ཐུག་པ་གང་ཡང་སྣང་བ་མེད་པ་ལ་བརྟེན་པ་དེ་ནི་མཚན་ཉིད་དང་བྲལ་བའོ། །དེ་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་འགྲོ་བའི་བདག་ཉིད་བརྟེན་པ་ལ་ཡང་རྣལ་འབྱོར་པ་སྒོམ་པ་པོས་རབ་ཏུ་མི་གནས་པ་ [154b.6]ལ་མོས་པ་བརྟན་པ་དེ་བཞིན་ཉིད་དུ་ཐ་སྙད་ལ་གནས་ནས། གང་འགྲོ་བ་ལ་ལྟ་བ་ནི་དཔྱོད་པ་སྟེ། དེ་ནི་རྣམ་པར་ཉེད་པའོ། །རྣམ་པ་སྣ་ཚོགས་ལ་སོགས་པ་འདི་དག་ལ་དགའ་བ་བཞི་པོ་ཡང་གོ་རིམས་བཞིན་དུ་སྦྱོར་བར་བྱའོ། །འདིར་ཡང་། དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བྱ་བ་ [154b.7]སྔ་མ་བཞིན་ནོ། །གང་གི་ཕྱིར་རབ་ཏུ་དགའ་བའི་མཆོག་དགའ་གཅིག་པུ་ཡང་གྲངས་བཞིར་ངེས་པར་བཅད་དོ་ཞེས་བྱ་བའི་ཚིག་གིས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོ་ཡིན་པ་དེའི་ཚེ་ཆོས་ཀྱི་ཕྱག་རྒྱའི་དགའ་བ་བཞི་པོ་གཅིག་ཏུ་གྱུར་པ་ནི་མཆོག་ཏུ་དགའ་བའོ། །ཆོས་ཀྱི་ཕྱག་རྒྱ་བསྟན་ [155a] [155a.1]ནས། ལྷན་ཅིག་སྐྱེས་པའི་ངོ་བོར་གཅིག་པའི་ཡིད་ཀྱི་རང་བཞིན་ཕྱག་རྒྱ་ཆེན་པོ་བསྟན་པའི་ཕྱིར། ཀུན་ལ་རབ་ཏུ་མི་གནས་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་ལ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །རབ་ཏུ་ [155a.2]མི་གནས་པ་ནི་ཡིད་ལ་བྱེད་པ་མེད་པ་སྒྲོ་བཏགས་པ་མེད་པའོ། །དེ་སྐད་དུ་ཡང་། ཡིད་ལ་བྱེད་པའི་ཆོས་ནི་དགེ་བ་དང་། ཡིད་ལ་མི་བྱེད་པའི་ཆོས་མི་དགེ་བ་དང་། །ཞེས་གསུངས་རབ་ལས་གསུངས་པ་དང་། དེ་བཞིན་དུ། ཀུན་དུ་རྟོག་པའི་མ་བརྟགས་པ། །ཡིད་ལ་རབ་ཏུ་མི་གནས་པ། །དྲན་མེད་ཡིད་ལ་ [155a.3]བྱེད་པ་མེད། །དམིགས་པ་མེད་ལ་ཕྱག་འཚལ་བསྟོད། །ཅེས་བསྟན་པ་ཡིན་ནོ། །འདིར་རིམས་ནད་སེལ་བའི་ཏཀྵ་ཀའི་གཙུག་གི་ནོར་བུ་རིན་པོ་ཆེའི་རྒྱན་གྱི་མན་ངག་བཞིན་དུ་ཉམས་སུ་བླང་བར་མི་ནུས་སོ་ཞེས་ཀྱང་གསལ་བར་མི་བྱ་སྟེ། བླ་མ་དམ་པའི་ཞབས་ཀྱི་བཀའ་དྲིན་གྱིས་ངེས་པར་རྣམ་པ་ [155a.4]ཐམས་ཅད་ཀྱི་མཆོག་དང་ལྡན་པའི་མཚན་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་བྱེད་པར་ནུས་པའི་ཕྱིར་རོ། །འོན་ཏེ་འདིར་ཇི་ལྟར་སྐད་ཅིག་མ་བཞིའི་ངོ་བོ་མ་ཡིན་ཞེ་ན། དྲི་མ་མེད་ཕྱིར་རང་རིག་ཕྱིར། །ཞེས་བྱ་བ་སྨོས་ཏེ། དྲི་མ་མེད་པ་ནི་རྣམ་པ་སྣ་ཚོགས་ལ་སོགས་པའི་སྐད་ཅིག་མ་ [155a.5]གསུམ་དྲི་མ་དང་བཅས་པས་འདིར་མི་འབྱུང་ངོ་། །དེ་བཞིན་དུ་དགའ་བ་གསུམ་ཡང་མི་འབྱུང་ངོ་། །གལ་ཏེ་རབ་ཏུ་མི་གནས་པ་ནི། བསམ་གྱིས་མི་ཁྱབ་པ་ཉིད་ནི་ཡིན་ལ། དེ་ཡང་བསམ་པར་གྱུར་ན། སྒྲིབ་པ་ཉིད་ཡིན་པས། དྲི་མ་དང་བཅས་པར་འགྱུར་རོ་ཞེས་ཐེ་ཚོམ་ཟ་བ་བཟློག་ [155a.6]པའི་ཕྱིར། ཡེ་ཤེས་གང་ཞིག་འབད་མེད་པ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཡང་གནས་མེད་པས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ་དཔྱད་པ་ལས་མི་འབྱུང་ངོ་། །ཇི་ལྟར་ཞེ་ན་འབད་པ་མེད་པ་སྟེ། རང་གི་ངང་གིས་འབྱུང་བའོ། །ཇི་ལྟར་ཞེ་ན། བསམ་པར་བྱ་བ་རྣམ་པར་ [155a.7]དཔྱད་པ། གང་གི་ཚེ་མི་སེམས་པ་དེའི་ཚེ་གང་གི་ཕྱིར་དེར་བསམ་པ་མི་འབྱུང་བ་ཡིན་ནོ། །དེ་ཡང་ཡེ་ཤེས་གྲུབ་པ་ལས། །སངས་རྒྱས་ཡེ་ཤེས་ལྷུན་གྲུབ་པས། །དེ་ཕྱིར་རྣམ་པར་མི་རྟོག་བརྗོད། །བསམ་པའི་བྱེད་རྒྱུ་མེད་པས་ན། །བསམ་པ་མེད་པའང་མེད་མ་ཡིན། །ཞེས་ [155b] [155b.1]གསུངས་པ་ཡིན་ནོ། །ད་ནི་རྣམ་པར་རིག་པར་སྨྲ་བའི་འདོད་པ་བསལ་བ་དང་ཆད་པར་ལྟ་བའི་འདོད་པ་བཟློག་པའི་ཕྱིར། གང་ཞིག་དེ་བཞིན་ཉིད་མཐོང་ནས། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་བཞིན་ཉིད་ནི་ཡང་དག་པའི་མཐའོ། །གང་གིས་མཐོང་བ་སྟེ། །གང་གིས་མངོན་དུ་བྱེད་པའོ། །དབུ་ [155b.2]མའི་དོན་གྱི་རྗེས་འབྲངས་ནས། །ཞེས་བྱ་བ་ནི། མུ་བཞི་དང་བྲལ་བའོ། །དེ་ནོར་ལྡན་དེ་དེ་ཁོ་ན་ཉིད་རིག་པའོ། །དེ་ཡང་ཆད་པར་འགྱུར་རམ་ཞེ་ན། མ་ཡིན་ཏེ་རིགས་དེ་ཞེས་བྱ་བ་རང་རིག་པའོ། །གང་རྣམ་པར་རྟོག་པ་མ་ལུས་པ་ཡོངས་སུ་སྤངས་པ་ཉིད་དེ་ནི། དེ་ཁོ་ན་ཉིད་མངོན་སུམ་ [155b.3]དུ་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལྟ་བུའི་རྣམ་པར་བདེན་པ་གཉིས་ཀྱི་བདག་ཉིད་ཅན། མཐའ་གཉིས་དང་བྲལ་བ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན། །བླ་མ་དམ་པའི་ཞབས་ཀྱི་བཀའ་དྲིན་ནི་ཉམས་སུ་མྱོང་ཞིང་རིག་པར་ཤེས་པར་བྱའོ། །དེ་ཉིད་དབུ་མར་ [155b.4]བསྡུས་པ་བསྟན་པའི་ཕྱིར། ཇི་སྙེད་སྒྲོ་བཏགས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་ཇི་སྙེད་སྒྲོ་བཏགས་པས་ལྷག་པར་ཞེན་པའི་དོན་མ་ལུས་པ་མེད་པའོ། །དེ་ཐམས་ཅད་མེད་པ་དེ་དབུ་མའི་དོན་ཡིན་ན། འདི་ལྟ་བུའི་སྒྲོ་བཏགས་པ་མེད་པ་ནི་རྣམ་པར་རིག་པ་ཡང་འདོད་དོ་ཞེ་ན། དེའི་ཕྱིར་ [155b.5]ཐམས་ཅད་ཀུན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཡང་རྣམ་པར་རིག་པའི་རྗེས་བདེན་པར་སྒྲོ་བཏགས་ཤིང་བརྟགས་པ་ཡོད་ལ། འདིར་ནི་མེད་དེ། དེ་ལ་སྒྲོ་བཏགས་པ་ཐམས་ཅད་མེད་པའི་ཕྱིར་རོ། །འདིས་ནི་སྒྱུ་མ་ལྟ་བུའི་མཐའ་ཡང་སྒྲོ་བཏགས་པར་རབ་ཏུ་བསྟན་པ་ཡིན་ནོ། །ཇི་ལྟར་ [155b.6]ཞེ་ན། རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མངོན་པར་ཞེན་པ་སེལ་བའི་ཞེས་བྱ་བའི་ངོ་བོ་ལྟར་རེ་ཞིག་ལྟ་ཞོག་རྣམ་པ་མེད་པས་སྒྲོ་བཏགས་པ་དང་། རྣམ་པར་རིག་པར་སྨྲ་བའི་བརྟགས་པ་ཉིད་ནི་ཡོད་པའི་ཕྱིར་རོ། །དེས་ན་དབུ་མའི་དོན་ནི་སྒྲོ་བཏགས་པ་མེད་པ་སྟེ། སྤྲོས་པ་དང་བྲལ་བའོ། ། [155b.7]འོན་ཀྱང་ཁྱད་པར་ནི་འདི་ཡོད་དེ། རྣམ་པར་ཤེས་པར་སྨྲ་བས་ནི་རེ་ཞིག་རྣམ་པར་མི་རྟོག་པ་བསྟན་པའི་རྣམ་པར་ཤེས་པ་དངོས་པོ་ཡོད་ལ། མ་རིག་པའི་དབང་གིས་སྣང་བ་ཡོད་པ་དེ་ལྟ་བུའི་རྣམ་པར་མི་རྟོག་པའི་སེམས་ཏེ། དེ་ཉིད་རང་རིག་ཏུ་འཛིན་པའི་ཕྱིར་རོ། །རྗེས་ལ་ཚོར་བ་ [156a] [156a.1]འཛིན་པ་ནི་གསལ་བ་ཉིད་དེ། །གལ་ཏེ་ཁྱོད་ཀྱང་འདི་ལྟར་འདོད་དེ། རྗེས་ཐོགས་ལ་རྣམ་པར་རྟོག་པ་ཐམས་ཅད་ཡོད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ་གནས་མེད་པ་ཉིད་ཡིན་ན་ཡང་། ཁྱེད་སེམས་ཅན་གྱི་དོར་ཀུན་རྫོབ་ཀྱི་ཐ་སྙད་ཀྱིས་སོ། །དེས་ན་དེ་ལ་སེལ་བ་དང་། གྲུབ་པ་གང་ལ་ཡོད་དེ་ [156a.2]མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་རབ་ཏུ་གསལ་བའི་དངོས་པོ་སྣང་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་ཤེས་དང་ཤེས་བྱའི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཡང་ཤེས་པ་དང་ཤེས་བྱར་སྒྲོ་བཏགས་པས་སྟོང་པའི་བདག་ཉིད་ཅན་ནི་འགྲོ་བའོ་སྙམ་ན་ཡང་། རྣམ་པར་རྟོག་པ་དང་བཅས་པ་ [156a.3]ན་ཡང་རྣམ་པར་རྟོག་པ་དང་། རྟོག་པ་མེད་པ་ལས་གཞན་མ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཇི་ལྟར་སྣང་བ་ཐམས་ཅད་དེ་ཁོ་ན་མི་ཤེས་པ་དེ་ལྟར་དེ་ཁོ་ན་ཉིད་ཤེས་པ་ན་ཡང་ངོ་། །དེ་ཡང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ [156a.4]ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གཞན་དག་ནས་ཀྱང་། །སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །ཡང་ན། ཇི་ལྟར་དེ་ལྟར་ཀུན་སྔོན་ནས། །ཞེས་བྱ་བ་ནི་ཇི་ལྟ་བ་ལྷན་ [156a.5]ཅིག་སྐྱེས་པའི་ངོ་བོ་རྟོགས་པ་མེད་པ་ཡིན་པ་དེ་བཞིན་དུ། དེ་ཁོ་ན་ཉིད་ཀྱི་ངོ་བོར་འགྲོ་བ་ཐམས་ཅད་དེ་བཞིན་དུ་རྟོགས་པར་ཤེས་པར་བྱའོ། །ཇི་སྐད་དུ། ཇི་ལྟར་སྔོན་བཞིན་དེ་ལྟར་ཕྱིས། །དེ་བཞིན་ཉིད་ལ་ཡིད་སངས་རྒྱས། །ཞེས་བསྟན་པ་དང་། གཞན་དག་ལས་ཀྱང་། ཆོས་ [156a.6]ཐམས་ཅད་ལྷན་ཅིག་སྐྱེས་པའི་རྟོག་པ་སྟེ། དེས་ན་དེའི་འཁོར་བར་འདོར་བར་མི་འགྱུར་རོ། །ཞེས་བྱ་བ་དང་། དེ་བཞིན་དུ། སངས་རྒྱས་རྣམས་ནི་མ་སྐྱེས་པའི། །ཆོས་ཉིད་དེ་ལྟ་བུ་ལ་གནས། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ཡིན་ནོ། །འོན་ཀྱང་ཁྱད་པར་ནི་འདི་ཡོད་དེ། [156a.7]ཇི་ལྟར་སྔར་གཟུང་བ་དང་འཛིན་པ་མངོན་པར་ཞེན་པའི་བློ་དེ་བཞིན་དུ་ཕྱི་ནས་མེད་དོ། །དེ་ཡང་། ཆོས་འདི་དག་ནི་མྱ་ངན་འདས། །རྨོངས་པས་འཁོར་བའི་རྣམ་པ་ཅན། །ཞེས་བསྟན་པ་ཡིན་ནོ། །འདི་ལྟར་རྨོངས་པ་ནི་གཟུང་བ་དང་འཛིན་པར་ལྷག་པར་མངོན་པར་ཞེན་པའོ། །དེ་ [156b] [156b.1]བཞིན་དུ་གཞན་དག་ནས་ཀྱང་། མདའ་བསྣུན་གྱིས་སྨྲས་སྒོམ་པ་དག །ཇི་ལྟར་དེ་ལྟར་དེ་ཡིན་ཏེ། ཇི་ལྟར་རྟོག་བ་དེ་ལྟར་མིན། །ཞེས་པའོ། །དེ་ལྟར་འགྲོ་བ་ཡེ་ཤེས་ཀྱིས། །རྣམ་པར་རིག་ནས་འགྲོ་བ་ལ། །ཇི་ལྟ་བ་བཞིན་སྟོན་པ་ནི། །མ་སྐྱེས་འགྲོ་བ་གང་ཡིན་བློ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡོད་ [156b.2]པ་དང་མེད་པ་ལ་སྐྱེས་པར་མི་འཐད་པ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་འགྲོ་བ་མ་སྐྱེས་པར་བློ་མངོན་སུམ་དུ་ཤེས་པ་དེ་ཉིད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་བློ་སྦྱངས་པ་ཉིད་དོ། །བློ་ཞེས་བྱ་བ་ནི་ངེས་པར་འབྱེད་བའོ། །དེས་ན་དེ་ནི་བློ་དང་ལྡན་པའོ། །འབད་པ་མེད་པར་ཞེས་བྱ་ [156b.3]བ་ནི་འབད་པ་དང་བྲལ་བའོ། །རང་བཞིན་ནི་ལྷན་ཅིག་སྐྱེས་པའོ། །འགྲོ་ཀུན་བདེན་ཞེས་བྱ་བ་ནི་བརྫུན་པ་མ་ཡིན་པའོ། །ད་ནི་རྣམ་པར་རྟོག་པ་ཡིན་ཀྱང་མྱ་ངན་ལས་འདས་པར་བསྟན་པའི་ཕྱིར། འབྲེལ་པ་བསྒོམ་པ་ཞེས་བྱ་བ་སྨྲས་ཏེ། འབྲེལ་པ་བསྒོམ་པ་མེད་པ་དེ་ནི་འབྲེལ་བ་མི་ཤེས་ [156b.4]པའི་རྣམ་པར་རྟོག་པ་སྟེ། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །དེ་ལྟ་བས་ན་དེ་ཉིད་མྱ་ངན་ལས་འདས་པ་ཞེས་བྱའོ། །དེའི་ཕྱིར་སེམས་ཉིད་འཁྲུལ་པར་མ་བྱེད་ཅིག །དེ་ཡང་། རྟེན་ཅིང་འབྲེལ་པར་གང་འབྱུང་བ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་བསྟན་པའི་སྟོང་པ་ཉིད་ནི་མྱ་ [156b.5]ངན་ལས་འདས་པ་ཞེས་བྱའོ། །མ་སྐྱེས་པ་རྟོགས་པའི་ཡེ་ཤེས་དེ་ནི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་རྙེད་པའོ་ཞེས་བསྟན་པའི་ཕྱིར། ཐོབ་པར་སྟོན་པ་ནི། གཉེན་པོའི་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཉེན་པོའི་ཕྱོགས་ལ་ཞེས་བྱ་བ་ནི་རང་བཞིན་དང་། ཡོན་ཏན་དང་། སྙིང་ [156b.6]པོ་ལ་ངེས་པར་སྤྱོད་པ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཅན་གྱི་བདག་ཉིད་ཅན་གཉེན་པོའི་ཕྱོགས་ལ་དཔྱོད་པའི་རྣམ་པར་རྟོག་པའི་ཚོགས་ཡིད་ལ་མི་བྱེད་བས་སྤོང་བའོ། །མི་གནས་ཤིང་ཞེས་བྱ་བ་ནི་ [156b.7]གཉེན་པོའི་ཕྱོགས་ལ་ངེས་པར་དཔྱོད་པའི་རྣམ་པར་རྟོག་པའི་ཚོགས་རབ་ཏུ་སྤངས་པའི་ཟག་པ་དང་བཅས་པའི་གཟུགས་ལ་སོགས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པའི་བདག་ཉིད་མི་མཐུན་པའི་ཕྱོགས་ལ་ངེས་པར་དཔྱོད་པའི་རྣམ་པར་རྟོག་པའི་ཚོགས་རབ་ཏུ་སྤང་བར་ཡང་བལྟ་བར་བྱའོ། ། [157a] [157a.1]དེ་མེད་པའི་ཕྱིར་འདི་དག་ངེས་པར་མེད་པ་ཉིད་དོ། །དེ་ཉིད་ལ་ཡང་མི་ཆགས་པ། །ཞེས་བྱ་བ་ནི། ངོ་བོ་ཉིད་ལ་སོགས་པ་ལ་ངེས་པར་དཔྱད་བ་ཉིད་ཀྱིས་སྟོང་པ་ཉིད་དང་། དེ་བཞིན་ཉིད་ཀྱི་བདག་ཉིད་ལ་དེ་ཁོ་ན་ཉིད་དུ་ངེས་པར་དཔྱོད་པ་རྣམ་པར་རྟོག་པའི་ཚོགས་ [157a.2]ཀྱི་ཏིང་ངེ་འཛིན་ལ་ཡང་མ་ཆགས་བའོ། །གང་གིས་འབྲས་བུའང་འདོད་མེད་པ། ཞེས་བྱ་བ་ནི། ས་དང་པོ་ལ་སོགས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཐོབ་པ་ལ་ངེས་པར་དཔྱོད་པའི་ཚོགས་ཀྱི་ངོ་བོའི་འབྲས་བུ་ལ་འདོད་པ་སྟེ། དེ་ལ་རེག་པ་འགའ་ཡང་མེད་པའོ། །དེ་ཡིས་ཕྱག་ [157a.3]རྒྱ་ཆེན་པོ་ཤེས། །ཞེས་བྱ་བ་ནི་ཐོབ་པའོ། །དེ་དག་གིས་ནི་འགྲོ་བའི་བདག་ཉིད་མི་གནས་པ་སྒྲོ་མ་བཏགས་པ། མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་། དེ་ཁོ་ན་ཉིད་དང་། འབྲས་བུའི་ཚོགས་ལ་ཆགས་པ་སྤངས་པས། ཆགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ནི་ཕྱག་རྒྱ་ཆེན་ [157a.4]པོ་ཐོབ་པ་ཞེས་བྱའོ། །གལ་ཏེ་དེ་ལྟར་ན་ཕྱག་རྒྱ་ཆེན་པོ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་ཞིག་གམ་ཞེ་ན། མ་ཡིན་ཏེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བདག་ཉིད་ཅན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། [157a.5]ཚངས་པ་ཁྱད་པར་སེམས་ཀྱི་ཞུས་པ་ཐེག་པ་ཆེན་པོའི་མདོ་ལས། གང་ཉོན་མོངས་པ་ཐམས་ཅད་སྤང་བ་དེའི་དོན་ནི་སྦྱིན་པའོ། །གང་མངོན་པར་འདུ་བྱེད་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་མཚན་ཉིད་དང་བྲལ་བ་དེ་ནི་བཟོད་པའོ། གང་རྣམ་པར་དཔྱོད་པ་མེད་པ་དེ་ནི་བརྩོན་འགྲུས་སོ། ། [157a.6]གང་རབ་ཏུ་མི་གནས་པ་དེ་ནི་བསམ་གཏན་ནོ། །གང་སྤྲོས་པ་མེད་པ་དེ་ནི་ཤེས་རབ་བོ། །དེ་ལྟར་གནས་མེད་པ་སྤྲོས་པ་མེད་པའི་ངོ་བོ་ཉིད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བསྟན་པ་དང་། དེ་ཡང་། བདུན་བརྒྱ་པ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། [157a.7]འཇམ་དཔལ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པ་དེའི་ཚེ་ཅི་ཞིག་ལ་གནས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་གང་གི་ཚེ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ། བདག་གནས་ [157b] [157b.1]པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གནས་པ་མེད་པ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ག་ལ་ཡོད། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གང་ཅི་ཡང་མི་གནས་པ་ཉིད་ནི་ཤེས་རབ་ [157b.2]ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པ་དེའི་ཚེ། དགེ་བའི་རྩ་བ་ཇི་སྙེད་ཅིག་འཕེལ་བའམ་འགྲིབ་པར་འགྱུར། འཇམ་དཔལ་གྱིས་གསོལ་པ། བཅོམ་ [157b.3]ལྡན་འདས་དེའི་ཚེ། དགེ་བའི་རྩ་བ་ཅུང་ཟད་ཀྱང་འཕེལ་བར་འགྱུར་བའམ་འགྲིབ་པར་འགྱུར་བ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ཆོས་གང་ཅུང་ཟད་འཕེལ་བར་འགྱུར་བའམ། འགྲིབ་པར་འགྱུར་བ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ [157b.4]དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཆོས་གང་ཅུང་ཟད་འཕེལ་བའམ། འགྲིབ་པ་རབ་ཏུ་གནས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ལགས་ཏེ། སོ་སོའི་སྐྱེ་བོའི་ཆོས་ཀྱང་མི་སྤོང་ལ། སངས་རྒྱས་ཀྱི་ཆོས་ཀྱང་ [157b.5]ཡང་དག་པར་མི་ལེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་བསྟན་ནས། དགའ་བ་བཞིའི་རང་བཞིན་ཀུན་དུ་འགྲོ་བའི་ངོ་བོའི་དམ་ཚིག་གི་ཕྱག་རྒྱ་བསྟན་པའི་ཕྱིར། ཇི་ལྟར་ལས་ཀྱི་ཕྱག་རྒྱ་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྡོ་རྗེ་སློབ་དཔོན་བཀའ་ [157b.6]དྲིན་གྱིས། །ཞེས་བྱ་བ་ནི། བླ་མ་དམ་པའི་མན་ངག་གིས་ཞེས་པའི་དོན་ཏོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཕྱག་རྒྱ་ཆེན་པོ་སྐྱེས་བུ་བྱེད་པའི་འབྲས་བུའི་ངོ་བོ་དེ་ནི། བཅོམ་ལྡན་འདས་ཤེས་རབ་མ་དང་ལྷན་ཅིག་ཏུ་ལོངས་སྤྱོད་པའི་ངོ་བོར་བཞེངས་པའི་སྤྱོད་པ་ནི་དགའ་བའོ། ། [157b.7]ནོར་བུའི་གྲོང་ནི་མཆོག་དགའོ། །འདོད་ཆགས་ཆེན་པོ་ཞུ་བར་འགྱུར་བའི་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཟླ་བ་དང་ཉི་མ་ཁ་ཡང་དག་པར་སྦྱར་བའི་དབུས་ན་གནས་པ། སྟེང་དང་འོག་དང་། ཐིག་ལེའི་གཟུགས་ཀྱི་ཐིག་ལེ་གཉིས་ཀྱི་ངོ་བོ་ཉིད་ནི་ལྷན་ཅིག་སྐྱེས་པའོ། དེ་སྐད་དུ་ཡང་། [158a] [158a.1]དེར་ནི་ཐོག་མཐའ་དབུས་མེད་དེ། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་བདེ་ཆེན་མཆོག་ཡིན་ནོ། །བདག་དང་གཞན་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ཡིན་ནོ། །འདིའི་དོན་ཡང་རྣམ་པ་གཉིས་ཏེ། དྲང་བའི་དོན་དང་ངེས་པའི་དོན་ནོ། །དེ་ལ་ངེས་པའི་དོན་ [158a.2]ནི་དེ་ཉིད་ཀྱི་ཚེ་ཆོ་ག་དེ་ལྟ་བུ་ཉིད་ཀྱི་མཚན་ཉིད་དང་བྲལ་བའི་སྐད་ཅིག་ལ་རྣམ་པར་མི་རྟོག་པར་རིག་པའོ། །དྲང་བའི་དོན་ནི་ཐོག་མ་སྟེ། ཐིག་ལེ་སྔ་མ་མ་ཡིན་པའོ། །མཐའ་མེད་པ་སྟེ་མཐའ་མེད་པའོ། །དབུས་མེད་ཅེས་བྱ་བ་ནི་རྒྱུན་མི་འཆད་པའི་ཕྱིར་དབུས་མེད་པ་སྟེ། དེ་ལ་དབུས་མེད་ [158a.3]པའོ། །སྲིད་མེད་ཅེས་བྱ་བ་ནི་སྲིད་པའི་ངོ་བོ་མ་ཡིན་པའོ། །ཐབས་ཉི་མ་དང་ཡང་དག་པར་འདུས་པ་ལས་ཐིག་ལེ་ནི་སྲིད་པ་སྟེ། དེ་ནི་དེ་ཁོ་ན་ཉིད་མ་ཡིན་ནོ། །མྱ་ངན་ལས་འདས་པ་མེད་ཅེས་བྱ་བ་ནི། མྱ་ངན་ལས་འདས་པའི་ངོ་བོ་མ་ཡིན་ཏེ། ཤེས་རབ་ཟླ་བ་དང་ཡང་དག་པར་འདུས་པས་ [158a.4]སོ། །དེ་ལྟར་ན་གང་ཞིག་ཅེ་ན། བརྗོད་པར་བྱ་སྟེ། གཉི་ག་རོ་གཅིག་པའི་ངོ་བོ་འདི་ནི་མཆོག་ཏུ་བདེ་བ་ཆེན་པོ་སྟེ། བདག་དང་གཞན་དུ་བསམ་པར་མི་བྱའོ། །འདིར་ཡང་སྔར་བསྟན་པའི་ལས་ཀྱི་ཕྱག་རྒྱ་ལས་ལྷན་ཅིག་སྐྱེས་པ་རྣམ་པར་གཞག་པ་ལྟར་རྡོ་རྗེ་སེམས་དཔའ་ལ་ [158a.5]སོགས་པའི་རྣམ་པར་གཞག་པ་ཡང་ཤེས་པར་བྱའོ། །དེ་ནས་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞིའི་གླུས་བསྐུལ་བའི་རྗེས་ཐོགས་ལ་རྨི་ལམ་ལས་སང་བ་དེ་བཞིན་དུ། ལོངས་སྤྱོད་རྫོགས་པའི་གཟུགས་ཀྱི་བཅོམ་ལྡན་འདས་གདན་ལས་བཞེངས་ནས་སེམས་ཅན་གྱི་དོན་དུ་དག་པ་ [158a.6]འཇིག་རྟེན་པའི་ངོར་དངོས་པོའི་རྣམ་པར་རྟོག་པ་མངོན་དུ་མཛད་ནས་གང་ལ་སྤྱོད་པ་དེ་ནི་དགའ་བྲལ་ལོ། །འདིར་ཡང་དེ་ལྟར་དེ་བཞིན་བཞི་པ་ཡང་དེ་ཉིད་དེ། དེ་ལྟར་ཞེས་བྱ་བ་ནི་རྙེད་པའི་ལྷན་ཅིག་སྐྱེས་པའོ། །ཡང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་སོ། །དེ་བཞིན་ཞེས་བྱ་ [158a.7]བ་ནི་ལྷན་ཅིག་སྐྱེས་པ་བཞིན་དུ་རྟོགས་པར་བྱ་བ་ཉིད་དོ། །ཤིན་ཏུ་དགའ་བ་ཉིད་གཅིག་པུ་གྲངས་བཞིར་ངེས་པར་བྱའོ་ཞེས་བྱ་བའི་ཚིག་གང་གི་ཚེ་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོར་གྱུར་པ་དེའི་ཚེ། དམ་ཚིག་གི་ཕྱག་རྒྱ་ངོ་བོ་གཅིག་བུ་ཉིད་དགའ་བྲལ་གྱི་དགའ་བའི་ [158b] [158b.1]ངོ་བོའོ། །འོ་ན་འདིར་ཐིག་ལེའི་གཟུགས་ཉིད་ཀྱི་ཕྱིར་རྣམ་པར་རིག་པ་ཉིད་གསལ་བ་ཉིད་དུ་བསྟན་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་ཡང་བདེ་བའི་ངོ་བོ་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར། འགོ་བ་མ་ལུས་པའི་རྣམ་པར་སྤྲོས་པ་ན་རྣམ་པ་ལ་གནོད་པ་ཡིན་ནོ། །དེ་ལྟ་ན་ཡང་ལས་ཀྱི་ཕྱག་ [158b.2]རྒྱ་ལས་རྙེད་པའི་བདེ་བ་བཞིན། ཐིག་ལེའི་གཟུགས་སུ་སྐྱེས་བ་ཅིའི་ཕྱིར་ཞེ་ན། འདིར་ཡང་ཕྱག་དང་ཞབས་ལ་སོགས་པ་རྣམ་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་བསྟན་པར་རིགས་སོ་ཞེ་ན། བརྗོད་པར་བྱ་སྟེ། ཐིག་ལེའི་གཟུགས་ཀྱི་ཡོད་པའི་ཕྱིར། འཇིམ་པའི་རྣམ་པ་ལ་ [158b.3]བུམ་པའི་རྣམ་པ་བཞིན་དུ། གནས་གྱུར་བ་རྣམ་པ་དང་བཅས་པ་བརྗོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། བཅོམ་ལྡན་འདས་ཐིག་ལེའི་གཟུགས་ཀྱིས་གནས་སོ་ཞེས་གསུངས་པས་སོ། །དེ་ཉིད་བརྗོད་པར་བྱ་སྟེ། ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། སྒྲིབ་བྲལ་བདེ་བ་ངོ་བོ་ཉིད། །ཅེས་ [158b.4]བྱ་བས་སོ། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་ཀུན་རྫོབ་ནི་དོན་དམ་པ་མ་ཡིན་པའོ། །སྒྲིབ་བྲལ་ནི་སྒྲིབ་པ་མེད་པ་སྟེ། མྱ་ངན་ལས་འདས་པའོ། །འདིར་བདེ་བ་ནི་ཐ་དད་པ་ཉིད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། བདེ་བ་སྤངས་ནས་དེ་མ་ཡིན། །ཞེས་བྱ་བས། བདེ་བ་དང་ཐིག་ལེ་དག་དེའི་ [158b.5]བདག་ཉིད་ལས་ཐ་དད་པའི་བདེ་བ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། གང་ཕྱིར་འབྱུང་བ་ཆེ་བདེ་བ། །བདེ་བའི་བདེ་བ་དེ་ཉིད་མིན། །ཞེས་བྱ་བས་ཤེས་པར་བྱའོ། །ཡང་འདི་སྙམ་དུ་སེམས་ཉིད་སྣ་ཚོགས་ཐིག་ལེའི་གཟུགས་སུ་འབྱུང་བའི་རྣམ་པ་མེད་པ་ཉིད་དོ་ཞེ་ན། དེ་ལྟར་ཡང་མི་ [158b.6]འགྱུར་ཏེ། གལ་ཏེ་རྣམ་པ་མེད་པའི་བསམ་པས་འདི་ལྟར་ཡིན་ནོ་ཞེ་ན། དེ་ལྟར་ན་རྣམ་པ་མེད་པའི་རྟོག་པ་ལས་ཡིད་གཉིས་དགོས་པ་མེད་པ་ཉིད་དེ། ཐེ་ཚོམ་ཟ་བའི་རྒྱུ་ཐིག་ལེ་སྤངས་བས་བདེ་བ་ཙམ་ཉིད་ངེས་པར་བསྟན་པར་འགྱུར་རོ། །ཇི་སྐད་དུ་བསྟན་པའི་འབད་པ་དེ་ལྟ་བུ་མང་པོ་ [158b.7]ཅི་ཞིག་བྱ། དེ་ལྟ་བས་ན་ཐིག་ལེ་ཉིད་ཀྱང་རྣམ་པ་མེད་པ་སྨྲ་བ་ལ་མེད་པ་ཉིད་དོ། །བསྟན་མ་ཐག་པའི་ཕྱག་རྒྱ་རེ་རེ་ལ་དགའ་བ་ཉིད་རེ་རེ་གསལ་བ་ཉིད་དོ་ཞེས་བྱ་བའི་ཕྱིར། ལས་ཀྱི་ཕྱག་རྒྱ་སྣ་ཚོགས་ཉིད། །ཅེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གལ་ཏེ་གཞུང་ [159a] [159a.1]འདི་ཉིད་ནི་ཕྱག་རྒྱ་བཞིའི་རྗེས་སུ་བསྟན་པའི་རྗེས་སུ་འཇུག་པ་ཡིན་ལ། དེ་ཡང་རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་སུ་འབྲངས་པ་བསྟན་པ་ཡིན་གྱི། རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་ནི་མ་ཡིན་ནོ། །བརྗོད་པར་བྱ་སྟེ། འདིར་གསང་བ་འདུས་པའི་ [159a.2]རྗེས་སུ་འབྲངས་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟེན་པ་ཡིན་ནོ། །གང་གི་ཕྱིར་རྒྱུད་ནས་རིམ་པ་ལྔ་ཕྱག་རྒྱ་བཞིར་བསྟན་པ་ཡིན་ལ། རིམ་པ་དག་ཀྱང་སྔགས་ཀྱི་གཟུགས་ཡིན་པའི་ཕྱིར། རིམ་པ་ཇི་ལྟ་བ་བཞིན་དུ་སེམས་ངེས་པར་སྦྱངས་པའོ། །དེ་ཡང་འདི་ལྟར་བསྟན་པའི་ཕྱག་རྒྱ་ [159a.3]གཅིག་ལ་ཡང་། །སྔགས་ཀྱི་གཟུགས་ལ་ཡིད་གནས་ནས། །གང་གི་ཕྱིར་ཆོས་ཀྱི་ཕྱག་རྒྱའི་བདེ་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟོན་པའོ། །བདེན་པའི་ཡང་དག་པའི་མཐའ་ཉིད་ནི། ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །འབྲས་བུ་དམ་ཚིག་གི་ཕྱག་རྒྱ་ནི་གཉིས་སུ་མེད་པ་རིག་པའོ། །རིགས་ [159a.4]པ་རྣམས་འདུས་པ་ནི་ལྷ་རྫས་ཏེ། སངས་རྒྱས་ཀྱི་འབྲས་བུ་སྟེར་བའོ། །དེ་ཡང་མཐའ་དྲུག་གི་བཤད་པ་སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བ་ལས། སློབ་དཔོན་ཟླ་བ་གྲགས་པས། གསང་སྔགས་སྐུ་ནི་རབ་བསྒྲུབ་ཕྱིར། །སྐྱེས་པའི་རིམ་པ་དང་པོ་ཡིན། །སེམས་ལ་ [159a.5]དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་ལ་ཞེས་བརྗོད་དོ། །ཀུན་རྫོབ་བདེན་པ་བསྟན་པ་ནི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །བདེན་གཉིས་སྦྱོར་བ་གང་ཡིན་པ། །ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། །འདི་ནི་སྒྲུབ་ [159a.6]པའི་ཡན་ལག་མཆོག །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །རིམ་པ་འདི་ནི་དབྱེ་བ་ཡང་། །སྤྲོས་པའི་རིམ་པ་རྣམ་པ་མེད། །དེ་རྣམས་ཡང་དག་བསྡུས་པ་ཡིན། །གང་གིས་ཤེས་པ་རྒྱུད་དེ་རིག །ཅེས་གསུངས་པ་དང་། སྔགས་དང་སེམས་དང་ལུས་དང་ནི། །རྣམ་དག་དང་ནི་ཟུང་ [159a.7]འཇུག་དང་། །རིམ་པ་ལྔ་ཡི་བསྡུས་པའི་དོན། །ཤེས་ནས་མཐའ་དྲུག་ལ་འཇུག་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་ལྷའི་ཞལ་སྔ་ནས་ཀྱང་། །མདོ་རྒྱུད་རྟོག་བསྲེས་ལས། སྔགས་ཀྱི་དེ་ཉིད་དང་། ཕྱག་རྒྱའི་དེ་ཉིད་དང་། བདག་གི་དེ་ཉིད་དང་། ཆོས་ཀྱི་དེ་ཉིད་དང་། [159b] [159b.1]ལྷའི་དེ་ཉིད་དང་ཞེས་བྱ་བས་རིམ་པ་ལྔར་མདོར་བསྟན་པ་མཛད་པ་ཡིན་ནོ། །དེ་ལ་སྔགས་ཀྱི་དེ་ཉིད་ཅེས་བྱ་བ་ནི། ཡི་གེ་ཧཱུཾ་ལ་སོགས་པ་ལས་བྱུང་བའི་དགྱེས་པའི་རྡོ་རྗེ་ལ་སོགས་པའི་གཟུགས་སོ། །ཕྱག་རྒྱའི་དེ་ཉིད་ཅེས་བྱ་བ་ནི་གྲངས་བགྲངས་པའི་རིམ་པས་དེ་ཉིད་སེམས་སྦྱངས་པ་ [159b.2]ཙམ་མོ། །ངེས་པའི་དོན་གྱིས་ལས་ཀྱི་ཕྱག་རྒྱ་ལས་སོ། །བདག་གིས་དེ་ཉིད་ནི་འགྲོ་བ་སྣ་ཚོགས་སེམས་ངོ་བོ་མེད་པའི་རང་བཞིན་ནོ། །ཆོས་ཀྱི་དེ་ཉིད་ནི་ཆོས་རྣམས་མ་སྐྱེས་པའོ། །ལྷའི་དེ་ཉིད་ཅེས་བྱ་བ་ནི་བདག་གི་དེ་ཉིད་དང་། ཆོས་ཀྱི་དེ་ཉིད་དག་དེའི་བདག་ཉིད་དུ་བྱས་པས་ཐ་མི་དད་ [159b.3]ཅེས་བྱ་བའི་བར་དུའོ། །དེ་ཉིད་ལྔ་པོ་དེ་དག་ནི། བླ་མའི་མན་ངག་གིས་ཕྱག་རྒྱ་བཞི་དང་སྦྱར་བར་བྱའོ། །རིམ་པ་ལྔ་ཡང་རིམ་པ་བཞིན་དུའོ། །གལ་ཏེ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་ཉིད། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་ [159b.4]འཆད་དོ། །ཞེས་བྱ་བ་ནི་རྒྱུད་ཀྱི་ཚིག་ཡིན་ནོ། །རིམ་པ་ལྟར་བསྟན་པ་ཇི་ལྟ་བུ་ཞེ་ན། །བརྗོད་པར་བྱ་སྟེ། བསྐྱེད་པའི་རིམ་པར་ཡང་མདོར་བསྡུས་པའི་རིམ་པ་དང་རྡོ་རྗེ་བཟླས་པའོ། །མིང་གཞན་ཕྱི་བསྐྱེད་པའི་རིམ་པ་དང་། །ནང་གི་བསྐྱེད་པའི་རིམ་པ་ཞེས་བྱའོ། །རྫོགས་པར་ཡང་ [159b.5]བདག་བྱིན་གྱིས་བརླབས་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་དུ་འཇུག་པ་སྟེ། མིང་གཞན་རྫོགས་པ་དང་། ཡོངས་སུ་རྫོགས་པ་དང་། ངོ་བོ་ཉིད་ཀྱི་རིམ་པ་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེ་ཉིད་ཕྱག་རྒྱ་བཞིའི་ཡང་དག་པའི་ངོ་བོའི་རང་བཞིན་ཏེ། ཐམས་ཅད་གསང་བའི་ [159b.6]རྒྱུད་ལས་བསྟན་པར་ཤེས་པར་བྱའོ། །དེ་ཡང་། ཕྱག་རྒྱ་ཆེན་པོ་ཡིད་ཀྱིས་ཏེ། །དམ་ཚིག་ཕྱག་རྒྱ་ཀུན་དུ་འགྲོ། །ཆོས་ཀྱི་ཕྱག་རྒྱ་ངག་ལས་ཏེ། །ལས་ཀྱི་ཕྱག་རྒྱ་ལུས་ཀྱིའོ། །ཞེས་བསྟན་པ་ཡིན་ནོ། །ད་ནི་ལས་ཀྱི་ཕྱག་རྒྱ་གང་ལས་དེ་བཞིན་གཤེགས་པའི་དབུགས་དབྱུང་ [159b.7]བ་དང་། རྡོ་རྗེ་འཆང་གི་དབུགས་དབྱུང་བ་ཉིད་ཤེས་པས་ཚིམ་པ་དག་དགག་པའི་ཕྱིར། ཕྱག་རྒྱ་ཆེན་པོ་མི་ཤེས་པར། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། །བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གཞུང་ལུགས་ཀྱི་དེ་ཉིད་གང་ཡིན་པ་དེ་ལ་ཉེ་བར་སྣང་བས། ལས་ཀྱི་ཕྱག་ [160a] [160a.1]རྒྱ་དེ་ཉིད་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་སྐུར་བ་འདེབས་པའི་རྣལ་འབྱོར་པ་ནི་ངུ་འབོད་དུ་འགྲོའོ། །ངུ་འབོད་ཅེས་བྱ་བ་ནི་མཚོན་པ་སྟེ། །གཞན་མནར་མེད་པའི་དམྱལ་བ་ལ་སོགས་པའི་ཡང་ [160a.2]གཟུང་ངོ་། །ངུ་འབོད་ལ་སོགས་པ་དམྱལ་བར་འགྲོ་བ་དང་། དམ་པའི་ཆོས་སྤང་བསྒྲུབ་པ་ནི། །འཕགས་པ་བརྒྱད་སྟོང་པ་ལ་སོགས་པའི་མདོ་ལས་གསལ་བས་རྒྱས་པར་མ་བསྟན་ཏོ། །འོན་ཏེ་ལས་ཀྱི་ཕྱག་རྒྱ་དེ་ཁོ་ན་ཉིད་དུ་མི་འགྱུར་བ་ཇི་ལྟར་ཞེ་ན། ལས་ཀྱི་ཕྱག་རྒྱ་ཁྲོ་རྒྱུ་ཅན། [160a.3]སྡིག་ཅན་ཤིན་ཏུ་འཇིགས་རུང་བ། །ཤིན་ཏུ་རིང་དུ་སྤང་བར་བྱ། །ཞེས་བྱ་བ་དང་། དེ་བཞིན་དུ། མི་མོ་ཉམས་འགྱུར་ཤེས་པ་ནི། །དེ་ཡི་བདེ་བའང་ཉམས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱུད་ཀྱི་ཚིག་གིས་སོ། །མཆོག་ཏུ་དགའ་བ་མ་མཐོང་བར། །བུད་མེད་བདེ་བ་ [160a.4]སྙམ་དུ་སེམས། །ཞེས་བྱ་བའི་ཚིག་དང་། ཇི་ལྟར་མེ་ལོང་དུ་སྣང་བའི་བཞིན་གྱི་གཟུགས་བརྙན་ལ། བཞིན་ནི་འབྱུང་བ་མེད་ལ། སྔོན་དུ་ཡང་མ་གྲུབ་ལ། ད་ལྟར་གྲུབ་པ་ཡང་མེད་པའི་ཕྱིར་རོ། །གཞན་གྱི་གཟུགས་བརྙན་གྱི་འདྲ་བ་ཙམ་འབྱུང་བ་ཡིན་ནོ། །དེ་ལྟར་ན་ཡང་འཇིག་ [160a.5]རྟེན་པ་ནི་བདག་གི་བཞིན་མཐོང་ཞེས་འཁྲུལ་པས་བྱས་པའི་དགའ་བ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་སློབ་དཔོན་བློ་དམན་པ་དག་ཀྱང་། ཤེས་རབ་ཡེ་ཤེས་བསྒྲུབས་ནས་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་ངོ་ཞེ་ན། ཡང་དག་པར་དགའ་བ་སྐྱེ་བར་འགྱུར་རོ། །དགའ་བ་སྐྱེ་བར་འགྱུར་ [160a.6]ཀྱང་ཆོས་ཀྱི་ཕྱག་རྒྱའི་གཏམ་ཡང་མི་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ཕྱག་རྒྱ་བཞིའི་རྗེས་སུ་བསྟན་པ་ལས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ་ཡིན་ནོ། །ཡེ་ཤེས་གྲུབ་པ་ལས་ཀྱང་། །དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ནི་བདེ་བ་ཆེ་ཡིན་ཞེས། ། [160a.7]རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་བྱ་བའི་ཚིག་གིས་བསྟན་པ་ཡིན་ནོ། །འོན་ཏེ་དེ་ལྟར་རྒྱུད་དུ་མ་ནས་གསུངས་པའི་ལས་ཀྱི་ཕྱག་རྒྱ་ལ་སྨད་པས། ཁྱོད་ནི་དམྱལ་བར་འགྲོ་བར་འགྱུར་བ་དང་ཕྲད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་དེ་ཁོ་ན་ཉིད་ཀྱི་གཙོ་བོར་མ་ཡིན་པར་ལུང་ལས་ [160b] [160b.1]གསུངས་པས་བཀག་པ་ཡིན་ནོ། །དེའི་དགོངས་པ་ཡང་། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། །ཞེས་བྱ་བ་ལ་སོགས་པས་བྱེད་རྒྱུའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ་ཡིན་ན། དེ་ལ་སྐུར་བ་བཏབ་པ་ག་ལ་ཡིན་ཞེས་འདིར་མང་དུ་བརྗོད་མི་དགོས་སོ། །ལྷག་མ་ནི་གོ་སླའོ། ། [160b.2]ཕྱག་རྒྱ་རྣམས་རྟོགས་པར་བྱ་བ་དང་། རང་གི་འདོད་པའི་ལྷའི་མཐུ་བསྟན་པའི་ཕྱིར། །དེ་སྲིད་ཕྱག་རྒྱ་བཞི་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རི་ཁྲོད་པ་ནི་སྙིང་པོ་ཅན་ཏེ། དཔལ་རི་ཁྲོད་པའི་ཞབས་ཀྱི་དངོས་གྲུབ་ཐོབ་པའོ། །ལྷག་མ་ནི་གོ་སླའོ། །ད་ནི་བསོད་ [160b.3]ནམས་ཡོངས་སུ་བསྔོ་བས་མཇུག་བསྡུ་བའི་ཕྱིར། ཡང་དག་དབང་བསྐུར་ཆོ་ག་ཡིས། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་གོ་སླའོ།། དཔལ་ལྡན་རི་ཁྲོད་དབང་ཕྱུག་བཅོམ་ལྡན་གང་ཡིན་དེ་ཡིས་མངོན་སུམ་རྗེས་བཟུང་བ། །བླ་མེད་ཆོས་ཉིད་རིན་ཆེན་བདུད་རྩི་ཆེན་པོའི་འབྱུང་གནས་ [160b.4]ཟབ་མོ་ཉིད་ལ་ནི། །གལ་ཏེ་བེམས་པོ་རྨོངས་པས་དེ་དག་སྨོད་པར་བྱེད་ལ་ཁོ་བོ་ཅི་བྱར་ཡོད། །བདག་འདྲ་བསྟོད་པ་རྩོམ་པར་བྱེད་པ་ངོ་མཚར་བརྩེ་བའི་ཕྱིར། །དབང་བསྐུར་བཟང་དང་ངན་པའི་རིམ་དང་དྲག་པོའི་རིམ་དཀའ་བ། །མགོན་པོས་གསུངས་པ་དེ་བཞིན་བློ་ཆུང་རྣམས་ཀྱི་ [160b.5]ཡུལ་མིན་ངོ་མཚར་ཆེ། །དེ་ཡི་རྗེས་སུ་གནང་བ་བསྒོམ་པས་དེ་ཡིས་རྣམ་པར་དཔྱད་པ་དག །ནུས་པ་ཇི་བཞིན་སློ་ཡིས་གསུང་རབ་དྲན་ནས་བརྗོད་པར་བྱས། །དབང་གི་ངེས་པར་གྱུར་པ་ཟབ་མོ་རྒྱ་མཚོ་ཡི། །འགྲེལ་པ་གསལ་པོ་འདི་ནི་བྱས་པ་ལས། བདག་གིས་དགེ་བ་སྐད་ཅིག་ [160b.6]བསགས་པ་དེས། །སྐྱེ་བོ་མ་ལུས་པ་དག་རྒྱལ་གྱུར་ཅིག །བཞི་པའི་རིམ་ལ་རྨོངས་པ་ཡིས། །དཔུང་གི་ཚོགས་གང་འཇིག་བྱེད་པ། །དབང་བསྐུར་ངས་བསྟན་དཀའ་འགྲེལ་འདི། །དགའ་བའི་དཔལ་ལྡན་མགོན་པོས་བྲིས། །དབང་བསྐུར་བ་ངེས་པར་བསྟན་པའི་དཀའ་ [160b.7]འགྲེལ། སློབ་དཔོན་དགའ་བ་སྐྱོང་གིས་མཛད་པ་རྫོགས་སོ།། །།ས་མནྟ་བྷདྲ་དང་། ནག་ཚོས་བསྒྱུར་བའོ།། {T2254}༄༅༅། །རྒྱ་གར་སྐད་དུ། ཏཏྟྭཱ་ད་ཤ་ཀ་ཊཱི་ཀཱ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པའི་རྒྱ་ཆེར་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་ [161a] [161a.1]འཚལ་ལོ། །གང་དག་ངོ་བོ་དམ་པ་བླ་མའི་ཆ་ཡི་སྙིང་རྗེའི་མཐུ་ལས་ནི། །ཟུང་དུ་འཇུག་པའི་དངོས་པོ་དེ་བཞིན་ཉིད་ཀུན་རྫོགས་པའི་བྱང་ཆུབ་འགྱུར། །དེ་དག་ཉིད་ལ་གུས་པས་ཕྱག་བྱར་འོས་ཤིང་རྟག་ཏུ་བསྟེན་པར་རིགས། །དེ་ལ་བཏུད་དེ་དེ་ཉིད་བཅུ་པའི་རྣམ་བཤད་ཡང་ [161a.2]དག་བརྩམ་པར་བྱ། །དེ་ནས་སློབ་དཔོན་འདིའི་ཞལ་སྔ་ནས་ཚད་མ་དང་དབུ་མ་དང་ལུང་གི་གྲུབ་པའི་དོན་ལ་འཇུག་པའི་རིམ་པ་རྒྱས་པར་བསྟན་ནས་སྔགས་ཀྱི་ལུགས་ཀྱི་རྗེས་སུ་མཐུན་པའི་ཕ་རོལ་ཏུ་ཕྱིན་པའི་མན་ངག་མདོར་བསྡུས་པར་མཛད་པར་བཞེད་ནས་རབ་ཏུ་བྱེད་པའི་བརྗོད་པར་བྱ་བ་ [161a.3]དང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དང་དེ་ཁོ་ན་ཉིད་ཀྱི་བདག་ཉིད་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཅན་ཆོས་ཉིད་ཀྱི་བདག་ཉིད་ཀྱི་སྐུ་གསུམ་གྱི་ངོ་བོ་ཉིད་ཁོ་ན་ལ་དང་པོར་ཕྱག་བྱ་བའི་ཕྱིར། གང་ཞིག་ཡོད་མེད་སྦྱོར་བ་སྤངས། །དེ་བཞིན་ཉིད་ལ་ཕྱག་ [161a.4]འཚལ་བཏུང་། །ཅེས་བྱ་བ་སྨོས་ཏེ། ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཡོད་པའི་དེ་བཞིན་ཉིད་དེ། དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་དང་། དོན་དམ་པ་དང་། སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་སོ། །མགོན་པོ་བྱམས་ [161a.5]པས་ཀྱང་། སྟོང་པ་ཉིད་ནི་མདོར་བསྡུ་ན། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་སྟེ། ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡོད་པ་དང་མེད་པ་དག་ཏུ་ཞེན་པ་ནི་ཡོད་པ་དང་མེད་པའི་སྦྱོར་བ་སྟེ། དེ་དག་སྤངས་པ་ནི་བྲལ་བའོ། ། [161a.6]དེ་ཉིད་ལ་ཕྱག་འཚལ་ཞིང་འདུད་པ་སྟེ། ལྷག་པར་མོས་པས་ལན་གཉིས་བརྗོད་དོ། །དེ་ལ་ཡོད་པའི་སྦྱོར་བ་ནི་ཡོད་པ་སྟེ། བདེན་པ་དང་། དངོས་པོ་དང་འཁོར་བ་དང་། སྐྱེ་བ་དང་། རྟག་པ་ཞེས་བྱ་བ་ལ་སོགས་པ་དོན་གཅིག་གོ། །མེད་པའི་སྦྱོར་བ་ནི་མེད་པ་སྟེ། མི་བདེན་པ་དང་། དངོས་པོ་ [161a.7]མེད་པ་དང་། མ་སྐྱེས་པ་དང་མྱ་ངན་ལས་འདས་པ་དང་། ཆགས་པ་ཞེས་བྱ་བ་ལ་སོགས་པ་དོན་གཅིག་གོ། །དེ་བཞིན་ཉིད་ལ་ནི་ཡོད་པ་དང་མེད་པའི་སྦྱོར་བ་དང་བྲལ་བས་འགྲོ་བ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཅན་ནོ། །དངོས་པོ་ངོ་བོས་སྐྱེ་བ་མེད། །མ་སྐྱེས་ནམ་མཁའི་མེ་ཏོག་བཞིན། ། [161b] [161b.1]མ་སྐྱེས་པ་ཡི་རང་བཞིན་གྱིས། །སྐྱེ་བ་དེ་བཞིན་ཉིད་དུ་འདོད། །དེའི་ཕྱིར་དངོས་པོ་ཡོད་པ་མིན། །སྲིད་མེད་མྱ་ངན་འདས་པ་མིན། །བདེ་བ་མ་ཡིན་མི་བདེ་མིན། །རྟག་པ་མ་ཡིན་ཆད་པའང་མིན། །ཞེས་བྱ་བ་ནི་སྡུག་པའི་ཚིགས་སུ་བཅད་པའོ། །དེ་ཉིད་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བློ་གྲོས་དམན་པ་ [161b.2]འགའ་ཞིག་གིས། །ཡོད་པའང་ནི་མེད་མཐོང་བ། །དེ་ཡིས་དངོས་རྣམས་ཉེར་ཞི་ཞིང་། །དགེ་བའི་བལྟ་བྱ་ཉིད་མ་མཐོང་། །ཡོད་པ་ཞེས་བྱ་རྟག་པར་བལྟ། །མེད་པའོ་སྙམ་ནའང་ཆད་པ་སྟེ། །མཐའ་དེ་གཉིས་ལས་རྣམ་གྲོལ་བར། །ཆོས་འདི་རྒྱལ་བས་བསྟན་པ་ཡིན། །བློ་གང་ཡོད་དང་ [161b.3]མེད་པ་ལས། །རྣམ་པར་འདས་ཤིང་མི་དམིགས་སོ། །དེ་དག་མི་དམིགས་ཟབ་མོའི་བློས། །རྟེན་ཅིང་འབྲེལ་འབྱུང་དོན་སྒོམ་བྱེད། །དངོས་པོས་གྲོལ་བ་མ་ཡིན་ལ། །དེ་ལས་དངོས་མེད་ཀྱིས་ཀྱང་མིན། །དངོས་དང་དངོས་མེད་ཡང་ཤེས་ན། །བདག་ཉིད་ཆེན་པོ་གྲོལ་བར་འགྱུར། ། [161b.4]འཁོར་བ་དང་ནི་མྱ་ངན་འདས། །གཉིས་པོ་ཉིད་ནི་ཡོད་མ་ཡིན། །འཁོར་བ་ཉིད་ནི་ཡོངས་ཤེས་ན། །མྱ་ངན་འདས་པ་ཞེས་བྱར་བརྗོད། །ཅེས་གསུངས་སོ། །ཡོད་དང་མེད་པའི་སྦྱོར་བ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། རེ་ཞིག་འགྲོ་བ་འདི་དག་ནི། །གཅིག་དང་དུ་མ་བྲལ་ཕྱིར་མེད། ། [161b.5]རི་དང་རྒྱ་མཚོས་གཞི་དང་། །ཁྱིམ་ལ་སོགས་པ་ཐ་དད་པར། །སྣ་ཚོགས་འདི་དག་རབ་སྣང་ཕྱིར། །རང་བཞིན་གཅིག་པར་རིགས་པ་མིན། །རི་ལ་སོགས་པ་སོ་སོ་ཡང་། །སོ་སོའི་ཆ་ཡིས་རིགས་པ་མིན། །དེ་ལྟ་མོད་ཀྱི་རྡུལ་ཕྲ་རབ་དག་མི་ཕྱེད་པའི་ལུས་ཅན་སོ་སོ་རེ་རེ་བ་ཡིན་ནོ་ཞེ་ན། དེ་དག་ [161b.6]ཀྱང་ཡོད་པ་མ་ཡིན་ཏེ། ཕྱོགས་ཆའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། ཕྱོགས་ཀྱི་ཆ་ཤས་ཐ་དད་པས། །རྡུལ་ཕྲན་ལ་ཡང་ཐ་དད་སྣང་། །ཆ་ཤས་ཆ་ཤས་ཅན་རྟགས་གང་། །དེ་ལ་རྡུལ་ཕྲན་ཇི་ལྟར་ཡོད། །ཅེས་གསུངས་པ་དང་། གཞན་ [161b.7]ལས་ཀྱང་། དྲུག་གིས་ཅིག་ཅར་སྦྱར་བ་ཡིས། །རྡུལ་ཕྲན་ཆ་ཤས་དྲུག་པ་ཉིད། །དྲུག་པོ་རྣམས་ནི་ཡུལ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བཤད་པ་ཡིན་ནོ། །རྡུལ་ཕྲན་རྣམས་མ་གྲུབ་པར་ནི་གཅིག་པུ་ཅུང་ཟད་ཀྱང་མི་འགྲུབ་ལ། གཅིག་པ་ཉིད་མ་གྲུབ་པའི་ཕྱིར་ཡང་ [162a] [162a.1]དེ་བསགས་པའི་ངོ་བོ་ཉིད་དུ་མ་ཡང་མི་འགྲུབ་བོ། །གཅིག་དང་དུ་མ་དང་བྲལ་བའི་དངོས་པོ་གང་ཞིག་ཡོད་པར་འགྱུར་ན་མཐོང་བའམ་འདོད་པར་རུང་བ་ཡིན་ཏེ། དེ་ཡང་། དངོས་པོ་གང་ལ་རྣམ་དཔྱད་ན། །དེ་དང་དེ་ལ་གཅིག་མེད་པ། །གང་ལ་གཅིག་པ་ཉིད་མེད་པ། །དེ་ [162a.2]ལ་དུ་མའང་ཡོད་མ་ཡིན། །ཞེས་བཤད་དོ། །གཅིག་དང་དུ་མ་དང་བྲལ་བའི་གཏན་ཚིགས་འདི་ནི་གསུང་རབ་དང་ལྡན་པ་མ་ཡིན་ནོ་ཞེ་ན། ཇི་ལྟར་མེ་ལོང་ལ་ནི་གཟུགས། །གཅིག་དང་གཞན་པ་རྣམ་སྤངས་པ། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་པོ་དངོས་རྣམས་ཉིད། །ཅེས་ [162a.3]བྱ་བ་ལ་སོགས་པ་ལངྐར་གཤེགས་པ་ལ་སོགས་པའི་མདོ་ལས་བཅོམ་ལྡན་འདས་ཉིད་ཀྱིས་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་རོ། །འགྲོ་བ་གང་ལ་ཡོད་པ་མ་གྲུབ་པ་དེ་ལ་མེད་པ་ཡང་མ་ཡིན་ཏེ། མེད་པ་ནི་ཡོད་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། [162a.4]ཡོད་པའི་སྔོན་འགྲོ་མེད་པ་སྟེ། །མེད་པ་ཡོད་པའི་སྔོན་འགྲོ་ཡིན། །དེ་ཕྱིར་མེད་པར་མི་བསམ་སྟེ། །ཡོད་པ་རུ་ཡང་མི་རྟོག་གོ། །ཞེས་གསུངས་ལ། ཀླུ་སྒྲུབ་ཀྱིས་ཀྱང་། སྟོང་པ་ཉིད་དུ་ཁས་བླངས་ནས། །རྟག་དང་ཆད་པའི་ལྟ་བ་སྟེ། །ཡོད་པར་ཁས་མི་ལེན་པ་ལ། །ཆད་པ་མེད་ཅིང་རྟག་པ་ [162a.5]མེད། །མེད་པ་ཡོད་ན་ཡོད་པར་འགྱུར། །ཡོད་པ་ཡོད་ན་མེད་པ་ཉིད། །དཔེར་ན་རིང་ཐུང་ཡོད་པ་བཞིན། །མེད་ཉིད་ལ་བརྟེན་ཡོད་པའོ། །དེ་ཕྱིར་གང་ལ་གཉིས་ཀ་མེད། །ཅེས་པའོ། །ཡོད་པ་དང་མེད་པའི་སྦྱོར་བ་དང་བྲལ་བའི་ཚིག་གིས་མཐའ་བཞི་དང་བྲལ་བ་དེ་བཞིན་ཉིད་དུ་བསྟན་ [162a.6]པ་ཡིན་ནོ། །ཡོད་པ་དང་མེད་པ་ཉིད་རྣམ་པར་བསྲེས་པ་དགག་པའི་བདག་ཉིད་ཡིན་པའི་ཕྱིར་ཕྱོགས་གཞན་དག་གོ། །ཀྱེ་སྐྱེས་བུ་དེ་ལྟ་ན་ཡོད་པ་བཀག་པ་དེ་ཉིད་མེད་པ་བཀག་པར་ཡང་འགྲུབ་པར་འགྱུར་ཏེ། ཅིའི་ཕྱིར་གཉིས་ཀ་བཀག་ཅེ་ན། དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱིས་ [162a.7]ཡོད་པ་བཀག་པ་ཉིད་ཀྱིས་འགྲོ་བ་དངོས་པོ་མེད་པ་ཙམ་དུ་གསུངས་པ་ཉིད་ཏིང་ངེ་འཛིན་གྱི་རྒྱལ་བ་ལ་སོགས་པ་ལས་ཆོས་ཐམས་ཅད་དངོས་པོ་མེད་པ། མཚན་མ་མེད་པ། མཚན་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །འདིར་ཁ་ཅིག་གིས་ལན་སྨྲས་ཏེ། འདིར་ཆད་པར་ [162b] [162b.1]སྨྲ་བའི་ཡང་ཡོད་པའོ། །དེ་ཡོད་པ་བཀག་པས་མེད་པ་ཉིད་དེ། འགྲོ་བ་རྣམས་ཆད་པའི་དངོས་པོར་ཁས་བླངས་པའི་འགྱུར་བས། དེ་གསལ་བར་བྱ་བའི་ཕྱིར་གཉིས་ཀ་བཀག་པར་སྟོན་ཏོ་ཞེས་ཟེར་རོ། །དེའི་ལེན་འདི་རིགས་པ་མ་ཡིན་ཏེ། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་སྨྲ་བའི་ཡང་ཡོད་ [162b.2]པ་དག་དེ་བཀག་པའི་འཐད་པར་ཐལ་བར་འགྱུར་རོ། །འདི་ལན་གཞན་ཉིད་ནི་སྟོང་པ་འབའ་ཞིག་ཏུ་སྨྲ་བ་གང་གི་ཕྱིར་ཡོད་པ་བཀག་པས་མེད་པ་ཉིད་ནམ་མཁའི་མེ་ཏོག་ལྟར་འགྲོ་བར་འགྱུར་བར་ཁས་བླང་པར་འགྱུར་ཏེ། དེའི་འདོད་པ་གསལ་བར་བྱ་བའི་ཕྱིར་ཟུང་དུ་འཇུག་པ་འདི་བསྟན་པ་ [162b.3]ཉིད་དོ། །དེ་ཡང་རྟོགས་པར་བྱ་བ་ཉིད་དོ། །གང་ལ་ཡང་སྟོང་པ་འབའ་ཞིག་ཏུ་བསྟན་པ་ནི་དེ་ལ་ཡང་ཤེས་རབ་ཀྱི་ཆ་གཙོ་བོ་བསྟན་པ་ཉིད་ཀྱི་ཕྱིར་རོ། །བདེན་པ་གཉིས་ཟུང་དུ་འཇུག་པའི་དཔྲལ་བར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །གཞན་དག་ནི་གཞན་དུ་ཟློག་པར་བྱེད་དོ་བསྟན་པའི་དབྱེ་བ་ [162b.4]འདིར་སྐྱོན་མེད་དེ། ཁ་ཅིག་གིས་དངོས་པོ་བཀག་སྟེ་དངོས་པོ་མེད་པ་ཙམ་བསྟན་ཏོ། །ཁ་ཅིག་དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བའོ། །ཁ་ཅིག་གིས་མཐའ་བཞི་དང་བྲལ་བའོ། །ཡང་དེ་བཞིན་ཉིད་ཐ་དད་པ་ནི་མེད་དོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཅིའི་ཕྱིར་དེ་བཞིན་ཉིད་ཁོ་ན་ལ་ [162b.5]ཕྱག་འཚལ་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་མ་ཡིན་ཞེ་ན་ཞེས་བྱ་བ་དེའི་ཕྱིར། གང་ལ་རྙོག་པ་མེད་པ་ཉིད། །བྱང་ཆུབ་རྟོགས་པའི་རང་བཞིན་ཅན། །ཞེས་བྱ་བ་སྨྲས་ཏེ། གང་ལ་ནི་གང་གི་ཕྱིར་ཏེ། །དེ་ཉིད་དེ་བཞིན་ཉིད་དོ། །རྟོགས་པ་ནི་ཁོང་དུ་ཆུད་པའི་སྒོ་ནས་སོ། [162b.6]རྙོག་པ་མེད་པ་ནི་དྲི་མ་མེད་པའོ། །བྱང་ཆུབ་རང་བཞིན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ངོ་བོ་ཡིན་པ་དེའི་ཕྱིར་དེ་ཉིད་ལ་ཕྱག་བྱ་བ་ཡིན་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །ཡང་གང་གི་ཕྱིར་ཆོས་ཀྱི་རང་བཞིན་གྱིས་དྲི་མ་མེད་པ་དང་རྙོག་པ་མེད་པ་ཉིད་མ་འཁྲུལ་པའི་དེ་ [162b.7]བཞིན་ཉིད་དོ། །དེ་ལྟར་རང་གི་ངོ་བོ་མ་རྟོགས་པས་ཕྱིན་ཅི་ལོག་གི་ངོ་བོར་གཞག་པ་ཡང་ཉོན་མོངས་པ་དང་ལས་དང་སྐྱེ་བ་རྣམས་ཀྱིས་འཁོར་བ་འབྱུང་བའི་ཕྱིར་རྙོག་པ་རྣམས་སོ་སོར་སྣང་བར་འགྱུར་རོ། །འདི་རྣམས་ཀྱིས་རང་གི་ངོ་བོ་མ་རྟོགས་པ་ནི་གློ་བུར་གྱི་དྲི་མ་ཞེས་བརྗོད་དོ། །གློ་བུར་འདི་ [163a] [163a.1]དག་ཤིན་ཏུ་སྤངས་པ་ནི་རྣམ་པར་དག་པ་ཞེས་བྱའོ། །དེ་སྐད་དུ། མགོན་པོ་བྱམས་པས། ཀུན་ནས་ཉོན་མོངས་མེད་རྣམས་དག །དེ་ནི་དྲིར་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །གལ་ཏེ་རྣམ་དག་དེ་མ་འགྱུར། ། [163a.2]ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་ཉོན་མོངས་དེ་མ་འགྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཞེས་པའོ། །དེ་ལྟར་ཐམས་ཅད་འདིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཐ་སྙད་རྣམས་ནི་ཀུན་རྫོབ་ཉིད་དོ། །སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་ནི་ཀུན་རྫོབ་ལ་ [163a.3]རབ་ཏུ་བསྒྲུབ་པར་བྱའོ་ཞེས་གསུང་རབ་ལས་སོ། །དོན་དམ་པར་དེ་ལ་དེ་བཞིན་ཉིད་ནི་ཉོན་མོངས་པ་དང་ལྡན་པ་མ་ཡིན་ལ་རྣམ་པར་དག་པ་ཡང་མ་ཡིན་ཏེ། དེ་སྐད་དུ་ཡང་དེ་ཉིད་ཀྱིས། ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ཉིད་དག་དང་མ་དག་མིན། །ཞེས་པའོ། །འདིས་ནི་རབ་ཏུ་ [163a.4]བྱེད་པའི་བརྗོད་པར་བྱ་བའི་དངོས་པོ་གསུམ་བསྟན་ཏེ། ཡོད་པ་དང་མེད་པའི་སྦྱོར་བ་སྤངས་པ་འདི་དག་ཉིད་ཀྱིས་ཆོས་ཀྱི་བདག་ཉིད་ཀྱི་དངོས་པོའོ། །གང་ལ་རྙོག་པ་མེད་པ་ཉིད། །རྟོག་པ་ཞེས་བྱ་བ་དག་ནི་རྟོག་པར་བྱ་ཞིང་བསྒོམ་པར་བྱ་སྟེ། དེ་ཉིད་སྒྲུབ་པར་བྱེད་པའི་དངོས་པོའོ། །བྱང་ཆུབ་ [163a.5]རང་བཞིན་ཞེས་བྱ་བ་འདི་ནི་མངོན་སུམ་དུ་བྱ་བའི་དོན་བསྒྲུབ་པར་བྱ་བའི་དངོས་པོའོ། །དེ་ལྟར་ནི་འགྱུར་མོད་ཀྱིས་ཚད་མ་དང་གཞལ་བྱ་དག་གི་དངོས་པོ་ཡང་ཡིན་པའི་ཕྱིར་དངོས་པོ་ལྔ་སྦྱར་བར་མི་བསྟན་ཞེ་ན། དེ་ནི་བདེན་ཏེ། འོན་ཀྱང་དེ་དག་སྔར་གནས་པའི་ཡོད་པར་ཚད་མས་རབ་ཏུ་གྲུབ་པའི་དེ་ [163a.6]བཞིན་ཉིད་འདིར་མན་ངག་གི་སྒོ་ནས་ཟུང་དུ་འཇུག་པ་རབ་ཏུ་སྒྲུབ་པ་ཡིན་ཏེ། དེ་དག་ནི་འདིར་མ་བསྟན་ཏོ། །གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཡང་རབ་ཏུ་བསྒྲུབ་པའི་རིགས་པ་ཉིད་དྲན་པའི་ཕྱིར་རོ། །གང་གི་ཕྱིར་སྤྱོད་པས་རབ་ཏུ་གྲུབ་པ་ཉིད་དེ་ [163a.7]བཞིན་ཉིད་དེ་ཁོ་ན་ཉིད་ལ་སོགས་པའི་དངོས་པོ་མ་ཡིན་ཏེ། བླ་མ་དམ་པའི་མན་ངག་དང་བྲལ་བས་ཤེས་རབ་ཀྱི་ཆ་འབའ་ཞིག་ནི་ཐབས་དང་བྲལ་བའི་ཕྱིར་རོ། །ཡང་དག་འཆད་པར་འགྱུར་བ་ཡིས། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། ། [163b] [163b.1]ཞེས་པས་གཞན་དུ་དངོས་པོ་གསུམ་པོ་འདི་དག་བསྟན་ཏོ། །འདིར་དབུ་མས་ནི་ཚད་མ་དང་གཞལ་བྱ་འཇུག་པ་མ་ཡིན་ཏེ། རང་དང་གཞན་ཞེས་བྱ་བ་ལ་སོགས་པའི་རྣམ་པར་དཔྱད་པ་མི་བཟོད་པའི་ཕྱིར་རོ་ཞེས་སྙམ་དུ་སེམས་སོ། །དེ་ནི་འཐད་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་བསྒྲུབ་པར་བྱ་བ་ [163b.2]དང་སྒྲུབ་པར་བྱེད་པའི་དངོས་པོ་གནས་པ་དཀའོ། །དེ་རྣམས་ཀུན་རྫོབ་ཉིད་ཡིན་གྱི་དོན་དམ་པར་ནི་ཇི་ལྟར་འགྱུར་ཞེས་བྱ་བའི་ཚིག་གིས་སོ། །མཚན་མ་དང་གཞལ་བྱ་མེད་པ་རྣམས་ཀྱང་ཀུན་རྫོབ་ཏུ་ཡོད་པ་ཉིད་ཡིན་ན། དེ་ཇི་ལྟར་རང་དང་གཞན་ལས་ཞེས་བྱ་བ་ [163b.3]ལ་སོགས་པ་བརྟག་ཅེ་ན། ཇི་ལྟར་འགྱུར་བ་དེ་ལྟར་ཁས་ལེན་པ་ཡིན་ཏེ། ཕལ་ཆེར་ལམ་འདི་འདིར་ཚད་མ་རྣམས་ཀྱི་གཙུག་གི་ནོར་བུ་ཆོས་ཀྱི་གྲགས་པའི་རྗེས་སུ་འབྲངས་ཏེ། དེ་ལ་བརྟེན་ནས་དེའི་ལམ་གྱི་རྗེས་སུ་འབྲངས་ནས་འདི་ཐམས་ཅད་ཀྱི་རྣམ་པར་གཞག་པ་སྦྱར་བ་ཡིན་ཏེ། [163b.4]རང་གི་ཡིད་ཀྱིས་དེ་དག་འགེགས་པ་ནི་མ་ཡིན་ནོ། །དེའི་ལམ་གྱི་རྗེས་སུ་འབྲངས་པས་ཡང་རང་བཞིན་གྲུབ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། རེ་ཞིག་ཕྱི་རོལ་གྱི་དོན་རྒྱས་པ་རྣམ་པར་གཞག་དགོས་པའི་དབང་གིས་བྱས་ཀྱང་གོང་མ་གོང་མའི་རིགས་པས་རྩད་ནས་ཕྱུང་བ་ [163b.5]ཡིན་ནོ། །དེ་ཉིད་ཀྱི་སྐབས་དབྱེ་བར་བྱ་སྟེ། གང་གིས་དངོས་པོར་དཔྱད་བྱ་སྟེ། དེ་ཉིད་ལ་ནི་དངོས་པོ་མེད། །གང་ཕྱིར་གཅིག་དང་དུ་མ་དག །རང་བཞིན་དེ་ལ་ཡོད་མ་ཡིན། །འདི་དག་དེ་ངེས་ལས་འོངས་པ། །གང་ཡང་མཁས་རྣམས་ཀྱིས་སྨྲས་པ། །ཇི་ལྟ་ཇི་ལྟར་དོན་བསམས་པ། །དེ་ [163b.6]ལྟ་དེ་ལྟར་རྣམ་པར་ཉམས། དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པར་བསྟན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་གསལ་བར་བརྗོད་དོ་ཞེས་ཤིན་ཏུ་སྤྲོས་པས་ཆོག་གོ། །སྐབས་སུ་བབ་པའི་རྗེས་སུ་འབྲེལ་བ་བརྗོད་པར་བྱ་སྟེ། རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བ་ནི་ [163b.7]དེ་བཞིན་ཉིད་དེ་ཁོ་ན་ཉིད་དོ། །དེ་ཡང་ཕྱག་འཚལ་བའི་གཙོ་བོ་དག་གིས་དོན་བསྟན་ཏོ། །རྗོད་པར་བྱེད་པ་ནི་རབ་ཏུ་བྱེད་པ་ཉིད་དོ། །འདི་དག་གིས་ནི་ཡང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ཀྱི་འབྲེལ་པར་དོན་གྱིས་བསྟན་ཏོ། །རབ་ཏུ་བྱེད་པའི་དགོས་པར་ཡང་བརྗོད་པར་བྱ་བའི་དོན་ [164a] [164a.1]རྟོགས་པའོ། །དེའི་དགོས་པའི་གཙོ་བོ་ནི་སེམས་ཅན་གྱི་དོན་བྱེད་པའོ། །གཙོ་བོ་མ་ཡིན་པ་ནི། དེ་ཉིད་བསྒོམས་པས་སངས་རྒྱས་ཉིད་ལ་སོགས་པའོ། །དེ་སྐད་དུ། གཞན་དོན་ཕུན་ཚོགས་སངས་རྒྱས་རྣམས། །འབྲས་བུའི་གཙོ་བོ་ལྷག་པར་འདོད། །སངས་རྒྱས་ [164a.2]ཉིད་སོགས་གཞན་གང་ནི། །དེ་ཡི་དོན་ཕྱིར་འབྲས་བུར་འདོད། །ཅེས་པའོ། །དེ་ལྟ་བུར་གྱུར་པའི་ཟུང་དུ་འཇུག་པའི་དེ་བཞིན་ཉིད་ཡོངས་སུ་ཤེས་པས་འདོད་པ་དོན་དུ་གཉེར་བ་ཁས་བླང་བར་བྱ་བར་འགྱུར་བ་དག་ཡིན་ཞེས་པ་ལ། དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་ [164a.3]མིན། །ཞེས་བྱ་བ་སྨྲས་ཏེ། རྣམ་པ་དང་བཅས་པའི་འཇུག་པ་ནི་རྣམ་པ་དང་བཅས་པའི་ཤེས་པའོ། །རྣམ་པ་དང་བཅས་པའི་གསལ་བ་ནི་རྣམ་པ་མེད་པའོ། །དེ་ལ་རྣམ་པ་དང་བཅས་པ་ཞེས་བྱ་བའི་སྒྲས་མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་པ་དག་གཟུང་བའོ། །རྣམ་པ་མེད་པ་ཞེས་བྱ་བ་ཡང་བྱེ་བྲག་ཏུ་སྨྲ་བ་དང་། རྣལ་འབྱོར་སྤྱོད་པའི་བྱེ་ [164a.4]བྲག་དག་བསྡུས་པའོ། །འདི་དག་གིས་ནི་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའི་འདོད་པ་བསྡུས་པའོ། །དེ་བཞིན་ཉིད་ནི་ཤེས་འདོད་པའི་སྐྱེས་བུ་དག་གི་བླང་བྱ་ཉིད་དག་ཏུ་མི་འགྱུར་ཏེ། གཉིས་ཀས་ཀྱང་རང་བཞིན་དུ་ཁས་བླངས་པའི་ [164a.5]ཕྱིར་རོ། །དེ་ཡང་དཔྱད་མི་བཟོད་པས་ཁོ་ན་ཉིད་ཀྱི་མཚན་ཉིད་དང་བྲལ་བ་ཡིན་ནོ། །ཇི་ལྟར་ཡང་དག་པའི་ཕྱིར་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་འཇུག་པའི་ཕྱིར་གནས་པའི་ཁྱད་པར་བསྟན་པར་མཛད་དེ། དེ་ལྟ་ན་ཡང་ཐེག་པ་ཆེན་པོའི་ངེས་དོན་ནི་མ་ཡིན་ཏེ། དྲང་བའི་དོན་ཡིན་པའི་ཕྱིར་ [164a.6]རོ། །གཙོ་བོའི་ངེས་དོན་ནི་རང་བཞིན་མེད་པ་ཉིད་དེ། དེ་ཉིད་ཐོས་པ་དང་བསམ་པ་དག་གིས་བསྒོམ་པར་བྱ་བས་ངེས་པར་འབྲས་བུ་འབྱུང་བར་འགྱུར་རོ། །ཇི་ལྟར་དུ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ངེས་པ་དོན་གྱི་མདོ་སྡེའི་བྱེ་བྲག་ཤེས། །བདེ་གཤེགས་ཇི་སྐད་བསྟན་པའི་སྟོང་པ་ཉིད། ། [164a.7]སླར་ཡང་གང་ཟག་སེམས་ཅན་སྐྱེས་བུ་རྣམས། །ཆོས་རྣམས་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཆོས་བདག་མེད་ལ་སོ་སོར་རྟོག་པར་བྱེད། །སོ་སོར་རྟོགས་པས་གལ་ཏེ་སྒོམ་པར་བྱེད། །དེ་ཡི་རྒྱུ་ཡིས་མྱ་ངན་འདས་ཐོབ་འགྱུར། །གང་ཡང་གཞན་དག་ཞི་བའི་རྒྱུར་མི་འགྱུར། །ཆོས་ [164b] [164b.1]ཀུན་རང་བཞིན་རྟག་ཏུ་སྟོང་པ་ཉིད། །རྒྱལ་སྲས་དངོས་པོ་རྣམ་པར་བསྒོམ་པ་ནི། །ཀུན་གྱིས་ཀུན་དུ་ཐམས་ཅད་སྟོང་པར་འགྱུར། །ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི། །ཞེས་གསུངས་པའོ། །དབུ་མ་ལ་འཇུག་པ་ལས་གསུངས་པ། དེ་ལྟར་གང་ཕྱིར་ཤིན་ཏུ་ཟབ་མོའི་དངོས་པོ་ནི། ། [164b.2]གང་གིས་མི་ཤེས་དེ་ནི་རབ་ཏུ་བརྟེན་བྱ་བ། །ཀུན་གཞི་ཡོད་ཅིང་གང་ཟག་སྟོང་ཉིད་ཡོད། །ཕུང་པོ་འདི་དག་གིས་ནི་འབའ་ཞིག་དང་། །འཇིག་ཚོགས་ལྟ་བ་སྤངས་པའི་སངས་རྒྱས་ཀྱིས། །ང་དང་བདག་ཅེས་ཇི་ལྟར་སྟོན་པ་ལྟར། །དེ་ལྟར་དངོས་པོ་ཐམས་ཅད་རང་བཞིན་གྱིས། །མེད་པ་དྲང་ [164b.3]བའི་དོན་ནི་སྟོན་པར་འགྱུར། །ཞེས་པའོ། །ཡང་ན། རྣམ་བཅས་མ་ཡིན་རྣམ་མེད་མིན། །ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་དག་གིས་འདོད་པའི་བླང་བར་བྱ་བ་མ་ཡིན་པ་དེ་ཉེ་བར་ལེན་པའོ། །དེ་དག་གིས་གཟུང་བ་དང་འཛིན་པའི་དངོས་པོས་སྟོང་པའི་བདག་ཉིད་དེ་བཞིན་དུ་ཁས་བླངས་པའི་ [164b.4]ཕྱིར་རང་བཞིན་སྟོང་པ་ཉིད་དུ་ཁས་ལེན་པས་རང་བཞིན་མེད་པའི་མཚན་ཉིད་དེ་བཞིན་ཉིད་མེད་པའི་ཕྱིར་དྲང་བའི་དོན་དུ་སེམས་ཙམ་དུ་བསྟན་པ་ཡིན་ནོ། །ཇི་སྐད་དུ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། འདི་དག་ཐམས་ཅད་སེམས་ཙོམ་ཞེས། །ཐུབ་པ་ཆེན་པོས་བསྟན་པ་ཡིན། །འཇིག་པ་ཡོངས་སུ་ [164b.5]སྤངས་ཕྱིར་ཏེ། །རང་གི་མཚན་ཉིད་དེ་ཉིད་མིན། །ཞེས་པའོ། །ཡང་ན། རྣམ་བཅས་མ་ཡིན་རྣམ་མེད་མིན། །ཞེས་བྱ་བ་ནི་རྣམ་པ་དང་བཅས་པའི་དབུ་མ་དང་། རྣམ་པ་མེད་པའི་དབུ་མ་གསལ་བར་བྱ་བའི་གཙོ་བོ་འདི་དག་གོ། །གང་གི་ཕྱིར་ཞི་བ་འཚོའི་ཞལ་སྔ་ནས་ལ་ [164b.6]སོགས་པས་རྣམ་པ་དང་བཅས་པའི་དབུ་མ་ཉིད་ཁས་ལེན་པར་བྱེད་དེ། དེ་སྐད་དུ། བདག་དང་གཞན་སྨྲས་དངོས་པོ་ཡིས། །ཆོས་འདི་དག་ནི་རང་བཞིན་མེད། །གཅིག་དང་དུ་མའི་རང་བཞིན་ཉིད། །བྲལ་བའི་ཕྱིར་ན་གཟུགས་བརྙན་བཞིན། །དངོས་པོ་གང་གང་རྣམ་དཔྱད་ན། [164b.7]དེ་དང་དེ་ཡི་གཅིག་ཉིད་མིན། །གང་ལ་གཅིག་ཉིད་ཡོད་མིན་པ། དེ་ལ་དུ་མ་ཉིད་ཀྱང་མེད། །གཅིག་དང་དུ་མ་རྣམ་སྤངས་པའི། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་དེ་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །དེ་ཕྱིར་དངོས་པོ་འདི་དག་ནི། །ཀུན་རྫོབ་ [165a] [165a.1]པ་ཉིད་མཚན་ཉིད་འཛིན། །གལ་ཏེ་འདི་དག་དོན་འདོད་ན། །དེ་ལ་བདག་གིས་ཅི་བྱར་ཡོད། །མ་བརྟགས་གཅིག་པུ་ཉམས་དགའ་བའི། །སྐྱེ་དང་འཇིག་པའི་ཆོས་ཅན་ལ། །རང་བཞིན་ཀུན་རྫོབ་ལ་ཡིན་རིགས། །རིགས་པའི་ལམ་གྱིས་རྗེས་འབྲངས་ [165a.2]ནས། །དངོས་པོ་ཀུན་གྱི་རང་བཞིན་ནི། །གཞན་དག་འདོད་པ་འགོག་པ་ཡིན། །རྩོད་པ་ངན་པའི་གནས་མེད་དོ། །མ་བརྟགས་པ་ན་ཉམས་དགའ་བའི། །བདག་རྒྱུ་སྔ་མ་སྔ་མ་ལ། །བརྟེན་ནས་ཕྱི་མ་ཕྱི་མ་ཡི། །འབྲས་བུ་དེ་དང་འདྲ་བ་ཡིན། །དེ་ཕྱིར་ཀུན་རྫོབ་རྒྱུ་ [165a.3]མེད་ན། །རུང་མིན་ཞེས་པ་རུང་མ་ཡིན། །གལ་ཏེ་འདི་ཡི་ཉེར་ལེན་པ། །ཡང་དག་ཡིན་ན་དེར་སྨྲོས་ཤིག །དེ་ཕྱིར་ཡང་དག་ཉིད་དུ་ན། །དངོས་པོ་གང་ཡང་གྲུབ་པ་མེད། །དེ་ཕྱིར་དེ་བཞིན་གཤེགས་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་མ་སྐྱེས་གསུངས། །དམ་པའི་དོན་ [165a.4]དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ནི་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །རྒྱུ་དང་འབྲས་བུའི་དངོས་པོ་འདི། །ཀུན་རྫོབ་ཉིད་དུ་མི་བཟློག་པས། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །རྣམ་པར་གཞག་པ་འཁྲུལ་པ་མེད། ། [165a.5]རྒྱུ་དང་འབྲས་བུར་གྱུར་པ་ཡང་། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་ནུས་མ་ཡིན། །རང་ཉིད་གྲུབ་པའི་རང་བཞིན་ཡང་། །རྨི་ལམ་སྒྱུ་མའི་ངོ་བོ་བཞིན། །དེ་ཡི་ཕྱིར་ན་གཟུགས་སོགས་སེམས། །ཕྱི་རོལ་དུ་ཡང་འདོད་པ་མིན། །སེམས་ཙམ་ལ་ནི་ [165a.6]བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཚུལ་འདིར་བརྟེན་ནས་དེ་ལ་ཡང་། །ཤིན་ཏུ་བདག་མེད་ཤེས་པར་བྱ། །ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཛིན་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་གཉིས་འཐོབ། །ཅེས་པའོ། །རྣམ་པ་མེད་ [165a.7]པའི་དབུ་མ་ཡང་ལ་བའི་ན་བཟའ་ཅན་ལ་སོགས་པས་ཁས་ལེན་ཏེ། དེ་སྐད་དུ་དེ་ཡིས། །ཉེར་ལེན་ལས་སྐྱེས་དྲི་མ་ཡང་། །བདག་ཉིད་དབྱེར་མེད་པར་བསྒྲིབས་ཏེ། །བློ་ནི་ཤེལ་སྒོང་དག་པ་ལྟར། །གཞན་གྱི་གཟུགས་སུ་སྣང་བ་ཡིས། །ཇི་ལྟར་ཤིན་ཏུ་མཁས་པ་ཡིས། །དེ་ལྟར་འདི་ཉིད་ [165b] [165b.1]གཉིས་སུ་སྣང་། །སེམས་ཀྱི་རྣམ་པར་འཁྲུལ་པའི་ཕྱིར། །གཟུང་དང་འཛིན་པ་ཐ་དད་དོ། །རྟགས་སོགས་བདག་ཉིད་མ་ལུས་པ། །དེ་ཕྱིར་བྱ་བ་གསུམ་དུ་སྣང་། །དོན་དུ་འཛིན་དང་དོན་དད་པ། །སྟོང་པ་ཉིད་དང་ལྡན་པ་དག །དོན་སྟོན་སྣང་བ་རང་བཞིན་དང་། །ལོག་པའི་དོན་ [165b.2]འཛིན་དངོས་པོ་ནི། །གཅིག་ཏུ་གླང་ཆེན་གཅིག་པུ་ཡིས། །སྒྱུ་མའི་རྣམ་པ་འཕྲུལ་བྱེད་དེ། །གླང་ཆེན་དོན་དང་དེ་སྣང་བ། །མཁས་པ་ལ་ནི་དེ་དངོས་མེད། །རང་བཞིན་བརྟག་པ་ལ་སོགས་པ། །ཇི་ལྟར་གྲངས་བཞིན་ཤེས་པར་བྱ། །ཡོངས་སུ་རྫོགས་པའི་ཡེ་ཤེས་ནི། །ཐམས་ [165b.3]ཅད་རོ་གཅིག་བདག་ཉིད་དེ། །ཐོག་མཐའ་མེད་ཅིང་ཆ་མེད་པ། །རྣམ་པ་མེད་ཅིང་གཟུང་མེད་པ། །རང་རིག་རྣམ་པར་རྟོག་པར་སྣང་། །རྣམ་པར་རྟོག་པ་གཞན་གྱི་རྒྱུ། །དེ་ཉིད་དོན་དམ་པ་ཡིན་ཏེ། །རྣམ་པར་རྟོག་པ་བཟློག་པའོ། །དོན་དམ་ཉིད་ལ་རྣམ་རྟོག་གི། །མཁས་པས་རྣམ་རྟོག་གོས་ [165b.4]པ་མེད། །དགེ་བ་འམ་ནི་མི་དགེ་བའི། །གང་ཕྱིར་རྣམ་རྟོག་ཐ་དད་པའི། །དེ་དག་གསལ་བར་བྱ་ཕྱིར་དམིགས། །སླར་ཡང་དེ་ལ་སྟོང་པ་ཉིད། །གང་ཕྱིར་ལྟ་ཀུན་བྱས་པ་རྣམས། །སྟོང་པ་ཉིད་ཀྱིས་རབ་དབྱེ་སྟེ། །གཟུང་དང་འཛིན་པ་སྤངས་པའོ། །གལ་ཏེ་སྟོང་པ་ཉིད་དུ་བསྟན། །དེ་ནི་ [165b.5]དབྱུ་གུ་གཅིག་ལུགས་དང་། །ཁྱད་པར་ཡོད་པར་ཇི་ལྟར་འགྱུར། །རང་རིག་ལ་གནས་མ་གྱུར་ཞེས། །དེ་ཕྱིར་འཇིགས་ལ་ཐུབ་པ་ཡིས། །ཆོས་རྣམས་མཐའ་དག་བསྟན་ནས་ནི། །སྟོང་པའི་བདག་ཉིད་བསྟན་པ་ཡིན། །ཐམས་ཅད་མཚུངས་པ་རབ་ཏུ་དཔྱད་བྱེད་ནས། །ཕྲ་རབ་ལྟ་བས་ [165b.6]བློ་ཡིས་ཐར་བྱས་ནས། །སངས་རྒྱས་པ་དང་ཕྱི་རོལ་རྣམ་ཕྱེ་བ། །གཅིག་ཀྱང་མི་དམིགས་སྟོང་པར་སྨྲ་བ་བྱེད། །ཅེས་བྱ་བ་ལ་སོགས་པའོ། །རྣམ་པ་མེད་པར་སྨྲ་བའི་རྣལ་འབྱོར་སྤྱོད་པ་རྣམས་ཀྱང་ཡོངས་སུ་གྲུབ་པའི་ཤེས་པ་དེ་ཉིད་ཁས་ལེན་པར་བྱེད་དེ། གཟུང་བ་དང་འཛིན་པ་དག་ [165b.7]གི་སྟོང་པའི་རང་བཞིན་པའི་ངོ་བོ་ནི་མེད་པ་མ་ཡིན་ནོ། །རྣམ་པ་མེད་པར་སྨྲ་བའི་དབུ་མ་པས་ནི་ཡོངས་སུ་གྲུབ་པ་ཡང་རྣལ་འབྱོར་གྱི་ཀུན་རྫོབ་ཀྱི་ངོ་བོ་ཡིན་ཏེ། དོན་དམ་པར་མ་སྐྱེས་པ་ཉིད་འདི་ནི་བྱེ་བྲག་གོ། །དེའི་ཕྱིར་རྣམ་པ་དང་བཅས་པ་དང་རྣམ་པ་དམན་པའི་ཕྱིར། །དེ་བཞིན་ཉིད་ [166a] [166a.1]ནི་ཤེས་འདོད་པས། །བླ་མར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་དབུ་མ་པ་ཡང་རྣམ་པ་དང་བཅས་པ་ཉིད་དམ། རྣམ་པ་མེད་པ་འབྱུང་བ་ཉིད་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་ལ་བརྟེན་པའི་ཕྱིར་རོ། །འདི་དག་ནི་ངེས་པར་དོན་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ [166a.2]སོགས་པར་ཤེས་པ་ཅུང་ཟད་ཀྱང་བསྟན་པ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་གཟུགས་ལ་སོགས་པ་མེད་པའི་རྣམ་པར་ཤེས་པ་སྟོང་པ་ཉིད་དུ་གསུངས་སོ། །འོན་ཀྱང་ཇི་ལྟར་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ་། །དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་གསུངས་སོ། །གང་ལ་སེམས་ཙམ་ [166a.3]དུ་བསྟན་པ་འདི་ལ་ཡང་གཟུགས་ནི་ཐམས་ཅད་ལས་རག་ལས་པ་ཡིན་པས་གཟུགས་སུ་ཞེན་པ་བཟློག་པའི་ཕྱིར་དེ་ནི་དྲང་བའི་དོན་ཉིད་དོ། །དེ་སྐད་དུ་མདོ་ལས། རྣམ་པ་སྣ་ཚོགས་སེམས་ཀྱིས་མཐོང་བ་དང་། །གང་ལ་ཕྱི་རོལ་དངོས་པོ་མཐོང་བ་མེད། །གཟུགས་སུ་ཤིན་ཏུ་ཞེན་གང་བཟློག་པའི་ [166a.4]ཕྱིར། །དེ་ཡང་དྲང་བའི་དོན་ཕྱིར་འདི་ཉིད་དོ། །སྟོན་པ་ཡིས་ནི་དྲང་བའི་དོན་ཡང་བསྟན། །མདོ་དང་གཞན་ནས་ཀྱང་ནི་རྣམ་པར་ཕྱེ། །དྲང་བའི་དོན་བསྟན་ཕྱིར་ནི་ལུང་འདི་དག །ཇི་ལྟར་ནད་ཀྱིས་ན་བ་ལ། སྨན་གྱི་རྫས་ནི་རབ་སྦྱོར་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་ [166a.5]དུ་ནི་བསྟན་པ་ཡིན། །ཞེས་པའོ། །དེའི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། ཁམས་རྣམས་དབྱེ་བས་ཐ་དད་པ་མ་ཡིན་ནོ། །རང་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །རང་བཞིན་ [166a.6]ཡོད་མིན་མ་སྐྱེས་ཕྱིར། །ཇི་ལྟར་རང་ལས་འབྱུང་བར་འགྱུར། །རང་བཞིན་གྲུབ་པ་མེད་པའི་ཕྱིར། །གཞན་ལས་ཀྱང་ནི་འབྱུང་མི་འགྱུར། །རང་ཉིད་ལ་བརྟེན་གཞན་ཉིད་འགྱུར། །གཞན་ལ་ལས་ནི་རང་ཉིད་དོ། །ལྟོས་པའི་དོན་ནི་དེ་དག་འགྲུབ། །ཚུ་རོལ་ཕ་རོལ་བཞིན་དུ་བསྟན། །རང་ [166a.7]དང་གཞན་དག་མི་རིགས་ཕྱིར། །གཉིས་ལས་བྱུང་བ་ཡོད་མ་ཡིན། །རྒྱུ་དང་བྲལ་བར་སྐྱེ་བ་ནི། །འགའ་ཞིག་གང་ནའང་ཡོད་མ་ཡིན། །དེ་ཉིད་ཀྱིས་ན་ཡོད་མེད་ཡིན། །རྐྱེན་གྱི་དོན་ལ་སྦྱོར་བ་ནི། །མེད་པ་དག་ནི་གང་གི་རྒྱུ། །ཡོད་པ་ཡང་ནི་ཇི་ལྟར་སྐྱེ། །དངོས་པོ་ཀུན་གྱི་རང་བཞིན་ [166b] [166b.1]ཉིད། །སྐྱེས་པ་དུ་མའང་ཡོད་མ་ཡིན། །དེ་ཉིད་ཀྱི་དངོས་ཐམས་ཅད་ཀྱིས། །འགག་པ་དག་ནི་རིགས་མ་ཡིན། །རེ་ཞིག་གནས་པའི་དངོས་པོ་ནི། །འགག་པ་རུ་ནི་རིགས་མ་ཡིན། །མི་གནས་པ་ཡི་དངོས་པོ་གང་། །འགག་པ་རུ་ནི་རིགས་མ་ཡིན། །དངོས་དོན་ལས་གཞན་འཇིགས་ [166b.2]པ་མེད། །དོན་གཞན་མ་ཡིན་པར་ཡང་འདོད། །དོན་གཞན་དངོས་པོ་རྟག་པར་འགྱུར། །དོན་གཞན་མིན་ཡང་དངོས་པོ་མེད། །གང་དུ་སྐྱེས་པ་དེ་དེས་ཐོབ། །མ་སྐྱེས་དེ་ཡི་རང་བཞིན་ཡིན། །རང་གི་རང་བཞིན་མ་སྐྱེས་པ། །དེ་ལ་སྐྱེས་ཞེས་ཇི་ལྟར་བྱ། །སྐྱེ་བ་དང་ནི་འགག་ [166b.3]པ་དག །འདུས་བྱས་ཀྱིས་ནི་རྣམ་པར་བརྟགས། །རྟེན་ཅིང་འབྲེལ་བའི་འཁོར་ལོ་ཡི། །ངོ་བོ་ཉིད་དེ་རྟོག་པ་མེད། །དེ་ལྟར་ན་དབུ་མ་པ་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ལྷ་དང་ཟླ་བ་གྲགས་པ་ལ་སོགས་པས་བཞེད་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དེ། དེ་བཞིན་ཉིད་ནི་འདོད་པའི་དོན་ [166b.4]ཡིན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ཉིད་དོན་ཡིན་པར་མཉམ་པར་གཞག་པར་གསུངས་ཏེ། །གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། ། [166b.5]གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་ལ་རང་བཞིན་ཅུང་ཟད་མེད། །གང་ལ་རང་བཞིན་ཡོད་མིན་པ། །དེ་ལ་སྐྱེ་བ་རྣམ་ཡང་མེད། །གང་གི་སྐྱེ་བར་འགྱུར་བ་ཡི། །ཆོས་ནི་ནམ་ཡང་ཡོད་མི་འགྱུར། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །བྱིས་པ་རྣམས་ནི་སྐྱེ་བར་འདོད། ། [166b.6]ཅེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་རྣམས་བཀག་ནས་ལྷག་མཁས་བླངས་པའི་ཡུལ་ཡིན་པའི་ཕྱིར་རོ། །འདིར་བཅོམ་ལྡན་འདས་མ་བླ་མ་དམ་པའི་མན་ངག་གི་རྒྱན་གྱིས་བརྒྱན་ [166b.7]པའི་ཟུང་དུ་འཇུག་པའི་དེ་བཞིན་ཉིད་ཀྱི་དགོངས་པ་ནི་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པ་ཉེ་བར་བསྟེན་ཏེ། གང་གི་ཕྱིར་ཡང་ཆོས་ཐམས་ཅད་ནི་མ་སྐྱེས་པའི་དེ་ཁོ་ན་ཉིད་དོ། །དེ་ལྟར་ཡང་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁའི་ [167a] [167a.1]མེ་ཏོག་ལྟར་ཤིན་ཏུ་མེད་པའི་ཆོས་མ་ཡིན་ནོ། །དངོས་པོ་ལས་གཞན་སྟོང་པ་མིན། །སྟོང་པ་ལས་ཀྱང་དེ་བཞིན་མིན། །དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་དངོས། །ཁྱོད་ཀྱིས་སྟོང་ཉིད་རབ་ཏུ་བསྟན། །ཀུན་རྫོབ་སྟོང་པ་ཉིད་དུ་བསྟན། །སྟོང་པ་ཉིད་དུ་ཀུན་རྫོབ་བོ། །མེད་ན་མི་འབྱུང་ངེས་པའི་ [167a.2]ཕྱིར། བྱས་པ་དང་ནི་མི་རྟག་བཞིན། །ཞེས་པའི་ཚིག་གིས་སོ། །སྐྱེས་པ་དང་མ་སྐྱེས་པ་དག་གི་ཟུང་དུ་འཇུག་པ་ཉིད་ནི་དེ་ཁོ་ན་ཉིད་རྟོགས་བར་བྱ་སྟེ། མ་སྐྱེས་པ་ཙམ་ནི་མ་ཡིན་ནོ། །མ་སྐྱེས་པ་ཡི་སྦྱོར་བ་ཡི། །སྐྱེ་བ་འདིར་ནི་རབ་ཏུ་བཤད། །ཅེས་གསུངས་རབ་ལས་སོ། །དེ་ཕྱིར་རབ་རིབ་ [167a.3]ཅན་གྱིས་མཐོང་བ་བཞིན་དུ་ཆོས་ཐམས་ཅད་མཐོང་བ་ནི་མི་ཤེས་པའོ། །རབ་རིབ་གསལ་བ་ལྟར་རྣམ་པ་ཐམས་ཅད་དུ་མཐོང་བ་མེད་པ་ནི་རྒྱལ་བ་མ་ཡིན་ནོ། །ཡང་ཐམས་ཅད་དུ་མཐོང་བ་མེད་པ་ལ་ནི་ཀུན་རྫོབ་ཀྱི་བདེན་པ་འབྱུང་བ་མེད་དེ། དེ་མེད་པའི་ཕྱིར་ཟུང་དུ་འཇུག་ [167a.4]པར་ཇི་ལྟར་འགྱུར། །བྱས་པ་ཉིད་དང་མི་རྟག་པ་ལྟར་གཉི་ག་མེད་ན་མི་འབྱུང་བའི་བདག་ཉིད་ཡིན་ཏེ། ཤིང་དང་ཤིང་ཤ་པ་ལྟར་ནི་མ་ཡིན་ནོ། །ཤིང་ཤ་པ་མེད་ཀྱང་དཱ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །བྱས་པ་ཉིད་དང་མི་རྟག་པ་ཉིད་དག་ནི་ཕན་ཚུན་སྤངས་པ་ [167a.5]མ་ཡིན་ནོ། །དེའི་ཕྱིར་དེ་དག་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཉིད་དུ་སྐྱེས་བུའི་བྱེ་བྲག་གིས་སོ་སོར་གཉིས་ཀ་ཡང་མ་སྤངས་པ་ཉིད་ནི་ཡོད་དོ། །དེ་བཞིན་དུ་ཀུན་རྫོབ་དང་དོན་དམ་པ་དག་ཀྱང་ངོ་། །དེའི་ཕྱིར་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱས་པའི་དུས་སུ་བཅོམ་ལྡན་ [167a.6]འདས་ལ་ཀུན་རྫོབ་འགོག་པ་དག་ཀྱང་མེད་དོ། །དེའི་ཕྱིར་ཇི་ལྟར་བརྗོད་པ། །དངོས་རྣམས་རང་བཞིན་བྲལ་ཏེ་རང་བཞིན་གཉིས་ཀ་ལས། །སྐྱེ་བ་ཡོད་མིན་རྒྱུ་ལ་མི་ལྟོས་གང་ལས་མིན། །གང་གི་གཏི་མུག་མུན་པ་སྤྲིན་གྱི་ཚོགས་མཚུངས་པ། །འཇིག་རྟེན་པ་ནི་ [167a.7]ཡུལ་དེས་ལོག་པར་ངེས་པར་སྣང་། །འགའ་ཞིག་ཇི་ལྟར་ལོག་པའི་རབ་རིབ་ཀྱི་སྟོབས་ཀྱིས། །སྐྲ་ཟླ་གཉིས་དང་རྨ་བྱའི་མཇུག་མ་སྦྲང་བུ་སོགས། །འཛིན་པ་དེ་ལྟར་མ་ལུས་པ་ཡང་གཏི་མུག་སྐྱོན་གྱིས་ཤེས། །གང་ཕྱིར་འདུས་བྱས་པ་ནི་རྣམ་པ་སྣ་ཚོགས་འགྱུར། ། [167b] [167b.1]རྣམ་རྟོག་གང་གིས་རབ་རིབ་སྟོབས་ཀྱིས་སྐྲ་ཤད་སོགས། །གཟུགས་ཀྱི་འཁྲུལ་པ་དེ་ཉིད་གང་གིས་མཐོང་བ་མེད། །དག་པའི་མིག་གིས་དེ་ལྟར་དེ་ཉིད་འདིར་ཤེས་ཏེ། །དེ་ལྟར་བློ་ཡི་འོད་ཟེར་གསལ་བའི་སྟོབས་ཀྱིས་ནི། །དེ་ནི་རང་གི་ལག་མཐིལ་སྐྱུ་རུ་ར་བཞིན་རྟོགས། །མ་ལུས་ [167b.2]སྲིད་གསུམ་འདི་དག་མ་སྐྱེས་པ། །ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྱུར། །ཞེས་པའོ། །སྐད་ཅིག་སྐད་ཅིག་ཉིད་ལ་འགོག་པ་འདི་དག་ནི། །རིང་དུ་སོང་བས་འདི་ནི་ཐོབ་པར་འགྱུར་བ་ཡིན། །ཐབས་ཀྱི་ཕ་རོལ་ཕྱིན་ཐོབ་འབར་བ་སྣང་བ་འདིས། །སྔར་གྱི་ [167b.3]དགེ་བ་ལ་སོགས་ཀྱིས་ཐོབ་མི་གཡོ་བ། །ཕྱིར་མི་ལྡོག་པའི་བདག་ཉིད་ཆེན་པོར་འགྱུར་བ་འདི། །རྟོགས་པ་དེ་ཡང་རྒྱལ་བའི་འགོག་པ་ལ་སོགས་པ། །མ་ལུས་ཕུང་པོའི་བུད་ཤིང་སྐམ་པོ་འདི་ཞི་བ། །བསྲེགས་པའི་རང་བཞིན་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། །སྐྱེ་མེད་འགག་ [167b.4]པ་མེད་པའི་དུས་འདིར་སེམས་འགག་པ། །འདི་ལ་སོགས་པ་སྐུ་ནི་མངོན་སུམ་བྱས་པ་ཡིན། །དེ་ཡང་ཁོ་བོ་ཅག་ལ་སོགས་པ་ཟུང་དུ་འཇུག་པ་སྨྲས་པས་འདོད་པ་གང་གིས་ཀྱང་མ་རྟོགས་ཏེ། དེ་ལྟར་ས་བདུན་པ་དང་། སངས་རྒྱས་ཀྱི་སས་ནི་ཀུན་རྫོབ་པ་འགོག་པ་ [167b.5]དང་། སེམས་འགོག་པའི་ཚོགས་རྣམས་ནི་ཀུན་རྫོབ་པ་བཀག་པས་དེ་ལ་ཟུང་དུ་འཇུག་པ་དེ་ཉིད་འཐད་པར་མི་འགྱུར་རོ། །དེ་ལ་གཟུགས་བརྙན་གྱི་ཚུལ་གྱིས་མཐོང་བ་ཉིད་འགོག་ན་དེ་འགལ་བ་མེད་དོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་རང་བཞིན་མེད་པར་ [167b.6]རྟོགས་ཏེ། གཟུགས་བརྙན་མཐོང་བ་ཙམ་བཀག་པས་ནི་མ་ཡིན་ནོ། །འོན་ཀྱང་རང་བཞིན་གྱི་གནས་སྐབས་སོ། །ཇི་ལྟར་མཐོང་བ་དེ་ལ་ཡོད་པ་མིན། །ཞེས་གསུངས་སོ། །དེ་ལ་མཐོང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའིའོ། །དེ་ལ་ཡོད་པ་མ་ཡིན་ཞེས་བྱ་བ་ནི་ཛ [167b.7]སངས་རྒྱས་ཀྱི་ཡེ་ཤེས་ལའོ། །དེ་ཡང་འཐད་པ་མ་ཡིན་ཏེ། འཇིག་རྟེན་པས་ཀྱང་འདིར་གཟུགས་བརྙན་རྟོགས་པ་ཉིད་ནི་རང་གི་ངོ་བོ་རྟོགས་པའོ། །ཇི་ལྟར་གཞན་དུ་གཟུགས་བརྙན་མཐོང་བ་ཇི་ལྟར་བྱ་ཞེས་གཉིས་ཀ་གྲུབ་པ་ཉིད་ཀྱི་དཔེ་ཡིན་པའི་ཕྱིར་རོ། ། [168a] [168a.1]དེའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ཉིད་ཀྱང་འགྲོ་བའི་རང་བཞིན་མེད་པ་ཉིད་དེ། གཟུགས་བརྙན་བཞིན་དུ་རབ་ཏུ་སྣང་ངོ་ཞེས་བྱ་བའི་ཚིག་གིས་སོ། །ཡང་བདེན་པ་གཉིས་མི་འཐད་པས་རིགས་པ་མ་ཡིན་ཏེ། དེས་ན་དེ་ཉིད་བརྗོད་པར་བྱ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལས་དོན་དམ་པའི་བདེན་པ་ [168a.2]ཐ་མི་དད་པའི་ཕྱིར་ཟུང་དུ་འཇུག་པར་རྣམ་པར་གཞག་པ་བཅོམ་ལྡན་འདས་ཉིད་ཀྱིས་དཀོན་མཆོག་བརྩེགས་པ་ལ་སོགས་པ་ལས། སྟོང་པ་ཉིད་ཀྱི་ཆོས་རྣམས་སྟོང་པ་ཉིད་དུ་མི་བྱེད་དེ། ཆོས་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ [168a.3]སོ། །ཀུན་རྫོབ་ཀྱི་བདེན་པ་འགོག་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ལས་ཐ་མི་དད་པའི་ཕྱིར་རོ། །ཡང་འགོག་པ་ཞེས་བྱ་བ་ཁོ་བོ་ཅག་གི་མ་ཡིན་ཏེ། གཞན་ཉིད་ཀྱི་རང་བཞིན་གྱི་གནས་སྐབས་ནི་ཀུན་རྫོབ་འཛིན་པ་ལ་མེད་དོ། །འོན་ཀྱང་ཀུན་རྫོབ་པ་འདི་ཉིད་ཇི་ལྟ་བ་བཞིན་དུ་དེ་ [168a.4]ཡང་མ་སྐྱེས་པ་ཉིད་དེ། དེ་ཉིད་ཀྱང་འགོག་པ་ཡིན་ནོ། །དེ་ལྟར་ན་ཁོ་བོ་ཅག་གི་ཡང་ཟུང་དུ་འཇུག་པ་མི་འཐད་པ་མ་ཡིན་ནོ་ཞེས་པའོ། །དེ་ཡང་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་སྐྱེས་པ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དེ། །དེ་ཡང་འགགས་པའི་དུས་སུ་མེད་དོ། །མོ་ [168a.5]གཤམ་གྱི་བུ་ལ་སོགས་པ་མེད་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་སྐྱེས་པའི་རང་བཞིན་དུ་འགྱུར་བ་ནི་མེད་དོ། །དེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཁྱིམ་དང་གོས་ལ་སོགས་པ་ནི་མ་ཡིན་ནོ། །ཁྱིམ་ལ་སོགས་པ་དང་གཟུགས་བརྙན་ལ་སོགས་པར་བརྟེན་ནས་སྐྱེས་པ་དེ་ [168a.6]ཉིད་ཟུང་དུ་འཇུག་པ་དེ་ཉིད་ནི་སྤོང་བ་མ་ཡིན་ནོ། །མོ་གཤམ་གྱི་བུ་ལ་སོགས་པ་ནི་སྤོང་བར་འགྱུར་རོ། །དེ་བཞིན་དུ་ཀུན་རྫོབ་འགོག་པར་འགྱུར་བ་ཡང་མ་ཡིན་ཏེ། ཇི་ལྟར་ན་འཐད་པ་མ་ཡིན་ཏེ། འདིར་ཡང་ཆད་པའི་མཐར་ལྟུང་བ་གཞན་ཉིད་དུ་གསུངས་ཏེ། ཆད་པ་ལས་ [168a.7]ནི་བྱེད་པ་མེད། །ཆད་པ་ཡང་ནི་རབ་ཏུ་གསལ། །ཞེས་གསུང་རབ་ལས་སོ། །གཞན་དག་ནི་སླར་ཡང་བླ་མའི་མན་ངག་གིས་བརྒྱན་པ་རྗོད་པར་བྱེད་དེ། ཇི་ལྟར་ཤིན་ཏུ་གཡེང་བས་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་སྟོང་པ་ཉིད་དུ་མཐོང་སྟེ། དེ་ལྟར་ཡང་། [168b] [168b.1]སེམས་ཙམ་ཉིད་ལ་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ། །ཞེས་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། བསྒོམ་པར་བྱ་བ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །གསང་སྔགས་ཀྱི་ཚུལ་བསྟན་པའི་དེ་བཞིན་གཤེགས་པའི་རིགས་ཡིན་པའི་ཕྱིར་དང་། གསལ་ [168b.2]བར་འགྱུར་བའི་རིགས་པའི་སྟོབས་ཀྱི་རྣམ་པར་ཤེས་པ་ཉིད་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་བདག་ཉིད་རྣམས་རིག་པས་དེ་ཡང་ཕལ་ཆེར་རྣམ་པ་དང་བཅས་པ་དང་། ཅུང་ཟད་རྣམ་པ་མེད་པ་ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཉམས་སུ་མྱོང་བར་འགྱུར་རོ། ། [168b.3]ཡེ་ཤེས་དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དང་། རབ་ཏུ་གསལ་བར་འགྱུར་བའི་ཕྱིར་མེད་པ་མ་ཡིན་ནོ། །དོན་དམ་པར་དངོས་པོའི་ངོ་བོ་མ་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་གཅིག་ལ་ཡོད་པ་དང་མེད་པ་དག་འདིར་དགག་ཅེ་ན། །བདེན་ཏེ། ཡོད་ [168b.4]པ་ཉིད་དངོས་པོའི་རྟེན་པས་འགལ་བའི་ཕྱིར་རོ། །དེ་སྐད་དུ། །གང་ཡང་དངོས་པོར་སྐྱེ་འགྱུར་བའི། །དེ་ལ་ཚད་མ་ལ་སོགས་འགྱུར། །ཞེས་པ་དང་། དངོས་པོ་འདི་ནི་རྣམ་རྟོག་འགྱུར། །ཞེས་པའོ། །དེ་ལྟར་ཡང་ཚད་མར་བྱ་བར་འགྱུར་བའི་ཚུལ་གྱི་འདི་དག་གིས་ [168b.5]དེ་ལྟར་ཡང་རྣམ་པ་ཐམས་ཅད་ཀྱི་རང་རིག་པའི་ཡེ་ཤེས་ཡོད་པ་ཉིད་རབ་ཏུ་བསྒྲུབ་པ་ཡིན་ཏེ། མ་དག་པ་ཉིད་ནི་རང་བཞིན་མེད་པ་མ་ཡིན་ཏེ། མ་སྐྱེས་པའི་རིག་པས་ཀྱང་ཡེ་ཤེས་ཡོད་པར་གསལ་བའི་ཕྱིར་རོ། །དེ་ལྟར་ཕན་ཚུན་འགལ་བར་གྱུར་པ་དག་རིགས་པ་མ་ཡིན་ནོ། །བླ་ [168b.6]མ་དམ་པའི་མན་ངག་གིས་བརྒྱན་པ་ནི་ཚད་མས་ཉེ་བར་གཏད་པ་དག་ནི་ཡེ་ཤེས་རང་བཞིན་མེད་པ་དག་གི་དེའི་བདག་ཉིད་ཉེ་བར་བསྟན་པ་ནི་འགལ་བ་དག་ཉེ་བར་བསྡུས་ནས་རིག་པར་བྱས་པ་ཡིན་ནོ། །དེ་ལྟར་ཡང་། རྣལ་འབྱོར་སྤྱོད་པའི་སློབ་དཔོན་གསལ་བའི་རོ་ཡི་རང་རིག་ཡོད་པའི་ [168b.7]མཆོག །ཡོད་པ་སྤངས་པས་ཚད་མའི་བདག་ཉིད་ཆེན་པོ་དཔལ་ལྡན་འདིར་ཡང་གཞན། །དེ་ལྟར་ཕན་ཚུན་འགལ་བ་སེལ་བར་བྱེད་པ་གཅིག་པུ་བསྟན་པ་གཞན། །དཔལ་ལྡན་ཟུང་འཇུག་བཅིངས་པ་རྟོགས་པའི་རྒྱལ་སྲས་དེ་ནི་རྒྱལ་གྱུར་ཅིག །ལྟར་ཡང་གང་གི་ཕྱིར་དབུ་ [169a] [169a.1]མའི་གྲུབ་མཐའ་སྤངས་པ་དག་ལེགས་པར་གནས་པར་འགྱུར་རོ། །དབུ་མའི་སྒྲུབ་པར་བྱེད་པ་དག་ཇི་སྲིད་འཁོར་བ་རྒྱུན་མ་ཆད་ཀྱི་བར་དུ་ཐབས་ཀྱི་ཆ་ལེགས་པར་གནས་པ་ཉིད་དོ། །དེ་དག་ཀྱང་མ་སྐྱེས་པའི་སྟོང་པ་ཉིད་ཀྱིས་འབད་པ་མེད་པའི་ཤེས་རབ་ཀྱི་ཆ་ལེགས་ [169a.2]པར་གནས་པའི་ཕྱིར་རོ། །ཡུང་བ་དང་རྡོ་རྒྱུས་ཀྱི་སྤྱོད་པ་ལྟར་ཟུང་དུ་འཇུག་པ་ཞེས་བྱ་བའི་དེ་ཁོ་ན་ཉིད་གཞན་ནི་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་དེ། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས། དངོས་དང་དངོས་མེད་བདག་ཉིད་དེ། །དངོས་དང་དངོས་མེད་རྣམ་པར་སྤངས། །ཞེས་པའོ། ། [169a.3]ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པ། དངོས་པོ་དངོས་མེད་གཉིས་ལས་འདས། འགའ་ཞིག་ཇི་ལྟར་མ་འདས་འདོད། །ཤེས་པ་མ་ཡིན་ཤེས་བྱ་མིན། །ཡོད་པ་མ་ཡིན་མེད་མིན་གང་། །གཅིག་ཉིད་མ་ཡིན་གཉིས་མེད་མིན། །གཉིས་ཀ་མ་ཡིན་གཉིས་ཀ་མིན། ། [169a.4]གནས་པ་མེད་པ་གསལ་བ་མིན། །སེམས་པ་མེད་པ་མཐོང་བ་མེད། །སྐྱེ་བ་མེད་པ་འཇིག་པ་མེད། །ཆད་པ་མ་ཡིན་རྟག་པ་མིན། །དེ་ནི་ནམ་མཁའ་དང་འདྲ་མཚུངས། །ཡེ་ཤེས་ཡེ་ཤེས་སྤྱོད་ཡུལ་མིན། །གང་གིས་རྟེན་ཅིང་འབྲེལ་འབྱུང་བ། །དེ་ [169a.5]ཕྱིར་ཁྱོད་ཀྱིས་སྟོང་པར་བཞེད། །དམ་ཆོས་ངོ་བོ་དེ་བཞིན་དུ། །དེ་བཞིན་གཤེགས་པ་དེ་དང་མཚུངས། །དེ་ཡི་དེ་ཉིད་དོན་དམ་པར། །དེ་བཞིན་ཉིད་ཀྱི་རྗེས་སུ་བཞེད། །ཡང་དག་སླུ་བ་མེད་པའི་དོན། །དེ་རྟོགས་སངས་རྒྱས་སུ་ནི་བརྗོད། །སངས་རྒྱས་རྣམས་ [169a.6]དང་སེམས་ཅན་ཁམས། །དོན་དེ་ཉིད་ལ་ཐ་དད་མེད། །བདག་ཉིད་དང་ནི་གཞན་ཡང་འདི། །དེས་ན་ཁྱོད་ཀྱིས་མཉམ་པར་བཞེད། །ཅེས་པའོ། །འདིར་ནི་ཚུལ་གནས་པ་ཙམ་ཉེ་བར་བསྟན་ཏེ། །བླ་མ་དམ་པའི་མན་ངག་ཉིད་ལས་ཀྱང་ཟུང་དུ་འཇུག་པའི་དེ་བཞིན་ཉིད་ [169a.7]གསལ་བར་རྟོགས་པར་བྱའོ། །ད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉེ་བར་བསྟན་ནས་སྔར་བསྟན་པའི་དབུ་མའི་བདག་ཉིད་བྱང་ཆུབ་ཀྱི་རང་གི་ངོ་བོ་ཉེ་བར་བསྟན་པའི་ཕྱིར། དངོས་པོ་འདི་ནི་བྱང་ཆུབ་འགྱུར། །ཆགས་པ་སྤངས་པའི་རང་བཞིན་ཉིད། །ཅེས་བྱ་བ་སྨྲས་ཏེ། [169b] [169b.1]འདི་ནི་ཞེས་བྱ་བ་ནི་མངོན་སུམ་གྱི་ཚད་མར་རབ་ཏུ་གྲགས་པའོ། །དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ལྔའི་བདག་ཉིད་དོ། །འོ་ན་དངོས་པོ་ཞེས་བྱ་བ་མི་བདེན་པའི་རྣམ་པར་རྟོག་པ་ལས་བྱུང་བ་རྣམ་པར་རྟོག་པའི་བདག་ཉིད་ཀྱི་འཁོར་བ་ཉི་དེ། དེ་ཇི་ལྟར་བྱང་ཆུབ་ཏུ་འགྱུར། །དེ་སྐད་དུ། མི་ [169b.2]བདེན་རྟོག་པ་ལས་བྱུང་བ། །དངོས་པོ་རྟོག་པའི་བདག་ཉིད་དེ། །བྱིས་པ་རྣམས་ནི་རྨོངས་པའི་བློ། །འཁོར་བར་འདི་ཉིད་བཤད་པ་ཡིན། །ཞེས་པའོ། །དེའི་ཕྱིར་ཆགས་པ་སྤངས་པའི་ཞེས་བྱ་བ་སྨྲས་ཏེ། གཟུང་བ་དང་འཛིན་པའི་དངོས་པོ་ནི་ཆགས་པ་ཞེས་ཁ་ཅིག་གོ། ། [169b.3]རྣམ་པར་རྟོག་པ་ཙམ་ནི་ཆགས་པ་ཞེས་བྱ་བ་ནི་གཞན་དག་གོ། །དེ་སྐད་དུ། དགེ་བ་འམ་མི་དགེ་བ་ཡང་རུང་། །གང་གི་རྣམ་རྟོག་ཐ་དད་པ། །ཙནྡན་ལ་སོགས་ཡང་དག་འབྱུང་། །མེ་ཡི་བསྲེག་པ་ཉིད་དུ་འགྱུར། །ཞེས་པའོ། །དེ་ལྟར་དེའི་ཕྱིར་གཉིས་ཀ་ཡང་འདིར་ [169b.4]ཆགས་པ་མ་ཡིན་ནོ། །དེའི་ཕྱིར། རང་ཉིད་ཅེས་བྱ་བ་སྨྲས་ཏེ། གང་འགའ་ཞིག་ཡོད་པ་དང་མེད་པ་ལ་སོགས་པའི་རང་བཞིན་ནོ། །དེ་ཡིས་གང་ཆགས་པ་ནི་མངོན་པར་ཞེན་པའོ། །དེ་དག་སྤངས་ཏེ་གཟུང་བ་དང་འཛིན་པའི་དངོས་པོས་སྟོང་པའི་ཡང་རྣམ་པར་རྟོག་ [169b.5]པའི་རང་བཞིན་གྱི་ཆགས་པ་ཡོད་པ་མ་ཡིན་པའི་ཕྱིར་དེ་ཞེས་བྱ་བ་ནི་བསམ་པའོ། །དངོས་པོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཚོགས་པ་ལས་ཐོབ་པར་བྱ་བ་ཡིན་ཏེ། དེ་ཡང་རྣམ་པར་རྟོག་པའམ། རྣམ་པར་མི་རྟོག་པའམ། ཐམས་ཅད་བྱང་ཆུབ་བོ། །ཇི་སྐད་དུ། བླ་མ་དམ་པ་ཉིད་ཀྱི་ཞལ་སྔ་ [169b.6]ནས། བསྟེན་ནས་སྐྱེས་པ་བརྟགས་པས་དངོས་སུ་སྟོང་། །དངོས་པོ་ཡོད་པ་མ་ཡིན་སྟོང་པ་མ་ཡིན་ངོ་བོ་ཉིད། །ཆད་པ་མ་ཡིན་སེམས་ཉིད་སྣ་ཚོགས་འདི་ནི་ངོ་བོ་གཅིག །གཟུགས་ལ་སོགས་པ་རྒྱལ་བ་ལྔ་ནི་རྒྱལ་གྱུར་ཅིག །རྣམ་རྟོག་འདི་ཉིད་རྟེན་ཅིང་འབྱུང་། །འབྲེལ་ [169b.7]བ་བསྒོམ་པ་མ་ཡིན་ནོ། །དེ་ཉིད་མྱ་ངན་འདས་པ་སྟེ། །སེམས་ཀྱིས་འཁྲུལ་པར་མ་བྱེད་ཅིག །ཀུན་རྟོག་ཅེས་པ་འབྲེལ་པ་ལྟར། ཇི་ལྟར་བདེ་བ་བཞིན་དུ་གནས། །ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་རང་བཞིན་ཀུན་གྱི་ཆགས་པ་མ་ཡིན་ན་གང་ལས་སྐྱེ་བར་ [170a] [170a.1]འགྱུར། །དེའི་ཕྱིར། ཆགས་པ་ལས་ནི་འཁྲུལ་པར་འགྱུར། །ཞེས་བྱ་བ་སྨྲས་ཏེ། འཁྲུལ་པ་ནི་རང་གི་སྒྲོ་བཏགས་པའོ། །ཆགས་པ་ནི་མངོན་པར་ཞེན་པའོ། །འཁྲུལ་པ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་དངོས་པོའི་རང་བཞིན་དུ་སྒྲོ་བཏགས་པས་ཡང་ནས་ཡང་དུ་མངོན་པར་ [170a.2]ཞེན་ཏེ། འདིར་ཆགས་པ་དང་སྡང་པ་རྨོངས་པ་ཉིད་དོ། །འཁྲུལ་པ་དེ་ཉིད་གང་ལས་སྤང་བར་བྱ་ཞེས་བྱ་བ་དེའི་ཕྱིར། འཁྲུལ་པ་གནས་ནི་མེད་པར་འདོད། །ཅེས་བྱ་བ་སྨྲས་ཏེ། འདིར་འདིའི་དོན་ནི་ཅུང་ཟད་འདིར་སྐྱེ་བ་དང་འགག་པས་ཚེར་མ་དབྱུང་བ་ལྟ་བུར་མ་ཡིན་ནོ། ། [170a.3]འོན་ཀྱང་རང་བཞིན་ཡོངས་སུ་ཤེས་པའོ། །རང་བཞིན་ཡང་མ་སྐྱེས་པ་ཉིད་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་མ་རིག་པ་ནི་ཡོད་པ་མ་ཡིན་པའི་དོན་ནོ་ཞེས་པའོ། །འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ [170a.4]ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བའི་ཚིག་གིས་སོ། །ད་ནི་དེ་བཞིན་ཉིད་དེ་ཁོ་ན་ཉིད་བརྟན་པ་དེ་ཡང་དེ་བཞིན་ཉིད་དང་དེ་ཁོ་ན་ཉིད་དག་ཐ་དད་པའོ་སྙམ་དུ་བྱང་ཆུབ་རྟོགས་ཏེ། དེ་ཡང་དེ་ཁོ་ན་ཉིད་དང་བྲལ་བའོ་ཞེས་འདྲི་བ་ནི། དེ་ཉིད་ཅི་ནས་ཞེས་པའོ། ། [170a.5]དངོས་པོ་རང་བཞིན་ཞེས་བྱ་བ་ནི་ལན་ནོ། །དངོས་པོ་ནི་རབ་ཏུ་སྣང་བར་གྱུར་པའོ། །དེ་ལྟར་སེམས་ཉིད་རབ་ཏུ་སྤྲོས་པའི་རྣམ་པ་དེའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །དངོས་པོའི་རང་བཞིན་ཡང་དེ་ཁོ་ན་ཉིད་ཡིན་ནོ། །རྟག་པར་ལྟ་བ་ཉིད་ལ་རྟན་པར་འགྱུར་བའི་ཕྱིར། །དངོས་པོ་དངོས་མེད་གང་ [170a.6]ཡིན་པའི། །ཞེས་བྱ་བ་སྨྲས་ཏེ། གང་གིས་གང་ལ་སྟེ་གང་གི་ཕྱིར་དངོས་པོ་ནི་རང་གི་ངོ་བོ་ཡིན་པ་དང་དངོས་མེད་ནི་སྟོང་པ་ཉིད་དུ་རབ་ཏུ་བསྟན་པའོ། །དེའི་ཕྱིར་དངོས་པོའི་རང་གི་ངོ་བོ་ཉིད་ནི་དེ་ཁོ་ན་ཉིད་དོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས། གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ནས། [170a.7]རྣམ་པར་ཤེས་པའི་བར་དུའོ། །སེམས་དེ་ཡང་སེམས་མ་ཡིན་ཞེས་པའོ། །འོ་ན་གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་ཕྱིར་ཆད་པར་ལྟའོ་ཞེ་ན། དངོས་པོ་མེད་པར་ཡང་དངོས་པོར་འགྱུར། །ཞེས་བྱ་བ་སྨྲས་ཏེ། རབ་ཏུ་བསྟན་པ་འདི་ནི་དངོས་པོ་སྟེ་ཟུང་དུ་འཇུག་པའི་དེ་བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་དེ། གཞན་ [170b] [170b.1]དུ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་སྐད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཞེ་ན། གང་རང་བཞིན་མེད་པའོ། །རང་བཞིན་དང་རང་བཞིན་མེད་པ་དག་གིས་གཉིས་སུ་མེད་པ་འདི་ནི་གཉིས་སུ་མེད་པས་གཉིས་སུ་མི་འགྱུར་བའོ། །དེ་ལྟར་ནི་འགྱུར་མོད་ཀྱི། བྱང་ཆུབ་ཉིད་ནི་ [170b.2]བསྒྲུབ་བྱར་གྱུར་པ་དངོས་པོའི་རང་བཞིན་དུ་བྱས་ལ། དངོས་པོའི་རང་བཞིན་དུ་དེ་ཁོ་ན་ཉིད་ཇི་ལྟར་བརྗོད་ཅེ་ན། དེའི་ཕྱིར་རྒྱུ་དང་འབྲས་བུའི་རང་བཞིན་གྱིས་ཞེས་བྱ་བ་སྨྲས་ཏེ། གང་དེ་ཉིད་བསྟན་པའི་རིགས་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དང་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཀྱིས་ཉེས་པ་མེད་དོ་ [170b.3]ཞེས་བྱ་བ་ནི་དགོངས་པའོ། །ཡང་ན་འབྲས་བུ་ཞེས་བྱ་བ་ནི་དངོས་པོའི་ངོ་བོ་ཡིན་ཏེ། རང་བཞིན་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་རང་བཞིན་པ་ཞེས་པའོ། །རྒྱུ་དང་ཞེས་པ་ནི་དེ་བཞིན་ཉིད་དོན་དམ་པར་མ་སྐྱེས་པ་ནི་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར། དངོས་པོའི་ངོ་བོའོ། །དེ་སྐད་དུ། ཆོས་ཀྱི་དབྱིངས་ [170b.4]ལས་ཡང་དག་བྱུང་། །མི་མཐུན་ཕྱོགས་ནི་ཅུང་ཟད་མེད། །ཅེས་པའོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། །ཆོས་རྣམས་ཐམས་ཅད་དངོས་པོ་མེད། །ཆོས་མིན་མཚན་ཉིད་རྣམ་པར་སྤངས། །ཆོས་བདག་མེད་ལས་ཡང་དག་བྱུང་། །བྱང་ཆུབ་ཚུལ་ནི་བརྟན་པའོ། །ཞེས་པའོ། །རྒྱུ་དང་ [170b.5]འབྲས་བུའི་རང་བཞིན་ཞེས་པ་ལ་རང་བཞིན་ནི་གཉུག་མ་སྟེ། ཟུང་དུ་འཇུག་པའི་ངོ་བོའོ། །དེའི་ཕྱིར་དངོས་པོའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དུ་བསྟན་པའོ། །འདི་དག་ནི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བླ་མ་དམ་པའི་མན་ངག་གིས་བརྒྱན་པའོ། །དེ་ཡང་ཡང་དག་པར་ཤིན་ཏུ་མཉེས་པར་བྱས་པའི་བླ་མའི་ཞལ་གྱི་པདྨ་ཉིད་ལ་གསལ་བར་ [170b.6]གཞན་དུ་ནི་མ་ཡིན་ནོ། །ད་ནི། དངོས་པོ་ཀུན་གྱི་རང་བཞིན་གྱི། །དག་པའི་དེ་བཞིན་ཉིད་དུ་འདོད། །ཅེས་བྱ་བའི་ཚུལ་གྱིས་དེ་བཞིན་ཉིད་ཀྱི་ཆོས་ཐམས་ཅད་ལེགས་པར་གནས་པ་ཡིན་ནོ། །དེ་བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་བསྒོམ་པར་བྱ་བ་སྒྲུབ་པར་བྱེད་པའི་ཐབས་ཞེས་ཉེ་བར་བསྟན་པའི་ཕྱིར། དེ་ལྟར་ཆོས་རྣམས་རོ་གཅིག་ [170b.7]སྟེ། ཐོགས་པ་མེད་ཅིང་གནས་མེད་པར། །ཇི་ལྟར་འབྱུང་བའི་ཏིང་འཛིན་གྱིས། །འདི་དག་ཐམས་ཅད་འོད་གསལ་ཏེ། །ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ནི་འདིའི་རིམ་པས་སོ། །རོ་གཅིག་པ་ནི་དེ་བཞིན་དུ་རོ་གཅིག་པའོ། །ཆོས་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་སོ། །གཟུགས་ལ་སོགས་པའི་མཚན་ཉིད་ནི་གཟུགས་ལ་ [171a] [171a.1]སོགས་པ་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཐོགས་པ་མེད་ཅིང་ཞེས་བྱ་བ་ནི་རང་བཞིན་ལ་སྒྲོ་བཏགས་མེད་པའོ། །གནས་མེད་པར་ཞེས་བྱ་བ་ནི་མ་སྐྱེས་པ་སྟེ། ཡོད་པ་དང་མེད་པའི་རང་བཞིན་ལ་རབ་ཏུ་མི་གནས་པའི་ཕྱིར་རོ། །འོད་གསལ་ཞེས་བྱ་བ་ནི་རང་བཞིན་གྱིས་དྲི་མ་སྤངས་པས་ [171a.2]རང་རིག་པ་སྟེ། རབ་ཏུ་འོད་གསལ་བའི་ཕྱིར་རོ། །དེ་ལྟར་གྱུར་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་རྣམས་ཇི་ལྟར་མཐོང་ཞེ་ན། དེའི་ཕྱིར། ཇི་ལྟར་འབྱུང་བའི་ཏིང་འཛིན་གྱིས། །ཞེས་བྱ་བ་སྨྲས་ཏེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་དང་ལྡན་པའི་ལམ་ནི་ཇི་ལྟར་འབྱུང་བའི་ཏིང་ངེ་ [171a.3]འཛིན་ནོ། །འདི་ཉིད་ནི་སྒྲུབ་པར་བྱེད་པའི་དངོས་པོའོ། །འདི་ལྟར་དངོས་པོ་གསུམ་དུ་བསྟན་ཏོ། །ཇི་ལྟར་འབྱུང་བ་ཉིད་ཀྱི་ཏིང་ངེ་འཛིན་ཀྱང་མངོན་པར་འབྱུང་བ་ནི། ཇི་ལྟར་འབྱུང་བའི་ཏིང་འཛིན་ཡང་། །རབ་ཏུ་འཇུག་པའི་སེམས་ཀྱིས་འགྱུར། །གང་ཕྱིར་དེ་ཡི་གནས་རིག་པས། །དེ་ཉིད་རྒྱུན་ [171a.4]མི་འཆད་ལས་སྐྱེ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་རེ་ཞིག་བསྒོམ་པ་རབ་ཏུ་གྲགས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཉེ་བར་གཞག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་འདོད་པ་རྣམས་ལ་སྨོན་པའི་མཚན་ཉིད་དོ། །གཉིས་པ་ནི་འདོད་པའི་ [171a.5]རྣམ་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རབ་ཏུ་འཇུག་པའི་རྣམ་པ་བྱང་ཆུབ་ཀྱི་མཚན་ཉིད་དོ། །དེ་སྐད་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །སྨོན་དང་གནས་པའི་བྱ་བ་འདི། །འདི་ཡི་དབྱེ་བ་རྣམ་པ་གཉིས། །དེ་ནི་མགོན་པོས་ཡང་དག་བཤད། ། [171a.6]དང་པོ་འདོད་པའི་རྣམ་པ་སྟེ། །སྦྱིན་པ་ལ་སོགས་རྣམ་འཇུག་པ། །གཉིས་པ་རུ་ནི་རྣམ་པར་གྲགས། །ཞེས་པའོ། །འདོད་པའི་རྣམ་པ་ཡང་གསུམ་སྟེ། འདུན་པ་དང་བཅས་པར་འཇུག་པའི་ཆོས་ཀྱིས་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་དང་། བསམ་པ་དང་བཅས་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པའི་ [171a.7]སྤྱོད་པ་ལ་འདོད་པའི་མཚན་ཉིད་དང་། ལྷག་པའི་བསམ་པ་དང་བཅས་པར་འཇུག་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་འདོད་པའི་མཚན་ཉིད་དེ། དེ་ལ་ཡང་སེམས་གསུམ་ནི་ཆུང་དུ་དང་འབྲིང་དང་ཆེན་པོ་སྟེ། ལས་དང་པོ་པའི་སས་བསྡུས་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་མངོན་པར་རྟོགས་ [171b] [171b.1]པའི་རྒྱན་ལ་སོགས་པ་ལས་བསྟན་ཏོ། །དེ་ལས་གཞན་འཇུག་པའི་སེམས་ནི་གནས་སྐབས་རྣམ་པ་གསུམ་སྟེ། དེ་ལ་ལས་དང་པོ་པ་འཇུག་པའི་ལམ་གྱིས་བསྡུས་པའི་སྦྱོར་བའི་གནས་སྐབས་ཏེ། དེ་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བསྟན་ཏོ། །དེ་ལ་རྒྱུའི་གནས་སྐབས་ནི་ས་བཅུས་གསུངས་པ། མཐོང་བ་དང་ [171b.2]བསྒོམ་པའི་ལམ་གྱི་སྤྱོད་ཡུལ་ལོ། །དེ་ནས་ཁྱད་པར་ཅན་གྱི་ལམ་གྱིས་སྡུད་པ་ནི་འབྲས་བུའི་གནས་སྐབས་སོ། །དེ་སྐད་དུ། མཐའ་དག་ལ་ནི་གཉིས་ཀྱིས་ཁྱབ། །དེ་ལས་གནས་སྐབས་རྣམ་པ་བཞི། །འབྲས་བུ་རྒྱུ་སྦྱོར་དང་པོ་ཡི། །ལམ་གྱི་གནས་སྐབས་ཐ་དད་པས། །ཞེས་བྱ་བའོ། །གང་ནས་བཟུང་ནས་ཡང་སྡོམ་པ་ [171b.3]འཛིན་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རབ་ཏུ་འཇུག་པ་དེ་ནི་འཇུག་པའི་སེམས་སོ། །དེ་སྐད་དུ། འགྲོ་བར་འདོད་པ་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་གྲངས་བཞིན་ཐ་དད་པ། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་པའོ། །དེ་ལ་ཤེས་རབ་ཀྱི་ [171b.4]ཕ་རོལ་ཏུ་ཕྱིན་པ་སྤངས་པ་སྟེ་སྦྱིན་པ་ལ་སོགས་པའི་དགེ་བ་མཐའ་དག་མངོན་པར་འབྱུང་བའི་ཆོས་ཡང་དག་པར་སྡུད་པའི་ཐབས་ནི་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ནི་དེ་ཉིད་ཀྱིས་ཐབས་ཀྱི་དངོས་པོ་ཡོངས་སུ་གཅོད་པས་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལྟ་བས་ན་ཡང་དག་པའི་ཐབས་ཀྱིས་རིག་པའི་ཕྱིན་ཅི་མ་ [171b.5]ལོག་པས་ཇི་ལྟ་བ་བཞིན་དུ་རང་དང་གཞན་གྱིས་དོན་བྱེད་དོ། །དེ་ལྟར་ན་ཐབས་དང་ཤེས་རབ་ཀྱི་དེ་ཉིད་བསྟན་པར་བྱ་སྟེ་ས་ལ་ཞུགས་པས་ཀྱང་ངོ་། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས། རྨོངས་པའི་སྐྱེས་བུ་དེ་ནི་འདི་སྐད་སྨྲ་བར་བྱེད། །ཚུལ་གཅིག་ཉིད་ཀྱིས་བྱང་ཆུབ་ཐོབ་པར་འགྱུར། །གང་དེ་སྟོང་པ་ཉིད་ཀྱི་ཚུལ་ཡིན་ཏེ། ། [171b.6]ཞེས་པའོ། །འདིའི་ཡང་ཐབས་དང་ཤེས་རབ་ཀྱི་རང་བཞིན་རྟོགས་པས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དག་སྤངས་པའི་དབུ་མ་རབ་ཏུ་མི་གནས་པ་རྟོགས་པའོ། །ཤེས་རབ་ཀྱི་ནི་སྒྲོ་འདོགས་པ་སྤངས་པའི་ཕྱིར་རོ། །ཐབས་ཀྱིས་ནི་སྐུར་པ་འདེབས་པ་སྤངས་པའི་ཕྱིར་རོ། །དེ་ལ་དང་པོ་ཐོས་པ་ལས་བྱུང་བའི་ [171b.7]ཤེས་རབ་བསྐྱེད་པར་བྱ་སྟེ་ལུང་གི་དོན་ལ་ངེས་པར་བྱའོ། །དེ་ནས་བསམས་པ་ལས་བྱུང་བའི་རིགས་པ་དང་ལུང་དག་སོ་སོར་བརྟགས་ཏེ་ངེས་པ་དང་དྲང་བའི་དོན་ལ་ངེས་པས་ཡང་དག་པའི་དོན་བསྒོམ་པར་བྱའོ། །ཡང་དག་པར་མ་སྐྱེས་པ་ཉིད་དོ། །དེ་ཡང་བསྟན་པའི་རིགས་པས་རྟོགས་པར་བྱའོ། །དེའི་ཕྱིར་རྣལ་འབྱོར་ [172a] [172a.1]པས་དང་པོ་སེམས་བརྟན་པར་བྱ་བའི་ཕྱིར་ཞི་གནས་གྲུབ་པར་བྱའོ། །ཞི་གནས་ཀྱིས་ཡང་རྙེད་པ་ལ་སོགས་པ་ལ་ལྟོས་པ་དང་བྲལ་བས་ཚུལ་བཞིན་དུ་གནས་ཏེ། སྡུག་བསྔལ་ལ་སོགས་པ་ལ་བཟོད་པས་རྩོམ་པའི་བརྩོན་འགྲུས་བསྐྱེད་པར་བྱའོ། །ཇི་སྐད་དུ། ཚུལ་ཁྲིམས་གང་ལྡན་དེ་ནི་བཟོད་པ་ཡིན། ། [172a.2]གང་ལ་བརྩོན་འགྲུས་བརྟན་པ་བག་ཡོད་པ། །གང་ལ་ཡང་དག་རབ་ཏུ་ལྡན་པ་ཡིས། །དེ་ཡི་ཏིང་འཛིན་མྱུར་དུ་རྫོགས་པར་འགྱུར། །ཞེས་པའོ། །དེའི་ཕྱིར་ཚུལ་ཁྲིམས་ལ་སོགས་པའི་ཞི་གནས་ཀྱི་ཚོགས་ལ་གནས་པས་ཡིད་དང་མཐུན་པའི་ས་ཕྱོགས་སུ་ལུས་བསྲང་སྟེ་བདེ་བའི་སྟན་ལ་འདུག་ནས་སྙིང་རྗེ་ཆེན་ [172a.3]པོ་སྔོན་དུ་བྱས་ཏེ་སེམས་རྩེ་གཅིག་པ་བསྐྱེད་པར་བྱའོ། །དེ་ལ་རེ་ཞིག་དང་པོར་རྣལ་འབྱོར་པས་ཇི་ལྟར་ནུས་པས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་དང་གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པ་ཐ་དད་པའི་ཆོས་ཐམས་ཅད་ཀྱི་འདི་ཉིད་དམིགས་པར་བྱ་སྟེ། གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཉིད་དུ་ངེས་ [172a.4]པར་བྱས་ལ། འདི་ཉིད་ཀྱི་རྒྱུན་ལ་ཡང་ནས་ཡང་དུ་སེམས་བརླན་པར་བྱའོ། །ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་འཐོབ་པར་གྱུར་པ་དེ་ཉིད་དུའོ། །ཤིན་ཏུ་སྦྱངས་པ་ཐོབ་པར་གྱུར་པས་ཞི་གནས་རྫོགས་པར་འགྱུར་རོ། །དེ་སྐད་དུ། དངོས་པོ་མཐའ་དག་ཉེ་བར་དམིགས་པར་བྱ། །ཕུང་པོ་ལ་སོགས་ཐ་དད་ [172a.5]ངེས་བཟུང་སྟོང་པ་ཉིད། །དེ་ལ་རབ་ཏུ་འཇུག་པའི་ཡིད་ནི་ཇི་བཞིན་དུ། །དེ་སྲིད་རབ་ཏུ་ཏིང་ངེ་འཛིན་དང་ལྡན། །ཞེས་པའོ། །དེ་ནས་སླར་ཡང་ཏིང་ངེ་འཛིན་ལ་གནས་པས་ཤེས་རབ་ཀྱི་མིག་གིས་ཆོས་ཐམས་ཅད་དཔྱད་པར་བྱའོ། །དཔྱད་ནས་སླར་རིམ་པར་བསྒོམ་པར་བྱའོ། །དེས་ཐེ་ཚོམ་གྱི་ས་བོན་སེལ་བར་ [172a.6]འགྱུར་རོ། །དེ་བཞིན་དུ་ཡང་གང་ཞི་གནས་ལ་དམིགས་པས་ནི་སེམས་བརྟན་པར་འགྱུར་རོ། །དེ་ཤེས་རབ་ཀྱིས་དཔྱད་པ་ལས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེ་བར་འགྱུར་ཏེ། དེ་ལ་མུན་པ་ལ་སྣང་བ་བཞིན་དུ་སྟེ། དེས་སྒྲིབ་པ་རྣམས་སྤོང་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འདི་དག་མིག་གིས་སྣང་བ་བཞིན་ནོ། །ཡང་ [172a.7]དག་པའི་ཡེ་ཤེས་སྐྱེ་སྟེ། ཕན་ཚུན་སོ་སོའི་ཡོན་ཏན་གྱིས་ངེས་པར་གནས་པའི་ཕྱིར་རོ། །སྣང་བ་དང་མུན་པ་བཞིན་ཕན་ཚུན་འགལ་བ་དག་ནི་མ་ཡིན་ནོ། །ཇི་བཞིན་མཉམ་གཞག་གྱུར་པའི་ཤེས་རབ་ཅེས་བྱ་བའི་ཚིག་གིས་སོ། །གཅིག་ཏུ་ཤེས་རབ་ཀྱི་རྗེས་སུ་མཐུན་པའི་ཞི་གནས་སོ། །དེའི་དོན་ནི་ཞི་གནས་དང་ [172b] [172b.1]ལྷག་མཐོང་ཟུང་དུ་འཇུག་པ་དང་ལྡན་པའི་ལམ་སྦྱིན་པ་དང་ཚུལ་(ཁྲིམ་,ཁྲིམས་)ལ་སོགས་པ་ཐབས་དང་ལྡན་པ་འཇུག་པའི་སེམས་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་རབ་ཏུ་གྲགས་པའོ། །འདི་ཉིད་ཕུལ་དུ་བྱུང་བས་སྣང་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རིམ་པས་དྲོད་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་བ་ནི་ [172b.2]སྦྱོར་བའི་གནས་སྐབས་སོ། །དེ་ནས་མཐོང་བའི་ལམ་ཐོབ་པ་ནི་རྒྱུའི་གནས་སྐབས་སོ། །དེ་ནས་བསྒོམ་པའི་རིམ་གྱིས་འབྲས་བུའི་གནས་སྐབས་སོ། །དེ་ལྟར་དེ་ཉིད་འཇུག་པའི་སེམས་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་རབ་ཏུ་དབྱེ་བ་རྣམས་ནི་ཀ་མ་ལ་ཤཱི་ལ་ལ་སོགས་པས་བསྡུས་པ་དང་རྒྱས་པ་ལ་སོགས་པའི་སྒོ་ནས་བསྟན་ [172b.3]ཏེ་དེ་ཉིད་དུ་རྟོགས་པར་བྱའོ། །འདིར་རྒྱས་པས་འཇིགས་པས་མ་བྲིས་སོ། །འདི་ལྟ་བུར་གྱུར་པའི་འཇུག་པའི་སེམས་ནི་འདིར་དགོངས་པ་མ་ཡིན་ནོ། །འདིར་དེ་དཔྱད་པ་ལས་བྱས་པས་ཡོངས་སུ་མ་དག་པའི་ཕྱིར་རོ། །འདིར་དཔྱད་པ་མེད་པའི་སེམས་ཀྱི་སྔོན་དུ་བསྒོམ་པ་བྱ་བ་ཉིད་དོ། །གང་ཡང་ཕ་རོལ་ཏུ་ཕྱིན་ [172b.4]པའི་མན་ངག་ནི་བླ་མའི་མན་ངག་གིས་བརྒྱན་པ་དང་བཅས་པའི་ཟུང་དུ་འཇུག་པའི་དབུ་མ་ངེས་པར་རྟོགས་པའོ། །དེ་ནི་དོན་དམ་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་ཉིད་ལྷུན་གྱིས་གྲུབ་པར་རྒྱན་གྱིས་འཇུག་པར་འགྱུར་བ་ནི་ཞི་གནས་ཏེ་གཞན་དུ་མ་ཡིན་ནོ། །ཆོས་རྣམས་ཐམས་ཅད་ [172b.5]ཡོངས་ཤེས་ནས། །བསྒོམ་དུ་མེད་ཉིད་བསྒོམ་པ་ཡིན། །ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟ་བུར་གྱུར་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་དང་ལྡན་པའི་ལམ་མོ། །འབྲས་བུ་ཐོབ་པ་ལ་མོས་པར་གྱུར་པའི་འཇུག་པའི་སེམས་ནི་འདིར་དགོངས་པ་མ་ཡིན་ནོ། །དེ་སྐད་དུ། ཆོས་ཀྱི་ཕུང་པོ་སྟོང་ [172b.6]ཕྲག་རྣམས། །རྟོགས་པ་ཞེས་བྱ་སྟོང་པ་ཉིད། །རྟོགས་པའི་དོན་ནི་དཔྱད་པ་ཡིན། །བླ་མ་དམ་པའི་དཔྱད་པ་མེད། །ཅེས་པའོ། །གང་གི་བུམ་པ་ལ་སོགས་འཛིན། །བསམ་གཏན་དེ་ནི་དེ་ལ་སྦྱར། །རྣམ་པ་ཀུན་གྱི་ལུས་གཅིག་པོ། །འདི་རྟོགས་རྟོགས་པ་ཆེན་པོར་འགྱུར། །ཞེས་བྱ་བ་ཡོད་དོ། །འདི་དག་ནི་ [172b.7]གསལ་བར་བྱ་བའི་ཕྱིར། །གང་ཕྱིར་དེ་ཡི་གནས་རིག་པས། །དེ་ཉིད་རྒྱུན་མི་ཆད་ལས་སྐྱེས། །ཞེས་བྱ་བ་བསྟན་ཏེ། དེ་ནི་འཇུག་པའི་སེམས་ཀྱི་གནས་ཟུང་དུ་འཇུག་པ་དེ་བཞིན་ཉིད་ཀྱི་བདག་ཉིད། བླ་མ་དམ་པའི་མན་ངག་གིས་རིག་པ། དེ་ཉིད་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་དོན་དམ་པ་བྱང་ཆུབ་ [173a] [173a.1]སེམས་ཀྱི་མཚན་ཉིད་དོ། །རྒྱུན་མི་ཆད་པ་ནི་སྐད་ཅིག་མ་སོ་སོ་ལ་སྐྱེ་བར་འགྱུར་བའོ། །དེའི་བདག་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་ཞེས་བྱའོ། །དེ་ལ་འཇུག་པ་བྱང་ཆུབ་ཀྱི་སེམས་གང་ཞེ་ན། ཤེས་དང་ཤེས་བྱ་རྣམ་བྲལ་བ། །འགྲོ་བ་ཉིད་ནི་གཉིས་མེད་འདོད། །ཅེས་བྱ་བ་སྨྲས་སོ། །ཡང་གཉིས་ [173a.2]མེད་ཅེས་བྱ་བ་ནི་རིག་བྱེད་སྨྲ་བ་ལྟར་རྟག་པ་གཅིག་པུ་ནི་མ་ཡིན་ནོ། །འོན་ཀྱང་གང་གཅིག་ཀྱང་མ་ཡིན་དུ་མ་ཡང་མ་ཡིན་པའི་གཉིས་པ་ནི་དགོངས་པའོ། །དེ་ལྟར་གྱུར་པ་ནི་འགྲོ་བ་ཉིད་དངོས་པོ་དང་དངོས་པོ་མ་ཡིན་པ་དང་། འདོད་པ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། དེ་ཉིད་ཇི་ལྟར་འགྱུར་ཞེས་བྱ་བ་ལ་ [173a.3]སོགས་པ་ལ། ཤེས་དང་ཤེས་བྱ་རྣམ་བྲལ་བ། །ཞེས་བྱ་བ་སྨྲས་ཏེ། དང་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ཤེས་དང་ཤེས་བྱ་རྣམ་བྲལ་བ་ནི་འགྲོ་བའི་བདག་ཉིད་ཡིན་པའི་ཕྱིར་གཉིས་སུ་མེད་པའོ། །དེ་ལ་ཤེས་དང་ཤེས་བྱ་རྣམ་བྲལ་བ་ནི་རྣལ་འབྱོར་སྤྱོད་པས་རབ་ཏུ་བསྒྲུབ་པ་སྟེ། འགྲོ་བ་ཡེ་ [173a.4]ཤེས་ཙམ་དུ་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེའི་ཡང་ཤེས་པ་ཙམ་འགྲོ་བ་ལ་གསལ་བ་ནི་མ་སྐྱེས་པའི་ཕྱིར་མེད་པ་མ་ཡིན་ནོ། །རང་བཞིན་མེད་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་པའོ། །ཤེས་པའི་རང་བཞིན་དང་བྲལ་བའི་འགྲོ་བའི་བདག་ཉིད་ནི་དབུ་མ་པས་རབ་ཏུ་བསྒྲུབ་པའོ། །འདི་ལྟ་བུ་ཐབས་དང་ཤེས་ [173a.5]རབ་ཀྱི་བདག་ཉིད་ཀྱི་ཤེས་པ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། འགྲོ་བ་ཉིད་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དེ་ཁོ་ན་ཉིད་དཔྱོད་པའི་རྣམ་པར་རྟོག་པའི་རྒྱུ་མཚན་ཡིན་པའི་ཕྱིར་དང་། ཇི་བཞིན་འབྱུང་བའི་ཏིང་ངེ་འཛིན་ཞེས་བྱ་བ་ཡང་ [173a.6]གཉེན་པོའི་ཕྱོགས་ལ་དཔྱོད་པ་རྣམ་པར་རྟོག་པའི་རྒྱུ་མཚན་ནོ། །དེ་ཉིད་བྱང་ཆུབ་རྟོགས་པའི་རང་བཞིན་ཅན་ཞེས་པས་འབྲས་བུ་ལ་དཔྱོད་པའི་རྣམ་པར་རྟོག་པའི་རྒྱུ་མཚན་གྱི་ཕྱིར་རོ། །འདི་དག་ནི་ཡང་རྒྱུ་མཚན་གཞན་གྱིས་མངོན་དུ་གྱུར་པར་གཞན་དུ་སྣང་བ་འགྱུར་ལ། གཞན་ནི་ཡིད་ལ་མི་བྱེད་པས་ཡོངས་ [173a.7]སུ་སྤང་བར་བྱ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། རྣམ་པར་མི་རྟོག་པ་ལ་འཇུག་པ་ལས་བསྟན་པ་དང་ཇི་ལྟར་མི་འགལ་ཞེ་ན། དེ་ལ་རེ་ཞིག་ཁ་ཅིག་འདི་སྐད་སྨྲས་ཏེ། བསྒོམ་པ་འབྱུང་བའི་ཚོགས་པས་དང་པོར་བརྗོད་པ་ཉིད་དེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དང་དེ་ཁོ་ན་ཉིད་དོ། །གཞན་དུ་ན་བསྟན་པ་འབྲས་ [173b] [173b.1]བུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱི་ནས་གོམས་པར་གྱུར་ནས་ནི་བསྒྲུབ་བྱ་ལ་སོགས་པའི་རྒྱུ་མཚན་སྤངས་པར་བསྟན་པ་ཡིན་ནོ། །རྒྱུ་མཚན་ཡང་ནི་ཤེས་པའི་སྦྱོར་བ་སྤངས་པའི་ཕྱིར་ཞེས་པའོ། །དེའི་ཤེས་པའི་དང་པོར་བྱ་བ་ཉིད་ཇི་ལྟར་འགལ་བར་འགྱུར། འདི་ནི་རབ་ཀྱི་ལམ་མ་ཡིན་ཏེ། འདིས་མི་ [173b.2]བཟོད་པས་ལན་ནི་གཞན། །གཉིས་དང་བྲལ་བར་རློམ་པ་ཡང་། །གང་ཕྱིར་དེ་ནི་འོད་གསལ་འདོད། །ཅེས་བྱ་བ་སྨྲས་ཏེ། འདི་ནི་འདིར་དགོངས་པ་ཡིན་ཏེ། དེ་ཡོངས་སུ་ཤེས་པས་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་དཔྱོད་པ་གསུམ་རྣམ་པར་སྤང་བར་བྱ་བ་བསྟན་པ་ཡིན་ཏེ། མཐའ་བཞི་ [173b.3]ཡོངས་སུ་སྤོང་བ་བཞིན་ནོ། །གཉེན་པོའི་ཕྱོགས་ལ་མི་གནས་ཤིང་། །དེ་ཉིད་ལ་ཡང་མི་ཆགས་པས། །གང་གི་འང་འབྲས་བུ་མི་འདོད་པས། །དེ་ཡིས་ཕྱག་རྒྱ་ཆེན་པོ་ཤེས། །ཞེས་བྱ་བའི་ཚིག་གིས་སོ། །འདིར་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་མན་ངག་སྟེ། དངོས་པོའི་དེ་ [173b.4]ཁོ་ན་ཉིད་ཡོངས་སུ་ཤེས་པའོ། །ཡང་དཔྱད་པ་གསུམ་པོ་འདི་རྣམས་ཀྱང་སྟེ། མཐའ་བཞི་ལ་ནི་མཉམ་བརྟེན་ནས། །མཐའ་བཞི་ལས་ནི་རྣམ་པར་དང་། །ཅེས་བྱ་བ་ཉིད་ཀྱི་དེ་ཁོ་ན་ཉིད་དུ་མ་ཡིན་པས་འགལ་བ་མ་ཡིན་ནོ། །གཉིས་དང་བྲལ་བ་ནི་གཉིས་མེད་པའོ། །རློམ་སེམས་ནི་དེ་ཁོ་ན་ཉིད་དུ་དཔྱོད་པའི་ [173b.5]རྣམ་པར་རྟོག་པའོ། །འདི་ཡང་འོད་གསལ་བའི་རང་བཞིན་ལས་མེད་པས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །དེ་ལྟར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡང་འོད་གསལ་གྱི་རང་བཞིན་དུ་རྟོགས་པར་བྱའོ། །ཡང་འདིར་རྒྱུ་མཚན་ཡོངས་སུ་སྤངས་པས་ཡིད་ལ་མི་བྱེད་པ་ཞེས་བྱ་བ་ནི། འདིར་ [173b.6]མིག་བཙུམས་པ་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ་ཅི་ཡང་མི་མཐོང་བ་ནི་ཡིད་ལ་བྱེད་པ་ནི་མེད་དོ། །ཡང་ནི་རྣམ་པར་དཔྱད་པའམ་བླ་མའི་མན་ངག་གིས་དངོས་པོ་མི་དམིགས་པ་ཉིད་ནི་ཡིད་ལ་མི་བྱེད་པའོ། །དེ་སྐད་དུ། འགྲོ་དང་གནས་དང་འདུག་པ་དང་། །ཉལ་བ་ན་ཡང་མཉམ་པར་གཞག །ཉན་དང་ [173b.7]ལྟ་དང་དེ་བཞིན་བསྒོམ། །རེག་པ་དང་ནི་མྱང་བ་དང་། །ཤེས་རབ་ཉིད་ནི་དག་པ་ཡིས། །རྣམ་པར་དཔྱད་དང་མན་ངག་ལས། །ཆོས་རྣམས་ཐམས་ཅད་མ་སྐྱེས་ཕྱིར། །མཐོང་བ་ཡང་ནི་མི་མཐོང་འགྱུར། །ཞེས་བྱའོ། །དེའི་ཕྱིར་རྒྱུ་མཚན་གྱིས་ཡིད་ལ་མི་བྱེད་ལ། །རྒྱུ་མཚན་མེད་པར་ཡོངས་སུ་ཤེས་པ་ཉིད་ [174a] [174a.1]དོ། །ཡང་ནི་རྒྱུ་མཚན་ལ་དཔྱོད་པའི་རྣམ་པར་རྟོག་པ་ཞེས་པ་མཚན་མར་འཛིན་པའི་རྣམ་པར་དཔྱོད་པའོ། །དེ་ཡང་མ་སྐྱེས་པ་ཉིད་དེ་རྣམ་པར་དག་པར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཡང་དག་ཤེས་ཕྱིར་མཚན་མར་ [174a.2]འཛིན། །ཉེ་བར་འཛིན་པར་ངེས་པར་བསྟན། །མཚན་མར་འཛིན་པ་མེད་པ་ཡང་། །རྣམ་པར་ངེས་ན་བསྟན་པ་ཡིན། །མཚན་མའི་རང་བཞིན་ཤེས་ན་ཡང་། །དེ་ལྟར་མཚན་མ་འབྱུང་མེད་འགྱུར། །མཚན་མ་འདི་ནི་སྤང་བར་བྱ། །མཚན་མེད་མཐོང་པ་ལ་འཇུག་འགྱུར། །མཚན་མ་སྤྲོས་པ་ལ་སྤྱོད་པས། ། [174a.3]མཚན་མ་ལས་ནི་གྲོལ་བ་མེད། །གང་འདི་མཚན་མ་སྐྱེས་པ་ན། །གང་གིས་མཚན་མ་སྐྱེས་པ་ཡིན། །མཚན་མ་གང་ལ་གང་གིས་རེག །གང་གིས་མཚན་མ་འགོག་པར་བྱེད། །གང་གིས་མཚན་མ་སྐྱེ་འགྱུར་བ། །བློ་ཡིས་ཆོས་རྣམས་ཐོབ་པ་མེད། །སེམས་འདི་ཡིས་ནི་དེ་བཞིན་སེམས། །དེ་ཕྱིར་ [174a.4]མཚན་མ་འབྱུང་མི་འགྱུར། །གང་ལ་མཚན་མ་མ་སྐྱེས་པ། །ཇི་ལྟར་མཚན་མ་འགག་པར་འགྱུར། །ཞེས་པའོ། །དེ་ལྟར་གྱུར་པའི་སེམས་མེད་པ་དང་། །རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ནི། སེམས་དང་རྣམ་པར་རྟོག་པ་འདི་ཉིད་དག་ནི་རང་བཞིན་མེད་པའི་ཤེས་པ་དེ་དག་མེད་པ་ནི་མ་ཡིན་ནོ། །དེ་སྐད་དུ། ཟུང་དུ་ [174a.5]འཇུག་པའི་དབུ་མ་ལས། །སེམས་པའི་རྣམ་རྟོག་སྦྱོར་བ་ཡང་། །དེ་ནི་བསམ་མེད་རྟོག་པ་མེད། །རྣམ་པ་ཀུན་མཆོག་ཐམས་ཅད་ཀྱི། །དབང་པོ་ལས་འདས་རྣམ་པ་མེད། །དངོས་དང་དངོས་མེད་བདག་ཉིད་དེ། །དངོས་དང་དངོས་མེད་རྣམ་པར་སྤངས། །མཐའ་བཞི་དང་ནི་མཉམ་ལྡན་པས། །མཐའ་བཞི་ལས་ནི་ [174a.6]རྣམ་པར་གྲོལ། །སྣ་ཚོགས་གཞག་པའི་སྣ་ཚོགས་མེད། །དོགས་པ་མེད་པས་བདེ་བ་ཆེ། །འབྲས་བུ་དེ་ཉིད་རྣམ་རྟོག་རྣམས། །དཔྱོད་པ་ཉིད་ནི་དཔྱད་པ་མེད། །དེ་དང་དེ་སྐྱེས་ཐོབ་པ་རྣམས། །མ་སྐྱེས་པ་ཡི་རང་བཞིན་ནོ། །དེ་ཕྱིར་རང་རིག་མ་སྐྱེས་ཕྱིར། །རང་གི་མ་སྐྱེས་འདོད་པ་ཡིན། །དཔྱོད་པའི་མཐའ་ [174a.7]ལ་མི་གནས་སོ། །རྟོག་པའི་མཐའ་ལས་འགྱུར་བ་མེད། །ཅེས་པའོ། །ཡང་བླ་མའི་ཞལ་སྔ་ནས་གསུངས་པ། རྣམ་རྟོག་འདི་ནི་རྟེན་ཅིང་འབྱུང་། །འབྲེལ་པ་བསྒོམ་པ་མ་ཡིན་ནོ། །དེ་ཉིད་མྱ་ངན་འདས་པ་སྟེ། །སེམས་ནི་འཁྲུལ་པར་མ་བྱེད་ཅིག །ཅེས་པའོ། །ཡང་། ཀུན་རྟོག་དོགས་པ་ཀུན་བྲལ་ནས། །ཇི་ [174b] [174b.1]ལྟར་བདེ་བ་བཞིན་དུ་རྒྱུ། །ཞེས་པའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། གང་གིས་དེ་ཉིད་འདོད་པ་ཡིས། །སེམས་པ་ཀུན་ལ་མི་སེམས་པ། །གང་སེམས་གང་གིས་བསམ་དུ་མེད། །དེ་ནི་བསམ་དུ་མེད་པར་འགྱུར། །ཇི་ལྟར་སེམས་ཅན་དེ་བཞིན་སེམས། །ཇི་ལྟར་སེམས་པ་དེ་བཞིན་རྒྱལ། །གང་གི་ [174b.2]བློ་ཡིས་བསམ་དུ་མེད། །སེམས་འདི་ཉིད་ནི་རབ་ཏུ་བརྟན། །གང་གི་རྒྱུད་འདིར་སེམས་པ་ནི། །ནམ་ཡང་འབྱུང་བར་འགྱུར་བ་མེད། །གང་ལ་སེམས་པ་བསམ་མེད་པ། །སེམས་པ་ཐམས་ཅད་རྣམ་པར་བྲལ། །སེམས་པ་ཉིད་ནི་བཀུག་ནས་སེམས། །རིང་པོའི་དུས་སུ་རྣམ་སེམས་ན། །སེམས་པ་ [174b.3]ཉིད་ནི་ཡིད་བྱེད་པ། །སེམས་པ་ཟད་པར་འགྱུར་བ་མེད། །སེམས་པ་འདི་ནི་སེམས་པ་ཆེ། །ཆོས་ཀྱི་སེམས་པ་བླ་ན་མེད། །ཆོས་ཀྱི་སེམས་པ་འདི་ཡིས་ནི། །ཡང་དག་སེམས་ལ་འཇུག་པར་འགྱུར། །འདི་དག་ཉིད་ལ་དགོངས་ནས་བླ་མ་རྡོ་རྗེས་གསུངས་པ། ཡེ་ཤེས་གང་ཞིག་འབད་མེད་པར། ། [174b.4]བསམ་དུ་མེད་ཅེས་དེ་ལ་བརྗོད། །བསམ་ནས་གང་ཞིག་བསམ་མེད་བྱེད། །དེ་ནི་བསམ་དུ་མེད་མིན་འགྱུར། །ཞེས་པའོ། །ཡང་ན་ཐབས་དང་ཤེས་རབ་ཀྱི་གཉིས་སུ་མེད་པ་དེ་ཉིད་གཉིས་སུ་མེད་པའི་རྣམ་པ་དབྱེར་མེད་པ་གཅད་དུ་མེད་པ་ནི་དེ་ཉིད་ནི་འགྲོ་བ་ཉིད་དོ། །དེའི་ཕྱིར་ཐབས་དང་ཤེས་རབ་ཀྱི་བདག་ [174b.5]ཉིད་ནི་དངོས་པོ་དང་དངོས་པོ་མེད་པ་དག་རོ་མཉམ་པའི་དངོས་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །འདི་ཉིད་ཀྱང་མཆོག་གི་རྣལ་འབྱོར་རོ། །དེའི་རྣལ་འབྱོར་ཉིད་ནི་རྣལ་འབྱོར་པ་སྟེ། དེའི་སྤྱོད་པ་ཉེ་བར་བསྟན་པའི་ཕྱིར་ཏེ། དེ་ལྟའི་དེ་ཉིད་ངེས་རྟོགས་ནས། །ཇི་ལྟ་དེ་ལྟར་གང་དེ་ན། །རྣལ་འབྱོར་མིག་ནི་རྒྱས་ [174b.6]འགྱུར་བས། །ཀུན་དུ་སེང་གེ་དེ་བཞིན་རྒྱུ། །ཞེས་བྱ་བ་སྨྲས་ཏེ། འདིའི་སྔར་བསྟན་པའི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ནི་བླ་མ་དམ་པའི་མན་ངག་གིས་ངེས་པར་རྟོགས་པའི་རྣལ་འབྱོར་པས་སོ། །གསུངས་པར་བྱས་པ་ན་དེ་ཁོ་ན་ཉིད་ངེས་པར་རྟོགས་པའི་རྒྱུ་ཉིད་དོ། །རང་འདོད་པའི་སྤྱོད་པའི་རྒྱུར་ཡང་ [174b.7]བསྟན་པ་ཡིན་ཏེ། གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བྱ་བར་བཤད། །ཅེས་བྱ་བ་གསུང་རབ་ལས་སོ། །རྣལ་འབྱོར་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པའོ། །རྒྱུ་ཞེས་བྱ་བ་ནི་རང་འདོད་པའི་གནས་པས་རྒྱུ་ [175a] [175a.1]བར་བྱའོ། །གང་དེས་ཞེས་བྱ་བ་ནི་ཟས་ཀྱིས་སོ། །བཟའ་དང་བཟའ་མིན་དེ་བཞིན་དུ། །ཇི་ལྟར་རྙེད་པ་བཟའ་བར་བྱ། །འདོད་དང་མི་འདོད་རྣམ་རྟོག་རྣམས། །འཛིན་པ་འདིར་ནི་མི་བྱའོ། །ཞེས་གསུང་རབ་ལས་སོ། །ཇི་ལྟ་དེ་ལྟར་ཞེས་བྱ་བ་ནི་གང་དང་དེ་ཡང་ལུས་དང་ངག་དང་ཡིད་ཀྱི་རྣམ་ [175a.2]པས་སོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྐང་པ་འཁྲུ་བ་དང་། སོ་རྩི་ཟ་བ་དང་། འཐོར་འཐུང་བཟའ་བ་དང་། དྲིལ་ཕྱིས་དང་། ལག་པ་ཉེད་པ་དང་། གོས་ཀྱིས་སྨད་འགེབས་པ་དང་། འབྱུང་བ་དང་། སྐད་སྨྲ་བ་དང་། གྲོ་བ་དང་། དགོད་པ་དང་། ཁྲོ་བ་དང་། མ་རིག་པ་དང་སྡང་བའི་སེམས། །སྐད་ཅིག་ཀྱང་ནི་ག [175a.3]ཞན་སེམས་མེད། །གྲུབ་ཕྱིར་དངོས་གྲུབ་འདོད་པ་ཡིས། །གང་གིས་བློ་ནི་ཞེན་མི་བྱ། །ཞེས་པའོ། །མིག་ནི་རྒྱས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་བདུད་རྩིའི་རང་བཞིན་གྱིས་གཉེན་པོའི་ཕྱོགས་མེད་པ་དང་། དབང་པོ་མ་བསྡམས་པ་མེད་པ་དེ་འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱི་སྒོ་ནས་སོ། ། [175a.4]དེ་སྐད་དུ། དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྙེན་ཀྱང་གྲུབ་པར་མི་འགྱུར་གྱིས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བསྙེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་པའོ། །ཡང་། ལུས་ངག་ཡིད་ནི་ལེགས་དག་པས། །ཐོབ་བོ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པའོ། །འོ་ན་གསང་སྔགས་ཀྱི་ཚུལ་གྱིས་ [175a.5]རྣལ་འབྱོར་པ་དང་བྱེ་བྲག་ཅི་ཡོད་ཅེ་ན། ཕྱག་རྒྱ་བཞིའི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དང་། ལྷའི་ང་རྒྱལ་གྱི་བདེ་བ་ཆེན་པོའི་རོ་མེད་པས། བཏང་སྙོམས་ཀྱི་རྣམ་པས་མངོན་པར་བྱང་ཆུབ་པ་དུས་རིང་པོས་རྫོགས་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཉིད་ཀྱི་རྣམ་པ་བྱེ་བྲག་ཉིད་ཤིན་ཏུ་ཆེའོ། །གཞན་གྱིས་ [175a.6]ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་རྣལ་འབྱོར་པ་ལས་འདི་ཁྱད་པར་ཡོད་དེ། བླ་མ་དམ་པའི་མན་ངག་གི་དཔྱད་པའི་སྟོང་པ་ཉིད་ཟུང་དུ་འཇུག་པའི་དེ་བཞིན་ཉིད་ངེས་པར་རྟོག་པས་ཤིན་ཏུ་ཁྱད་པར་འཕགས་པའི་ཕྱིར་རོ། །དེའི་ཕྱིར་འདི་ཉིད་དཀའ་བའི་སྤྱོད་པ་མེད་པ་འདི་ཉིད་སྟོང་པ་ཉིད་དུ་རོ་གཅིག་པའི་དེ་ཁོ་ན་ཉིད་ཤིན་ཏུ་ཤེས་པ་དག་ [175a.7]ནི་ཡུལ་གྱི་གྲོང་གིས་སྤྲུལ་འཛིན་པ་ལྟར་སྤྲུལ་ལ་རྩེ་ཡང་ངེས་འབིགས་པར་མི་འགྱུར་རོ། །འདི་ཉིད་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཞེས་ཁ་ཅིག་བརྗོད་དེ། ཇི་སྐད་དུ། ཐབས་དང་ཤེས་རབ་མཉམ་སྦྱོར་བ། །བསྒོམ་པ་ཉིད་ནི་རྣལ་འབྱོར་མཆོག །ཕྱག་རྒྱ་ཆེན་པོར་མཉམ་སྦྱོར་བ། །བསྒོམ་པ་རུ་ནི་རྒྱལ་བས་ [175b] [175b.1]བཤད། །ཅེས་པའོ། །ཐབས་དང་ཤེས་རབ་མཉམ་པར་སྦྱོར་བ་བསྒོམ་པ་ཙམ་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་སྔགས་ཀྱི་ཚུལ་དག་ཐ་དད་མེ་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་སྔགས་པ་དག་གོ། །སྦྱིན་པ་ལ་སོགས་པའི་བྱ་བའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ [175b.2]དམན་པ་མ་ཡིན་ཏེ། དབང་པོ་རབ་ཀྱི་དེའི་ཡང་སྦྱིན་པ་ལ་སོགས་པའི་སེམས་ཙམ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། འབྲས་བུར་བཅས་པའི་ནོར་ཐམས་ཅད། །སྐྱེ་བོ་ཀུན་ལ་བཏང་སེམས་པ། །དེ་ཕྱིར་སེམས་ཉིད་དེ་ཉིད་ནི། །སྦྱིན་པའི་ཕ་རོལ་ཕྱིན་པར་བཤད། །ཅེས་པའོ། །ཡང་ནི་མིག་ནི་རྒྱས་གྱུར་པས། །ཞེས་བྱ་བ་ནི་དེ་བཞིན་ [175b.3]ཉིད་ཀྱི་རང་བཞིན་ཆོས་ཐམས་ཅད་རྟོགས་པའི་མིག་འབྲུ་ཚུགས་སོ། །དེ་སྐད་དུ། སྟོང་པ་ཉིད་ཀྱིས་སྟོང་པ་ལྟར། མིག་ནི་འབྲུ་ཚུགས་བྱེད་པར་འགྱུར། །མགོ་ནི་དམའ་བར་བྱེད་པ་དང་། །སེམས་དང་སེམས་བྱུང་བརླན་པར་བྱེད། །ཅེས་པའོ། །སེང་གེ་ཇི་བཞིན་ཞེས་བྱ་བ་ནི་སེང་གེ་བཞིན་དུའོ། །ཀུན་དུ་ཞེས་བྱ་བ་ནི་ཐམས་ [175b.4]ཅད་དུ་འཇིགས་པ་མེད་པའོ། །རྗེས་སུ་རྣལ་འབྱོར་པ་རྒྱུ་བར་བྱ་ཞེས་བྱ་བ་ནི། སྤྱོད་ལམ་རྣམ་བཞིར་སྤྱོད་པས་རྒྱུ་བར་བྱའོ། །དེ་སྐད་དུ། ལུས་ཀྱི་ལས་ནི་སྤྱོད་ལམ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །དེ་སྐད་དུ། བཅོམ་ལྡན་འདས་ཀྱིས། བརྒྱ་བྱིན་དང་མཚུངས་ལྷ་མིན་ཡང་། །མདུན་ན་ངེས་པར་གནས་གྱུར་ཀྱང་། །དེ་ལ་ [175b.5]འཇིགས་པར་མི་བྱ་སྟེ། །སེང་གེའི་ཚུལ་དུ་རྒྱུ་བར་བྱ། །ཞེས་པའོ། །སླར་ཡང་དེ་ཉིད་ཀྱི་སྤྱོད་པ། །འཇིག་རྟེན་ཆོས་ལས་རྣམ་ལོག་འདིས། །སྨྱོན་པའི་བརྟུལ་ཞུགས་ལ་བརྟེན་ནས། །དམིགས་པ་མེད་པས་ཐམས་ཅད་བྱེད། །རང་བྱིན་བརླབས་པས་རྣམ་བརྒྱན་པའོ། །ཞེས་བྱ་བ་སྨྲས་ཏེ། འཇིག་པས་ན་འཇིག་རྟེན་ཏེ་ཕུང་པོ་ [175b.6]ལྔའོ། །དེའི་ཆོས་ནི་རང་བཞིན་ནོ།། །དེ་ལས་རྣམ་པར་ལོག་པ་ནི་ཤིན་ཏུ་འདས་པའོ། །རང་བཞིན་དམན་པ་དེ་ཉིད་ཀྱིས་ཉི་ཚེ་བའི་བདེ་བ་དང་སྡུག་བསྔལ་དང་རྙེད་པ་དང་མ་རྙེད་པ་དང་གྲགས་པ་དང་མ་གྲགས་པ་དང་བསྟོད་པ་དང་སྨད་པ་ཞེས་བྱ་བ་འཇིག་རྟེན་པའི་ཆོས་ཀྱང་ཤིན་ཏུ་འདས་པ་ཡིན་ནོ། །དེ་སྐད་དུ། གང་འདིར་ [175b.7]འཇིག་རྟེན་ལ་བརྟེན་ནས། །ཕུང་པོ་འཇིག་རྟེན་ངས་བཤད་དོ། །གང་འདིར་བརྟན་པར་བྱས་པ་ཡིས། །འཇིག་རྟེན་ཆོས་ལས་རྣམ་པར་གྲོལ། །བྱང་ཆུབ་སེམས་དཔའ་མཁས་པ་གང་། །འཇིག་རྟེན་རང་བཞིན་ཤེས་པ་ཉིད། །ཕུང་པོ་ཉིད་ཀྱང་ཡང་དག་བསྟན། །འཇིག་རྟེན་ཆོས་དང་མི་ལྡན་པས། །རྙེད་པ་དང་ནི་མ་རྙེད་པ། །དེ་བཞིན་ [176a] [176a.1]གྲགས་དང་མ་གྲགས་པ། །བསྟོད་དང་སྨད་དང་བདེ་དང་སྡུག །འཇིག་རྟེན་རྣམས་ཀྱིས་མི་གཡོས་སོ། །དེ་ནི་དེར་བསྟན་ཤེས་རབ་ཆེ། །འཇིག་རྟེན་པ་ཡི་ཆོས་མཁས་པ། །འཇིག་རྟེན་པ་ཡིས་འཇིགས་པར་མཐོང་། །འདིས་ནི་གཡོ་བར་ཡང་མི་འགྱུར། །འཇིག་རྟེན་གཉིས་ལས་ཀུན་དུ་བྱུང་། །ཕྱིན་ [176a.2]ཅི་ལོག་ལ་ཀུན་དུ་གནས། །དེ་ལས་འཇིག་རྟེན་འགྲོ་ཤེས་ཉིད། །མཁས་པས་འགྲོ་བ་འགྲོ་བར་འགྱུར། །འགྲོ་བ་དྲུག་གི་འཇིག་རྟེན་དག །འགྲོ་བ་དེ་འདིར་རྣམ་ཤེས་བྱ། །དེ་ཡིས་འཇིག་རྟེན་འགྲོ་བ་ཐོབ། །མི་བདེན་སྐྱེ་བོ་འགྲོ་བ་གང་། །དཔའ་བོ་དེ་ནི་འཇིག་རྟེན་རྒྱུ། །གང་གིས་མི་གོས་པདྨ་བཞིན། །འཇིག་རྟེན་པ་ཡང་ཉམས་མི་ [176a.3]འགྱུར། །ཆོས་དབྱིངས་གང་ཕྱིར་ལེགས་པར་གནས། །འཇིག་རྟེན་ཆོས་རྣམས་མི་ཤེས་པ། །དེ་ཉིད་འཇིག་རྟེན་ལ་སྤྱོད་དོ། །དེ་ཉིད་ལ་ནི་བློ་ལྡན་སྤྱོད། །འཇིག་རྟེན་མཚན་ཉིད་མེད་པར་ཤེས། །འཇིག་རྟེན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །དེས་ན་དེ་རྣམས་འགྲོ་བར་ཤེས། །འཇིག་རྟེན་ཆོས་ཀྱིས་མི་ [176a.4]གོས་སོ། །ཇི་ལྟར་འཇིག་རྟེན་རབ་ཤེས་པ། །དེ་ལྟར་སྲོག་ཆགས་རྣམས་ལ་འཚེ། །འཇིག་རྟེན་པ་ཡང་མི་ཉམས་པར། །ཆོས་རྣམས་ཀྱི་ནི་རང་བཞིན་ཤེས། །འཇིག་རྟེན་ཆོས་ནི་འདི་ཉིད་ལ། །ཕུང་པོའི་རང་བཞིན་ཡོད་མ་ཡིན། །གང་ཞིག་དེ་ལྟར་རབ་ཤེས་ན། །དེ་རྣམས་འཇིག་རྟེན་དག་ཏུ་གནས། །གང་གིས་ཕུང་པོ་ཡོད་ཤེས་ན། ། [176a.5]མ་སྐྱེས་པ་ཡང་མི་འབྱུང་བའོ། །འཇིག་རྟེན་དེ་ཡང་སྤྱོད་པ་ཡིས། །འཇིག་རྟེན་ལ་ཡང་མི་བརྟེན་ནོ། །འཇིག་རྟེན་ཆོས་ནི་མི་ཤེས་པའི། །མི་མཁས་པ་ནི་རྩོད་པར་བྱེད། །འདི་དག་བདེན་པ་འམ་བརྫུན་པ་མིན། །གང་གིས་གཉིས་མེད་མིང་གིས་གནས། །རྩོད་པ་འདི་ནི་ཡོད་མ་ཡིན། །དེ་བཞིན་འཇིག་རྟེན་པ་ཡི་ཆོས། །ང་ཡིས་ཤེས་ [176a.6]ནས་ཡང་དག་བསྟན། །གང་ལ་རྩོད་པ་མེད་པའི་མཆོག །གང་ཕྱིར་ཆོས་ནི་སངས་རྒྱས་བསྟན། །འཇིག་རྟེན་མཉམ་པ་ཉིད་ཤེས་ན། །འདི་ལ་བརྫུན་མེད་བདེན་པའང་མེད། །བདེན་པའམ་གལ་ཏེ་བརྫུན་པའམ། །གལ་ཏེ་བརྟན་པ་ཐོབ་པ་ན། །ང་ཡི་མཐའ་རུ་འཛིན་པར་འགྱུར། །མུ་སྟེགས་དང་ནི་ཁྱད་པར་མེད། །ཇི་བཞིན་ཆོས་ནི་ [176a.7]འབྱུང་བའི་དོན། །དེ་བཞིན་བདེན་དང་བརྫུན་པ་མིན། །དེ་ཕྱིར་འཇིག་རྟེན་པ་ཡི་ཆོས། །གང་ཕྱིར་ང་ཡིས་གཉིས་མེད་བསྟན། །གང་གིས་འཇིག་རྟེན་འདི་ཤེས་པ། །ཇི་བཞིན་འཇིག་རྟེན་འདི་ཡི་ཆོས། །དེ་ནི་བདེན་དང་བརྫུན་པ་ཡིས། །མཁས་པས་ལྟ་བ་མི་ལེན་ཏོ། །ཞེས་པའོ། །སྨྱོན་པའི་བརྟུལ་ཞུགས་ནི་ཡིད་ཀྱི་བསམ་པ་མེད་ [176b] [176b.1]པར་བྱེད་པ་ཉིད་དོ། །དེ་ལ་བརྟེན་པའོ། །དེ་སྐད་དུ། འགྲོ་བ་བསམ་པ་མེད་པར་འགྲོ་སྟེ། བགེགས་དང་བྲལ་བ་ལ་འཇུག་པ་ཡོངས་སུ་ངལ་བ་མེད་པས་ངལ་སོས་བས་སྐྱེ་བོ་ཡོངས་ཀྱི་གནས་རྣམས་སྤྲུལ་པ་མེད་དེ། འདོད་པ་དང་མི་ལྡན་པ་ལ་འཇུག་པ་རྣམས་ལ་འགྲོ་བ་དང་འོང་བ་རྣམས་གུས་པ་ནི་ལྷའི་བུ་བཞིན་དུ་ [176b.2]གྱུར་ཏེ་རོལ་བས་འཁོར་བར་སྤྱོད་ཅེས་བྱའོ། །ཐམས་ཅད་བྱེད་ཅེས་པ་ནི་འཇིག་རྟེན་པའི་ཆོས་ལས་ཤིན་ཏུ་འདས་པས་ཡང་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ། །ཡང་དེ་ཉིད་འཇིག་རྟེན་ལས་ལ་སྤྱོད་པའོ། །བཟའ་བ་ལ་སོགས་པ་དང་སྐྱེ་བ་ཡོངས་སུ་འཛིན་པ་ལ་སོགས་པ་རྣམས་བསྟན་པའི་རིགས་པས་བྱེད་པའོ། ། [176b.3]དམིགས་པ་མེད་པས་ཞེས་བྱ་བ་ནི་དངོས་པོའི་དེ་ཁོ་ན་ཉིད་ཡོད་པ་དང་མེད་པ་ལ་སོགས་པའི་དམིགས་པ་མེད་པས་དུས་ཐམས་ཅད་དུ་རང་རིག་པའི་བདག་ཉིད་ནི་དམིགས་པ་མེད་པ་སྟེ། རང་རིག་པ་ཡང་མ་སྐྱེས་པའི་ཕྱིར་རོ། །དེ་སྐད་དུ། མ་སྐྱེས་པ་ཉིད་བློ་ཡི་གང་སྐྱེས་སྐྱེ་བ་དང་བྲལ་ཏེ། །ཞེས་པའོ། །རང་བྱིན་ [176b.4]བརླབས་པས་རྣམ་བརྒྱན་པའོ། །ཞེས་བྱ་བ་ནི་རང་ཉིད་གཉུག་མའི་དེ་ཁོ་ན་ཉིད་དེ་བཞིན་ཉིད་ཀྱི་བདག་ཉིད་རྣལ་འབྱོར་པའི་སེམས་ཀྱི་རྒྱུན་དེའི་བདག་ཉིད་དུ་བྱིན་གྱིས་བརླབས་པའོ། །དེ་བཞིན་ཉིད་ཀྱི་རང་བཞིན་ལས་འཕྲོ་བའི་རང་བཞིན་གྱིས་བརྒྱན་པ་ནི་རྒྱན་ནོ། །དེ་ལྟར་ན་དེ་ཉིད་ཀྱིས་འཇིག་རྟེན་ཆོས་ལས་རྣམ་ [176b.5]ལོག་ཅེས་བྱ་བ་ལ་སོགས་པ་ལས་ཁྱད་པར་བྱས་པའི་ཕྱིར་རོ། །འོན་ཀྱང་བདག་ཉིད་ཆེན་པོ་སྦྱོར་བར་བྱའོ། །ད་ནི་སྐབས་སུ་བབ་པའི་དོན་ཉེ་བར་སྡུད་པའི་ཕྱིར། རྙོག་མེད་དེ་ཉིད་གང་བསྟན་ཅིང་། །གཉིས་སུ་མེད་པས་གང་སྨྲས་པ། །མཉམ་དང་མི་མཉམ་སྤངས་པའོ། །བློ་གཏེར་རྣམས་ཀྱིས་ཤེས་བྱར་རིགས། ། [176b.6]ཞེས་བྱ་བ་སྨྲས་ཏེ། དེ་ཁོ་ན་ཉིད་ངེས་པར་རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར་རྙོག་པ་མེད་པ་ཉིད་ཀྱི་ཆོས་རྣམས་ཀྱི་དངོས་པོའི་བདག་ཉིད་དེ། དེ་ཡང་ཐབས་དང་ཤེས་རབ་ཐ་མི་དད་པའི་ཕྱིར་གཉིས་སུ་མེད་པའོ། །འདིར་གཞུང་མཁན་པོའི་མིང་གིས་ཕྱོགས་གཅིག་བསྟན་པས་ནི་རང་གི་མིང་གིས་གཞུང་མཚོན་པའོ། །དེ་ [176b.7]ལྟ་བུར་གྱུར་པའི་ཡང་འདིར་དེ་ཁོ་ན་ཉིད་ཀྱི་སྙིང་པོར་གྱུར་པ་ཉིད་བསྟན་པའོ། །དེའི་ཕྱིར་མཉམ་པ་དང་མི་མཉམ་པ་སྤངས་ཏེ། མྱ་ངན་ལས་འདས་པར་འཛིན་པ་དང་འཁོར་བར་འཛིན་པ་བཏང་བའོ། །བློ་གཏེར་རྣམས་ཀྱིས་ཤེས་བྱར་རིགས། །ཞེས་པ་ནི་མཁས་པ་རྣམས་ཀྱིས་ཏེ། །གཞན་དག་གི་སྤྱོད་ཡུལ་མ་ཡིན་ [177a] [177a.1]པའི་ཕྱིར་རོ། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུང་རབ་ལས་སོ། །མཁས་པས་ཡང་འདིར་དཔྱོད་པ་ངེས་ཀྱང་དམ་པའི་ཆོས་ཀྱི་རྗེས་སུ་འགྲོ་བས་རབ་ཏུ་ [177a.2]འཛིན་པར་བསྟན་ཏོ། །ཡང་རྟོག་གེ་སྐམ་པོ་འབའ་ཞིག་བྱིས་བའི་དམིགས་པ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་ཤེས་པའི་སྐལ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཡང་འདིར་རྟོག་གེ་ངན་པས་ཞེས་བྱ་བར་བསྟན་ཏོ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས། རང་བཞིན་མ་ཡིན་བརྟགས་པ་མིན། །དངོས་པོ་མ་ཡིན་ཀུན་གཞི་མིན། ། [177a.3]གང་ལ་བྱིས་པའི་རྟོག་པས་བརྟགས། །རྟོག་གེ་ངན་པ་རོ་དང་འདྲ། །ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་རྟོག་གེའི་སྤྱོད་ཡུལ་ཡང་མ་ཡིན་ནོ། །རྟོག་གེ་སྐམ་པོ་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་བཅུ་པའི་རྒྱ་ཆེར་བཤད་པ་པཎྜི་ཏ་ཆེན་པོ་སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ་ [177a.4]རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་ལས་མཉན་ཏེ། སླད་ཀྱིས་པཎྜི་ཏ་ཀཱ་ལྱ་ན་ཝརྨ་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཛྙཱ་ན་ཨཱ་ཀ་ར་མཚུར་གྱིས་བསྒྱུར་བའོ།། །།གཞུང་ཉུང་དོན་མང་རྒྱ་ཆེ་རབ་ཟབ་མགོན་པོའི་གཞུང་། །སྙིང་པོ་ལེན་ལ་གཞུང་མང་སྦུན་པས་ཅི་ཞིག་བྱ། །རྡོ་ཡི་རང་བཞིན་མཆིང་ [177a.5]བུ་ཡིན་ཏེ་རིན་ཐང་ཆུང་། །རིན་ཆེན་དབྱིག་གི་སྙིང་པོ་ཆུང་ཡང་རིན་ཐང་ཆེ། །གླེན་པ་བློ་གྲོས་ཞན་པས་སྙིང་པོ་ལན་མི་ནུས། །གཞུང་མང་སྤྲོས་ལ་དགའ་ཞིང་གཞུང་མང་དོན་དུ་གཉེར། །སྙིང་པོའི་དོན་ལ་སྐྱོན་བརྗོད་ལོག་པའི་ལམ་ལ་ཞུགས། །ཉོན་མོངས་སྙིང་རེ་རྗེ་ལ་ཁོ་བོས་ཅི་བྱར་ཡོད། །ལེགས་སྦྱར་སྒྲ་ཡི་འགྲེལ་པ་བོད་ [177a.6]སྐད་ལ་མེད་ཕྱིར། །སྒྲ་དང་དོན་མི་འགལ་བར་བསྒྱུར་བ་ཤིན་ཏུ་དཀའ། །བླ་མ་རྡོ་རྗེའི་སྤྱན་སྔར་ཡུན་རིང་སྦྱངས་པ་ཡི། །ཤཱཀྱའི་དགེ་སློང་ཛྙཱ་ན་ཨཱ་ཀར་མཚུར་གྱིས་བསྒྱུར། །ལོག་པའི་ང་རྒྱལ་ལྡན་ཞིང་སྡང་བར་ཞུགས་པ་རྣམས། །བསྒྱུར་ལ་སྨོད་པར་བྱེད་ཅིང་ཕྱར་ཀ་སྒྲོགས་པ་ནི། །འདི་ལ་མ་བརྟེན་རང་གིས་ལོགས་ [177a.7]ཤིག་སྒྱུར། །འདི་ལས་འཆོས་ཤིང་བསྒྱུར་ན་བསམ་ངན་ཁྱེད་རང་ཤེས། །བདག་གིས་ལྷག་པའི་བསམ་པ་རྣམ་པར་དག་པས་བསྒྱུར། །རྣམ་དག་ལས་བྱུང་བསོད་ནམས་དྲི་མེད་བསགས་པ་དེས། །འཇིག་རྟེན་མཐའ་དག་འཁྲུལ་པ་རྣམ་སྤངས་སྙིང་པོའི་དོན། །ཟུང་འཇུག་དབུ་མའི་དོན་ནི་ཡང་དག་རྟོགས་པར་ཤོག། །། [177b] [177b.1]{T2255}༄༅༅། །རྒྱ་གར་སྐད་དུ། བཛྲ་པ་ད་ནཱ་མ། བོད་སྐད་དུ། རྡོ་རྗེའི་ཚིག་ཅེས་བྱ་བ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དངོས་པོ་ཀུན་གྱིས་བདག་གུས་པས། །དང་པོ་བླ་མ་མཆོག་ཕྱག་འཚལ། །སླར་ཡང་རི་ཁྲོད་པ་དེ་བཞིན། །དགྱེས་པའི་རྡོ་རྗེ་མ་རྒྱུད་དུ། །དེ་བཞིན་གཤེགས་པས་སྤངས་པ་གང་། །རྣམ་ [177b.2]བཤད་ཕྱག་ན་རིགས་ལྡན་པས། །ལས་ཀྱི་ཕྱག་རྒྱ་སོགས་སྒྲུབ་ཐབས། །སློབ་མ་ཡིས་ནི་རྟོགས་ཕྱིར་བྲི། །སངས་རྒྱས་ཀུན་བདག་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཡང་དག་དབང་བསྐུར་ཞེས་བྱ་བ། །གཅིག་པུའི་རྣམ་པ་བདེ་ཆེན་པོ། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བ་མཆོག་ནི་གཉིས་པ་ [177b.3]ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དེ་ལས་དགའ་བ་སྐྱེ་བར་འགྱུར། །སྐད་ཅིག་དབྱེ་བ་ཐ་དད་པས། །སྐད་ཅིག་ཡེ་ཤེས་བདེ་ཡེ་ཤེས། ། [177b.4]ཨེ་ཝཾ་རྣམ་པར་རབ་ཏུ་གནས། །རྣམ་པ་སྣ་ཚོགས་རྣམ་པར་སྨིན། །རྣམ་ཉེད་དེ་ནི་མཚན་ཉིད་བྲལ། །སྐད་ཅིག་མ་བཞི་ཡང་དག་རྟོགས། །འདི་ལྟར་རྣལ་འབྱོར་མས་ནི་ཤེས། །སྣ་ཚོགས་རྣམ་པ་སྣ་ཚོགས་བརྗོད། །འཁྱུད་དང་འོ་བྱེད་ལ་སོགས་པ། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་ [177b.5]བའོ། །རྣམ་པར་ཉེད་པ་དཔྱོད་པར་བརྗོད། །བདག་གིས་བདེ་བ་སྤྱད་དོ་ཞེས། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །དང་པོར་དགའ་བ་རྣམ་སྣ་ཚོགས། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་བྲལ་དགའ་བ་རྣམ་པར་ཉེད། །ལྷན་ཅིག་སྐྱེས་དགའ་མཚན་ [177b.6]ཉིད་བྲལ། །དགའ་བ་དང་པོ་འགྲོ་བ་ཉིད། །མཆོག་ཏུ་དགའ་བའང་འགྲོ་བ་ཉིད། །དགའ་བྲལ་དགའ་བ་འགྲོ་བ་ཉིད། །ལྷན་ཅིག་སྐྱེས་པ་གསུམ་མི་དམིགས། །པདྨའི་ནམ་མཁའ་རྡོ་རྗེ་ཟེའུ་འབྲུ་དག །རྡོ་རྗེ་སྐྱིལ་ཀྲུང་གིས་མནན་གནས་དག་ཏུ། །སེམས་ནི་ནོར་བུའི་ནང་དུ་ཆུད་པས་བལྟ། །ཡེ་ཤེས་གང་སྐྱེས་ཡེ་ཤེས་བརྗོད་ [177b.7]མེད་གཟུགས། །ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་གཉིས་ཀྱིས་དམ་འཁྱུད་ནས། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་དབང་དུ་བཞེད་པ་ཡིན། །སློབ་དཔོན་གསང་བ་ཤེས་རབ་དང་། །དེ་ལྟར་དེ་བཞིན་བཞི་པ་ཡང་། །དབང་བཞི་ཡི་ནི་གྲངས་ཀྱིས་ཀྱང་། །དགའ་བ་ལ་སོགས་རིམ་བཞིན་ཤེས། །དགོད་པའི་ [178a] [178a.1]དགའ་བ་སློབ་དཔོན་ཏེ། །ལྟ་བ་དེ་བཞིན་གསང་བའི་དབང་། །འཁྱུད་པ་ཤེས་རབ་ཡེ་ཤེས་ཏེ། །དེ་ཡང་གཉིས་ཀྱིས་གཉིས་སྤྲོད་རྒྱུད། །སེམས་ཅན་རྣམས་ཀྱི་དངོས་གྲུབ་འགྱུར། །དབང་བསྐུར་རྣམ་པ་བཞི་རུ་བཤད། །བླུགས་ཤིང་བཀྲུས་པ་འདི་ཡིས་ནི། །དབང་བསྐུར་ཞེས་བྱ་མངོན་པར་བརྗོད། །སྣ་ [178a.2]ཚོགས་སྤང་བའི་སྐད་ཅིག་ལ། །མཆོག་ཏུ་དགའ་བ་ཡང་དག་རྙེད། །སྟོན་པས་བཀའ་སྩལ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་ཡང་དག་གཟུགས། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །སེམས་ཅན་དོན་གྱི་རྡོ་རྗེ་འཛིན། །འདི་དེ་ཉིད་ཀྱིས་ཡེ་ཤེས་ཆེ། །ལུས་ཀུན་ལ་ནི་རྣམ་པར་གནས། །བྱང་ཆུབ་སེམས་ནི་ཟླ་བར་གྱུར། ། [178a.3]བཅོ་ལྔའི་ཆའི་བདག་ཉིད་ཅན། །ཨཱ་ལིའི་གཟུགས་ཀྱིས་བདེ་ཆེན་པོ། །རྣལ་འབྱོར་མ་ནི་དེ་ཡི་ཆ། །དོན་གྱི་བྱ་བ་མི་བྱེད་ཕྱིར། །ཐམས་ཅད་མཐའ་ནི་འབད་པས་སྤངས། །བཅུ་དྲུག་གི་ནི་ཆ་མ་ཡིན། །ལྷན་ཅིག་སྐྱེས་པའི་ངོ་བོ་གང་། །དགའ་བྲལ་དང་པོ་མཆོག་གི་མཐའ། །སྟོང་ལས་སྟོང་ཉིད་ཧེ་རུ་ཀ །ཤྲཱི་ནི་གཉིས་ [178a.4]མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པའོ། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པ། །ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །འདི་ནི་གཅིག་དང་དུ་མ་བྲལ། །སྐད་ཅིག་གཅིག་ལ་མཆོག་ཏུ་དགའ། །གཉིས་སུ་མེད་དང་གཉིས་ཀྱི་ཚུལ། །དངོས་དང་དངོས་མེད་ [178a.5]བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་སྟེ་གནས། །སྒྱུ་མའི་གཟུགས་ནི་ཉིད་དུ་སྣང་། །དཀྱིལ་འཁོར་འཁོར་ལོ་སོགས་ཐབས་དང་། །དེ་ནི་རྟག་ཏུ་ངེས་པར་གྲོལ། །དཀྱིལ་ནི་སྙིང་པོར་བརྗོད་པ་སྟེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོར། །ལེན་པར་བྱེད་པས་དཀྱིལ་འཁོར་ཏེ། །འདུས་པས་དཀྱིལ་འཁོར་དུ་ནི་བཤད། །འཁོར་ལོའི་ [178a.6]ཚོགས་ནི་ནམ་མཁའི་ཁམས། །ཡུལ་ལ་སོགས་པ་རྣམ་སྤྱོད་པའོ། །རྡོ་རྗེ་པདྨ་སྦྱོར་བའི་ཐབས། །དེ་ཡི་བདེ་བ་རྟོགས་པར་བྱེད། །ནམ་མཁའི་ཁམས་སུ་བྷ་ག་བསམ། །དབུས་སུ་བསྒོམ་པར་བྱ་བ་ནི། །འཁོར་ལོ་སྔོན་འགྲོ་ཚུལ་ཇི་བཞིན། །ལྷ་རྣམས་ཇི་ལྟར་འབྱུང་བ་བསམ། །མཁའ་དབྱིངས་ཞེས་བྱའི་པདྨ་ལ། །བྷ་ག་འདིར་ནི་ [178a.7]ཡེ་ཤེས་བརྗོད། །བསྒོམས་པ་འདིར་ནི་སྙོམས་འཇུག་པ། །དེ་ཡི་བདེ་བ་འཁོར་ལོར་བརྗོད། །ཕྱག་རྒྱ་ཆེན་པོ་དབང་བསྐུར་བ། །ཇི་ལྟར་བདེ་བ་ཆེན་པོ་ཡི། །དེ་ཉིད་འདི་ཡི་མཐུ་སྟོབས་ཀྱིས། །དཀྱིལ་འཁོར་གཞན་དུ་མི་འབྱུང་ངོ་། །བདེ་བ་ནག་པོ་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །བདེ་བ་ [178b] [178b.1]རྒྱུ་དང་མི་རྒྱུ་ཀུན། །བདེ་བ་ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུན་དུ་རུ་སྐྱེས་བདེ། །བདེ་བ་དངོས་དང་དངོས་མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་ཆེན་བརྗོད། །དངོས་དང་དངོས་མེད་གཉིས་ཀྱང་ངོ་། །དངོས་པོ་རྟོགས་ཕྱིར་སངས་རྒྱས་པ། །ལེ་ལོས་ཉེ་བར་བཅོམ་པ་དང་། །རྨོངས་པ་རྣམས་ཀྱིས་ང་མི་ཤེས། །རྡོ་རྗེ་ [178b.2]བཙུན་མོའི་བྷ་ག་མཆོག །བདེ་བ་ཅན་ནང་གནས་ཏེ། །ཨེ་ཡི་ཆ་བྱད་ཀྱི་ནི་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འགྲོ་བ་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ལྷན་ཅིག་སྐྱེས་གཞན་རང་བཞིན་ང་། །མཆོག་མཐའ་ [178b.3]བྲལ་བ་དང་པོ་སྟེ། །བོལླ་ཀ་ཀོ་ལ་སྦྱོར་བས། །རེག་པ་ལས་ནི་སྲ་བའི་རྫས། །ས་ནི་དེ་ལས་སྐྱེས་པར་འགྱུར། །བྱང་ཆུབ་སེམས་ནི་ཞུ་བ་ལས། །ཆུ་ཡི་ཁམས་སུ་ཡང་ནི་འབྱུང་། །བསྐྱོད་པ་ལས་ནི་མེ་ཡིན་ཏེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །བདེ་བ་ཡང་ནི་ནམ་མཁའི་ཁམས། །ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། ། [178b.4]དེ་ཕྱིར་བདེ་བ་དེ་ཉིད་མིན། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །ལྷན་ཅིག་སྐྱེས་པའི་ངོ་བོ་གང་། །ལྷན་ཅིག་སྐྱེས་པར་ངེས་པར་བཤད། །ལས་ཀྱི་ཕྱག་རྒྱ་བསྟན་པའོ། །རང་བཞིན་ཉིད་ནི་མ་སྐྱེས་ན། །བདེན་པ་མ་ཡིན་བརྫུན་པ་མིན། །ཐམས་ཅད་ཆུ་ཟླ་ལྟ་བུ་དེ། །རྣལ་འབྱོར་མ་རྣམས་ཤེས་པར་འདོད། །འདི་ལྟ་སྟེ། [178b.5]གཙུབ་གཏན་དང་། གཙུབ་ཤིང་དང་། སྐྱེས་བུའི་ལག་པ་བསྐྱོད་པ་ལས་གློ་བུར་དུ་མེ་མངོན་སུམ་དུ་འབྱུང་སྟེ། མེ་དེ་ནི་གཙུབ་ཤིང་ལ་ཡང་མི་གནས། གཙུབ་གཏན་ལ་ཡང་མེད། སྐྱེས་བུའི་ལག་པ་ལ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་ལ་ཡང་གནས་པ་མེད་དོ། །མེ་དེ་ཡང་བདེན་པ་ཡང་ [178b.6]མ་ཡིན་བརྫུན་པ་ཡང་མ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་ཡིད་ལ་གྱིས་ཤིག །དེ་ལྟར་འཁོར་བ་དེ་ཉིད་དོ། །འཁོར་བ་མ་རྟོགས་གཞན་དུ་ནི། །མྱ་ངན་འདས་པ་མི་ཤེས་སོ། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་ཏེ། །འཁོར་བ་དབང་པོ་རྣམས་ཉིད་དོ། །འཁོར་བ་ཞེ་སྡང་ལ་སོགས་པ། ། [178b.7]ཆོས་འདི་དག་ནི་མྱ་ངན་འདས། །རྨོངས་པས་འཁོར་བའི་གཟུགས་ཅན་ཉིད། །འཁོར་བ་གཏི་མུག་མེད་པ་དག །བྱང་ཆུབ་སེམས་ནི་མྱ་ངན་འདས། །དོན་དམ་ཀུན་རྫོབ་རང་བཞིན་ནོ། །འདོད་ཆགས་ཞེ་སྡང་མེད་ཅིང་གཏི་མུག་མེད། །ཕྲག་དོག་མེད་ཅིང་སེར་སྣ་མེད། །ང་རྒྱལ་མེད་ཅིང་ལྟ་བ་མེད། །སྒོམ་པ་པོ་དང་བསྒོམ་ [179a] [179a.1]པ་མེད། །སྣ་ཚོགས་ལྷན་ཅིག་སྐྱེས་པ་རླབས་བྲལ་བ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཐམས་ཅད་གཅིག་པའི་སྡོམ་པ་ནི། །རྣལ་འབྱོར་སྙིང་རྗེའི་ཐབས་སུ་འགྱུར། །ཕྱག་རྒྱ་རྒྱུ་དང་རྣམ་པར་བྲལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བརྗོད། །ཆོས་ཀྱི་ཕྱག་རྒྱ་བསྟན་པའོ། །སྔགས་ [179a.2]བཟླས་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། །དཀྱིལ་འཁོར་མེད་ཅིང་དཀྱིལ་འཁོར་བ་ཡང་མེད། །དེ་ནི་སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་ཡིན། །དེ་ནི་དཀྱིལ་འཁོར་བ་དང་དཀྱིལ་འཁོར་ཉིད། །མཉམ་པ་ཉིད་དུ་སེམས་ནི་འདུས་པའི་རང་བཞིན་ནོ། །དམ་པའི་དགའ་བ་དངོས་དང་དངོས་མེད་དངོས་པོར་ལྡན་པ་ [179a.3]མེད། །ལུས་པོ་མེད་ཅིང་གཟུང་བ་མེད་དང་འཛིན་པ་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤང་དང་གཅི་བ་མེད། །མི་གཙང་བ་དང་རྨོངས་མེད་གཙང་ས་དག་པ་མེད། །རང་བཞིན་གཟུགས་མེད་ལྟ་བ་མེད། །སྒྲ་མེད་པས་ན་ཉན་པ་མེད། །དྲི་ཡང་མེད་ཅིང་སྣོམ་པ་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་བྱ་མེད་ཅིང་རེག་པ་ [179a.4]མེད། །སེམས་མེད་སེམས་ལས་བྱུང་བ་མེད། །དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །སླར་ཡང་དེ་བཞིན་ཉིད་གཤེགས་པའོ། །ཤེས་རབ་རིགས་པ་འདི་ཡིས་ནི། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །སྒོམ་པ་པོ་དང་བསྒོམ་བྱ་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་དང་བྲལ་བའི་རང་བཞིན་དུ། ། [179a.5]སྔགས་དང་ལྷ་དག་གནས་པ་དག །རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་འཁོར་འདས་སྙིང་སྟོབས་ཅན། །ཚངས་པ་ཁྱབ་འཇུག་ཞི་བ་ཀུན། །རྣམ་པར་སད་དང་དེ་བཞིན་བརྗོད། །ཚངས་པ་མྱ་ངན་འདས་སངས་རྒྱས། །འཇུག་པས་ཁྱབ་འཇུག་ཉིད་དུ་བརྗོད། །རྟག་ཏུ་དགེ་བས་ཞི་བ་སྟེ། །ཐམས་ཅད་བདག་ཉིད་ [179a.6]གནས་པ་ཀུན། །རང་རིག་པ་ཡི་ཡེ་ཤེས་འདི། །ངག་གི་སྤྱོད་ཡུལ་ལམ་ལས་འདས། །བྱིན་གྱིས་བརླབས་པའི་རིག་པ་གང་། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཇི་ལྟར་པ་ལས་བདེ་ཐོབ་པ། །དེ་ཡི་བདེ་བ་རང་གིས་སྤྱོད། །གང་ཕྱིར་འཆི་བའི་བདེ་བ་འདི། །དེ་ཡི་བདེ་བ་བསམ་གཏན་བརྗོད། །སེམས་ཅན་ [179a.7]སངས་རྒྱས་གཅིག་པ་ལས། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་དག་སྤངས་ལ་ལྷ་ཉིད་ཀྱིས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དེ་ལྟར་དེ་ཉིད་བདེན་བརྫུན་མིན། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་ལས་ཀྱང་ནི་རྙེད་མི་འགྱུར། །བླ་མའི་དུས་ཐབས་བསྟེན་པ་ལས། །རང་གིས་ཤེས་བྱ་བསོད་ནམས་ [179b] [179b.1]ཀྱིས། །ཕྱག་རྒྱ་ཆེན་པོ་བསྟན་པའོ། །མི་ཤེས་པ་ཡི་འཇིག་རྟེན་གང་། །བཙན་དུག་ཟོས་པས་བརྒྱལ་བར་འགྱུར། །གཏི་མུག་རྣམ་སྤངས་དེ་ཉིད་ཤེས། །དེ་ཡིས་མྱ་ངན་ཡོངས་གཅོད་འགྱུར། །དེ་བཞིན་ཐར་པའི་ཐབས་ཤེས་པ། །དགྱེས་པ་རྡོ་རྗེ་ཤེས་བྱས་ནས། །མ་རིག་སོགས་པས་གཟུང་མི་ནུས། །གཏི་མུག་ལ་སོགས་ [179b.2]ཀྱིས་མི་འཆིང་། །རང་རིག་གིས་ནི་ཡང་དག་རྟོག །སངས་རྒྱས་མ་ཡིན་སེམས་ཅན་མེད། །དམྱལ་བ་ཡི་དགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་གཅིའི་སྲིན་བུ་ལ་སོགས་པ། །རྟག་ཏུ་བདེ་བའི་རང་བཞིན་ལས། །ལྷ་དང་ལྷ་མ་ཡིན་གྱིས་ཀྱང་། །དེ་ལྟར་བདེ་བ་མི་ཤེས་སོ། །འཇིག་རྟེན་ཁམས་ནི་གང་ [179b.3]ནས་ཀྱང་། །གཞན་དུ་སངས་རྒྱས་མི་རྙེད་དེ། །སེམས་ཉིད་རྫོགས་པའི་སངས་རྒྱས་ཡིན། །སངས་རྒྱས་གཞན་དུ་བསྟན་དུ་མེད། །གདོལ་པ་སྨྱིག་མཁན་ལ་སོགས་པ། །གསོད་པ་དོན་དུ་སེམས་པ་རྣམས། །དེ་ཡང་དགྱེས་རྡོར་རྗེ་ཤེས་ན། །འགྲུབ་སྟེ་འདི་ལ་ཐེ་ཚོམ་མེད། །བྱིས་པ་མི་ཤེས་པས་བསྒྲིབས་པས། །བགྲོད་ [179b.4]པ་འདི་མི་ཤེས་པ་ཡིན། །རྨོངས་པ་དེ་ནི་འཁོར་བ་སྟེ། །འགྲོ་དྲུག་སྲིད་པའི་བཙོན་རར་ཆུད། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དགྱེས་པའི་རྡོ་རྗེའི་ཐབས་རྙེད་པ། །གང་ཞིག་ཡུལ་རྣམས་རྣམ་སྦྱོང་བ། །བླ་མེད་གོ་འཕང་ཐོབ་པར་འགྱུར། །དངོས་པོའི་འཆིང་བས་བཅིངས་བ་ནི། །དེ་ཡོངས་ཤེས་བས་གྲོལ་བར་འགྱུར། །དངོས་པོ་མེད་པ་ [179b.5]ཡོངས་ཤེས་པས། །དངོས་པོ་བསྒོམ་མེད་ཤེས་རབ་ཅན། །དངོས་པོ་བསྒོམ་པ་ཡོངས་ཤེས་བྱ། །དེ་ལྟར་ཧེ་རུ་ཀ་བསྒོམ་པ། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ཡིན། །མཁའ་ [179b.6]མཉམ་དེ་ཡི་ཐབས་དང་ལྡན། །དེ་ལས་འཇིག་རྟེན་གསུམ་པོ་སྐྱེད། །ཐབས་དང་ཤེས་རབ་རང་བཞིན་ཏེ། །དམན་དང་འབྲིང་པོ་མཆོག་དང་ནི། །གཞན་རྣམས་གང་རྣམས་དེ་རྣམས་ནི། །དེ་དག་ཐམས་ཅད་མཉམ་ཉིད་དུ། །དེ་ཉིད་བསྒོམ་པས་བལྟ་བར་བྱ། །དམན་པ་ཕྲ་བའི་དངོས་པོ་སྟེ། །མཆོག་ནི་སྲིད་པར་བརྗོད་པ་ [179b.7]ཡིན། །འབྲིང་པོ་གཉིས་ལ་སྤངས་པ་ལས། །གཞན་རྣམས་ཤེས་པའི་དབང་པོ་དྲུག །གང་རྣམས་དེ་རྣམས་གཡོ་དང་བརྟན། །མཉམ་པ་མཚུངས་པའི་རང་བཞིན་ཏེ། །རོ་མཉམ་དེ་ཉིད་བསྒོམ་པར་བྱ། །མཉམ་པ་མཚུངས་པར་བརྗོད་པ་སྟེ། །དེ་ཡི་འཁོར་ལོ་རོར་བཤད་དོ། །རོ་མཉམ་པ་ཡི་ངོ་བོ་རུ། །དོན་ [180a] [180a.1]འདི་ཡིས་ནི་བརྗོད་པ་ཡིན། །འགྲོ་བ་ཐམས་ཅད་ང་ལས་སྐྱེས། །ང་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་དག་ཐམས་ཅད་ཁྱབ། །ང་ལས་གཞན་པའི་འགྲོ་མ་མཐོང་། །དེ་ལྟར་ངེས་ཤེས་རྣལ་འབྱོར་པ། །ཤིན་ཏུ་མཉམ་གཞག་གང་གོམས་ན། །བསོད་ནམས་ཆུང་བའི་མི་ཡིས་ [180a.2]ཀྱང་། །དེ་ཉིད་འགྲུབ་འགྱུར་ཐེ་ཚོམ་མེད། །ཡན་ལག་ཇི་སྙེད་བསྒྱུར་བ་དང་། །རབ་ཏུ་རྒྱས་པར་སྨྲ་བ་རྣམས། །དེ་སྙེད་སྔགས་དང་ཕྱག་རྒྱ་རྣམས། །ཧེ་རུ་ཀ་དཔལ་གོ་འཕང་གནས། །བཟའ་དང་བཏུང་དང་དེ་བཞིན་ཁྲུས། །འགྲོ་བའམ་ཉལ་བས་བསམ་པར་བྱ། །དེ་རྙེད་དེ་ནི་རྒྱུན་མི་འཆད། །ཕྱག་རྒྱ་ [180a.3]ཆེན་པོ་མངོན་འདོད་པ། །གང་ཕྱིར་བརྟན་དང་གཡོ་བའི་དངོས། །རྩྭ་ལྕུག་འཁྲི་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་པར་བསྒོམ། །རང་རིག་པ་ཡིས་བདག་ཉིད་དག །དག་པ་གཞན་གྱིས་རྣམ་མི་གྲོལ། །ཡུལ་རྣམས་དག་པའི་རང་བཞིན་ [180a.4]པས། །རང་རིག་པ་ཡི་བདེ་བ་མཆོག །གཟུགས་སོགས་ཡུལ་དང་གཞན་དག་ཀྱང་། །རྣལ་འབྱོར་པ་ལ་གང་སྣང་བ། །དེ་ཀུན་དག་པའི་རང་བཞིན་ཏེ། །འགྲོ་བ་སངས་རྒྱས་རང་བཞིན་ཉིད། །གང་དང་གང་གིས་འཇིག་རྟེན་བཅིངས། །དེ་ཡིས་བཅིངས་པ་ལས་གྲོལ་འགྱུར། །དེ་ཉིད་ཤེས་པས་ [180a.5]འཇིག་རྟེན་གྲོལ། །དེ་ཉིད་རྣམ་སྤངས་གྲོལ་བ་མིན། །དེ་ཕྱིར་གཟུགས་མེད་སྒྲ་དྲི་མེད། །རོ་མེད་སེམས་མེད་རྣམ་པར་དག །རེག་མེད་ཆོས་མེད་རྣམ་པར་གྲོལ། །དག་པའི་རང་བཞིན་འགྲོ་བས་ཤེས། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བ་སྟེ། །དུག་གི་དེ་ཉིད་ཤེས་པ་དེས། །དུག་ [180a.6]གིས་དུག་ནི་འཇོམས་པར་བྱེད། །ཇི་ལྟར་རླུང་གིས་བཟུང་དེ་ལ། །མ་ཤའི་བཟའ་བ་སྦྱིན་པར་བྱ། །རླུང་གིས་རླུང་ནི་འཇོམས་བྱེད་དེ། །བཟློག་པའི་སྨན་དུ་བལྟ་བར་བྱ། །སྲིད་པ་ཉིད་ཀྱིས་སྲིད་དག་བྱེད། །རྣམ་རྟོག་སོ་སོར་རྟོག་པ་ཡིན། །ཇི་ལྟར་རྣ་བར་ཆུ་བླུགས་པ། །ཆུ་གཞན་གྱིས་ནི་དབྱུང་བར་བྱ། ། [180a.7]དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པར་སྦྱོང་བར་བྱེད། །ཇི་ལྟར་མེ་ཡིས་ཚིག་པ་ལ། །སླར་ཡང་མེ་ཡིས་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ [180b] [180b.1]ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །འདོད་ཆགས་ཀྱིས་ནི་འཇིག་རྟེན་བཅིངས། །འདོད་ཆགས་ཀྱིས་ནི་རྣམ་པར་གྲོལ། །བཟློག་པའི་བསྒོམ་པ་འདི་ལྟ་བུ། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །དམ་ཚིག་གི་ཕྱག་རྒྱ་བསྟན་པའོ། །ལས་ཀྱི་ཕྱག་རྒྱ་ [180b.2]ལ་སོགས་ལྡན། །རྡོ་རྗེ་ཚིག་ནི་བཏུ་བྱས་པ། །བདག་གིས་བསོད་ནམས་གང་ཐོབ་པ། །དེ་ཡིས་འཇིག་རྟེན་རྡོར་འཛིན་ཤོག །རྡོ་རྗེ་སློབ་དཔོན་བཛྲ་པཱ་ཎིའི་ཞལ་སྔ་ནས་མཛད་པ་རྡོ་རྗེའི་ཚིག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ལོ་ཙཱ་བ་མཚུར་སྟོན་དགེ་ [180b.3]སློང་ཛྙཱ་ན་ཨཱ་ཀ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ །{T2256}༄༅༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་པཉྩི་ཀཱ། བོད་སྐད་དུ། དོ་ཧ་མཛོད་ཀྱི་དཀའ་འགྲེལ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྟག་ཏུ་གུས་པས་བླ་མ་ནི། །འགྲོ་བའི་མགོན་ [180b.4]ལ་ཕྱག་འཚལ་ཏེ། །དོ་ཧ་མཛོད་ཀྱི་དཀའ་འགྲེལ་ནི། །ས་ར་ཧ་པའི་བརྒྱུད་པ་བྲི། །པདྨ་རྡོ་རྗེའི་ཞབས་ཀྱིས་ནི། །དེས་བྱས་ལུང་གི་རྗེས་འབྲངས་ནས། །བཅོམ་ལྡན་འདས་ཀྱིས་སྔོན་གསུངས་ལས། །སྔོན་མེད་ཅུང་ཟད་བརྗོད་པ་མེད། །བསྟན་པ་དྲུག་གི་དེ་ཉིད་ནི། །དེ་ལ་ [180b.5]བརྟེན་པས་མི་ཤེས་སོ། །རིགས་ལ་རྩོད་པ་སོགས་བསྟེན་ནས། །བྲམ་ཟེ་ལ་སོགས་དོན་མེད་ཡིན། །བདག་ལྟ་ཐར་པ་ལས་ཉམས་ཤིང་། །འགྲོ་བ་དྲུག་གི་འཁོར་བར་འཁོར། །མངོན་སུམ་དང་ནི་རྗེས་དཔག་གི། །མཚན་མ་གཉིས་ཀྱི་ཕྱིར་སྤངས་ཤིང་། །སྡིག་པའི་གྲོགས་ [180b.6]པོ་བསྟེན་པ་ཡིས། །ཡང་དག་ལམ་ལས་ཉམས་པ་ཡིན། །དེ་ཕྱིར་བླ་མ་བསྟེན་པ་ནི། །ལེགས་འདོད་རྣམས་ཀྱིས་རྟག་ཏུ་བྱ། །དེ་མཉེས་པ་ལས་ཐར་བ་དང་། །འཇིག་རྟེན་འདི་དང་ཕ་རོལ་འབྱུང་། །དེ་བཞིན་གཤེགས་གསུངས་བདེན་པ་ཀུན། །མཉེས་བྱེད་སློབ་མ་དག་ [180b.7]ལ་སྟེར། །འདིར་རེ་ཞིག་བསྙེན་པ་རྣམ་པ་དྲུག་ནི་ཚངས་པ་པ་དང་། དབང་ཕྱུག་པ་དང་། གཅེར་བུ་པ་དང་། རྒྱང་པན་པ་དང་། གྲངས་ཅན་པ་དང་། སངས་རྒྱས་པའོ། །དེ་རྣམས་གོ་རིམས་དང་གོ་རིམས་ལས་བཟློག་པའི་སྒོ་ནས་གཞུང་མཁན་པོས་བསྟན་པ་ནི། བྲམ་ [181a] [181a.1]ཟེ་བྱེ་བྲག་མི་ཤེས་པར། །ཞེས་བྱ་བ་ལ་སོགས་པ་ནས། །ཆོས་དང་ཆོས་མིན་མཉམ་དང་མི་མཉམ་མི་ཤེས་ཞེས་བྱ་བའི་བར་ནི་བྲམ་ཟེ་སུན་དབྱུང་བའི་ཕྱིར་བརྗོད་དེ། བྲམ་ཟེས་བྱེ་བྲག་མི་ཤེས་པར། །ཞེས་བྱ་བ་ནི། བྲམ་ཟེ་ནི་མི་ཤེས་པ་སྟེ། སོ་སོའི་བྱེ་ [181a.2]བྲག་མི་ཤེས་པ་དེ་ཇི་ལྟར་ཡིན་ཞེ་ན། དང་པོ་རིགས་ཀྱི་བྱེ་བྲག་ལ་དེ་དག་གི་ལུང་ལས་ཀྱང་། རིགས་བཞིའི་ནང་ནས་མཆོག་ཏུ་གྱུར་པ་ནི་བྲམ་ཟེ་ཡིན་ཞེས་སྨྲ་བ་དེ་ལུང་དང་རིགས་པ་དང་ལྡན་པས་སུན་དབྱུང་བར་བྱ་སྟེ། ཁྱོད་ཀྱི་ལུགས་ལས་བྲམ་ཟེ་ནི་ཚངས་པའི་ཁ་ནས་སྐྱེས་སོ་ [181a.3]ཞེས་ཟེར་བའི་ཕྱིར། གང་གི་ཚེ་རིགས་ཀྱི་བྲམ་ཟེ་ཞེས་ཟེར་ན། སྔོན་གྱི་དུས་ན་བྲམ་ཟེ་ཡིན་གྱི་ད་ལྟར་གྱི་དུས་ན་བྲམ་ཟེ་མ་ཡིན་པར་ཐལ་ཏེ། སྔོན་གྱི་དེ་ནི་འདས་ཟིན་པས་ད་ལྟར་འདིར་ནི་མངོན་སུམ་གྱི་ཚད་མས་བྲམ་ཟེ་རྣམས་བུད་མེད་ཀྱི་སྐྱེ་གནས་ལས་བྱུང་བའི་ཕྱིར་སྔོན་གྱི་བྲམ་ཟེ་ [181a.4]ནི་མེད་དོ། །དེའི་ཕྱིར་རིགས་གཅིག་མེད་པ་བཞིན་དུ་གཞན་བྱེ་བྲག་མང་པོ་ཡང་ཡོད་དོ། །དེ་རྣམས་དག་གི་ལུང་གིས་ཚངས་པའི་ཁ་ལས་སྐྱེས་སོ་ཞེས་ཟེར་བ་དེ་ཡང་། སྒྱུ་ཅན་གྱི་ཚིག་ཡིན་པས་བརྫུན་ཚིག་གོ། །ཡང་ན། འདུས་བྱས་ལ་བྲམ་ཟེ་ཡིན་པར་འདོད་ན། །དེ་ཡང་ [181a.5]མ་ཡིན་ཏེ། རིགས་ངན་ཡང་འདུས་བྱས་ཅི་སྟེ་མ་ཡིན་ཏེ་མ་ཡིན་ནོ། །དེའི་ཕྱིར་རིགས་མ་གྲུབ་པས་རིག་བྱེད་རང་བྱུང་ཇི་ལྟར་གྲུབ་སྟེ། མི་འགྲུབ་ཅེས་པའོ། །གྱི་ན་རིག་བྱེད་བཞི་དག་འདོད། །ཅེས་གསུངས་ཏེ། རིགས་ཀྱི་བྱེ་བྲག་མི་ཤེས་པ་རྣམས་ཀྱིས་རང་རང་གི་རིག་བྱེད་ [181a.6]བཞི་འདོན་ཏེ། སྙན་ངག་གི་རིག་བྱེད་དང་། སྲིད་སྲུང་དང་། ངེས་བརྗོད་དང་། མཆོད་སྦྱིན་གྱི་རིག་བྱེད་དོ། །འདི་ཉིད་ཀློག་པ་ལ་སོགས་པ་ནི། །རིགས་ངན་རྣམས་དང་ཡང་འགལ་བ་མེད་དོ། །བྲམ་ཟེ་དང་རིགས་ངན་གཉིས་ཀྱང་ཀློག་པ་ལས་དོན་མི་ཤེས་པར་འདྲ་བའི་ཕྱིར་རོ། ། [181a.7]ཡང་ན་གལ་ཏེ་བྲམ་ཟེ་རྣམས་ཀྱིས་སྒྲ་ཙམ་རྟོགས་སོ་ཞེ་ན། དེ་ལྟ་ན་ནི་སྒྲ་ཙམ་གྱི་རྟོགས་པ་ནི་ཐམས་ཅད་ཀྱི་ཐུན་མོང་ཡིན་ཏེ། ཇི་ལྟར་སྒྲའི་ནང་ན་རིག་བྱེད་ཀྱིས་སྒྲ་སྒྲུབ་པ་དེ་ནི་སྒྲ་ཙམ་ཉིད་དེ། འཇིག་རྟེན་པས་བརྗོད་པས་མཚན་ཉིད་ཡིན་གྱིས། །དོན་དམ་པ་ནི་བརྗོད་པ་ཅུང་ཟད་ [181b] [181b.1]ཀྱང་མེད་དོ། །སྒྲ་མི་རྟག་པའི་ངོ་བོ་ཉིད་ཡིན་པས་སྒྲ་རྟག་པ་དང་རང་བྱུང་དུ་ཇི་ལྟར་བརྗོད་དེ་མི་བརྗོད་དོ། །ཇི་ལྟར་འཇིག་རྟེན་པ་རྣམས་ནི་ཡོད་པ་མ་ཡིན་ཏེ། མི་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རིག་བྱེད་ལ་ཚད་མ་མེད་དོ། །བྱས་པ་ནི་ཉམས་པ་ཡིན་གྱི་རིག་བྱེད་ལ་ནི་ [181b.2]ཉམས་པ་མེད་དོ། །གྲོང་གཏན་མེད་པས་གྲོང་གི་མཚམས་གསལ་བར་ཡོད་ཅེས་ཟེར་བ་བཞིན་ནོ། །ཇི་ལྟར་ན་བྱེད་པ་པོ་མེད་པ་ཡིན་ཞེས་དྲིས་པ་ལ། ལན་དུ་རང་གི་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྐྱེས་བུས་བྱས་པ་ཉིད་ནི་མ་ཡིན་ནོ་ཞེས་ཟེར་ན། །དེ་ནི་མ་ཡིན་ཏེ། མངོན་ [181b.3]སུམ་གྱིས་ཀྱང་ཕུང་པོ་རྣམས་འཇིག་པ་ཡོད་པར་དམིགས་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། རྒྱུ་མེད་པས་འབྲས་བུ་མེད་དོ། སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དུ་མ་མཐོང་བའི་ཕྱིར་རོ། །རྒྱུ་དང་རྐྱེན་ཚོགས་པ་ཙམ་ལས་འཁྲུལ་པ་དབྱུང་བའི་ཕྱིར། དེ་ལྟར་འཁོར་བ་མ་ལུས་པ་འཁྲུལ་ [181b.4]བ་ཙམ་དུ་མི་ཤེས་པ་རྣམས་འགྲོ་བ་དྲུག་གི་འཁོར་བར་འཁོར་རོ། །དེ་ལ་འཁྲུལ་པ་དེ་དགག་ནམ་ལུས་པ་བདེ་བ་ལ་གནས་པར་འགྱུར་རོ། །འཐད་པ་འདིས་ཀྱང་རིག་བྱེད་ནི་བྱ་བ་ཙམ་སྟེ་རྒྱུ་མེད་པའི་འབྲས་བུ་བརྟགས་པས་འབྲས་བུ་གང་ལས་སྐྱེས་ཏེ། བརྫུན་པ་ཉིད་དོ་ཞེས་ [181b.5]རྒྱས་པར་སྦྱར་རོ། །དེའི་ཕྱིར་བརྫུན་པ་མ་ལུས་པ་བྱེད་པ་སྟོན་པ་ནི། །ཁྱིམ་ན་གནས་ཤིང་མེ་ལ་སྲེག །དོན་མེད་སྦྱིན་སྲེག་བྱེད་པ་ནི། །དུ་བས་མིག་ལ་གནོད་པར་བས། །ཞེས་བྱ་བ་གསུངས་ཏེ། ས་ཆུ་ཀུ་ཤས་དག་པར་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། །མེ་ལ་བསྲེག་ [181b.6]པ་ནི་མེ་ལ་བསྲེགས་པས་དོན་ཅི་ཡོད་ཅེས་བྱ་བ་སྟེ། དོན་མེད་པའི་མར་ལ་སོགས་པའི་སྦྱིན་སྲེག་གིས་ནི་མཆོག་གི་དོན་མ་ཤེས་ན་འབྲས་བུ་མེད་དོ། །གལ་ཏེ་འབྲས་བུ་ཡོད་ན་རིགས་ངན་གྱིས་ཀྱང་། །དེ་ལྟ་བུ་བྱས་པས་འབྲས་བུ་ཡོད་པར་འགྱུར་ཏེ། །ངེས་པར་དེ་འབའ་ཞིག་ [181b.7]གིས་ནི་དུ་བས་མིག་ལ་གནོད་པར་བྱས་ཏེ། ཤིང་རློན་པའི་དུ་བས་མིག་གདུངས་པས་ན་ཞིང་སྡུག་བསྔལ་བར་འགྱུར་རོ། །དེ་ལྟ་ན་དེ་ཀུན་གྱིས་དེ་ཉིད་གང་ཡིན་ཞེ་ན། ཚངས་པ་དང་མཆོག་གི་ཚོངས་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ཡང་ཚངས་པའི་ཡེ་ཤེས་ནི་རྣམ་པ་སྣ་ཚོགས་སུ་སྨྲ་ [182a] [182a.1]སྟེ། མཆོག་གི་ཚངས་པ་ནི་མཆོད་སྦྱིན་པ་གཅིག་བུའི་ཚིག་སྟེ། སྦྱིན་སྲེག་གི་སྒོ་ནས་ཐར་པ་ཐོབ་པར་འདོད་དོ། །མཐོ་རིས་ཀྱི་ལོངས་སྤྱོད་ལ་ཉེ་བར་ལོངས་སྤྱོད་པའི་འབྲས་བུ་འདོད་པའོ། །འདོད་པ་དེས་ར་དཀར་མོ་བསད་ནས་མཆོད་སྦྱིན་བྱས་པས་བསད་པས་ [182a.2]དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་སྟེ། དགོངས་པས་གསུངས་པའི་དོན་མི་ཤེས་པའི་ཕྱིར་རོ། །དེའི་ཕྱིར་ཀུན་ཚངས་པའི་རང་བཞིན་ཡིན་པས་ཚངས་པ་བསད་པ་སྟེ། ཐམས་ཅད་དུ་ཚངས་པའི་རང་བཞིན་ཡིན་ནོ་ཞེས་བྲམ་ཟེའི་ལུང་ལས་སྣང་བའི་ [182a.3]ཕྱིར་རོ། །དེ་ལྟར་ཚངས་པའི་ཡེ་ཤེས་གང་ཡིན་པ་ཡང་མི་འགྲུབ་སྟེ། བཞི་པ་མཆོད་སྦྱིན་གྱི་རིག་བྱེད་ནི་རྣལ་འབྱོར་གྱི་སྤྱོད་པ་མི་ཤེས་པས་རིག་བྱེད་གསུམ་དུ་མཆོད་སྦྱིན་བྱེད་ཀྱི། ཚིག་བརྗོད་པ་ཙམ་ཡང་བཀག་གོ། །དེ་ལྟར་རྒྱུན་ཆད་པས་མཆོད་སྦྱིན་བྱེད་ཀྱི་ཚིག་འདི་ནི་བརྫུན་ [182a.4]པའོ། །འདི་མཆོད་སྦྱིན་གྱི་ནང་ན་ཚངས་པའི་ཡེ་ཤེས་ལས་གཞན་ཐམས་ཅད་མེད་དོ་ཞེས་ཟེར་བས། དེ་ལྟར་ཡིན་པས་རིག་བྱེད་གསུམ་ཡང་ཚད་མ་མ་ཡིན་ཏེ། དེས་ན་བཀག་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རིག་བྱེད་གསུམ་ནས་ཀྱང་བཀག་པའི་ཕྱིར་རོ། །དེ་ལྟན་ནི་བཞི་ [182a.5]པ་མཆོད་སྦྱིན་བྱེད་མེད་དེ། །རིག་བྱེད་གསུམ་ཀ་བཀག་པའི་ཕྱིར་རོ། །དེའི་ཕྱིར་ལུང་གི་ཚིག་མེད་པས་ཚངས་པའི་ཡེ་ཤེས་ག་ལ་འགྲུབ་སྟེ། མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཚངས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ཡོད་དོ་ཞེ་ན། ཤིན་ཏུ་ཡང་བརྫུན་གྱི་ཚིག་སྟེ། ། [182a.6]དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་པས་མི་དམིགས་ན་དེའི་ཡེ་ཤེས་ཇི་ལྟར་ཡོད་དེ་མེད་དོ། །ཉམས་སུ་མྱོང་བ་ཡང་རྣམ་པ་དང་བཅས་པས་དམིགས་པ་ཉིད་ཡིན་ན། དེའི་ཚེ་དེ་ཉིད་ཤེས་པ་ཡིན་པས་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །དངོས་པོ་ནི་འཇིག་ [182a.7]རྟེན་པས་བཏགས་པ་སྟེ། མི་ཤེས་པའི་རང་བཞིན་ཡིན་པས་དོན་དམ་པར་མི་འགྱུར་རོ། །ཁོ་བོ་ཅག་གི་ལུགས་ཀྱིས་དོན་དམ་པ་ནི་བླ་མའི་ཞལ་ལས་རྙེད་པ་ཡིན་ནོ། །དེ་ལྟར་བྲམ་ཟེའི་བྱེ་བྲག་ཀྱང་བཞི་སྟེ། ཚངས་པར་སྤྱོད་པ་དང་། ནགས་ན་གནས་པ་དང་། ཁྱིམ་དུ་གནས་ [182b] [182b.1]པ་དང་། དཀའ་ཐུབ་པའོ། །དེ་ཡང་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བྱིས་པའི་དུས་ནི་བསྲུང་བ་དང་བཟའ་བ་ལ་སོགས་པ་མི་ཤེས་པས། ཚངས་པར་སྤྱོད་པ་ནི་བརྟན་པ་ཐམས་ཅད་ཀྱི་ལུགས་ཀྱིས་ཇི་སྲིད་འཚོའི་བར་དུ་དམ་བཅས་པ་བརྟན་པོ་ཉིད་ཡིན་པར་བྱས་པ་ཡིན་པས། [182b.2]འདིར་བྱིས་པ་རྣམས་ལ་ནི་དེ་ལྟ་བུའི་ངེས་པ་མེད་དེ། ཡང་བག་མ་ལ་སོགས་པ་བྱས་པའི་སྒོ་ནས་ཁྱིམ་ལ་བརྟེན་པ་ཡིན་ནོ། །དེ་ལ་ཡང་ངེས་པ་མེད་དེ། ཡང་ཚངས་པར་སྤྱོད་པ་ལ་སོགས་པ་སྲིད་པས་སོ། །ནགས་ན་གནས་པ་ཡང་དེ་ཉིད་ལ་བརྟེན་ནས་བསམ་གཏན་དང་བཟླས་པ་ [182b.3]ལ་སོགས་པ་བྱེད་དེ། མི་བྱེད་པ་ཡང་མི་སྲིད་པའི་ཕྱིར་རོ། །གལ་ཏེ་དཀའ་ཐུབ་ཏུ་མངོན་པར་འདོད་ན་ཡང་ཐམས་ཅད་མཆོད་ཕྱིར་ཐོགས་པར་འཚད་པ་དང་། བཟའ་བ་གཉིས་ཀྱིས་བྲམ་ཟེ་དང་རིགས་དན་གཉིས་བྱེ་བྲག་མེད་དོ། །གནས་སྐབས་ཁ་ཅིག་ཏུ་བྲམ་ཟེ་ཉིད་རིགས་ངན་ཉིད་ [182b.4]དེ། ཇི་ལྟར་བྲམ་ཟེ་མོ་རྐུན་མ་དང་རིགས་ངན་གྱི་སྤྱོད་པ་བྱེད་པས། དེའི་ཚེ་བྲམ་ཟེ་རྣམས་ཀྱི་རིག་བྱེད་ཀྱི་ལུང་བལྟས་ནས། བྲམ་ཟེའི་མཚན་མ་མར་དང་ཀུ་ཤ་བརྐུས་ནས་བྲམ་ཟེས་འཐུངས་པས་བྲམ་ཟེ་དག་པར་འདོད་པ་ནི་རིགས་ངན་གྱི་བྱ་བ་ཉིད་དོ། །ཡང་དཀའ་ཐུབ་ལ་གསུམ་སྟེ། [182b.5]དབྱུ་གུ། དབྱུ་གུ་གསུམ་དང་ལེགས་ལྡན་ཞེས་གསུངས་ཏེ། དེ་ལྟར་དབྱུ་གུ་གཅིག་པ་དང་། དབྱུ་གུ་གསུམ་པ་དང་། ལེགས་ལྡན་པའི་ཆ་ལུགས་ཅན་ནོ། །ཡང་དེས་དེ་ལྟ་བུའི་དཀའ་ཐུབ་སྤངས་ནས་གཞན་ལ་བརྟེན་པ་སྟོན་པ་ནི། འདུལ་བ་བ་དང་དད་པའི་ཆ་ལུགས་ཅན་དག་གི། ། [182b.6]ཞེས་གསུངས་ཏེ། ཇི་སྲིད་མཆོག་གི་དད་པའི་ཆ་ལུགས་སུ་མ་གྱུར་པ་དེ་སྲིད་དུ་ཡེ་ཤེས་མི་རྙེད་དེ། བྱ་བ་ཀུན་མ་སྤངས་པའི་ཕྱིར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མ་རིག་པའི་བག་ཆགས་ཀྱིས་བཟུང་བའི་ཕྱིར་རོ། །མངོན་སུམ་དུ་མཐོང་སྟེ། ཁྱིམ་སྤངས་ནས་དཀའ་ཐུབ་བྱེད་ [182b.7]པའི་དུས་སུ་ཇི་སྙེད་རང་གི་ནོར་ལ་སོགས་པ་ཡོད་པ་དེ་ཐམས་ཅད་བུ་དང་ཚ་བོ་ལ་སོགས་པ་ལ་སྟེར་ཞིང་། སེམས་ཅན་ཀུན་ལ་མི་སྟེར་ཏེ་རང་གི་རིགས་རྒྱུད་འབའ་ཞིག་ལ་ཆགས་པས་རང་གི་རིགས་རྒྱུད་ཉམས་པར་མི་འདོད་དོ། །དེའི་ཕྱིར། ཉམས་ཤིང་རྨོངས་པ་ཡི་ནི་ལུས། །རྟག་ [183a] [183a.1]ཏུ་ལེགས་སྨིན་ལ་སྨྲ་བ། །བདེ་བ་ཉིད་ནི་དེ་མི་ཤེས། །སྔོན་གྱི་ལས་ཀྱིས་རྨོངས་པར་བྱས། །དེ་དག་གིས་ནི་རང་ཡང་ཉམས་ཤིང་གཞན་ཡང་ཉམས་པར་བྱེད་དོ། །དེ་ཉིད་བསྟན་པའི་ཕྱིར། འགྲོ་བ་རྣམས་ནི་འཁྲུལ་པ་ཉིད་དུ་བཀོལ། ཞེས་གསུངས་ཏེ། འགྲོ་ [183a.2]བ་རྣམས་ནི་རྨོངས་པ་ལམ་ངན་པ་ལ་ཞུགས་པ་རྣམས་སོ། །འཁྲུལ་པ་ནི་བརྫུན་པའི་ངག་གིས་སོ། །གཞན་ཡང་། ཆོས་དང་ཆོས་མིན་མཉམ་དང་མཉམ་མི་ཤེས། །ཞེས་གསུངས་ཏེ། འདིར་ཆོས་ནི་དངོས་པོའི་ཆོས་ཐམས་ཅད་དེ། སེམས་ཅན་གྱི་རིགས་ལ་སོགས་པའི་ངོ་བོ་ [183a.3]སྙིང་རྗེའི་ཡུལ་དུ་གྱུར་པ་རྣམས་སོ། །གཞན་དེ་དང་བྲལ་བ་ནི་ཆོས་མ་ཡིན་པ་སྟེ། བྱ་བ་མ་ཡིན་པའི་མཚན་ཉིད་དང་ལྡན་པ་རྣམས་སོ། །མཉམ་པ་ནི་དེ་དང་གཉིས་སུ་མེད་པའོ། །མི་ཤེས་པ་ནི་ཁྱད་པར་གྱི་ལམ་མི་ཤེས་པ་སྟེ། མདོར་བསྡུས་ན་ཁྱད་པར་ཅན་གྱི་གྲུབ་མཐའ་མི་ཤེས་ [183a.4]པའོ། །རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །དགེ་བ་དང་སྡིག་པ་གཉིས་མཉམ་པ་ནི་མ་ཡིན་ནོ། །ད་ནི་དབང་ཕྱུག་ལ་བརྟན་པ་རྣམས་སུན་དབྱུང་བའི་དབང་དུ་བྱས་ནས། ཨེ་རིའི་ལུས་ལ་ཞེས་བྱ་བ་ལ་སོགས་པ་ནས། བླ་མའི་ཡོན་ཏན་རྣམས་ལན་ཞེས་བྱ་བའི་བར་གྱིས་ [183a.5]གསུངས་ཏེ། དེ་ཡང་། ཨི་རི་ལུས་ལ་ཐལ་བས་བྱུག །ཅེས་བྱ་བ་ནི། ལྷོ་ཕྱོགས་པའི་མུ་སྟེགས་པའི་སློབ་དཔོན་གྱིས་ཐལ་བས་ལུས་ལ་བྱུག་པ་ནི་ཕྱི་རོལ་གྱི་ཐལ་བས་ལུས་གཡོགས་པ་སྟེ། ལེགས་ལྡན་གྱི་ལུས་ལ་ངེས་པ་མ་རྙེད་པའི་ཕྱིར་རོ། །དེ་ཡང་། མགོ་ལ་རལ་པའི་ [183a.6]ཁུར་བུ་ཁུར། །ཞེས་གསུངས་ཏེ། མགོ་ལ་སྐྲ་སྣ་ཚོགས་ཀྱིས་བྱས་པའི་རལ་པའི་ཁུར་བུ་ཁུར་བའོ། །གཞན་ཡང་འཇིག་རྟེན་པ་ལ་ཚུལ་འཆོས་བྱེད་ཅིང་། རང་གི་ཁྱིམ་དུ་ཞུགས་ཤིང་མར་མེ་སྤར་ནས་འདུག་པའོ། །མཚམས་སུ་འདུག་ནས་དྲིལ་བུ་འཁྲོལ། །ཞེས་པ་ནི་ [183a.7]དབང་ལྡན་དུ་འདུག་ནས་དྲིལ་བུ་དཀྲོལ་བའོ། །སྐྱིལ་ཀྲུང་བཅས་ནས་མིག་བཙུམས་ཏེ། །ཞེས་བྱ་བ་ནི། ཚུལ་འཆོས་ཀྱི་རབ་ཆེན་པོ་ནི་འདི་ཉིད་དེ། མིག་བར་བར་དུ་བལྟ་ཞིང་བཙུམ་ནས་སྐྱིལ་ཀྲུང་བཅས་པ་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་ངོ་། །དེ་ནས། རྣ་བར་ཤུབ་ཤུབ་སྐྱེ་བོ་སླུ་བ་ནི་དེ་ [183b] [183b.1]ལྟར་སྔོན་དུ་བསྟན་པའི་ཨི་རིའི་སློབ་དཔོན་གྱི་མཚན་ཉིད་མཐོང་ནས་རྨོངས་པའི་སྐྱེ་བོ་བླང་བྱ་དང་དོར་བྱ་མི་ཤེས་པ་རྣམས་ཀྱི་རྣ་བར་ཕན་ཚུན་ཤུབ་ཤུབ་གང་ལ་ངག་གནས་པའི་ལམ་འདི་ནི་ཁྱད་པར་ཅན་ཡིན་པས་ཁྱེད་རྣམས་ཉོན་ཅིག་ཟེར་བའོ། །ཡུགས་ས་མོ་དང་ཅོ་རེག་མོ། །འདི་འདྲིའི་ཆ་ [183b.2]ལུགས་གཞན་འོངས་ལ། །ཞེས་པ་ནི་ཡུགས་ས་མོ་ནི་ཁྱོ་དང་བྲལ་བའོ། །ཅོ་རེག་མོ་ནི་ཟླ་བ་གཅིག་ལ་འཁོར་ཅིག་ཟ་བའོ། །གཞན་ནི་སྣ་ཚོགས་ཀྱི་ཆ་ལུགས་ཀྱིས་གནས་པའི་དཀའ་ཐུབ་རྣམས་སོ། །དེ་རྣམས་རང་གི་ལམ་དེ་འཇུག་ཅིང་ངོ་སྟོན་པའོ། །དེ་ལྟ་བུའི་བླ་མ་དེ་ལ་ [183b.3]ཁྱད་པར་ཅི་ཡོད་ཅེ་ན། དབང་རྣམས་བསྐུར་ཞིང་བླ་མ་ཡི། །ཡོན་རྣམས་ལེན་པར་བྱེད་པ་ཡིན། །ཞེས་པ་ནི་རང་གི་དོན་དུ་ཡོན་བླང་བའི་ཆེད་དུ་དབང་བསྐུར་ཞིང་སེམས་ཅན་རྣམས་ཉོན་མོངས་པ་ལ་སྦྱོར་བར་བྱེད་པ་ནི་རང་ཉིད་མི་ཤེས་པའི་ཕྱིར་རོ། །དེ་ནི་དབང་ཕྱུག་ལ་བརྟེན་པ་རྣམས་སུན་ [183b.4]དབྱུང་བའོ། །ང་ནི་གཅེར་བུ་པ་རྣམས་ཡིན་ཏེ། སེན་མོ་རིང་ཞིང་ཞེས་བྱ་བ་ལ་སོགས་པ་ནས། ལུས་ཀྱི་དཀའ་ཐུབ་ཙམ་གྱིས་གདུངས། །ཞེས་བྱ་བའི་བར་གྱིས་སྟོན་ཏེ། སེན་མོ་རིང་ཞིང་ནི་དེའི་ལུས་དྲི་མའི་ཆ་བྱད་ཅན་ཞེས་པ་ནི་ལུས་ཅན་སྒྱུ་དང་། གཡོ་ལ་བརྟེན་ནས་རང་གི་འདོད་ [183b.5]པ་གང་ཡིན་པ་དེ་ལ་ནི་ཐར་པའི་ལམ་མེད་དོ། །ཅིའི་ཕྱིར་ཞེ་ན། དངོས་པོ་གཅིག་ལ་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། ཟེར་ཞིང་ལམ་མི་ཤེས་པའི་ཕྱིར་རོ། །གང་དག་དེ་ལ་བརྟེན་པ་ནི། །ཐར་པ་ཐོབ་པའི་ལམ་མེད་དོ། །ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆེད་དུ་བདག་ཉིད་བཀོལ་ [183b.6]ཞེས་གསུངས་ཏེ། བདག་ཉིད་ལས་ངན་པ་དང་ལམ་ངན་པས་གནོད་པར་བྱེད་ཅིང་། ཐར་པའི་ཆེད་དུ་བྱས་ཀྱང་ཐར་པ་ནི་མི་འགྲུབ་སྟེ། འོག་ནས་འཆད་པའི་ཕྱིར་རོ། །གཅེར་བུ་གང་ཞིག་གྲོལ་འགྱུར་ན། །ཞེས་གསུངས་ཏེ། གལ་ཏེ་གཅེར་བུ་ཙམ་གྱིས་གྲོལ་བ་ཡིན་ན། ཁྱི་དང་ཅེ་སྤྱང་ལ་ [183b.7]སོགས་པ་ཅིས་མི་གྲོལ་ཏེ་གྲོལ་བར་འགྱུར་རོ། །ཡང་། སྦུ་བཏོགས་པས་ནི་གྲོལ་འགྱུར་ན། །ཞེས་གསུངས་ཏེ། གལ་ཏེ་སྦུ་བཏོགས་པས་གྲོལ་བ་ཡིན་ན། །བུད་མེད་གཞོན་ནུ་མ་སྤུ་ངན་རྟག་ཏུ་བཏགས་པས་བུད་མེད་གྲོལ་བར་འགྱུར་རོ། །མཇུག་སྦུ་གཡོབས་པས་ཐར་ཐོབ་ན། །ཞེས་གསུངས་པ་ [184a] [184a.1]ནི་གཅེར་བུ་བ་གང་གིས་རྨ་བྱའི་སྒྲོའི་ཆུན་པོ་བླངས་ཤིང་ལག་པ་གཡོབ་བས་གྲོལ་བ་ཡིན་ན། རྨ་བྱ་དང་གཡག་ལ་སོགས་པ་གྲོལ་བར་འགྱུར་རོ། །ལངས་ཏེ་ཟ་བས་གྲོལ་འགྱུར་ན། །ཞེས་སྨོས་ཏེ། གལ་ཏེ་ལངས་ཏེ་ཟ་བས་གྲོལ་ན། རྟ་དང་གླང་པོ་ [184a.2]ལ་སོགས་པ་ཅིའི་ཕྱིར་མི་གྲོལ་བར་ཐལ་ལོ། །དེ་ལ་མདའ་བསྣུན་ན་རེ་གཅེར་བུ་པའི། །ཐེག་པའི་ཐར་པ་ང་མི་འདོད། །ཅེས་པ་ནི་ས་ར་ཧའི་ཞལ་ན་རེ། །ནམ་མཁའི་གོས་ཅན་རྣམས་ཀྱི་ཐར་པ་གང་ཡིན་པ་དེ་ནི། ཁོ་བོ་ཅུང་ཟད་ཀྱང་མི་འདོད་དོ་ཞེས་པའོ། །དེ་ཉིད་དང་ [184a.3]ནི་བྲལ་བ་ཡི། །ལུས་ཀྱི་དཀའ་ཐུབ་ཙམ་གྱིས་གདུངས། །ཞེས་གསུངས་ཏེ། དེ་ཁོ་ན་ཉིད་དང་བྲལ་ཞིང་ཅི་ཡང་མ་ཤེས་པས་འཇིག་རྟེན་པ་གཞན་ཡང་དོན་མེད་པ་ལ་སྦྱོར་ཞིང་ལྟུང་བར་བྱེད་དོ། །ད་ནི་ཉན་ཐོས་རྣམས་སྟོན་ཏེ། དགེ་ཚུལ་ཞེས་བྱ་བ་ལ་སོགས་པ་ནས། ། [184a.4]དེ་དག །དོན་དམ་པར་ནི་གཅིག་མི་འགྲུབ། །ཅེས་བྱ་བའི་བར་དུའོ། །དགེ་ཚུལ་དགེ་སློང་གནས་བརྟན་གཟུགས། །བནྡེ་འདི་ལྟར་རབ་བྱུང་ནས། །ཞེས་སྨོས་ཏེ། དགེ་ཚུལ་ནི་བསླབ་པའི་གནས་བཅུ་པའོ། །དགེ་སློང་ནི་བསླབ་པའི་གནས་ཉིས་བརྒྱ་ལྔ་བཅུ་པའོ། ། [184a.5]གནས་བརྟན་ནི་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའོ། །བནྡེ་ནི་དེ་རྣམས་ལ་གཞན་དང་གཞན་གྱིས་ཕྱག་འཚལ་བའི་ཆེད་དུ་རབ་ཏུ་བྱུང་བར་ཁས་བླངས་ནས་བསོད་སྙོམས་དང་བསླབ་པ་ལ་སློབ་ཀྱང་མཆོག་ནི་མ་ཡིན་ཏེ། དེ་ཉིད་མི་ཤེས་པའི་ཕྱིར་དང་། སྒྱུ་དང་ [184a.6]ཚུལ་འཆོས་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས་ཀྱིས་སྨོད་པའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་ནས། ཕྱི་མའི་ཚེ་ཕྱི་མའི་དུས་ན་སྙིགས་མ་ལྔ་དང་ལྡན་པའི་དུས་སུ་ངའི་བསྟན་པ་ལ་དགེ་སློང་གང་ཞིག་འབྱུང་བ་རྣམས་ [184a.7]མ་ལུས་པར་སྒྱུ་དང་ཚུལ་འཆོས་ལ་དགའ་བར་འགྱུར་རོ། །དེ་བཞིན་དུ་ཁྱིམ་ལ་བརྩོན་ཞིང་ཞིང་རྨོ་བ་དང་། ཚོང་བྱེད་པ་ལ་སོགས་པ་ལ་དགའ་ཞིང་སྡིག་པའི་ལས་བྱེད་པ་ལ་དགའ་བར་འགྱུར་རོ། །བསྟན་པ་ལ་བཞད་གང་བྱེད་པར་འགྱུར་ཏེ། དེ་རྣམས་ནི་ [184b] [184b.1]སྔོན་གྱི་དུས་ན་བདུད་ཀྱི་རིགས་ཀྱི་ལྷ་ཡིན་ཏེ། དེ་ལྟར་ནི་དགེ་སྦྱོང་གི་གཟུགས་ཀྱིས་འོངས་ནས་གནས་སོ། །དེ་རྣམས་ཀྱི་ནང་ནས་གནས་བརྟན་ཁ་ཅིག་དགེ་འདུན་གྱི་ལོངས་སྤྱོད་ཐམས་ཅད་ཕྲོགས་ཤིང་། །རང་གི་དབང་དུ་བྱས་ནས་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་རྒྱས་པར་ [184b.2]གསུངས་སོ། །དེའི་ཕྱིར་དེ་རྣམས་ལ་བྱང་ཆུབ་མེད་དོ། །གང་ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་པ་སྔོན་དུ་བསྟན་པའི་མཚན་ཉིད་དང་ལྡན་པ་དེ་རྣམས་ནི་གལ་ཏེ་བསླབ་པ་ཞིག་ན་དམྱལ་བར་འགྲོ་བའོ། །ཡང་ན་བསླབ་པ་མ་ཞིག་ཅིང་བསྲུངས་པ་ཙམ་པོ་དེས་ནི་མཐོ་རིས་ཀྱི་ལོངས་སྤྱོད་ [184b.3]ཙམ་ཐོབ་ཀྱི། བྱང་ཆུབ་མཆོག་ནི་མེད་དོ། །གལ་ཏེ་ཐེག་པ་ཆེན་པོ་ལ་བརྟེན་ཏོ་ཞེ་ན། དེ་ལ་ཡང་ངེས་པ་མེད་དེ། སྔོན་བདུད་ཀྱི་རིས་ཀྱི་ལྷ་ཡིན་པའི་ཕྱིར་རོ། །གལ་ཏེ་ལེགས་པར་གནས་པ་ཡིན་ན་ཡང་དེ་ལྟ་ན་ཡང་ངེས་པ་མེད་དོ། །དེ་ཉིད་བསྟན་པའི་ཕྱིར། ཁ་ཅིག་མདོ་སྡེ་འཆད་ [184b.4]པར་བྱེད་ལ་ཞུགས། །ཞེས་གསུངས་ཏེ། དགེ་སློང་ཁ་ཅིག་རྫས་ཀྱི་སྲིད་པའི་དབང་གིས་སྔོན་མ་མཐོང་བའི་མདོ་སྡེ་ལ་སོགས་པའི་དེ་ཉིད་འཆད་པ་ནི་དམྱལ་བར་འགྲོའོ། །ལ་ལ་བསམ་ཁྲལ་མང་པོས་བསྐམས་པ་མཐོང་། །ཞེས་གསུངས་ཏེ། ཁ་ཅིག་མ་ཐོས་པས་ཆོས་ལ་ལྟ་ [184b.5]རྟོག་མང་པོ་བྱེད་པ་དེ་ཡང་རིགས་པ་མ་ཡིན་ནོ། །དགེ་སྦྱོང་ཁ་ཅིག་ལུང་གི་པུ་སྟི་མང་པོ་བལྟས་ནས་ཞུ་གཏུགས་བྱེད་དེ། ལུང་གི་དོན་མི་ཤེས་པས་སྡིག་པའི་འགྲོ་བར་འགྲོ་བར་འགྱུར་རོ། །དེ་ལྟར་བསམ་ཁྲལ་མང་པོ་བྱས་པ་ལས་ལུས་བསྐམས་ཏེ། ནད་དང་ལྡན་པར་འགྱུར་ [184b.6]རོ། །ཁ་ཅིག་ཐེག་པ་ཆེ་ལ་རྒྱུག་བྱེད་ཅིང་། །ཞེས་གསུངས་ཏེ། དགེ་སློང་ཁ་ཅིག་ཐེག་པ་ཆེན་པོའི་དོན་ལ་འཇུག་ཅིང་། དེ་ཉིད་ཀྱི་ཐེག་པ་ཆེན་པོ་ལ་སྦྱོར་བར་བྱེད་དོ། །གཞན་དག་དཀྱིལ་འཁོར་འཁོར་ལོ་མ་ལུས་སྒོམ། །ཞེས་གསུངས་ཏེ། འདིས་ནི་ཐེག་པ་ཆེན་པོ་སྔགས་ཀྱི་ང་ [184b.7]རྒྱལ་ལ་བརྟེན་ནས་དེ་ཡང་དམྱལ་བ་ལ་སོགས་པར་འགྲོའོ། །གཞན་ཡང་། ཁ་ཅིག་བཞི་པའི་དོན་འཆད་པ་ལ་ཞུགས། །ཞེས་གསུངས་ཏེ། དགེ་སློང་ཁ་ཅིག་བཞི་པའི་དོན་འཆད་པ་ནི་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པ་ལ་ཞུགས་པ་དེ་ཡང་ཚིག་གི་ [185a] [185a.1]བརྗོད་པ་མང་པོ་ཙམ་སྟེ་དེ་ཉིད་མེད་པའི་ཕྱིར་དོན་མེད་དོ། །ཡང་ན་བཞི་པ་ནི་ལྷན་ཅིག་སྐྱེས་པ་སྟེ། དེའི་མན་ངག་འཆད་པ་ལ་ཞུགས་ཏེ། དེ་བུ་སྟི་བལྟས་པའི་ང་རྒྱལ་ཙམ་གྱིས་འཆད་ཅིང་། རང་གི་དོན་མི་ཤེས་སོ་ཞེ་ན་ཡང་། དེའི་ཚེ་བཤད་པས་ཅི་ཞིག་བྱ་ [185a.2]སྟེ། དེ་ལྟར་ན་ཕན་ཚུན་འགལ་བ་སྤྱོད་པས་དམྱལ་བར་འགྲོ་བའོ། །ཁ་ཅིག་དཔྱད་ཅིང་བལྟས་པས་ལམ་ལས་ཉམས། །ཞེས་པ་ནི། ཁ་ཅིག་བལྟ་ཞིང་དཔྱད་པས་རང་གི་འདོད་པ་ལས་རྣམ་པར་ཉམས་ཏེ། ལམ་ནི་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ [185a.3]ཡང་སྙིང་རྗེ་དང་བྲལ་བས་མྱ་ངན་ལས་འདས་པ་རྣམས་སུ་ལྟུང་ངོ་། །ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་བྱེད། །ཅེས་གསུངས་ཏེ། ལ་ལ་ངན་གྱི་ནམ་མཁའི་ཁམས་ལ་རྟོག་ཅིང་དཔྱད་པས་རང་གི་འདོད་པ་མི་འགྲུབ་སྟེ། བརྟག་པའི་ཕྱི་རོལ་གྱི་ཡན་ལག་ཅན་ལ་ [185a.4]མངོན་པར་ཞེན་པས་སོ། །ལྷན་ཅིག་སྐྱེས་པ་བོར་ནས་ནི། །མྱ་ངན་འདས་པ་གཞན་ལ་རྒྱུག །ཅེས་གསུངས་ཏེ། ལྷན་ཅིག་སྐྱེས་བ་པོར་ནས་མྱ་ངན་ལས་འདས་པའི་མཚན་ཉིད་གཞན་མེད་དོ། །དེ་མ་ཤེས་པས་མིང་གི་རྣམ་གྲངས་ཙམ་གྱི་སྒོ་ནས་འཁྲུལ་པའི་ཕྱིར་གཞན་ [185a.5]གྱི་མྱ་ངན་ལས་འདས་པ་ལ་འཇུག་པར་འགྱུར་པས་དེ་ལྟར་འཁྲུལ་པས་ངན་འགྲོར་འགྲོ་བར་འགྱུར་རོ། །དེའི་ཕྱིར་འཁྲུལ་པ་ནི་རྣམ་པར་རྟོག་པ་སྟེ། དེ་སྤངས་པས་གྲོལ་བའོ། །དེ་ལྟར། དེ་དག་དོན་དམ་གཅིག་མི་འགྲུབ། །ཅེས་གསུངས་ཏེ། དེས་ནི་དགེ་བ་ལ་ [185a.6]སོགས་པ་རྣམས་རིག་པས་དཔྱད་བཞིན་པའི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་གཅིག་ཀྱང་མི་འགྲུབ་པོ། །འཚོ་བའི་ཆེད་དུ་བརྟུལ་ཞུགས་དང་། །སྤྱོད་པ་འབའ་ཞིག་ལ་ཞུགས་པའོ། །དེ་ལ་བསྡུས་པའི་དོན་ནི། གང་ཞིག་གང་ལ་མོས་པར་གྱུར་པ་དེ། ། [185a.7]ཐེག་པ་དེར་ཞུགས་ཐར་པ་ཐོབ་པ་མ་ཅི། །ཞེས་གསུངས་ཏེ། གང་དང་གང་མཐོང་བས་མོས་པ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པའི་ལམ་ཙམ་སྟེ། དེ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། ཐེག་པ་དེ་ལ་ཞུགས་པ་རྣམས་ཀྱིས་ཐར་པ་མི་ཐོབ་སྟེ། བརྗོད་བྱ་དང་རྗོད་བྱེད་ [185b] [185b.1]ཀྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཇི་སྲིད་དུ་བླ་མ་ལ་བསྙེན་བཀུར་མ་བྱས་པ་དེ་སྲིད་དུ་རྙེད་པར་དཀའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱི་རོལ་མུ་སྟེགས་པ་ལ་སོགས་པ་དེ་ཉིད་དང་བྲལ་བ་ཐུན་མོང་པ་རྣམས་ལ་སྟོན་པ་ནི། མར་མེ་ལྷ་བཤོས་དེས་ཅི་བྱ། །ཞེས་ [185b.2]གསུངས་ཏེ། ཅི་ཞིག་མཐོང་བ་དང་ཕྱག་བྱས་པས་ཅི་ཞིག་བྱ་ཞེས་པའོ། །སྔགས་ཀྱི་བཟླས་བརྗོད་ཅི་ཞིག་བྱ། །ཞེས་གསུངས་ཏེ། དེ་ཉིད་དང་བྲལ་བའི་མར་མེ་དང་། ལྷ་བཤོས་དང་། སྔགས་བཟླས་པ་ལ་སོགས་པས་ཅི་བྱ་སྟེ། དགོས་པ་ཅུང་ཟད་མེད་དོ་ [185b.3]ཞེས་དགོངས་སོ། །གསང་སྔགས་བསྟན་པ་དེ་ཅི་དགོས། །ཞེས་པ་ནི་སྔགས་བསྟེན་པ་སྟེ། སྔགས་ཀྱི་བཟླས་པས་ཅི་ཞིག་བྱ། །ཞེས་པའོ། །ཡང་ན་ཡེ་ཤེས་ཀྱིས་དེ་ཉིད་དང་བྲལ་བའི་མར་མེ་དང་། ལྷ་བཤོས་ཀྱིས་ནི་དགོས་པ་ཅུང་ཟད་ཀྱང་མེད་དོ་ཞེས་པའོ། ། [185b.4]དེ་ལྟར་ཡང་། །འབབ་སྟེགས་འགྲོ་དང་དཀའ་ཐུབ་དང་། །ནགས་ལ་འགྲོ་བས་ཅི་ཞིག་བྱ། །ཞེས་གསུངས་ཏེ། འབབ་སྟེགས་ནི་བཱ་རཱ་ཎ་སཱི་ལ་སོགས་པ་དང་། ནགས་སུ་འགྲོ་བ་ལ་སོགས་པས་ཅི་ཞིག་བྱ་ཞེས་པའོ། །ཆུ་ལ་ཁྲུས་བྱས་ཙམ་གྱིས་ནི། །ཐར་པ་ [185b.5]རྙེད་པར་འགྱུར་རམ་ཅི། །ཞེས་གསུངས་ཏེ། འདིས་ནི་ཁྲུས་སྟེགས་ལ་བརྟེན་ནས་ཆུ་ལ་ཁྲུས་བྱས་པས་ཐར་པ་ཅི་ལ་ཐོབ་སྟེ། མི་ཐོབ་ཅེས་པའོ། །ཀྱེ་ཧོ་བརྫུན་ཞིང་ལོག་པ་དེ་བོར་ལ། །ཞེས་གསུངས་ཏེ། ཀྱེ་སྐྱེས་བུ་རྣམས་བརྫུན་པའི་འཆིང་བ་ལོག་པའི་བཤེས་ [185b.6]གཉེན་གྱིས་སྨྲས་པའི་ཁྲུས་སྟེགས་ལ་སོགས་པ་འདི་ཐོང་ཞེས་པའོ། །འཇིག་རྟེན་རྒྱང་པན་ལ་སོགས་པའི་འདོད་པས་དམྱལ་བ་ལ་སོགས་པར་འགྲོ་བ་གང་ཡིན་པ་འདི་ཐོང་ཞེས་པའོ། །སྦྱིན་པ་མེད་དོ། །སྦྱིན་སྲེག་མེད་དོ། །དགེ་སྦྱོང་མེད་ [185b.7]དོ། །བྲམ་ཟེ་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་ཤི་བར་དུ་བདེ་བར་འཚོ། །ཤི་ནས་དེ་ཡི་སྤྱོད་ཡུལ་མེད། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་འཚོ་བ་ལྟ་ག་ལ་ཡོད། །ཅེས་བྱ་བ་ལ་སོགས་པ་སྤང་པར་བྱ་བ་ཉིད་ཡིན་ཏེ། ཆད་པར་ལྟ་བ་ཡིན་པའི་ཕྱིར་རོ། །ཡང་ [186a] [186a.1]གྲངས་ཅན་པ་རྣམས་ན་རེ། །རྟག་ཏུ་འགྲོ་བ་རྣམས་ཀྱི་རྒྱུ། །གྲངས་ཅན་གཙོ་བོ་ཡིན་པར་འདོད། །ཅེས་བྱ་བ་ལ་སོགས་པ་རྟག་པར་ཁས་ལེན་ནོ། །དེའི་དགེ་བ་ཅིའི་ཕྱིར་མི་བྱེད་ཅེ་ན། །གང་གིས་འཆིང་བར་བྱེད་པ་ཐོང་། །ཞེས་གསུངས་ཏེ། [186a.2]མདོར་བསྡུས་ནས་ཁྱད་པར་ཅན་གྱི་ལམ་སྟོན་ཏེ། དམ་པའི་ལམ་ལ་མོས་པར་གྱིས་དང་། དེ་ལ་མོས་པར་བྱས་པ་གང་གིས་རང་གི་དོན་དང་གཞན་གྱི་དོན་འགྲུབ་བོ། །རིགས་པ་མ་ཡིན་པའི་ལམ་བོར་ཅིག །གང་གིས་རང་གི་བློ་རྨོངས་པར་གནས་པ་དེ་ཐོང་ [186a.3]ཅིག་ཅེས་པའོ། །དེས་ལོག་པའི་ལམ་དང་བྲལ་ནས་ལྷན་ཅིག་སྐྱེས་པ་ཉིད་རྙེད་པར་འགྱུར་ཏེ། གཞན་གྱིས་ནི་མ་ཡིན་ནོ། །དེ་ཉིད་ཡོངས་སུ་ཤེས་ན་གཞན་མེད་དེ། ཞེས་བྱ་བ་ནི་དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ཡོངས་སུ་ཤེས་ན་གཞན་ཡང་ཐར་པ་ནི་ཅུང་ [186a.4]ཟད་ཅང་མེད་དོ་ཞེས་པའོ། །གཞན་གྱི་རྣམ་པ་ཀུན་ཀྱང་འདི་ཡིན་ཏེ། །ཞེས་གསུངས་ཏེ། གཞན་ཐམས་ཅད་ཀྱི་ཐར་པའི་ཚོགས་གང་ཡིན་པར་རྟག་པ་དེ་ཀུན་ཀྱང་ལྷན་ཅིག་སྐྱེས་པ་ནི་འདི་ཉིད་ཡིན་པས་གཞན་ན་མེད་དོ། །དེ་ལྟ་ཡིན་ན་ལྷན་ཅིག་སྐྱེས་པ་བརྗོད་བྱ་ [186a.5]རྗོད་བྱེད་ཀྱི་འབྲེལ་པའི་སྒོ་ནས་མི་རྙེད་དོ། །བརྗོད་བྱ་རྗོད་བྱེད་འབྲེལ་པ་སྟེ། །གསུམ་གྱིས་ལྷན་ཅིག་སྐྱེས་མི་རྙེད། །བསྟན་པའི་ཚིག་གིས་སྦྱོར་བ་ཡིས། །བཅོམ་ལྡན་འདས་ཀྱིས་ཅུང་ཟད་གསུངས། །གླེགས་བམ་མཐོང་བ་ཙམ་གྱིས་ཏེ། །སེམས་ཅན་རྣམས་ཀྱིས་ [186a.6]མི་རྟོགས་ཕྱིར། །གང་དང་གང་གིས་དངོས་མཐོང་བ། །རང་བཞིན་འཁྲུལ་ཅིང་རྟོགས་པ་སྟེ། །དེ་དང་དེ་ཡིས་དངོས་མི་མཐོང་། །འཁྲུལ་མེད་བླ་མའི་བརྒྱུད་པས་སོ། །དེའི་ཕྱིར། ཀློག་པ་དེ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀློག་པ་དང་། [186a.7]འདོན་པ་ཅུང་ཟད་ཅི་བྱེད་པ་ཐམས་ཅད་འཇིག་རྟེན་ལས་འདས་པའི་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཡིན་ནོ། །འཇིག་རྟེན་ལས་འདས་པ་འབའ་ཞིག་ནི་མ་ཡིན་ཏེ། འཇིག་རྟེན་པའི་ཡང་། བསྟན་བཅོས་རྙིང་པ་འཆད་པའང་དེ་ཡིན་ནོ། །ཞེས་གསུངས་ཏེ། གང་ཅུང་ [186b] [186b.1]ཟད་བསྟན་བཅོས་རྙིང་པ་ལ་སོགས་པ་འཆད་པ་དེ་ཐམས་ཅད་ལྷན་ཅིག་སྐྱེས་པ་ཉིད་ཡིན་ཏེ། གཞན་ནི་མ་ཡིན་ནོ། །ཡང་དེ་ལྟ་བུའི་ལྟ་བ་ནི། མཚོན་པར་ནུས་པ་ཡོད་མིན་དེ། །ཞེས་པ་ནི། །དེ་ལྟར་ལྷན་ཅིག་སྐྱེས་པ་བསྟན་པའི་རིམ་པས་ཇི་སྲིད་དུ་སྐྱེས་བུ་ལམ་མ་མཚོན་ན་ [186b.2]དེ་སྲིད་དུ་ཐར་པ་མི་འཐོབ་སྟེ། །གང་གི་དེའི་དུས་དེ་ཉིད་དུ་ཉོན་མོངས་པ་ཟད་པར་བྱེད་པའོ། །དེ་ཇི་ལྟར་རྟོགས་ཤེ་ན། འོན་ཀྱང་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་བླ་མ་མཆོག་གི་ཞབས་ལ་གུས་པས་རྙེད་དོ། །དེ་གསལ་བར་བྱ་བའི་དོན་དུ། [186b.3]གལ་ཏེ་བླ་མས་གསུངས་པ་ནི། །གང་གི་སྙིང་ལ་ཞུགས་པ་ནི། །ཞེས་གསུངས་ཏེ། གལ་ཏེ་བླ་མས་གསུངས་པའི་ལམ་སྙིང་ལ་ཞུགས་ཤིང་རྟོགས་པ་དེའི་ཕྱིར། ལག་པའི་མཐིལ་དུ་བཞག་པའི་གཏེར་མཐོང་བ་འདྲ་བའོ་ཞེས་གསུངས་ཏེ། ཇི་ལྟར་སྐྱེས་ [186b.4]བུ་ཁ་ཅིག་གིས་ཡིད་བཞིན་གྱི་ནོར་བུ་རྙེད་ན། དེའི་ཚེ་དེའི་སྟོབས་ཀྱིས་ངེས་པར་སྦྱིན་པ་ལ་སོགས་པ་བྱེད་དོ། །དེ་བཞིན་དུ་འདིར་ཡང་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཐོབ་ན། ཡིད་བཞིན་གྱི་ནོར་བུ་ཡིན་པས་སེམས་ཅན་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོ་ [186b.5]ཉིད་དུ་བྱེད་པ་དང་། ནོར་ལ་སོགས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་བྱེད་དོ། །འདི་ལྟ་བུའི་ལམ་མི་ཤེས་པས་གཞུང་མཁན་པོ་མདའ་བསྣུན་ན་རེ། འདི་སྐད་སྨྲ་ཞེས་མི་ཤེས་པའི་ཡུལ་ལ་ཡིད་གདུང་བར་བྱེད་པའོ། །འགྲོ་བ་རྣམས་ནི་འཁྲུལ་པས་བསླུས། ། [186b.6]ཞེས་པ་ནི། འགྲོ་བ་ཐམས་ཅད་འཁྲུལ་པ་སྟེ། མུ་སྟེགས་པའི་ལམ་ལ་སོགས་པ་བསླུས་པའོ། །གཉུག་མ་ཡི་ཡང་རང་བཞིན་ནི། །བྱིས་པ་རྣམས་ཀྱིས་མ་མཚོན་ནོ། །ཞེས་བྱ་བ་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་གཉུག་མའི་རང་བཞིན་ལྷན་ཅིག་སྐྱེས་པ་མཚོན་པ་ [186b.7]ནི། བླ་མ་དམ་པ་མཉེས་པར་མ་བྱས་པས་སོ། །དེའི་ཕྱིར་དེ་རྣམས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །སྐྱོན་འདི་རྣམས་ནི་མུ་སྟེགས་པ་འབའ་ཞིག་གི་ནི་མ་ཡིན་གྱིས། དགེ་སྦྱོང་ལ་ཡང་ཡོད་པ་མིན་པར་བསྟན་པའི་ཕྱིར། [187a] [187a.1]བསམ་གཏན་མེད་ཅིང་རང་བྱུང་མེད། །ཅེས་གསུངས་ཏེ། གང་གི་ཚེ་ཡང་དག་པའི་ཡེ་ཤེས་དང་བྲལ་བའི་དགེ་སློང་དེས་རབ་ཏུ་བྱུང་བ་བླངས་ཏེ། འདུལ་བ་ལས་བྱུང་བའི་མཚན་ཉིད་ཀྱི་བསླབ་པ་ལ་སློབ་ཀྱང་དེ་རྣམས་ལ་འབྲས་བུ་ [187a.2]མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་ན་གནས་པའི་ཆུང་མ་དག་དང་ལྷན་ཅིག་ཏུ། །ཞེས་གསུངས་ཏེ། གང་གི་ཚེ་ཁྱིམ་ལ་སོགས་པ་ལ་བརྟེན་པར་གྱུར་བ་དེའི་ཚེ་སྤྱོད་ལམ་ཕུན་སུམ་ཚོགས་པ་ཉམས་པས་ཚུལ་ཁྲིམས་ཉམས་དང་དམ་བཅས་པ་གཅིག་ཉམས་པས་ཐམས་ཅད་ [187a.3]ཉམས་པར་འགྱུར་རོ། །ཇི་ལྟར་སྐྱེས་བུ་གཅིག་གིས་དུག་ཟོས་ནས་ཤི་བ་མཐོང་བ་ལས་སྐྱེས་བུ་གཞན་ཀུན་ཀྱང་དུག་ལ་འཇིགས་པ་སྐྱེ་སྟེ། དེའི་ཚེ་གང་ཅུང་ཟད་ལེགས་པར་བརྟགས་ཏེ་ཟ་བར་བྱེད་པའམ། དུག་གི་དེ་ཉིད་ལ་བསླབ་པར་བྱའོ། །དེའི་ཕྱིར་དང་པོ་ཉིད་ནས་ [187a.4]ལེགས་པར་དཔྱད་ཅིང་བརྟག་པར་བྱའོ། །དེ་ལྟར་མ་བྱས་ན་ཉམས་པར་འགྱུར་རོ། །དེ་ལྟར་གང་ཅུང་ཟད་སྤྱོད་ལམ་དང་དཀའ་ཐུབ་ལ་སོགས་པ་བླངས་པ་དེ་ཐམས་ཅད་དམ་བཅས་པ་བརྟན་པའི་སྒོ་ནས་བསྲུང་བར་བྱའོ། །ཡང་གང་ཞིག། འདོད་པའི་ཡོན་ཏན་རྣམས། ། [187a.5]སྤྱོད་པ་ཡིས་ཀྱང་མི་གྲོལ་ན། །ཞེས་གསུངས་ཏེ། གལ་ཏེ་ལེགས་ཤིང་བརྟན་པས་ཡུལ་བརྟེན་པའི་དགའ་བ་མི་གཏོང་ན། དེའི་ཚེ། མདའ་བསྣུན་ན་རེ་དེ་ཉིད་ནི། །ཡོངས་སུ་ཤེས་པས་མིན་ཞེས་སྨྲ། །ཞེས་གསུངས་ཏེ། དེའི་ཚེ་གཞན་ཡོངས་སུ་བརྗོད་པ་ལ་དགོས་ [187a.6]པ་ཅི་ཡོད་དོ། སྐད་ཅིག་མའི་བདེ་བ་མ་སྤངས་པའི་ཕྱིར་གང་གིས་སྡུག་བསྔལ་ཉམས་སུ་མྱོང་བ་ཉིད་དུ་བྱེད་པའོ། །ཡང་ན་ཡུལ་གྱི་བདེ་བ་འདོད་པའི་ཡོན་ཏན་ལྔ་ལ་དེ་ཉིད་ཤེས་པས་ལོངས་སྤྱོད་ཀྱང་གྲོལ་བར་མི་འགྱུར་ན། དེའི་ཚེ་གཞན་ཡོངས་སུ་བརྗོད་པ་ལས་དགོས་པ་ [187a.7]ཅི་ཡོད་དེ་སྐད་ཅིག་ཡེ་ཤེས་སྐམ་པོ་བརྗོད་པས་གྲོལ་ལམ་སྟེ། མི་གྲོལ་ལོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མངོན་དུ་གྱུར་ན། བསམ་གཏན་གྱིས་ནི་ཅི་ཞིག་བྱ། །གལ་ཏེ་ལྐོག་ཏུ་གྱུར་ན་ཡང་། །མུན་པ་ཡིས་ནི་བཀོལ་བའོ། །ཞེས་གསུངས་ཏེ། གལ་ཏེ་ [187b] [187b.1]མངོན་སུམ་དུ་གྱུར་ན་དེའི་ཚེ་བསམ་གཏན་གྱིས་ཅི་བྱ། །གལ་ཏེ་ལྐོག་ཏུ་གྱུར་པས་མ་མཐོང་ན་མུན་པ་འཇལ་བ་དང་འདྲ་བས་ཅི་ཡང་མཐོང་བར་མི་འགྱུར་རོ། །འདིས་ཅི་བསྟན་ཞེ་ན། བརྟུལ་ཞུགས་ལ་རབ་ཏུ་བྱུང་བ་ལ་སོགས་པ་བརྟུལ་ཞུགས་མ་ལུས་པ་ཅིའི་ཕྱིར་བྱེད་དེ། [187b.2]མུན་པ་ནང་འཇལ་བ་དང་འདྲ་བར་འཇིག་རྟེན་ཕ་རོལ་གྱི་འབྲས་བུ་མ་མཐོང་བའི་ཕྱིར་རོ། མངོན་སུམ་གྱི་ཤེས་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། མདའ་བསྣུན་ངས་ནི་བོས་པ་ཡིན། །ཞེས་གསུངས་ཏེ། གསང་ནས་བཟླས་པ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སྐད་ཆེན་ [187b.3]པོས་གསལ་པོར་བདག་གིས་དེ་ཉིད་བསྟན་པའོ། །དེ་ཡང་གང་ཡིན་ཞེ་ན། ལྷན་ཅིག་སྐྱེས་པའི་རང་བཞིན་ནི། །དངོས་དང་དངོས་མེད་མ་ཡིན་ནོ། །འདིར་དངོས་པོ་ནི་མིག་ལ་སོགས་པ་ལ་སྣང་བའི་དངོས་པོ་གང་ཡིན་པ་དང་། ཡིད་ཀྱིས་བརྟག་པའི་དངོས་པོ་རྣམས་སོ། ། [187b.4]གང་གི་ཕྱིར་དེ་དག་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་སྣ་ཚོགས་སུ་བསྐྱེད་པའོ་ཞེས་དེ་ལྟར་རྟོགས་པར་བྱེད་ན། དེ་ཡང་གྲོལ་བར་མི་འགྱུར་རོ། །དེ་བས་ན་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་དངོས་པོ་མེད་པ་མ་ཡིན་ནོ། །དེ་ལྟར་ཡང་། འདི་ལ་བསལ་བྱ་ [187b.5]ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་ཇི་ལྟར་ཞེ་ན། །རིག་པ་བསྟན་པར་བྱ་སྟེ། འདིར་རྐང་གཉིས་ལ་སོགས་པ་བདེ་བ་ལས་སྐྱེས་ཤིང་བདེ་བ་འདོད་ [187b.6]པའི་ཕ་དང་མའི་སྦྱོར་བ་ལས་སྐྱེ་བར་འགྱུར་རོ། །མ་རྟོག་པ་དེ་ཅིས་ལན་ཞེ་ན། དེའི་ཕྱིར་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་དངོས་པོ་མེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་བརྗོད་དུ་མེད་པའི་ཕྱིར་འཆི་བ་མཐའི་བདེ་བ་ཞེས་བསྟན་ཏེ། དེ་ཉིད་ [187b.7]ཀྱི་ཕྱིར། གང་ལ་བརྟེན་ཏེ་འཆི་བ་དང་། །སྐྱེ་དང་གནས་དང་འཆིང་འགྱུར་བ། །དེ་ལ་བརྟེན་ནས་མཆོག་གི་ནི། །བདེ་བ་ཆེན་པོ་མཆོག་གྲུབ་པོ། །ཞེས་གསུངས་ཏེ། བདེ་བ་གང་གིས་འཆིང་བར་འགྱུར་བ་དེ་ཉིད་ཀྱིས་སྐྱེས་ནས་གནས་ཤིང་འཆིང་སྟེ། དེ་ཉིད་ [188a] [188a.1]ཕལ་པའི་བདེ་བ་ལ་ཆགས་པའི་ཕྱིར་རོ། །དེ་ཉིད་ཀྱང་ཡང་དག་པའི་བླ་མའི་བརྒྱུད་པས་བླངས་ནས་མཆོག་གི་བདེ་བ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །སྐད་གསང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་སོ་སོར་བཤད་པ་ནི། བསམ་གཏན་ [188a.2]དག་དང་བྲལ་བས་ན། །བསམ་གཏན་གྱིས་ནི་ཅི་ཞིག་བྱ། །རྣལ་འབྱོར་ལུང་གང་བརྗོད་དུ་མེད། །དེ་ལ་ཇི་ལྟར་བཤད་དུ་ཡོད། །ཅེས་གསུངས་ཏེ། འདིར་དང་པོར་རེ་ཞིག་སེམས་ནི་བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་དང་བྲལ་བའོ། །དེ་གང་ཡིན་ཞེ་ན། ལྷན་ [188a.3]ཅིག་སྐྱེས་པའི་ཡེ་ཤེས་ཏེ། །དེ་ནི་རྟོག་པས་བྱས་པ་མ་ཡིན་ཏེ། །རྒྱུ་དང་འབྲས་བུ་དང་བྲལ་བའི་ཕྱིར། །འབྲས་བུའི་རྣམ་པར་གཞག་པ་མེད་དོ། །དེའི་ཕྱིར་གང་བརྗོད་དུ་མེད་པ་དེ་ལ་ཇི་ལྟར་བཤད་དུ་ཡོད་ཅེས་པའོ། །དེ་ལྟར་ཡང་། འདི་ནི་རེ་ཞིག་བརྫུན་ཀུན་ [188a.4]ཏེ། །ཇི་སྲིད་ཇི་སྲིད་རྟོག་གྱུར་པ། །ཇི་ལྟར་གྱུར་པ་དེ་དེ་བདེན། །དེ་ཉིད་གང་དུ་མི་རྟོག་པའོ། །གཞན་ཡང་། འདི་ཡི་རང་བཞིན་དང་བ་སྟེ། །རྣམ་པ་མེད་ཅིང་རྡུལ་བྲལ་བ། །སངས་རྒྱས་མ་གཏོགས་གཞན་གྱིས་ནི། །དེ་ནི་རྟོགས་པར་མི་ནུས་སོ། །གཅིག་ [188a.5]ཤོས་སྐྱེ་འགྲོས་རྟོགས་པ་ལྟར། །སངས་རྒྱས་ཀྱིས་ཀྱང་མི་རྟོགས་སོ། །དེ་ཉིད་རྟེན་ཅིང་འབྲེལ་འབྱུང་ཉིད། །དེ་ཉིད་སངས་རྒྱས་ཁོ་ནས་ཤེས། །ཞེས་གསུངས་སོ། །དེའི་ཕྱིར་མི་ཤེས་པས་གཡོགས་པ་རྣམས་ཀྱིས་དེ་ཉིད་རྟོགས་པར་མི་ནུས་ཞེས་པའོ། ། [188a.6]མི་ཤེས་པ་དེ་གང་ཡིན་ཞེ་ན། སྲིད་པའི་ཕྱག་རྒྱས་འགྲོ་བ་རྣམས། །མ་ལུས་པ་ནི་ཁོལ་པོར་བྱས། །གཉུག་མ་ཡི་ནི་རང་བཞིན་ནི། །སུས་ཀྱང་བླངས་པ་ཡོད་མ་ཡིན། །ཞེས་གསུངས་ཏེ། སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་པ་རྣམས་དབང་དུ་བྱས་པ་ [188a.7]ཡིན་ཏེ། སྲིད་པའི་ཕྱག་རྒྱ་ནི་ཡན་ལག་ཅན་མ་སྟེ་སེམས་སྡིག་ཆེ་བ་དང་རྒྱུ་དང་ལྡན་པ་དེས་འགྲོ་བ་རྣམས་ཁོལ་པོར་བྱས་པས། གལ་ཏེ་འདོད་ན་འདོད་པའི་སྲིད་པས་སྲོག་གཅོད་པ་ལ་སོགས་པ་ཐམས་ཅད་བྱེད་པ་ལ་འཇུག་སྟེ། འདོད་པའི་བདེ་བ་དེས་འགྲོ་བ་ [188b] [188b.1]ཀུན་སྨྱོན་པ་ལྟ་བུར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་གཉུག་མ་ནི་ཡང་དག་པའི་དེ་ཉིད་དོ། །སུས་ཀྱང་བླངས་པ་མེད་པ་ནི་སུས་ཀྱང་རྟོག་པ་མེད་པའོ། །གཞན་ཡང་ནོར་གྱིས་སྲིད་པས་སྔགས་དང་རྒྱུད་ལ་སོགས་པ་བཤད་པས་འགྲོ་བ་རྣམས་རྨོངས་པར་བྱེད་ [188b.2]པར་འགྱུར་པ་ནི། རྒྱུད་མེད་སྔགས་ཀྱང་མེད་པ་སྟེ། །བསམ་བྱ་དང་ནི་བསམ་གཏན་མེད། །ཅེས་གསུངས་ཏེ། འདི་ནི་གཞུང་བྱེད་པ་པོས་སྙིང་རྗེའི་དབང་གིས་གསུངས་ཏེ། རྒྱུད་དང་སྔགས་ཙམ་པོས་ནི་ཐར་པ་ཐོབ་པ་མ་ཡིན་ནོ། །དེ་དག་གིས་ནི། ཀྱེ་ [188b.3]རྨོངས་པ་དེ་ཀུན་འཁྲུལ་པའི་རྒྱུ། །ཞེས་གསུངས་ཏེ། ཀྱེ་བླུན་པོ་རྒྱུད་དང་སྔགས་དེ་དག་ནི། །སྲིད་པ་ཐམས་ཅད་ཕུན་སུམ་ཚོགས་པའི་འབྱོར་བའི་རྒྱུའོ། །ཡང་ན་འཁྲུལ་པ་ནི་གང་གི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་པའོ། །དེའི་ཕྱིར། དྲི་མ་མེད་ [188b.4]པའི་སེམས་ལ་ནི། །བསམ་གཏན་གྱིས་ཀྱང་བསླང་མི་བྱ། །ཞེས་གསུངས་ཏེ། དྲི་མ་མེད་པའི་སེམས་མི་ཤེས་པས་མི་བསླད་ཅིང་མ་བཅིངས་པ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དྲི་མ་མེད་ཅེ་ན། སེམས་ཞེས་བྱ་བ་ནི་གཉིས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། ། [188b.5]འཇིག་རྟེན་པའི་རྣམ་པར་རྟོག་པའི་མཚན་ཉིད་ཅན་ནི་སྔོན་དུ་སུན་ཕྱུང་ཟིན་ཏོ། །འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་ངོ་བོའམ་ཆོས་ཀྱི་སྐུའི་མཚན་ཉིད་དོ། །དེའི་ཕྱིར། བདག་ཉིད་བདེ་ནས་གདུང་མ་བྱེད། །ཅེས་གསུངས་ཏེ། འདིས་ [188b.6]ནི་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ། ཁམས་གསུམ་རྣམ་པར་གནས་པའོ། །དེ་བས་ན་བདག་ཉིད་བརླག་པར་མ་བྱེད་ཅིག་ཅེས་སྡུག་བསྔལ་ལ་མི་གནས་ཞེས་བྱ་བའི་དོན་ཏོ། །བདེ་བའི་རང་བཞིན་དུ་གྱིས་ཤིག་ཅེས་པའོ། །དེ་ཇི་ལྟར་བྱ་ [188b.7]ཞེ་ན། ཟ་ཞིང་འཐུང་ལ་ཞེས་བྱ་བ་ལ་སོགས་པ་ནས་མནན་ནས་འགྲོ་བའི་བར་གྱིས་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་སྟོན་ཏེ། ཇི་ལྟར་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་བྱིས་པ་ལྟ་བུ་ཟ་བ་དང་འཐུང་བ་དང་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་གཉིས་སྤྲོད་པའི་བདེ་བ་ [189a] [189a.1]གྱིས་ཤིག །ཅེས་པའོ། །ཡང་དང་ཡང་དུ་འཁོར་ལོ་འགེངས། །ཞེས་པ་དང་། ཡང་ཐོད་པ་ལ་སོགས་པ་བླངས་ལ་གཏོར་མ་སྦྱིན་ཞིང་ཚོགས་ཀྱི་འཁོར་ལོའི་གང་ཟག་རྣམས་ལྷའི་གཟུགས་ཀྱིས་གནས་པའོ། །འདིས་ནི་གྲུབ་པར་ [189a.2]འགྱུར་ཏེ། སྐལ་བ་དང་ལྡན་པའི་འཇིག་རྟེན་པ་རྣམས་ཡེ་ཤེས་གྲུབ་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པའོ། །རྨོངས་པའི་འཇིག་རྟེན་ནི་མུ་སྟེགས་པ་ལ་སོགས་པའི་འཇིག་རྟེན་པ་བསྟེན་པ་སྟེ། དེའི་མགོ་བོར་རྡོག་པས་མནན་ནས་འགྲོ་བ་ཐམས་ [189a.3]ཅད་འདུལ་བར་བྱེད་པའོ། །འདིས་ནི་ཕྱག་རྒྱ་ཆེན་པོ་འགྲུབ་པ་སྟེ། དེའི་གདམས་ངག་གང་ཡིན་ཞེ་ན། །གང་དུ་རླུང་དང་སེམས་མི་རྒྱུ། །ཉི་མ་ཟླ་བ་འཇུག་མེད་པ། །དེ་ལ་རྨོངས་པས་སེམས་ངལ་སོས། །མདའ་བསྣུན་གྱིས་ནི་མན་ངག་བསྟན། །ཞེས་གསུངས་ [189a.4]ཏེ། གང་བླ་མའི་མན་ངག་གིས་སྐྱེ་འགྲོ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་རང་གིས་ཉམས་སུ་མྱོང་བ་ཡིན་པ་དེ་ལ། སེམས་ངལ་སོས་པ་དང་བདག་ཉིད་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་གནས་པ་དེ་ལ་རླུང་དང་སེམས་མི་རྒྱུ་ཞིང་དེ་ཉིད་ལ་ཉི་མ་དང་ཟླ་བ་འཇུག་པ་ [189a.5]མེད་དེ། རྣམ་པར་རྟོག་པ་མེད་པ་ཙམ་ནི་མ་ཡིན་ཏེ། དངོས་པོ་ཐམས་ཅད་འགག་པར་འགྱུར་རོ། །ཇི་ལྟར་བྱིས་པ་རྣམས་ཀྱིས་དགོངས་ཏེ་བསྟན་པའི་སྐད་མི་ཤེས་པས། ཡིད་དང་རླུང་མཉམ་པར་འགག་པ་ལ་བརྟེན་ནས་སྡུག་བསྔལ་བར་འགྱུར་རོ། །དེ་ [189a.6]བས་ན་འདིར་འགོག་པ་ཞེས་བྱ་བ་ནི་འགག་པའི་ཚིག་སྟེ། རླུང་འགོག་པ་རྦ་རླབས་ཀྱིས་དགོས་བ་ཅི་ཡོད་ཅེས་པའོ། །ཇི་སྲིད་དུ་ལུས་ཡོད་པར་རླུང་རྒྱུ་སྟེ། དེ་སྲིད་དུ་རླུང་འགགས་པས་འགོག་པའི་སྙོམས་འཇུག་གམ་འཆིང་བར་གྱུར་པ་སྟེ། དེའི་ཕྱིར་བླ་ [189a.7]མ་དམ་པའི་མན་ངག་ལས་ཤེས་པར་བྱའོ། །མདའ་བསྣུན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་རླུང་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་བདུད་རྩི་ཡང་ཡིན་ཏེ་ཡིད་བདེ་བའི་ངོ་བོའོ། །དེ་ལྟར་ཉི་མ་དང་ཟླ་བ་ནི་འདོད་ཆགས་དང་། འདོད་ཆགས་ [189b] [189b.1]དང་བྲལ་བའོ། །དེ་དག་གི་རྟག་པ་མ་ཡིན་པའི་ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་བླང་བར་བྱའོ། །དེ་ལྟ་བུའི་གདམས་པ་ནི་ཐོབ་ནས། གཉིས་སུ་མི་བྱ་གཅིག་ཏུ་འང་མིན། །ཞེས་བྱ་བ་ནས། རིགས་ལ་བྱེ་བྲག་མེད་པར་ནི། །ཁམས་གསུམ་མ་ལུས་ [189b.2]འདི་ཐམས་ཅད། །འདོད་ཆགས་ཆེན་པོ་གཅིག་ཏུ་འགྱུར། །དེ་དེ་ཐོག་མ་བར་མཐའ་མེད། །སྲིད་མིན་མྱ་ངན་འདས་པ་མིན། །བདེ་བ་ཆེན་པོ་མཆོག་འདི་ལ། །བདག་དང་གཞན་དུ་ཡོད་མ་ཡིན། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་ [189b.3]གང་མཐོང་བ་དེ་དེ་ཉིད། །དེ་རིང་ད་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་མི་བྱ། །དབང་གང་དུ་ནུབ་གྱུར་ཙམ་ན། །རང་གི་ངོ་བོ་ཉམས་པར་གྱུར། །གྲོགས་དག་དེ་ནི་ལྷན་ཅིག་སྐྱེས། །བླ་མའི་ཞལ་ནས་གསལ་བར་དྲིས། །ཞེས་བྱ་བའི་ [189b.4]བར་ནི་གོ་སླའོ། །འོན་ཀྱང་ཐམས་ཅད་བླ་མའི་གདམས་ངག་གིས་ཁྱབ་པའོ། །དེའི་ཕྱིར་དེ་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་གྱིས་ཤིག་ཅེས་པའོ། །ཁ་ཅིག་ཏུ་གལ་ཏེ་འཁྲུལ་པ་ཡོད་ན་དེའི་ཚེ། བླ་མའི་ཞབས་ཀྱི་གན་དུ་གསལ་པོར་དྲི་ [189b.5]བར་གྱིས་ཤིག་དང་། དེས་འཁྲུལ་པ་མེད་པར་འགྱུར་རོ། །དེས་ན་དེའི་ཚེ་བླ་མའི་བཀའ་ལུང་གིས་གདམས་ངག་བསྟེན་པའི་ཚུལ་གསུངས་ཏེ། ཡིད་ནི་གང་ཤི་རླུང་གར་དེངས། །ཞེས་གསུངས་ཏེ། གང་གི་ཕྱིར་ཡིད་ཤི་བ་དང་རླུང་ཡང་ཟད་ཅིང་དེངས་པར་ [189b.6]འགྱུར་རོ། །དེ་གཉིས་འབའ་ཞིག་ནི་མ་ཡིན་ཏེ། གཞན་ཡང་། འདི་ནི་བདེ་ཆེན་མཆོག་ཡིན་ཏེ། །སྤངས་ནས་གང་ཡང་མི་འགྲོའོ། །ཞེས་གསུངས་ཏེ། འདི་ལྟར་སྟོན་ཏེ། མཆོག་གི་བདེ་བ་ཆེན་པོ་གང་གིས་མ་ཐོབ་པ་དེ་ཡང་སྤངས་ལ་སྟེ། [189b.7]ཡང་དག་པའི་བླ་མའི་གདམས་ངག་མེད་པས་བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་པ་སྟོན་པའི་སྒོ་ནས་ཅུང་ཟད་ཀྱང་མི་རྙེད་དོ་ཞེས་པའོ། །གར་ཡང་མི་འགྲོའོ་ཞེས་པ་ནི་གང་དུ་ཡང་མི་འགྲོ་བ་སྟེ། ངག་གི་སྤྱོད་ཡུལ་མ་ཡིན་ཞེས་དགོངས་སོ། །དེ་སྐད་དུ་ [190a] [190a.1]ཡང་། བློ་ཡི་སྤྱོད་ཡུལ་མ་ཡིན་ངག་གི་སྤྱོད་ཡུལ་དག་ལས་འདས། །བླ་མས་བསྟན་པའི་དངོས་པོ་བརྗོད་ཅིང་འཇུག་པ་དག་ལ་རིང་། །དེ་ཡང་རིགས་ཀྱི་སྙིང་རྗེ་དག་སོགས་ཡོན་ཏན་དྲི་མེད་པའི། །དད་ལྡན་སེམས་ཀྱི་གོ་འཕང་ལ་ [190a.2]ནི་རང་ཉིད་ཀྱི་ནི་འཆར། །ཞེས་གསུངས་སོ། །ཀྱེ་ཧོ་རང་གི་འདི་ལ་མ་འཁྲུལ་ཅིག །དངོས་པོ་དངོས་པོ་མེད་པ་ནི། །བདེ་བར་འགྲོ་བའང་འཆིང་བ་སྟེ། །ཞེས་གསུངས་ཏེ། རང་རིག་པ་སྟེ་ཐོག་མ་མེད་པའི་དུས་ནས་བརྟགས་པའི་བདེ་བ་ཞེས་ [190a.3]གྲོགས་པོ་དག་རྟོག་པར་མ་བྱེད་ཅིག །གལ་ཏེ་བྱེད་ན་རྨོངས་པར་འགྱུར་རོ་ཞེས་པའོ། །དེའི་ཕྱིར་དངོས་པོ་སྟེ་གོང་དུ་བསྟན་པའི་མཚན་ཉིད་དང་དངོས་པོ་མེད་པའི་མཚན་ཉིད་ནི། བདེ་འགྲོའི་རྣམ་པར་རྟོག་པ་སྟེ། །ཀྱེ་རྨོངས་པ་དེ་ཐམས་ཅད་འཆིང་བ་ཡིན་ནོ། ། [190a.4]གསེར་གྱི་སྒྲོག་དང་ལྕགས་ཀྱི་སྒྲོག་ལ་འཆིང་བར་བྱེ་བྲག་མེད་དེ། དེའི་ཕྱིར་འདི་ཐམས་ཅད་བོར་བར་བྱའོ། །དེ་ལྟར་དམ་པར་ཡང་རྟོག་པ་མེད་པ་སྟེ། འཇུག་པར་མི་འགྱུར་མཁས་པ་ཡིན། །དགེ་བ་དང་ནི་མི་དགེ་ཡང་། །རྟོག་པ་ཉིད་དུ་བྱེ་བྲག་མེད། ། [190a.5]མེས་ནི་སྲེག་པར་བྱེད་པ་ལ། །བུད་ཤིང་ཁྱད་ཀྱི་བྱེ་བྲག་མེད། །རེག་བཞིན་པས་ན་དེ་སྲེག་སྟེ། །ཙནྡན་ལ་འབར་མེ་ཡང་ངོ་། །འདི་ཇི་ལྟར་བྱ་ཞེ་ན། ཀྱེ་ཧོ་རྣལ་འབྱོར་གཉུག་མ་ཡི། །ཡིད་ལ་ནན་ཏན་གྱིས་ལ་ལྟོས། །ཇི་ལྟར་ཆུ་ལ་ཆུ་འདྲེས་བཞིན། ། [190a.6]ཞེས་གསུངས་ཏེ། ཀྱེ་རྣལ་འབྱོར་པ་གཅིག་ཏུ་སྡོད་དང་། གཉུག་མའི་ཡིད་དངོས་པོ་དང་། དངོས་པོ་མེད་པ་སྤངས་པའམ། འོད་གསལ་གྱི་ངོ་བོ་ཉིད་ལ་ལྟོས་ཤིག་ཅེས་པའོ། །གཅིག་ཏུ་སྡོད་པའི་རྣལ་འབྱོར་ནི་སེམས་ཀྱི་འཇུག་པ་དམིགས་པ་ལ་སེམས་ [190a.7]རྩེ་གཅིག་པའམ་ཤེས་པ་དང་ཤེས་བྱའི་མཚན་ཉིད་དོ། །དེ་ཡང་གང་ཆུ་ལ་ཆུ་བཞག་པ་བཞིན་དུ་བཞག་སྟེ་འདྲེས་པ་དེ་ལྟ་བུར་གྱུར་ན་རྣལ་འབྱོར་དུ་འགྱུར་རོ། །བརྫུན་པའི་བསམ་གཏན་དག་གིས་ནི། །ཐར་པ་ཉིད་ནི་ཇི་ལྟར་རྙེད། །སྒྱུ་འཕྲུལ་གྱི་ནི་དྲ་བ་ [190b] [190b.1]དག།ཇི་ལྟར་པང་དུ་བླང་བར་བྱ། །ཞེས་གསུངས་ཏེ། བརྫུན་པའི་སྐྲ་ཤད་ནི་རབ་རིབ་ཅན་གྱི་ལྟ་བུར་ཐར་པ་རྟོག་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་དེ་ལྟ་བུའི་དཀའ་ཐུབ་དེས་ཤིན་ཏུ་རྙེད་པར་དཀའོ། །ཅིའི་ཕྱིར་ཞེ་ན། སྒྱུ་འཕྲུལ་དྲ་བ་ནི་ཁམས་ [190b.2]གསུམ་མ་ལུས་པའོ། །ཇི་ལྟར་པང་དུ་བླང་བར་བྱ་བ་ནི། དེ་ལྟ་བུས་རྟོགས་པར་མི་ནུས་ཞེས་པའོ། །འོན་ཀྱང་། བླ་མ་མཆོག་གིས་གསུངས་པ་རྣམས། །ཐམས་ཅད་ལ་ནི་ཡིད་ཆོས་ཀྱིས། །མདའ་བསྣུན་ང་ཡི་ངག་གིས་བསྟན། །ཞེས་གསུངས་ [190b.3]ཏེ། གལ་ཏེ་རེ་ཞིག་བླ་མའི་བཀའ་བདེན་པར་ཡིད་ཆེས་པ་དེའི་ཚེ། བླ་མ་མཚོ་སྐྱེས་རྡོ་རྗེ་མཆོག་གི་ཞབས་ཀྱི་གསུང་གིས་ངས་འདིར་དོ་ཧ་ཀོ་ཤའི་འགྲེལ་པ་བྱས་སོ། །གདོད་ནས་དག་པའི་ནམ་མཁའ་ལ། །ཞེས་གསུངས་ཏེ། དེ་ལྟར་བླ་མའི་ [190b.4]གདམས་ངག་གིས་ཡིད་ཆེས་པར་བྱས་ན་སྲིད་པ་ཐམས་ཅད་ཀྱི་ངལ་བ་གང་ཡིན་པ་དེ་ཐམས་ཅད་དག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བལྟས་ཤིང་བལྟས་ཤིང་མཐོང་བ་དགའ། །ཅེས་གསུངས་ཏེ། ཇི་ལྟར་ཐག་རིང་ལ་སྨིག་རྒྱུ་ལ་ཆུར་མཐོང་བ་ཡང་ [190b.5]དང་ཡང་དུ་བལྟས་པས་མཐར་འགགས་པར་འགྱུར་རོ། །དེ་བཞིན་དུ་འདིར་ཡང་དཔྱད་བཞིན་པས་ཐམས་ཅད་ཁྱད་པར་ཅན་གྱི་ཆོས་སྐུའི་རང་བཞིན་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །ཇི་ལྟར་དཔྱད་ཅེ་ན། བླ་མ་དམ་པའི་གདམས་ངག་མངོན་དུ་བྱས་པའི་རྒྱུན་ [190b.6]གྱི་ནི། དེ་ཡང་རྣམ་པར་རྟོག་པའི་སྒོམ་པ་ནི་སྨིག་རྒྱུའི་ཆུ་བཞིན་ནོ། །གལ་ཏེ་དེ་ཉིད་ཀྱིས་སངས་རྒྱས་འགྲུབ་པོ་ཞེས་ཟེར་ན། དེའི་ཚེ་སངས་རྒྱས་རྟེན་འབྲེལ་དུ་འགྱུར་རོ། །མུན་པ་མེད་པའི་སྣང་བ་བཞིན་ནོ། །གྲིབ་མ་མེད་པ་དང་ཉི་འོད་བཞིན་དུ་ཁྱད་པར་ [190b.7]ཅན་གྱི་སྤྲུལ་པའི་སྐུ་འདི་ལས་འབྱུང་ངོ་། །ཡི་དགས་འགོག་པ་ལས་ནི་ཁྱད་པར་ཅན་གྱི་ཆོས་སྐུའི་རང་བཞིན་དུ་འགྱུར་རོ། །དེ་ཡང་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ་ཞེས་དགོངས་ཏེ། ཡང་དེ་ལ་ཡིད་ཤི་ཞིང་འགགས་པ་ཞེས་ནི་མི་བྱའོ། །དེ་ལྟ་བུ་མི་ [191a] [191a.1]ཤེས་པ་རྣམས་ལ། །འདི་ལྟ་བུ་ཡི་ནམ་མཁའ་ལ། །གང་ཞིག་གི་ནི་དུས་སུ་འགོག །གཉུག་མའི་ཡིད་ཀྱི་སྐྱོན་གྱིས་ནི། །བྱིས་པ་རྣམས་ཀྱིས་མ་གོའོ། །ཞེས་གསུངས་ཏེ། དེ་ལྟ་བུའི་ཉོན་མོངས་པ་དུས་སུ་འགོག་པ་ནི་མ་ [191a.2]སྐྱེས་པའི་དུས་ཏེ་ཐམས་ཅད་ཀྱིས་འཇིག་པའི་དུས་ཞེས་དགོངས་སོ། །དེའི་ཚེ་ངེས་པར་སྲེད་པ་ལ་མངོན་པར་ཞེན་པའི་སྐྱོན་གྱིས་བྱིས་པ་དང་། མུ་སྟེགས་པ་རྣམས་བསླུས་ཏེ་མ་རིག་པའོ། །དེ་ཉིད་ཀྱི་ཕྱིར། ང་རྒྱལ་གྱི་ནི་སྐྱོན་གྱིས་ནི། །དེ་ཉིད་མཚོན་པར་མི་ [191a.3]ནུས་སོ། །ཞེས་གསུངས་ཏེ། ལོག་པའི་ཤེས་པའི་ང་རྒྱལ་གྱིས་དེ་ཉིད་མཚོན་པར་མི་ནུས་སོ། །ཐེག་པ་མ་ལུས་སུན་འབྱིན་ཅིང་། །ཞེས་གསུངས་ཏེ། དེ་སྐྱོན་དང་ལྡན་པས་མ་ལུས་པའི་ཐེག་པ་སུན་འབྱིན་ཏེ། མ་རུངས་པའི་སྐྱེས་བུ་བཞིན་ནོ། ། [191a.4]འཇིག་རྟེན་པ་ཀུན་ཐེག་པས་རྨོངས། །ཞེས་གསུངས་ཏེ། འཇིག་རྟེན་པ་ཀུན་རང་རང་གི་ཐེག་པ་སྟེ་མུ་སྟེགས་པ་ཀུན་རང་རང་གི་ཐེག་པ་རྣམས་རྨོངས་པའོ། །གཉུག་མའི་རང་བཞིན་གང་ཡིན་པ། །དེ་ནི་སུས་ཀྱང་མ་རྟོགས་སོ། །ཞེས་གཞུང་བྱེད་པའི་ [191a.5]མཁན་པོ་ཧ་ལས་པའོ། །ཡང་སེམས་ཀྱི་རྩ་བ་མཚོན་ཏེ། །ལྷན་ཅིག་སྐྱེས་པ་དེ་ཉིད་གསུམ། །དེ་དང་དེར་སྐྱེས་དེ་རུ་ནུབ། །དེ་ནི་གསལ་པོར་གནས་པའོ། །ཞེས་གསུངས་ཏེ། འདིར་ནི་གདམས་ངག་གསལ་པོར་སྟོན་ཏེ། སེམས་ཀྱི་ནི་ [191a.6]གདམས་ངག་སེམས་པ་སྟེ་གཅིག །དེ་བཞིན་དུ་རྩ་བ་མི་མངོན་པ་ནི་བླ་མའི་གསུང་གིས་བསྟན་པའི་དོན་མཚོན་བྱེད་དེ་གཉིས། ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་ངོ་བོ་ཉིད་མཚོན་བྱེད་ཀྱིས་མ་མཚོན་པ་དང་། དེ་ཉིད་རྣམ་པ་གསུམ་གྱིས་དེ་ལྟར་མཚོན་བྱ་དང་ [191a.7]མཚོན་པ་པོ་གསུམ་བརྫུན་ཞིང་ལོག་པ་སྟེ། དེ་ལྟར་ཡིན་ན་ལྷན་ཅིག་སྐྱེས་པ་ནི་རྗོད་བྱེད་ཀྱི་འབྲེལ་བའི་སྒོ་ནས་མི་རྙེད་དེ། བརྗོད་བྱ་རྗོད་བྱེད་འབྲེལ་པ་སྟེ། །གསུམ་གྱིས་ལྷན་ཅིག་སྐྱེས་མི་རྙེད། །བསྟེན་པའི་ཚིག་གི་སྦྱོར་བ་ཡིས། །བཅོམ་ལྡན་ [191b] [191b.1]འདས་ཀྱིས་ཅུང་ཟད་གསུངས། །གླེགས་བམ་མཐོང་བ་ཙམ་གྱིས་ནི། །སེམས་ཅན་རྣམས་ཀྱིས་མི་རྟོགས་སོ། །གང་དང་གང་གིས་དངོས་མཐོང་བ། །རང་བཞིན་འཁྲུལ་ཅིང་རྟོག་པ་སྟེ། །དེ་དང་དེ་ཡི་དངོས་མི་མཐོང་། །འཁྲུལ་མེད་བླ་མའི་བརྒྱུད་ [191b.2]པས་སོ། །ཞེས་གསུངས་སོ། །གལ་ཏེ་བཟུང་ནས་ཀྱང་དེའི་ཚེ་ཐམས་ཅད་སེམས་ལས་བྱུང་བའི་ངོ་བོར་འགྱུར་ཏེ། དེས་ནི་གདམས་ངག་གི་བརྒྱུད་པ་རྒྱུན་ཆད་པར་འགྱུར་རོ། །དེ་ལྟ་བུའི་གནས་ལ་རྣལ་འབྱོར་པ་དཔའ་བོ་འགའ་ཙམ་གྲོལ་བར་ [191b.3]འགྱུར་རོ། །དེའི་ཕྱིར་འདི་ལྟ་བུས་གནས་པར་བྱའོ། །དེ་ལ་ཆོས་ཐམས་ཅད་འཇུག་པར་བྱེད་པ་ནི་དོན་དམ་པ་ཞེས་བྱའོ། །དེ་ཉིད་བདེ་བ་ཆེན་པོ་གཅིག་ཏུ་རྒྱལ་གྱུར་ཅིང་། །འགྲོ་བ་རྣམས་ལ་རྟག་འཆར་རྒྱུ་རྐྱེན་བྲལ་འགྱུར་བ། །གང་ཞིག་ [191b.4]གིས་ནི་དེ་ཉིད་བརྗོད་པའི་དུས་དག་ན། །ཐམས་ཅད་མཁྱེན་པ་དག་ཀྱང་ཚིག་གིས་ཕོངས། །ཞེས་གསུངས་སོ། །རྩ་བ་བྲལ་བའི་དེ་ཉིད་ནི། །གང་གིས་སེམས་པ་བླ་མ་ཡི། །མན་ངག་གིས་ནི་དེ་ཉིད་རྟོགས། །ཞེས་གསུངས་ཏེ། གང་ཁ་ཅིག་ [191b.5]རྩ་བ་དང་བྲལ་བའི་དེ་ཉིད་སེམས་པ་ནི་བླ་མའི་མན་ངག་སྟེ། དེ་ཉིད་སྐྱེས་བུ་རིན་པོ་ཆེས་རྟོགས་པའོ། །ཆོས་རྣམས་མདའ་བསྣུན་གྱིས་སྨྲས་ཞེས་པར་བྱོས། །གང་ཞིག་འཁོར་བ་འཇོམས་པ་ནི། །སེམས་ཀྱི་ངོ་བོ་ཉིད་ཡིན་ནོ། །ཞེས་གསུངས་ཏེ། [191b.6]འདི་ནི་གཞུང་མཁན་པོས་གསལ་པོར་སྟོན་ཏེ། གང་ཁ་ཅིག་སེམས་ཀྱི་ངོ་བོ་ཉིད་བསྒོམ་པ་དེ་ཉིད་འཁོར་བ་འཇིག་པའི་རྒྱུར་འགྱུར་རོ། །བླ་མ་དམ་པའི་གདམས་ངག་གིས་དེ་ཉིད་ངེས་པ་བརྟན་པོས་མཚོན་པ་དེས་སེམས་ཀྱི་འཁོར་བ་དེ་འཇིག་པར་འགྱུར་ [191b.7]རོ་ཞེས་གསུངས་སོ། །དེའི་ཕྱིར། གཉུག་མའི་རང་བཞིན་དེ་ཉིད་ནི། །ངག་གིས་བརྗོད་དུ་ཡོད་མ་ཡིན། །ཞེས་གསུངས་ཏེ། རང་བཞིན་གཉུག་མ་ནི་རང་འབྱུང་གི་ཤེས་པའི་ངོ་བོ་ཉིད་དོ། །གཞན་གྱིས་བརྗོད་བྱ་མ་ཡིན་པ་ནི་མུ་སྟེགས་པ་ལ་ [192a] [192a.1]སོགས་པ་རྣམས་ཀྱིས་སོ། །འོ་ན་དེ་གང་གིས་སྟོན་ཞེ་ན། བླ་མའི་གདམས་ངག་མིག་གིས་མཐོང་། །ཞེས་གསུངས་ཏེ། སར་ཧ་བདག་གིས་བླ་མ་སངས་རྒྱས་ལ་བརྟེན་པའི་གདམས་ངག་གིས་རྟོག་པ་ཡིན་གྱིས་གཞན་གྱིས་ནི་མ་ [192a.2]ཡིན་ནོ། །བླ་མའི་གདམས་ངག་གིས་ཉམས་སུ་མྱོང་བའོ། །དེ་ལྟར་འདི་ལྟ་བུ་ལ་ཡོན་ཏན་ཅི་ཡོད་ཅེ་ན། འདི་ལ་སྐྱོན་ནི་རྡུལ་ཙམ་མེད། །ཅེས་གསུངས་ཏེ། འདི་ལ་སྐྱོན་གྱི་གནས་རྡུལ་ཙམ་ཡང་མེད་དོ། །གང་གི་ཕྱིར་ཞེ་ན། །ཆོས་དང་ཆོས་མིན་ [192a.3]མཉེས་ནས་ཟོས། །ཞེས་གསུངས་ཏེ། བླ་མ་དམ་པའི་གདམས་ངག་གིས་སྔོན་དུ་བསྟན་པའི་ཆོས་དང་ཆོས་མ་ཡིན་པ་དག་པར་བྱས་ནས་ཟ་ཞིང་ལོངས་སྤྱོད་པར་བྱེད་དོ། །འདིའི་ཉེ་བར་སྤྱོད་པར་བྱེད་དོ། །འདིའི་ཉེ་བར་སྤྱོད་པ་ནི། གང་གི་ཚེ་ན་གཉུག་མའི་ཡིད། །ཐམས་ཅད་སྦྱངས་པ་ [192a.4]དེ་ཡི་ཚེ། །ཞེས་གསུངས་ཏེ། དེ་ལྟར་ཆོས་ཐམས་ཅད་ཡིད་ལ་བྱེད་པ་མེད་པ་སྟེ། ངོ་བོ་ཉིད་ཀྱིས་མ་སྐྱེས་པས་གཞན་རྒྱུ་ལ་སོགས་པ་ལ་ལྟོས་པ་མེད་པའོ། །གང་གི་ཚེ་ཡིད་ལ་འཁྲུལ་པ་ཡོད་པ་སྤངས་པ་དེའི་ཚེ། ཆོས་ཐམས་ཅད་དག་པར་ [192a.5]འགྱུར་བ་ཡིན་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ། །བླ་མའི་ཡོན་ཏན་སྙིང་ལ་འཇུག །ཅེས་པ་ནི། བླ་མས་བྱིན་པའི་མན་ངག་གི་ཡོན་ཏན་རང་གི་སྙིང་ལ་ཞུགས་ཤིང་རྟོགས་ན་དེ་ལ་དག་པར་བྱེད་པ་དང་། ཟ་བའི་དུས་སུ་ལུས་ལ་སོགས་པ་བཏང་བར་ [192a.6]བྱེད་པས་ཡིད་ཆེས་པའོ། །བླ་མའི་གདམས་ངག་རྟོགས་ནས་ཀྱང་གཞན་ལ་མི་སྟེར་ན། དེས་གདམས་ངག་མ་རྟོགས་ཞེས་བྱ་སྟེ། ཤིན་ཏུ་འཛིན་ཆགས་དང་ལྡན་པའི་ཕྱིར་རོ། །འདི་ལྟ་བུ་ཡི་ཡིད་མེད་པ། །ཐུབ་པ་མདའ་བསྣུན་ང་ཡིས་རྟོགས། །ཞེས་ [192a.7]གསུངས་ཏེ། འདི་ལྟ་བུ་ཡིད་མེད་པར་མཚོན་པའམ། ཡང་ན་ཡིད་མེད་པ་ཐུབ་པ་སྟེ། བཅོམ་ལྡན་འདས་སོ། །དེ་ནི་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞབས་ཡིན་ཏེ། དེས་དོན་དམ་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་གསུངས་པའོ། །ཡིད་མེད་ནི་རི་བོང་རྭ་ [192b] [192b.1]ལྟ་བུ་ཡང་མེད་པ་ནི་མ་ཡིན་ནོ། །དེ་ལྟར་དེ་ཡི་གནས་སྐབས་སུ། །ཡེ་ཤེས་ཁོ་བོ་ལྟ་བུས་སྟོང་པར་བརྗོད། །ཡང་ནི་འཇིག་རྟེན་གྲགས་པ་ཡི། །མེད་པ་ལྟར་རྗེས་འབྲངས་པ་མིན། །དོན་ནི་མེད་པའི་ངོ་བོ་ཉིད། །ཐ་སྙད་ཙམ་དུ་ཡོད་པ་ཉིད། །རང་བཞིན་མེད་པའི་ཆོས་ [192b.2]རྣམས་ལ། །ཡོད་ཉིད་མེད་ཉིད་ག་ལ་ཡོད། །ཁྱོད་ཉིད་དྲན་པར་མི་བྱ་བ། །བཀག་པ་ཉིད་དེ་དྲན་པར་བྱེད། །ཇི་ལྟར་དེ་བཞིན་མེད་སྒྲ་ལས། །ཞི་བ་དག་ནི་སྒྲུབ་པར་བྱེད། །ཅེས་རྒྱས་པར་གསུངས་སོ། །གལ་ཏེ་སྒྲིབ་པ་དང་བཅས་པའི་ཡིད་འགགས་པས་ཁྱད་པར་ [192b.3]ཅན་གྱི་ཡིད་སངས་རྒྱས་སུ་འགྲུབ་ཙམ་ན། སྔགས་རྣམས་དང་ནི་རྒྱུད་རྣམས་ནི། །གཅིག་ཀྱང་བདག་གིས་མ་མཐོང་ངོ་། །ཞེས་གསུངས་ཏེ། རྒྱུད་ནི་རྣམ་པ་མང་པའོ། །དེ་ལས་གསུངས་པ་ནི་སྔགས་ཏེ། དེ་རྣམས་ཀྱི་གྲུབ་པའི་མཐའ་དང་། གཞན་གྱིས་བརྟགས་པའི་ལྟ་ [192b.4]བ་དང་། སྒོམ་པ་དང་། བསྒོམ་བྱ་དང་། སྒོམ་པ་པོ་ལ་སོགས་པའི་མཚན་ཉིད་བདག་གིས་གཅིག་ཀྱང་མི་མཐོང་ངོ་། །ཅིའི་ཕྱིར་ཞེ་ན། དེ་ནི་འཇིག་རྟེན་པ་འདུལ་བའི་ཕྱིར་གསུངས་ཏེ། ཁྱད་པར་ཅན་གྱི་འབྲས་བུ་ནི་མ་མཐོང་ངོ་། །རྣལ་འབྱོར་གོམས་པས་ཅི་ཞིག་ [192b.5]བྱ། །གདོང་ནས་དག་པའི་ངོ་བོ་ཉིད། །རང་བཞིན་གྱིས་ནི་གྲུབ་པ་སྟེ། །རྟོག་ལས་དེ་བཞིན་ཉིད་མི་སྐྱེ། །དངོས་མེད་མཚན་ཉིད་བྱང་ཆུབ་སྟེ། །ཆོས་རྣམས་མ་ལུས་དེ་དངོས་ཉིད། །དེ་ཕྱིར་སྤྱོད་པས་བསྐུལ་བ་ནི། །རང་གི་ཕུང་པོ་གཟིངས་བཞིན་ནོ། །དེའི་ཕྱིར། འགྲོ་རྣམས་ [192b.6]ལས་ཀྱིས་འཆིང་འགྱུར་ཏེ། །ལས་ལས་གྲོལ་བའི་ཐར་པ་ཡིན། །ཞེས་གསུངས་ཏེ། ལས་གང་གིས་སྐྱེ་བོ་རྣམས་འཆིང་བ་དེ་ཉིད་བཏང་ན་ཡིད་ཀྱི་ཐར་པ་ཡིན་ནོ། །ཐར་པ་ནི་བདག་དང་བདག་གིར་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །ལེགས་པར་བསྒོམས་ [192b.7]པའི་ཡིད་ཀྱི་མཚན་མར་འཛིན་པ་ཉིད་འཆིང་བ་ཡིན་ནོ། །དེ་ལྟར་ཆགས་པ་དེ་ཡོངས་སུ་ཤེས་པ་ནི་ཡིད་ཀྱི་ཐར་པ་ཡིན་ནོ་ཞེས་དགོངས་སོ། །ཡིད་ཀྱི་ཐར་པ་གཞན་དུ་མི་རྙེད་དེ། །དེ་ནི་མཆོག་གི་མྱ་ངན་འདས་པ་ཡིན། །ཞེས་གསུངས་ཏེ་དེ་ལྟར་གང་དུ་ཡིད་ཀྱི་ཐར་པ་དེ་ཕན་ཚུན་ [193a] [193a.1]དུ་མ་སྤངས་པ་ནི་ངེས་པར་མཆོག་གི་མྱ་ངན་ལས་འདས་པའི་མཚན་ཉིད་དོ། །སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་གསུངས་ཏེ། དེ་ལྟར་གོང་དུ་བསྟན་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ [193a.2]མཐོང་ན་དེའི་ཚེ་ཇི་ལྟར་བསམ་ཞེ་ན། སེམས་ལས་མ་ལུས་པའི་མ་རིག་པའི་ས་བོན་ལས་བྱུང་བ་འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དག་པར་མི་ནུས་པར་སྣང་ཞིང་འཕྲོའོ། །དེ་དག་ཀྱང་སྲིད་པའི་ངོ་བོ་ཉིད་དུ་རྣམ་པར་གཞག་པར་མི་ནུས་སོ། །དེའི་ [193a.3]ཕྱིར། འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། མཆོག་གི་མྱ་ངན་ལས་འདས་པའི་ཁྱད་པར་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །དེ་ལ་ཕྱག་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པའི་འབྲས་ [193a.4]བུ་སྟེར་བའི་ཕྱིར་རོ། །འདོད་པ་ནི་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱེད་པའི་བདག་ཉིད་དེ། དེ་ནི་ལྷུན་གྱིས་གྲུབ་པའི་འབྲས་བུ་གང་གིས་སྟེར་བའོ། །དེ་ཉིད་བླ་མ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །དེ་ལྟར། སེམས་བཅིངས་ན་ནི་བཅིངས་པ་ཡིན། །གྲོལ་བས་གྲོལ་བར་ [193a.5]ཐེ་ཚོམ་མེད། །ཅེས་གསུངས་ཏེ། སེམས་བཅིངས་པ་ནི་རྣམ་པར་རྟོག་པ་ལ་སོགས་པས་བཅིངས་པའོ། །དེ་ལྟར་ཡང་དེ་དག་ཤེས་པའི་གྲོལ་བའི་ཐོབ་པར་འགྱུར་ཏེ། གྲོལ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེས་གྲོལ་བ་ལ་ཐེ་ཚོམ་མེད་དོ། །དེ་ལྟར་མ་ཤེས་ [193a.6]ན་བྱིས་པའི་སྐྱེ་བོ་རྣམས་འཁོར་བར་འཁྱམས་པར་འགྱུར་རོ། །དེའི་དབང་དུ་བྱས་ནས། བླུན་པོ་གང་གིས་འཆིང་འགྱུར་བ། །མཁས་པ་དེ་ཡིས་རྣམ་པར་གྲོལ། །ཞེས་གསུངས། གང་གིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་རྨོངས་པའི་འཇིག་རྟེན་པ་རྣམས་ [193a.7]འཆིང་བར་འགྱུར་བ་དེ་ཉིད་ཀྱིས་བླ་མའི་གདམས་ངག་རྟོགས་པ་ཡོད་པའི་མཁས་པ་མྱུར་དུ་འཁོར་བ་ལས་གྲོལ་བར་འགྱུར་རོ། །དེ་ལྟར་ཡང་། བཅིངས་པ་རྣམས་ནི་ཕྱོགས་བཅུར་རྒྱུག །བཏང་ན་མི་གཡོ་བརྟན་པར་གནས། །ཞེས་གསུངས་ཏེ། ཇི་ལྟར་སྐྱེ་འགྲོ་བདག་དང་བདག་ [193b] [193b.1]གིར་འཛིན་པའི་རྟོག་པས་བཅིངས་པ་འགྲོ་བ་དྲུག་གི་འཁོར་བར་འཁོར་ཞིང་འཁྱམས་ཏེ། སྐྱེ་འགྲོ་དེ་ཉིད་ཡང་དག་པའི་ལམ་གྱིས་གྲོལ་བ་ན། དེའི་ཚེ་སྣ་ཚོགས་སུ་སྣང་བ་ལྷག་པར་མོས་པ་ལས་མི་གཡོ་བའི་གནས་ལ་གནས་པ་ནི་ཆོས་ཀྱི་སྐུའི་བདག་ཉིད་ཡིན་ཞེས་ [193b.2]དགོངས་སོ། །གྲོགས་དག་འདི་ནི་རྔ་མོ་བཞིན། །གོ་བཟློག་པ་ནི་ང་ཡིས་རྟོགས། །ཞེས་གསུངས་ཏེ། འདིར་བསྡུས་པའི་དོན་ནི། ཇི་ལྟར་རྔ་མོ་ལ་ཁལ་ཆེན་པོ་བཀའ་ན་ནུས་ཚད་ཀྱིས་རྒྱུག་སྟེ། སུས་ཀྱང་བཟུང་བར་མི་ནུས་པ་དེ་ཉིད་ཁལ་ཕོག་པའི་དུས་ན་ས་གཞི་ལ་བརྟེན་པ་དེ་བཞིན་ [193b.3]དུ། དེ་ལྟ་བུའི་རྔ་མོ་དང་འདྲ་བའི་སེམས་རང་གིས་རྣམ་པ་ཅན་དུ་སྣང་ངོ་། །འདིའི་དགོས་པ་ནི། རླུང་སྤངས་རང་ཉིད་མ་སེམས་ཤིང་། །ཤིང་གི་རྣལ་འབྱོར་དག་གིས་ཀྱང་། །སྣ་ཡི་རྩེ་མོར་མ་གཏུག་ཅིང་། །ཅེས་གསུངས་ཏེ། རླུང་སྣ་བུག་ནས་འབྱུང་བ་དང་འཇུག་པའི་མཚན་ཉིད་ཀྱི་ [193b.4]རླུང་སྟེ། སྤངས་པ་ནི་རང་ཉིད་མེད་ཅིང་ཤིའོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཇི་སྲིད་དུ་རླུང་གནས་པ་དེ་སྲིད་དུ་ལུས་གནས་ལ། རླུང་མེད་ན་ལུས་གང་དུ་གནས་ཏེ་མི་གནས་སོ། །དེ་ལྟར་བླ་མའི་མན་ངག་གིས་རླུང་དང་ལུས་ཀྱི་བདག་ཉིད་དུ་བྱས་ནས་དེ་ལ་ལུས་མི་དམིགས་ཏེ། གཞན་ནི་ [193b.5]ལུས་མི་དམིགས་སོ། །ཤིང་གི་རྣལ་འབྱོར་ནི་རྣམ་པར་རྟོག་པའི་བདག་ཉིད་ཀྱི་རྣལ་འབྱོར་ལ་ཆགས་པར་མི་བྱེད་ཅེས་པའོ། །ངེས་པར་ཇི་ལྟར་བྱ་ཞེ་ན། ཨེ་མའོ་སྐྱེ་བོ་རྨོངས་པ་རྣམས། །ལྷན་ཅིག་སྐྱེས་པའི་མཆོག་ཏུ་སོན། །སྲིད་པའི་བག་ཆགས་འཆིང་བ་སྤོངས། །ཞེས་གསུངས་ [193b.6]ཏེ། ཀྱེ་རྨོངས་པའི་སྐྱེ་བོ་བསམ་པ་ཆུང་དུ་ཐོང་ལ་བསམ་པ་རྒྱ་ཆེན་པོ་གྱིས་ཤིག །དེ་གང་ཡིན་ཞེ་ན། ལྷན་ཅིག་སྐྱེས་པ་ཚོལ་ཅིག །དེ་ལ་ཞུགས་ལ་དོན་ཆེན་པོ་ལ་ལྷག་པར་མོས་པར་གྱིས་ཤིག་པའོ། །སྲིད་པའི་བག་ཆགས་ནི་བར་མདོའི་སྐྱེ་བའོ། །དེས་ན། སྲིད་པར་འགྲོ་འོང་ [193b.7]སྲིད་པའི་འཆིང་བ་སྟེ། །མགལ་མེ་འཁོར་ལོ་བཞིན་དུ་འགྱུར་བའི་ཕྱིར། །དེ་ལ་ཆགས་པར་མི་བྱེད་གཅིག་པར་སྤོངས། །ཞེས་བྱ་བའི་དོན་ཏོ། །འདི་ན་ཡིད་དང་རླུང་ནི་གཡོ་ཞིང་འཕྱར། །ཤིན་ཏུ་མི་སྲུན་པ་ཡི་རྟ་འདྲ་ཐོང་། །ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་གྱུར་པ། །དེ་ཡིས་ [194a] [194a.1]ཡིད་ནི་བརྟན་པར་འགྱུར་བ་ཡིན། ཞེས་གསུངས་ཏེ། འདི་ལྟ་བུའི་ཡིད་དང་རླུང་ནི་ཤིན་ཏུ་ཡང་མི་ཐུབ་ཅིང་གཡོ་བའི་རྟ་ལྟ་བུ་སྟེ་དེ་བཏང་ངོ་། །འདི་གཟུང་བར་བྱ་སྟེ་གང་ཞེ་ན། ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་གནས་བླ་མ་དམ་པའི་གདམས་ངག་ལ་བརྟེན་ [194a.2]ནས་མི་གཡོ་ཞིང་བརྟན་པར་འགྱུར་ཏེ། རང་གི་བསོད་ནམས་དབང་གིས་རྟོགས། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འདིའི་ཁྱད་པར་ནི། གང་ཚེ་ཡིད་ནི་ཉེ་བར་ནུབ་གྱུར་ན། །དེ་ཡི་ཚེ་ན་འཆིང་བ་ཐམས་ཅད་འཆད། །གང་ལ་ལྷན་ཅིག་སྐྱེས་པ་རོ་མཉམ་པ། ། [194a.3]དེ་ལ་དམངས་རིགས་དང་ནི་བྲམ་ཟེ་མེད། །ཅེས་གསུངས་ཏེ། རྣམ་པར་རྟོག་པའི་ཡིད་གང་གི་ཚེ་འགགས་པ་དེའི་ཚེ་བཅིངས་པ་ཐམས་ཅད་སྤོང་བར་བྱེད་དོ། །བདག་ཉིད་འབའ་ཞིག་འཆིང་བ་མེད་པ་ནི་མ་ཡིན་གྱིས། དེའི་ཚེ་ཁྱད་པར་དུ་ལྷན་ཅིག་སྐྱེས་པའི་རོ་མཉམ་པ་ལ་ [194a.4]སྐྱེ་འགྲོ་ཐམས་ཅད་འཇུག་པར་བྱེད་དོ། །དེའི་ཚེ་དམངས་རིགས་དང་བྲམ་ཟེའི་རིགས་ལ་ཡང་ཁྱད་པར་མེད་དོ། །དེས་དོན་འདི་འགྲུབ་སྟེ། འཇིག་རྟེན་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོར་རིགས་གཅིག་གོ་ཞེས་དགོངས་སོ། །དེའི་ཕན་ཡོན་སྟོན་པ་ནི་ལྷན་ཅིག་སྐྱེས་ [194a.5]པ་ལས་མ་རྟོགས་པའི་གྲུབ་མཐའ་གཞན་མེད་པར་བསྟན་པའི་ཕྱིར། འདི་ན་ཆུ་བོ་ཡ་མུ་ན། །འདི་ན་གངྒཱ་རྒྱ་མཚོ་ཕྲད། །འདི་ན་པྲ་ཡ་གྷ་ཡིན་ཏེ། །འདི་ན་ཝཱ་རཱ་ཎ་སཱི་ཉིད། །འདི་ན་ཉི་མ་ཟླ་བ་ཡིན། །ཞེས་གསུངས་ཏེ། འདི་ལྟར་ལྷའི་ཆུ་བོ་འདི་རྣམས་ནི་རང་བཞིན་གྱི་ལྷན་ཅིག་སྐྱེས་པའི་རྒྱུན་མི་འཆད་ [194a.6]པ་ལ་རོ་གཅིག་པའོ། །འདི་ཉིད་ལ་གངྒཱ་དང་། ཡ་མུ་ན་ལ་སོགས་པའི་མིང་བཏགས་པ་ཡིན་གྱིས་ཁྲུས་བྱེད་པའི་རྟེན་གྱི་ཆུ་བོ་ནི་མ་ཡིན་ནོ། །འོན་ཀྱང་ཡ་མུ་ན་ནི་ཐེག་པ་ཐམས་ཅད་འདི་ལ་བསྟེན་པའི་ཕྱིར་རོ། །གངྒཱ་ནི་དེ་ཉིད་དུ་རྟོགས་ཤིང་འགྲོ་བའི་ངང་ཚུལ་ཅན་ཡིན་ནོ། །གངྒཱ་དང [194a.7]རྒྱ་མཚོ་ཕྲད་པ་ནི་སྟོང་པ་དང་སྙིང་རྗེ་རོ་གཅིག་པ་ལ་འགྲོ་བ་མ་ལུས་པ་འཇུག་པའོ། །རྒྱ་མཚོ་ནི་ཏིང་ངེ་འཛིན་གྱི་གདམས་ངག་ཐམས་ཅད་ཀྱི་རྒྱ་མཚོ་ཡིན་པའི་ཕྱིར་རོ། །བྲ་ཡ་གྷ་ནི་གཉིས་སུ་མེད་པའི་ཕྱིར་རོ། །ཝཱ་རཱ་ཎ་སཱི་ཡང་གཉིས་སུ་མེད་པ་སྟེ་གཉིས་འགོག་པའོ། །ཟླ་བ་ཉི་མ་གཟའ་རཱ་ [194b] [194b.1]ཧུས་གཟུང་བའི་དུས་སུ་གདམས་ངག་གི་དུས་ཀྱི་མེ་ཧུའི་ངོ་བོ་ཉིད་ཀྱི་བྲམ་ཟེའོ་ཞེས་པའོ། །ཁྲུས་སྟེགས་ལ་སོགས་པ་འབའ་ཞིག་ལྷན་ཅིག་སྐྱེས་པ་གནས་པར་མ་བྱས་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པ་ཡང་ལྷན་ཅིག་སྐྱེས་པའི་ངོ་བོར་བསྟན་པའི་ཕྱིར་རོ། །ཞིང་ཀུན་གནས་དང་ཉེ་ [194b.2]གནས་སོགས། །ཞེས་བྱ་བ་གསུངས་ཏེ་ཞིང་དང་ཉེ་བ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་ནི་འདིར་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཡིན་པས་ཕྱི་རོལ་དུ་འཁྱམ་པ་ལ་སོགས་པ་མི་བྱའོ། །ངས་ནི་འཁྱམས་ཏེ་བལྟས་ཤིང་རྟོགས། །ཞེས་གསུངས་ཏེ། བདག་གིས་ཕྱིར་ [194b.3]ཏེ། བལྟས་ཤིང་རྟོག་པ་ནི་རྣལ་འབྱོར་མའི་གདམས་ངག་གི་རྣམ་པར་གཞག་སྟེ། ཕྱི་དང་ནང་གིས་བསྡུས་པའི་སྣ་ཚོགས་བདེ་བ་ཆེན་པོའི་རང་བཞིན་ཡིན་ནོ་ཞེས་དགོངས་པའི་དོན་ཏོ། །འདིས་ནི་འདི་སྟོན་ཏེ། རང་གི་ལུས་ནི་བདེ་བའི་ངོ་བོ་དེའི་ཁམས་ [194b.4]གནས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར། ཕྱི་རོལ་དུ་འཇུག་པར་མི་བྱའོ། །དེའི་ཕྱིར། ལུས་དང་འདྲ་བའི་འབབ་སྟེགས་གནས། །བདེ་བ་གཞན་ནི་མ་མཐོང་ངོ་། །ཞེས་གསུངས་ཏེ། རང་གི་ལུས་དང་འདྲ་བའི་ཁྲུས་སྟེགས་ [194b.5]བདེ་བའི་རྒྱུ་ནི་མི་མཐོང་ངོ་། །དེའི་ཕྱིར་རྣལ་འབྱོར་པས་གཉིས་སུ་མེད་པར་གནས་པར་བྱའོ། །དེ་ལྟར་གཞན་ཡང་ནང་གི་བདག་ཉིད་ཀྱི་གནས་ལ་སོགས་པ་ལ་ཀུན་དུ་སྤྱོད་པ་རྟོགས་པར་བྱ་སྟེ། དེ་རྣམས་ལ་བདེ་བའི་རང་བཞིན་གྱི་ཀུན་དུ་སྤྱོད་ [194b.6]པ་ཡིན་གྱི་ལུས་འབའ་ཞིག་ཙམ་ན་གནས་པ་མ་ཡིན་ནོ། །དེའི་ཕྱིར། མཆོག་གི་བདེ་བ་ཆེན་པོ་གནས་ལ་སོགས་པའི་རང་བཞིན་དུ་གྲུབ་པས། འདི་ལྟར་ནང་གི་བདག་ཉིད་ཀྱི་གནས་ལ་སོགས་པ་ལ་ལྷ་རྣམས་ཀྱི་བྱིན་གྱིས་བརླབས་པའི་རྫོགས་ [194b.7]པའི་རྣལ་འབྱོར་པ་ཕྱི་རོལ་གྱི་ཡུལ་དུ་འགྲོ་བ་ལ་སོགས་པ་མེད་དོ། །ཇི་ལྟར། ཉི་ཤུ་རྩ་བཞིའི་བྱེ་བྲག་གིས། །གནས་ལ་སོགས་པ་འདི་དག་གནས། །དེ་ཕྱིར་དེ་ཉིད་ཤེས་པ་ཡིས། །འཁྱམ་ཞིང་ངལ་བར་མི་བྱའོ། །གལ་ཏེ་དེ་ཉིད་བྲལ་གྱུར་ན། །འཁྱམས་པས་དགོས་པ་ཅུང་ཟད་མེད། ། [195a] [195a.1]དེའི་ཕྱིར་གཉིས་སུ་མེད་པའི་ངོ་བོ་ཉིད་གནས་ཡིན་ནོ་ཞེས་དགོངས་སོ། །དེ་ནི་བསྟན་པ་ནི། འདབ་ལྡན་པད་སྡོང་གེ་སར་དབུས། །སྣལ་མ་དྲི་དང་ཁ་དོག་ལྡན། །ཞེས་གསུངས་ཏེ། དཔེའི་སྒོ་ནས་པདྨའི་འདབ་མ་ལ་སོགས་པའི་བྱེ་བྲག་ཐ་དད་པ་སྤང་བར་ [195a.2]བྱ་སྟེ། ཐམས་ཅད་ཀྱང་པདྨའི་ངོ་བོ་ཉིད་དུ་གཅིག་གོ། །དེ་ལྟར། བྱེ་བྲག་ཐོང་ཞིག་རྨོངས་པ་རྣམས། །ལོག་པར་འཛིན་པས་མ་གདུངས་ཤིག །ཅེས་གསུངས་ཏེ། ཀྱེ་རྨོངས་པ་པདྨའི་བྱེ་བྲག་རེ་རེའི་རྣམ་གྲངས་ཀྱི་སྒོ་ནས་པདྨའི་ཐ་དད་པ་ཡིན་ནོ་ཞེས་སེམས་གདུང་བར་ [195a.3]མ་བྱེད་ཅིག །འདི་ལྟ་བུའི་མི་ཤེས་པའི་ངག་སྣ་ཚོགས་ཀྱི་བསྟན་བཅོས་ལས་ཉེ་བར་བསྟན་པ་བདེ་བ་ལས་ཕྱི་རོལ་དུ་གྱུར་པས་བསྟན་པར་མི་བྱའོ། །དེ་ལྟར་ཡང་། འདོད་པའི་སྔགས་ཀྱི་བསྟན་བཅོས་ནི། །ཟད་ཕྱིར་དྲིས་ན་རིགས་མེད་ཕྱིར། །ཚངས་པ་ཁྱབ་འཇུག་ [195a.4]འཇིག་རྟེན་གསུམ། །མ་ལུས་གང་དུ་སོན་ནས་ཞི། །ཞེས་བྱ་བ་གསུངས་ཏེ། ལྷན་ཅིག་སྐྱེས་པ་ལས་ཕྱི་རོལ་དུ་གྱུར་པའི་སྔགས་ཀྱི་བསྟན་བཅོས་ལ་དགོས་པ་མེད་དེ། ལྷན་ཅིག་སྐྱེས་པ་མེད་ན་སྔགས་ཀྱི་བསྟན་བཅོས་ཐམས་ཅད་ཉམས་ཤིང་ཟད་པར་འགྱུར་ [195a.5]རོ། །ཡིད་མི་ཆེས་ནས་དྲིས་པ་དང་རིགས་མེད་པའི་བུས་ཕའི་ནོར་མི་དབང་བ་བཞིན་ནོ། །ཇི་ལྟར་རིགས་རྒྱུད་བསྲུང་བའི་བུ་མ་ཡིན་པའི་ཕ་ཤི་ན་ནོར་ཐམས་ཅད་རྒྱལ་པོ་ལ་སོགས་པས་ཁྱེར་བ་བཞིན་ནོ། །དེ་ལྟར་དེ་ཁོ་ན་ཉིད་དམན་ན་བསྟན་བཅོས་མ་ལུས་པའམ། ཆོས་ [195a.6]རྣམས་མ་རིག་པས་བཟུང་བས་ཉམས་ཤིང་ཟད་པར་འགྱུར་རོ། །བསྡུས་པའི་དོན་ནི། ལྷན་ཅིག་སྐྱེས་པ་ནམ་མཁའ་ལྟ་བུར་བྱས་ཏེ་སྤངས་ན་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འམ། གཞན་གྱི་མིང་ཙམ་ཡང་མི་ཐོབ་པའི་ [195a.7]ཕྱིར། བསྟན་བཅོས་དེ་ཐམས་ཅད་ཟད་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོ་ཞི་བར་འགྱུར་ཞིང་། གཞན་ཡང་དེ་ལ་ཚངས་པ་དང་། ཁྱབ་འཇུག་དང་། བདེ་བྱེད་དང་། འཇིག་རྟེན་པ་ [195b] [195b.1]ཐམས་ཅད་ཀྱང་ཞི་བར་འགྱུར། དེ་མེད་ན་ཐམས་ཅད་ལ་དེ་ཉིད་རིག་པ་མེད་ཅིང་། བྱས་པ་ཐམས་ཅད་འབྲས་བུ་མེད། །ཅེས་པའོ། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གྲངས་ཚད་ཀྱི། །གང་གིས་དེ་ཉིད་མི་ཤེས་པ། །དེ་དག་ཐམས་ཅད་དོན་ [195b.2]མེད་ཡིན། །ཞེས་གསུངས་སོ། །འདི་ཉིད་ཀྱི་ཕྱིར། ཀྱེ་དངུལ་ཆུའི་བཅུད་ལེན་མི་ཤེས་པའི། །ས་བཅིངས་དབྱེ་བ་མི་ཕྱེད་སྤོང་། །འགྲོ་བ་འཆད་ཅིང་འདོད་པ་ཡིས། །དེ་ཤེས་པར་ནི་ནུས་མ་ཡིན། །ཞེས་གསུངས་ཏེ། སྐྱེས་ན་དངུལ་ཆུའི་བཅུད་ལེན་སྒྲུབ་པའི་ [195b.3]དུས་སུ། དེ་དག་པར་བྱེད་པའི་ཐབས་གསལ་པོར་མི་ཤེས་པ་ཇི་ལྟར་ཉམས་པ་དེ་བཞིན་དུ། འདོད་ཆགས་ལ་སོགས་པ་དག་པར་མི་ཤེས་ན་རང་ཉམས་པར་འགྲོ་སྟེ། ཁྱོད་ཀྱིས་འདི་ལྟ་བུ་མ་བྱེད་ཅེས་པའོ། །འདོད་ཆགས་ཀྱི་དབང་གིས་མངོན་པར་འདོད་པའི་ཡུལ་ལྔ་ལ་ [195b.4]དེ་ཉིད་དང་བྲལ་བས་རོལ་པ་གང་ཡིན་པ་དེ་ནི་ཤིན་ཏུ་ཡང་མ་རིག་པས་བཟུང་བ་ཁོ་ནའོ། །ཁྱེད་འབའ་ཞིག་ནི་མ་ཡིན་ཏེ། སྐྱེས་བུ་གཞན་དགའ་ཆད་པར་བྱེད་པར་གང་འདོད་པ་དེ་དག་ནི་འབྲས་བུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་འགྲོ་འཁོར་བ་དེ་ཉིད་ཀྱིས་དག་པར་མི་ཤེས་ [195b.5]པའི་ཕྱིར་རོ། །ཡང་དེ་ཉིད་ཤེས་པའི་དབང་དུ་བྱས་ནས། སྐྱེས་བུ་དེ་ཉིད་སྣ་ཚོགས་ཀྱིས། །རོ་འདི་རྫས་སུ་བསྟན་མི་ནུས། །བདེ་བའི་གནས་མཆོག་རང་བཞིན་སྤངས། །འགྲོ་བ་ཉེ་བར་སྐྱེ་བ་དེར། །ཞེས་གསུངས་ཏེ། སྐྱེས་བུ་སློབ་མ་གང་གིས་དེ་ཉིད་རྣམ་ [195b.6]པར་བསམས་པ་དེའི་རོ་ཉམས་སུ་མྱོང་བ་དང་བཅས་པ་བརྗོད་པར་མི་ནུས་ཏེ། དངོས་པོ་འདི་ནི་སེར་པོའོ་ཞེས་བསྟན་པར་ནུས་པ་བཞིན་དུ་ནི་མ་ཡིན་ནོ། །དེ་སྟོན་པ་ནི། བློ་ནི་རྣམ་འགགས་ཡིད་ཞི་བ། །གང་དུ་མངོན་པའི་ང་རྒྱལ་ཆད། །དེ་ནི་སྒྱུ་མའི་རང་བཞིན་ [195b.7]ཉིད། །མཆོག་གི་ཆ་རྟོགས་པ་ཡི་ཚེ། །བསམ་གཏན་འཆིང་བ་དེས་ཅི་བྱ། །ཞེས་གསུངས་ཏེ། དེ་ལྟར་བླ་མས་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་པའི་ཚུལ་བསྟན་ཅིང་བྱིན་པ་སྟེ། མངོན་དུ་བྱས་ན་ཇི་སྲིད་རྣམ་པར་རྟོག་པ་འགག་པ་ནི་མི་དྲན་པའོ། །རྣམ་པར་རྟོག་པའི་ [196a] [196a.1]ཡིད་ཞི་བས་ཕྱི་རོལ་ལ་སོགས་པའི་དངོས་པོར་མཚོན་ཅིང་འཛིན་པར་མི་བྱེད་དོ། །དེ་ལྟ་བུའི་གནས་ལ་མངོན་པའི་ང་རྒྱལ་དང་བདག་དང་བདག་གིར་འཛིན་པའི་རྣམ་པར་རྟོག་པ་བཅད་ཅིང་ཟད་དེ། དེ་ཉིད་སྒྱུ་མའི་རང་བཞིན་མཆོག་གི་ཆ་སྟེ། ཆ་ནི་བཅུ་དྲུག་ [196a.2]པའོ། །དེ་ལྟ་བུའི་དོན་གྱི་བྱ་བ་གང་ཅི་ཡང་མི་བྱེད་པའོ། །དེའི་ཕྱིར་འདིར་བསམ་གཏན་གྱི་འཆིང་བ་དེས་ཅི་བྱ་སྟེ། ཡིད་ཀྱིས་བརྟགས་པ་ལ་དགོས་པ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ཁྱད་པར་སྟོན་པ་ནི། སྲིད་པ་ལས་སྐྱེས་མཁའ་ལ་ཟད། །དངོས་པོ་སྤངས་ནས་གང་ [196a.3]ལས་སྐྱེ། །ཞེས་གསུངས་ཏེ། གནས་གང་སྲིད་པ་ཟོས་པ་དེ་ཁོ་ན་ལ་དངོས་པོ་དང་དངོས་པོ་མེད་པའང་མེད་དོ། །དེ་ལྟར་དངོས་པོ་དང་དངོས་མེད་སྤངས་པས་ཡང་སྐྱེ་བར་ག་ལ་འགྱུར་ཏེ། སྐྱེ་བ་མེད་ཅེས་པའོ། །དེ་ལྟར་སྨས་པས་ཆད་པར་ལྟ་བར་ཡང་མི་འགྱུར་ཏེ། སངས་རྒྱས་ལ་ [196a.4]སོགས་པའི་མཚན་སྒྱུ་མ་ལྟ་བུར་དངོས་དང་དངོས་མེད་པའི་རྣམ་པར་རྟོག་པས་བཟུང་ནས་བརྗོད་པའི་ཕྱིར་རོ། །དེ་ལྟར་ཡང་། དབྱེ་བ་སྤངས་ནས་གང་སྐྱེས་པ། །དཔལ་ལྡན་བླ་མ་མགོན་པོ་ཡིས། །བསྟན་པ་དེ་ལ་གནས་པར་བྱ། །ཞེས་གསུངས་ཏེ། དབྱེ་བ་སྤངས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ [196a.5]ཏེ། གང་དབུས་སུ་ཉེ་བར་དམིགས་པའོ། །སྤངས་ཞེས་པ་ནི་མཆོག་དང་དགའ་བྲལ་གྱི་དབུས་སུ་དེ་ཉིད་སྤངས་ནས་ཉེ་བར་དམིགས་སོ་ཞེས་དགོངས་སོ། །ཐམས་ཅད་གཉིས་སུ་མེད་པ་ཉིད་ཡིན་པས་དེ་ཐམས་ཅད་སྤངས་ནས་དཔལ་ལྡན་བླ་མས་གསུངས་པ་སྤྱི་བོར་བླང་བར་བྱའོ། །དེའི་ཕྱིར། [196a.6]རིགས་པ་འདིས་གནས་པར་བྱ་སྟེ། །མཐོང་དང་ཐོས་དང་རེག་པ་དང་། །ཟས་སྣོམ་འཆག་དང་གནས་སུ་གནས། །ཞེས་གསུངས་ཏེ། འདིར་གང་ཅུང་ཟད་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་དེ་དང་རེག་པ་སྟེ་གོས་གྱོན་པ་དང་། ཁར་ཟ་བ་དང་། སྣར་སྣོམ་པ་དང་། གནས་སུ་གནས་པ་ནི་སྟན་ལ་གནས་ [196a.7]པའོ། །ཅལ་ཅོལ་གཏམ་དང་ལན་སྨྲ་ལ། །སེམས་ནི་རྣམ་གཅིག་ལས་མི་བསྐྱོད། །ཅེས་གསུངས་ཏེ། ཅལ་ཅོལ་གྱི་གཏམ་ནི་ཉོ་ཚོང་ལ་སོགས་པའི་གཏམ་མོ། །སེམས་གཅིག་གི་རྣམ་པ་གཉིས་སུ་མེད་པའི་རྣལ་འབྱོར་པས་མི་འདའ་བའོ། །དེའི་ཕྱིར་བླ་མ་དམ་པའི་གདམས་ངག་དྲན་པར་སྟོན་པ་ [196b] [196b.1]ནི། བླ་མའི་མན་ངག་བདུད་རྩིའི་རོ། །གང་གིས་ངོམས་པར་མི་འཐུང་བ། །ཇི་ལྟར་འགྲོན་མྱ་ངན་གྱིས། །ཐང་ལ་སྐོམ་གདུང་ཤི་བ་བཞིན། །ཞེས་གསུངས་ཏེ། བླ་མ་དམ་པའི་གདམས་ངག་གིས་བདུད་རྩིའི་རོ་མགྱོགས་པ་ཆེན་པོར་སོང་སྟེ་མི་འཐུང་བ་དེ་ནི་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་ལས་ [196b.2]ཉམས་པ་ཡིན་ཏེ། ཇི་ལྟར་མྱ་ངན་གྱི་ཐང་ལ་ཚོང་པ་མང་པོ་སྐོམ་པས་གདུངས་པ་ལ། ཚོང་དཔོན་གྱིས་ཕྱོགས་གཅིག་ཏུ་ཆུ་སྦས་ནས་ཡོད་པར་ཤེས་པ་བསྟན་པ་ལས་བརྩོན་འགྲུས་དང་ལྡན་པ་དེར་སོང་སྟེ་ཆུ་འཐུངས་བས་འཚོའོ། །བརྩོན་འགྲུས་མེད་པ་རྣམས་ནི་ཤིའོ། །གདམས་ངག་གིས་ [196b.3]རང་གི་མཚན་ཉིད་སྟོན་པ་ནི། བསམ་དང་བསམ་མིན་སྤངས་ནས་ནི། །བུ་ཆུང་བཞིན་དུ་གནས་པར་གྱིས། །བླ་མའི་ལུང་ལ་བསྟན་གུས་ནས། །ལྷན་ཅིག་སྐྱེས་པ་སྐྱེ་བར་ངེས། །ཞེས་གསུངས་ཏེ། བསམ་པ་ནི་ཤེས་བྱ་བསམ་པའོ། །བསམ་མིན་རང་བཞིན་མེད་པ་ལ་སོགས་པ་སྟེ་གཉིས་ [196b.4]སྤངས་པའོ། །ངེས་ག་དང་བླ་མ་དམ་པའི་མན་ངག་ལ་བརྟན་པོར་གུས་པར་གྱིས་ལ་བུ་ཆུང་གི་ཚུལ་དུ་གནས་པར་མཛོད་ཅིག་དང་དེས་ལྷན་ཅིག་སྐྱེས་པ་དེ་ཇི་ལྟ་བ་སྐྱེ་བར་འགྱུར་ཏེ། དེ་ལ་གོམས་པས་དེའི་རང་བཞིན་ཡང་ལྷན་ཅིག་སྐྱེ་བར་འགྱུར་རོ། །དེའི་རང་བཞིན་ཡང་སྒྲིབ་པ་ཐམས་ཅད་དང་བྲལ་ [196b.5]བ་བརྗོད་དུ་མེད་པར་སྟོན་ཏེ། ཁ་དོག་ཡི་གེ་ཡོན་ཏན་མཆོག །དཔེ་སྤངས་བརྗོད་དུ་མི་ནུས་པར། །དེ་ནི་བདག་གིས་བསྟན་པ་ཡིན། །ཞེས་གསུངས་ཏེ། ཁ་དོག་དང་ཡི་གེ་གཉིས་མི་དམིགས་སོ། །ཡང་ན་ཡི་གེ་ནི་དོན་དམ་པའི་ཡི་གེ་སྟེ། ཁ་དོག་ནི་བདེ་བ་ཆེན་པོའི་རང་བཞིན་ཡིན་པས་ [196b.6]གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་བརྗོད་དོ། །དེ་ལྟར་དཔེ་མེད་པ་ནི་གང་གཅིག་ནས་གཅིག་ཏུ་བརྒྱུད་པས་མཚོན་པའི་སྒོ་ནས་མི་རྟོག་པའོ། །བདག་གིས་མཚོན་ནི་བདག་ས་ར་ཧས་འདི་སྐད་དུ་སྨྲས་པའོ། །དེ་ལྟར་ཡང་། ཇི་སྙེད་རྣམ་པར་རྟོག་པའི་ཡིད་ལས་བྱུང་བ་དེ་ནི་ཐམས་ཅད་ཡང་ [196b.7]དག་པར་བྱ་སྟེ། །བདེ་བའི་ངོ་བོ་གང་དེ་ཉིད་ཀྱང་སྙིང་ལ་བདེ་བ་བསྐྱེད་དེ་དེ་ཡང་རྣམ་པར་རྟོག་པ་ཙམ། །གང་ཡང་འདོད་བྲལ་རྒྱུར་གྱུར་དེ་ཡང་གཉི་ག་གང་མིན་དེ་ཡང་སྲིད་པའི་གཙོ་བོའི་རྒྱུ། རྣམ་པར་མི་རྟོག་བདག་ཉིད་ལ་མ་གཏོགས་པའི་ཡུལ་ལ་མྱ་ངན་འདས་པ་ཅུང་ཟད་མེད། །ཅེས་གསུངས་ [197a] [197a.1]སོ། །དེ་ཅིའི་ཕྱིར་ཞེ་ན། དབང་ཕྱུག་མཆོག་དེ་སུ་ལ་བསྟན། །གཞོན་ནུའི་བདེ་བ་སྙིང་ཞུགས་བཞིན། །ཞེས་གསུངས་ཏེ། སེམས་ཅན་གྱི་རིས་ལ་ཅི་ཡོད་པ་ནི་འཁྲུལ་ཏེ། དེ་ལ་གནས་སུ་ཟིན་གྱི་དབང་ཕྱུག་དམ་པ་ནི་མཆོག་གི་དེ་ཉིད་དོ། །དེ་གཞན་གྱི་གྲུབ་མཐའ་ལ་མེད་པའི་ [197a.2]ཕྱིར་རོ། །སུ་ལ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་སུ་ཅི་ལ་བརྗོད་པར་བྱ། བརྗོད་པ་ཙམ་གྱིས་མི་འཇུག་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གཞོན་ནུ་མའི་བདེ་བ་སྐྱེས་པ་གཞན་ལ་བརྗོད་པར་མི་ནུས་པའི་ཕྱིར་རོ། །དེ་དང་འདྲ་བས་བླ་མ་དམ་པའི་གདམས་ངག་མེད་པར་རྟོགས་པར་བྱ་བར་མི་ནུས་སོ། །དེ་སྟོན་ [197a.3]པ་ནི། དངོས་དང་དངོས་མེད་གང་སྤངས་བ། །དེར་ནི་འགྲོ་བ་མ་ལུས་ཐིམ། །ཞེས་གསུངས་ཏེ། གང་གི་ཚེ་བསམ་གྱིས་མི་ཁྱབ་པ་ནི་མཆོག་གི་དེ་ཉིད་ཡིན་ཏེ། དངོས་དང་དངོས་པོ་མེད་པ་དག་པའི་སྟོང་པ་དང་སྙིང་རྗེ་དབྱེར་མི་བྱེད་པ་ཡིན་པས་དེ་དང་འདྲ་བའོ། །དེ་ལ་འགྲོ་བ་མ་ལུས་པ་ནི། རྟག་པའི་ [197a.4]སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་སྟེ། ཐིམ་པ་ནི་དེའི་རང་བཞིན་ཡིན་པས་མི་དམིགས་པའི་ཕྱིར་རོ། །གང་ཚེ་དེར་ཡིད་བརྟན་པར་གནས། །དེ་ཡི་ཚེ་ན་འཁོར་བ་དང་། །མྱ་ངན་འདས་ལས་གྲོལ་བར་འགྱུར། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་རིམ་པས་གལ་ཏེ་ཡིད་བརྟན་པར་གནས་པ་ནི་ [197a.5]བདག་དང་བདག་གིར་འཛིན་པ་དང་བྲལ་བ་དེའི་ཚེ། འགྲོ་བ་རིགས་དྲུག་གི་འཁོར་བའི་སྐྱོན་ལས་གྲོལ་བར་འགྱུར་རོ། །དེ་ལྟར་མ་བྱས་ན་སྐྱོན་ནི། གང་གི་ཚེ་ན་བདག་དང་གཞན། །ངོ་མི་ཤེས་པ་དེ་ཡི་ཚེ། །བླ་མེད་ལུས་ནི་ག་ལ་རྙེད། །ཅེས་གསུངས་ཏེ། ཇི་སྲིད་བདག་གིས་ཕུལ་དུ་བྱུང་བ་དེ་ཁོ་ན་ཉིད་ [197a.6]མ་རྟོགས་པ་དེ་སྲིད་དུ་རང་གི་ལུས་སྤྲུལ་པའི་སྐུའི་བདག་ཉིད་དམ། ཆོས་ཀྱི་སྐུས་ཁྱབ་པའི་ངོ་བོ་ཉིད་བླ་ན་མེད་པའི་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཅི་ལ་ཐོབ་སྟེ། མི་ཐོབ་པར་འགྱུར་རོ། །དེ་ལྟར། བསྟན་པ་འདི་ལ་མ་འཁྲུལ་པར། །རང་གིས་རང་ལ་ལེགས་པར་རྟོགས། །ཞེས་གསུངས་ཏེ། དེ་ལྟར་ས་ར་ཧ་ [197a.7]བདག་གིས་བསྟན་པ་འདི་ལ་འཁྲུལ་བར་མ་བྱེད་ཅིག །འདི་བོར་ནས་གཞན་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའོ། །དེ་ཉིད་རང་རིག་རང་ལ་ལེགས་པར་རྟོགས་པར་འགྱུར་རོ། །རྡུལ་དང་རྡུལ་བྲལ་མ་སེམས་ཤིག །དངོས་པོ་རྒྱུན་དུ་ཞེན་མེད་འཕྲོ། །ཞེས་གསུངས་ཏེ། རྡུལ་དང་རྡུལ་གཉིས་སེམས་ཀྱིས་མ་བསམ་པ་ལ་རྒྱུན་ [197b] [197b.1]མི་འཆད་པའི་བདེ་བ་ཆེན་པོ་གཅིག་ཏུ་སྣང་ངོ་། །མདའ་བསྣུན་གྱིས་སྨྲས་པ་དེ་ཙམ་ཞིག་ཅེས་གསུངས་ཏེ། རྟོག་པ་ཐམས་ཅད་དང་བྲལ་བའི་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་པའོ། །དེ་ལྟ་བུའི་རྣལ་འབྱོར་ལ་སེམས་ལོག་པར་མི་བྱ་སྟེ། བདག་གིས་ཡང་དག་པར་བསྟན་པའི་ཕྱིར་རོ། །ཀྱེ་མ་ [197b.2]ལུས་དོན་དམ་པ་ཤེས་པར་གྱིས། །ཞེས་གསུངས་ཏེ། ཀྱེ་གྲོགས་པོ་རྨོངས་པ་མ་ལུས་པ་ནི་རྩ་བ་མེད་པའི་རང་རིག་མེད་པ་སྟེ། ཐམས་ཅད་ས་བོན་དང་རྟེན་དང་གནས་ལ་སོགས་པ་དང་བྲལ་བ་གང་ཡིན་པ་དེ་ཉིད་ལ་དོན་དམ་པ་ཞེས་གོ་བར་བྱའོ། །དེ་ལྟར་ཡང་། རྩ་བ་མེད་པ་གཞན་སེམས་བདག །བསྒོམ་ [197b.3]པའི་བདག་ཉིད་རྩ་བ་མེད། །བདེན་པའི་ཤེས་བྱ་རྩ་བ་མེད། །རིགས་མེད་དེ་བཞིན་གཤེགས་པའོ། །ཞེས་གསུངས་སོ། །དེའི་ཕྱིར་རང་གི་ངོ་བོ་ཉིད་ཀྱིས་སྣང་ཞིང་འདོད་པ་ནི་མ་ཡིན་ཏེ། དེ་ལ་ཞེན་པ་མེད་པས་ལེགས་ཤེས་པའོ། །དེ་ལྟ་བུའི་དོན་ནི། ཁྱིམ་ན་ཡོད་པ་ཕྱི་རོལ་ཚོལ། །ཁྱིམ་བདག་ཁྱིམ་ [197b.4]ཚེས་དག་ལ་དྲིས། །ཞེས་གསུངས་ཏེ། བུད་མེད་ཁ་ཅིག་རང་གི་ཁྱིམ་ན་སྐྱེས་བུ་གཞན་ནས་ཁྱིམ་ཚེས་ལ་འདྲི་བ་དེ་བཞིན་དུ་རང་གི་ལུས་ལ་དེ་ཉིད་གནས་པར་བོར་ནས། གཞན་ལ་འདྲི་བ་དེ་ནི་མི་ཤེས་པའི་རང་བཞིན་ནོ། །ཡང་བླ་མ་དམ་པའི་གདམས་ངག་གིས་ཉམས་སུ་མྱོང་བ་བཞིན་དུ་གཞན་ལ་འདྲི་བ་དེ་ནི་ [197b.5]མི་ཤེས་པ་ཉིད་དུ་གཟུང་བར་བྱའོ། །གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཡིན་པས་དེ་ལ་ཇི་ལྟར་སྐྱེ་བ་ཡོད་དེ་མེད་དོ། །འདི་ཡང་བསྟན་པའི་ཕྱིར། མདའ་བསྣུན་ན་རེ་རྨོངས་པ་རྣམས། །རང་ཉིད་རང་གིས་ཤེས་པར་གྱིས། །དེ་ཡི་ཚེ་ན་བསམ་གཏན་དང་། །བསམ་པ་དང་ནི་བཟླས་བརྗོད་མེད། །ཅེས་ [197b.6]གསུངས་ཏེ། བསྟན་པ་དེ་ཉིད་ཐམས་ཅད་རང་ཉིད་ལ་རང་གིས་ལེགས་པར་རྟོགས་པར་བྱ་སྟེ། ཡང་དེ་ནི་རྣམ་པར་རྟོག་པའི་བདག་ཉིད་བསམ་གཏན་དང་བསམ་བྱ་ལ་སོགས་པར་བརྟགས་པ་ནི་མ་ཡིན་ནོ། །གང་གི་ཚེ་ན་བླ་མ་ཡིས། །བསྟན་པ་ཙམ་གྱིས་ཐམས་ཅད་ཤེས། །དེ་མེད་ཐར་པ་ག་ལ་ཤེས། ། [197b.7]ཞེས་གསུངས་ཏེ། འདི་སྐད་སྟོན་པ་ནི་ཁ་ཅིག་བླ་མས་བསྟན་པ་ཐམས་ཅད་ནི་མི་ཤེས་ཏེ། དེ་ཇི་ལྟར་ཤེས་ན་གོམས་པ་ལས་ཤེས་སོ་ཞེ་ན། གོམས་པ་ཙམ་གྱིས་ཤེས་པ་ནི་མ་ཡིན་ཏེ། བདག་ཏུ་འཛིན་པ་དང་བཅས་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། ཡུལ་རྣམས་བགྲོད་ཅིང་གོམས་པས་ནི། །ལྷན་ [198a] [198a.1]སྐྱེས་མི་ཤེས་སྡིག་པ་འཛིན། །ཞེས་གསུངས་ཏེ། འདིར་སྐྱེས་བུ་རྣལ་འབྱོར་བ་ཁ་ཅིག་རང་གི་གནས་བོར་ནས་ཡུལ་ཐམས་ཅད་དུ་འཁྱམ་སྟེ། བཟའ་བྱ་དང་བཟའ་བྱ་མ་ཡིན་པ་ལ་སོགས་པའི་ཆེད་དུ་བྱེད་པ་དེ་ནི་རང་གི་ལུས་ཉོན་མོངས་པ་ཁོ་ནར་ཟད་ཀྱི། །གོམས་པར་བྱ་བ་ནི་ཅི་ [198a.2]ཡང་མེད་དོ། །དེའི་ཕྱིར་བླ་ན་མེད་པའི་ལྷན་ཅིག་སྐྱེས་པ་མི་ཤེས་པ་འཛིན་ཏེ། ཅི་དྲན་དྲན་ཙམ་ལ་ཡང་རྟོགས་པས་གོམས་པ་ནི་མེད་དོ་ཞེས་དགོངས་སོ། །དེ་ལྟར་ཡང་། ཤིང་གི་ནང་ན་མེ་ཡོད་པ། །མ་གཙུབས་བར་དུ་འབྱུང་བ་མིན། །དེ་བཞིན་བླ་མེད་བྱང་ཆུབ་ནི། །མ་བསྒྲུབས་པར་དུ་སྐྱེ་བ་མིན། ། [198a.3]ཞེས་གསུངས་ཏེ། གལ་ཏེ་རེ་ཞིག་བསྒོམ་པར་བྱ་བ་མེད་ན། འོ་ན་བསྒོམ་པ་དང་བཟླས་པ་ལ་སོགས་པ་གསུངས་པ་ཇི་ལྟར་ཡིན་སྙམ་པ་ལ་དེ་ཉིད་བསྟན་པའི་ཕྱིར། ཡུལ་རྣམས་བསྟན་པས་ཡུལ་གྱིས་ན། །གོས་པར་འགྱུར་བ་མ་ཡིན་ཏེ། །ཇི་ལྟར་ཆུ་ལས་ཨུཏྤལ། །བླངས་ཀྱང་ཆུ་ཡིས་ [198a.4]མ་རེག་བཞིན། །ཞེས་གསུངས་ཏེ། ཇི་ལྟར་ཆུའི་ནང་དུ་གྲུ་ལ་ཞུགས་ནས་ཨུཏྤལ་བླངས་ཀྱང་ཆུ་ལས་མ་གོས་པ་བཞིན་དུ། དེ་ཁོ་ན་ཉིད་དུ་ཤེས་པའི་རྟོག་པ་ཡོད་ན། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཀྱང་ཉོན་མོངས་པས་གོས་པར་མི་འགྱུར་རོ། །དེ་ལྟར་གོམས་པར་རྣལ་འབྱོར་ནི། ། [198a.5]འདི་ལྟ་བུ་ཡི་བདག་ཉིད་ཀྱིས། །རྩ་བའི་རྣལ་འབྱོར་སྐྱབས་འགྲོ་བ། །དུག་གི་སྔགས་ཅན་དག་ལ་ནི། །དུག་གིས་ཚུགས་པར་ག་ལ་འགྱུར། །ཞེས་གསུངས་ཏེ། འདི་ལྟ་བུའི་རྣལ་འབྱོར་པས་རྩ་བ་སྟེ་བླ་མ་དམ་པའི་གདམས་ངག་རྣམ་པ་ཐམས་ཅད་ཀྱིས་བསྒོམས་ན་དེ་ཡུལ་གྱི་ཉེས་པས་ [198a.6]མི་གོས་སོ། །དེའི་ཕྱིར་ཡུལ་རྣམས་ཀྱི་དྲི་མས་མི་གོས་ཏེ། ཕྱི་རོལ་གང་ཡིན་དེ་མེད་དེ། །ཤེས་པ་ཕྱི་རོལ་དོན་ལྟར་སྣང་། །མཁས་པ་རྣམས་ཀྱིས་སྟོང་བརྟག་པ། །དེ་ཡང་སྟོང་པ་ཉིད་མི་འདོད། །འདི་ནི་ཤེས་ན་དངོས་པོ་དངོས་མེད་པ། །དེ་ཉིད་ཤེས་པ་དེ་ཉིད་གཅིག་པུ་བློ། ། [198a.7]སྒྱུ་མ་མཁན་དང་གར་བྱེད་མཁན་པོ་ནི། །དེ་བཞིན་རྣལ་འབྱོར་དབང་ཕྱུག་རོལ་པར་བྱེད། །ཅེས་གསུངས་སོ། །ལྷ་ལ་མཆོད་པ་འབྱོར་བྱས་ཀྱང་། །བདག་ཉིད་འཆིང་འགྱུར་དེས་ཅི་བྱ། །ཞེས་གསུངས་ཏེ། གལ་ཏེ་རེ་ཞིག་ལྷའི་གཟུགས་སུ་མཆོད་ཅིང་གྲུབ་པ་མངོན་ [198b] [198b.1]དུ་མངོན་ཡང་རང་ཉིད་འཆིང་ན་དེ་ལྷ་ཡིས་དགོས་པ་ཅི་ཡོད་དེ། ཅུང་ཟད་ཀྱང་མེད་དོ་ཞེས་པའོ། །དེ་འདྲས་འཁོར་བ་དེ་ཆད་མིན། །འདིར་གོམས་མེད་པས་འབྱུང་མི་ནུས། །ཞེས་གསུངས་ཏེ། ལྷའི་གཟུགས་ཀྱི་རྣམ་པས་རང་གིས་དངོས་སུ་མངོན་དུ་བྱས་ཀྱང་འཁོར་བ་ནི་ཉམས་པར་མི་འགྱུར་ [198b.2]རོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་བྲལ་ནས་ཀུན་གཞི་རྣམ་པར་ཤེས་པ་འབའ་ཞིག་ཏུ་འཇུག་པ་ན་བར་མ་དོའི་སྲིད་པའི་བདག་ཉིད་དེ། སྔོན་གྱི་ལས་ཀྱི་དབང་གིས་ཡང་འཁོར་བར་འཇུག་གོ། །ལྷའི་རྣམ་པ་ཡང་དེ་དང་འདྲ་བ་ཡིན་ཏེ། རྣམ་པར་ [198b.3]ཤེས་པ་དམིགས་པའི་ཕྱིར་རོ། །དེ་བས་ན་འཁོར་བ་ཉམས་པར་མི་འགྱུར་ཏེ། ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་འཁོར་ཞེས་དགོངས་སོ། །ལྷ་བསྒོམ་པ་ལ་སོགས་པ་ལ་དགོས་པ་མེད་དོ། །འོ་ན་བསྒོམ་པ་དང་བཟླས་པ་ལ་སོགས་པ་གསུངས་པ་ལྟར་ཡིན་སྙམ་པ་ལ། འོན་ [198b.4]ཀྱང་དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་རྟོགས་པ་ཡོད་པ་ཡིན་ན། དེའི་ཚེ་གོམས་པས་འཁོར་བ་ལས་འབྱུང་བ་མི་རྟོགས་པ་གཞན་གྱིས་ནི་གྲོལ་བར་མི་འགྱུར་རོ་སྙམ་དུ་དགོངས་སོ། །དེ་བས་ན་བླ་མ་དམ་པའི་གདམས་ངག་གིས་ཕྲིན་ཙམ་ཡང་ཁྱོད་ཀྱིས་མ་ཐོས་ཏེ། དེ་ཇི་ལྟར་ཡིན་པ་བསྟན་ [198b.5]པའི་ཕྱིར། མིག་ནི་མི་འཛུམ་པ་དག་དང་། །སེམས་འགགས་པ་དང་རླུང་འགགས་པ། །དཔལ་ལྡན་བླ་མའི་མན་ངག་ཡིན། །ཞེས་གསུངས་ཏེ། འདིར་བློ་ངན་པ་རྣམས་ཀྱིས་རྣམ་པར་རྟོག་པའི་བདག་ཉིད་བླ་མའི་གདམས་ངག་ཡིན་ནོ་ཞེས་བརྟགས་པ་ནི་བླ་མའི་གདམས་ངག་ [198b.6]མ་ཡིན་ནོ། །ཇི་ལྟར་མིག་མི་འཛུམ་པ་ནི་ཅུང་ཟད་ཕྱེ་ཞིང་མི་འགུལ་བའོ། །སེམས་འགགས་པ་ནི་ནམ་མཁའ་ལ་སོགས་པར་ཐིམ་པའོ། །དེས་རླུང་འགགས་པར་འགྱུར་ཏེ། དེ་ནི་དཔལ་ལྡན་བླ་མའི་གདམས་ངག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཚེ་རླུང་རྒྱུ་མི་གཡོ་བ། །དེ་ [198b.7]ཡི་ཚེ་ན་རྣལ་འབྱོར་བ། །འཆི་བདག་གིས་ནི་ཅི་ཞིག་བྱ། །ཞེས་གསུངས་ཏེ། གང་གི་ཚེ་ཡིད་ཀྱིས་བཞོན་པར་གྱུར་པའི་སྲོག་བརྟན་པར་འགྱུར་བ་དེའི་ཚེ། རྨོངས་པ་སྐྱེས་བུ་རྣལ་འབྱོར་པ་འཆི་བདག་གིས་ཅི་བྱ་སྟེ། འཆི་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་སྲིད་དབང་པོ་ [199a] [199a.1]རྣམས་གྲོང་ཞེན། །དེ་སྲིད་རེ་བ་མེད་པར་འཕྲོ། །ཞེས་གསུངས་ཏེ། ཇི་སྲིད་དེ་རྣལ་འབྱོར་པ་དབང་པོ་ཡུལ་གྱི་གྲོང་ཁྱེར་ལ་ཞན་པ་དེ་སྲིད་དུ་བླ་མ་དམ་པའི་གདམས་ངག་མི་ཤེས་སོ། །ཇི་སྲིད་དུ་དབང་པོ་ཡུལ་གྱི་གྲོང་ཁྱེར་ལ་ལུང་དང་རིགས་པས་དཔྱད་ན་ [199a.2]སྟོང་པ་ཉིད་དུ་མ་རྟོགས་པ་དེའི་ཚེ། རང་བཞིན་གྱིས་དེ་ལྟར་སྣང་ཞིང་འཛིན་པ་དེ་སུ་ཡིས་བཟློག་པར་ནུས་ཏེ། མི་ནུས་ཞེས་བྱ་བའོ། །དེ་ནི་གོམས་པ་ལས་ངེས་པར་སྟོན་ཏེ། འདིར་ནི་ཤིན་ཏུ་དཀའ་བ་ཡིས། །དགོངས་པ་ལ་ནི་སུ་ཞིག་འཇུག །གང་ཞིག་འདི་རུ་ཡོད་པ་ཉིད། །དེ་ནི་འདི་རུ་མ་མཐོང་སྟེ། །ཞེས་ [199a.3]གསུངས་ཏེ། གོང་དུ་བསྟན་པ་འདི་ལྟ་བུའི་ཤིན་ཏུ་དཀའ་བའི་དགོངས་པ་ལ་སྐྱེས་བུ་ཇི་ལྟར་འཇུག་པར་འགྱུར་ཏེ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་གང་ཞིག་གོང་ན་མེད་པའི་བླ་མའི་གདམས་ངག་གིས་ཇི་སྲིད་དུ་འཇུག་པར་མི་འགྱུར་རོ། །བསྒོམ་པ་དང་བསྒོམ་བྱ་ལ་ [199a.4]སོགས་པ་མེད་དོ་ཞེས་པའོ། །དེ་ལྟར་མི་ཤེས་པ་ལ་སྟོན་ཏེ། མཁས་པ་མ་ལུས་བསྟན་བཅོས་འཆད། །ལུས་ལ་སངས་རྒྱས་ཡོད་མི་ཤེས། །འོང་དང་འགྲོ་བ་བཅད་མི་ནུས། །མཁས་པ་ངོ་ཚ་མེད་པར་སྨྲ། །ཞེས་གསུངས་ཏེ། མཁས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་བསྟན་བཅོས་ [199a.5]འཆད་པར་བྱེད་ཀྱང་། ངག་གི་སྤྲོ་བ་ཙམ་ཉིད་ཡིན་པའི་ཕྱིར། ནོར་དོན་དུ་གཉེར་བས་དམྱལ་བར་འགྲོ་བའི་རྒྱུ་ཁོ་ནའོ། །རང་གི་ལུས་ལ་ཡོད་པའི་སངས་རྒྱས་ཉིད་བླ་མ་དམ་པའི་གདམས་ངག་མི་ཤེས་ཤིང་། །ཡི་གེ་ཙམ་ལ་བརྟེན་ནས་བླ་མའི་བརྒྱུད་པ་མེད་པར་འཆད་པར་བྱེད་པ་དག་ནི་རང་ [199a.6]ཉམས་ཤིང་གཞན་ཡང་ཉམས་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། སྐྱེ་བ་དཔག་ཏུ་མེད་པར་འགྲོ་བ་དང་འོང་བའི་འཁོར་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། ལ་བ་ཅན་གྱི་ཞལ་སྔ་ནས། །ཡི་གེ་ཚིག་དང་ངག་རྣམས་ནི། །གཟུང་བར་བྱ་བའི་ཆོས་རྣམས་ལ། །མཁས་པའམ་ནི་གཞན་ཡང་རུང་། ། [199a.7]སྒྲ་ནི་ཡོངས་སུ་སྒྲུབ་པ་ལ། །རྒན་པོ་འཇིག་རྟེན་ཅི་ཕྱིར་སླད། །སྒྲ་ནི་གང་ཡིན་དྲིས་པ་ལས། །ཐད་སོར་སྟོན་པ་བོར་ནས་ནི། །ཁ་ཅིག་མགོ་ལ་བསྐོར་ནས་སྟོན། །ཞེས་སོ། །གསོན་པོ་རྒས་བར་མ་གྱུར་བར། །དེ་ནི་རྒས་མེད་འཆི་མེད་ཡིན། །ཞེས་གསུངས་ཏེ། འདི་ནི་གོང་དུ་བསྟན་པའི་དོན་གྱི་དཔེ་སྟེ། གལ་ [199b] [199b.1]ཏེ་མ་ཤི་བར་རྒས་པ་ལ་སོགས་པར་མ་གྱུར་ན། དེའི་ཚེ་དེ་ནི་རྒས་ཤིང་འཆི་བར་མི་འགྱུར་བ་དེ་ལྟ་བུ་ནི་གང་དུ་ཡང་མ་མཐོང་ངོ་། །ཡང་ན་ཇི་ལྟར་དངུལ་ཆུའི་རིགས་བསད་པ་དུ་མ་བཞུས་ཤིང་བསྲེགས་པ་ཙམ་གྱིས། ལྕགས་སྲང་བརྒྱ་གསེར་དུ་སྒྱུར་བར་བྱེད་དོ། །དེ་བཞིན་དུ་སེམས་ཅན་རྣམས་རྒས་པ་དང་ [199b.2]འཆི་བ་མེད་པར་བྱེད་དོ། །དང་པོ་ཉིད་ནས་བློ་གྲོས་དག་པའི་རྣལ་འབྱོར་བ་བཟའ་བ་ལ་སོགས་པ་ཇི་སྲིད་དུ་གླས་པར་འགྱུར་བ་སུ་ཞིག་རྒས་པ་དང་འཆི་བ་མེད་པ་མཐོང་ཞེ་ན། བླ་མས་བསྟན་པའི་དྲི་མེད་བློ། །དེ་ནི་གཏེར་དང་ལྡན་པའོ། །ཞེས་གསུངས་ཏེ། བླ་མ་དམ་པའི་གདམས་ངག་གིས་དྲི་མ་མེད་པའི་ [199b.3]བློ་གྲོས་ཀྱི་རྣལ་འབྱོར་གྲུབ་པའི་སྐྱེ་བ་དང་འཆི་བ་མེད་པ་ནི་ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། བདེ་བ་ཆེན་པོའི་སྐུ་བཞིའི་ངོ་བོ་ཉིད་དོ། །ཟག་པ་དང་བཅས་པ་ཐམས་ཅད་དེས་འགོག་སྟེ། གཞན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར། སྐྱེས་བུ་དེ་ནི་གཏེར་ལྡན་མཆོག་ཡིན་ནོ། །ཞེས་བྱ་བའོ། ། [199b.4]ཡུལ་རྣམས་རྣམ་དག་མི་བསྟེན་ཞིང་། །གང་གིས་སྟོང་པ་འབའ་ཞིག་སྤྱོད། །གཟིངས་ལ་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་གསུངས་ཏེ། སྐྱེས་བུ་གང་ཞིག་རྣམ་པར་དག་པའི་ཡུལ་འདོད་པའི་ཡོན་ཏན་རྣམ་པ་ལྔ་བླ་མས་གནང་བ་གང་གིས་ཐོབ་པ་ལ་མི་སྤྱོད་ཅིང་། [199b.5]དེ་དང་བྲལ་བའི་སྟོང་པ་ཉིད་ཙམ་སྒོམ་ཞིང་ཐ་མལ་པའི་ཡུལ་འབའ་ཞིག་སྟེན་པར་བྱེད་པ་དེས་ནི་ཅུང་ཟད་ཀྱང་སྒྲུབ་པར་མི་བྱེད་དོ། །དཔེར་ན་རྒྱ་མཚོ་ཆེན་པོའི་གྲུ་ལ་གནས་པའི་བྱ་རོག་འཕུར་ནས། གཞན་དུ་འབབ་ས་མ་རྙེད་ཙམ་ན་སླར་ཡང་དེར་འོང་བ་བཞིན་དུ། དེ་ལྟར་བྱིས་པའི་སྐྱེ་བོ་ [199b.6]རྣམས་འཁོར་བའི་ལས་ཀྱིས་འཁོར་བ་ཉིད་དུ་ལྟུང་སྟེ། གཞན་ཉི་ཚེ་བའི་སྟོང་པ་ཉིད་ལ་བསྟེན་པའི་ཕྱིར་རོ། །དེའི་ཕྱིར་ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག །ཀྱེ་རྨོངས་པ་མདའ་བསྣུན་གྱིས་ནི་སྨྲས། ཉ་དང་ཕྱེ་མ་ལེབ་དང་ནི། །གླང་པོ་ཆེ་དང་བུང་བ་དང་། །རི་དགས་བཞིན་དུ་བལྟ་བར་བྱ། །ཞེས་ [199b.7]གསུངས་ཏེ། ཡུལ་ལ་ཞེན་པའི་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་ལོངས་སྤྱོད་པས་འཆིང་བར་མ་བྱེད་ཅིག་ཅེས་མདའ་བསྣུན་གྱིས་སྨྲས་པའོ། །གལ་ཏེ་བྱེད་ན་ཉ་རོ་ལ་ཆགས་པ་གནམ་ཆུ་འདོད་པས་གཞན་དུ་འགྲོ་བ་གཞན་གྱིས་གསོད་པ་དང་། ཕྱེ་མ་ལེབ་གཟུགས་ལ་ཆགས་པས་མར་མེ་ལ་ཤི་བ་དང་། [200a] [200a.1]གླང་ཆེན་རེག་པ་ལ་ཆགས་པ་དང་། བུང་བ་དྲི་ལ་ཆགས་པ་དང་། རི་དགས་སྒྲ་ལ་ཆགས་པས་འཆི་བ་བཞིན་དུ་ཐམས་ཅད་ཀྱང་ཆགས་པ་སྔོན་དུ་འགྲོ་བའི་ཕྱིར་རོ། །གང་ཞིག་སེམས་ལ་རྣམ་འཕྲུལ་པ། །དེ་ནི་རང་བཞིན་མེད་པ་སྟེ། །ཞེས་གསུངས་ཏེ། གང་སེམས་ [200a.2]ཀྱི་རྣམ་འཕྲུལ་བཟའ་བ་དང་བགྲོད་པ་ལ་སོགས་པ་དེ་ནི་རང་བཞིན་མེད་པ་སྟེ། མི་ཤེས་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །སྲེད་པ་ཅན་ནི་ཉ་པས་ཉ་ལ་སོགས་པའི་སེམས་ཅན་སྲོག་གཅོད་པར་བྱེད་པ་དང་། འདོད་པ་ཅན་གྱི་སྐྱེས་བུས་དེ་རིང་བུད་མེད་འདི་ལྟ་བུ་སྤྱད་དོ་ཞེས་མི་ཤེས་པས་ [200a.3]བསམ་པའི་ཕྱིར་རོ། །གཞན་ཡང་གཞུང་མཁན་པོས། །སྙིང་རྗེའི་དབང་གིས་སྟོན་པ་ནི། །ཆུ་གཞན་རླབས་ཀྱང་གཞན་ཡིན་ནམ། །སྲིད་པ་ཞི་བ་མཁའ་རང་བཞིན། །ཞེས་གསུངས་ཏེ། ཇི་ལྟར་ཆུ་ཀླུང་གང་ཡིན་པ་དེ་ཉིད་རླབས་དང་བཅས་པ་དེ་བཞིན་དུ་འཁོར་བ་རྣམ་པར་དག་པ་ཉིད་མྱ་ངན་ལས་ [200a.4]འདས་པའོ། །འདིས་ཅི་བསྟན་ཞེ་ན། བླ་མ་དམ་པའི་གདམས་ངག་ཤེས་པ་རྣམས་ལ་འཁོར་བ་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པའོ། །མི་ཤེས་པ་རྣམས་ནི་དེ་ནི་མི་མཐུན་པར་རྟོག་གོ། །དེ་ལྟ་བུའི་ཡེ་ཤེས་ནི། གང་ལ་སྟོན་ཅིང་གང་ལ་ཉན། །དོན་འདི་ལ་ནི་གང་ཞུགས་ཏེ། ། [200a.5]གདུག་པའི་ཁུང་བུའི་རྡུལ་བཞིན་དུ། །སེམས་ནི་དེ་རུ་ནུབ་པ་ཡིན། །ཞེས་གསུངས་ཏེ། མཆོག་ཏུ་ཟབ་པའི་ལམ་མི་ཤེས་པའི་གང་ཟག་ལ་ཇི་ལྟར་བསྟན་ཅིང་དེ་བསྟན་དུ་རུང་བའི་སྐྱེས་བུ་ག་ལ་ཡོད་དེ། མེད་ཅེས་པའོ། །གང་ཞིག་ [200a.6]ཞུགས་ནི་མཁས་པ་འདིའི་དོན་གཟུང་བར་བྱེད་པ་ནི་སུ་ཞིག་ཡོད་དེ་མེད་ཅེས་པའོ། །དེ་ལྟ་བུའི་དམ་པའི་སྐྱེས་བུ་ནི་ཁ་ཅིག་ཙམ་མོ། །ཇི་ལྟར་ཁ་ཅིག་གཞན་གྱིས་མཁར་གཞོམ་པའི་ཆེད་དུ་ཐག་རིང་པོར་སའི་འོག་ནས་ས་བརྐོས་ཏེ། དེ་ལྟ་བུའི་རྐོ་བ་དེ་ནི་སྔོན་གོམས་པ་ཅན་གྱི་གང་ཟག་གིས་ནུས་ཀྱི། གཞན་གྱིས་ནི་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤིན་ [200a.7]ཏུ་ཁུང་དོག་མོར་བརྐོ་བས་དེའི་ནང་གི་ཤིན་ཏུ་གདུག་པའི་རྡུལ་གྱིས་སྲོག་སྙི་བ་རྣམས་དེ་མ་ཐག་ཏུ་འཚུབས་ནས་འཆི་བའི་ཕྱིར་རོ། །སེམས་བརྟན་པ་རྣམས་ནི་གང་གིས་གདུག་པའི་རྡུལ་དེས་འཆི་བར་མི་འགྱུར་ཏེ། ས་བརྐོས་པ་རྣམས་ནི་ཁུང་བུ་དེ་ཉིད་དུ་ཐིམ་པར་འགྱུར་ཞིང་དང་པོ་རྐོ་ [200b] [200b.1]བའི་དུས་སུ་ཅུང་ཟད་ཕྱིར་ཕྱུང་བས་སོ། །དེ་ལྟར་སྐྱེས་བུ་སྔོན་དུ་གོམས་པས་འཁོར་བ་ལས་བྱང་ཆུབ་ཆེན་པོ་འགྲུབ་སྟེ། དེ་དག་གི་ནི་སྣོད་ཡིན་པའི་ཕྱིར་རོ། །དེའི་ཡོན་ཏན་སྟོན་པ་ནི། ཇི་སྲིད་ཆུ་ལ་ཆུ་ཞུགས་ན། །དེ་སྲིད་ཆུ་ནི་རོ་མཉམ་འགྱུར། །སྐྱོན་དང་ཡོན་ཏན་སེམས་རྣམས་ནི། །བླུན་པོ་འདི་ལ་མི་མཐུན་ཚ [200b.2]མེད། །ཇི་ལྟར་རྒྱ་མཚོ་ཆེན་པོའི་ཆུ་ལ་ཆུ་གཞན་ཞུགས་ན་ཆུ་རོ་མཉམ་པ་བཞིན་དུ་འཁོར་བ་ལ་སོགས་པའི་སྐྱོན་དང་ཡོན་ཏན་ཡོངས་སུ་ཤེས་པ་དང་ལྡན་པའི་སྐྱེས་བུ་ཆེན་པོ་ལ་ནི་མི་མཐུན་པའི་ཕྱོགས་གང་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། སྐྱོན་ནི་འདོད་པའི་ཡོན་ཏན་རྣམ་པ་ལྔ་སྟེ། དེ་དག་ [200b.3]པར་བྱེད་པ་ནི་བླ་མ་སྣ་ཚོགས་པའི་བཀའི་གདམས་པ་སྟེ་དེ་དྲན་པའི་ཕྱིར་རོ། །ཡང་དེ་ཉིད་གསལ་བར་བྱ་བའི་ཕྱིར། ཁྱེད་ཀྱིས་སྟོང་པར་མ་ཞེན་ཅིག །གྲོགས་དག་སེམས་ནི་མཉམ་པར་གྱིས། །ཏིལ་ཕུབ་ཙམ་གྱི་ཟུག་རྡུས་ཀྱང་། །སྡུག་བསྔལ་ངེས་པར་འབྱིན་པ་བཞིན། །ཞེས་གསུངས་ [200b.4]ཏེ། སྟོང་པ་ཉིད་འབའ་ཞིག་ལ་ནི་ཞེན་པར་མ་བྱེད་ཅིག །དེས་ཆད་པར་སྨྲ་བར་ཐལ་བར་འགྱུར་རོ། །གང་དང་གང་དངོས་པོ་དེ་དང་དངོས་པོ་མེད་པ་དེ་དང་དེ་ལ་སེམས་མཉམ་པར་གྱིས་ཤིག །དེ་ལྟར་བདག་དང་གཞན་སྣ་ཚོགས་ཀྱི་དངོས་པོས་བསྡུས་པ་སྣ་ཚོགས་མེད་པར་གྱིས་ཤིག་ [200b.5]གལ་ཏེ་སྣ་ཚོགས་སུ་བྱེད་ན། སྐྱོན་དུ་འགྱུར་ཏེ། ཇི་ལྟར་ཏིལ་གྱི་ཤུན་པ་ཙམ་མིག་གི་ནང་དུ་ཞུགས་ཀྱང་སྡུག་བསྔལ་སྐྱེ་བ་བཞིན་དུ་རྣལ་འབྱོར་གྱི་དབང་ཕྱུག་གིས་སྟོང་པ་ཉིད་ལ་ཞེན་ན་ཡང་དེ་དང་འདྲའོ། །གལ་ཏེ་སྟོང་པ་དང་སྟོང་པ་མ་ཡིན་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་མི་བསྒོམས་ན། [200b.6]ཇི་ལྟ་བུ་སྒོམ་ཞེ་ན། དེ་ལྟར་ཡིན་ཏེ་དེ་ནི་མ་ཡིན་ནོ། །ཇི་ལྟར། ཡིད་བཞིན་ནོར་བུའི་དགོས་པ་བཞིན། །ཞེས་གསུངས་ཏེ། དེ་ལྟ་བུའི་སྔོན་པོ་དང་སེར་པོ་དང་དམར་པོ་ལ་སོགས་པའི་རྣམ་པའམ། ཉམས་སུ་མྱོང་བའི་ངོ་བོ་ཉིད་དུ་མཚོན་པ་ཡིན་ཡང་དེ་ལྟ་བུ་ནི་མ་ཡིན་ཏེ། དམིགས་པ་དང་བཅས་པ་ [200b.7]དང་དམིགས་པ་མེད་པ་དང་སེམས་དང་སེམས་མེད་པའི་རྣམ་པར་རྟོག་པ་གཉིས་དང་། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ནི་རྟེན་མེད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས་འབྲས་བུ་འབྱུང་བ་ནི། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ [201a] [201a.1]དངོས་པོ་ཐམས་ཅད་འབྱུང་བ་མཐོང་ཡང་ལག་པ་ན་ཡོད་པ་དང་འདྲ་བར་བེམས་པོ་ཡིན་ཡང་རང་གི་ཅི་བསམས་པའི་དགོས་པ་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པ་ཡང་བླ་མའི་གདམས་ངག་གི་ནོར་བུ་རིན་པོ་ཆེ་ལག་པ་ན་ཡོད་པས། འདོད་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ [201a.2]སྒྲུབ་པར་བྱེད་དོ་ཞེས་དགོངས་སོ། །དེ་ལྟ་བུ་མི་ཤེས་པར་མཁས་པར་རློམ་པ་རྣམས་ཀྱི་གནས་ལུགས་སྟོན་ཏེ། འཁྲུལ་གཞིག་མཁས་པ་ངོ་མཚར་ཆེ། །རང་རིག་བདེ་ཆེན་བག་ཆགས་ཀྱིས། །ཞེས་གསུངས་ཏེ། ངོ་མཚར་ཆེ་ནི་བཞད་གང་དུ་བྱེད་པའོ། །མཁས་པ་ནི་དབྱངས་དང་གསལ་བྱེད་ [201a.3]སོགས་པ་བརྟེན་ནས་འཁྲུལ་པ་གཞིག་བར་འདོད་དེ། །དངོས་པོ་ལ་ནི་མི་འཇིག་གོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། གང་གིས་རང་རིག་པས་དངོས་པོ་ཐམས་ཅད་ནང་དུ་རྟོག་པ་དེ་ཡང་མི་དམིགས་ཤིང་མི་རིག་གོ་ཞེས་དགོངས་སོ། །འཁྲུལ་པ་དེ་ཡང་། འདི་ལྟར་བཤད་པ་འདིས་སེམས་དང་སེམས་ [201a.4]མེད་པའི་རང་བཞིན་གྱིས། འདི་ནི་རང་རིག་པའི་མཚན་ཉིད་བདེ་པ་ཆེན་པོའོ། །ཕྱི་རོལ་གྱི་ཡན་ལག་ལ་རིག་པའི་བདེ་བ་དེ་ནི་ཀུན་རྫོབ་ཏུ་གསུངས་སོ། །ཡང་ཕྱི་རོལ་ལ་བརྟེན་པའི་བདེ་བ་དེ་ཉིད་བརྟེན་པའི་ཕྱིར། ཆོས་ཀུན་ནམ་མཁའི་རང་བཞིན་ཏེ། །སེམས་ཀྱང་ནམ་མཁའི་རང་བཞིན་གཟུང་། ། [201a.5]ཞེས་གསུངས་ཏེ། གཟུགས་ལ་སོགས་པ་ཐམས་ཅད་ཀྱི་ཡུལ་དེ་ཡང་ནམ་མཁའ་དང་མཉམ་པར་བྱ་བ་དང་། ཡིད་ཀྱང་ནམ་མཁའི་རང་བཞིན་གཟུང་བར་བྱའོ། །དེ་ལྟར་བྱས་ནས། སེམས་དེ་ཡིད་མེད་པར་བྱས་ནས། ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས། །ཞེས་གསུངས་ཏེ། [201a.6]ནམ་མཁའི་རང་བཞིན་གྱི་སེམས་དེ་ལ་ཡིད་མེད་པར་བྱ་སྟེ། དེ་ལྟར་གང་བྱེད་པ་དེ་ནི་སྐྱེས་བུའི་མཆོག་སྟེ་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས་པ་དེ་ལ་རོལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མི་ཤེས་པས། ཁྱིམ་དང་ཁྱིམ་ནི་དེ་ཡི་གཏམ། །བརྗོད་པས་བདེ་བ་ཆེན་ [201a.7]པོ་ཡིས། །གནས་ནི་ཡོངས་སུ་ཤེས་པ་མིན། །ཞེས་གསུངས་ཏེ། འདིར་བློ་ངན་པ་རྣམས་ཀྱིས་ཁྱིམ་དང་ཁྱིམ་དུ་སེམས་ཅན་རྣམས་བསླུ་བར་བྱ་བའི་ཆེད་དུ་བཤད་པར་བྱེད་ཀྱང་དེ་ནི་ཁ་གཏམ་སྙིང་ཙམ་དུ་བས་སོ། །དེ་ལྟར་ཡང་། ཆུ་ལ་ཆུ་སྤྲུལ་རྗེས་ [201b] [201b.1]མཐོང་དང་། །ནམ་མཁའི་མེ་ཏོག་ཕྲེང་རྒྱན་དང་། །སྣལ་མ་མེད་པའི་སྣམ་བུ་རྣམས། །འཇིག་རྟེན་ངོ་ཚ་མེད་པ་ཡིན། །ཞེས་གསུངས་ཏེ། དེ་ལྟ་བུ་དམན་པ་མཐོང་ནས་གཞུང་མཁན་པོ་ངོ་མཚར་ནས་སྟོན་པ་ནི། མདའ་བསྣུན་ན་རེ་འགྲོ་ཀུན་སེམས་ཁྲལ་ [201b.2]ཁུར། །སེམས་མེད་པས་ནི་སུས་ཀྱང་རྟོག་པ་མེད། །ཅེས་གསུངས་ཏེ། མཁས་པ་མངོན་པའི་ང་རྒྱལ་ཅན་དང་རྨོངས་པའི་འགྲོ་བ་རྣམས་གང་དུ་བསྟན་པའི་སེམས་སྣ་ཚོགས་ཀྱིས་སེམས་ཁྲལ་ཁུར་བ་ནི་ཁོལ་པོར་བྱས་པས་སོ། །བདག་གི་ [201b.3]གདམས་ངག་གིས་དེ་ལྟ་བུའི་སེམས་དེ་མཐོང་ན་སེམས་མེད་པའི་ངོ་བོ་ཉིད་ཐོབ་པར་འགྱུར་རོ། །སེམས་མཐོང་བ་དང་སེམས་མེད་པ་དེས་ཅི་མཚོན་ཞེ་ན། མཚོན་པར་མི་ནུས་ཞེས་བྱ་སྟེ། གདོད་མ་ནས་སེམས་རང་བཞིན་མེད་པའི་ཕྱིར་རོ། །ལྷན་ཅིག་ [201b.4]ལུང་ནི་མང་པོར་མཐོང་། །རང་དགར་བཞག་ན་གསལ་པོར་སྣང་། །ཞེས་གསུངས་ཏེ། ལྷན་ཅིག་གི་རྣམ་པར་མིང་ཙམ་གྱིས་རང་རང་གི་བསྟན་པའི་ལུང་མང་པོ་ལས་མཐོང་སྟེ། དེ་ནི་རང་རང་གི་འདོད་པ་ཉིད་ཀྱི་དེ་དང་དེའི་རྣམ་པར་སྣང་སྟེ་གཞན་དུ་མ་ཡིན་ [201b.5]ནོ། །དེ་ལྟར་ཡང་དཔལ་དགྱེས་པའི་རྡོ་རྗེ་ལས། རང་གིས་བྱེད་ཅིང་རང་གིས་འཕྲོག །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་བསྟན་པའི་ཕྱིར། མགོན་པོ་བདག་དང་གཞན་རྣམས་འགལ། །ཁྱིམ་དང་ཁྱིམ་ན་གྲུབ་པའི་ [201b.6]མཐའ། །འདི་ནི་རབ་ཏུ་གྲགས་པ་ཡིན། །ཞེས་གསུངས་ཏེ། བདག་དང་བདག་གིར་འཛིན་པའི་སྒོ་ནས། འདོད་པས་རང་ཉིད་འཆིང་བར་བྱེད་པ་ནི་ངན་པ་སྟེ། རྣམ་པར་རྟོག་པས་ཡོངས་སུ་བཟུང་པའི་ཕྱིར་རོ། །གཞན་ཡང་དངོས་པོ་གཞན་རྣམས་འགོག་ [201b.7]པས་འགལ་བ་ཡིན་ཏེ། དང་པོ་སྐྱེས་པ་ཉིད་ཡིན་པའི་ཕྱིར་རོ། །ཁྱིམ་དང་ཁྱིམ་ནི་གྲུབ་པའི་མཐའ་རྣམས་སྐྱེས་ནས་འཇུག་པ་འདི་རབ་ཏུ་གྲགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་ནས་འཇིག་པའི་ཕྱིར་རོ། །འགལ་བ་ནི་གལ་ཏེ་སྐྱེས་པ་ཡིན་ན་འཇིག་པར་ཇི་ལྟར་འགྱུར་ [202a] [202a.1]ཞེས་པའོ། །དེའི་ཕྱིར་གཉིས་ཀ་མི་བདེན་པ་ཞེས་པའོ། །དཔེ་ངན་པའི་སྒོ་ནས་བསྟན་པ་ནི། གཅིག་ནས་ཟོས་ཤིང་གཞན་ཀུན་བསྲེག །ཕྱི་རོལ་སོང་ནས་ཁྱིམ་བདག་ཚོལ། །ཞེས་གསུངས་ཏེ། ཁ་ཅིག་རང་བཟའ་བ་ཟ་ཞིང་བཟའ་བ་གཞན་པོ་ཐམས་ཅད་ཉམས་པར་བྱེད་ [202a.2]དེ། གཞན་རྣམས་ལ་སྙིང་པོ་མེད་པའི་ཕྱིར་རོ། །ཡང་ཁྱིམ་བདག་མོས་རང་གི་ཁྱིམ་བོར་ཏེ་ཕྱི་རོལ་དུ་ཁྱོ་གཞན་པོ་ཚོལ་བ་ནི་སེམས་ངན་པ་ཡིན་པའི་ཕྱིར་སྐྱེས་བུ་ངན་པ་རྣམས་ཀྱི་སེམས་ཀྱང་དེ་དང་འདྲའོ། །འོང་བ་དག་ཀྱང་མི་མཐོང་ཞིང་། །འདུག་པ་ཡང་ནི་མི་མཐོང་ངོ་། ། [202a.3]དབའ་རླབས་མེད་པའི་དབང་ཕྱུག་མཆོག །རྙོག་པ་མེད་པ་བསྒོམ་པར་བྱ། །ཞེས་གསུངས་ཏེ། འདི་ནི་སྔོན་དུ་བསྟན་པའི་ཚིགས་བཅད་ཀྱི་རྗེས་སུ་འབྲང་ནས་བློ་གྲོས་བཟང་པོ་དག་གི་བསམ་གཏན་འདི་ལྟ་བུ་ཡིན་ནོ་ཞེས་སྟོན་ཏེ། ཇི་ལྟར་ཁྱིམ་བདག་མོས་རང་གི་ཁྱིམ་ [202a.4]བདག་ལ་བཟའ་བ་བྱིན་ནས། ཁྱིམ་བདག་གཞན་གྱི་ཡང་བཟའ་བ་བསྒྲུབ་པས་རང་གི་ཁྱིམ་ནས་བྱུང་སྟེ་ཁྱོ་གཞན་པ་ཚོལ་བ་དེ་ནི་སོང་བ་ཡང་མི་མཐོང་འོང་བ་ཡང་མི་ཚོར། འདུག་པར་འགྱུར་བ་ཡང་མི་ཤེས་སོ། །དེ་ཡང་འདྲ་བར་རྦ་རླབས་མེད་པའི་ཡེ་ཤེས་ནི་རང་གི་ཡིད་ཀྱི་དབང་ཕྱུག་གི་མཆོག་ [202a.5]རྙོག་པ་མེད་ཅིང་སྡིག་པ་སྤངས་པ་དེ་ཡོངས་སུ་གཟུང་བར་བྱའོ། །དེ་ཡིས་ཅི་བརྗོད་ཅེ་ན། འདིར་ཞིང་སྐྱེས་ཀྱི་རྣལ་འབྱོར་བ་རྣམས་ནི་རང་བཞིན་གྱི་ཡེ་ཤེས་སྐྱེའོ། །དེ་ཡང་ཅུང་ཟད་མི་རིགས་ཏེ། ཐམས་ཅད་ཀྱི་རང་བཞིན་དུ་བདག་ཉིད་མཐོང་བས་བདག་གིས་བྱས་ཤིང་བདག་གིས་སྐྱེད་དོ་ [202a.6]ཞེས་བྱ་བར་སེམས་སོ། །དེ་ལྟར་བླ་མ་དམ་པའི་གདམས་ངག་གིས་ཤེས་པར་བྱའོ། །གཞན་ཡང་། འགྲོ་དང་འོང་བ་མི་འདོར་རོ། །སྔར་མེད་སྒེག་མོ་ག་ལ་རྙེད། །ཅེས་གསུངས་ཏེ། འགྲོ་ཞིང་འོང་བ་ལ་རང་གི་རིགས་ཀྱི་ཆུང་མ་ཡང་མ་ཡིན་ཁྱོ་འདྲི་བར་ཡང་བྱེད་དོ། །དེ་ལྟ་བུ་ [202a.7]ནི་ཀ་མ་རུ་ལ་སོགས་པའི་གནས་རྣམས་ན་རབ་ཏུ་གྲགས་ནས་ཡོད་པའོ། །ཇི་ལྟར་སྐྱེས་བུ་ཁ་ཅིག་རང་གི་ཁྱིམ་ནས་ཡུལ་གཞན་དུ་འགྲོ་སྟེ། སོང་ནས་ཀྱང་ལམ་ཕྱིར་འོང་བ་དེ་ལྟ་བུ་ནི་རྣལ་འབྱོར་པའི་ནུས་པ་ཡིན་ནོ། །ཅིའི་ཕྱིར་འདི་ལྟ་བུ་བྱེད་ཅེ་ན། སོང་ནས་ཀྱང་སྔར་ན་མེད་པའི་ [202b] [202b.1]སྒེག་མོ་དང་ཕྲད་ནས་འཇུག་པར་འདོད་དེ། དེ་དང་མི་ཕྲད་པས་ཕྱིར་ལོག་པའོ། །ཅིའི་ཕྱིར་ཞེ་ན། བྱང་སེམས་དཔྲལ་བའི་གླད་རྒྱས་སོན། །རང་གི་གཟུགས་དང་ཐ་མི་དད། །ཅེས་གསུངས་སོ། །གང་གི་ཚེ་རྣལ་འབྱོར་པའི་བདེ་བའི་སེམས་དཔྲལ་བའི་གླང་རྒྱས་སུ་ཕྱིན་ནས་མཛེས་ [202b.2]ཏེ། མི་འདོད་ཀྱང་རང་གི་གཟུགས་དང་ཐ་མི་དད་པར་འགྲོ་སྟེ། ལུས་དང་བདེ་བ་གཉིས་ཐ་མི་དད་པར་འགྱུར་རོ། །གང་ཚེ་ལུས་ངག་ཡིད་དབྱེར་མེད། །ལྷན་སྐྱེས་རང་བཞིན་དེ་ཚེ་མཛེས། །ཞེས་གསུངས་ཏེ། ཡེ་ཤེས་འདིས་སོ་སོའི་སྐྱེ་བོའི་ལུས་དང་ངག་དབྱེར་མེད་པར་ [202b.3]ཆུད་པ་ནི། བླ་མ་དམ་པའི་གདམས་ངག་གིས་དེར་ཐིམ་པར་འགྱུར་རོ། །ཇི་སྲིད་ཟག་པ་དང་བཅས་པའི་ཆོས་མེད་པར་མ་གྱུར་པ་དེ་སྲིད་དུ། ལྷན་ཅིག་སྐྱེས་པའི་རང་བཞིན་མི་མཛེས་ཏེ། གང་གིས་བླ་ན་མེད་པའི་རྣལ་འབྱོར་མའི་ཚུལ་ཇི་ལྟར་ཐོབ་པར་འགྱུར། །རྣལ་འབྱོར་མའི་ཚུལ་ [202b.4]དེ་གང་ཡིན་ཞེ་ན། ཁྱིམ་བདག་ཁྱིམ་བདག་མི་ཡིས་ཟོས། །ཡུལ་དེ་གང་མཐོང་དཔྱད་མི་བྱ། །ཞེས་གསུངས་ཏེ། གནས་ལ་སོགས་པའི་ཡུལ་གང་ཞིག་ནི་ཁྱིམ་བདག་ཁྱིམ་བདག་མོ་ཡིས་ཟ་བ་ལྟ་བུའི་ཡུལ་གང་མཐོང་བ་དེ་ལ་དཔྱད་པར་མི་བྱའོ། །དེའི་དགོས་ [202b.5]པ་ནི། ཀྱེ་གཞན་པོ་དེ་རུ་ག་ལ་འདུ། །རྣལ་འབྱོར་མི་སྤྱོད་མི་མཐུན་པས། །ཞེས་གསུངས་ཏེ། གང་དུ་རང་གི་ཁྱོ་ཡང་གསོད་ན། གཞན་པོ་ག་ལ་འདུས་ཏེ། འོན་ཀྱང་གཞན་རྣམས་ཀྱིས་མཆོད་པ་བྱས་ན་རྣལ་འབྱོར་མ་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་དེ་ནི་མི་གསོད་ [202b.6]དོ། །གཞན་ངན་པ་རྣམས་ཀྱིས་ཤའི་མིག་གིས་གསོད་པར་མཐོང་སྟེ། རྣལ་འབྱོར་མ་རྣམས་ཀྱིས་གསོད་པ་ཡང་མ་ཡིན་ཟོས་པར་ཡང་མེད་དོ། །འོན་ཀྱང་ལྷན་ཅིག་སྐྱེས་པའི་ངོ་བོར་ཐིམ་པར་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྣལ་འབྱོར་མ་རྣམས་ཀྱི་སྤྱོད་ [202b.7]པའི་ལུང་ཐམས་ཅད་འཇིག་རྟེན་པའི་ཐ་སྙད་དང་མི་མཐུན་པ་སྟེ། བསམ་གྱིས་མི་ཁྱབ་པའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །བདག་པོ་ཟ་ཞིང་ལྷན་སྐྱེས་མཛེས། །ཆགས་དང་ཆགས་བྲལ་བྱས་ནས་ནི། །གཉུག་མའི་དྲུང་གནས་སེམས་མཉམ་པའི། ། [203a] [203a.1]རྣལ་འབྱོར་མ་ནི་ང་ཡིས་མཐོང་། །ཞེས་གསུངས་ཏེ། རང་གི་ཁྱིམ་བདག་ཟོས་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་མཛེས་པར་བྱ་སྟེ། གཞན་ཡང་འདོད་ཆགས་དང་འདོད་ཆགས་བྲལ་བར་བྱེད་དོ། །ཁྱོ་གཞན་ཡང་སྟེ། སྔོན་གྱི་ཁྱོ་དང་འདྲ་བའི་སྒོ་ནས་མྱ་ངན་ཡང་བྱེད་དེ། [203a.2]རང་གི་ཡིད་དུ་འོང་བའི་གནས་ན་ཡང་འདུག་པར་བྱེད་དོ། །དེ་ལྟ་བུའི་རྣལ་འབྱོར་མ་དེ་ནི་སེམས་ཉམས་པ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ངས་ནི་བསམ་གྱིས་མི་ཁྱབ་པར་མཐོང་ངོ་། །དེ་ལ་བསྡུས་པའི་དོན་ནི་རྣལ་འབྱོར་མའི་ཡེ་ཤེས་ནི་གཉིས་སུ་མེད་པ་ཡིན་ཏེ། བྱ་བ་དང་བྱེད་པའི་རྣམ་ [203a.3]པར་སྣང་ཞིང་། དགེ་བ་དང་སྡིག་པའི་རྣམ་པ་བྱེད་ཀྱང་དེས་གནོད་པར་མི་འགྱུར་ཏེ། ཕལ་པ་རྣམས་ལ་ནི་དེ་ལྟར་སྣང་བའི་ཕྱིར་རོ། །ཡང་ན་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡིན་པའི་ཕྱིར་རོ། །ཁྱིམ་བདག་སེམས་དབང་དུ་གྱུར་པའི་ཕྱིར་སེམས་ནི་ལུས་ཀྱི་རྣམ་པ་སྟེ། གནས་དང་ [203a.4]ཉེ་བའི་གནས་ལ་སོགས་པའོ། །རྣལ་འབྱོར་མ་ནི་རང་བཞིན་ཏེ། དེ་བཀག་པས་ཅི་ཡང་དམིགས་པར་མི་འགྱུར་རོ། །དེ་ནི་བླ་མ་དམ་པའི་གདམས་ངག་གིས་ཤེས་པར་བྱའོ། །ཟ་ཞིང་འཐུང་ལ་བསམ་མི་བྱ། །ཇི་ལྟར་སེམས་ལས་ཅི་འབྱུང་བ། །ཕྱི་རོལ་གྱུར་པ་སྡུག་བསྔལ་ [203a.5]འཛིན། །སྒྱུ་མའི་རྣལ་འབྱོར་མ་དཔེ་བྲལ། །ཞེས་གསུངས་ཏེ། གང་ཅུང་ཟད་ཟ་བ་དང་འཐུང་བ་ལ་སོགས་པའི་བྱ་བ་བྱེད་པ་ལ། དེ་ནི་རྒྱུན་མི་འཆད་པར་བྱེད་དེ། གང་དང་གང་སེམས་ལས་བྱུང་བ་དེ་བྱའོ། །འོན་ཀྱང་སེམས་ལ་གནོད་པ་ནི་མི་བྱའོ། །སྒྱུ་མའི་རྣལ་འབྱོར་ [203a.6]མས་མཚོན་པར་དགའ་བའི་ཡེ་ཤེས་དང་འདྲ་བ་ལྷན་ཅིག་སྐྱེས་པར་ཐིམ་པ་ནི་སྔོན་བཞིན་ནོ། །རྣལ་འབྱོར་མའི་ལམ་ནི་ཐུན་མོང་མ་ཡིན་པ་དཀའ་བའི་ལམ་ཡིན་པས་དེའི་བདུད་རྩི་ཐམས་ཅད་བདེ་བར་གྱུར་ན། ཐམས་ཅད་ལེགས་པར་གནས་པ་ཡིན་ཏེ། གཞན་དུ་ནི་མ་ཡིན་ [203a.7]ནོ། །འདི་རུ་ཉིན་མཚན་དབྱེར་མེད་བློ། །ས་གསུམ་གང་གིས་སྤྲུལ་པ་དེས། །སེམས་ཉིད་གྲུབ་པའི་རྣལ་འབྱོར་མ། །ལྷན་ཅིག་སྐྱེས་སྡོམ་ཤེས་པར་བྱ། །ཞེས་གསུངས་ཏེ། གང་དེ་ལྟར་ཉིན་མོ་ཡང་མི་ཤེས་ཤིང་མཚན་མོ་ཡང་མི་ཤེས་པས་ལུས་ངག་ [203b] [203b.1]ཡིད་གསུམ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ས་གསུམ་སྤྲུལ་པ་གང་ཡིན་པའི་སེམས་དེ་ནི་གྲུབ་པའི་རྣལ་འབྱོར་མ་སྟེ། ལྷན་ཅིག་སྐྱེས་པའི་སྡོམ་པ་ནི་ཡེ་ཤེས་སུ་གྱུར་པའམ། དངོས་སུ་མངོན་དུ་བྱེད་པའོ། །ཡི་གེའི་འགྲོ་བ་མ་ལུས་པ། །ཡི་གེ་མེད་པ་གཅིག་ཀྱང་མེད། ། [203b.2]ཇི་སྲིད་ཡི་གེ་རབ་ཤེས་པ། །དེ་སྲིད་ཡི་གེ་མེད་པར་འགྱུར། །ཞེས་གསུངས་ཏེ། ཡི་གེའི་འགྲོ་བ་མ་ལུས་པ་ལ་གནོད་དོ། །འདི་ནི་ཁྱོད་དོ། །འདི་ནི་བུམ་པའོ། །འདི་ནི་སྣམ་བུའོ་ཞེས་མཁས་པ་རྣམས་བརྗོད་དེ། དོན་དམ་པར་ནི་ཅུང་ཟད་མེད་དོ། །གང་གིས་སངས་རྒྱས་ [203b.3]ཉིད་གྲུབ་པར་བྱེད་པའི་ཡི་གེ་མེད་པ་ནི་གཅིག་ཀྱང་མེད་དོ། །དེའི་ཕྱིར་ཡི་གེ་རབ་ཏུ་ཤེས་པ་ནི་ཡོངས་སུ་དཔྱད་ནས་ངག་གི་སྤྲོས་པའི་དྲི་མ་བཅོམ་ནས་བརྫུན་པར་བྱས་པས་ཇི་སྲིད་དུ་ཡི་གེ་མེད་པར་གྱུར་པའོ། །ཇི་སྲིད་དེ་ལྟར་མ་བྱས་པ་དེ་སྲིད་དུ་མཆོག་གི་དོན་མི་ཐོབ་ [203b.4]པའོ། །དེ་གང་ཡིན་ཞེས་འདྲི་ན། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །བཅུ་བཞིའི་ས་ལ་རྒྱུན་དུ་གནས། །ཞེས་གསུངས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ལ་ཇི་ལྟར་ཕྱི་རོལ་བཞིན་དུ་ནང་ཡང་ཡེ་ཤེས་ཀྱི་སྣང་བ་ཡིན་པའི་ཕྱིར། དེས་བཅུ་བཞི་ [203b.5]པ་ལ་རྒྱུན་དུ་ཐོག་མ་དང་ཐ་མ་མེད་པར་གནས་ཏེ། མཆོག་གི་ཆ་མེད་པའི་ཕྱིར་རོ། །དེ་ཡང་ཆ་ནི་བཅུ་དྲུག་སྟེ། གནམ་སྟོང་གི་མཐར་ཟླ་བའི་ཆ་མེད་པ་བཞིན་དུ་ལུས་མེད་པའི་ཕྱིར་རོ། །དེ་སྟོང་པ་ནི། ལུས་མེད་ལུས་ལ་གབ་པ་ནི། །གང་གིས་དེ་ཤེས་དེ་གྲོལ་འགྱུར། །ཞེས་ [203b.6]གསུངས་ཏེ། ལུས་མེད་པ་ནི་དངོས་སུ་ནུས་པར་སོང་བས་གབ་པ་སྟེ། དེ་གང་གིས་ཤེས་པ་དེ་གྲོལ་བར་འགྱུར་རོ། །ཇི་ལྟར་སོ་སོ་རང་གི་རིག་པར་བྱ་བའི་ལྷན་སྐྱེས་ད་ལྟར་འཇིག་རྟེན་པ་རྣམས་ཀྱི་མེད་པ་སྟེ། ལུས་མེད་པ་དང་། གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །འདིར་ [203b.7]བརྗོད་པས་གཞུང་མཁན་པོས་རང་དང་གཞན་གྱི་དངོས་པོ་མ་མཐོང་བ་དེ་སྟོན་པ་ནི། གྲུབ་པར་གྱུར་ཅིག་ང་ཡིས་སྟོན། །ཁུ་བ་འཐུངས་པས་བརྗོད་པར་འགྱུར། །གང་གིས་ཡི་གེ་གཅིག་ཤེས་པ། །དེ་ཡི་མིང་ནི་མི་ཤེས་སོ། །ཞེས་གསུངས་ཏེ། ཇི་ལྟར་བྱིས་པའི་དུས་ [204a] [204a.1]སུ་ཡི་གེ་སློབ་པ་ནི། སློབ་དཔོན་གྱི་མདུན་དུ་ཡི་གེའི་ཕ་མ་ལ་སོགས་པ་སློབ་པའི་དུས་སུ། དང་པོ་འདི་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་དང་། སྒྲའི་རྩ་བ་དང་སྐད་ཀྱི་དབྱིངས་ལ་སོགས་པ་སློབ་ཅིང་། །དཔྱོད་པ་ལ་སོགས་པ་ཐམས་ཅད་ཀྱི་ཡི་གེ་རྣམས་ལ་ [204a.2]འབྲས་བུ་ནི་གཅིག་ཀྱང་མ་མཐོང་བ་ཡིན་ཏེ། དོན་མི་ཤེས་པའི་ཕྱིར་རོ། །གཞན་ཡང་དམ་པའི་དགེ་བའི་བཤེས་གཉེན་ལས་དོན་ཡོངས་སུ་ཤེས་པ་སྐྱེ་ཞིང་འདིར་དཔྱད་ཙམ་ན། དང་པོ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་དེ་བདེ་བར་བཀླགས་ཀྱི་གཞན་ཡང་སྙིང་པོ་མེད་པ་བཀླགས་པའོ། ། [204a.3]ཇི་ལྟར་ཟན་འཚེད་པའི་དུས་སུ་སྙིང་པོ་ཁུ་བ་བླངས་ནས་འཐུང་སྟེ། གཞན་ནི་སྙིང་པོ་མེད་པའོ། །འདིར་གྲུབ་པར་གྱུར་ཅིག་ཅེས་བྱ་བའི་ཡི་གེ་གཅིག་པོ་དེ་བདག་གིས་ཤེས་ཀྱིས། དེའི་མིང་མང་པས་དེའི་མིང་མི་ཤེས་ཏེ། འདི་ལྟ་བུ་ཡིན་ཞེས་བརྗོད་དུ་མེད་པའི་ཕྱིར་རོ། །ཇི་ལྟར་བྱིས་ [204a.4]པའི་དུས་སུ་འདི་གྲུབ་པར་གྱུར་ཅིག་ཅེས་བྱས་པའི་མིང་ཤེས་ཀྱང་། དོན་མི་ཤེས་པ་བཞིན་དུ་ཆེར་སྐྱེས་པའི་དུས་ན། དོན་ཤེས་ཀྱང་མིང་མི་ཤེས་པའོ། །མ་ལུས་རང་བཞིན་མི་ཤེས་གང་ཞིག་གིས། །ཞེས་གསུངས་ཏེ། ལྷན་ཅིག་སྐྱེས་པ་མི་ཤེས་པས་ཁམས་གསུམ་དུ་ལྟུང་སྟེ། [204a.5]རང་བྱུང་གི་ཡེ་ཤེས་སམ་བརྗོད་དུ་མེད་པའི་རང་བཞིན་དུ་མི་རྟོག་པའི་ཕྱིར་རོ། །གཞན་ཡང་དེ་ཡིས་རང་ཉམས་ཤིང་གཞན་ཡང་ཉམས་པར་བྱེད་དོ། །དེ་ཇི་ལྟ་བུ་ཞེ་ན། ཀུནྡྲུ་རུ་ཡི་སྐད་ཅིག་ལ། །བདེ་བ་ཆེན་པོ་གྲུབ་པ་ནི། །ཞེས་གསུངས་ཏེ། ཀུནྡྲུ་རུའི་སྒོ་ནས་བདེ་ཆེན་གྲུབ་ཅེས་ཟེར་ [204a.6]བ་ནི་རྨོངས་པའི་ཕྱིར་རོ། །ཇི་ལྟར་རི་དགས་སྐོམ་པ་ཡིས། །སྨིག་རྒྱུའི་ཆུ་ལ་རྒྱུག་པ་ནི། །སྐོམ་པས་འཆི་ནས་ནམ་མཁའི་ཆུ་རྙེད་དམ། །ཞེས་གསུངས་ཏེ། ཇི་ལྟར་རི་དགས་སྐོམ་པས་གདུངས་པས་སྨིག་རྒྱུ་ལ་ཆུར་མཐོང་ནས། དེའི་གནས་སུ་རྒྱུག་པ་ལས་ཆུ་མ་རྙེད་ནས་ [204a.7]སྐོམ་པས་འཆི་སྟེ། ནམ་མཁའི་ཆུ་ཇི་ལྟར་རྙེད་པར་འགྱུར་ཏེ། མི་རྙེད་ཅེས་པའོ། །གཞན་དུ་དབང་པོ་གཉིས་སྦྱོར་གྱི་བདེ་བས་ནི་མི་རྙེད་དེ། རྨོངས་པའི་འཇིག་རྟེན་པ་རྣམས་ནི་འདི་ལས་འདི་ཉིད་རྙེད་པར་འདོད་དོ། །དེ་ཉིད་བསྟན་པའི་ཕྱིར། རྡོ་རྗེ་པདྨ་གཉིས་པར་གནས། ། [204b] [204b.1]བདེ་བ་གང་གིས་རྣམ་རོལ་བ། །ཅི་སྟེ་དེ་བདེ་ནུས་མེད་པས། །ས་གསུམ་རེ་བ་ཇི་ལྟར་རྫོགས། །ཞེས་གསུངས་ཏེ། འདི་ནི་ལས་དང་པོ་པ་དང་། དབང་པོ་ཐ་མའི་རྣལ་འབྱོར་པ་འདོད་ཆགས་ལ་ཞེན་པ་རྣམས་ལས་འདོད་ཆགས་ཆེན་པོ་རོལ་པའི་ཐབས་འདིས་སངས་རྒྱས་འགྲུབ་པར་ [204b.2]བཅོམ་ལྡན་འདས་ཀྱིས་སྟོན་ཏོ། །དེ་བཞིན་དུ་མདའ་བསྣུན་གྱིས་དེ་ནས་ཕྱུང་སྟེ། འདི་བསྟན་པའོ། །རྡོ་རྗེ་པདྨ་གཉིས་ཀྱི་སྦྱོར་བའི་བདེ་བས་དབང་པོ་ཐ་མའི་སྐྱེས་བུ་རོལ་པར་བྱེད་པ་གང་ཡིན་པ་དེས་ནི་ས་གསུམ་གྱི་བདེ་བ་ཡོངས་སུ་རྫོགས་པར་ཅི་སྟེ་མི་བྱེད་དེ། ཐམས་ཅད་དེའི་རང་བཞིན་ [204b.3]གྱིས་ཐམས་ཅད་ཀྱི་བསམ་པ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ཕྱིར་རོ་ཞེས་དགོངས་སོ། །ཡང་ན་ཐབས་དེ་སྐད་ཅིག་མ། །ཡང་ན་དེ་གཉིས་གཉིས་མེད་དེ། །བླ་མའི་དྲིན་གྱི་བསོད་ནམས་ཀྱིས། །བརྒྱ་ལ་འགའ་ཡིས་ཤེས་པར་འགྱུར། ། [204b.4]ཞེས་གསུངས་ཏེ། སྐད་ཅིག་མ་ནི་དགའ་བ་བཞིའི་སྐད་ཅིག་མའི་བྱེ་བྲག་ཡིན་པའི་ཕྱིར་རོ། །ཡང་ན་གཉིས་སུ་མེད་པའི་དུས་སུ་དེ་ཉིད་མཚོན་པའོ། །དེ་ཡང་མཆོག་དང་དགའ་བྲལ་གྱི་དབུས་སུ་ཡིན་པས་ཐ་དད་པ་ནི་མགོ་རྩོམ་པས་སྐད་ཅིག་མ་སྟེ། རྣམ་པ་སྣ་ཚོགས་པ་ལ་སོགས་པ་ [204b.5]སྐྱེས་པའི་དུས་སོ། །ཐ་དད་མེད་པ་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་དེ། བླ་མ་དམ་པའི་གདམས་ངག་གི་དྲིན་གྱིས་སྐྱེས་བུ་ཁ་ཅིག་གིས་ཤེས་ཀྱིས་འཇིག་རྟེན་པ་ཐུན་མོང་བས་ནི་མ་ཡིན་ནོ། །དེའི་ཕྱིར་བདག་གི་བླ་མ་དམ་པའི་གདམས་ངག་གི་སྒོ་ནས་གོང་དུ་བསྟན་པའི་རིག་པས་སྐྱེ་འགྲོ་ཐུན་མོང་བ་རྣམས་ [204b.6]ལ་གསལ་བར་བྱས་པ་ཡིན་ནོ། །ཀྱེ་གྲོགས་དག་ཟབ་དང་རྒྱ་ཆེ་བ། །འདི་ལ་བདག་གཞན་ཡོད་མ་ཡིན། །ལྷན་ཅིག་སྐྱེས་དགའ་བཞི་བའི་སྐབས། །གཉུག་མ་ཉམས་སུ་མྱོང་བས་ཤེས། །ཞེས་གསུངས་ཏེ། ཟབ་མོ་ནི་དཔྱད་པའི་སྟོབས་ཀྱིས་རྒྱུན་མི་ཆད་པར་དྲན་པས་ཕྱོགས་དང་ཕྱོགས་ [204b.7]མ་ཡིན་པ་ནུས་པར་འགྱུར་རོ། །དེ་ལྟར་མཆོག་ཏུ་ཟབ་པ་དེ་ལ་ནི་བདག་དང་གཞན་ཐམས་ཅད་ཉམས་ཏེ་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་རོ། །འདི་ལྟ་བུའི་ལྷན་ཅིག་སྐྱེས་པ་དགའ་བ་བཞིའི་དུས་སུ་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་རྟོགས་པར་བྱའོ། །འདིའི་ཕན་ཡོན་སྟོན་པ་ནི། །མུན་ནག་ཆེན་ [205a] [205a.1]པོར་ཟླ་ཤེལ་གྱིས། །ཇི་ལྟར་གསལ་བར་བྱེད་པ་བཞིན། །མཆོག་ཏུ་བདེ་བ་སྐད་ཅིག་ལ། །སྡིག་པ་མ་ལུས་ཕམ་བྱེད་པའོ། །ཞེས་གསུངས་ཏེ། འདི་མུན་ནག་ཆེན་པོའི་ནང་དུ་ཟླ་ཤེལ་གྱི་ནོར་བུའི་སྣང་བས་གསལ་བར་བྱེད་པའི་དུས་སུ་རིགས་ངན་རྐུན་མ་ལ་སོགས་པས་གཞན་གྱི་ནོར་ [205a.2]རྐུ་བར་བྱེད་པ་བཞིན་དུ། མཆོག་ཏུ་བདེ་བ་ཆེན་པོའི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་དུས་སུ་འཁོར་བའི་སྡིག་སྦྱོང་ཐམས་ཅད་ཉམས་པར་བྱེད་དོ། །དེ་ལྟར། སྡུག་བསྔལ་སྣང་བྱེད་ནུབ་པ་ན། །སྐར་མ་པ་ཝ་སངས་ནི་འཆར། །འདི་ལྟར་གནས་པའི་སྤྲུལ་པ་སྤྲུལ། །འདི་ནི་དཀྱིལ་ [205a.3]འཁོར་འཁོར་ལོའོ། །ཞེས་གསུངས་ཏེ། ཇི་ལྟར་སོ་གའི་དུས་སུ་སྡུག་བསྔལ་གྱི་ཉིན་མཚན་དེ་ནུབ་ནས་ཤིན་ཏུ་བསིལ་བའི་གཙོ་བོ་སྐར་མ་པ་ཝ་སངས་འཆར་ཏེ། འདི་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྒོམ་ཞིང་གནས་པ་གང་གིས་སྣ་ཚོགས་སངས་རྒྱས་ཀྱི་སྐུ་ [205a.4]ཀུན་རྫོབ་ཀྱི་སྤྲུལ་པ་སྤྲུལ་ཏེ། དེའི་ངོ་བོ་ཉིད་དུ་དཀྱིལ་འཁོར་འཁོར་ལོ་ཡང་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ཡང་རྣལ་འབྱོར་བའི་བྱ་བསྟོན་ཏེ། རྨོངས་པ་སེམས་ཀྱིས་སེམས་ལ་རྟོགས། །ལྟ་བ་ངན་པ་ཀུན་ལས་གྲོལ། །མཆོག་ཏུ་བདེ་ཆེན་འདི་ཡིན་ཏེ། །དེ་ལ་དངོས་གྲུབ་དམ་པ་ཡོད་ད། ། [205a.5]ཅེས་གསུངས་ཏེ། ཁྱོད་ཀྱི་སེམས་ཀྱིས་སེམས་དཔྱོད་དང་། ཅི་སེམས་དང་སེམས་མེད་པ་སྔོན་དུ་བསྟན་པའི་རིགས་པ་གཉིས་ཀ་ཡང་མེད་དོ། །དེ་ལྟར་ཡང་། སེམས་ཉིད་དམ་པ་སེམས་མེད་ཉིད། །གཉིས་ཀ་མེད་ཅིང་ཅུང་ཟད་མེད། །འགྲོ་བ་མ་ལུས་འཁྲུལ་བའོ། །ཞེས་གསུངས་སོ། །དེ་ལྟ་ [205a.6]བུའི་ལྟ་བ་ངན་པ་བོར་ཏེ། མ་ལུས་པའི་བདག་དང་སྐྱེས་བུ་དང་། །སྲོག་ལ་སོགས་པ་བྱ་བ་ངན་པ་ཐམས་ཅད་ནི་ཀུན་རྫོབ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་བདེ་བ་ཆེན་པོའི་རང་བཞིན་དུ་ཐམས་ཅད་དག་པར་གྱིས་ཤིག་དང་། །འཇིག་རྟེན་ལས་འདས་པའི་མཆོག་ཐོབ་པ་ནི་དེ་ལ་རག་ལས་པའི་ཕྱིར་ [205a.7]རོ། །དེའི་ཕྱིར། སེམས་ཀྱི་གླང་པོ་ཡན་དུ་ཆུག །དེ་ལ་བདག་ནི་མ་འདྲི་ཤིག །ནམ་མཁའི་རི་བོ་ཆུ་འཐུང་དང་། །དེ་ཡི་འགྲམ་དུ་རང་དགར་ཞོག །ཅེས་གསུངས་ཏེ། འཁོར་བའི་ནང་དུ་དགའ་བའི་སེམས་ཀྱི་གླང་པོ་ཡན་དུ་ཆུག །ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་དེ་ཉིད་ལ་བརྟེན་པས་དེ་ཉིད་ [205b] [205b.1]དུ་ཐིམ་པའི་ཕྱིར། །འོན་ཀྱང་མུ་སྟེགས་པ་ཐམས་ཅད་ཀྱིས་སྲོག་གཅོད་པ་ལ་སོགས་པ་བྱས་པས་དམྱལ་བར་ལྟུང་ངོ་། །སྙིང་རྗེ་ཅན་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡོངས་སུ་གནས་པས་མཐོ་རིས་སུ་འགྲོ་ཞིང་བདེ་བར་གནས་སོ། །སེམས་ཀྱི་གླང་པོ་ཐམས་ཅད་ལ་ཁྱབ་པའི་ཚུལ་གྱིས་ནམ་མཁའི་ཆུ་འཐུང་ [205b.2]ཞིག་དེའི་འགྲམ་དུ་ནི་བདེ་བ་ཆེན་པོའི་ཆུ་འགྲམ་མོ། །བདེ་བ་ཆེན་པོ་ཡིན་ཡང་མངོན་པར་ཞེན་པར་མ་བྱེད་ཅེས་དགོངས་སོ། །དེ་བཞིན་དུ། ཡུལ་གྱི་གླང་པོའི་སྣས་བླངས་ནས། །ཇི་ལྟར་གསོད་པ་ལྟར་སྣང་ཡང་། །རྣལ་འབྱོར་གླང་པོ་སྐྱོང་བ་བཞིན། །དེའི་ཚེ་བྱུང་ནས་སོང་བ་ཡིན། །ཞེས་གསུངས་ཏེ། [205b.3]དེ་བཞིན་དུ་ཡུལ་གྱི་གླང་པོ་ནི་དངོས་པོ་ཐམས་ཅད་དེ། ཡུལ་དང་དབང་པོ་ལྟ་བུར་ཆུ་ཡིས་བླངས་ནས་གསོད་པ་ལྟ་བུར་སྣང་ཡང་མི་འཆི་སྟེ། གླང་པོ་དང་རྩེ་མཁས་པས་སོ། །རྣལ་འབྱོར་གྱི་དབང་ཕྱུག་གིས་ཕྱིར་བྱུང་ནས་གནས་སུ་འགྲོ་ཞེས་བྱའོ། །དེ་ལྟར་བཟའ་བྱ་མ་ཡིན་པ་དེ་མི་ [205b.4]རིགས་སོ་ཞེས་དགོངས་སོ། །དེ་ལྟར་ཡང་། གང་ཞིག་སྲིད་དེ་མྱ་ངན་འདས་པའོ། །དེ་ལ་དབྱེ་བ་མ་སེམས་ཤིག །རང་བཞིན་གཅིག་པས་རྣམ་པར་སྤོངས། །དྲི་མེད་དེ་ནི་ང་ཡིས་རྟོགས། །ཞེས་གསུངས་ཏེ། ཇི་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། །ཟུང་དུ་འཇུག་པའི་རིམ་པ་ [205b.5]ལས། །འཁོར་བ་དང་ནི་མྱ་ངན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་བཞིན་དུ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པ་དེ་ནི་དབྱེར་མེད་པའི་ཟུང་དུ་འཇུག་པ་ཞེས་བྱའོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། །ཁྱིམ་དུ་མ་འདུག་ནགས་མ་འགྲོ། །གང་ན་འདུག་ [205b.6]ཀྱང་སེམས་ལ་ལྟོས། །མ་ལུས་རྒྱུན་དུ་བྱང་ཆུབ་གནས། །སྲིད་གང་མྱ་ངན་འདས་གང་ཡིན། །ཞེས་གསུངས་ཏེ། ཁྱིམ་དང་ནགས་གཉིས་ཀ་ལ་ཡང་ངེས་པར་གནས་པར་མི་བྱ་སྟེ། གནས་གཉིས་པོ་ལ་ཞེན་ན་རྣམ་རྟོག་སྐྱེ་བའི་ཕྱིར་རོ། །འོ་ན་ཇི་ལྟར་བྱ་ཞེ་ན། གང་དང་གང་ཟབ་ [205b.7]དང་། འཆགས་པ་དང་ཉལ་བ་ལ་སོགས་པའི་དུས་སུ་དེ་ལ་སེམས་ཡོངས་སུ་ཆགས་པར་མ་བྱེད་ཅིག། །བརྫུན་པའི་རྣམ་པར་རིག་པ་ཙམ་དུ་གྱིས་ཤིག་ཅེས་བྱ་བའོ། །དེའི་ཕྱིར། མཁས་པས་མ་ལུས་རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་གནས་པ་སྟེ། གང་ཅུང་ཟད་ཀྱང་སྐྱེ་བ་ [206a] [206a.1]ནི་མེད་དེ། རང་བྱུང་གི་ཡེ་ཤེས་ཀྱི་ཕྱིར་རོ། །དེ་ལྟར་ཡང་། མྱ་ངན་འདས་དང་འཁོར་བ་ཉིད། །དེ་ཉིད་མ་མཐོང་རྟོགས་པར་བྱེད། །འཁོར་བ་མྱང་ན་འདས་པ་མེད། །དེ་ཉིད་མ་མཐོང་རྟོགས་པར་བྱེད། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་ཀ་ཡོད་པ་མ་ཡིན་ཏེ། །འཁོར་བ་ [206a.2]ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་གསུངས་ཏེ། དེའི་ཕྱིར་བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་གཉིས་སུ་མེད་པའི་ངོ་བོ་མཆོག་ཡིན་པར་གྲུབ་པའོ། །དེ་སྟོན་པ་ནི། བྱང་ཆུབ་ཁྱིམ་དང་ནགས་ན་གནས། །འདི་ཡི་དབྱེ་བ་ཤེས་པར་གྱིས། །དྲི་མེད་སེམས་ཀྱི་རང་བཞིན་ལ། ། [206a.3]དེ་ནི་རྟོག་པ་མེད་པར་བྱ། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་མཚན་ཉིད་ཀྱི་བྱང་ཆུབ་ནི་ཁྱིམ་དང་ནགས་ན་མེད་པ་དེ་ལྟ་བུའི་དབྱེ་བ་དགོངས་པའི་ཚིག་གིས་ཤེས་པར་བྱའོ། །ཁྱིམ་ནི་རང་གི་ལུས་སོ། །ནགས་ནི་བུམ་པ་དང་སྣམ་བུ་ལ་སོགས་པའི་གཟུགས་སོ། །དེ་ལ་བྱང་ [206a.4]ཆུབ་མེད་དོ། །འདི་ནི་བདག་དང་འདི་ནི་གཞན། །གང་གིས་དེ་ནི་ཡོངས་སེམས་པ། །དབྱེ་བས་འཆིང་དང་བྲལ་བར་བྱ། །དེས་ནི་བདག་ཉིད་གྲོལ་བའོ། །ཞེས་གསུངས་ཏེ། །གང་གིས་འདི་ནི་བདག་འདི་ན་གཞན་ཞེས་གསུངས་ཏེ་བྱ་བ་གང་དེས་ཕྱིན་ཅི་ལོག་ཏུ་ཡོངས་སུ་སྒོམ་པ་ [206a.5]དེ་དབྱེ་བས་འཆིང་བ་མེད་ཀྱང་འོན་ཀྱང་བདག་ཉིད་རྣམ་པར་བཅིངས་པའོ། །དེའི་ཚེ་བདག་ཉིད་གྲོལ་ཡང་མ་གྲོལ་ཞེས་བྱ་སྟེ། དེའི་ཕྱིར་བདག་དང་གཞན་གྱི་ཆར་མི་རྟོག་གོ་ཞེས་དགོངས་སོ། །དེ་ལྟར་ཡང་། །བདག་དང་གཞན་དུ་འཁྲུལ་མ་བྱེད། །མ་ལུས་རྒྱུན་དུ་ [206a.6]སངས་རྒྱས་ཡིན། །འདི་ཉིད་དྲི་མེད་གོ་འཕང་མཆོག །སེམས་ཉིད་རང་བཞིན་དག་པའོ། །ཞེས་གསུངས་ཏེ། །སེམས་ཅན་གྱི་རིགས་རྣམས་དང་པོ་ཉིད་ནས་སངས་རྒྱས་ཡིན་ཏེ། དེ་ཉིད་དང་པོ་ཉིད་ནས་གློ་བུར་གྱི་རྣམ་པར་རྟོག་པས་བསྒོས་པས་མ་རྟོགས་ཏེ། རང་ཉིད་ [206a.7]སངས་རྒྱས་ཡིན་པ་མ་ཤེས་སོ། །དེ་ཉིད་དྲི་མ་མེད་པའི་མཆོག །སེམས་ཀྱི་ངོ་བོ་ཉིད་བྱང་ཆུབ་ཀྱི་རང་བཞིན་ཡིན་ཏེ། དངོས་པོ་ཐམས་ཅད་འཛིན་པ་སྤངས་པའི་ཕྱིར་རོ། །གཉིས་མེད་སེམས་ཀྱི་སྡོང་པོ་མཆོག །ས་གསུམ་མ་ལུས་ཁྱབ་པར་སོན། །སྙིང་རྗེའི་མེ་ཏོག་ [206b] [206b.1]འབྲས་བུ་འཛིན། །མིང་ནི་གཞན་ལ་ཕན་པའོ། །ཞེས་གསུངས་ཏེ། དེ་ལྟར་མཆོག་གི་དོན་བསྟན་ནས་གཞན་ལ་ཕན་པ་སྟོན་ཏེ། རྣལ་འབྱོར་པའི་སེམས་གང་གཉིས་སུ་མེད་པ་ནི་དཔག་བསམ་གྱི་ཤིང་བཞིན་དུ་ཁམས་གསུམ་མ་ལུས་པར་ཁྱབ་པར་སོན་པ་སྟེ། ཐམས་ [206b.2]ཅད་གཉིས་སུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེའི་སྙིང་རྗེའི་མེ་ཏོག་གི་འབྲས་བུའི་མིང་ནི་གཞན་ལ་ཕན་པ་སྟེ། ཐམས་ཅད་ཀྱི་ཐམས་ཅད་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་པ་རྒྱས་པར་བྱེད་པའི་ཕྱིར་རོ། །སྟོང་པའི་སྡོང་པོ་མེ་ཏོག་སྐྱེས། །སྙིང་རྗེ་རྣམ་པ་སྣ་ཚོགས་འབྱུང་། ། [206b.3]ལྷུན་གྲུབ་གཞན་གྱི་འབྲས་བུ་སྟེ། །བདེ་བ་འདི་ནི་སེམས་གཞན་མིན། །ཞེས་གསུངས་ཏེ། དེ་ལྟར་སྟོང་པའི་འབྲས་བུ་སྙིང་རྗེ་རྣམ་པ་སྣ་ཚོགས་ཀྱིས་མི་འདོད་བཞིན་དུ་ཡང་བསམ་པ་སྣ་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །འོན་ཀྱང་ཡོངས་སུ་རྫོགས་པའི་སྙིང་རྗེ་སྟོན་ [206b.4]པ་ནི། སྟོང་པའི་སྡོང་པོ་སྙིང་རྗེ་མིན། །གང་ལ་རྩ་བ་ལོ་འདབ་མེད། །དེ་ལ་དམིགས་བྱེད་གང་ཡིན་པ། །དེ་ནི་ལྷུང་ནས་ཡལ་ག་ཆག །ཅེས་གསུངས་ཏེ། སྟོང་པའི་སྡོང་པོ་སྙིང་རྗེ་མིན་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་ཕྱིར་འདིར་དམིགས་པ་མེད་པའི་སྙིང་རྗེ་ལ་སྙིང་རྗེ་མིན་པ་ [206b.5]ཞེས་བྱའོ། །སྟོང་པ་ཉིད་ཀྱི་སྡོང་པོ་དེ་ལ་རྩ་བ་དང་ལོ་འདབ་མེད་དོ། །སྒོམ་པ་དང་སྒོམ་པ་པོ་དང་། བསྒོམ་བྱ་གདོད་མ་ནས་མེད་པའི་ཕྱིར་རོ། །དེ་ལ་དམིགས་བར་བྱེད་པ་གང་ཡིན་པ་དེ་ནི་ལྷུང་ནས་ཡལ་ག་ཆག་པ་ནི་ཁམས་གསུམ་གཅིག་པའི་ངོ་བོ་ཉིད་ཡིན་པས་སོ། །དེ་ཉིད་ [206b.6]བསྟན་པའི་ཕྱིར། ས་བོན་གཅིག་ལ་སྡོང་པོ་གཉིས། །ལྟོས་པ་མེད་པས་མེ་ཏོག་གཅིག །འདིར་ནི་དབྱེར་མེད་གང་མཐོང་སྟེ། །སྲིད་དང་མྱ་ངན་འདས་ལས་གྲོལ། །ཞེས་གསུངས་ཏེ། ས་བོན་གཅིག་ལ་སྡོང་པོ་དང་ཡལ་གའི་བྱེ་བྲག་གཉིས་སྐྱེ་སྟེ། དེ་ལྟར་རྒྱུ་དང་ [206b.7]འབྲས་བུ་རྣམ་པ་གཉིས་སུ་འགྱུར་ཏེ། དེ་ཡང་འབྲས་བུ་ལས་ཐ་མི་དད་དོ། །རྒྱུ་དེ་ལྟ་བུ་ལས་འབྲས་བུའོ་ཞེས་གསུངས་པའི་ཕྱིར་སངས་རྒྱས་དང་འཁོར་བ་དབྱེར་མེད་པར་མཐོང་བ་དེ་ནི་ཐར་པར་འགྱུར་ཏེ། གཉིས་སུ་མེད་པར་རྟོགས་པའི་ཕྱིར་རོ། །གང་ཞིག་འདོད་པ་ [207a] [207a.1]ཅན་འོང་ཧཱུཾཚེ། །དེ་ནི་རེ་བ་མེད་སོང་ནས། །ཁམ་པོར་དུམ་བུ་བླངས་ནས་ནི། །ཀྱེ་ཧོ་རང་ཁྱིམ་བོར་ལ་སོང་། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་དོན་མཐའ་དག་འཁོར་བའི་ལོངས་སྤྱོད་ལ་ཆགས་པ་མེད་པ་དེའི་ཚེ་རྟོགས་པར་འགྱུར་རོ། །ལོངས་སྤྱོད་ལ་ཆགས་པ་དང་བུ་ [207a.2]དང་ཚ་བོ་ལ་སོགས་པ་ཡང་དག་པར་རྒྱས་པ་ནི་སྦྲུལ་གྱི་དུག་དང་འདྲ་བར་གནོད་པ་བྱེད་པའི་ཕྱིར་རོ། །དེའི་ཕྱིར་སྙིང་རྗེ་དང་ལྡན་པས་འདོད་པ་ཅན་སློང་བའི་མི་འོངས་པའི་ཚེ། བདག་ཉིད་སྲིད་པའི་དབང་གིས་ཅུང་ཟད་ཀྱང་མི་སྟེར་ན་ང་ལ་དངོས་གྲུབ་མི་འབྱུང་ངོ་ཞེས་བསམས་ [207a.3]ནས་རང་གི་ཁྱིམ་ནས་ཐོན་ཏེ་ཕྱིར་བོར་བའི་ཁམ་ཕོར་བླངས་ནས་ལོངས་སྤྱོད་ལ་ཆགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པའི་ཕྱིར། གཞན་ལ་ཕན་པ་མ་བྱས་ཤིང་། །འདོད་པ་ལ་ནི་མི་སྟེར་བ། །འདི་ནི་འཁོར་བའི་འབྲས་བུ་གང་། །དེ་བས་རིང་པོར་བྱས་ན་ [207a.4]རུང་། །ཞེས་གསུངས་ཏེ། གཞན་ལ་ཕན་པ་མ་ནུས་ན་ཁྱིམ་དང་ལོངས་སྤྱོད་ཀྱི་དགོས་པ་ཅི་ཡོད། གལ་ཏེ་གསེར་ལ་སོགས་པའི་ནོར་ཡོད་པ་སྦྱིན་པར་མི་གཏོང་ན་འཁོར་བར་གནས་པ་ལ་ནོར་དེར་འབྲས་བུ་མེད་ཅེས་བྱའོ། །དེའི་ཚེ་རང་ཉིད་བོར་བ་བྱས་ན་རུང་གི་ཁྱིམ་ནས་ [207a.5]འཐོན་ལ་ལུས་དང་སྲོག་ལ་མི་ལྟ་བར་གནས་སོ་ཞེས་བྱ་བའི་དོན་ཏོ། །བྱིས་པའི་སྐྱེ་བོ་རྣམས་ཀྱི་དོར་དོ་ཧ་མཛོད་ཀྱི་ཊཱི་ཀ་དཀའ་བའི་དོན་འགྲེལ་བྱས་པའོ། །རང་གིས་གོ་བར་བྱ་བའི་ཕྱིར། །དཀའ་འགྲེལ་བྱས་པ་འདི་ཡིས་ནི། །མིང་ནི་བདག་ཉིད་གོ་བྱེད་པ། །བླ་མ་ [207a.6]བརྒྱུད་རིམ་གསལ་བྱེད་པའོ། །གང་ཚེ་གཞན་གྱིས་བལྟས་ནས་ཀྱང་། །དེ་ཚེ་དེ་ལ་ཕན་གྱུར་ན། །དེ་ན་སེམས་ཅན་དོན་གྱུར་ཡིན། །དེ་ལྟ་མིན་ན་བཟོད་པར་ཞུ། །རང་གི་དོན་དང་གཞན་དོན་དུ། །བདག་གིས་འདི་བྱས་བསོད་ནམས་ཀྱིས། །དེ་ཡིས་འཇིག་རྟེན་ཐམས་ཅད་ཀུན། ། [207a.7]རང་བྱུང་ཡེ་ཤེས་ཐོབ་པར་ཤོག །དོ་ཧ་མཛོད་ཀྱི་དཀའ་འགྲེལ་སློབ་དཔོན་ཆེན་པོ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ། །རྒྱ་གར་ལྷོ་ཕྱོགས་ཡུལ་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་པ་ཆེན་པོ་ཤྲཱི་བཻ་རོ་ཙ་ན་བཛྲས་བསྒྱུར་བའོ།། །། [207b] [207b.1]{T2257}༄༅༅། །རྒྱ་གར་སྐད་དུ། དོ་ཧ་ནི་དྷི་ཀོ་ཥ་གཱིཏི་ནཱ་མ་བ་རི་པཱུ་ར་པྲ་ཤཱ་སྟ་མ་ནི་ཏི་ཡོ་ཊཱི་ཀཱ། བོད་སྐད་དུ། མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བ་གཉུག་མའི་དེ་ཉིད་རབ་ཏུ་སྟོན་པའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་འཇམ་དཔལ་སྨྲ་བའི་སྐྱེས་མཆོག་ལ་ཕྱག་ [207b.2]འཚལ་ལོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེས་བུ་མཆོག་རྣམས་དེ་ཉིད་ཐུགས་སུ་ཆུད་པའི་ངོ་བོ་དང་། །ཤེས་རབ་རལ་གྲིས་ཉོན་མོངས་གཅོད་པར་བྱེད་བའི་རྗེ་བཙུན་པ། །དམ་པའི་སྐྱེས་མཆོག་དེ་ཉིད་སྟོན་པར་བྱེད་པའི་བླ་མ་ལ། །བསམ་གྱིས་མི་ཁྱབ་དོན་གྱིས་ཡང་དག་ [207b.3]བསྟོད་བྱས་ཏེ། །སངས་རྒྱས་ཉིད་ལས་སངས་རྒྱས་རྟོགས་པར་བྱེད་པའི་ངོ་བོ་དཔལ། །མི་ཤེས་གཉུག་མའི་ངོ་བོ་ཐ་མལ་ཤེས་བ་འདི་དག་ནི། །དམ་པ་རྣམས་ཀྱི་གདམས་ངག་ཇི་ལྟའི་དོན་ཉིད་དུ། །ཐ་དད་རྟོག་པ་གཅད་ཕྱིར་མཉམ་ཉིད་མཻ་ཏྲིས་བཤད། །དེ་ལ་ཆོས་ཀྱི་སྐུ་དང་དེའི་དགོངས་པ་ཐ་མི་ [207b.4]དད་པ་དག་རྗེ་བཙུན་པ་དཔལ་གྱི་རི་བོ་བདག་གིས་རྟོགས་པའི་དོན་གླུར་བླངས་ཏེ་བསམ་གྱིས་མི་ཁྱབ་པའི་དོན་དེ་དག་བདག་གིས་རབ་ཏུ་རྙེད་དོ། །དེ་ཡང་མཁའ་འགྲོ་མ་དག་གིས་རྗེས་སུ་དཔག་པས་ཉེ་བར་མི་རྙེད་པའི་ཕྱིར་ལྐུགས་པའི་སྐད་བརྗོད་དེ། དུ་མ་མི་ལིའོ། །དེའི་དོན་ནི། མུ་སྟེགས་ [207b.5]སྒྲ་དང་ཚད་མེད་བ། །མངོན་སུམ་རྗེས་དཔག་རིགས་པའི་མདུང་། །བློ་རབ་མངོན་ཤེས་ཕྲ་མོས་ཀྱང་། །རྟོགས་པར་མི་ནུས་མན་ངག་ཡིན། །ཞེས་བྱའོ། །དེ་བས་ན་འདི་ནི་ཏུག་ཀན་ཙམ་ན། ཞེས་བྱའོ། །དེའི་དོན་ནི། འབྱུང་བ་འབྱུང་མིན་འབྱུང་བ་འབྱིན། །ལེན་པ་ལེན་མེད་ལེན་འོང་བ། ། [207b.6]སྨྲ་བ་སྨྲ་མིན་སྨྲ་མེད་བརྡ། །དོན་མིན་མེད་དོན་མེད་མིན་ནོ། །ཞེས་བྱ་སྟེ། བླ་མའི་ངག་ལས་ངེས་པར་རྙེད་པའི་དོན་ཏོ། །དེ་བས་ན་ཧི་མ་ཧཱུཾ་མཾ་ས་ར་ཧཱུཾ་ཧོ་ཞེས་བྱ་སྟེ། དེ་དག་གི་དོན་ནི། མགོ་བཅད་ནམ་མཁའ་དག་ལ་འཕངས། །ནང་གྲོལ་ཚོགས་ཀྱིས་སྟོན་མོ་བྱས། །རྐང་མཐིལ་སྤྱི་གཙུག་དག་ཏུ་ [207b.7]བཀུག །ལྟེ་བའི་འཁོར་ལོ་བསྐོར་བར་བྱ། །དེ་ནི་ངེས་པར་སྦྱར་བའི་ཆའོ། །དེ་བས་ན་རྟག་ལ་ལ་ཨ་རི་ཏ་ཞེས་ཏེ། དེ་དག་གི་དོན་ནི། གྲུབ་པ་མེད་ཕྱིར་རྨི་ལམ་སྟོན། །བརྒྱུད་པ་ཡིན་ཕྱིར་གླུ་ལེན་ཏེ། གསང་བ་ཡིན་ཕྱིར་མཁའ་འགྲོའི་སྐད། །གདམས་ངག་ཡིན་ཕྱིར་ཉམས་སུ་བླང་། །ཞེས་བྱ་ [208a] [208a.1]བ་ནི་གནས་པར་བྱ་བའི་ཡན་ལག་གོ། །དེ་བས་ན་ཨེ་ཀྲ་ན་ཞེས་བྱ་སྟེ། སྐྱེ་བ་མེད་པ་དེ་དག་གི་ནི། སྐྱེ་མེད་མཁའ་ལས་ཐིམ་པ་ཤར། །རྒྱུད་གཞན་འབྲས་བུའི་ཐིག་པ་སྟེ། །སྒྲ་ནི་དུས་ཆེན་འགྱུར་དུས་སྟོན། །མུ་རིགས་ཚལ་དུ་བྲམ་ཟེས་སོ། །ཞེས་པས་ནི་ཐོས་པ་ཅན་ལ་ [208a.2]སྦྱར་བར་བྱའོ། །དེ་བས་ན་ཧ་ཧི་ཏ་མ་ནི་ཞེས་བྱ་སྟེ་དེ་དག་གི་དོན་ནི། གཞན་གསལ་སྙིང་པོའི་ཁྱད་པར་དང་། །བླ་མ་བཟང་ལས་དེ་རྟོགས་ཏེ། །གཉུག་མར་སྦྱང་བའི་སྤྱོད་པ་ཡིན། །འདིར་ནི་ཉམས་སུ་བླང་བ་སྟེ། །འབྲས་བུ་དེ་ལས་འབྱུང་བའོ། །དེ་དག་ནི་གོ་བར་བྱ་བའི་དོན་ཉིད་དུ་སྦྱར་རོ། །དེ་བས་ [208a.3]ན་མ་ཀི་ཤུ་ཀྵ་ན་རེ་ཞེས་བྱ་སྟེ་དེ་དག་གི་དོན་ནི། །གཡས་པ་གཞན་དང་གཞན་དེར་མིན། །གཡོན་པས་གསལ་བ་བརྟག་ཕྱིར་མིན། །དེ་ཉིད་དེ་ཉིད་རྟོགས་པ་མིན། །མིན་པ་རྒྱལ་པོའི་ཤེས་པ་མིན། །ཞེས་བྱ་བ་ནི་ཁྱད་པར་གྱི་དོན་བརྗོད་པའོ། །དེ་བས་ན་དོ་ཧ་ཞེས་བྱ་སྟེ། དེ་དག་གི་དོན་ནི། །རང་ལ་མེད་པ་ཨ་ཨིའོ། ། [208a.4]རང་དང་ལྡན་པ་ནི་ཨེ་ཨུའོ། །ཕན་ཚུན་གཉིས་ལ་མི་སྨྲ་བ་ནི་ཨི་ཨའོ། །ངོ་བོ་ནི་ལི་རི་ཨའོ། །གཞན་གཅོད་པར་བྱེད་པ་ནི་ཨཽ་ལྀའོ། །མཚན་ཉིད་ཀྱི་དོན་ནི་ཨི་ཨ་རའོ། །གནས་བསྟན་པའི་བྱ་བ་ནི་ཨུ་ལྀ་ཨིའོ། །ཉམས་སུ་མྱོང་བས་ནི་ཨ་རའོ། །དེ་ཉིད་ཀྱི་བརྗོད་པ་ནི་ཨ་ཨཾ་ཨའིའོ། །དེ་ནི་མཁའ་འགྲོ་མའི་སྒྲའི་ [208a.5]དོན་དང་པོའོ། །སྒྲའི་ཚིག་མང་པོ་བཟང་པོའོ་ཅན་ལ་སྦྱར་བ་ནི། ཁུར་ཆེན་ཁྱེར་དང་འགྲོ་བ་མགྱོགས། །ཕྱིན་པ་མེད་དེ་དང་པོའི་ས། །གཤོག་པ་སྦར་བས་ནམ་མཁའི་མཚོ། །རི་རབ་ནོར་བུ་གླིང་ན་བདེ། །ཞེས་བྱ་བའི་དོན་ནོ། །སྒྲའི་ཚིག་བཀའ་ལ་སྦྱར་བ་ནི། །ཆུ་སྲིན་གདུག་པའི་ཁར་འགྲོ་དང་། ། [208a.6]རུས་སྦལ་རྒྱབ་ན་གནས་པ་དང་། །ཉ་མིད་ཆེན་པོའི་ལྟོ་བ་ནི། །ཉི་མའི་དཀྱིལ་ན་མཛེས་པ་ཆེ། །ཞེས་འབྱུང་བའི་ཕྱིར་རོ། །བསྟན་པའི་སྒྲ་སྦྱར་བ་ནི། །མེ་ཡིས་སྐམས་པའི་བདུད་རྩི་དང་། །དུར་ཁྲོད་ཚོགས་ཀྱི་རུས་པ་བཏུང་། །རྒྱ་མཚོའི་སྟེང་ན་གཞོན་ནུ་མ། །རྒྱལ་པོས་ས་འཛིན་གདོལ་བའི་མཆོག ། [208a.7]ཅེས་འབྱུང་བའི་ཕྱིར་རོ། །སྒྲ་མཁས་པས་སྦྱར་བ་ནི། །རྐང་མཐིལ་སྤྱི་གཙུག་སྙིང་དུ་མཉམ། །ཁ་རྐུབ་བརྒྱུད་པ་ཁྱི་ཡི་ཟས། །སྲིན་བུ་མེ་ཁྱེར་ཆུ་བོའི་རྒྱུན། །ཐལ་མོ་བརྡབས་པ་ནམ་མཁའི་སྒྲ། །ཞེས་འབྱུང་བའི་ཕྱིར་རོ། །བསྟན་པ་ཐུན་མོང་བའི་སྦྱར་བ་ནི། །པར་སུ་ནི་གི་ཧི་ད་ཀོ་ཤ་བུ་ཧ་ས་ན་གི་ཏ་ [208b] [208b.1]ན་མའོ། །དེ་དག་གི་དོན་ནི། མ་ཟད་མི་ཟད་ཟད་པ་མེད། །མཐར་ཐུག་རྡོ་རྗེ་ཉིད་ཀྱི་རང་། །སངས་རྒྱས་སངས་རྒྱས་རྟོག་བ་མིན། །ལག་པའི་ནོར་བུ་མཐོང་བའོ། །བདེ་གཤེགས་སྣང་བ་སེམས་ཀྱི་རང་། །ངེས་པའི་དོན་སྨྲ་ང་ཡི་སྙིང་། །རྟོགས་པར་བྱེད་པ་ནོར་བུའི་རྟེན། །དེ་ཡང་ས་བོན་ཆུ་ཡིས་སྐྱེས། ། [208b.2]གདོལ་བ་ལྟ་བུའི་སྨོས་པ་ལས། །ནོར་བུ་ཆེན་པོ་ལག་ཏུ་འོངས། །སངས་རྒྱས་དམ་པ་རྣམས་ཀྱིས་གསུངས། །མཁའ་ལ་མི་སྨྲ་སྨྲ་རུ་མེད། །ཐམས་ཅད་ཆོས་ཀྱི་འཁོར་ལོ་ཆེ། །ཕྱག་རྒྱ་ཆེན་པོ་གཉུག་མའི་ངང་། །བདེ་དང་བྲལ་བ་ཆོས་ཀྱི་སྐུ །གསལ་དང་མི་རྟོག་ལོངས་སྤྱོད་རྫོགས། ། [208b.3]སྣང་དང་སྟོང་པ་སྤྲུལ་པ་སྟེ། །རང་བཞིན་ལམ་ལ་ཤིན་ཏུ་གནས། །སྨྲས་ཀྱང་གྲུབ་པ་མེད་པ་ནི། །རྨི་ལམ་གྱི་ནི་ནོར་བཞིན་དུ། །མཚན་ཉིད་བྲལ་བ་རྡོ་རྗེའི་གླུ། །བླ་མའི་ཞལ་ལས་ངེས་པར་བླང་། །དེ་བས་ན། །ཨ་ཨི་ཨུ་ཨེ་ར་ལི་ཨོ་ཞེས་བྱ་སྟེ། དེ་དག་གི་དོན་ནི། དང་པོ་བཟང་པོ་མཆོག་གིས་ [208b.4]སྟོབས་སོ། །གཉིས་པ་གླུ་བླང་བར་བྱ་བ་ཉིད་དོ། །གསུམ་པ་ནི་མཚུངས་པའོ། །བཞི་པ་ནི་ལོངས་སྤྱོད་དོ། །ལྔ་པ་ནི་གྲུབ་པར་བྱེད་པའོ། །དྲུག་པ་ནི་དེ་བཞིན་ཉིད་དོ། །བདུན་པ་ནི་གནས་པའོ། །བརྒྱད་པ་ནི་སྤྲོས་པའོ། །དེ་བས་ན་བརྡའི་དོན་འདི་དག་ནི་རྗེ་བཙུན་དཔལ་གྱི་རི་བོ་དང་། བདག་དང་ [208b.5]བདག་གི་ཆ་ལས་སྦྱར་བ་དག་གིས་རྟོགས་པར་བྱ་བ་ཉིད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། མཁའ་འགྲོ་མ་ལཱ་མ་དང་དུ་མ་དི་རི་ནི་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ། །ཀང་ཀ་དང་གཏུམ་མོ་དང་ཕག་མོ་དང་རོ་ལངས་མ་དང་འཇིགས་པའི་གདོང་ཅན་མ་ནི་འཕགས་པ་ཆེན་མོ་དག་གི་ཡུམ་མོ། ། [208b.6]ཁཎྜ་རོ་ཧི་དང་། བེ་ཏཱ་ལཱི་ནི་རྗེ་བཙུན་པའི་ཡུམ་མོ། །རྡོ་རྗེ་དཔའ་མོ་སུ་ཁ་མ་ཧཱ་སིདྡྷི་ནི་བདག་བྱིན་གྱིས་རློབས་པའི་མར་གྱུར་པ་སྟེ། འདི་དག་ནི་གཞན་དང་མ་འབྲེལ་པའི་ཕྱིར་རོ། །དེར་ཡང་མ་ཟད་དེ་གནས་པ་ཆེན་པོ་ན་བདག་ཉིད་གནས་པ་དེའི་ཚེ་ཙུནྡ་མ་དང་སྟོབས་མཆོག་མ་དང་དཀར་ [208b.7]མོ་མ་དང་ཤན་པ་མོ་དག་གིས་རོའི་བརྡ་བསྟན་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་འབྱུང་གནས་དམ་པ་དག་ཏུ་ཡང་ཧེ་རུ་ཀ་ནི་དུར་ཁྲོད་མ་དང་རྣལ་འབྱོར་མ་ཆེན་མོ་སྣ་ཆེན་མ་དག་གིས། བསོད་ནམས་ཀྱི་འཁོར་ལོའི་བརྡ་བསྟན་པར་འགྱུར་རོ། །རྡོ་རྗེ་བཙུན་མོའི་སྤྱན་སྔར་ཡང་ས་འོག་ [209a] [209a.1]མ་དང་འཕར་མ་དང་། བརྟུལ་ཞུགས་མ་དང་སྤྱོད་པའི་རྒྱུ་བ་དག་གིས་ཀྱང་བྱིས་པའི་བརྡ་བསྟན་པར་འགྱུར་རོ། །དེ་བས་ན་རྣལ་འབྱོར་པ་དག་གིས་བརྡའི་དོན་ལ་མཁས་པར་བྱ་སྟེ། འདི་དག་གི་དོན་ནི་བདག་གིས་ཀླ་ཀློའི་སྐད་དུ་བརྗོད་དོ། །ཧོ་ས་ར་ན་ཨ་ས་ར་ན། [209a.2]ཨེ་ཏ་ཨ་ས་ར། ཧེ་དུས་བུ་ལ། ཨ་ཏ་ཀ་ཏ། མུ་ལུ་ས། ལ་ཧི། མུ་ས་རས་ཏྲིས། ཏྲ་ས་ར། ཨཾ་ཙ་པ་མ། ཨ་ཙ་བ་ཨ་ཨ་ཏི་མ། ཨ་ཨི་སུ་མིག །པོ་ལི། ཀའི་སྣིག། ཤ་ཧོ་ས་ར། ཀི་པི་ཙ་ཏ། ཡོ་པི། ཙན་ཧེ་ཏྲན། ཧེ་ཧོ་མ་ཧེ། ཧི་མ་རི། ཏ་མ་བེ། ཨ་སིག། མ་ལ་པོ་ཡ་ཧ། པོ་ཡིན་ལ། ཧ་ཧི་ཧོ། ། [209a.3]ཨེ་ན་ས་སུ་ག་དོ་ཡི་ལ། དོ་པ་ན། རུ་མིག་ས་ར། ཧ་ཧི་ཧོ། །ཨི་བ་ཏ་ན་ཧ་ཧི་ཨི་པ་ན་ཧ། པོ་ཙ་ན་ཏོ་ཡ་ལི། དུ་མ་ཧོ་འོ་ལོ་ཙན་དོ། སྨྲི་རི་སུ་པ་རི། །སྨྲི་རི་ཀའི་ལ། ཙན་དོ་པ་ཡི་ལ། ད་ཀི་ས་ཕེཾ་ཕེཾ་ཕེཾ་ཧ་ཧ་ཧོ་ཞེས་པ་སྟེ། འདིར་ནི་སྲིད་པའི་འཁོར་ལོའི་བརྡར་གྱུར་པ་ཐམས་ཅད་དེ། རྗེ་བཙུན་པ་ནི་མཉམ་ [209a.4]པ་ལ་བཞུགས་པ་སྟེ། བདག་འབའ་ཞིག་གིས་ཤེས་པ་ཁོ་ནར་ཟད་དོ། །དེ་ཡང་མདོར་བསྟན་པའི་ཚུལ་ནི། དང་པོ་པ་ཉིད་རྣམ་པར་ཞི་བའོ། །དེ་དག་ནི་ཅན་ནོ། །འབྱུང་བ་ཆེན་པོའོ། །བྱིན་གྱིས་བརླབས་པའོ། །གཏེར་རོ། །བཞིའོ། །དག་པའོ། །བཟང་པོའི་སྤྱོད་པའོ། །ཡང་དག་པར་ [209a.5]སྤྱོད་པའོ། །ཆེན་པོའོ། །སྟོབས་སོ། །རྣམ་པར་རྒྱལ་བའོ། །ཕྱག་རྒྱའོ། །སྙོམས་པར་ཞུགས་པའོ། །འོད་གསལ་བའོ། །བདེ་བ་ཆེན་པོའོ། །སྦྱོར་བ་བཟློག་པའོ། །མངོན་དུ་གྱུར་བའོ། །ལྔའོ། །གསུམ་མོ། །གཅིག་གོ། །ཐམས་ཅད་པའོ། །ཐམས་ཅད་མེད་པའོ། །གཟུང་བའོ། །གཟུང་བ་མེད་པའོ། །ཐམས་ [209a.6]ཅད་པའོ། །དུས་མཚུངས་པའོ། །སྟེགས་སོ། །དགེ་བའོ། །རྣམ་པར་དགེ་བའོ། །སྨྲ་བའོ། །ཐ་སྙད་དོ། །འཁོར་ལོའོ། །ཅེ་སྤྱང་ངོ་། །རྒྱན་ནོ། །སྐུའི་འཁོར་ལོའོ། །གསུང་གི་འཁོར་ལོའོ། །ཐུགས་ཀྱི་འཁོར་ལོའོ། །མཉམ་པ་ཉིད་ཀྱི་འཁོར་ལོའོ། །འདིས་ནི་བརྡའི་དོན་རྣམ་པར་ཕྱེ་བའོ། །དེ་ཡང་ [209a.7]རྗེ་བཙུན་པ་དཔལ་གྱི་རི་བོ་པ་དག་གིས། སྙིང་རྗེ་ཆེན་པོ་དག་གིས་ཀུན་ནས་བསླང་པའི་སངས་རྒྱས་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་ཕྱེ་བའི་དོན་དེ་དག་གིས་དགྲོལ་ཞིང་གསལ་བའི་བདག་ཉིད་དུ་བཤད་པར་བྱ་སྟེ། དེ་ཡང་དང་པོ་སྙིང་པོའི་དོན་དངོས་ཀྱིས་མཚན་ཉིད་ལ་ཐ་དད་ཀྱིས་ཡང་དག་ [209b] [209b.1]པའི་དོན་གཏན་ལ་ཕབ་ཅིང་དེ་བཞིན་ཉིད་ཇི་ལྟ་བ་དེ་དག་ལ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བརྗོད་ནས། བཤད་པར་དམ་བཅའ་བར་བྱ་སྟེ། འདི་དག་ནི་སྤྲོས་པ་དང་བཅས་པའི་ཐ་སྙད་ཀྱིས་དབེན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་རྟོགས་པའི་དོན་ [209b.2]ཡིན་ནོ། །དེ་ཡང་རབ་ཏུ་མི་གནས་པའི་རྒྱུད་ལས། དབང་ཕྱུག་ཆེན་པོ་དག་གིས་ཉམས་སུ་མྱོང་བ་འདི་ནི་དམ་པ་རྣམས་ཀྱིས་གདམས་ངག་གོ་ཞེས་འབྱུང་བའི་ཕྱིར་འདི་དག་གི་དོན་ངེས་པར་ཤེས་པར་བྱེད་པ་ཡང་གཉིས་མེད་བརྗོད་བྱ་དང་བྲལ་བ་སྟོན་པའི་ལུང་དང་། དམ་པ་རྣམས་ཀྱིས་ [209b.3]རྟོགས་པ་ལས་འབྱུང་བའི་ཞལ་གྱི་བདུད་རྩི་དང་། སེམས་ཉིད་བསམ་གྱིས་མི་ཁྱབ་པ་ཆེན་པོར་རྟོགས་པའི་ལུས་ཏེ། གླེགས་བམ་ཐ་དད་པ་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་ཡང་རྒྱུད་དེ་ཉིད་ལས། །འདི་ནི་གཉིས་མེད་རབ་ཏུ་སྦྱོར་བའི་ལུང་། དམ་པ་རྣམས་ཀྱིས་རྣམ་པར་སྦྲེལ་བའི་ངག །བསམ་ [209b.4]གྱིས་མི་ཁྱབ་སེམས་ཀྱི་ཀློང་རྣམས་ནི། །དབང་ཕྱུག་ཆེན་པོ་རྣམས་ཀྱི་དབང་པོའོ། །ཞེས་བྱུང་བའི་ཕྱིར། དོན་དེ་ཉིད་ཉམས་སུ་མྱོང་བར་བྱས་ལ་ཐམས་ཅད་བདེ་བ་ཆེན་པོའི་རིག་པར་སྦྱར་བར་བྱའོ། །ཡང་རྒྱུད་དེ་ཉིད་ལས། །རྣལ་འབྱོར་རིག་པ་རིག་པ་ཆེ། །དབང་ཕྱུག་རིག་པ་བླ་ན་མེད། །ཉམས་སུ་མྱོང་བ་ [209b.5]དོན་གྱི་གཙོ། །ཐམས་ཅད་བདེ་བ་ཆེན་པོར་སྦྱོར། །ཞེས་འབྱུང་བའི་ཕྱིར། མན་ངག་གི་ཐིགས་པ་ཉིད་སྙིང་གི་པདྨོའི་ཟེ་འབྲུལ་ཐིམ་པས་རང་བཞིན་གྱིས་འོད་འབྱུང་བར་འགྱུར་ཏེ། འདིས་ནི་རྟོག་པའི་འཆིང་བ་ཐམས་ཅད་རང་གྲོལ་བར་འགྱུར་རོ། །དེ་ཡང་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། །སྙིང་ [209b.6]གི་པདྨོའི་ཐ་མལ་ཤེས་པ་དག །མཉམ་ཉིད་རྩི་ཡིས་ཀུན་ནས་ཁྱབ་པ་སྟེ། །སེམས་ཀྱི་བུང་བ་དག་གིས་འཇིབས་གྱུར་ན། །ཆོས་ཉིད་མ་བཅོས་བདེ་བ་ཆེན་པོའི་སྐུ། །ཞེས་འབྱུང་བའི་ཕྱིར་དང་། ཡང་དེ་ཉིད་ལས། ཐ་མལ་ཤེས་པ་ནང་ནས་སྒྲོ་འདོགས་གཅོད། །གཅོད་དུ་མེད་དེ་ཆོས་དབྱིངས་འཁོར་ [209b.7]ལོ་ཆེ། །ཞེས་འབྱུང་བའི་ཕྱིར། སྣང་བ་ཐམས་ཅད་ཆོས་ཀྱི་སྐུ་གཉུག་མའི་ངོ་བོ་ཉིད་དུ་ཤེས་པར་བྱ་ཞིང་། དུས་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ཏུ་བལྟའོ། །དེ་ཡང་རབ་ཏུ་མི་གནས་པའི་རྒྱུད་ལས། །སྣང་སྲིད་ཕྱག་རྒྱ་ཆེན་པོ་སྟེ། །བདེ་བ་ཆེན་པོ་ཀུན་དུ་བཟང་། །འདི་ནི་སེམས་ཀྱི་འཁོར་ལོ་སྟེ། ། [210a] [210a.1]རྣལ་འབྱོར་དབང་ཕྱུག་བལྟ་བར་བྱོས། །ཞེས་འབྱུང་བའི་ཕྱིར། །དུས་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་དུ་སྤྱད་པར་བྱའོ། །དེ་ཡང་རྒྱུད་དེ་ཉིད་ལས། །བདག་ཏུ་མི་བརྟག་གཞན་དུ་མིན། །གཉིས་ཀ་དག་ཏུ་བརྟག་མི་བྱ། །ལྷན་ཅིག་ [210a.2]སྐྱེས་པའི་ཡེ་ཤེས་ནི། །གཉིས་མེད་སྤྱོད་པ་ཆེན་པོའོ། །ཞེས་འབྱུང་བའི་ཕྱིར། ཆོས་ཀྱི་སྐུ་དེ་དག་ནི་གཞན་དུ་བརྟག་པར་མི་བྱ་སྟེ་རང་གིས་སེམས་ཇི་བཞིན་པ་ལ་བྱའོ། །ཡང་དེ་ཉིད་ལས། སངས་རྒྱས་གྲུབ་པ་མེད་ཕྱིར་གཞན་མི་བརྟག །གྲུབ་མེད་སེམས་ནི་རྡོ་རྗེ་ལྟ་བུ་སྟེ། །སེམས་ [210a.3]ཅན་ཀུན་གྱི་རྒྱུད་ལ་དེ་གནས་ཤིང་། །གནས་པ་མེད་པ་རྡོ་རྗེ་སྙིང་པོ་ཆེ། །ཞེས་འབྱུང་བའི་ཕྱིར། དེ་དག་ནི་འབད་རྩོལ་གྱིས་བསྒྲུབ་པ་དང་འགྲུབ་པ་ཡང་མ་ཡིན་ཏེ། གཉུག་མའི་དོན་ཕྱིན་ཅི་མ་ལོག་པ་དེ་དག་གོམས་པ་མཐར་ཕྱིན་པ་ལས་ནི་སྐྱེ་བ་འདི་ལ་སངས་རྒྱས་ཞེས་བྱ་བ་འབྱུང་བར་འགྱུར་ [210a.4]རོ། །དེ་ཡང་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། །འབད་དང་རྩོལ་བས་དེ་ཉིད་འགྲུབ་པ་མིན། །རྟོགས་པའི་དོན་ལ་གོམས་པར་གྱུར་བ་ན། །སྐྱེ་བ་འདི་ཡིས་སངས་རྒྱས་འབྲས་བུ་ཐོབ། །བཟང་པོ་ཧེ་རུ་ཀས་ནི་རྣམ་པར་སྨྲས། །ཞེས་འབྱུང་བའི་ཕྱིར་དུས་དེ་དག་ཀྱང་ཐུན་མོང་རྣམ་པར་བཤད་ [210a.5]པར་བྱའོ། །ཁྱད་པར་གྱི་དོན་ཐ་མལ་གྱི་ཤེས་པ་འདི་དག་ནི་བླ་མ་དམ་པའི་དྲིན་གྱིས་བདུད་རྩིའི་ཁུ་བ་འཐུངས་པས་རང་གི་དེ་ཁོ་ན་ཉིད་རྟོགས་ཏེ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཡང་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། རྟོགས་དང་གོམས་པ་ [210a.6]མཐར་ཕྱིན་པ། །འདི་ལ་ཡོད་པ་མ་ཡིན་ཏེ། །རྟོགས་པའི་སྐད་ཅིག་དེ་ཉིད་ལ། །བཅུ་བཞི་ས་ལ་ངེས་པར་གནས། །ཞེས་འབྱུང་བའི་ཕྱིར། དེ་ཉིད་ཀྱི་དོན་གསལ་བར་བྱ་བ་ནི། །ཀུན་ལྡན་ཀུན་མིན་ལྡན་པ་ཡི། །ལྷན་ཅིག་སྐྱེས་པའི་ངོ་བོ་དཔལ། །བདེ་དང་སྟོང་པར་དབྱེར་མེད་སྐུ། །གཉུག་ [210a.7]མའི་དོན་ལ་ཕྱག་འཚལ་ཏེ། །བདག་གིས་དེ་ཉིད་བདག་འདྲ་བ། །བདག་འདྲ་གཞན་ལ་དེ་ཉིད་སྟོན། །བརྡ་ལས་ཤེས་ཤིང་མྱོང་བ་ཉིད། །སྨར་མེད་དོན་ནི་དེར་བཤད་བྱ། །ཞེས་བྱ་བའི་དོན་ནི། །བླ་མ་དམ་པ་རྣམས་ཀྱིས་གདམས་པའི་དོན་དེ་དག་སྨོས་པར་བྱ་སྟེ། དེ་ཡང་ཀུན་ལྡན་ཞེས་པ་ནི་ [210b] [210b.1]སྣང་གྲགས་ཀྱི་ཆོས་ཐམས་ཅད་དོ། །དེ་དག་གང་དང་ལྡན་ཞེ་ན། སེམས་སངས་རྒྱས་ཀྱི་བདག་ཉིད་ལ་ལྡན་པའོ། །ཀུན་མིན་ཞེས་བྱ་བ་ནི་དེ་ལ་ཞེན་ཤེས་ཀྱི་རྟོག་པ་ཇི་སྙེད་པ་དེ་དག་མིན་ནོ། །ལྡན་པའི་ཞེས་བྱ་བ་ནི་སེམས་གཉུག་མའི་ངོ་བོ་ཕྱིན་ཅི་མ་ལོག་པ་དག་པ་དུས་གསུམ་གྱི་སངས་ [210b.2]རྒྱས་ཐམས་ཅད་ཀྱི་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་དང་ལྡན་པའོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ཆོས་གི་སུ་ལ་བྱ་སྟེ། སྣང་བ་ལྷན་ཅིག་སྐྱེས་པ་དང་། །སེམས་ཉིད་ལྷན་ཅིག་སྐྱེས་པའོ། །དེ་བས་ན་དེ་དག་གློ་བུར་བ་མ་ཡིན་ཏེ་ཐོག་མ་ཉིད་ནས་ཆོས་ཀྱི་སྐུའི་ངོ་བོ་ལ་རྟོགས་པ་ [210b.3]དཔལ་དུ་གྱུར་པ་དག་གོ། །དེ་དག་ནི་བདེ་བ་ཆེན་པོའི་རང་བཞིན་ཡིན་ཏེ། ཟག་པ་དང་བཅས་པའི་བདེ་བ་དང་ཟག་པ་མེད་པའི་བདེ་བའོ། །དེ་དག་ཀྱང་ལུས་དང་སེམས་དག་ལས་བྱུང་བ་སྟེ། དེ་ལ་བརྟགས་པའི་འཁྲུལ་པ་མེད་པ་ནི་སྟོང་པའོ། །དེ་ལྟར་བདེ་བ་དང་སྟོང་པ་དབྱེར་མེད་པ་ནི་ཆོས་ [210b.4]ཀྱི་སྐུ་ཡིན་ཏེ་དེ་ཉིད་ཐ་མལ་གྱི་ཤེས་པའི་ངོ་བོ་འགྱུར་བ་མེད་པ་ནི་མཆོག་སྟེ་སྐུའོ། །དེ་ནི་སེམས་མ་བཅོས་པ་གཉུག་མའི་དོན་ཉིད་ཡིན་ཏེ། དེ་ཡང་མར་ལ་མར་གཞག་པ་དང་ཆུ་ལ་ཆུ་གཞག་པའི་ཚུལ་དུ་སེམས་ལ་སྣང་བ་གཞག་པ་འདི་དག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཀུན་ལ་ [210b.5]གནས་ཤིང་དོན་དང་ལྡན་པ་ཡིན་པའི་ཕྱིར། ཕྱག་འཚལ་ཞིང་བཏུད་པར་རིགས་སོ། །ཏེ་ཞེས་བྱ་བ་ནི་ལྷག་མ་དང་བཅས་པའི་དོན་ཏེ། གོང་གི་མཆོད་པར་བརྗོད་པའི་གནས་བསམ་གྱིས་མི་ཁྱབ་པར་དོན་ཇི་བཞིན་པར་གསལ་བར་བྱ་བའི་ཐ་ཚིག་གོ། །དེ་ཡང་བདག་གིས་ཞེས་བྱ་བ་ནི་ཐ་ [210b.6]སྙད་ཀྱི་བློ་ལ་བརྗོད་པར་བྱ་སྟེ། རྗེ་བཙུན་པ་ཉིད་དོ། །དེ་ཉིད་ཅེས་བྱ་བ་ནི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སོ། །བདག་འདྲ་ཞེས་བྱ་བ་ནི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་བྱ་སྟེ། དེ་དག་ཐ་མལ་གྱི་ཤེས་པ་བདག་ཉིད་ཀྱི་དབང་དུ་གྱུར་ཅིང་དེ་དུས་ཐམས་ཅད་མཚུངས་པར་དེ་ལས་མི་ [210b.7]གཡེང་བའོ། །དེ་ལྟར་དོན་དེ་ཉིད་ཀྱང་སུ་ལ་སྟོན་ཞེ་ན། བདག་འདྲ་ཞེས་བྱ་སྟེ། རྗེ་བཙུན་བདག་དང་མཚུངས་པ་འམ། །གང་ཟག་སྐལ་བ་དང་ལྡན་པ་དབང་པོ་རབ་ཏུ་གྱུར་པ་དོན་གཉིས་སུ་མེད་པ་འདི་དག་ལ་མོས་ཤིང་གཞོལ་བ་ཚོགས་བསགས་པའི་མཐུ་ལས་ངེས་པར་གྲུབ་པའོ། ། [211a] [211a.1]གཞན་ལ་དེ་ཁོ་ན་ཉིད་བསྟན་པའམ་སྟོན་པའོ། །དེ་དག་ཀྱང་བསྟན་དུ་ཡོད་དམ་ཞེ་ན་མ་ཡིན་ཏེ། ཨི་དུ་པ་ཀ་དང་། ཀ་ལ་མུ་སུ་ར་དང་། ཙི་ཏྲིད་ཀ་ནི་ཀ་དང་། ནི་བ་ལོ་བི་ཀ་དང་། ཧ་སྣ་ན་མ་ད་ནི་མ་ད་ར་ལ་སོགས་པའི་བརྡ་ལས་ཤེས་ཤིང་སློབ་པ་པོའི་བློ་ལ་མྱོང་དུ་ [211a.2]མེད་པའི་མྱོང་བ་ཉིད་སྟོན་ཏོ། །དེ་དག་ཉམས་སུ་མྱོང་བ་དང་སྨྲར་མེད་དེ་མེད་པའི་དོན་དེ་ཉིད་ནི་རྟོག་གེ་པ་རྣམས་ལ་གསལ་བར་བྱ་བའི་ཕྱིར་སྒྲོ་བཏགས་ཏེ་བཤད་པར་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟར་བཤད་པར་བྱ་ཞེ་ན། ལོག་པར་རྟོགས་པ་བསལ་བ་དང་། །སྙིང་པོ་དོན་གྱི་ཁྱད་པར་དང་། ། [211a.3]བླ་མ་བསྟན་ལ་རྟོགས་པར་བྱ་ཞིང་། །གཉུག་མ་ལ་སྦྱངས་པའི་གང་ཟག་གི་སྤྱོད་ཡུལ་ཡིན་པ་དང་། དེ་ཉིད་ཉམས་སུ་བླང་བ་དང་། འབྲས་བུ་འབྱུང་བའི་རིམ་པ་བསྟན་པའོ། །དེ་ཡང་དང་པོར་མི་མཐུན་ཞིང་ལོག་པའི་གང་ཟག་དང་མི་འགྲོགས་པར་སྟོན་ཏེ། དུག་སྦྲུལ་ལྟ་བུའི་ [211a.4]སྐལ་མེད་ཀྱིས། །ངེས་པའི་སྐྱེ་བོ་དམ་པ་ལ། །སྐྱོན་གྱི་དྲི་མས་གོས་བྱེད་ཅིང་། །སྨད་ཚིག་མངོན་པར་སྒྲུབ་པ་ལ། །རོ་སྙོམས་ལྡན་པའི་སྐྱེས་བུ་ཡིས། །མཐོང་བ་ཙམ་གྱིས་འཇིགས་པར་བྱོས། །ཞེས་བྱ་བའི་དོན་ནི་ལོག་པར་རྟོགས་པའི་སེམས་ཅན་ཐ་དད་ཀྱི་བག་ཆགས་འཐུག་པོས་ [211a.5]ནོན་པ་དག་ལ་བྱ་སྟེ། དུག་སྦྲུལ་ཞེས་བྱ་བ་ནི་སྦྲུལ་དུག་ཅན་ལ་བྱ་སྟེ། དེ་དག་མཐོང་བས་ནི་སྐྱེས་པ་དང་བུད་མེད་དག་འཇིགས་པར་འགྱུར་ལ། རེག་པས་ནི་སྔངས་པར་འགྱུར་ཏེ། བལྡགས་ཤིང་སོས་བཏབ་པས་ནི་སྐྲངས་པ་དང་འཆི་བར་འགྱུར། དེ་ལྟ་བུའི་གང་ཟག་སྐལ་བ་མེད་ [211a.6]པ་དག་གིས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དག་ལ་སྐུར་བར་གྱུར་ཏེ། མཐོང་བའི་དུས་སུ་ཡང་ཁོང་ཁྲོ་བ་དང་བཅས་པས་བལྟ་བར་བྱེད་ཅིང་ལྷན་ཅིག་ཏུ་གནས་པ་ན་ཡང་དེ་དག་གིས་སངས་རྒྱས་ཀྱི་གཉུག་མ་ཉམས་སུ་མྱོང་བའི་སླུ་བ་མེད་པའི་དོན་ངེས་པར་སྦྱར་བའི་སྐྱེ་བོ་དམ་པ་དག་ [211a.7]ལ་རྣམ་པར་རྟོག་པའི་སྐྱོན་གྱིས་དེ་ཁོ་ན་ཉིད་ལ་མི་འཇུག་ཅིང་ཞུགས་པ་དག་ཀྱང་ཕྱིར་ཟློག་པར་བྱེད་ལ་ཐེ་ཚོམ་སྐྱེད་པ་སྟེ། དེ་ལ་སོགས་པ་དྲི་མས་གོས་པར་བྱེད་ཅིང་འདི་ནི་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ལ་དམ་པ་རྣམས་ཀྱིས་གདམས་ [211b] [211b.1]པ་མ་ཡིན་ནོ་ཞེས་སྨོད་པའི་ཚིག་མངོན་པར་སྒྲུབ་པ་རྣམས་ལ་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པའི་རོ་སྙོམས་དང་ལྡན་པའི་སྐྱེས་བུ་དམ་པ་དེས། མི་མཐུན་པའི་གང་ཟག་དེ་དག་མཐོང་བ་ན་དེ་ཙམ་གྱིས་འཇིགས་པར་བྱ་བ་ཉིད་ཡིན་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ནི་སེམས་ཉིད་ [211b.2]གཉུག་མའི་རང་བཞིན་དུ་བལྟ་བ་དང་། དེ་མ་ཡིན་པའི་དོན་གྱི་གཞི་ཉམས་སུ་མྱོང་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་གཞན་དུ་འགྲོ་བར་བྱོས་ཤིག །དེ་ཅིའི་ཕྱིར་ཞེ་ན། སེམས་ལ་གནོད་པའི་ཕྱིར་ཏེ་དེ་ཉིད་རྣམ་པར་སྨིན་པ་མ་ཡིན་པ་མྱོང་ཞིང་སྐྱེད་པར་བྱེད་དོ། །དེ་ནི་བྲམ་ཟེའི་བརྟུལ་ཞུགས་ཀྱིས་ [211b.3]མི་གྲོལ་བར་སྟོན་ཏེ། དེ་ཉིད་ལ་འཁྲུལ་མུ་སྟེགས་ནི། །བྲམ་ཟེ་སྤྱོད་པ་ལ་གནས་ཤིང་། །སྒྱུ་མའི་རིག་བྱེད་བཞི་དག་ནི། །ཐུན་བཞིས་རྣམ་པར་གནས་ཤིང་འདོན། །སྒྱུ་མའི་དངོས་པོ་གཅོད་པར་བྱེད། །ལྟ་བ་སྐྱེ་ཉིད་རྣམ་པར་འཛིན། །ཞེས་བྱ་བའི་དོན་ནི་གཉུག་མ་དང་བྲལ་བའི་ཚངས་པར་སྤྱད་ [211b.4]པས་མི་གྲོལ་བར་སྟོན་ཏེ། དེ་ཡང་དེ་ཉིད་ཅེས་བྱ་བ་ནི་ཆོས་ཉིད་མ་བཅོས་པའི་རྣལ་མ་ཇི་ལྟ་བ་ལ་བྱའོ། །དེ་ཉིད་ལ་འཁྲུལ་པ་ནི་མུ་སྟེགས་ལོ་མ་ཅན་རྣམས་ཏེ། དེ་དག་ནི་བྲམ་ཟེ་ལྟ་བུའི་སྤྱོད་པ་ལ་གནས་པར་བྱེད་ཅིང་། རྟག་ཏུ་གཙང་སྦྲ་དང་ཁྲུས་ལ་བརྩོན་པར་བྱེད་པ་སྟེ་ཚངས་པའི་སྐུད་པ་དང་གུནྡྷེ་ [211b.5]འཆང་བ་ཡང་བྱེད་དོ། །དེ་དག་གི་བྱ་བའི་རིམ་པ་ནི་ནུས་པ་མི་འབྱིན་ཅིང་ཡིད་བརྟན་དུ་མི་རུང་བ་སྟེ་སྒྱུ་མའོ། །རིག་པ་ནི་ཐུན་མོང་གི་དངོས་གྲུབ་སྐྱེད་པར་བྱེད་དོ། །དེ་ལ་ཡང་ཕོའི་རིག་བྱེད་དང་མོའི་རིག་བྱེད་དང་མཚུངས་པའི་རིག་བྱེད་དང་ལས་ཀྱི་རིག་བྱེད་དེ་དག་ནི་བ་ར་ཧི་དང་། རུ་ན་ཧ་ཏ་དང་། ཀི་ [211b.6]ཧི་ན་དང་། བི་རུ་ཧ་ནའོ། །དེ་དག་གིས་ནི་ས་འོག་གི་དངོས་གྲུབ་དང་མཁའ་སྤྱོད་ཀྱི་དངོས་གྲུབ་དང་མིག་སྨན་གྱི་དངོས་གྲུབ་དང་། རྐང་མགྱོགས་ཀྱི་དངོས་གྲུབ་འགྲུབ་པར་བྱེད་དོ། །དེ་ཡང་སྔ་དྲོ་དང་ཕྱི་ཕྲེད་དང་སྲོད་དང་ཐོ་རངས་དང་ཐུན་བཞིའི་རྣམ་པར་རིག་པ་དང་ལྡན་པའི་ལོ་མང་པོ་བཅུ་གཅིག་གིས་ [211b.7]རྡོ་རྗེ་སྐྱིལ་མོ་ཀྲུང་ལ་གནས་ཤིང་འདོན་བར་བྱེད་དོ། །དེ་ཡང་སྒྱུ་མའི་དངོས་པོ་སྐྱེས་པ་དང་བུད་མེད་དང་བྱོལ་སོང་གི་ཚོགས་ཇི་སྙེད་པ་བྱུང་ན་འཕྲོ་གཅོད་པར་བྱེད་དོ། །ལྟ་བ་ནི་དབང་ཕྱུག་ཏུ་འཛིན་པ་སྟེ། དེ་དག་གི་འདོད་པ་ཡང་དང་པོ་ནམ་མཁའ་ལ་རླུང་གི་རྡུལ་ཕྲ་རབ་གཉིས་ལྷ་དབང་ཕྱུག་ [212a] [212a.1]ཆེན་པོའི་ཐུགས་རྗེ་དང་སེམས་ཅན་གྱི་སྔོན་གྱི་ལས་ཀྱི་མཐུ་ལས་བྱུང་བར་གྱུར་ཏེ། དེ་ཉིད་ཕྲད་ཅིང་འདུས་པ་ལས་རླུང་གི་དཀྱིལ་འཁོར་ཆེན་པོ་སྲ་ཞིང་རྔམས་མཐུག་པ་འབྱུང་བར་འགྱུར་རོ། །དེའི་སྟེང་དུ་སའི་རྡུལ་ཕྲ་རབ་གཉིས་འགྲུབ་པར་འགྱུར་ཏེ། དེ་གཉིས་ཕྲད་ཅིང་འདུས་པ་ [212a.2]ལས་གསེར་གྱི་ས་གཞི་ཆེན་པོ་འབྱུང་བར་འགྱུར་རོ། །དེའི་སྟེང་དུ་ཆུའི་རྡུལ་ཕྲ་རབ་གཉིས་འགྲུབ་པར་འགྱུར་རོ། །དེ་གཉིས་ཕྲད་ཅིང་འདུས་པའི་སྐད་ཅིག་མ་དེ་ཉིད་ལས་ཆུའི་དཀྱིལ་འཁོར་ཆེན་པོ་འབྱུང་བར་འགྱུར་རོ། །དེའི་སྟེང་དུ་མེའི་རྡུལ་ཕྲ་རབ་གཉིས་འགྲུབ་པར་འགྱུར་ཏེ། དེ་གཉིས་ཕྲད་ [212a.3]ཅིང་འདུས་པར་སྐད་ཅིག་མེད་ཉིད་ལ་མེའི་སྒོ་ང་ཆེན་པོར་འགྱུར་རོ། །དེ་དག་གི་ནང་ནས་མེས་པོ་རལ་པ་ཅན་ཞེས་བྱ་བ་ཚངས་པ་གདོང་བཞི་པ་བྱུང་སྟེ། དེ་དག་གིས་གདོང་བཞི་ལས་མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། བརྫུས་ཏེ་སྐྱེས་པ་འབྱུང་བར་ [212a.4]འགྱུར་རོ། །དེ་ལ་མཆོད་པས་མཉེས་ཤིང་མགུ་བར་གྱུར་པ་ལས་ནི་ལེགས་པ་དང་། དངོས་གྲུབ་ཐམས་ཅད་སྐྱེ་པ་ཉིད་དུ་བྱེད་དོ། །དེ་དག་མཉེས་པར་མ་བྱས་པ་དེ་དག་གིས་ནི་འབད་པ་དང་རྩོལ་བ་ཇི་སྙེད་ཅིག་བྱས་ཀྱང་འགྲུབ་པར་མི་འགྱུར་རོ་ཞེས་མངོན་པར་ལོག་པའི་ལྟ་བ་འཛིན་པར་བྱེད་དོ། ། [212a.5]དེ་དག་གི་འཁྲུལ་གཞི་གང་ལས་འཁྲུལ་ཞེ་ན། ཡུལ་ཝཱ་རཱ་ཎ་སཱིའི་གྲོང་ཁྱེར་ཆེན་པོ་ལི་ག་ཏ་ན་ཞེས་བྱ་བ་ན་བྲམ་ཟེའི་རིགས་སུ་སྐྱེ་བ་བཞེས་པའི་ཚངས་པར་སྤྱོད་པའི་རྣལ་འབྱོར་བ་སིང་ཧ་པ་ན་ཧ་ཞེས་བྱ་བ་ཞིག་གིས་འཇམ་དཔལ་དཔལ་བོ་རིག་པའི་རྒྱལ་མཚན་གྱི་རྒྱུད་ལ་བརྟན་ནས་བྱ་བའི་རྒྱུད་དང་ [212a.6]ཀྲི་ཡའི་བརྟུལ་ཞུགས་ཉེ་བར་སྤྱོད་པ་ལ་གནས་པའི་ཚུལ་ཉེ་བར་སྤྱོད་པ་ནི་རྒྱུད་དེ་དག་དང་མི་འགལ་བར་སྒྲུབ་པ་སྟེ། དེ་ཡང་ལུང་དེ་ཉིད་ལས། །རྟག་ཏུ་ཚངས་པར་སྤྱོད་པར་བྱ། །ཁྲུས་དང་གཙང་སྦྲས་གནས་བྱས་ཏེ། །ཤ་ཆང་སྒོག་བཙོང་རྣམ་པར་སྤང་། །རྟག་ཏུ་བྲམ་ཟེའི་སྤྱོད་པ་ནི། ། [212a.7]མུ་ཏིག་ཤེལ་སྐུད་དང་ལྡན་པ། །དེ་བཞིན་མགོ་བོ་རྐང་པ་རྐེད། །ལུས་ཀུན་རྣམ་པར་དཀྲི་བྱའོ། །ལྷ་དང་ལྷ་མོའི་རིག་པ་དང་། །ཆོས་དང་རིག་པའི་བཟླས་པ་ནི། ཚངས་པར་སྤྱོད་པ་དང་ལྡན་པའི། །བཅུ་གཅིག་དག་ནི་ཐུན་བཞིར་བཟླས། །རྡོ་རྗེ་སྐྱིལ་ཀྲུང་གནས་བྱས་ཏེ། །ལྷ་ཡི་ང་རྒྱལ་ [212b] [212b.1]ལྡན་པར་བྱ། །སྨྲ་དང་དགོད་དང་གཡེང་བ་དང་། །བར་དུ་གཅོད་པའི་མི་རྣམས་ནི། །སྤངས་ནས་ངེས་པར་འགྲུབ་པར་འགྱུར། །ཞེས་བྱ་བའི་དོན་དེ་དག་ལ་བརྟེན་ཏེ་བསྒྲུབ་པ་ལས་ཁྱིམ་བདག་རྒྱལ་མཚན་གྱི་དབང་པོར་སྐྱེས་ཏེ། དེར་ལོངས་སྤྱོད་ཐམས་ཅད་དང་ལྡན་ཏེ། དེ་ནས་སྐྱེ་བ་འཕོས་ནས་ [212b.2]སུམ་ཅུ་རྩ་གསུམ་གྱི་ལྷ་འོད་ཀྱི་རྒྱལ་མཚན་འབར་བ་བྱ་བར་སྐྱེ་བ་མཐོང་ངོ་། །དེ་དག་ལས་འཁྲུལ་ནས་མུ་སྟེགས་ལོ་མ་པ་སྟེ། ལོ་ཏན་ཏ་ཞེས་བྱ་བས་བརྟུལ་ཞུགས་དེ་ལ་ཉེ་བར་ཞུགས་ཏེ་དེ་དང་མཚུངས་པར་སྤྱོད་པ་ནི་དེའི་རྗེས་སུ་འཛིན་པ་རྣམས་སོ། །ད་ནི་རི་ཁྲོད་ཀྱི་མུ་སྟེགས་རྣལ་འབྱོར་ [212b.3]པ་རྣམས་ཀྱི་སྤྱོད་པས་མི་གྲོལ་བ་བསྟན་ཏེ། སྤྲེའུ་ལ་ལའི་བརྟུལ་ཞུགས་ནི། །ས་ཆུ་ཀུ་ཤ་པ་ཡུ་ཡིས། །གདན་དང་ཟས་དང་འཁྲུད་པར་བྱེད། །ཙནྡན་ཤིང་ལ་མེ་སྦར་ཏེ། །རླངས་པ་ཡིན་ཞེས་ལུས་ལ་གདུང་། །དོན་མེད་སྦྱིན་སྲེག་བྱེད་པ་ནི། །དུ་བས་མིག་ལ་གནོད་པར་ཟད། །ཅེས་བྱ་ [212b.4]བའི་དོན་ནི་འཁྲུལ་པའི་བརྟུལ་ཞུགས་པ་དག་སྟོན་ཏེ། དེ་ཡང་སྤྲེ་ཞེས་པའི་དོན་ནི་རི་ཁྲོད་ཀྱི་འཇིགས་པའི་གནས་ལ་བྱའོ། །འུ་ཞེས་བྱ་བ་ནི་མུ་སྟེགས་ཀྱི་མཁའ་འགྲོ་མ་ཚོགས་པའི་སའོ། །ལ་ལ་ཞེས་བྱ་བ་ནི་ལོག་པའི་བསམ་གཏན་དོན་དུ་གཉེར་བ་ལ་བྱ་བ་སྟེ། བརྟུལ་ཞུགས་ནི་ [212b.5]ཐ་མལ་གྱི་སྤྱོད་པ་བརྟུལ་ནས་དྲག་པོའི་ཤུགས་ལ་འཇུག་པ་སྟེ་དེ་དག་ནི་བྱེ་མ་དག་པའི་སའི་ཚོམ་བུ་གསུམ་གྱི་ལུས་ཀྱི་སྟོད་དང་སྨད་དང་རྐེད་པ་འཁྲུ་བར་བྱེད་དོ། །མཚོ་དག་གི་ནང་དུ་སོང་སྟེ། །སྤྱི་གཙུག་ནས་བརྩམས་ཏེ་ཁྲུས་ལ་བརྩོན་པར་བྱེད་པ་དང་། བའི་རྣམ་པ་ལྔས་མཎྜལ་བྱས་པའི་སྟེང་དུ་ [212b.6]རྩྭ་ཀུ་ཤ་དག་ལེགས་པར་བཏིང་སྟེ་འདུག་པ་དང་། བ་སྤོས་ཀྱི་རྩ་ཡིད་དུ་འོང་བ་དག་ཟོས་པའི་བའི་རྣམ་པ་ལྡས་ཟས་བྱེད་པ་དང་། དེ་ཡང་རུས་པའི་ཁང་པ་དག་ཏུ་གནས་ཏེ་ཡང་དང་ཡུང་དུ་ཀུ་ཤའི་གདན་དང་། བ་ཡུ་ཟ་བ་དང་ས་དང་ཆུའི་ཁྲུད་པ་ལ་བརྩོན་པར་བྱེད་དོ། །ཉི་མ་ཕྱེད་ཀྱི་དུས་ [212b.7]དག་ན་ཡང་ཙནྡན་གྱི་ཤིང་ལ་གུ་གུལ་གྱི་དུད་པས་བདུགས་པ་དག་ལ་མེ་སྦར་ཏེ། རས་ཀྱི་ཁ་ཚར་མང་པོ་དག་གིས་གཡབ་པའི་དུད་པ་ལྷོ་ཕྱོགས་སུ་འབུད་པར་བྱེད་དོ། །དེ་ལ་བརྟུལ་ཞུགས་པ་དག་གིས་ལུས་ཉེ་པར་བསྟན་ཏེ་འདི་ནི་ལྷ་དབང་ཕྱུག་ཆེན་པོའི་ཁའི་རླངས་པ་ཡིན་ནོ་ཞེས་ [213a] [213a.1]ལུས་ལ་བདུག་པར་བྱེད་ཅིང་དེ་ཡང་ལུས་ཀྱི་ཕྱི་ནག་པོར་ནམ་སོང་བ་ན་བདག་གི་སྒྲིབ་པ་ཐམས་ཅད་འདག་པར་བྱེད་པ་སྟེ། ཆོས་ཉིད་མི་འགྱུར་བའི་རྟགས་ཐོབ་པ་ཡིན་ནོ་ཞེས་དོན་མེད་པར་སྦྱིན་སྲེག་བྱེད་པ་དེ་ནི་དུ་བས་མིག་ལ་གནོད་པ་ཁོ་ནར་ཟད་དོ། །གྲོང་ཁྱེར་པ་ [213a.2]རྣམས་ཀྱི་མེ་དང་ཁྱད་མེད་པར་འགྱུར་རོ། །དེ་ཡང་འཁྲུལ་གཞི་གང་ལས་འཁྲུལ་ཞེ་ན། རྣལ་འབྱོར་པ་ཆེན་པོ་ཏེ་ལོ་པ་ཞེས་བྱ་བ་དཔལ་ཧེ་རུ་ཀ་བཟང་པོའི་བརྟུལ་ཞུགས་ལ་ཞུགས་ཏེ་རི་ཁྲོད་དག་ན་ཉེ་བར་གནས་པ་དེ་ཡང་རྒྱུ་དེ་དག་ན་གནས་པའི་སྤྱོད་པ་ལ་གནས་ཏེ་དེ་ཡང་ཅི་ཞེ་ན། ཧེ་རུ་ཀ་མཆོག་ [213a.3]སངས་རྒྱས་གྲུབ་འདོད་པའི། །དུར་ཁྲོད་དགོན་པའི་ཕྱོགས་ཉིད་དམ་པ་རུ། །ཕྱི་ནང་ཟང་ཟིང་གཡེང་བ་རྣམ་སྤངས་ཏེ། །ཀུ་ཤ་སྔོན་པོའི་གདན་ལ་འདུག་ནས་ཀྱང་། །བ་ཡུ་རྣམ་ལྔ་ཟས་སུ་བཟའ་བྱ་ལ། །ཐོ་རངས་དུས་སུ་ས་དང་ཆུ་ཡིས་བཀྲུ། །མཎྜལ་བཟང་པོ་ཡིད་དུ་འོང་བའི་སྟེང་། ། [213a.4]མེ་ཏོག་ཆལ་པ་ལེགས་པར་བཀྲ་མ་ནས་ཀྱང་། །ཙནྡན་དཀར་པོའི་ཤིང་ནི་ལེགས་བརྩིགས་ཏེ། །བདེ་གཤེགས་མཉེས་ཕྱིར་རྟག་ཏུ་སྦྱིན་སྲེག་དབུལ། །ཧཾ་ཏི་ཏ་དང་བིལ་པའི་སྙིང་པོ་དང་། །ཨག་མ་ཀ་དང་ཀྲེ་ཡ་ཨ་ཀ་རུ། །སྦྱར་བའི་ཁུ་བས་ལུས་ལ་བྱུག་པར་བྱ། །དེས་ནི་ཐུན་མོང་མཆོག་ [213a.5]གི་དངོས་གྲུབ་རྣམས། །མྱུར་དུ་སྟེར་ཞིང་དམ་པར་འགྱུར་བའོ། །ཞེས་འབྱུང་པའི་ཕྱིར། ཚུལ་དེ་བཞིན་དུ་གནས་པ་དག་སྐྱེ་བ་འཕོས་ནས་རྒྱལ་པོ་སྟོབས་ཀྱི་གླང་པོར་སྐྱེས་པར་གྱུར་ཏོ། །དེར་ཚོགས་ཉིད་ཡོངས་སུ་བསགས་པ་དག་གིས་ཕུང་པོ་ལྷག་མ་མེད་པའི་རིག་འཛིན་གྱི་སར་ [213a.6]ཚོགས་ཀྱི་འཁོར་ལོ་ལ་སོང་བ་མཐོང་ངོ་། །དེ་དག་ལ་མུ་སྟེགས་པ་ལ་ཀིན་ཏི་ཞེས་བྱ་བ་འཁྲུལ་ནས་རི་ཁྲོད་ཀྱི་བརྟུལ་ཞུགས་དེ་དག་ལ་ཞུགས་ཏེ། དེ་དག་གི་ཚུལ་འཛིན་པ་ནི་དེའི་རྗེས་སུ་འབྲང་བ་དང་བཅས་པའོ། །ད་ནི་མུ་སྟེགས་རྒྱང་པན་པས་མི་གྲོལ་བར་སྟོན་ཏེ། །སྤྲེའུའི་བརྟུལ་ [213a.7]ཞུགས་འཛིན་པ་ནི། །གཙུག་དང་དབྱུ་གུ་གཉིས་ལ་གནས། །སོས་ཁའི་གསལ་ཤིང་རྩེ་ལ་བཏབ། །ཟགས་པས་ཉོན་མོངས་བཅོམ་ཟེར་ཏེ། །ལེགས་ལྡན་དག་གིས་ང་རྒྱལ་གནས། །མངོན་པའི་ང་རྒྱལ་ཐ་དད་མེད། །ཅེས་བྱ་བའི་དོན་ནི་མུ་སྟེགས་ནགས་ཁྲོད་པའི་བརྟུལ་ཞུགས་འཛིན་ [213b] [213b.1]པ་སྟེ། སྤྲེའུ་ཞེས་བྱ་བ་ནི་ཤིང་ཁ་ལ་གནས་པ་དག་གི་ཚུལ་ལ་གདགས་པའོ། །བརྟུལ་ཞུགས་ཞེས་བྱ་བ་ནི་བག་ཡངས་པ་ལ་བརྟུལ་ནས་སྡུག་བསྔལ་གྱི་བག་ལ་བརྟེན་པ་ལ་ཞུགས་པའོ། །དེ་ཡང་ནགས་ཚལ་དག་ཏུ་ས་གཞི་ལེགས་པར་སྙོམས་པར་བྱས་ཏེ། དེ་དག་གི་སྟེང་དུ་ཤིང་ཏཀྵ་ [213b.2]ནའི་སྡོང་པོ་ཆེན་པོ་བཙུགས་ཏེ། ཤིང་ཁ་ཏེ་རིའི་རྒྱ་གྲམ་སྦྲེལ་པ་འཁོར་ལོའི་ཚུལ་དུ་དབྱུ་གུ་གཉིས་སྦྲེལ་པའི་སྣ་ལ་སྤྲེའུ་བཞི་གནས་པར་བྱས་ཏེ་དེ་དག་གི་སྟེང་དུ་གནས་ནས་གསལ་ཤིང་ཤིན་ཏུ་རྣོ་བ་དག་ལ་སྣུམ་བྱུགས་ནས་ལེགས་པར་བརྡར་བས་རྣོ་བར་བྱས་པ་དག་གི་རྩེ་མོས་ཁྲག་རྒྱུ་བའི་ཕྱིར་ [213b.3]རྩ་ཐམས་ཅད་ལ་བཏབ་སྟེ། ཁྲག་དང་ཆུ་སེར་ཟགས་པས་བདག་གི་ཉོན་མོངས་པ་བཅོམ་པ་ཡིན་ནོ་ཞེས་ཟེར་ཏེ། སེང་ལྡེང་གི་རྒྱ་མ་དག་ལ་ཉི་མ་རེ་ཏེ་ཞིང་ལུས་འཇལ་བར་བྱེད་དོ། །དེ་ཡང་ཇི་བཞིན་དུ་ཡང་སོང་བ་ལྟར་བདག་ནི་ལྷ་ལེགས་ལྡན་ཆེན་པོ་དང་ཁྱད་མེད་པ་ཡིན་ནོ་ཞེས་ང་རྒྱལ་གནས་ [213b.4]པའོ། །བདག་ནི་འབྲས་བུ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་བྱེད་ཅིང་། །སངས་རྒྱས་དང་ཐ་དད་མེད་པར་སྨྲའོ། །དེ་དག་ཀྱང་འཁྲུལ་གཞི་གང་ལས་འཁྲུལ་ཞེ་ན། ལྷོ་ཕྱོགས་གྱད་ཀྱི་ཡུལ་དག་ན་སློབ་དཔོན་ཊོཾ་བི་ཧེ་རུ་ཀའི་སློབ་མ་ཤེས་རབ་ཀྱི་རྒྱུད་ལ་བློ་གནས་པར་བྱེད་པའི་ [213b.5]རྣལ་འབྱོར་པ་དྷ་སྙ་རུ་པ་ཞེས་བྱ་བ་ཞིག་གིས་རྒྱལ་པོ་ཆེན་པོ་དཔའ་བས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་གསང་སྔགས་ཀྱི་ཐེག་པ་ལ་རབ་ཏུ་གཞོལ་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་འདི་ལ་དངོས་གྲུབ་ཆེན་པོ་དང་ལྡན་པར་འགྱུར་རོ་ཞེས་པ་དང་། རྒྱལ་པོས་ [213b.6]སྨྲས་པ། རི་ཁྲོད་པ་ཁྱོད་ལ་ནུས་པ་ཅི་ཡོད། བདག་ལ་སྟོན་ཅིག་དང་བདག་དད་པར་འགྱུར་རམ་མི་འགྱུར་བལྟ་བར་བྱའོ་ཞེས་པ་དང་། རྣལ་འབྱོར་པས་སྨྲས་པ། ཀྱེ་རྒྱལ་པོ་ཆེན་པོ་བདག་གིས་ནི་གསང་སྔགས་ཀྱི་ཐེག་པ་འདི་དག་ལ་ཞུགས་ནས་རིང་པོར་མ་ལོན་ཏེ། དེ་ལྟར་ཡིན་ཡང་ [213b.7]ལུས་ཀྱི་ཁྲག་དང་ཆུ་སེར་ཐམས་ཅད་ནི་འོ་མར་འགྱུར་རོ་ཞེས་པ་དང་། རྒྱལ་པོས་སྨྲས་པ། དེ་བདག་གིས་བལྟ་བར་བྱའོ། །རྣལ་འབྱོར་པས་སྨྲས་པ། ཞག་ཉི་ཤུ་སྙེད་ནས་སྤྱོན་ཅིག་ཞེས་ནས་དུར་ཁྲོད་དུ་ཕྱིན་ཏེ། ལུས་ཀྱི་ཁྲག་དང་ཆུ་སེར་ལ་སྲོག་ཆགས་མི་འཇུག་པའི་ཕྱིར་ཤིང་གི་སྒོར་བུ་ [214a] [214a.1]ལེགས་པར་བྱས་པའི་སྟེང་དུ་འདུག་སྟེ། གསལ་ཤིང་གི་རྩེ་མོས་ལུས་ཕུག་ནས་ཁྲག་དང་ཆུ་སེར་གཟགས་ཏེ་འོ་མ་འཐུངས་སོ། །དེ་ནས་རིགས་བཞིའི་མཁའ་འགྲོ་མ་བཞིས་རྣལ་འབྱོར་བ་དེ་དག་ལ་སྲུང་པ་བྱེད་པ་དང་། འཇིག་རྟེན་པའི་མི་རྣམས་ཀྱིས་སྤྲེའུ་བཞིར་ [214a.2]མཐོང་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་དེ་དག་གི་ཕྱིར། རྣལ་འབྱོར་པའི་ལུས་དུམ་བུར་གཅོད་དོ། །བཅད་ཀྱང་དེ་དག་ལ་ཁྲག་དང་ཆུ་སེར་མ་བྱུང་སྟེ་འོ་མ་འཛག་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་ངོ་མཚར་ནས་རྣལ་འབྱོར་པ་བདག་ལ་སྐབས་སུ་སོང་སྟེ། རྒྱལ་སྲིད་ [214a.3]ཐམས་ཅད་བོར་ནས་ཏིང་ངེ་འཛིན་ལ་ཞུགས་སོ། །དེ་ནས་སྐྱེ་པ་དེ་ཉིད་ལ་ཐུན་མོང་གི་དངོས་གྲུབ་དཔག་ཏུ་མེད་པ་བྱུང་བར་གྱུར་ནས། མུ་སྟེགས་ཧ་ལ་ཀ་ག་ཤ་ཞེས་བྱ་བས་མཐོང་ནས་དེ་དག་གི་ཚུལ་དུ་སྤྱོད་དེ། །དེ་དག་དང་ཉེ་བར་འཛིན་པ་ནི་དེའི་རྗེས་སུ་འབྲང་བ་དང་བཅས་པ་རྣམས་སོ། ། [214a.4]ད་ནི་སྤྱོད་པའི་བརྟུལ་ཞུགས་ཀྱིས་མི་གྲོལ་བ་སྟོན་ཏེ། རྒྱུ་བ་དུར་གྱི་ངང་པའི་སྐད། །བསྟན་པས་གཞན་འདུལ་ཆོས་སྟོན་པ། །སྙིང་པོའི་དོན་དང་གཞན་མ་སེལ། །དེ་ལྟར་མངོན་པར་ཞེན་པ་ཡིས། །འགྲོ་བ་བརྫུན་པ་ཉིད་དུ་གྲོལ། །ཞེས་བྱ་བའི་དོན་ནི་མུ་སྟེགས་རོ་ལངས་པ་དག་གི་ [214a.5]སྤྱོད་པ་སྟེ།གྲོང་ཁྱེར་དུ་བསོད་སྙོམས་ལ་རྒྱུ་བའི་དུས་སུ་དུར་ཁྲོད་ན་གནས་པའི་ངང་པ་དག་གི་སྐད་ཀྱིས་རྒྱུ་བར་བྱེད་དོ། །ཀང་ཀ་ར་དང་ཞེས་བྱ་བའོ། །དེ་ཡང་མངོན་པར་འདོད་པའི་སྒྲས་ཕྱེ་བ་ནི། ཀང་བརྟུལ་ཞུགས་སོ། །ཀ་ར་དབང་ཕྱུག་གི་ང་རྒྱལ་ལོ། །དང་དེ་དག་གི་མཆོད་པའོ་ [214a.6]ཞེས་ལི་ཀ་རུའི་མཆོད་པ་ཆེན་པོ་ལ་གཏོགས་པའི་མི་རྣམས་ལ་དོན་དེ་བསྟན་པས། མུ་སྟེགས་ཀྱི་བསྟན་པ་ལ་འཇུག་ཅིང་གཞན་དུལ་བར་བྱེད་པ་དེ་གོང་མ་ལྟ་བུའི་ཆོས་སྟོན་པའོ། །གཞན་དག་ནི་ཆོས་མ་ཡིན་ནོ་སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས་སྙིང་པོའི་དོན་འདི་དག་དང་ནང་པ་སངས་ [214a.7]རྒྱས་ཀྱི་ཆོས་གཞན་མ་སེལ་བར་བྱེད་དོ། །དེ་ལྟར་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པའི་མུ་སྟེགས་ཀྱི་འགྲོ་བ་དེ་དག་ནི་དོན་གྱི་འབྲས་བུ་འབྱིན་པར་མི་ནུས་ཏེ། སླུ་བར་བྱེད་པའི་ཕྱིར་བརྫུན་པ་ཉིད་དུ་གྲོལ་པའོ། །ད་ནི་ཕྱི་རོལ་པའི་བསམ་གཏན་གྱི་བརྟུལ་ཞུགས་ཀྱིས་མི་ [214b] [214b.1]གྲོལ་བར་སྟོན་ཏེ། བསམ་གཏན་ཚུལ་བྱེད་མུ་སྟེགས་ནི། །གུནྡྷེ་ཨེ་རེ་ཐལ་བས་བཀང་། །ཉལ་དུས་ཐལ་བྱུགས་རལ་པ་དགྲོལ། །བསོད་སྙོམས་ཐིག་ལེ་སྤྱི་བོར་སྡུད། །གཙང་མ་ལ་བའི་སྟེང་ཉིད་དུ། །འདུག་ནས་ཚངས་པའི་ང་རྒྱལ་བྱེད། །ཨེ་རན་མར་མེས་དབང་ཕྱུག་ [214b.2]མཆོད། །མཚམས་སུ་གཏོར་གཏོང་དྲིལ་བུ་དཀྲོལ། །སྐྱིལ་ཀྲུང་བཅས་ནས་མིག་བཙུམས་ཏེ། །བརྟག་མེད་ཚིག་གིས་གཡོ་སྒྱུ་བྱེད། །སྐྲ་མེད་རྒྱན་བྲལ་རིག་མ་སྟོན། །ཐོད་པའི་དུར་ཁྲོད་དབང་སྐུར་བྱེད། །བླ་མའི་ང་རྒྱལ་ཡིན་ཏན་ལེན། །ཞེས་བྱ་བ་ནི་ཕྱི་རོལ་གྱི་བརྟུལ་ཞུགས་ཀྱིས་ [214b.3]སྤྱིར་མི་གྲོལ་པར་སྟོན་ཏེ། དེ་ཡང་བསམ་གཏན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་དགོངས་པ་དངོས་གཞིའོ། །དེ་དག་མ་རྟོགས་པའི་བསམ་གཏན་ནི་བསམ་གཏན་གྱི་ཚུལ་དུ་བྱེད་པ་སྟེ་ལོག་པར་རྟོགས་པའོ། །དེ་དག་ལ་གནས་པའི་མུ་སྟེགས་ནི་གུནྡྷེ་ཕྲག་པར་བཀལ་ཏེ་བྲམ་ཟེའི་ [214b.4]རོ་བསྲེགས་པའི་ཐལ་བ་ནི་ཨེ་རིའོ། །མུ་སྟེགས་དེ་དག་གུནྡྷེའི་ནང་ཐལ་བས་བཀང་སྟེ་ཉལ་བའི་དུས་སུ་ཡང་ལུས་པོ་ལ་ཐལ་བ་བྱུགས་ཏེ་རལ་པའི་སྤྱི་གཙུག་ནས་བཀྲོལ་ནས་ལུས་ལ་གོན་པར་བྱེད་དོ། །གྲོང་གསེབ་དང་དུར་ཁྲོད་ཐམས་ཅད་དུ་བསོད་སྙོམས་ལ་རྒྱུ་སྟེ་ཁྲག་དང་ [214b.5]ཞག་གི་ཐིག་ལེ་དག་གིས་ལུས་ཐམས་ཅད་ལ་འགོད་པར་བྱེད་དོ། །སྦྲུལ་གྱི་ཆུན་པོ་དང་བཅས་པའི་རལ་པའི་སྤྱི་བོར་བསྡུས་ཏེ། སྦ་དང་སྨྱུག་མ་ལས་བཏགས་པའི་སྟན་ལ་རྟའི་གཟུགས་བྲིས་ཏེ། ཤིན་ཏུ་གཙང་བར་བྱས་པ་ལ་ཙནྡན་དང་གུར་གུམ་ལ་སོགས་པ་དྲིས་བསྒོས་ [214b.6]པའི་སྟེང་དུ་འདུག་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ། ཚངས་པ་གདོང་བཞི་པའི་ང་རྒྱལ་བྱེད་དོ། །ཨེ་རན་ཞེས་བྱ་བ་ནི་སྦྲུལ་གདུག་པ་ཅན་ལ་བྱ་སྟེ། དེ་དག་གི་ཚིལ་བུས་ཐོད་པའི་ནང་དུ་མར་མེ་བཏང་སྟེ་དེས་དབང་ཕྱུག་ཆེན་པོའི་རྟེན་རྡོ་ལས་བྱེས་པ་ལྷ་སྲིད་པའི་གདོང་ཅན་ལ་མཆོད་ [214b.7]པར་བྱེད་དོ། །ཤར་ཕྱོགས་མཚམས་སུ་ཉི་མ་རེ་རེ་ལ་གཏོར་མ་བཅུ་བཅུ་གཏོང་སྟེ། དུར་ཁྲོད་ཀྱི་ཀ་པཱ་ལ་རྙིང་པ་ལ་ཁ་ཏི་རིའི་ཁུ་བས་པདྨ་འདབ་མ་བརྒྱད་པ་བྲིས་པའི་དབུས་སུ་སྲིད་པའི་མེས་པོ་བཏགས་ཏེ་དྲིལ་བུ་དཀྲོལ་བར་བྱེད་དོ། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ནས་ [215a] [215a.1]མིག་བཙུམས་ཏེ་ཤེས་པའི་ཚོགས་དྲུག་མ་འགགས་པ་དག་ལ་ཏིང་ངེ་འཛིན་མེད་དོ་ཞེས་རྣ་བ་ཡང་འགེག་པར་བྱེད་དོ། །ད་རི་ཧ་ཞེས་བརྡ་མེད་པའི་ཚིག་དེ་དག་གིས་ཡོན་བདག་རྣམས་ལ་འདེབས་པར་བྱེད་ཅིང་གཡོ་སྒྱུར་བྱེད་དོ། །ཆུང་མ་སྐྲ་མེད་རྒྱན་དང་བྲལ་བ་ལ་སྲིད་པའི་མེས་པོ་དཔྲལ་ [215a.2]པར་བྲིས་ནས་འདི་དག་གསང་སྔགས་ཀྱི་རིག་པ་ཡིན་ནོ་ཞེས་སྟོན་ཅིང་བདག་ནི་ཆགས་པ་དང་བྲལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རིག་མ་འདི་དག་ལ་བལྟ་བར་བྱའོ་ཞེས་སོ། །དུར་ཁྲོད་ཀྱི་ཐོད་པ་དག་ལ་དབང་ཕྱུག་ཆེན་པོའི་གཟུགས་བྲིས་ཏེ་སྐྲ་ཤད་ཀྱི་དྲ་བར་ [215a.3]བཅུག་ནས་དུར་ཁྲོད་དུ་སོང་སྟེ། སྐྱེས་པ་དང་བུད་མེད་གཞོན་ནུ་དག་གི་རོ་བཤས་ནས་ཟ་བར་བྱེད་ཅིང་ཐོད་པ་དེ་དག་མགོ་བོ་ལ་བཞག་ནས་དབང་བསྐུར་བར་བྱེད་དོ། །འདི་དག་ནི་ལྷ་ཆེན་པོ་དག་གིས་གནང་བའི་དངོས་གྲུབ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་སྟན་མཐོན་པོ་ལ་འདུག་ [215a.4]ཅིང་ང་ནི་ཁྱེད་རྣམས་ཀྱི་བླ་མ་ཆེན་པོ་ཡིན་ནོ་ཞེས་ང་རྒྱལ་བས་སློབ་མས་ཕུལ་བའི་ཡོན་རྣམས་ལེན་པར་བྱེད་དོ། །འདི་དག་གི་འཁྲུལ་གཞི་ནི་རྣལ་འབྱོར་པ་ཆེན་པོ་དན་ཏ་ཀོ་ལ་ཞེས་བྱ་བ་སྒྱུ་འཕྲུལ་ཆེན་མོ་ལ་ཉེ་བར་གནས་པ་དག་གི་ཚེ་དེའི་ཚུལ་དུ་སྒྲུབ་པར་བྱེད་དོ། །དེ་ཡང་ [215a.5]རྒྱུད་དེ་ཉིད་ནས། རྟག་ཏུ་དུར་ཁྲོད་དག་ཏུ་གནས། །ཧེ་རུ་ཀ་ཡི་ང་རྒྱལ་དང་། །མཁའ་འགྲོ་རྣམས་ལ་གཏོར་མ་སྦྱིན། །ཀང་ཀ་ར་དང་འབོད་པར་བྱེད། །དཔའ་བོ་ཆེན་པོའི་ང་རྒྱལ་བས། །དུར་ཁྲོད་ཆས་དང་ཐིག་ལེ་མགོ །རལ་པ་སྤྱི་གཙུག་དག་ཏུ་བསྐུར། །བདུག་པའི་མར་མེ་རྟག་ཏུ་མཆོད། ། [215a.6]དུར་ཁྲོད་གནས་སུ་གཏོར་མ་གཏོང་། །གཅེར་བུ་རྒྱན་བྲལ་སྐྲ་གྲོལ་བའི། །མཚན་དང་ལྡན་པའི་རིག་མ་ལ། །དབང་བསྐུར་བདེ་བ་བསྐྱེད་པར་བྱ། །དེ་ནི་སྲིད་གསུམ་དག་པའི་དོན། །མི་ཟད་རྒྱན་གྱི་འཁོར་ལོའོ། །ཞེས་འབྱུང་བའི་ཕྱིར་དེ་དང་མཐུན་པར་སྤྱད་དེ། །དེ་དག་སྐྱེ་བ་འཕོས་པ་ལས་ [215a.7]རྣལ་འབྱོར་པ་ཤཱནྟིང་དྷརྨ་ཀ་ར་སྐྱེས་པར་གྱུར་ཏེ། དེ་ལ་མཁའ་འགྲོ་མ་ཐམས་ཅད་ཀྱིས་དབང་བསྐུར་ནས་སྲིད་པ་གསུམ་གྱི་འཁོར་ལོ་ཐམས་ཅད་སྒྱུར་བར་ནུས་སོ། །དེ་དག་མུ་སྟེགས་གཅེར་བུ་པ་ལེགས་སྲུང་ཞེས་བྱ་བས་མཐོང་ནས་བརྟུལ་ཞུགས་ལ་ཞུགས་སོ། །དེ་དང་ཉེ་བར་མཚུངས་ [215b] [215b.1]པ་ནི་དེའི་རྗེས་སུ་འབྲང་བ་དང་བཅས་པ་རྣམས་སོ། །ད་ནི་ཕྱི་རོལ་པ་བརྟུལ་ཞུགས་ཀྱི་ཆ་དང་མཐུན་པ་དག་གིས་ཀྱང་གྲོལ་བར་མི་འགྱུར་ཏེ། སྐྲ་སེན་རིང་ཞིང་དྲི་མ་སྐུད། །གོས་བྲལ་སྐྲ་ནི་རྣམ་པར་འབལ། །ཞེས་བྱ་བའི་དོན་ནི། གསང་སྔགས་ཀྱི་ཚུལ་དག་དང་ཆ་མཐུན་པར་སྤྱོད་པ་སྟེ། སྐྲ་ཤིན་ [215b.2]ཏུ་རིང་པ་ལ་རྩ་བ་ཀླུ་ཤིང་གི་མེ་ཏོག་གི་ཆུས་བྱུགས་ཏེ། སེར་སྐྱར་བྱས་པས་དེ་དག་སྤྱི་གཙུག་ཏུ་སྦྲུལ་གྱིས་འཆིང་བར་བྱེད་དོ། །སེན་མོའང་ཤིན་ཏུ་རིང་བཞིན་ལུས་པོ་ལ་ཐང་ཆུ་དང་བདུད་རྩི་བསྲེས་པའི་དྲི་མས་སྐུད་པར་བྱེད་དོ། །གཅེར་བུའི་ཚུལ་གྱིས་གནས་པར་བྱེད་དེ་དུས་རྟག་ཏུ་གོས་དང་ [215b.3]བྲལ་བའོ། །སྐྲའི་མཐའ་ཐམས་ཅད་ཀྱང་འབལ་བར་བྱེད་དེ། ང་ནི་ཆགས་པ་དང་བྲལ་བ་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །དེ་དག་ཀྱང་འཁྲུལ་གཞི་ཅི་ལས་འཁྲུལ་ཞེ་ན། བྱང་ཕྱོགས་འདམ་བུའི་ཚལ་ན་རྣལ་འབྱོར་པ་དཔལ་གྱི་ཞབས་ཆེན་པོ་ཞེས་བྱ་བ་བཅོམ་ལྡན་འདས་དགའ་བའི་རྡོ་རྗེའི་ [215b.4]ང་རྒྱལ་དུ་ཞུགས་ནས། ལོ་བཅུ་དགུའི་བར་དུ་ཤིང་ལོའི་སྟན་གཅིག་གི་སྟེང་ནས་མ་ལངས་ཏེ། བཟའ་བ་དང་བཏུང་བ་ནི་དྲི་ཆེན་དང་དྲི་ཆུའི་རྒྱུན་ལོག་པས་འཚོ་བར་བྱས་སོ། །དེ་ཡང་གཅེར་བུའི་ཚུལ་གྱིས་གནས་པར་བྱས་ཏེ་སྐྲ་དང་སེན་མོ་ཐམས་ཅད་ཀྱང་རིང་བར་གྱུར་ཏོ། །སྐྲའི་རྩེ་མོས་ [215b.5]ལ་འཁྱིལ་བ་དག་དུམ་བུ་དུམ་བུར་ཡང་གྱུར་ཏོ། །དེ་ནས་ལྷའི་བུ་རྣམས་ཀྱིས་ནམ་མཁའ་ལ་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་བུ་མཆོག་ལྡན་དཔའ་བོ་ཧེ་རུ་ཀ། །རྗེ་བཙུན་བཞེངས་ཤིག་བསམ་གཏན་ལས་བཞེངས་ལ། །ལྷུང་བའི་ལས་ཅན་རྣམས་ཀྱི་ཚོགས་བསགས་ཕྱིར། །སུམ་ [215b.6]ཅུ་རྩ་གསུམ་འཁོར་ལོས་སྒྱུར་བར་གཤེགས། །ཞེས་ནས་ནམ་མཁའ་ལ་རོལ་མོའི་ཚོགས་དཔག་ཏུ་མེད་པས། བསུ་བ་དང་བལྟ་བ་བྱས་ནས་སོང་ངོ་། །དེ་དག་གདོང་པ་ཨུ་རི་ཏ་ན་ཞེས་བྱ་བས་མཐོང་ནས་དེའི་རྗེས་སུ་བརྟུལ་ཞུགས་སྤྱད་དོ། །དེ་དང་ཉེ་བར་མཚུངས་པ་ནི་དེའི་རྗེས་སུ་འབྲང་ [215b.7]བ་དང་བཅས་པ་རྣམས་སོ། །དེ་དག་ཐམས་ཅད་ཀྱང་ཚུལ་འདི་ལྟ་བུ་དག་ཡིན་ཏེ། ཡིད་ནི་ནམ་མཁའི་ཁམས་ལ་རྟོག །བསྟན་ལ་གནོད་བྱེད་ལམ་གཟུགས་སྟོན། །བདག་ནི་གྲོལ་འདོད་ཐར་ལ་མངོན་པར་དགའ། །གནས་མིན་བཟོད་པ་ཅན་ལ་གནས། །ཐེག་ཆེན་རྣམས་ཀྱི་གཞི་ཡི་ [216a] [216a.1]ས། ཞེས་བྱ་བའི་དོན་ནི། དེ་ཐམས་ཅད་མཐུན་པའི་བདག་ཉིད་སྟོན་པར་བྱེད་པ་སྟེ་དེ་ཡང་དེ་དག་གིས་ཡིད་ཀྱི་རྣམ་པར་ཤེས་པ་ནམ་མཁའི་མཐའ་ལ་སྟོན་ཅིང་། ནམ་མཁའ་སྒོམ་པར་བྱེད་དོ། །སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་དེ་བདག་ནི་སངས་རྒྱས་ཀྱི་ [216a.2]བསྟན་པ་འཛིན་པའོ་ཞེས་བརྗོད་པས་སོ་སོའི་སྐྱེ་བོ་བློ་ཆུང་བ་རྣམས་ལམ་གྱི་གཟུགས་སུ་སྟོན་པ་དེ་ལ་འཇུག་པར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་བདག་ཉིད་གྲོལ་བར་འདོད་ཅིང་བདག་འབའ་ཞིག་གི་དོན་དུ་ཐར་པ་ལ་མངོན་པར་དགའ་བའོ། །དེ་ཡང་གནས་ཀྱིས་བཟོད་པར་ [216a.3]བརྟུལ་ཞུགས་དོན་མེད་པ་རྣམས་དང་ནམ་མཁའི་ཡིད་ཅན་ལ་གནས་ཏེ། ཐེག་པ་ཆེན་པོ་པ་རྣམས་ཀྱི་གཞི་སྟེ་དཔྱད་པས་ས་ཁོ་ནར་ཟད་དོ། །ང་ནི་ཝ་ཁྱིའི་བརྟུལ་ཞུགས་ཀྱིས་མི་གྲོལ་བར་སྟོན་ཏེ། གཅེར་བུ་ཉིད་ཀྱིས་གནས་བྱེད་ཅིང་། །ཝ་ཁྱིའི་བརྟུལ་ཞུགས་ཀྱིས་གྲོལ་ན། ། [216a.4]དུར་ཁྲོད་ཀྱི་དང་ཝ་ཉིད་ཀྱང་། །ཁྱོད་ཀྱི་མཐུན་ཕྱིར་གྲོལ་བར་རིགས། །ཞེས་བྱ་བའི་དོན་ནི། ཕྱི་རོལ་པ་དག་དུས་རྟག་ཏུ་གཅེར་བུ་ཉིད་ཀྱིས་གནས་པར་བྱེད་ཅིང་། །རྐང་ལག་བཞི་ས་ལ་བཙུགས་ནས་ཝ་དང་ཁྱིའི་ཚུལ་གྱིས་གནས་ཏེ། དེའི་བརྟུལ་ཞུགས་ཀྱིས་སྤྱོད་དོ། །དེས་ནི་གྲོལ་ [216a.5]བར་མི་ནུས་ཏེ་གྲོལ་ལོ་ཞེ་ན། དུར་ཁྲོད་ཀྱི་ཝ་དང་ཁྱིས་ཀྱང་ཁྱོད་དང་མཐུན་པའི་ཕྱིར་གྲོལ་བར་རིགས་སོ། །དེ་དག་གི་འཁྲུལ་གཞི་ནི་རྣལ་འབྱོར་པ་ཆེན་པོ་པྲིན་ཏི་རའི་དང་། སྲིང་གི་སྣ་གཉིས་ཀྱིས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་ལམ་དུ་རུལ་པའི་དུགས་ཀྱིས་བདུགས་ [216a.6]དང་། གཙུག་ལག་ཁང་དུ་མཆིལ་ལྷམ་མ་བོར་བར་ཕྱིན་པས་དུར་ཁྲོད་ཀྱི་ཝ་དང་ཁྱི་རྒོད་དུ་སྐྱེས་ཏེ། དེ་དག་སྐྱེ་བ་འཕོས་པ་ལས་མཁའ་འགྲོ་མ་སུག་སྨེ་སི་ལ་ཧ་དང་། རྣལ་འབྱོར་པ་ཆེན་པོ་ཏོག་རྩེ་བ་ཆེན་པོ་གཉིས་སུ་སྐྱེས་པར་གྱུར་ཏོ། །དེ་དག་བྲམ་ཟེ་འཇིགས་པ་མེད་པར་ [216a.7]རྒྱུ་བ་ཞེས་བྱ་བས་མཐོང་ནས་དེའི་བརྟུལ་ཞུགས་གཟུང་ངོ་། །དེ་དང་མངོན་པར་མཚུངས་པ་ནི་རྗེས་སུ་འབྲང་བ་དང་བཅས་པ་རྣམས་སོ། །ད་ནི་གཞོན་ནུ་མའི་བརྟུལ་ཞུགས་ཀྱིས་མི་གྲོལ་བར་སྟོན་ཏེ། རྡོ་ལེབ་སྟེང་དུ་གནས་བྱེད་ཅིང་། །སྤུ་འབྲེག་གཞོན་ཚུལ་གྱིས་གྲོལ་ན། ། [216b] [216b.1]བུད་མེད་ལང་ཚོ་གཞོན་ནུ་དག །ཁྱིམ་ལ་འགྲོ་དུས་རྐེད་སྤུ་འབྲེག །མཚན་སྤུ་འཐོགས་པའང་གྲོལ་བར་འགྱུར། །ཞེས་བྱ་བའི་དོན་ནི། རྡོ་ལེབ་གཙང་མ་དག་གི་སྟེང་དུ་འདུག་སྟེ་བག་དང་ལྡན་པའི་ཚུལ་གྱིས་གནས་པར་བྱེད་ཅིང་རྒྱལ་པོའི་ཁྱིམ་ལ་གནས་པ་དག་གིས་ལུས་ཀྱི་ [216b.2]སྤུ་བྲེགས་ཏེ། མགོ་རྒྱན་དང་ལུས་ཀྱི་རྒྱན་དང་ཡན་ལག་གི་རྒྱན་བགོས་ནས་གཞོན་ནུའི་ཚུལ་གྱིས་ཁ་སྨྲ་བར་བྱེད་ཅིང་། རྔ་ཡབ་ཀྱི་གཡབ་མོས་གཞན་བསང་བར་ཡང་བྱེད་པ་སྟེ། དེ་དག་གིས་གྲོལ་ན་རྒྱལ་པོ་དང་བྲམ་ཟེ་དང་ཁྱིམ་བདག་གི་བུ་མོ་དག་ལང་ཚོ་ལ་བབ་པའི་དུས་སུ་ [216b.3]གཞོན་ནུ་ཡོ་བྱད་སྣ་ཚོགས་དག་གིས་མཛེས་པར་བྱེད་ཅིང་ཁྱིམ་བདག་ལ་སོགས་པ་གཞན་གྱིས་རིན་པོ་ཆེ་དང་རྐང་འགྲོས་ཀྱི་ཚོགས་ཀྱིས་ཉོས་ཏེ་ཁྱིམ་སོ་ལ་འགྲོ་བའི་དུས་སུ་སྐྱེ་གནས་བཀྲ་ཤིས་པར་བྱ་བའི་ཕྱིར་རྐེད་པའི་སྤུ་འབྲེག་པར་བྱེད་དོ། །ཅི་ནས་བཀྲ་ཤིས་པར་བྱ་བའི་ཕྱིར་མཆན་ཁུང་ [216b.4]གི་སྤུ་འཐོག་པར་བྱེད་ཅིང་བག་དང་ལྡན་པའི་སྤྱོད་པས་འགྲོ་བར་བྱེད་དེ་དེ་དག་ཀྱང་གྲོལ་བར་འགྱུར་བར་རིགས་སོ། །ད་ནི་རྨ་བྱའི་བརྟུལ་ཞུགས་ཀྱིས་མི་གྲོལ་བར་སྟོན་ཏེ། མུ་སྟེགས་པན་ཏི་ཏ་པ་ཁྱོད། །མཇུག་མ་བཏགས་ནས་མཛེས་ཚུལ་སྟོན། །ཉི་ལ་འགྲེམ་བལྟས་གྲོལ་འགྱུར་ [216b.5]ཟེར། །དེ་ནི་ཤིན་ཏུ་མི་རིགས་ཏེ། །རྨ་བྱ་གཡག་སོགས་གྲོལ་བར་འགྱུར། །ཞེས་བྱ་བའི་དོན་ནི་བུ་ར་ཀ་ན་ཏི་སྟེ་དེ་དག་གི་དོན་ནི་ཕྱིན་ཅི་ལོག་ལ་མངོན་དུ་ཞེན་ཅིང་གདུག་པའི་བརྟུལ་ཞུགས་ཉེ་བར་བསྟན་པའི་ཕྱིར་མུ་སྟེགས་སོ། །པན་ཏྲ་ཏི་པ་ཞེས་བྱ་བའི་རིགས་སོ། །ཁྱོད་ཅེས་བྱ་བ་ [216b.6]ནི་དགག་པར་བྱ་བ་ཉིད་དོ། །དེ་དག་གི་ཚུལ་ནི་ཉ་ཀྲི་ཏ་མ་རའི་ཤིང་ལ་ལྡོང་རོས་ཀྱིས་རི་མོ་བྲིས་ཏེ་རྨ་བྱའི་མཇུག་མའི་གཟུགས་བྱས་ནས་འོག་གི་སྒོར་བཏགས་ཏེ་ཤིང་འཇམ་པོ་དག་གི་སྟེང་དུ་འདུག་ནས་རྨ་བྱའི་རྣམ་པ་མཛེས་པའི་ཚུལ་དུ་གཞན་ལ་སྟོན་པར་བྱེད་དོ། །ཉི་མ་ལ་འགྲེམས་ [216b.7]ཤིང་རྒྱབ་ཀྱི་ཕྱོགས་སུ་བལྟས་པས་གྲོལ་བར་འགྱུར་རོ་ཞེས་ཟེར་བ་དེ་ནི་ཤིན་ཏུ་ཡང་མི་རིགས་ཏེ། རྨ་བྱ་དང་གཡག་ལ་སོགས་པ་ཡང་ཁྱོད་དང་མཐུན་པའི་ཕྱིར་གྲོལ་བར་རིགས་སོ། །དེ་དག་གི་འཁྲུལ་གཞི་ཡང་ཤར་ཕྱོགས་བེེ་ཏ་ལ་ཞེས་བྱ་བའི་ཡུལ་དུ་ཁྱིམ་བདག་ཕྱུག་པོའི་སྟོབས་ [217a] [217a.1]ཞེས་བྱ་བ་ལ། ཁྱིམ་བདག་མོ་འོད་ཟེར་སྦྱིན་མ་བྱ་བ་ཅིག་ཡོད་དེ། དེ་ལ་བུ་གཉིས་དུས་གཅིག་ལ་བཙས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་མཚན་མཁན་ལ་མཚན་བསྟན་པ་དང་བྲམ་ཟེས་སྨྲས་པ། འདི་གཉིས་བཙས་པའི་དུས་སུ་ལྟས་ཅི་བྱུང་ཞེས་དྲིས་པ་དང་ [217a.2]སྨྲས་པ། འདི་དག་དང་དུས་མཚུངས་པར་འབྲས་མུ་རུ་ཏེ་སྣོད་གསུམ་ཁེངས་པ་དང་ཟླ་བ་གཉིས་ཤར་བར་གྱུར་ཏོ་ཞེས་པ་དང་། དེ་ན་བྲམ་ཟེས་སྨྲས་པ། ཕུ་བོ་ལ་སཱ་ལུ་ཏྲི་པ་ཞེས་བྱ་བར་བཏགས་ཏེ་འདི་དག་ནི་དུར་ཁྲོད་དུ་རྣལ་འབྱོར་པ་ལ་ཐོང་ཅིག །ནུ་བོ་ལ་ཙནྡྲ་ཛྙཱ་ན་ཞེས་བྱ་བར་བཏགས་ [217a.3]ཏེ་འདི་དག་ནི་སློབ་པ་པོའི་ཕྱོགས་སུ་གཏང་བར་བྱའོ་ཞེས་སོ། །དེ་ནས་དེ་བཞིན་དུ་བཏང་བ་དང་རྣལ་འབྱོར་པས་བུད་མེད་ཀྱི་ཆ་བྱད་དུ་གནས་ནས་ལྷ་མོ་བདག་མེད་མའི་ང་རྒྱལ་དུ་དེ་བཞིན་བསྒོམས་སོ། །མཁས་པ་ཆེན་པོར་གྱུར་ནས་རྒྱུད་དག་ནས་བྱུང་བའི་དུག་གི་བདུད་རྩི་འབྱུང་བར་བྱ་བའི་ [217a.4]ཕྱིར། རྨ་བྱའི་ཆ་བྱད་དུ་གནས་པ་ལ་གྲོང་ཁྱེར་གྱི་མི་རྣམས་ཀྱིས་བལྟ་བར་རིགས་སོ་ཞེས་ནས་ཕྱིན་པ་དང་རྣལ་འབྱོར་པས་ལུས་བུད་མེད་ཀྱི་ཆ་བྱད་ཀྱིས་ཆོས་སྟོན་ནུས་པ་དང་། མཁས་པས་དུག་གི་བདུད་རྩི་བྱུགས་པས་ནད་མ་ལུས་པ་ཞི་བར་ནུས་པ་བྱུང་ངོ་། །དེ་ལ་ཐམས་ཅད་ངོ་མ [217a.5]ཚར་བར་གྱུར་ཏེ། བྲམ་ཟེ་གངྒ་ཏ་ར་ཞེས་བྱ་བའི་བུ་གླང་པོ་དང་གླང་པོའི་སྟོབས་ཞེས་བྱ་བ་གཉིས་ཀྱིས་གསོལ་བ་བཏབ་པ་ལས་གནང་བར་མ་གྱུར་ཏོ། །དེ་ནས་དེ་གཉིས་ཀྱིས་རང་བཟོ་ཞུགས་པ་ལས་ཕྱི་རོལ་གྱི་གཞོན་ནུ་མའི་བརྟུལ་ཞུགས་དང་རྨ་བྱའི་བརྟུལ་ཞུགས་གཉིས་སུ་ [217a.6]ཞུགས་སོ། །དེ་དང་ཉེ་བར་མཚུངས་པ་ནི་དེའི་རྗེས་སུ་འབྲང་བ་དང་བཅས་པ་རྣམས་སོ། །ད་ནི་འགྲེང་བའི་བརྟུལ་ཞུགས་ཀྱིས་མི་གྲོལ་བར་སྟོན་ཏེ། ནགས་ཚལ་གསེབ་ཏུ་ལེགས་གནས་ཏེ། །ལངས་ཏེ་ཟ་བས་གྲོལ་འགྱུར་ན། །རྟ་དང་གླང་པོ་གྲོལ་བར་ཐལ། །ཞེས་བྱ་བའི་ [217a.7]དོན་མུ་སྟེགས་མཚམས་ན་གནས་པ་རྣམས་ཀྱིས་ནགས་ཤིན་ཏུ་འཐུག་པོ་ཚེར་མ་རགས་པ་དག་གི་གསེབ་ཏུ་སོང་སྟེ། བདག་གིས་དངོས་གྲུབ་མ་ཐོབ་བར་དུ་འདི་ལས་ལྡོག་པར་མ་གྱུར་ཅིག་ཅེས་སྨྲས་ནས་ངེས་པའི་ཤེས་པ་གནས་ནས་བཟའ་བ་དང་བཏུང་བ་ཐམས་ཅད་ཀྱང་ [217b] [217b.1]ལངས་ཏེ་ཟ་བས་གཞན་དག་གིས་སྐྱེས་བུ་ལེགས་པར་ཞུགས་ཤིག །བདག་གིས་ཟས་སྦྱིན་པར་བྱེད་དོ་ཞེས་བརྗོད་ཀྱང་བདག་བཟའ་བ་དང་ལྡན་ནས་བདེ་བ་ལས་ལངས་ཏེ་སྡུག་བསྔལ་བས་ཤི་བ་རུང་ངོ་ཞེས་ཟེར་བས་གྲོལ་བར་འགྱུར་ན། རྟ་དང་གླང་པོ་དང་བ་མེན་དང་མ་ཧེ་དག་ཀྱང་ [217b.2]ལངས་ནས་ཟ་བས་ཕྱིར་གྲོལ་བར་ཐལ་ལོ། །དེ་དག་གི་འཁྲུལ་གཞི་ནི་རྣལ་འབྱོར་པ་ཌོཾ་བི་ཧེ་རུ་ཀ་ཆེན་པོས་འོད་མའི་ཚལ་དུ་ལངས་པའི་བརྟུལ་ཞུགས་ལོ་གསུམ་མཛད་དེ། དུས་གཅིག་ལ་སྤྲུལ་པ་བརྒྱ་ཐམ་པ་སྤྲོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་ཀྱི་རྟེན་ལ་མཆོད་པ་ [217b.3]བྱེད་པའི་དུས་སུ་སྣང་བས་ངོ་མཚར་བར་གྱུར་ཏེ། ལྷོ་ཕྱོགས་གྱད་ཀྱི་ཡུལ་ན་གནས་པའི་ཁྱིམ་བདག་མ་ཧཱ་བ་ལ་ཞེས་བྱ་བས་བརྟུལ་ཞུགས་ཀྱི་ཚུལ་དེ་ལ་ཞུགས་པ་དང་། དེ་དང་ཉེ་བར་མཚུངས་པ་ནི་དེའི་རྗེས་སུ་འབྲང་བ་དང་བཅས་པ་རྣམས་སོ། །དེ་དག་གི་ལྟ་བ་ནི། སྤྱོད་པ་དེ་མཚུངས་འདོད་ [217b.4]པ་ནི། །ནམ་མཁའ་དག་ལ་རྟོག་པའི་ཡིད། །དབུ་མའི་དོན་མཆོག་རྟོགས་ཟེར་བ། །མདའ་དཔུང་མཚོན་ཆ་རྣོན་རེ། །ཐར་པ་མི་ཐོབ་མངོན་པར་སྨྲས། །ཞེས་བྱ་བའི་དོན་ནི་སྤྱོད་པ་གོང་དུ་སྨོས་པ་དེ་དག་གི་འདོད་པ་ནི། ནམ་མཁའ་དག་ལ་རྟོག་པར་བྱེད་པའི་ཡིད་དེ་གོང་དུ་སྨོས་པ་ [217b.5]ལྟ་བུའོ། །དེ་དག་ནི་དབུ་མའི་དོན་མཆོག་ཏུ་གྱུར་པ་དེ་ནི་བདག་ཅག་གིས་རྟོགས་སོ་ཞེས་ཟེར་བ་ལ་ཨ་ཨི་ཞེས་པ་སྟེ་དམ་པ་དང་མ་འབྲེལ་བའི་རྟོགས་པའོ། །དེ་དག་ནི་མདའ་དཔུང་སྟེ་རང་བཞིན་གྱི་མཚོན་ཆ་རྣོན་པོ་ཐོགས་པ་ན་རེ་ཆོས་ཀྱི་སྐུ་དང་དེ་ལས་གཞན་པའི་ཐར་པ་དག་ཀྱང་ [217b.6]མི་ཐོབ་བོ་ཞེས་མངོན་པར་སྨྲས་སོ། །དེ་བས་ན་དེའི་དོན་འདི་ལ་གདམས་པར་བྱ་བ་ཉིད་དུ་ཟད་དོ། །དེ་ལྟར་ཕྱི་རོལ་གྱི་བརྟུལ་ཞུགས་དེ་དག་གིས་མི་གྲོལ་བའི་ལོག་པར་རྟོགས་པ་དེ་དག་ཤུགས་ཀྱིས་བསལ་ནས། ད་ནི་བདེ་བ་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པས་ཐར་པ་མི་ཐོབ་པ་བསྟན་ [217b.7]པར་བྱ་སྟེ། ལོག་པའི་དཀའ་ཐུབ་ལུས་མི་བདེ། །ཡིད་ལོག་པས་ནི་དེ་ཉིད་མིན། །ཞེས་བྱ་བའི་དོན་ནི། བདེ་བ་ཆེན་པོ་གཉུག་མའི་ངོ་བོ་ཉིད་འདི་དག་དང་མི་ལྡན་པ་ཐམས་ཅད་ལོག་པའི་དཀའ་ཐུབ་ལ་གནས་པ་སྟེ། དེ་དག་ནི་ཀ་ཀལྤ་སྟ་ཧ་ཛ་ན་ཞེས་བྱ་བ་སྟེ། དེ་དག་གི་དོན་ [218a] [218a.1]ནི་རྟོག་པ་དང་བཅས་པའི་འཆིང་བས་བདེ་བ་ཆེན་པོ་ཐོབ་པར་མི་འགྱུར་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་ཐམས་ཅད་ཀྱི་མཆོག་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་རང་བཞིན་དུ་ངང་གིས་གནས་པ་སྟེ་སྡུག་བསྔལ་གྱི་མཐའ་སྐད་ཅིག་ཀྱང་མི་གནས་ཏེ། དེ་ནི་སེམས་ [218a.2]ཉིད་ལ་བྱའོ། །དཀའ་ཐུབ་འདི་དག་གིས་ནི་ལུས་གདུང་བར་བྱེད་དེ། དེའི་ཕྱིར་སེམས་ལུས་ལ་བརྟེན་པས་སེམས་བདེ་བ་མི་འབྱུང་བའོ། །དེ་ནི་ཆོས་སྐུ་གདུངས་པ་སྟེ་འབྲས་བུ་ཟད་པར་བྱས་པའི་ཕྱིར་ལོག་པའི་དཀའ་ཐུབ་པོ། །ཡིད་ནི་རིག་པའི་ཤེས་པ་ཉིད་ཀྱིས་དགག་བྱ་རྣམ་ [218a.3]པར་བཅད་ཅིང་སྒྲུབ་པར་བྱེད་པ་སྟེ། དེ་ནི་རྟོག་པ་དང་བཅས་པའི་ཤེས་པ་སྟེ། སྡུག་བསྔལ་བ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་བ་ན་སྡུག་བསྔལ་ཞིང་བདེ་བ་དང་མི་ལྡན་པ་དག་ནི་རྟོག་པ་ལས་བྱུང་བའི་ཕྱིར་རོ། །དེ་དག་ནི་དགག་སྒྲུབ་དང་བཅས་པ་སྟེ་ཡིད་ལོག་པའོ། །དེ་དག་ཀྱང་ [218a.4]ཅིའི་ཕྱིར་ཞེ་ན། གཉུག་མའི་དེ་ཁོ་ན་ཉིད་མ་རྟོགས་པ་སྟེ། དེ་ནི་སྤྲོས་པ་ཐམས་ཅད་རང་ཞི་བ་སྟེ། དེ་ཉིད་ཀྱི་ཐ་སྙད་ཀྱང་ཤུགས་ཀྱིས་གཅོད་པའོ། །དེ་ནི་སྤྱིའི་དོན་དུ་བཤད་པ་སྟེ། ད་ནི་བྱེ་བྲག་གི་ཚུལ་དུ་བཤད་པར་བྱ་བ་ནི་བློ་ཆུང་བའི་ཉན་ཐོས་ཀྱི་ཐེག་པ་དེ་དག་སྨྱུང་བར་གནས་པ་ལ་སོགས་པ་དཀའ་ཐུབ་ཀྱིས་ལུས་ [218a.5]མི་བདེ་ཞིང་། གང་ཟག་གིས་སྟོང་ཡང་ཆོས་ཀྱི་བདག་འཛིན་ངེས་པར་བསམ་པའི་གཟུང་བ་རང་བཞིན་མེད་པར་ཤེས་ཀྱང་འཛིན་པ་རང་བཞིན་མེད་པར་མ་ཤེས་པའི་ཤེས་པ་རྟག་པ་རྫས་སུ་འདོད་པ་སྟེ། དེ་དག་གི་ཡིད་ལོག་པས་ནི་དེ་བཞིན་ཉིད་མིན་ཏེ། ཐོབ་པར་མི་ནུས་སོ། །དེ་ཡང་རབ་ཏུ་མི་གནས་པའི་རྒྱུད་ལས། ། [218a.6]དཀའ་ཐུབ་ལོག་པས་ལུས་ཉིད་འཆིང་། །བཅིང་པའི་སེམས་ཉིད་རྣམ་པར་གདུང་། །དེས་ནི་ཆོས་སྐུ་ཟད་པ་སྟེ། །གཉུག་མ་རྟོགས་པར་མི་འགྱུར་རོ། །ཞེས་འབྱུང་བའི་ཕྱིར། རྗེ་བཙུན་པ་རི་བོ་བའི་ཞལ་སྔ་ནས། བརྟགས་པའི་རྟོག་པས་ཡང་དག་འགྲོལ་མི་སྲིད། །རྟོག་ [218a.7]མེད་ཐ་མལ་གནས་ན་བདེ་བ་ཆེ། །སྐྱེས་བུ་ནམ་མཁའི་མཐའ་ལ་རྟོག་པ་བཞིན། །འདི་མཐའ་ང་ཡིས་ཤེས་པ་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར། གོང་དུ་སྨོས་པ་དེ་དག་གིས་མྱོང་བར་བྱ་བ་ནི་དཀའ་བ་ཉིད་དུ་ཟད་དོ། །དེ་དག་ཀྱང་སྤྱོད་པའི་ཚུལ་ཇི་ལྟ་བུ་ལ་གནས་ཞེ་ན། ལུས་ [218b] [218b.1]ངག་སྤྱོད་པ་གཙོར་གྱུར་ཏེ། དགེ་སློང་དགེ་ཚུལ་དགེ་བསྙེན་མ་རྣམས་དང་། །གནས་བརྟན་ལས་བྱེད་མངོན་པར་བསྐོས་པའི་གཞི། །ཁྱིམ་ནས་ཁྱིམ་སྤངས་རབ་ཏུ་བྱུང་བའི་ཚུལ། །ཐེག་པ་ཆུང་དུ་མདོ་ལས་སློབ་བྱེད་ཅིང་། །བདེན་པ་བཞི་ལ་མངོན་པར་རྨོངས་པའི་ཡིད། །སྡེ་པ་ [218b.2]བཅོ་བརྒྱད་མི་མཐུན་གཞན་དུ་འདོར། །གང་ཟག་བདག་མེད་ཆོས་ལ་བདག་འཛིན་གནས། །ཤེས་པ་དུས་གསུམ་རྫས་སུ་སྨྲ་བྱེད་ཅིང་། །སོ་སོར་བརྟགས་མིན་འགོག་པ་མཐར་ཐུག་བྱེད། །མདོ་སྡེ་པ་ནི་རང་སངས་རྒྱས་ཉིད་དེ། །རྟེན་འབྲེལ་བཅུ་གཉིས་རྒྱུན་དང་ལུགས་ལས་ [218b.3]བཟློག །དེ་བཀག་པས་ནི་ཐར་པ་ཐོབ་པར་འདོད། །ཁ་ཅིག་ཐེག་ཆེན་དེ་ལ་རྒྱུ་བྱེད་ཅིང་། །ཚད་མ་དག་གིས་མངོན་པར་བརྟགས་པ་ཡིས། །ཤེས་པ་ཕྲ་རབ་རྡུལ་དུ་གྲུབ་པ་ལ། །དེས་ཀྱང་དགྲ་བཅོམ་དེ་ལས་གཞན་མ་ཡིན། །ཞེས་བྱ་བའི་དོན་ནི། །བློ་ཆུང་བའི་ཉན་ཐོས་ཀྱང་བདག་ [218b.4]ཉིད་མངོན་པར་སྟོན་ཏེ། དེ་དག་ཀྱང་སྤོང་བ་བདུན་འཁོར་དང་བཅས་པའི་བསླབ་པ་ལ་གནས་ཏེ་ལུས་ཀྱི་རྣམ་པ་གསུམ་དང་། ངག་གི་རྣམ་པ་བཞི་སྤྱོད་པ་གཙོ་བོར་གྱུར་ཏེ་དེ་ཡང་རིགས་བདུན་གྱི་ཚུལ་གྱིས་གནས་སོ། །གང་ཞེ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ [218b.5]དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སློབ་མ་རྣམས་སོ། །དེ་དག་འདུས་པ་ལ་དགེ་འདུན་ཞེས་བོས་ཏེ། ཀུན་དགའ་ར་བདག་ཏུ་སྡེ་ཚན་དང་མཚུངས་པར་སྤྱོད་པའོ། །དེ་ཡང་མཚུངས་པའི་གཞི་ནི། གནས་བརྟན་དེ་དག་ནི་དེད་དཔོན་ལྟ་བུའོ། །ལས་བྱེད་པ་ནི་ངག་བཙུན་པ་དང་ [218b.6]གོ་རིམས་ལ་མཁས་པ་དག་གིས་སོ། །དགེ་འདུན་འདུས་པ་དག་གིས་མངོན་པར་བསྐོས་པ་ནི་ནང་ཁྲིམས་པ་དག་སྟེ། རིན་པོ་ཆེའི་ཕུང་པོ་ནས་བཤད་པ་ལྟ་བུའི་ཚུལ་དུ་བྱེད་པའོ། །གཞི་ཞེས་བྱ་བ་ནི་བསྟན་པ་དག་གི་གཞིར་གྱུར་པ་འམ་སྡོམ་པ་རྣམ་པ་གསུམ་གྱི་གཞིར་གྱུར་པའོ། །དེ་ [218b.7]ཡང་ཇི་ལྟ་ཞེ་ན། མདོ་རྒྱལ་མཚན་གྱི་རྩེ་མོ་ནས་གསུངས་པ་ལྟ་བུ་སྟེ། ཀྱེ་དགེ་སློང་དག་ཁྱིམ་ན་གནས་པ་ནི་སྡུག་བསྔལ་གྱི་རྒྱུ་ལས་ཉེ་བར་སྤྱོད་པའོ། །ཀྱེ་དགེ་སློང་དག་ཤེས་པ་ནི་འགྲིབ་སྲོག་ནི་འཆད་ཚེའི་འདུ་བྱེད་ཀྱང་ངེས་པར་འཇོམས་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་དད་ [219a] [219a.1]པ་བརྟན་པོས་གྲུབ་པར་མི་བྱེད། མིའི་ལུས་ཐོབ་པ་ནི་ཤིན་ཏུ་ཡང་རྙེད་པར་དཀའ་ན་དེ་རྙེད་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་པར་དཀའ་ན། ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ། སྡུག་བསྔལ་བར་འགྱུར་ཏ་རེ། སྲོག་དང་བྲལ་ཏེ་འཆི་བ་ནི་ [219a.2]སླའོ། །ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་བ་ནི་སྐྱེ་བ་འདི་ཉིད་ཟད་པར་འགྱུར་གྱིས་ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ། རྣམ་པར་སྨིན་པའི་སྡུག་བསྔལ་ཉམས་སུ་ [219a.3]མྱོང་བར་འགྱུར་རོ། །དེ་བས་ན་དགེ་སློང་དག་ཁྱིམ་དུ་གནས་པར་མི་བྱའོ། །ཁྱིམ་ནི་ཉོན་མོངས་པའི་གནས་སོ། །སྡིག་པའི་དྲ་བའོ། །འཁོར་བར་འཆིང་པ་ཉིད་དོ། །སྡུག་བསྔལ་མི་ཟད་པ་ཐམས་ཅད་ཀྱི་འབྱུང་གནས་སོ། །དགེ་སློང་དག་ཁྱིམ་ན་གནས་པ་ནི་བློ་ཆུང་བ་ཉིད་དོ། །རྟག་ཏུ་ [219a.4]འཁོར་བའི་བཙོན་ར་ལས་མི་ཐར་པ་ཉིད་དོ། །དགེ་སློང་དག་ཁྱིམ་དུ་གནས་པ་དག་ནི་དགེ་བའི་ས་བོན་སྲེག་པར་བྱེད་པའོ། །འཛིན་པར་བྱེད་པའི་རྙིའོ། །ཉའི་རྒྱ་མོ་ལྟ་བུའོ། །འདམ་གྱི་རྫབ་ལྟ་བུའོ། །ཕ་རོལ་གྱི་མཚོན་ཆ་ལྟ་བུའོ། །གླང་པོ་ཆེ་སྨྱོན་པ་ལ་ཞོན་པ་ལྟ་བུའོ། །མེའི་ཁང་པ་ [219a.5]ན་གནས་པ་ལྟ་བུའོ། །ཤིང་རྟ་རྐང་པ་དང་བྲལ་པ་ལྟ་བུའོ། །མེ་ཏོག་སི་ཀ་ཏི་ལྟ་བུའོ། །ཁྲི་མོན་ན་གནས་པ་ལྟ་བུའོ། །ཤིང་ཏ་ལ་མགོ་བཅད་པ་ལྟ་བུའོ། །ཡན་ལག་དང་བྲལ་བའི་སྟོབས་པོ་ཆེ་ལྟ་བུའོ། །ཉི་མས་གདུངས་པས་སྡོའི་མྱུ་གུ་ལྟ་བུ་སྟེ། །སྐྱོན་དང་བཅས་པ་ཡིན་ [219a.6]པའི་ཕྱིར་ཁྱིམ་ནས་ཁྱིམ་སྤངས་ལ་འགྲོ་བར་བྱའོ། །དགེ་སློང་དག་ང་ནི་རྐང་གཉིས་ཐམས་ཅད་ཀྱི་རབ་ཏུ་གྱུར་པ་སྟེ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་རྟག་ཏུ་རབ་ཏུ་འབྱུང་པའི་ཚུལ་ཁྲིམས་ལས་མི་འདའ་བར་བྱས་སོ། །དེ་བས་ན་ང་ནི་བྱ་བ་བྱས་པའོ། །ཟག་ [219a.7]པ་ཟད་པའོ། །ཉོན་མོངས་པ་བཅོམ་པའོ། །ཁུར་བོར་བའོ། །སྲིད་པའི་དགོན་པ་ལས་འདས་པའོ། །བདག་གི་དོན་རྗེས་སུ་དྲན་པའོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་དག་གི་རྗེས་སུ་སློབ་པར་བྱེད་པ་ནི་འཕགས་པ་ཀཽ་དི་ནྱ་དང་། ཀུན་དགའ་བོ་དང་། རབ་འབྱོར་ལ་སོགས་པ་སྟེ། དེ་ [219b] [219b.1]དག་ཐམས་ཅད་ཀྱང་སྤྲུལ་པའི་ཉན་ཐོས་སུ་རིག་པར་བྱའོ། །དེ་དག་གིས་བདག་ཉིད་ཉེ་བར་སྤྱོད་པ་རྣམས་ནི་སློབ་པ་པོ་རྒྱུན་ལ་ཞུགས་པ་རྣམས་ཏེ། ཐེག་པ་ཆུང་ངུན་གྱི་རྒྱས་པར་འོད་ཀྱི་མདོ་དང་འཕགས་པ་ལས་བརྒྱ་བའི་མདོ་དང་སྟོན་པ་ཀཽ་ཤ་ནིའི་མདོ་ལ་སོགས་པ་ལ་སློབ་པར་བྱེད་ཅིང་། [219b.2]སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པ་བཞི་ལ་རྟག་པ་ཉིད་ཀྱི་འཁྲུལ་པ་སྟེ། མངོན་སུམ་དུ་རྨོངས་པ་ཁོ་ནར་ཟད་དོ། །དེ་དག་ནི་རྟོག་བཅས་འབའ་ཞིག་ལ་སྤྱོད་པ་ཁོ་ན་ཡིན་ནོ། །སྡེ་པ་ཞེས་བྱ་བ་ནི་དགེ་སློང་དང་། དགེ་ཚུལ་གྱི་བདག་ཉིད་འཛིན་བཞིན་ཚོགས་པ་ [219b.3]དང་དེ་ལས་ལྷག་པའོ། །དེ་ཡང་བྱེ་བྲག་ཏུ་ཕྱེ་ནས་བསྟན་པ་ནི། བཅོ་བརྒྱད་དེ་དེ་ཡང་རྩ་བའི་སྡེ་བཞི་ནི་དང་པོ་དགེ་འདུན་ཕལ་ཆེན་སྡེ་དང་། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། གནས་བརྟན་པའི་སྡེ་དང་། མང་པོས་བཀུར་བའི་སྡེའོ། །དང་པོ་ལ་ཡང་ཤར་གྱི་རི་བོ་པའི་སྡེ་དང་། ནུབ་ཀྱི་ [219b.4]རི་བོ་པའི་སྡེ་དང་། གངས་རི་པའི་སྡེ་དང་། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་དང་། རྟག་པར་སྨྲ་བའི་སྡེ་རྣམས་སུ་གྱེས་སོ། །གཉིས་པ་ལ་ཡང་གཞི་ཐམས་ཅད་ཡོད་པར་སྨྲ་པའི་སྡེ་དང་། འོད་སྲུངས་སྡེ་དང་། ས་སྟོན་སྡེ་དང་། ཆོས་སྲུང་སྡེ་དང་། མང་དུ་ཐོས་པའི་སྡེ་དང་། [219b.5]གོས་དམར་པོའི་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་རྣམས་སུ་གྱེས་སོ། །གསུམ་པ་ཡང་རྒྱལ་བྱེད་ཚལ་གནས་སྡེ་དང་། འཇིགས་མེད་ན་གནས་སྡེ་དང་། གཙུག་ལག་ཁང་ཆེན་པོ་སྡེ་རྣམས་སུ་གྱེས་སོ། །བཞི་པ་ལ་ཡངས་སྒྲོགས་རིགས་པའི་སྡེ་དང་། བསྲུང་བའི་སྡེ་དང་། [219b.6]གནས་མ་བུའི་སྡེ་རྣམས་སུ་གྱེས་སོ། །དེ་ཐམས་ཅད་ཀྱང་སྤྱོད་པའི་སྒོ་མི་མཐུན་ཏེ་སུན་འབྱིན་ཅིང་གཞན་དུ་བོར་བར་བྱེད་དོ། །ལྟ་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་གཉིས་སུ་གཞི་མཐུན་ནོ། །དེ་ཡང་གཟུང་བ་རང་བཞིན་མེད་པར་ཤེས་པས་གང་ཟག་ལ་བདག་མེད་པར་ [219b.7]རྟོགས་ལ། འཛིན་པ་རང་བཞིན་དུ་གནས་པས་ཆོས་ལ་བདག་ཏུ་འཛིན་པར་གནས་སོ་ཞེས་པ་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་གསུམ་དུ་བསགས་པའི་རྫས་རྡུལ་ཕྲི་རབ་ཏུ་གྲུབ་པར་འདོད་དེ། དེ་ཡང་ནེེའུ་གསིང་དང་གཡག་རྔའི་ཚུལ་དུ་སིལ་བུ་ཕྲག་ཅན་ [220a] [220a.1]སྡུད་བྱེད་ཀྱི་རླུང་གིས་བསྡུས་པ་གོ་འགེགས་པའི་ངོ་བོར་འདུག་པའམ། གོང་བུ་བར་མཚམས་མེད་ཅིང་མ་འབྱར་བར་སྨྲ་བར་བྱེད་ཅིང་ཡང་སྣང་བ་གཟུགས་ཀྱི་གཞི་དང་། གཙོ་བོ་སེམས་ཀྱི་གཞི་དང་། འཁོར་སེམས་ལས་བྱུང་བའི་གཞི་ནི་ཀུན་རྫོབ་ཀྱི་བདེན་ [220a.2]བར་སྨྲ་ལ། གནས་སྐབས་དང་མི་ལྡན་པའི་གཞི་དང་། ཆོས་ཉིད་འདུས་མ་བྱས་ཀྱི་གཞི་ནི་སོ་སོར་བརྟགས་མིན་གྱི་འགོག་པར་སྨྲ་སྟེ། དེ་བཞིན་ཉིད་དང་ནམ་མཁའ་ཞེས་མཐར་ཐུག་བྱེད་དོ། །དེ་ལ་ཉན་ཐོས་མདོ་སྡེ་པ་བློ་རབ་ཏུ་གྱུར་པ་ནི་རང་སངས་རྒྱས་ཉིད་ཡིན་ཏེ། དེ་ [220a.3]ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་རྒྱུ་ལས་འཁོར་བ་འབྱུང་བ་དང་། ལུས་དེ་དག་ལ་བཀག་ཅིང་བཟློག་པས་དེ་བཀག་པས་ནི་ཐར་པའི་འབྲས་བུ་ཐུན་མོང་མ་ཡིན་པ་ཐོབ་པར་འདོད་དོ། །ཁ་ཅིག་ནི་དབུ་མ་པ་བྱེ་བྲག་ཏུ་སྨྲ་བ་དག་གི་ཐེག་པ་ཆེན་པོ་ལ་རྒྱུ་བྱས་པས་ [220a.4]འབྲས་བུ་བདག་ཉིད་འདི་ལྟ་བུ་དག་འཐོབ་པར་འགྱུར་རོ། །སྨྲ་བར་བྱེད་ཅིང་། གཞི་དང་གཞི་ཡོངས་སུ་གྲུབ་པར་བྱེད་པ་དང་། མངོན་སུམ་དང་རྗེས་སུ་དཔག་པ་དང་ཚིག་གི་མཚོན་ཆ་དང་སྨྲ་བའི་མཚོན་ཆ་དང་། དབང་པོར་བྱུང་བའི་ཚད་མ་དང་། ཚད་མ་ཕན་པས་གྲུབ་ [220a.5]ཅིང་རྗེས་སུ་ཕན་པའི་སྒྲས་ཁས་ལེན་པར་འདོད་པ་སྟེ། དེ་དག་གིས་མངོན་པར་བརྟགས་པའི་ཤེས་པ་ཕྲ་རབ་ཀྱི་རྡུལ་དུ་རང་ཉིད་ཀྱི་འདོད་པའི་བློས་གྲུབ་པ་ལ་ངེས་ཤིང་འབད་ཀྱང་དགྲ་བཅོམ་པའི་འབྲས་བུ་རྡོ་ལ་བརྐོས་པའི་རི་མོ་ལྟ་བུ་མ་ཡིན་ཏེ་ཆུ་ལ་བྲིས་པ་བཞིན་ནོ། །དེ་ལས་ [220a.6]གཞན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཉིད་དང་བྲལ་བའི་ཕྱིར་རོ། །ད་ནི་སྔགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཐར་པ་མི་ཐོབ་པ་བསྟན་པར་བྱ་སྟེ། རྟོག་གེ་བློ་ཆུང་གང་ཟག་དག །བརྟགས་ནས་ལྷ་ཡི་དཀྱིལ་འཁོར་བསྒོམ། །མུ་སྟེགས་ [220a.7]བདག་བཞིན་བསྒྲུབ་པར་རྟོག །བུམ་གསང་ཤེས་རབ་ཡེ་ཤེས་དང་། །མཐར་ཐུག་མན་ངག་ཚིག་ཏུ་འདོན། །དོན་གྱི་རྣམ་པ་དེ་དང་བྲལ། །འབད་ཅིང་འཁོར་ལ་རྣམ་པར་ཞེན། །སྟོང་པ་མཁའ་བཞིན་གཞན་དུ་རྟོག །ཅེས་བྱ་བའི་དོན་ནི། ཀུན་དུ་བརྟགས་པ་འབའ་ཞིག་ལ་ [220b] [220b.1]ཞེན་པའི་ཤེས་པ་རྣམས་མཚན་མའི་རྟོག་གེས་ཡིད་དཀྲུག་པའི་ཕྱིར་བློ་ཆུང་བ་སྟེ། དེ་དག་ཤིན་ཏུ་གྲུབ་པར་བྱེད་པའི་གང་ཟག་དག་ནི་བདག་ཉིད་རྟེན་དང་བརྟེན་པའི་ངོ་བོར་བརྟགས་ནས་ལྷའི་དཀྱིལ་འཁོར་བསྒོམ་པ་དང་། དེ་ཡང་རྒྱལ་དང་ལྡན་པས་གྲུབ་པར་སྨྲ་སྟེ། འདི་དག་ནི་ [220b.2]མུ་སྟེགས་ཀྱི་བདག་དང་ཁྱད་མེད་པ་ལྟ་བུ་སྟེ། དེ་བཞིན་དུ་གྲུབ་པར་རྟོག་པའོ། །དེ་ཡང་དབང་གི་རང་བཞིན་ཇི་ལྟ་བར་མ་ཤེས་པ་ལས་བྱུང་སྟེ། དེ་ཡང་བུམ་པའི་དབང་ནི་མ་རིག་པ་ཉོན་མོངས་པ་ལྔ་ལས་ལོག་ནས། རིག་པ་ཡེ་ཤེས་ལྔ་སྐྱེད་པར་བྱེད་པ་སྟེ་ཆོས་ཀྱི་དབྱིངས་སོ། ། [220b.3]དེ་ཉིད་ལས་སྤྲོས་པའི་རྣམ་པར་རྟོག་པར་འཛིན་པའོ། །གསང་བའི་དབང་ནི་ཟག་པ་མེད་པའི་ཡེ་ཤེས་སྐྱེད་པར་བྱེད་པ་སྟེ་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་འཇུག་པའི་རྣམ་པར་རྟོག་པར་འཛིན་པའོ། །ཤེས་རབ་ཡེ་ཤེས་དང་ཞེས་བྱ་བ་ནི་ཤེས་རབ་ལས་ཀྱི་ཕྱག་རྒྱལ་བརྟེན་ནས་ལྷན་ [220b.4]ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་སྟེ་ཆོས་ཀྱི་སྐུའོ། །དེ་དག་ལ་འདོད་པའི་ཞེན་པར་རྟོག་པའོ། །མཐར་ཐུག་པའི་དོན་ནི་པྲཛྙཱ་ཨ་མུ་སྣའོ། །དེ་དག་གི་དོན་ནི་ཤེས་རབ་ཆེན་པོ་སྟེ་གསལ་བ་དང་མི་རྟོག་པ་དང་བདེ་བའི་རང་བཞིན་དང་ལྡན་པ་སྟེ་གཉུག་མའི་དེ་ཁོ་ན་ཉིད་ [220b.5]དོ། །དེ་དག་ནི་མན་ངག་སྟེ་ཚིག་ཙམ་དུ་འདོད་པར་བྱེད་དོ། །དེ་བས་ན་སེམས་གཉུག་མའི་རང་བཞིན་དང་དེ་ཉམས་སུ་མྱོང་བར་བྱེད་པའི་ཚུལ་གྱི་རྣམ་པ་དེ་དང་བྲལ་བ་སྟེ། ཚོགས་མ་བསགས་ཤིང་དམ་པ་དང་ཉེ་བར་མི་ལྡན་པ་དག་གིས་བཅད་ཅིང་རྟུལ་ཕོད་ལ་གནས་ཀྱང་ཐ་དད་ཀྱི་ [220b.6]རྟོག་པ་དང་མ་བྲལ་བའི་ཕྱིར་འཁོར་བ་ན་འཁོར་ཞིང་རྣམ་པར་ཞེན་པའོ། །དེ་དག་གི་སྟོང་ཉིད་ནི་འཇིག་རྟེན་པ་དག་གི་བལྟས་པ་ལྟ་བུ་སྟེ། ནམ་མཁའ་བཞིན་གཞན་དུ་རྟོགས་པར་བྱེད་དེ། དེ་ཡང་ཅིའི་ཕྱིར་ཞེ་ན། རྣལ་མ་ལ་བདེ་བ་ཆེན་པོའི་ངོས་ཚིམ་པར་མ་བྱས་པའི་ [220b.7]ཕྱིར་རོ། །ད་ནི་དབུ་མ་པས་ཐར་པ་མི་འཐོབ་པར་བསྟན་པར་བྱ་སྟེ། ཁ་ཅིག་སྟོང་པ་ཉིད་ལ་ལྟ་བ་འཆིང་། །ཞེས་བྱ་བ་ནི་སྟོང་པ་ཉིད་མི་རྟོག་པའི་ཆ་ལ་གནས་པ་དག་ལ་མངོན་པར་ཞེན་པ་སྟེ། དེ་དག་ལ་ཞེན་པ་ཉིད་དུ་ལྟ་བས་འཆིང་བ་ཉིད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྟར་ [221a] [221a.1]མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་དོན་ནི། ལྷན་ཅིག་སྐྱེས་པའི་ངོ་བོ་ནི། རྟོགས་པས་མངོན་པར་གྲུབ་པ་སྟེ། རང་ཉིད་མངོན་པར་གྲུབ། ཅེས་བྱ་བ་སྨོས་ཏེ། དེ་དག་གི་དོན་ནི་མ་ཧ་ར་ན་ཀ་སྟེ་སེམས་སོ། །དེ་ནི་ལྷན་སྐྱེས་ཀྱི་རྣམ་པའོ། །པ་ན་ས་ཀ་རི་སྟེ་ [221a.2]གཅིག་གོ། །དེ་ནི་སེམས་ཀྱི་རྣམ་པའོ། །ཨ་ན་ཨ་ས་པུ་ཏ་སྟེ་བླ་མའི་གདམས་ངག་ལས་སྐྱེས་པ་དེ་དེ་ནི་ཐོག་མ་ཉིད་ནས་སངས་རྒྱས་པའི་ངོ་བོའོ། །ཨེ་ཨི་ཐར་ཏེ་རྟོག་པའོ། །ད་ནི་ཐ་མལ་གྱི་ཤེས་པ་ཉིད་དོ། །ཨེ་བུད་རྟོག་ཀའོ། །དེ་ནི་ཉམས་སུ་མྱོང་བས་མངོན་པ་ [221a.3]གྲུབ་པ་སྟེ། དེ་ཐོག་མ་ཉིད་ནས་སངས་རྒྱས་པའི་ངོ་བོའོ། །ཨེ་ཨི་ཨ་ཏ་མ་ཀི་ཏི་སྟེ་རང་ཉིད་ལ་མངོན་པར་འགྲུབ་པའོ། །དེ་ནི་ཀུན་དུ་བཟང་པོ་ཉིད་དོ། །དེ་བས་ན་དོན་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །གཞན་དག་ནི་འདི་དང་མི་ལྡན་པ་དག་ཡིན་ཏེ། ཇི་ལྟར་ཞེ་ན། གཞན་ལ་ལྟ། [221a.4]རྒྱུ་ལ་འབད་པ་ལེགས་བྱས་པས། །མྱ་ངན་འདས་པ་ཐོབ་གྱུར་སྨྲ། །ཞེས་བྱ་བའི་དོན་ནི་འབྲས་བུ་གཞན་དུ་རྟོག་ཅིང་ལྟ་བ་ལ་རེ་བའི་ཕྱིར་རྟོག་པའོ། །རྟོག་པ་དེ་ཡང་རྟོགས་པས་གྲུབ་པར་འདོད་དེ་རྒྱུ་བསོད་ནམས་ཀྱི་ཚོགས་ལ་འབད་པ་ལེགས་པར་བྱས་པས་རྣམ་པར་རྟོག་ [221a.5]པ་ཟད་ནས་མྱ་ངན་ལས་འདས་པའི་དོན་འཐོབ་པར་འགྱུར་བར་སྨྲ་སྟེ་རྟོག་པའོ། །རྟོག་པས་རྟོག་པ་ཉིད་སླུ་བ་ཁོ་ནར་བྱེད་དེ་འཁོར་བའོ། །འཁོར་བ་ཉིད་ཀྱིས་རྟོག་པ་མི་སླུ་བར་བྱེད་དེ་སྡུག་བསྔལ་ལོ། །དེ་ཡང་ཅི་ལས་བྱུང་བར་བརྟག་པར་བྱ་ཞེ་ན། ཚིག་དང་ལུས་ཀྱི་ [221a.6]རྣམ་པ་ལ། །ཤིན་ཏུ་མཁས་པ་ལྟར་སྣང་ཡང་། །ཅིག་ཤོས་དེ་ལ་རྣམ་མེད་ཕྱིར། །ནུས་པར་གྱུར་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཚིག་གི་ཐ་སྙད་ཀྱི་རྣམ་པར་རྟོག་པ་བསླངས་ཏེ། །དེ་ཉིད་མཐའ་མེད་པ་ལ་རྟོག་གོ། །སྣང་བ་དང་གྲགས་པའི་ཡུལ་གྱི་རྣམ་པ་གཏན་ལ་ཕབ་ནས་ [221a.7]དོན་མེད་པ་ལ་རྟོག་གོ། །དེ་དག་ཆ་ཤས་ཀྱི་རྣམ་པ་ལ་བདག་ནི་ཤིན་ཏུ་མཁས་པ་ཡིན་ནོ་ཞེས་ང་རྒྱལ་བར་བྱེད་དེ་འཁོར་བའོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་ལྟར་སྣང་ཡང་མཁས་པ་ནི་མ་ཡིན་ཏེ། རྒྱལ་པོའི་བང་མཛོད་དང་འདྲ་བས་རང་བཞིན་གྱི་ནོར་བུ་རིན་པོ་ཆེའོ། ། [221b] [221b.1]ཅིག་ཤོས་དེ་ལ་མེད་ཅིང་དེའི་རྣམ་པ་ཡང་མེད་པའི་ཕྱིར་ཀ་ཀ་ར་སྟེ་ནུབ་པར་མི་འགྱུར་བའི་དོན་ཏོ། །དེ་དག་ནི་འཁྲུལ་བར་བརྟག་པའི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་དོན་ནི། གདམས་ངག་གཞི་རུ་གྲུབ་པའི་ཕྱིར། །གོང་མས་སྨྲ་ཚུལ་མི་རིགས་མིན། །ཞེས་བྱ་བའི་ [221b.2]དོན་ཨུ་པ་ཧ་ར་སྟེ་དེ་ནི་མྱོང་བས་དོན་སྐྱེ་བར་བྱེད་པའི་དོན་ཏེ། དེ་ཡང་གུ་རུ་ཨུ་པ་རི་སྟེ་གདམས་ངག་གོ། །དེ་ནི་བླ་མ་དམ་པའི་གདམས་ངག་བཞིན་ཉམས་སུ་མྱོང་བས་ཆོས་ཀྱི་སྐུའོ། །དེ་དག་ཀྱང་ཅིས་ཤེ་ན། རྒྱུ་མེད་པ་དང་མ་ནིང་གི་སྤྱོད་ཡུལ་དུ་རུང་བ་དང་། སོ་སོར་ [221b.3]རྟོག་པའི་ཤེས་རབ་ཡོད་པ་དང་། །རྒྱུ་འབྲས་དུས་མཚུངས་ཤིང་ཆུ་བོ་ལྟར་གནས་པ་སྟེ། དེ་ཡང་ཐོག་མ་ཉིད་ནས་སངས་རྒྱས་པ་ཡིན་པ་དང་། ཐམས་ཅད་ལ་ཆོས་ཀྱི་སྐུ་གཉུག་མའི་རང་བཞིན་གནས་པ་དང་། ཐམས་ཅད་བདེ་བ་ཆེན་པོའི་ཕྱག་རྒྱར་རོ་གཅིག་པ་དང་། རྒྱུ་འབྲས་ [221b.4]དུས་མཚུངས་ཤིང་དུས་ཐམས་ཅད་བཞི་རུ་གྲུབ་པའི་ཕྱིར། ཨིས་ཨ་ར་སྟེ་གོང་མ་སྟེ་ང་ཡིས་སོ། །འོག་མ་རྣམས་ལ་ཐར་པ་མི་ཐོབ་པ་སྨྲ་བའི་ཚུལ་མི་རིགས་པ་མ་ཡིན་ཏེ་རིག་པའོ། །དེ་བས་ན་ཐམས་ཅད་ཐབས་དང་ཡང་བྲལ་ཤེས་རབ་དང་ཡང་བྲལ་བ་སྟེ། ཐ་མལ་གྱི་ [221b.5]ཤེས་པ་དང་། དེའི་རང་བཞིན་མེད་པའི་ཕྱིར་ཐར་པ་མི་ཐོབ་པ་བཤད་པར་བྱ་སྟེ། གང་ཞིག་དོན་ལ་མོས་འགྱུར་ན། །སྤྱད་པས་འབྲས་བུ་ཐོབ་པར་འདོད། །ཅེས་བྱ་བའི་དོན་ནི་རིགས་པ་གང་ཞིག་གོ། །དོན་དམ་པའི་ལྟ་བ་ཞེས་དེ་ལ་མོས་ཤིང་གཞོལ་བར་འགྱུར་ཏེ་ཞེན་ན་དེ་ [221b.6]འགྲུབ་པར་བྱེད་པ་ཡང་ཚངས་པའི་སྤྱོད་པ་ལ་སྤྱད་པས་འབྲས་བུ་དམ་པ་ཐོབ་པར་འདོད་པའི་ཕྱིར། དགག་སྒྲུབ་དང་བཅས་པ་ཉིད་དུ་ཟད་དེ་དེ་ཉིད་མ་ཡིན་ནོ། །གང་ཞིག་གཉིས་མེད་མྱོང་བྲལ་ན། །བཀའ་དང་དམན་པའི་བསམ་གཏན་ནི། །དགོས་པ་མེད་ཕྱིར་ཕྱིར་བསལ་ཏེ། །སྙིང་ [221b.7]པོའི་དོན་མཆོག་རྟོགས་པ་ན། །མར་མ་ལྷ་བཤོས་དེ་ཅི་དགོས། །གཉིས་མེད་ལྡང་དང་འཇུག་མེད་ན། །སྤྱོད་པ་ཅི་བྱེད་སྔགས་མི་སྨྲ། །ལས་དང་བྱ་བ་གཙོར་གྱུར་པའི། །འབབ་སྟེགས་ཆུ་ལ་ཁྲུས་བྱེད་ཅིང་། །གཉུག་མའི་དཀའ་ཐུབ་ཅི་དགོས་ཏེ། །དེ་ཉིད་དོན་དང་མ་འབྲེལ་ན། ། [222a] [222a.1]ཁྲུས་ལ་སོགས་པས་གྲོལ་མི་འགྱུར། །ཞེས་བྱ་བའི་དོན་ནི་སྙིང་པོའི་དོན་རྟོགས་པའི་གཉིས་མེད་ལ་གནས་ཤིང་ལྡང་འཇུག་མེད་པ་ན་སྤྱོད་པ་འདི་དག་ཤུགས་ཀྱིས་དགག་ཅིང་རྟོག་པས་འཆིང་བའི་ཕྱིར་མི་དགོས་པ་སྟོན་པ་དང་སྤྱོད་ན་ཡང་དེ་ཉིད་དང་ [222a.2]བྲལ་བར་ཤུགས་ཀྱིས་སྟོན་པ་སྟེ། དེ་ཡང་གང་ཞིག་ཅེས་བྱ་བ་ནི་རྟེན་གྱི་གང་ཟག་ཁྱད་པར་དུ་གྱུར་པ་རྣམས་སོ། །གཉིས་མེད་ཅེས་བྱ་བ་ནི་ཐ་མལ་གྱི་ཤེས་པ་ཉིད་དོ། །མྱོང་ཞེས་བྱ་བ་ནི་གསལ་བ་དང་མི་རྟོག་པ་དང་བདེ་བ་དང་། བྲལ་ཞེས་བྱ་བ་ནི་མྱོང་དུ་མེད་པའི་མྱོང་བ་སྟེ་ [222a.3]ཅི་ཡང་མ་ཡིན་པ་ཉིད་དོ། །དེ་ཉིད་ཀྱི་བདག་ཉིད་ཅན་དེ་དག་ལ་དཀའ་བའི་མུ་སྟེགས་ཀྱི་བརྟུལ་ཞུགས་དང་། དམན་པ་ཉན་ཐོས་ཀྱི་སྤྱོད་པ་དང་ལྡན་པ་ལྟ་བ་དང་སྒོམ་པ་དང་། རྣམ་པར་རིག་པ་དང་དབུ་མའི་དགག་སྒྲུབ་དང་བཅས་པའི་བསམ་གཏན་ནི་དགོས་པ་མེད་པའི་ཕྱིར་ [222a.4]བསལ་བ་སྟེ་སྙིང་པོའི་དོན་མཆོག་ཏུ་གྱུར་པ་འདི་རྟོག་པ་ནི་ལོག་ནས་སངས་རྒྱས་གྲུབ་པ་མེད་པའི་ཕྱིར། མར་མེ་དང་མེ་ཏོག་དང་བདུག་པ་དང་དྲི་དང་ལྷ་བཤོས་ལ་སོགས་པ་དེ་ཅི་དགོས་བསྒྲུབ་ཏུ་མེད་པའི་ཕྱིར། གཉིས་སུ་མེད་པའི་དང་དེ་ལས་མི་གཡོ་ཞིང་ལྡང་བ་དང་ [222a.5]འཇུག་པ་ལ་ཁྱད་པར་མེད་ན། སྦྱིན་པ་བཏང་བ་ལ་སོགས་པའི་སྤྱོད་པས་ཅི་བྱེད་དེ་དོན་མེད་པའི་ཕྱིར་རོ། །སྔགས་ཀྱང་མི་སྨྲ་སྟེ་འབྲས་བུ་གྲུབ་ཏུ་མེད་པའི་ཕྱིར་རོ། །བླ་མ་མཉེས་པར་བྱ་བ་ལ་སོགས་པའི་ལས་དང་། ཚོགས་སོགས་པའི་བྱ་བ་གཙོར་གྱུར་པ་ནི་ཆུ་འབབ་ [222a.6]པའི་སྟེགས་སུ་འདུག་སྟེ། ཆུ་ལ་ཁྲུས་བྱེད་ཅིང་གཙང་བར་སྤྱོད་པ་དང་། སྨྱུང་བའི་དཀའ་ཐུབ་དང་དཀའ་སྤྱད་རྣམས་ཅི་དགོས་ཏེ་དེ་དག་ཉིད་ཀྱིས་འཆིང་བའི་ཕྱིར་རོ། །དེ་ཡང་རྣམ་པར་བཅད་པ་ལྟ་བུ་ནི་མ་ཡིན་ཏེ་ཤུགས་ཀྱིས་འགགས་པ་ཡིན་པའི་ཕྱིར་ཆེད་དུ་གྲུབ་པ་ལྟ་བུ་ནི་མ་ [222a.7]ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་དོན་དང་། མ་འབྲེལ་ན་ཁྲུས་ལ་སོགས་པ་གོང་དུ་སྨོས་པའི་སྤྱོད་པས་གྲོལ་བར་མི་འགྱུར་ཏེ། འབྲེལ་ན་དོན་དང་ལྡན་པར་འགྱུར་བ་ནི་ཤུགས་ལས་ཤེས་པར་བྱའོ། །མ་རྟོག་པ་དང་ལྡང་འཇུག་ཡོད་པ་དང་དོན་དང་མི་འབྲེལ་བ་རྣམས་ཀྱིས་ [222b] [222b.1]ཀྱང་དེ་ལྟར་བྱ་བ་ཡིན་ནམ་ཞེ་ན། ལས་དང་པོ་ཡི་སྐྱེས་བུ་ཡིས། །དེ་ཉིད་ཉམས་སུ་མྱོང་འགྱུར་ཏེ། །མ་རྟོག་པར་དུ་དེ་མི་གཏོང་། །རྟོགས་ན་གཉུག་མའི་ལམ་ཡིན་ནོ། །ཞེས་བྱ་བའི་དོན་ནི་ལས་དང་པོ་པའི་གང་ཟག་སྐལ་བ་རབ་ཏུ་གྱུར་པ་དེ་དག་ལ་སྐྱེས་བུ་དམ་པའི་གདམས་ [222b.2]ངག་གིས་ཉེ་བར་གྱུར་ཏེ། དེ་ཁོ་ན་ཉིད་ཉམས་སུ་མྱོང་བའི་རྣམ་པ་དེ་ཁོ་ན་ཉིད་དང་མི་འབྲལ་ཡང་གཉིས་སུ་མེད་པའི་ཀློང་དུ་མ་གྱུར་གྱི་བར་དུ་དེ་བཞིན་ཉིད་མ་ཡིན་ཏེ་མ་རྟོག་པར་དུ་དེ་མི་གཏོང་ངོ་། །རྟོགས་ན་བསོད་ནམས་ཀྱི་ཚོགས་དེ་དག་ཀྱང་སེམས་གཉུག་མའི་ངོ་བོ་ཉིད་ [222b.3]ཀྱི་མཉམ་པའི་ལམ་ཆེན་པོ་ཡིན་ནོ། །དེ་དག་ཀྱང་མན་ངག་གིས་སྟོབས་གང་ལས་སྐྱེས་ཤེ་ན། ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པ་ལ་སྐྱེ་སྟེ། དེ་དག་བྱེ་བྲག་ཏུ་གནས་པ་ལས་མི་འགྲུབ་ཅིང་དབྱེར་མི་ཕྱེད་པའི་ངོ་བོ་བསྟན་པར་བྱ་སྟེ། སྙིང་རྗེ་བྲལ་བས་སྟོང་ཉིད་ནི། །སྙིང་པོ་ [222b.4]རྟོག་པར་མི་འགྱུར་ཏེ། །ལམ་མཆོག་མངོན་པར་བོར་ནས་ཀྱང་། །ཉན་ཐོས་ས་ལ་ངེས་པར་གནས། །སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །ལུས་དང་སེམས་ནི་གདུང་འགྱུར་བས། །མུ་སྟེགས་དག་དང་ཁྱད་མེད་དེ། །བདུད་ཀྱི་ལས་སུ་རིག་པར་བྱ། །སྐྱེས་བུ་མཆོག་ལྡན་གང་ [222b.5]ཞིག་གིས། །གང་ཡང་གཉིས་པོ་སྤྱོར་ནུས་པས། །འཁོར་དང་མྱ་ངན་འདས་སྤངས་ཏེ། །མི་གནས་མཐའ་ལ་མངོན་པར་གནས། །ཞེས་བྱ་བའི་དོན་ནི། སྙིང་རྗེ་དང་བྲལ་བའི་སྟོང་ཉིད་ཀྱང་བདུད་ཀྱི་ལས་སུ་རིག་པར་བྱའོ། །སྟོང་ཉིད་དང་བྲལ་བའི་སྙིང་རྗེ་ཡང་བདུད་ཀྱི་ལས་ [222b.6]སུ་རིག་པར་བྱའོ། །གཉིས་སུ་མེད་པའི་དོན་འདི་ནི་སངས་རྒྱས་ཀྱི་དགོངས་པར་རིག་པར་བྱའོ། །དེ་དག་གསལ་བར་བྱ་བ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་ལས་ངེས་པར་བསྟན་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ལྷོ་ཕྱོགས་ཨཱཤ་ནའི་ཡུལ་གྲོང་ཁྱེར་མཆོད་ [222b.7]རྟེན་བརྩེགས་པ་ཞེས་བྱ་བ་ན་བྲམ་ཟེ་ནོར་བུ་བཟང་པོ་ཞེས་བྱ་བ་ཞིག་ཡོད་དེ། དེས་ཡུལ་གཞན་གྱི་བྲམ་ཟེ་མོ་ལེགས་སྦྱིན་མེ་ཏོག་ཅེས་བྱ་བ་ཞིག་ཁྱིམ་ཐབ་ཏུ་བླང་བར་གྱུར་ཏོ། །གཞོན་ནུ་དེ་ཡང་བཞིན་མཛེས་པ་བལྟ་ན་སྡུག་པ་ཡིད་དུ་འོང་བ་སྐྱེ་བོ་ཐམས་ཅད་ཀྱི་བློ་མོས་པར་ [223a] [223a.1]གྱུར་པ་ཞིག་སྟེ། དེ་ཡང་ཚངས་པར་སྤྱོད་པའི་སྡོམ་པ་ལ་གནས་པ་དམ་པའི་ཆོས་དཀར་པོ་ལ་གཞོལ་བ་ཕ་མ་ལ་སྲིད་ཞུ་ཆེ་བ། འཁོར་འབངས་རྣམས་ཡོངས་སུ་སྐྱོང་བ། བྲན་དང་གཡོག་རྣམས་ལ་བྱམས་པའི་སྙིང་རྗེ་ཆེན་པོ་དགེ་སློང་བཞིན་དུ་ [223a.2]ཚངས་པར་སྤྱོད་པ་ཞིག་སྟེ། དེས་ཟླ་བ་བཟང་པོའི་ཚེས་བཅུ་བཞི་ལ་གཙུག་ལག་ཁང་དུ་མཆོད་པ་ལ་ཕྱིན་ཏེ། དག་པའི་དགེ་སློང་དམ་པ་རྣམས་མཐོང་སྟེ་ཤིན་ཏུ་ཡིད་དད་པར་གྱུར་ཏེ། བདག་ལ་ཡང་བུ་དམ་པ་དག་བཙས་པར་གྱུར་ཏེ། དེ་ནས་རབ་ཏུ་བྱུང་བ་སྟེ་ [223a.3]བསྟན་པའི་ལམ་དང་མཐུན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དེ་ནས་དེའི་ནུབ་མོ་ཉལ་བའི་རྨི་ལམ་ན་རལ་གྲི་གསུམ་སྤྱི་གཙུག་ཏུ་སྐྱེས་པར་གྱུར་ཏེ། རལ་གྲི་གཅིག་ནི་གཡང་ས་ཆེན་པོ་ལ་ལྟུང་བར་གྱུར་ཏོ། །གཅིག་སྣུམ་དུ་བཅོས་ནས་ངར་ཤི་བར་གྱུར་ཏོ། །གཅིག་ [223a.4]ལས་འོད་དཔག་ཏུ་མེད་པ་བྱུང་སྟེ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པས་མེ་ཏོག་ཏུ་གྱུར་ནས་ཆར་གྱི་རྒྱུན་ཆེན་པོ་ཕབ་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱས་ཤིང་འབྲས་བུ་གཅིག་ཏུ་སྨིན་པར་རྨིས་སོ། །དེ་ནས་ནང་པར་ལངས་ནས་ཁྲུས་བྱས་ཏེ་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་ [223a.5]སོ། །ཀྱེ་ཁྱིམ་བདག་བདག་ལ་དགོངས་སུ་གསོལ། །བདག་གིས་ཉལ་བའི་རྨི་ལམ་ན། །སྤྱི་གཙུག་རལ་གྲི་གསུམ་སྐྱེས་ཏེ། །གཡོན་པ་གཡང་ས་ཆེན་པོར་ལྷུང་། །གཡས་པ་སྣུམ་བཅོས་ངར་དང་བྲལ། །དབུས་མའི་གྲི་ལས་འོད་བྱུང་སྟེ། །ནམ་མཁའི་ཁམས་ [223a.6]ཀུན་མེ་ཏོག་རྒྱས། ཆར་གྱི་རྒྱུན་བབས་སེམས་ཅན་ཚིམ། །འབྲས་བུ་གཅིག་ཏུ་སྨིན་པར་གྱུར། །འདི་དག་བཟང་དང་ངན་པའི་ལྟས། །གང་ཡིན་ཁོ་མོས་མི་ཤེས་ཏེ། །འདི་དག་ཅི་རིགས་སྨྲ་བར་གྱིས། །ཞེས་སྨྲས་པ་དང་། དེ་ནས་བྲམ་ཟེས་བཙུན་མོ་དམ་པ་དེ་ལ་འདི་ [223a.7]སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་བཙུན་མོ་དམ་པ་ཁྱོད། །རྟག་ཏུ་ཚངས་པར་སྤྱོད་ལ་གནས། །རྨི་ལམ་དམ་པ་འདི་དག་ནི། །ངན་པར་མི་འགྱུར་གཞན་ལ་དྲིས། །ཞེས་ནས་ཡུལ་བཱ་རཱ་ཎ་སཱི་ནས་བྲམ་ཟེ་ཨ་ག་ཤ་ཏ་ན་ཞེས་བྱ་བའི་མཚན་མཁན་བཀུག་གོ། །བྲམ་ཟེས་སྨྲས་ [223b] [223b.1]པ། ཀྱེ་གཅང་མ་ཡབ་ཡུམ་བདག་ལ་གསོན་ཅིག །ལྟས་དེ་དག་ནི་སྲས་གསུམ་བཙས་པར་འགྱུར་བ་ལགས་ཏེ། དེ་ཡང་གཅིག་སྟོང་པ་ལ་མངོན་པར་ཞེན་པས་ཆད་པའི་གཡང་ས་ལ་ལྷུང་བར་འགྱུར་རོ། །གཅིག་སྙིང་རྗེ་ལ་མངོན་པར་ཞེན་བས་སྙིང་རྗེའི་སྣུམ་གྱིས་ཤིན་ཏུ་ [223b.2]གདུང་བར་གྱུར་ཏེ། བདུད་ཀྱི་བྱིན་གྱིས་བརླབས་པར་འགྱུར་རོ། །གཅིག་ཤེས་རབ་དང་སྙིང་རྗེ་དབྱེར་མེད་པའི་ངང་ལས་འོད་གསལ་ཆེན་པོ་ངང་གིས་སྐྱེ་བར་འགྱུར་རོ། །ལོངས་སྤྱོད་རྫོགས་པའི་སྐུའི་མེ་ཏོག་དང་། སྤྲུལ་པའི་སྐུའི་ཆར་གྱི་རྒྱུན་བབ་སྟེ། ཆོས་ཀྱི་སྐུ་འབྲས་ [223b.3]བུ་གཅིག་ཏུ་གྲུབ་པར་འགྱུར་བའི་རྟགས་སོ། །འདི་གསུམ་ཡང་མཐུན་པར་སངས་རྒྱས་ཀྱི་ཆོས་ལ་གཞོལ་ཏེ། སྨོན་ལམ་དང་དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་དེ་ལྟར་འགྱུར་ཏེ། དེ་དག་ནི་མིང་ཡང་ཆེན་པོའི་སྟོབས་དང་། སྙིང་རྗེའི་སྟོབས་དང་བླ་མེད་སྟོབས་ [223b.4]ཞེས་བྱ་བར་གདགས་པར་བྱའོ་ཞེས་སོ། །དེ་ནས་གོ་རིམས་ཀྱི་ཚུལ་གྱིས་མཚན་དང་ལྡན་པའི་བུ་གསུམ་བཙས་པར་འགྱུར་རོ། །དེ་ནས་ཕུ་བོ་འཕགས་པ་ག་ཡ་ཏེ་ཞེས་བྱ་བ་ལ་རྣལ་འབྱོར་གྱི་ལམ་ཡུན་རིང་དུ་བརྟེན་ནས་གསོལ་བ་བཏབ་པ་ལས་བདག་ཏུ་ལྟ་བ་ལ་ [223b.5]མངོན་པར་ཞེན་ནས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་བསྟན་པས་ཁྱད་པར་དུ་ཞེན་བར་གྱུར་ཏེ་དེ་དག་གིས་འཁོར་བའི་བདེ་བ་མ་ཡིན་པ་མྱ་ངན་ལས་འདས་པའི་བདེ་བ་མི་ཐོབ་ཅིང་འཐོབ་པའི་རྒྱུར་ཡང་མི་འགྱུར་རོ། །དེ་ནས་འོད་མའི་ཚལ་ན་གནས་པའི་ཚེ་རྣལ་འབྱོར་བ་འདུས་ [223b.6]པའི་དུས་སུ་མཁའ་འགྲོ་མ་བློ་གྲོས་མ་དང་ལེགས་སྦྱིན་མ་གཉིས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། སྟོང་པ་ཉིད་ལ་ཞེན་པ་ནི། །མྱ་ངན་མི་འདའ་འདའ་མི་འགྱུར། །གཟུགས་མེད་ཁམས་སུ་སྐྱེས་ནས་ཀྱང་། །འགྲོ་བ་དོན་མེད་འཁོར་བར་ལྷུང་། །ཞེས་སོ། །དེ་ནས་དེ་ [223b.7]དག་ཚེ་འཕོས་ནས་ཀྱང་གཟུགས་མེད་ཀྱི་ཁམས་སུ་སྐྱེས་སོ། །ནུ་བོ་རྣལ་འབྱོར་པ་འདུས་པ་རང་ན་ཞེས་བྱ་བ་ལ་ལོ་དཔག་ཏུ་མེད་པར་བསྟན་ཅིང་གསོལ་བ་བཏབ་པ་ལས་ཞེ་སྡང་ཆེ་བར་མཐོང་ནས་སྙིང་རྗེ་བསྒོམ་དུ་བཅུག་པ་ལས། སྙིང་རྗེ་ཁྱད་པར་དུ་གདུངས་ཏེ་སེམས་ [224a] [224a.1]ཅན་རྣམས་མཐོང་བའི་དུས་སུ་ངུ་ཞིང་འདྲེ་ལོག་པར་གྱུར་ཏོ། །དེ་ནས་རྣལ་འབྱོར་པ་འདུས་པའི་དུས་སུ་མཁའ་འགྲོ་མ་ཙན་མ་དང་ལ་མ་གཉིས་ཀྱིས་ནམ་མཁའ་ལ་ཚིགས་སུ་བཅད་དེ་སྨྲས་པ། སྙིང་རྗེ་ཆེ་བས་ཡིད་གདུང་སྟེ། །སེམས་ནི་ངན་སོང་ [224a.2]གནས་དང་བྲལ། །བདུད་ཀྱི་བྱིན་གྱིས་བརླབས་པའི་ཕྱིར། །ཤི་འཕོས་དགའ་རབ་དབང་ཕྱུག་གོ། །ཞེས་པ་དང་། དེ་ནས་ཤི་འཕོས་ནས་བདུད་དགའ་རབ་དབང་ཕྱུག་དག་ཏུ་སྐྱེས་པར་གྱུར་ཏོ། །དེ་ནས་བུ་སར་པ་དེ་དག་རྣལ་འབྱོར་པ་སྲིད་པ་དང་ཞེས་བྱ་བ་ལ་ལོ་ [224a.3]དཔག་ཏུ་མེད་པར་བསྟན་ཞིང་གསོལ་བ་བཏབ་པ་ལས། ཤེས་རབ་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་དེ་ཁོ་ན་ཉིད་བསྟན་པས། ཉམས་སུ་མྱོང་པའི་ཟླ་བ་ཚེས་གཅིག་པ་དང་ཉ་གང་བའི་ཚུལ་དུ་འཕེལ་བར་གྱུར་ཏེ། བླ་མ་དམ་པ་དེ་དག་གིས་ཀྱང་ཅི་ཡང་མ་ཡིན་པའི་སྟོང་ [224a.4]པ་ཉིད་དང་། གདུང་བ་དང་བྲལ་བས་སྙིང་རྗེའི་རྣམ་པ་བློ་ལ་མངོན་པར་སྦྱངས་ཤིང་ཉམས་སུ་མྱོང་བར་བྱས་སོ། །དེ་ནས་རྣལ་འབྱོར་པ་འདུས་པའི་དུས་སུ་མཁའ་འགྲོ་མ་སན་ཏ་ཧི་དང་ཉེ་བ་ཅན་གཉིས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། ཤེས་རབ་སྙིང་རྗེ་ཟུང་འཇུག་ [224a.5]པས། །རྟོགས་པ་མྱ་ངན་འདས་པ་སྟེ། །འཁོར་དང་མྱ་ངན་འདས་སྤངས་ནས། །མི་གནས་ས་ལ་མངོན་འཚང་རྒྱ། །ཞེས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་གྱུར་ཏོ། །དེ་བས་ན་རིགས་ཀྱི་བུ་རྣམས་དགེ་བའི་བཤེས་གཉེན་དམ་པ་ཡུན་རིང་དུ་བསྟེན་ [224a.6]ཅིང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་བསྟན་པར་བྱ་བར་རིགས་སོ་ཞེས་འབྱུང་བའི་ཕྱིར་བཤད་པར་བྱའོ། །སྙིང་རྗེ་ཞེས་བྱ་བ་ནི་ཕྲག་དོག་མེད་པའི་དགེ་བའི་རྩ་བ་སྟེ། ངོ་བོ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའོ། །དེ་ཡང་རང་གི་ [224a.7]གླད་ནད་དང་བྲལ་བར་དགའ་བ་བཞིན་དུ་སྟེ། བདེ་བ་དང་བྲལ་བའི་སྟོང་པ་ཉིད་ཀྱིས་ནི་ཐེག་པ་ཆེན་པོའི་དགེ་བའི་རྩ་བར་ཡང་མི་འགྱུར་ལ། སྙིང་པོའི་ཆོས་ཀྱི་སྐུ་རྟོག་པར་ཡང་མི་འགྱུར་ཏེ། ལམ་གཉིས་སུ་མེད་པའི་མཆོག་ཏུ་གྱུར་པ་མངོན་པར་བོར་ནས་ཀྱང་ཞི་བ་ [224b] [224b.1]ཕྱོགས་གཅིག་ཏུ་བགྲོད་པའི་ཉན་ཐོས་ཀྱི་ས་ལ་ངེས་པར་གནས་སོ། །སྟོང་པ་དང་བྲལ་བའི་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་སྐྱི་བུང་ཞེས་བྱེད་པ་དང་བ་སྤུ་ལྡང་བ་དང་སྐྲ་རྩ་ཟིང་ཞེས་བྱེད་པ་ལ་སོགས་པས་མི་བཟོད་པའི་ཕྱིར། ལུས་གདུང་བར་འགྱུར་ཏེ། ལུས་དང་སེམས་ནི་ [224b.2]བརྟེན་པའི་ཚུལ་དུ་གནས་པས་སེམས་གདུང་བར་འགྱུར་རོ། །དེ་བས་ན་ཕྱི་རོལ་གྱི་མུ་སྟེགས་པ་དག་དང་ཁྱད་མེད་དེ། སེམས་སངས་རྒྱས་ཀྱི་བདག་ཉིད་ཟད་པར་བྱ་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ། །སྐྱེས་བུ་བསོད་ནམས་ཀྱི་རྒྱུ་ལས་གྲུབ་པ་བླ་མ་མཆོག་ [224b.3]དམ་པ་དང་ལྡན་པ་གང་ཞིག་གིས། གང་ཡང་སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པ་གཉིས་པོ་ཡིད་ལ་མི་བྱེད་པའི་ཚུལ་དུ་སྦྱོར་བར་བྱེད་དེ་འཁོར་བ་ལ། ཆགས་པ་དང་མྱ་ངན་ལས་འདས་པ་ལ་ཞེན་པ་ཡང་སྤངས་ཏེ། ཤེས་རབ་ཀྱིས་འཁོར་བ་ལ་མི་གནས་ཤིང་སྙིང་རྗེས་མྱ་ངན་ [224b.4]ལས་འདས་པ་ལ་མི་གནས་པ་སྟེ། ཐ་མལ་གྱི་ཤེས་པའི་མཐའ་སངས་རྒྱས་ཀྱི་དགོངས་པ་ལ་མངོན་པར་གནས་སོ། །དེ་བས་ན་དེ་ལྟ་བུའི་དོན་དེ་དག་ལས་གདམས་པར་བྱ་སྟེ། ཀྱེ་ཧོ་བདག་ཏུ་འཛིན་པ་དང་། །ལོག་པར་ཞེན་པ་བརྫུན་དུ་སྨྲོས། །བརྫུན་ལ་ངེས་པར་ཆགས་མ་ [224b.5]བྱེད། །ཞེན་པའི་རྣམ་རྟོག་མ་བྱེད་པར། །རེ་དོག་རྩོལ་བའི་སེམས་དེ་ཐོང་། །ཞེས་བྱ་བའི་དོན་ནི། ཀྱེ་ཧོ་ཁམས་གསུམ་ཐམས་ཅད་སྐྱེ་བོ་ཞེས་བོས་ནས་ཡིན་པའི་དོན། དེ་ལ་གདམས་པར་བྱ་བའི་ཐ་ཚིག་གོ། །དེ་དག་ཀྱང་ཅི་ཞེ་ན། བདག་ཅེས་བྱ་བ་ནི་ཐ་དད་ཀྱི་རྟོག་ [224b.6]པས་བརྟགས་པའི་བདག་ཉིད་ལ་ཞེན་པའོ། །དེ་བདག་ཏུ་འཛིན་པ་ལས་འཁོར་བར་སྣང་ཞིང་སྡུག་བསྔལ་དུ་གྱུར་པའི་ཕྱིར་ཐོང་ཞེས་པའོ། །དེའི་མཐའ་ལ་རྟོག་པ་ནི་ལོག་པར་ཞེན་པ་སྟེ། དེས་ནི་བསླུ་བ་དང་བཅས་པ་ཡིན་པའི་ཕྱིར་ཡིད་བརྟན་དུ་མི་རུང་སྟེ། ཆགས་པ་ [224b.7]དང་བྲལ་བ་ཉིད་ཀྱིས་བརྫུན་དུ་སྨྲོས་ཞེས་བྱའོ། །བདག་ནི་ཆགས་པ་དང་བྲལ་བ་ཡིན་ནོ་ཞེས་བརྫུན་པ་བཟློག་པའི་དོན་དེ་ཉིད་ལ་ཡང་ངེས་པར་ཆགས་པར་མ་བྱེད་ཅིག་ཅེས་གདམས་སོ། །ཇི་ལྟར་གནས་པར་བྱ་ཞེ་ན། ཐ་དད་དུ་ཞེན་པའི་རྣམ་པར་རྟོག་པར་མི་བྱེད་པར་ [225a] [225a.1]གཉུག་མའི་དོན་དེ་ཁོ་ན་ཉིད་ལ་གནས་པར་བྱ་སྟེ། འབྲས་བུ་ལ་རེ་བ་དང་འཁོར་བ་དང་མཉམ་པའི་དོན་ལ་བརྩོན་པར་བྱས་པའི་སེམས་དེ་དག་ཐོང་ལ་ཅིར་ཡང་མ་ཡིན་པའི་སེམས་རང་དགའ་རྣལ་མ་འདི་ཉིད་དམ་པའོ། །དེ་ལྟར་གཉིས་མེད་ཀྱི་དོན [225a.2]བསྟན་ནས། དེ་རྟོགས་ན་ཐམས་ཅད་དེའི་ངོ་བོ་ཡིན་པ་བཤད་པར་བྱ་སྟེ། རྟོགས་པར་གྱུར་ནས་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་མི་ཤེས་འགྱུར། །ཀློག་འཛིན་བསམ་དང་སྒོམ་པ་དེ་ཉིད་ཡིན། །བསྟན་བཅོས་སེམས་ལ་བཤད་ཅིང་གོ་བར་ངེས། ། [225a.3]ཡིན་མིན་མཚོན་པའི་ལྟ་བ་ཡོད་མིན་ཏེ། །ཞེས་བྱ་བའི་དོན་ནི། གཉུག་མའི་དོན་རྟོགས་པར་གྱུར་ན་སྣང་ཞིང་གྲགས་པ་ཐམས་ཅད་དེའི་ངོ་བོ་ཉིད་ཡིན་ཏེ། དེ་ལས་གཞན་པའི་མཐའ་བཞི་ཐམས་ཅད་མཁྱེན་པ་དང་རྗེ་བཙུན་པ་ལ་སོགས་པ་སུས་ཀྱང་ཤེས་པར་མི་འགྱུར་རོ། ། [225a.4]དེ་ཡང་རབ་ཏུ་མི་གནས་པའི་རྒྱུད་ལས། སེམས་ཉིད་ཀློང་དུ་གྱུར་པ་ཀུན་དུ་བཟང་། །ཐ་མལ་ཤེས་པ་དེ་ཉིད་ཉམས་སུ་མྱོང་། །དམ་པ་དག་གིས་དེ་ཉིད་རྟོགས་པ་ན། །འདི་ནི་ཧེ་རུ་ཀ་སྟེ་ཀུན་གྱི་ངང་། །ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་ཀློག་པ་དང་། འཛིན་པ་དང་། [225a.5]བསམ་པ་དང་། སྒོམ་པ་ཐམས་ཅད་ཀྱང་དེ་ཉིད་ཀྱི་བྱེ་བྲག་གིས་འདོད་པ་ཡིན་ཏེ། དེའི་ངོ་བོ་ལས་མ་འདས་པའི་ཕྱིར་རོ། །དེ་ཡང་རྒྱུད་དེ་ཉིད་ལས། །ནམ་མཁའ་ངོ་བོ་དག་པའི་རང་བཞིན་ལས། །སྤྲིན་སོགས་གློ་བུར་དྲི་མ་བྱུང་གྱུར་ཡང་། །དེ་ཉིད་ཡིན་གྱི་ནམ་མཁའི་ [225a.6]ཉིད་ཀྱི་ངང་། །སེམས་ཉིད་གནས་པ་རྡོ་རྗེ་ཡེ་ཤེས་ནི། །སྣ་ཚོགས་སྣང་ཡང་གཉུག་མའི་ངོ་བོ་ཉིད། །བྱེད་སྒོ་ཐ་དད་རྣམ་པའི་ཚུལ་སྣང་ཡང་། །དེ་ཉིད་དོན་ལས་གཞན་པ་ཡོད་མ་ཡིན། །འདི་ནི་རང་བཞིན་ཉིད་དེ་བདེ་བ་ཆེ། །ཞེས་འབྱུང་བའི་ཕྱིར། ཐམས་ཅད་དེ་བཞིན་ [225a.7]ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་བས་ན་བརྡ་དང་ཐ་སྙད་ཀྱིས་འདི་དག་གཞལ་བར་བསྟན་པར་མི་ནུས་ཏེ། བསྟན་པའི་ཆོས་དམ་པ་རྣམས་ཀྱི་ཞལ་གྱི་བདུད་རྩི་ལས་བྱུང་བ་འདི་དག་སེམས་ཅི་ཡང་མིན་པས་སེམས་ཅི་ཡང་མ་ཡིན་པ་ལ་བཤད་ཅིང་དེ་ཉིད་དུ་གོ་བར་བྱས་ [225b] [225b.1]ཏེ་འདི་ནི་ངེས་པའོ། །དེའི་ངོ་བོ་དེ་ཡང་ཡིན་པ་དང་མིན་པར་མི་རྟོག་སྟེ། མཚོན་པར་ནུས་པའི་ལྟ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་འདི་དག་ལ་གཞལ་བར་བྱ་བ་ནི་མ་ཡིན་ཏེ། རྟོགས་མ་རྟོགས་སུ་མེད་པ་ཉིད་དོ། །དེ་ལྟར་སྙིང་པོའི་དོན་གྱི་ཁྱད་པར་བསྟན་ནས། དེ་ཡང་ [225b.2]བླ་མ་དམ་པ་ལས་རྟོགས་པར་བྱ་བ་སྟོན་ཏེ། བདག་གི་དེ་ཉིད་རྟོགས་པའི་མན་ངག་དེ། །ཉག་གཅིག་བླ་མའི་ཞལ་ལས་ལྟོས་པ་ཡིན། །བླ་མའི་སྨྲས་པ་གང་ཞིག་སྙིང་ཞུགས་པ། །ལག་མཐིལ་དག་ཏུ་སྐྱུ་རུ་རློན་གཞག་དང་། །ནོར་བུ་རིན་ཆེན་མི་རྟོག་གསལ་ལྟ་འདྲ། །ཞེས་ [225b.3]བྱ་བའི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་བདག་ཏུ་འཛིན་པའི་ཤེས་པ་དེ་ཉིད་ཀྱང་ཆོས་ཀྱི་སྐུ་དག་ལས་མི་གཞན་ཏེ། དེ་ཉིད་རྟོག་པར་བྱ་བའི་མན་ངག་དེ་དག་ཀྱང་སྲིད་ཏ་སྣ་ཨེ་ག་རི་སྟེ་བླ་མ་ཉག་གཅིག་གི་ཞལ་ལ་ལྟོས་པར་བྱ་བ་ཡིན་ནོ། །དེ་དག་ཀྱང་ཅི་ཞེ་ན། ཨ་སྨྲི་རག་ཏྲ་ན་ [225b.4]ཞེས་བྱ་སྟེ། དེ་དག་གི་དོན་ནི། མགོན་པོ་གང་གིས་ལུང་བསྟན་ནུས། །རིང་བའི་བླ་མ་ཉིད་ཡིན་ནོ། །དེ་ཉིད་ཉམས་སུ་མྱོང་བ་ནི། །ཉེ་བའི་བླ་མ་ཉིད་ཡིན་ཏེ། །དུས་གསུམ་སངས་རྒྱས་སྐྱེ་བའི་ཕྱིར། །བླ་ན་མེད་པ་མ་ཡིན་ནོ། །དམ་པའི་ཞལ་ལ་གུས་པ་དང་། །སྒྲ་ལ་ངེས་ [225b.5]པར་བྱས་པ་སྟེ། །ལྟོས་པ་སྤངས་ན་ཐེ་ཚོམ་མེད། །བསྒྲུབ་དང་དེ་བྲལ་དེ་ཡིན་ནོ། །ཞེས་སྒྲའི་དོན་དུ་ངེས་པར་འབྱུང་ངོ་། །དེ་བས་ན་བླ་མ་དག་གིས་སྨྲས་པའི་རྣལ་མའི་ཤེས་པ་དེ་དག་ཤུགས་ཀྱིས་གོ་བ་སྟེ་དེ་ཉིད་ཀྱི་ངོ་བོས་བདེ་བ་ལུས་ལ་འགྱེལ་བ་དང་། སེམས་ལ་འགྱེལ་ [225b.6]བ་དག་གི་ཚུལ་གྱིས་གང་བར་འགྱུར་ལ། དེ་ལ་ཡང་ཞེན་པ་མེད་པར་ཕྱག་རྒྱ་ཆེན་པོས་བདེ་བ་ཞིག་ཅིང་སྙིང་པོ་གཉུག་མའི་ངོ་བོ་ཉིད་ལ་གོམས་པས་མཉམ་པ་ཉིད་ཀྱི་དོན་སྙིང་ལ་ཞུགས་པར་གྱུར་ཏེ། ཇི་བཞིན་པའི་དོན་དེ་བཞིན་པར་རྟོགས་སོ། །དེ་དག་ཀྱང་དཔེར་ན་ [225b.7]ལག་པའི་མཐིལ་དག་ཏུ་སྐྱུ་རུ་ར་དང་ཨ་མྲ་ལ་སོགས་རློན་པ་གཞག་པ་ན་དེ་དག་ཕྱི་ནང་མེད་པར་གསལ་བའི་ངོ་བོར་ཤེས་པར་འགྱུར་བ་བཞིན་དང་། ནོར་བུ་རིན་པོ་ཆེ་ཨ་སྨྲི་ར་མེ་ལོང་དང་། སྟེང་དུ་བཞག་སྟེ་བལྟས་ན་འོད་མི་རྟོག་ཅིང་གསལ་བའི་ངོ་བོར་ལྟ་བ་དང་། ལྟོས་ [226a] [226a.1]པ་མེད་པར་འབྱུང་བ་དང་འདྲ་བར་གཉུག་མའི་དོན་འདི་དག་རྟོགས་པ་ན་སྣང་གྲགས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་ངོ་བོ་ཉིད་དུ་རྟོགས་ཤིང་བདེ་བ་ཆེན་པོའི་རོས་ཐམས་ཅད་ང་བདག་མེད་པའི་མཉམ་པའི་དོན་ལ་ཞུགས་ཀྱིས་འཇོག །དོན་དེ་ཉིད་ཀྱང་བརྟགས་ [226a.2]པར་མི་ནུས་ཤིང་བརྟག་པར་ཡང་དཀའ་བ་གཞན་ལ་ལྟོས་པར་བྱ་བ་ཡང་མ་ཡིན་ཏེ། མི་རྟོག་ཅིང་གསལ་ལ་རང་བཞིན་གྲུབ་པ་མེད་པ་ནི་དཔེ་གོང་མ་ལྟ་བུ་དང་མཚུངས་སོ། །དོན་དེ་ཉིད་ཀྱང་དབུ་མ་ལ་སོགས་པ་གཞན་གྱིས་མི་རྟོགས་པས་དེ་དག་ལ་སྨྲ་བར་བྱ་བ་ནི། གཉུག་མའི་ [226a.3]རང་བཞིན་བྱིས་པས་མ་ཚོར་བས། །འཁྲུལ་པས་བྱིས་པ་བསླུས་ཞེས་སྙིང་པོས་སྨྲས། །ཞེས་པའི་དོན་ནི། གཉུག་མའི་རང་བཞིན་དེ་ཁོ་ན་ཉིད་བྱིས་པ་ལྟ་བུའི་རྟོག་པ་དང་ལྡན་པ་རྣམས་ཀྱིས་མ་ཚོར་ཏེ། དེ་ཁོ་ན་ཉིད་ལས་ལོག་པར་འཁྲུལ་པས་བྱིས་པ་དེ་དག་བསླུས་ཏེ་སྡུག་ [226a.4]བསྔལ་བར་གྱུར་ཏོ་ཞེས་སྙིང་པོས་སྨྲས་སོ། །དེ་ཉིད་ཚུལ་ཇི་ལྟ་བུ་ཞེ་ན། བསམ་གཏན་མེད་ཅིང་རབ་ཏུ་བྱུང་བ་མེད། ཅེས་བྱ་སྟེ། དེ་དག་གི་ནི་བསྒོམ་བྱ་དང་སྒོམ་བྱེད་དུ་རྟོགས་པས་བསམ་པར་བྱ་བ་དང་ལྡན་ཏེ། དེ་དག་ནི་ཟུག་རྔུའོ། །དེ་ཅིའི་ཕྱིར་ཞེ་ན། བསམ་ [226a.5]གཏན་ལ་ཞེན་ཅིང་ཆགས་པ་དང་དེ་ལས་གཞན་པ་ལ་ཞེ་སྡང་བའོ། །དེ་བས་ན་ཆགས་སྡང་མངོན་པར་འཕེལ་བ་ནི་འཁོར་བ་འབའ་ཞིག་ཏུ་ཟད་དོ། །འདི་ནི་བཟའ་གཏད་དང་བྲལ་བའི་ཕྱིར་བསམ་གཏན་མེད་ཅིང་རྟོགས་པས་འཚང་རྒྱ་བའི་ཕྱིར་རྩོལ་བའི་བདག་ཉིད་ཐམས་ཅད་ [226a.6]ཀྱི་གཞིར་གྱུར་པའི་བརྟུལ་ཞུགས་རབ་ཏུ་བྱུང་བ་ལ་སོགས་པ་ཡང་མེད་དོ། །འོ་ན་ཁྱིམ་ན་གནས་ཤིང་འཇིག་རྟེན་པ་ཕལ་པ་དང་མཐུན་པའི་སྤྱོད་པ་ལས་འགྲུབ་པ་མ་ཞེ་ན། མ་ཡིན་པའི་ཕྱིར་བཤད་པར་བྱ་སྟེ། ཁྱིམ་གནས་ཆུང་མ་འཁོར་དང་ལྷན་ཅིག་ཏུ། །གང་ཞིག་ཡུལ་ [226a.7]ཆགས་དགའ་བཅིངས་མི་གྲོལ་ན། །སྙིང་པོའི་དོན་མཆོག་ལྡན་པ་ངས་སྨྲས་པ། །དེ་ཉིད་དོན་ལ་རེགས་པ་ཡིན་ནོ། །ཞེས་བྱ་བའི་དོན་ནི། རི་ཁྲོད་དང་དགོན་པ་དང་ཆུ་འགྲམ་དང་ཕུག་སྟོང་དང་ནགས་ལ་སོགས་པ་དབེན་པའི་གནས་དོར་ནས་ཁྱིམ་ན་གནས་ཤིང་ཡོ་བྱད་དང་ཆུ་ [226b] [226b.1]མ་དང་འཁོར་རྣམས་དང་ལྷན་ཅིག་ཏུ་མཚུངས་པར་སྤྱོད་པ་གང་ཞིག་བདག་ནི་བསམ་གཏན་ཡིན་ནོ་ཞེས་དེ་དེ་བཞིན་ཉིད་སྒོམ་ཡང་ཡུལ་ཆགས་པ་དང་། འདོད་པའི་ཡོན་ཏན་ལ་དགའ་བས་བཅིངས་པ་མི་གྲོལ་བས་ན་དེའི་རྒྱུས་ཆགས་སྡང་མངོན་པར་འཕེལ་པར་འགྱུར་ཏེ། སྙིང་པོའི་ [226b.2]དོན་མཆོག་དམ་པ་དང་ལྡན་པ་ངས་སྨྲས་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་རེག་པ་མ་ཡིན་ནོ་ཞེས་སོ། །ད་ནི་དེ་ཉིད་ཀྱི་དོན་དེ་དག་བརྟགས་པས་མི་འཐོབ་པ་བཤད་པར་བྱ་སྟེ། གལ་ཏེ་མངོན་དུ་གྱུར་ན་བསམ་གཏན་གང་། །གལ་ཏེ་ལྐོག་ན་ཡོད་ན་མུན་ཚོད་དཔོག །ཅེས་བྱ་བའི་དོན་ནི་ [226b.3]ཁོ་བོས་དབུ་མ་པ་དག་ལ་སྨྲས་པ་སྟེ། ཤེས་བྱ་ནང་དུ་འདོད་པ་དག་ནི་སྣང་བ་སེམས་ལས་མ་བྱུང་བ་ཡིན་ནོ་ཞེས་སྨྲས་པ་དག་ལ། གལ་ཏེ་སེམས་ལས་བྱུང་བ་ཡིན་ན་སེམས་སངས་རྒྱས་ཡིན་པའི་ཕྱིར་མངོན་དུ་གྱུར་པ་ཐམས་ཅད་ཀྱང་ཆོས་ཀྱི་སྐུ་སྟེ། བསྒོམ་དུ་མེད་པའི་ཕྱིར་ [226b.4]བསྒོམ་པར་བྱ་བའི་དོན་ཁྱོད་ཀྱི་བསམ་གཏན་ནི་གང་ཡིན་སྨྲོས་ཤིག །གལ་ཏེ་ཕྱི་རོལ་ན་སྣང་བ་དེ་དག་ནི་ལྐོག་ན་སྐྱེད་པར་བྱེད་པ་ཡོད་པ་སྟེ། ཤེས་པའི་རྣམ་པ་ཡིན་པར་སྨྲ་ན་ཐ་དད་པའི་ཕྱིར་ཁྱོད་ཀྱིས་གཞལ་བར་ཡང་མི་ནུས་ཏེ། མུན་པ་ལ་ཚོད་དཔོག་པ་དང་ [226b.5]འདྲ་བའི་ཕྱིར་བསྒོམས་ཀྱང་དོན་མེད་པར་འགྱུར་རོ། །ད་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་བསྟན་པར་བྱ་སྟེ། ལྷན་ཅིག་སྐྱེས་པའི་འགྲོ་བའི་ཡེ་ཤེས་དེ། །རང་བཞིན་ཉིད་ཀྱི་དངོས་དང་དངོས་མེད་པར། །སྙིང་པོའི་དོན་ནི་འོ་དོད་རྟག་ཏུ་འབོད། །ཅེས་བྱ་བའི་དོན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ [226b.6]འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་གཉུག་མའི་ཡེ་ཤེས་དེ་དག་ཐོག་མ་དག་ནས་རང་བཞིན་ཉིད་ཀྱི་དངོས་པོར་རྟོག་པ་དང་དངོས་པོ་མེད་པར་རྟོག་པ་དང་བྲལ་བས་སྙིང་པོའི་དོན་འདི་ནི་ཐ་མལ་གྱི་ཤེས་པ་ཡིན། རྟོགས་པས་སངས་རྒྱས་པ་ཡིན་ནོ། །ཐམས་ཅད་བདེ་བ་ཆེན་པོའི་ [226b.7]རང་བཞིན་ནོ་ཞེས་སྙན་པའི་འོ་དོད་དང་། བདེ་བའི་འོ་དོད་དང་། གྲགས་པའི་འོ་དོད་རྟག་ཏུ་འབོད་དོ། །འདི་དག་གིས་ངེས་པར་འཚང་རྒྱ་བར་ཇི་ཙམ་ན་ནུས་ཞེ་ན། ལྟ་བའི་ཁྱད་པར་བསྟན་པར་བྱ་སྟེ། གང་ཞིག་བླངས་ན་སྐྱེ་འཆི་གནས་གྱུར་པ། །དེ་ཉིད་བླངས་ནས་བདེ་ཆེན་མཆོག་གྲུབ་ཅེས། །སྐད་ [227a] [227a.1]སྙན་གྲགས་པའི་སྙིང་པོ་སྨྲ་བྱེད་ཀྱང་། །བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། །ཞེས་བྱ་བའི་དོན་ནི། བླ་མའི་གདམས་ངག་དེ་ཉིད་ཉམས་སུ་མྱོང་བ་ལས་གང་གི་རྒྱས་བཏབ་སྟེ། ཐ་མལ་གྱི་ཤེས་པ་བླངས་ནས་རྟག་ཆད་ཀྱི་སྐྱེ་འཆི་གནས་གྱུར་པས། [227a.2]དེ་ཁོ་ན་ཉིད་འབྲས་བུ་ཆགས་པ་ཐམས་ཅད་ཀྱི་མཆོག་བདག་ཉིད་ཀྱིས་བླངས་ཏེ། དེ་ནས་སྐད་ཅིག་མ་དེ་ཉིད་ལ་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མཆོག་གྲུབ་སྟེ། མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་སྐད་སྙན་པར་བསྒྲགས་པས་སྙིང་པོའི་དོན་གྱི་སྨྲ་བར་བྱེད་ཀྱང་ཚོགས་མ་བསགས་ [227a.3]པའི་གང་ཟག་རྟོག་པའི་རྨོངས་པས་བྱོལ་སོང་གི་འཇིག་རྟེན་དང་འདྲ་བ་རྣམས་ཀྱིས་མི་གོ་བའི་ཕྱིར་དེ་ཇི་ལྟར་བྱ་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱིན་ཅི་མ་ལོག་པའི་དོན་བསྟན་པར་བྱ་སྟེ། བསམ་གཏན་བྲལ་བས་ཇི་ཞིག་བསམ་བྱར་ཡོད། །བརྗོད་དུ་མེད་ལ་གང་ཞིག་བཤད་དུ་ [227a.4]ཡོད། །སྲིད་པའི་ཕྱག་རྒྱར་འགྲོ་བ་མ་ལུས་ཞུགས། །རང་བཞིན་གཉུག་མ་སུས་ཀྱང་རྟོག་པ་མེད། །རང་བཞིན་སྙིང་པོ་ཉམས་སུ་མྱོང་དུས་སུ། །རྒྱུ་མེད་སྔགས་མེད་སེམས་མེད་བསམ་གཏན་མེད། །མཉམ་དུས་དེ་ཀུན་རང་བཞིན་འཁྲུལ་པའི་རྒྱུ། །རང་བཞིན་ཤེས་ [227a.5]པས་འཁྲུལ་པ་སྙིང་པོའི་དོན། །རང་བཞིན་དག་པའི་སེམས་ཀྱི་པདྨོ་ལ། །རྟོག་གི་བསམ་གཏན་དག་གིས་མི་བསླད་དེ། །བདག་ཉིད་བདེ་ལ་གནས་ཀྱང་མ་ཞེན་ཅིག །ཅེས་བྱ་བའི་དོན་ནི། དེ་ཁོ་ན་ཉིད་གཉུག་མའི་དོན་དེ་དག་ལ་བསྒོམ་དུ་མེད་པའི་ཕྱིར་བསྒོམ་པར་བྱ་བ་མ་ [227a.6]ཡིན་ཏེ། གཉིས་འཛིན་གྱི་བསམ་གཏན་དང་བྲལ་བས་ཅི་ཞིག་བསམ་དུ་ཡོད་དེ་མེད་དོ། །བསམ་གཏན་གྱི་ངོ་བོ་སྒྲུབ་པར་བྱེད་པའི་ཚིག་དག་ཀྱང་བརྗོད་དུ་མེད་ལ་ཡུལ་གྲུབ་པ་མེད་པའི་ཕྱིར་གང་ཞིག་གིས་བཤད་དུ་ཡོད་པ་མ་ཡིན་ཏེ་མེད་དོ། །དེ་ལྟར་མ་རྟོགས་པའི་ [227a.7]སེམས་ཅན་རྣམས་ཀྱི་བསྒོམ་པར་བྱ་བའི་ཡུལ་དང་། དེ་ཉམས་སུ་བླངས་པའི་ཐབས་ཀྱི་ཐ་སྙད་ཀྱི་ཚིག་བརྗོད་དུ་ཡོད་པའི་ཕྱིར་སྲིད་པ་སྟེ་ཁམས་གསུམ་པའོ། །དེ་ནི་རྟོག་པ་ལས་བྱུང་བ་ཡིན་པའི་ཕྱིར་དམ་པ་རྣམས་ཀྱི་གདམས་ངག་དང་ཉེ་བར་མ་འབྲེལ་བས་རྣམ་ [227b] [227b.1]རྟོག་གི་ཕྱག་རྒྱར་འགྲོ་བ་མ་ལུས་པ་ཐམས་ཅད་ཞུགས་སོ། །རང་བཞིན་གཉུག་མའི་དེ་ཁོ་ན་ཉིད་ནི་སུས་ཀྱང་རྟོག་པ་མེད་དེ་རང་བཞིན་གཉུག་མའི་སྙིང་པོའི་དོན་དེ་ཉམས་སུ་མྱོང་བའི་དུས་སུ་རྒྱུད་མེད་དེ་དེ་བཞིན་གཤེགས་པའི་བཀའ་གྲུབ་པ་མེད་དོ། །སྔགས་མེད་དེ་དེ་ [227b.2]ལ་བརྟེན་པའི་བསྟན་བཅོས་སུ་གྲུབ་པ་མེད་དོ། །དེ་དག་གིས་བསྒྲུབ་པའི་སེམས་ཉིད་དང་ཉམས་སུ་མྱོང་བའི་བསམ་གཏན་དུ་གྲུབ་པ་མེད་དོ། །དེ་ཁོ་ན་ཉིད་ཉམས་སུ་མྱོང་བའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དུས་སུ་གོང་དུ་བཤད་པ་དེ་ཀུན་ཐམས་ཅད་ཆོས་ཉིད་ཀྱི་དོན་རྣལ་ [227b.3]མའི་རང་བཞིན་འཁྲུལ་པའི་རྒྱུའོ། །དེ་དག་ཀྱང་འཁྲུལ་དུ་ཡོད་དམ་ཞེ་ན། སྣང་སྲིད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དུ་རྟོགས་ཤིང་ཐ་མལ་གྱི་ཤེས་པས་དོན་ཅི་ཡང་མེད་པའི་རང་བཞིན་ཤེས་པ་རྣམས་ཀྱིས་ནི་འཁྲུལ་པ་ལོགས་སུ་མི་རྟོག་སྟེ། དེ་ཉིད་སྙིང་པོའི་ [227b.4]དོན་ཡིན་པའི་ཕྱིར་རོ། །དེ་ལྟར་རང་བཞིན་གྱིས་དག་པའི་སེམས་ཀྱི་རང་བཞིན་རྟོག་པའི་དྲི་མས་མ་གོས་པའི་པདྨོ་ལ་རྟོག་གེ་བའི་བསམ་གཏན་དག་གིས་བསླད་པར་མི་བྱ་སྟེ། རང་བཞིན་གར་དགའ་བའི་ཚུལ་དུ་གཞག་པ་དེའི་དེ་ཉིད་ཉམས་སུ་མྱོང་བའི་བདེ་བ་ལུས་ [227b.5]དང་སེམས་ལ་གནས་ཀྱང་དེ་ལ་མ་ཞེན་ཅིག་ཅེས་དམ་པ་རྣམས་ཀྱིས་གདམས་པའི་དོན་ཏོ། །ད་ནི་རང་བཞིན་དེ་ཁོ་ན་ཉིད་ཀྱི་གནས་ལུགས་བསྟན་པར་བྱ་སྟེ། བདག་ཉིད་བདེ་ཡིད་དག་ལ་འདུག་མི་བྱ། །བདག་ཉིད་ཟ་ཞིང་འཐུངས་ལ་གཉིས་སྦྱོར་ཏེ། །དགའ་བའི་ཡིད་ [227b.6]ཀྱིས་སྤྲོད་པར་བྱེད་པ་ནི། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདིས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པའི་འཇིག་རྟེན་འགྲོར་རྟོག་བཞག་ནས་སོ། །ཞེས་པའི་དོན་ནི་རྣལ་མའི་དོན་གཉུག་མའི་དེ་ཉིད་ཉམས་སུ་མྱོང་བ་ནི་རྣལ་འབྱོར་པ་བདག་ [227b.7]ཉིད་ལ་བདེ་བ་སྐྱེས་ཀྱང་ཡིད་དེ་དག་ལ་འདུག་པར་མི་བྱའོ། །འོ་ན་བསྒོམ་པར་བྱ་བ་མ་ཡིན་ནམ་ཞེ་ན། རྣལ་འབྱོར་པ་བདག་ཉིད་གཉུག་མའི་ཏིང་ངེ་འཛིན་དེ་དག་གི་ཟས་ཟ་ཞིང་བླ་མའི་གདམས་ངག་དམ་པའི་སྐོམ་འཐུངས་ལ་བདེ་བ་དང་སྟོང་པ་གཉིས་དེ་ཉིད་དུ་སྦྱོར་ [228a] [228a.1]པར་བྱེད་པ་ནི་རང་དགའི་ཚུལ་གྱིས་ཏེ། དྲན་པ་རྒྱུན་ཆགས་ཀྱི་ཡིད་ཀྱིས་སེམས་སེམས་སུ་སྤྲོད་པར་བྱེད་པ་ནི་སྣང་བ་སེམས་ལ་མ་ཐིམ་པར་དུས་རྟག་ཏུ་ཡང་དང་ཡང་དུ་གོམས་པར་བྱ་སྟེ། ལུས་བདེ་བ་ཆེན་པོའི་འཁོར་ལོ་ལ་སེམས་སངས་རྒྱས་ [228a.2]ཀྱི་བདག་ཉིད་ཀྱིས་འགེངས་ཞེས་བྱའོ། །དེ་བས་ན་རང་བཞིན་གྱི་ཆོས་འདིས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མཚོན་པའི་འཇིག་རྟེན་ཕ་རོལ་པོས་འགྲུབ་པར་འགྱུར་ཏེ། དེ་ནི་སེམས་ཉིད་དུ་འགྲུབ་ཅིང་རྟོགས་པའོ། །ཐ་དད་ཀྱིས་བསྒྲིབས་པའི་རྨོངས་པས་འཇིག་ [228a.3]རྟེན་གྱི་ཁམས་རྣམ་པར་རྟོག་པས་བརྟགས་པའི་མགོར་སེམས་རྣམ་རྟོག་ཏུ་བརྟགས་པ་བཞག་ནས་སོང་ངོ་། །དེ་དག་གིས་ནི་འབྲས་བུ་ལ་ཉེ་བར་བྱེད་པ་ཡང་མ་ཡིན་ནོ། །ད་ནི་དམན་པའི་བསམ་གཏན་དག་གིས་དོན་མེད་པར་འགྱུར་བ་བཤད་པར་བྱ་སྟེ། གང་དུ་རླུང་དང་ [228a.4]སེམས་ནི་མི་རྒྱུ་ཞིང་། །ཐབས་དང་ཤེས་རབ་འཇུག་པ་མེད་གྱུར་པ། །སྐྱེས་བུ་མི་ཤེས་པ་དག་གནས་དེར་ནི། །གནས་ཤིང་གནས་སྐབས་སེམས་ནི་དབུགས་དབྱུང་ཞིང་། །ཞེས་བྱ་བའི་དོན་ནི། རྨོངས་པའི་བསམ་གཏན་དག་གིས་སྟེང་འོག་གི་རླུང་སྔ་མ་ཞིང་མནན་པ་དང་། [228a.5]རྩའི་ནཱ་ད་ཐིག་ལེའི་རྣམ་པ་ལ་བློ་ཞེན་དུ་འཇུག་པ་དང་། ཤེས་པ་ཁ་ནང་དུ་བལྟས་པའི་ཞི་གནས་བསྒོམ་པ་དང་། ཕྱི་རོལ་གྱི་ཡུལ་སྐུ་དང་ཕྱག་རྒྱ་ལ་སོགས་པ་ལ་དམིགས་པ་ཉེ་བར་འཛིན་པ་སྟེ། དེ་དག་གི་དུས་སུ་ཡུལ་གང་དུ་ཡང་རླུང་དང་སེམས་མི་རྒྱུ་བ་སྟེ། འཕྲོས་པར་གྱུར་ན་ [228a.6]ཡིད་ཀྱི་ཞིང་དེ་དག་ལ་རང་ལྡོག་པར་འགྱུར་རོ་ཞེས་སྨྲ་བར་བྱེད་ཀྱང་ཤེས་པ་ཁུགས་སུ་བཅུག་ནས་ཤེས་པ་དེ་དག་ནན་གྱིས་སྡུད་པར་འགྱུར་ཏེ། སྡུག་བསྔལ་འབའ་ཞིག་ཁོ་ན་སྐྱེད་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་ཐ་མལ་གྱི་ཤེས་པ་དང་། ཤེས་རབ་གསལ་བ་ [228a.7]དང་མི་རྟོག་པ་དང་བདེ་བ་དང་འཇུག་པའི་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་རང་བཞིན་དང་བྲལ་ཏེ་མེད་པར་འགྱུར་བས་ཐབས་ཞི་གནས་ལ་ནན་ཏན་བྱས་པས་འབྲས་བུ་ལྷག་མཐོང་གི་ཤེས་རབ་སྐྱེད་པར་འདོད་དེ། དེ་དག་ཀྱང་བསྒོམ་བྱ་དང་སྒོམ་བྱེད་དུ་བརྟགས་པར་སྐྱེས་བུ་མི་ཤེས་པ་དག་གཉིས་ [228b] [228b.1]འཛིན་གྱི་ཤེས་པའི་གནས་དེར་ནི་མཉམ་པར་གཞག་པ་ལ་གནས་ཤིང་རྗེས་སུ་ཐོབ་པའི་གནས་སྐབས་སུ་སེམས་ཀྱི་ངོ་བོ་ནི་དབུགས་དབྱུང་ཞིང་གནས་པར་བྱེད་པ་སྟེ། འདི་དག་ལ་ནི་བྱེ་མ་ལ་མར་བཙིར་བ་བཞིན་ནོ། །སློབ་དཔོན་ཆེན་པོ་དག་གི་ཞལ་གྱི་བདུད་རྩི་གཉིས་ [228b.2]པ་རྗེ་བཙུན་པ་ལས་ཐོས་པ་ནི་མན་ངག་ཏུ་གནས་པ་སྟེ་ཞལ་ལས་ཤེས་པར་བྱའོ། །ད་ནི་ཇི་ལྟར་བསྒོམ་པར་བྱ་བ་ཡིན་ཞེ་ན། སྙིང་པོའི་དོན་གྱི་ཡེ་ཤེས་དེ་ཁོ་ན། །བདག་མེད་མས་ནི་མན་ངག་བསྟན་ནས་སོང་། །གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །གཅིག་ཏུ་རྟོག་ན་ [228b.3]རྣལ་འབྱོར་སྤྲོས་པའི་ལམ། །ཞེས་བྱ་བའི་དོན་ནི་སེམས་གཉུག་མའི་རང་བཞིན་སྙིང་པོའི་དོན་དེ་ཉིད་ཀྱི་ཡེ་ཤེས་ཀྱི་ཆོ་འཕྲུལ་དཔག་ཏུ་མེད་པར་སྣང་སྟེ། དེ་ཐམས་ཅད་ཀྱང་རྣལ་མའི་དེ་ཁོ་ན་ཉིད་ཀྱི་ཉམས་སུ་མྱོང་བར་བྱེད་དེ་དེ་ཉིད་ཀྱང་སེམས་ཉིད་ཀྱི་ངོ་བོ་སྟེང་བདག་ [228b.4]གི་ཆ་དང་བྲལ་བའི་ཕྱིར་བདག་མེད་ཡིན་ལ་འབྲས་བུ་ཐམས་ཅད་སྐྱེད་པར་བྱེད་པས་ན་མ་སྟེ། དེས་དེ་ལ་ནི་ཅི་ཡང་མིན་པའི་མན་ངག་བསྟན་ནས་སོང་། །དེ་འཛིན་པར་བྱེད་པས་མན་ངག་གི་བསྒོམ་བྱ་དང་སྒོམ་བྱེད་གཉིས་སུ་མི་བྱ་ཞིང་ངོ་བོ་གཅིག་ཏུ་བྱ་བ་སྟེ། བདག་ཉིད་ [228b.5]ཀྱི་ངོ་བོ་ཡིན་ནོ་ཞེས་གཅིག་ཏུ་རྟོག་ན་རྣལ་འབྱོར་པའི་རྟོག་པ་དང་སྤྲོས་པའི་ལམ་སྟེ། འབྲས་བུ་ཟད་པར་བྱེད་པ་ཉིད་དོ། །འདི་དག་གི་བྱེད་པའི་ཚུལ་ནི་འདི་ལྟ་བུ་ཡིན་ཏེ། རིགས་ལ་བྱེ་བྲག་བཟང་ངན་མ་བྱེད་པར། །ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ [228b.6]ཆགས་རྣམ་སྤངས་འདོད་ཆགས་ཉིད་མིན་ཏེ། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་བསྒྱུར། །ཞེས་བྱ་བའི་དོན་ནི་སྣང་གྲགས་ཀྱི་ཆོས་འདི་དག་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཏེ་ནམ་མཁའ་དང་འདྲའོ། །དེ་ལ་བྱེ་བྲག་དང་བཟང་ངན་མ་བྱེད་པར་ཆོས་ཀྱི་ [228b.7]སྐུར་བལྟ་བར་བྱའོ། །དེ་ཉིད་ལ་རིགས་གསུམ་དུ་སྣང་སྟེ། །འདོད་པའི་ཁམས་ནི་རིན་པོ་ཆེའི་རིགས་སོ། །གཟུགས་ཀྱི་ཁམས་ནི་པདྨའི་རིགས་སོ། །གཟུགས་མེད་པའི་ཁམས་ནི་རྡོ་རྗེའི་རིགས་ཏེ། དེ་ཡང་རབ་ཏུ་མི་གནས་པའི་རྒྱུད་ལས། །ཁམས་གསུམ་ [229a] [229a.1]སེམས་ཅན་བདེ་གཤེགས་རིགས། །ཐམས་ཅད་ཆོས་ཀྱི་སྐུ་རུ་བལྟ། །འདོད་ཁམས་རིན་ཆེན་རིགས་ཡིན་ཏེ། །འདོད་པའི་ཡོན་ཏན་རྣམ་པར་འབྱུང་། །གཟུགས་ཁམས་པདྨའི་རིགས་ཡིན་ཏེ། །ལུས་རྣམ་དག་ཅིང་དྲི་མ་མེད། །གཟུགས་མེད་ [229a.2]རྡོ་རྗེའི་རིགས་ཡིན་ཏེ། །མཚོན་གྱིས་བཅད་ཀྱང་སྣད་མི་ནུས། །རིགས་གསུམ་སྐུ་ཡི་འཁོར་ལོ་འདི། །རིགས་གཅིག་དག་ལས་ངེས་པར་འབྱུང་། །ཞེས་འབྱུང་བའི་ཕྱིར་ཁམས་གསུམ་པ་མ་ལུས་འདི་དག་ཐམས་ཅད་ནི་ཐ་དད་ཀྱི་འདོད་ཆགས་རྣམ་པར་སྤངས་ཏེ། སྤང་དུ་ [229a.3]མེད་པའི་དོན་སེམས་ཉིད་གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་འདོད་ཆགས་སྤང་དུ་མེད་དེ་ཐ་མལ་གྱི་ཤེས་པས་འདོད་ཆགས་ཆེན་པོ་ཉིད་ཡིན་ཏེ། དེ་ཡང་ངེས་པའི་འདོད་པ་དང་ཅི་ཡང་མ་ཡིན་པའི་ཆགས་པ་ཆེན་པོས་ཆོས་ཀྱི་སྐུ་ཉག་གཅིག་ཏུ་ཁ་དོག་བསྒྱུར་ [229a.4]བར་བྱའོ། །ད་ནི་མཚན་ཉིད་ཀྱི་རྣམ་པ་བརྗོད་པར་བྱ་སྟེ། དེ་ལ་ཐོག་མཐའ་དབུས་ནི་ཡོད་མིན་ཏེ། །སྲིད་དང་མྱ་ངན་འདས་པ་གཉིས་མི་རྟོགས། །མ་བཅོས་བདེ་བ་ཆེན་པོའི་མཆོག་འདི་ལ། །བདག་དང་གཞན་དུ་གྲུབ་པ་ཡོད་མ་ཡིན། །མདུན་དང་རྒྱབ་དང་གཡས་གཡོན་ [229a.5]ཕྱོགས་བཅུ་རུ། །གང་དུ་རྟོག་དང་མྱོང་བ་དེ་དག་ནི། །དེ་ནི་འཁྲུལ་པའི་ལམ་ལ་མངོན་པར་གནས། །རང་བཞིན་མཚོན་ཆ་ཆེན་པོ་རྟོགས་པ་ན། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་བྱ་བའི་དོན་ནི་གོང་དུ་སྨོས་པའི་གཉུག་མིའི་ངོ་བོ་དེ་དག་ལ་ཐོག་མ་དང་མཐའ་ཡོད་པ་མ་ [229a.6]ཡིན་ཏེ་ནམ་མཁའ་དང་འདྲའོ། །དབུས་ནི་ཅི་ཡང་མ་ཡིན་པའི་ཕྱིར་ཡོད་པ་མིན་ཏེ་བདག་གིས་སྨྲ་བར་མི་ནུས་སོ། །དེ་ལྟར་ཉམས་སུ་མྱོང་བའི་དོན་དེ་ཉིད་ལ་སྲིད་པ་དང་མྱ་ངན་ལས་འདས་པ་གཉིས་སུ་མི་རྟོག་སྟེ་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེ་ལྟར་ན་རང་བཞིན་གྱི་ངོ་བོ་ནི་ [229a.7]སེམས་མ་བཅོས་པས་ཡིན་ཏེ། དེ་ཉིད་ཀྱི་ཁྱད་པར་ནི་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ལས་རྟོག་པ་མཆོག་ཏུ་གྱུར་པ་འདི་ལ་བདག་དང་གཞན་དུ་གྲུབ་པ་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་སེམས་ཉིད་དུ་རྟོགས་པ་དང་བསྐྱེད་པའི་རིམ་པ་ [229b] [229b.1]བརྟན་པས་ཐོབ་ཅིང་དེ་ཉིད་ལ་འབྱུང་བ་དང་། རྩ་བའི་རྒྱལ་པོ་དང་བློན་པོ་དང་དམངས་རྣམས་དང་སྟེང་དུ་རྒྱུ་བའི་རླུང་དང་ཐུར་ལ་རྒྱུ་བའི་རླུང་དང་འཕྲེད་ལ་གནས་པའི་རླུང་དང་གནས་པའི་བྱང་ཆུབ་ཀྱི་སེམས་དང་། འཕོ་བ་བྱང་ཆུབ་ཀྱི་སེམས་དང་འགྱུར་བ་བྱང་ཆུབ་ཀྱི་སེམས་ལ་བདེ་བ་སྐྱེད་ཅིང་བློ་ [229b.2]གནས་ཤིང་བརྟན་པ་དང་ཤེས་པ་མི་རྟོག་པ་འབའ་ཞིག་ལ་གནས་པ་དང་། བུམ་པའི་དབང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བལྟ་བ་དང་། གསང་བའི་དབང་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བལྟ་བ་དང་། ཤེས་རབ་ཀྱི་དབང་སོ་སོར་རྟོག་པའི་ཡེ་ཤེས་སུ་བལྟ་བ་དང་། མཐའི་ [229b.3]དབང་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བལྟ་བ་རྣམས་དང་། དེ་ཐམས་ཅད་བསྟེན་པར་བྱེད་པ་ཡང་དམ་ཚིག་ལས་འབྱུང་བ་ཡིན་པ་དང་། དེ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མ་འདས་སོ་ཞེས་མདུན་དང་རྒྱབ་དང་གཡས་གཡོན་ཕྱོགས་བཅུ་རུ་བརྟགས་ཤིང་དཔྱད་དེ་གང་ [229b.4]དུ་རྟོགས་པ་དང་ཉམས་སུ་མྱོང་བ་དེ་དག་གི་ཟུག་རྔུ་སྟེ། སྐྱེས་བུ་དེ་ནི་འཁྲུལ་པའི་ལམ་ལས་མངོན་པར་གནས་པ་ཁོ་ནའོ། །གཉུག་མའི་དོན་ཕྱིན་ཅི་མ་ལོག་པ་མི་མཐུན་པའི་ཕྱོགས་སྐད་ཅིག་མ་དེ་ཉིད་ལ་ཞི་བར་བྱེད་པའི་རང་བཞིན་གྱི་མཚོན་ཆ་ཆེན་པོ་འདི་རྟོགས་ན་ད་ནི་ [229b.5]བདག་གིས་སུ་ལ་ཡང་དྲི་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་ཐམས་ཅད་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ང་ནི་རྟོགས་པའི་ཚད་བསྟན་པར་བྱ་སྟེ། སྣང་བའི་དབང་པོ་གང་དུ་ནུབ་འགྱུར་ཞིང་། །རང་གི་ངོ་བོ་མ་ཉམས་དངོས་ཉམས་འགྱུར། །ཞེས་བྱ་བའི་དོན་ནི་ [229b.6]གཉུག་མའི་ངོ་བོར་བཞག་པ་ལ་ཁྱད་མེད་ཀྱང་རྣམ་པ་ལ་ཡོད་པའི་ཕྱིར་དང་པོར་མྱོང་དུ་མེད་པའི་མྱོང་བ་དང་། གོམས་པ་དང་མཐར་ཕྱིན་པའི་དུས་སུ་སྣང་བ་དང་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་གཉུག་མའི་ངོ་བོ་ཉིད་དུ་ནུབ་པར་འགྱུར་ཞིང་། དེ་ཡང་རང་བཞིན་ [229b.7]གྱི་ངོ་བོ་ཉམས་ཏེ་ཇི་བཞིན་པར་རྟོགས་པའོ། །བྱིས་པ་རྣམས་ཀྱིས་བརྟགས་པའི་དངོས་པོ་ཐམས་ཅད་ཉམས་པར་འགྱུར་རོ། །ད་ནི་དེ་ཉིད་ཀྱི་དོན་དེ་དག་བླ་མ་མ་ཡིན་པའི་གཞན་ལས་མི་རྟོག་པ་བསྟན་པར་བྱ་སྟེ། ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ [230a] [230a.1]ནས་མི་རྙེད་བླ་མའི་ཞལ་ལས་དྲིས། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ནི་འཆིང་མེད་རླུང་ཡང་འཆད་པར་མེད། །ཁམས་གསུམ་འདི་ནི་ཐམས་ཅད་དེ་ཡི་བདག །དེ་མ་རྟོགས་པས་འཆིང་དང་འཆད་པར་འགྱུར། །ཞེས་བྱ་བའི་དོན་ནི་ཀྱེ་ཧོ་ [230a.2]ཞེས་བྱ་བ་སྟེ་བླ་མ་ལ་བརྟེན་པ་ལ་གདམས་པ་ཡིན་པའི་དོན་ཏེ། གྲོགས་དག་ཅེས་བྱ་བའི་དོན་ནི་བློ་ཤིན་ཏུ་ཆེན་པོར་འགྱུར་བའི་གང་ཟག་རྗེ་བཙུན་པ་རྣམས་དང་མཚུངས་པར་སྤྱོད་ནུས་པ་རྣམས་ལའོ། །དེ་དག་ལ་སྦྱངས་པའི་དོན་དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དག་གཞན་ནས་རྙེད་ [230a.3]པ་མ་ཡིན་ཏེ་མི་རྙེད་པའི་ཕྱིར་རོ། །དེ་བས་ན་བླ་མའི་ཞལ་གྱི་བདུད་རྩི་ལ་དྲིས་ནས་དོན་དང་ལྡན་པར་འགྱུར་རོ། །དེ་བས་ན་དམ་པའི་གདམས་ངག་དེ་དག་རྟོགས་ན་ཡོན་ཏན་དང་ལྡན་པར་འགྱུར་ལ། མ་རྟོགས་ན་དུག་ཏུ་འགྱུར་བའི་ཕྱིར་གཉིས་མེད་ཀྱི་དོན་དམ་པ་དེ་དག་ [230a.4]བླ་མའི་ཞལ་གྱི་ངོ་བོ་དེ་ལས་རྟོགས་ན་ཡིད་འཆིང་བ་མེད་དེ། ཤེས་པ་རྣལ་མ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །རྟོག་པ་དང་རླུང་ཡང་ཆད་པ་མེད་པ་སྟེ་སྣང་གྲགས་ཀྱི་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་ཁམས་གསུམ་པ་འདི་དག་ཐམས་ཅད་ནི་བདེ་བ་ཆེན་པོ་ [230a.5]དེའི་བདག་ཉིད་ཡིན་ཏེ། དེ་ཉིད་ཀྱི་ངོ་བོ་ལ་རྟོགས་པས་རྟོགས་པར་འདོད་པའི་ཕྱིར་ཡིད་འཆིང་བ་དང་། རླུང་བཟློག་ཅིང་འཆད་པར་འགྱུར་ཏེ། སེམས་བསད་ཅིང་དགག་སྒྲུབ་བྱས་པའི་ཕྱིར་རོ། །ད་ནི་རྟོགས་པའི་དོན་ལས་སྙིང་པོ་ལོག་ན་མེད་པར་བཤད་པར་བྱ་སྟེ། ཁམས་ [230a.6]གསུམ་འདི་ན་ཡན་ལག་དངོས་པོ་གནས། །དེ་ནི་རྨོངས་པར་རབ་ཏུ་ཤེས་པར་གྱིས། །མ་རིག་མི་རིག་གཏི་མུག་རྒྱ་མཚོ་ཆེ། །ཆད་པའི་ཚུལ་སྣང་དེ་ལ་མ་ཞེན་པའི། །འདི་ནི་སྙིང་པོ་བདེ་ཆེན་མཆོག་ཡིན་ནོ། །འདི་ནི་སངས་རྒྱས་དགོངས་པ་སངས་རྒྱས་ཉིད། །གཞན་གྱི་ [230a.7]སྤྱོད་མིན་ས་ར་པ་ཡིས་བསྟན། །རྗེས་སུ་འགྲོ་བ་གླུ་ཡི་གར་བླང་བྱ། །ཞེས་བྱ་བའི་དོན་ནི་ཁམས་གསུམ་པ་འདི་དག་ནི་གསལ་བ་དང་མི་རྟོག་པའི་ཡན་ལག་དང་། བདེ་བ་ཆེན་པོའི་དངོས་པོ་གནས་ཏེ་དེ་ནི་གཉིས་སུ་མེད་པའི་ཕྱིར་རྨོངས་པ་ཡིན་པས་དོན་དེ་ཉིད་རབ་ཏུ་ཤེས་ [230b] [230b.1]པར་གྱིས་ཤིག་ཅེས་བྱ་བའི་དོན་དང་། ཁམས་གསུམ་པ་འདི་དག་ཡན་ལག་ཅན་རྫས་དང་བསགས་པ་དང་འདུས་པའི་དངོས་པོ་དང་། སེམས་ལས་བྱུང་བའི་དང་། རྣམ་པ་ཡིན་པར་འདོད་པ་སྨྲ་སྟེ། དེ་ནི་ཀུན་ནས་དཀྲིས་པའི་ཕྱིར་རྨོངས་པས་འཁོར་བའི་བདག་ཉིད་ལ་ [230b.2]གནས་པ་ཁོ་ན་སྟེ། དེན་གི་ཡང་ས་ཡིན་པའི་ཕྱིར་རབ་ཏུ་ཤེས་པར་གྱིས་ཤིག་པའི་དོན་ཏོ། །ད་ནི་ཉོན་མོངས་པ་དང་དེ་ཁོ་ན་ཉིད་ཐ་མི་དད་པ་ཡིན་ཏེ། ཁམས་གསུམ་པ་ཐམས་ཅད་ཀྱི་མ་རིག་པ་ནི་ཡེ་ཤེས་ཉིད་ཡིན་ཏེ་རིག་ཏུ་མེད་པའི་ཕྱིར་རོ། །དེ་བས་ན་མ་རིག་པའི་དོན་ [230b.3]དེ་ཉིད་གཏི་མུག་ཆེན་པོ་སྟེ་མི་ཤེས་ཤིང་ཤེས་པ་མེད་པའི་ཕྱིར་རོ། །དེ་ནི་ཟབ་ཅིང་དཔག་དཀའ་བའི་ཕྱིར་རྒྱ་མཚོ་ཆེན་པོ་དང་འདྲའོ། །དེ་བས་ན་ཅི་ཡང་མ་ཡིན་པའི་ཕྱིར་ཆད་པའི་ཚུལ་དུ་སྣང་སྟེ། མ་ཡིན་ཞེས་དེ་ལ་མ་ཞེན་པའི་བདག་ཉིད་དུ་བྱའོ། །དོན་འདི་ནི་སྙིང་པོ་ཡིན་ཏེ་དེ་རྟོགས་པ་ན་བདེ་བ་ཆེན་པོ་ [230b.4]མཆོག་གིས་རབ་ཏུ་ནོན་པ་ཡིན་ནོ། །འདི་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། ཐ་མི་དད་པའི་ཕྱིར་སངས་རྒྱས་ཉིད་ཀྱང་དེ་ཉིད་ཡིན་ནོ། །དོན་འདི་དག་གང་ཟག་གཞན་གྱི་སྤྱོད་པའམ་སྨྲ་བར་ནུས་པ་མ་ཡིན་ཏེ་རྗེ་བཙུན་པའི་སྤྲུལ་པའི་སྐུ་ས་ར་པ་ཡིས་བསྟན་པ་ཁོ་ [230b.5]ནའོ། །སྐལ་བ་དང་ལྡན་པ་གང་ཟག་དེའི་རྗེས་སུ་འགྲོ་བ་རྣམས་ཀྱིས་ནི་རང་བཞིན་ཐམས་ཅད་འགྲུབ་པ་མེད་པའི་ཕྱིར་གླུའི་ཚུལ་དུ་ཤེས་པར་བྱ་བ་དང་ཉམས་སུ་མྱོང་བ་བརྟག་ཏུ་མེད་པའི་ཕྱིར་གར་གྱི་ཚུལ་དུ་བླང་བར་བྱའོ། །དེ་ནི་རྣལ་འབྱོར་པ་རྣམས་ཀྱི་རང་གི་བློ་ལ་གདམས་པར་ [230b.6]བྱའོ། །ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །འདི་ལ་ཐེ་ཚོམ་རྟོག་པར་མ་འཁྲུལ་ཅིག །དངོས་དང་དངོས་མེད་བདེ་གཤེགས་འཆིང་བ་སྟེ། །གཉུག་མའི་ཡིད་ལ་ལྟོས་དང་རྣལ་འབྱོར་པ། །མར་ལ་མར་གཞག་ཆུ་ལ་ཆུ་གཞག་བཞིན། །དཔེས་མཚོན་དོན་དེ་དེ་ [230b.7]བཞིན་ཤེས་པར་གྱིས། །བསམ་གཏན་གཞན་ལ་རྟོག་མེད་དེ་མེད་དེ། །དངོས་གཞི་འཁྲུལ་པས་ཐར་པ་མི་རྙེད་དོ། །སྒྱུ་འཕྲུལ་དྲ་བས་ཇི་ལྟར་ཉམས་སུ་ལེན། །ཞེས་བྱ་བའི་དོན་ནི་རང་གི་བློ་ལ་བོས་ནས་གདམས་པའི་དོན་འདི་ཡིན་ནོ་ཞེས་པ་ནི། ཀྱེ་ཧོ་དེ་ལྟར་གོང་དུ་ [231a] [231a.1]བསྟན་པའི་དོན་འདི་ནི་རང་རིག་པའི་ཡེ་ཤེས་རང་འབྱུང་བ་སྟེ། འདི་ལ་ཐེ་ཚོམ་དང་ཐ་དད་ཀྱི་རྟོགས་པ་འཁྲུལ་པར་མ་བྱེད་ཅིག །རྣམ་པར་རྟོག་པ་ནི་འཁོར་བ་ཐམས་ཅད་ཀྱི་རྩ་བ་སྟེ། དེ་བས་ན་སེམས་དངོས་པོ་ཡོད་པར་རྟོག་པ་དང་། དངོས་པོ་མེད་ [231a.2]པར་རྟོགས་ཀྱང་། བདེ་བར་གཤེགས་པ་ཆོས་ཀྱི་སྐུའི་འཆིང་བ་སྟེ། དོན་གྱི་འབྲས་བུ་བསྐྱེད་པར་མི་ནུས་སོ། །དེ་བས་ན་སེམས་གཉུག་མའི་རང་བཞིན་ཅི་ཡང་མ་ཡིན་པ་ཡིད་ལ་དེ་ཉིད་ཀྱི་ཚུལ་གྱིས་ལྟོས་དང་། རྣལ་འབྱོར་པ་ཀུན་གྱིས་སོ། །དེ་ཡང་ཇི་ལྟར་ཞེ་ན། མར་གྱི་ཁུ་ [231a.3]བ་ལ་མར་གྱི་ཁུ་བ་གཞག་པ་དང་། ཆུ་ལ་ཆུ་གཞག་པ་བཞིན་དུ་དཔེས་མཚོན་པའི་དོན་དམ་ཡང་སེམས་ལ་སེམས་བཞག་པ་སྟེ། དེ་བཞིན་དུ་གཉིས་སུ་མེད་པར་ཤེས་པར་གྱིས་ཤིག །རྟོག་པ་དང་ལྡན་པའི་གང་ཟག་གིས་ནི་བསམ་གཏན་བསྒོམས་བྱར་གཞན་དུ་རྟོག་པའི་ཕྱིར་དེའི་ [231a.4]བློ་དམན་པ་སྟེ། དེ་ལ་དེ་ཁོ་ན་ཉིད་མེད་དོ། དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཆེན་པོ་དངོས་གཞི་འཁྲུལ་པས་ཐར་པ་མི་རྙེད་དོ། །སྣང་བ་འདི་ཐམས་ཅད་སེམས་ཉིད་སྣང་བ་སྟེ། ཅི་ཡང་མ་ཡིན་བཞིན་དུ་སྣང་བས་སྒྱུ་མ་དང་འཕྲུལ་གྱི་རྣམ་པ་ལྟ་བུའོ། །དེ་ལ་ཐ་དད་དུ་བརྟགས་པ་ནི་ [231a.5]སྡུག་བསྔལ་གྱི་རྣམ་པ་སྟེ། དེ་ཇི་ལྟར་ཉམས་སུ་ལེན་ཞེས་གདམས་པའོ། །ད་ནི་བདེ་བ་ཆེན་པོ་བླ་མའི་ཞལ་ལས་རྟོགས་སུ་མེད་པའི་རྟོགས་པ་བཤད་པར་བྱ་སྟེ། བླ་མ་དམ་པའི་བཀའ་ལས་ཡིད་ཆེས་པའི། །ཉམས་མྱོང་མྱོང་མེད་ཡེ་ཤེས་སྙིང་པོ་སྟེ། །ང་ཡིས་བརྗོད་ [231a.6]དུ་ཡོད་པ་མ་ཡིན་ཞེས། །སྙིང་པོ་དོན་མཆོག་དག་ནི་དེ་སྐད་སྨྲས། །ཞེས་བྱ་བའི་དོན་ནི་བླ་མ་དམ་པའི་བཀའ་དག་ལས་སློབ་པ་པོས་ཡིད་ཆེས་པར་བྱ་བའི་ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་བ་དེ་དག་ནི་མྱོང་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྙིང་པོ་སྐུ་གསུམ་དང་ཡེ་ཤེས་ [231a.7]རྣམ་པ་ལྔའི་བདག་ཉིད་དེ། དེ་དག་བརྟག་པར་མི་ནུས་པའི་ཕྱིར་ང་ཡིས་ཞེས་བྱ་སྟེ། །རྗེ་བཙུན་དག་གིས་ཀྱང་བརྗོད་པར་ནུས་པའམ་བརྗོད་དུ་ཡོད་པ་མ་ཡིན་ནོ་ཞེས་སྙིང་པོ་གཉུག་མའི་དོན་གྱི་མཆོག་དེ་དག་གི་ཤུགས་ཀྱིས་དེ་སྐད་སྨྲ་བར་འགྱུར་རོ། ། [231b] [231b.1]ད་ནི་དཔེ་ཁྱད་པར་ཅན་གྱི་སྒོ་ནས་བསྟན་པར་བྱ་སྟེ། གདོད་ནས་དག་པའི་རང་བཞིན་ནམ་མཁའ་ལ། བལྟས་ཤིང་བརྟགས་ཀྱང་མཐོང་བར་མི་འགྱུར་ཏེ། །ལྷན་ཅིག་སྐྱེས་པའི་ངོ་བོ་དེ་དག་ལ། །སྐྱེ་འགག་མཐོང་མེད་སྨྲ་བའི་བརྡ་དང་བྲལ། །ཞེས་བྱ་བའི་དོན་ནི་གདོད་མ་ [231b.2]ནས་དག་པའི་རང་བཞིན་གྱིས་ཅིར་ཡང་མ་ཡིན་པའི་ནམ་མཁའ་དེ་དག་ལ་རྟོག་གེ་དང་ལྡན་པ་དག་གིས་འབད་པ་དང་རྩོལ་བས་བལྟས་ཤིང་བརྟགས་ཀྱང་མཐོང་བར་མི་འགྱུར་ཏེ། སྡུག་བསྔལ་ལོ། །མཁས་པ་ཤེས་རབ་ཅན་དག་གིས་ནི་ནམ་མཁའི་ངོ་བོ་ཡེ་ནས་དག་པ་ [231b.3]ཡིན་པ་དེ་དག་ལ་བལྟས་ནས་མི་རྙེད་པ་ཡིན་པའི་ཕྱིར་འབད་པ་དང་རྩོལ་བསམ་རྟོགས་ཏེ་བདེ་བ་དང་ལྡན་ནོ། །དེའི་རང་བཞིན་དུ་ལྷན་ཅིག་སྐྱེས་པའི་ངོ་བོར་རང་འབྱུང་གི་ཡེ་ཤེས་དེ་དག་དང་། དང་པོར་སྐྱེ་བ་དང་། བར་དུ་གནས་པ་དང་། ཐ་མར་འགག་པར་ཡོད་པ་མ་ཡིན་ [231b.4]ཏེ། ཉམས་སུ་མྱོང་བའི་དེ་ཉིད་རྣམ་རྟོག་གི་བློ་མཐོང་བ་ཡང་མེད་དོ། །དེའི་ཕྱིར་དེ་བརྗོད་པར་བྱ་བའི་སྨྲ་བའི་བརྡ་དང་ཐ་སྙད་གདགས་པ་དང་བྲལ་ལོ། །དེ་ནི་བདེ་བ་ཆེན་པོའི་རང་བཞིན་ཏེ་དེ་དག་ལ་རྩོལ་ཞིང་བསྒྲུབ་པ་ནི་སྡུག་བསྔལ་ལོ། །ད་ནི་ཆོས་ཀྱི་སྐུ་ལ་ [231b.5]འཁྲུལ་པ་མི་རིགས་པ་བསྟན་པར་བྱ་སྟེ། གཉུག་མའི་ངོ་བོ་སྣ་ཚོགས་པར་སྣང་ཡང་། །གཅིག་ཏུ་མ་ཤེས་ཐ་དད་ཡུལ་ལ་བརྟགས། །རྣམ་རྟོག་ང་རྒྱལ་སྐྱོན་གྱིས་སྐྱེ་བོ་བསླུས། །ཚིག་གི་མཚོན་ཆས་གཞན་དག་སུན་འབྱིན་ཀྱང་། །རྣམ་རྟོག་སྐྱོན་གྱིས་དེ་ཉིད་ [231b.6]མཚོན་མི་ནུས། །ཞེས་བྱ་བའི་དོན་ནི་ཐམས་ཅད་སེམས་གཉུག་མའི་རང་བཞིན་ཆོས་ཀྱི་སྐུ་དེ་ཉིད་ཡིན་ཏེ། དེ་དག་གི་ཆོ་འཕྲུལ་སྣང་གྲགས་སྣ་ཚོགས་པར་སྣང་བ་ལ་སོ་སོའི་སྐྱེ་བོ་རྟོག་པ་དང་ལྡན་པ་རྣམས་ཀྱིས་དུས་ཐམས་ཅད་བདེ་བ་ཆེན་པོའི་རོ་གཅིག་ཏུ་མ་ཤེས་པས་ [231b.7]ཐ་དད་ཀྱི་ཡུལ་ལ་བརྟགས་པའི་ཕྱིར་རྣམ་པར་རྟོག་པའི་ང་རྒྱལ་གྱི་སྐྱོན་དེ་དག་གིས་སོ་སོའི་སྐྱེ་བོ་རྣམས་བསླུས་སོ། །མངོན་སུམ་དང་རྗེས་སུ་དཔག་པའི་རིགས་པའི་ཚིག་གི་མཚོན་ཆས་གཞན་དག་སུན་འབྱིན་པར་བྱེད་ཀྱང་རྣམ་པར་རྟོག་པའི་སྐྱོན་དེ་དག་གིས་དེ་ཁོ་ན་ [232a] [232a.1]ཉིད་མཚོན་པར་མི་ནུས་སོ། །ད་ནི་དེ་ཁོ་ན་ཉིད་གཞན་གྱིས་མི་རྟོགས་པ་བསྟན་པར་བྱ་སྟེ། འཇིག་རྟེན་ལོག་པའི་བསམ་གཏན་གྱིས་རྨོངས་ཏེ། །རང་བཞིན་གཉུག་མ་སུས་ཀྱང་མཚོན་མ་ཡིན། །སེམས་ཀྱི་རྩ་བ་རང་བཞིན་འབྲས་མི་མཐོང་། ། [232a.2]སྐྱེ་འགག་གནས་པར་ཤེས་པ་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་ངོ་བོ་དེ་ཉིད་ནི། །བསྟན་དུ་མེད་ཀྱིས་རང་བཞིན་ཆོས་སུ་ཁྱེར། །ཞེས་བྱ་བའི་དོན་ནི་འཁོར་བ་མི་རྟག་པའི་མཚན་ཉིད་འཇིག་ཅིང་རྟེན་པའི་ངོ་བོ་ལ་གནས་པའི་སེམས་ཅན་དེ་དག་དེ་བཞིན་ཉིད་ཀྱི་དོན་ལས་ལོག་པའི་ [232a.3]བསམ་གཏན་གྱིས་རྨོངས་ཏེ། དེ་ཅིའི་ཕྱིར་ཞེན། བླ་མ་དམ་པ་དང་བྲལ་བ་སྟེ། རང་བཞིན་གཉུག་མའི་དེ་ཁོ་ན་ཉིད་སུས་ཀྱང་མཚོན་པ་མ་ཡིན་ནོ། །དེ་བས་ན་རང་གིས་བརྟགས་པས་ཀྱང་མི་རྙེད་དེ་སེམས་ཀྱི་རྩ་བ་དེ་དག་དང་པོ་གང་ནས་བྱུང་བ་དང་གནས་པ་དང་རང་བཞིན་ཇི་ [232a.4]ལྟ་བུ་ཡིན་པ་དང་། དེ་བསྒོམས་པའི་འབྲས་བུ་ཐོབ་པའི་དོན་མི་མཐོང་སྟེ། སྐྱེ་བ་དང་འགག་པ་དང་གནས་མེད་པར་འབྱུང་བའི་ངོ་བོ་ཉིད་ཡིན་ཀྱང་དེ་ཉིད་ཤེས་པ་མ་ཡིན་ནོ། །དེ་ལྟར་རྟོགས་པ་རྣམས་ཀྱིས་ནི་སེམས་དེ་ཁོ་ན་ཉིད་དུ་ཁྱེར་བར་བྱ་སྟེ། ལྷན་ཅིག་སྐྱེས་པའི་ [232a.5]གཉིས་སུ་མེད་པའི་ངོ་བོ་དེ་ཉིད་ནི་བླ་མ་དམ་པ་རྣམས་ཀྱིས་ཀྱང་བསྟན་དུ་མེད་ཅིང་། སློབ་པ་པོས་ཀྱང་ཉམས་སུ་མྱོང་བ་མེད་ཀྱིས་དེ་བས་ན་ཤེས་པ་རྣལ་མ་རང་བཞིན་གྱི་ཆོས་སུ་ཁྱེར་བར་བྱའོ། །ད་ནི་དེ་ལྟར་ཤེས་ནས་རྟོགས་པ་བསྟན་པར་བྱ་སྟེ། རྩ་བ་བྲལ་བས་དེ་ཉིད་གང་ [232a.6]སེམས་པ། །བླ་མའི་མན་ངག་དེ་ཡིས་ཐོབ་པ་སྟེ། །རྒྱུ་མེད་སེམས་ལ་གནས་པ་མཆོག་ཏུ་གསུངས། །འཁོར་བར་སྣང་བ་སེམས་ཀྱི་ངོ་བོ་སྟེ། །དེ་ལྟར་ཤེས་ནས་རྣལ་འབྱོར་སྙིང་པོ་ཆེ། །རྨོངས་རྣམས་མདའ་བསྣུན་ངས་སྨྲས་ཤེས་པར་བྱོས། །རང་བཞིན་གཉུག་མ་བརྗོད་ [232a.7]བྱ་མ་ཡིན་ཏེ། །སློབ་དཔོན་མན་ངག་མིག་གིས་དེ་མཐོང་འགྱུར། །དེ་ལ་ཆོས་དང་ཆོས་མིན་རྟོག་པ་དང་། །ལམ་དང་གཉེན་པོས་བཅོས་པ་མ་ཡིན་ནོ། །འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ཡིན། །གཉུག་མའི་ཡིད་ནི་གང་ཚེ་སྦྱངས་གྱུར་པ། །དེ་ཚེ་བླ་མའི་ཡོན་ཏན་སྙིང་ལ་ [232b] [232b.1]འཇུག །ཅེས་བྱ་བའི་དོན་ནི་གཉུག་མའི་ཡིད་ལ་ཡུན་རིང་དུ་སྦྱངས་པས་གང་ཟག་གིས་སྤྱོད་པ་མ་ཡིན་པ་སྟོན་ཏེ། རྩ་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སྟེ་དེ་དང་བྲལ་བ་ནི་སེམས་སོ། །དེ་ཉིད་ཉམས་སུ་མྱོང་བར་བྱ་བ་ནི་ཤེས་པ་རྣལ་མ་སྟེ། དེའི་མཐུས་ཟག་པ་དང་བཅས་ [232b.2]པས་བདེ་བ་དང་ཟག་པ་མེད་པའི་བདེ་བས་ལུས་དང་སེམས་གང་བར་འགྱུར་ཏེ། དེ་དག་ཐམས་ཅད་ལ་ཞེན་པ་མེད་པའི་སེམས་ནི་དྲན་པ་རྒྱུན་ཆགས་ཉིད་དོ། །དེ་ལྟར་རྟོགས་པ་དེ་ནི་བླ་མ་དམ་པའི་ཞལ་གྱི་མན་ངག་དེའི་ཐོབ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྷན་ཅིག་སྐྱེས་ [232b.3]པའི་ཡེ་ཤེས་ཐ་མལ་གྱི་ཤེས་པས། ཉམས་སུ་མྱོང་བར་བྱས་པ་ལ་ངེས་པའི་ཤེས་པས་བརྒྱན་ཏེ་དྲན་པའི་གྲོགས་དག་གིས་མཉམ་པ་ཉིད་ཐོབ་པའོ། །དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་ངོ་བོ་ལ་རྒྱུ་མེད་པ་དང་། སེམས་མཐའ་དང་དབུས་སུ་མི་གནས་པ་དང་། དེ་ [232b.4]ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་དེ་ལྟར་གནས་ཤིང་རྒྱུ་དང་འབྲས་བུ་དབྱེར་མི་ཕྱེད་པའི་མཆོག་ཏུ་དམ་པ་རྣམས་ཀྱིས་གསུངས་པའོ། །དེ་ཇི་སྲིད་དུ་འཁོར་བའི་རྣམ་པར་སྣང་བ་དེ་སྲིད་ཐམས་ཅད་ནི་སེམས་ཀྱི་ངོ་བོ་སྟེ། དེ་ལྟར་ཤེས་ནས་རྣལ་འབྱོར་པ་རྣམས་ [232b.5]ཀྱིས་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཆེན་པོ་རྟོག་པའོ། །དེ་ལྟར་མ་རྟོགས་པའི་རྨོངས་པ་རྣམས་ལ་མདའ་བསྣུན་ངས་སྨྲས་པ་དེ་དག་ཤེས་པར་བྱོས་ཤིག །དེ་དག་ཀྱང་ཤེས་སུ་མེད་པ་སྟེ། རང་བཞིན་གཉུག་མ་དེ་དག་གི་དོན་ནི་བརྗོད་བྱ་ཐམས་ཅད་ཀྱི་མཐའ་ལས་ [232b.6]འདས་པའི་ཕྱིར་ཤེས་པར་བྱ་བའང་མ་ཡིན་ཏེ། མི་ཤེས་པའི་ཉམས་སུ་མྱོང་བའི་སློབ་པ་པོ་དེ་ཉིད་ཀྱིས་ནི་སློབ་དཔོན་གྱི་མན་ངག་དམ་པ་དེས་མཐོང་བར་འགྱུར་རོ། །དེ་ལྟར་ཉམས་སུ་མྱོང་བའི་དོན་དེ་དག་ལ་མཐའ་གཉིས་ཀྱི་ཆོས་དང་། མཚན་མའི་ཆོས་མིན་པར་ [232b.7]རྟོག་པ་དང་། བགྲོད་པར་བྱ་བའི་ལམ་དང་། ཉོན་མོངས་པའི་གཉེན་པོས་གོ་རིམས་ཀྱི་ཚུལ་དུ་བློ་བཅོས་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཉུག་མའི་ངོ་བོ་འདི་དག་ལ་རྟོག་པའི་ཉེས་པ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ནོ། །གཉུག་མའི་ངོ་བོ་དེ་དག་ [233a] [233a.1]སློབ་པ་པོའི་ཡིད་ལ་དེ་ཉིད་ཀྱི་དོན་ནི་གང་གི་ཚེ་མྱོང་ཞིང་སྦྱངས་པར་གྱུར་པ་དེའི་ཚེ་བླ་མའི་ཡོན་ཏན་དམ་པ་སྙིང་ལ་འཇུག་ཅིང་ཞུགས་པའོ། །དེ་ལྟ་བུའི་དོན་དེ་ཉིད་ཀྱང་རྟོག་པས་འགྲུབ་པ་ཡིན་གྱི་འབད་པས་འགྲུབ་པ་མ་ཡིན་པ་བསྟན་པར་བྱ་སྟེ། [233a.2]དེ་ལྟར་རྟོགས་ན་སྙིང་པོ་གླུར་ལེན་ཏེ། །སྔགས་དང་རྒྱུད་རྣམས་ཀུན་ལ་འབད་བྱས་ཀྱང་། །རྟོག་གེ་དེ་བྲལ་གཅིག་ལ་མཐོང་ལམ་མེད། །འགྲོ་རྣམས་ལས་ཀྱིས་སོ་སོར་འཆིང་འགྱུར་ཏེ། །ལས་དང་སྡིག་ལས་གྲོལ་ནས་ཡིད་མཐོང་སྟེ། །རང་ཡིད་རྟོགས་ནས་གྲོལ་བ་ [233a.3]གཞན་མེད་དོ། །མྱ་ངན་འདས་པ་མཆོག་ནི་ཐོབ་པར་འགྱུར། །ཐོབ་ཅེས་མཚོན་ཀྱང་རྟོགས་པའི་དུས་ཉིད་ཡིན། །ཞེས་བྱ་བའི་དོན་ནི་གོང་དུ་བསྟན་པའི་ངོ་བོ་དེ་ལྟར་རྟོགས་ན་རྣལ་འབྱོར་པ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོར་འཁོར་བའི་སེམས་ཅན་ཐམས་ཅད་ [233a.4]གདམས་པའི་དོན་གླུར་ལེན་ཏེ། འཕགས་པའི་གང་ཟག་རྣམས་ཀྱིས་སྔགས་ཀྱི་བསྟན་བཅོས་རིག་པ་དང་། དེ་བཞིན་གཤེགས་པའི་བཀའ་དང་རྒྱུད་རྣམས་ལ་རིགས་པ་དང་འབྲེལ་པ་ཀུན་ལ་འབད་པར་བྱས་ཀྱང་ཐ་དད་ཀྱི་རྟོག་གེའི་དེ་དག་དང་མ་བྲལ་ན་གང་ཟག་ [233a.5]གཅིག་ལ་ཡང་མཐོང་བའི་ལམ་སྐྱེ་བའི་སྐལ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་བ་པའི་འགྲོ་བ་རྣམས་ཐ་དད་དུ་བརྟགས་པའི་དགེ་བ་དང་སྡིག་པའི་ལས་རྣམ་པར་སྨིན་པའི་དོན་མི་བསླུ་བའི་སོ་སོར་འཆིང་བར་འགྱུར་ཏེ། གང་དག་གིས་དགེ་བ་དང་སྡིག་པའི་ [233a.6]ལས་དང་ཐ་དད་ཀྱི་རྟོགས་པའི་ཟུག་རྔུའི་སྡིག་པ་ལས་ཐ་མལ་གྱི་ཤེས་པ་རང་གྲོལ་བར་འགྱུར་ཏེ། དེ་ལྟར་ན་རང་གི་ཡིད་སངས་རྒྱས་ཀྱི་བདག་ཉིད་དུ་མཐོང་སྟེ། དེ་ལྟར་རང་གི་ཡིད་རྟོགས་ན་གྲོལ་བར་འབྲས་བུ་གཞན་མེད་དོ། །དེ་བས་ན་དེ་ཉིད་ལ་གོམས་ [233a.7]ཤིང་མཐར་ཕྱིན་པ་ནི་མྱ་ངན་ལས་འདས་པའི་མཆོག་གཉིས་སུ་མེད་པ་ནི་ཐོབ་པར་འགྱུར་རོ། །དེ་དག་ཀྱང་ཐོབ་ཏུ་ཡོད་ཅེན། ཐོབ་པ་ཞེས་སློབ་པ་སོ་སོའི་ལས་མཚོན་དུ་ཟད་ཀྱང་རྟོགས་པའི་དུས་དེ་ཉིད་ཀྱི་ངོ་བོ་མཚོན་པ་ཡིན་ནོ། །ད་ནི་ཆོས་ཐམས་ཅད་སེམས་ [233b] [233b.1]ཉིད་ཡིན་པ་བསྟན་པར་བྱ་བ་སྟེ། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །དེ་ལས་འཁོར་དང་མྱ་ངན་འདས་སྣང་ངོ་། །སྲིད་པ་སྣ་ཚོགས་དེ་ལས་འཕྲོས་པ་ཡིན། །འཕྲོས་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་ཏེ། །ཆོས་ཀྱི་སྐུ་ལས་སྣང་བ་གཞན་མེད་དོ། །རྟོག་པས་མྱ་ངན་ [233b.2]འདས་པ་ཉིད་ཡིན་ཏེ། །ཞེས་བྱ་བའི་དོན་ནི་སེམས་ཆོས་ཀྱི་སྐུ་རྣམ་པར་དག་པའི་ངོ་བོ་དེ་ལས་ཐམས་ཅད་ཀྱི་བདག་ཉིད་རྣམ་པར་འཕེལ་ཏེ། སྐྱེས་པར་བྱེད་པའི་ས་བོན་གཞན་གྲུབ་པ་མེད་པའི་ཕྱིར་དེ་བས་ན་སེམས་ཉིད་གཅིག་ཏུ་སྣང་གྲགས་ཀྱི་ཆོས་ཀུན་གྱི་ས་བོན་ཡིན་ [233b.3]ཏེ། དེ་བས་ན་དེ་ལས་འཁོར་བ་རྣམ་པར་རྟོག་པའི་བདག་ཉིད་དང་ཞི་བ་མྱ་ངན་ལས་འདས་པའི་ངོ་བོར་སྣང་སྟེ། ཁམས་གསུམ་གྱི་སྲིད་པ་སྣ་ཚོགས་ཀྱི་སྣང་བ་ཐམས་ཅད་ཉི་མའི་འོད་ཟེར་བཞིན་ངོ་བོ་དེ་ལས་འཕྲོས་པ་ཡིན་ནོ། །ཉི་མ་དང་ཟེར་གཉིས་ཐ་མི་དད་པ་ལྟར་ [233b.4]འཕྲོས་པས་སྣང་གྲགས་ཀྱི་ཆོས་དེ་ཉིད་དང་། སེམས་ཉིད་ཆོས་ཀྱི་སྐུ་གཉིས་ཐ་མི་དད་པ་ཡིན་ཏེ། ཆོས་ཀྱི་སྐུའི་རྣམ་པ་དེ་ཉིད་ལས་སྣང་བ་གཞན་ཞིག་གྲུབ་པ་མེད་དོ། །དེ་ཉིད་རྟོག་པས་མྱ་ངན་ལས་འདས་པ་ཉིད་ཡིན་པ་སྟེ་གཞན་དུ་རྟོགས་པ་མི་བྱའོ། །དེ་ [233b.5]ལྟར་རྟོགས་པའི་དོན་དེ་ཉིད་ལ་བསྟོད་པར་བྱ་སྟེ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡིས། །ཡིད་བཞིན་ནོར་བུ་མཆོག་ལེགས་འབྱུང་བ་བཞིན། །མན་ངག་མཆོད་འབུལ་སེམས་ལ་ནོར་བུའི་ཚུལ། །རྣལ་འབྱོར་ཁྱད་པར་སེམས་ལ་ཕྱག་འཚལ་ལོ། །ཞེས་ [233b.6]བྱ་བའི་དོན་ནི་དཔེར་ན་སེམས་ཅན་གྱི་འདོད་པའི་དོན་མི་བསླུ་བར་འཁོར་བའི་ཡོ་བྱད་ཀྱི་འབྲས་བུ་སྟེར་བར་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྟེ། དེ་ལ་མཆོད་པ་དག་ལེགས་པར་ཕུལ་ནས་གསོལ་བ་བཏབ་ན། མཆོད་པའི་དོན་འདོད་པ་ལེགས་པར་འབྱུང་བ་བཞིན་ [233b.7]དུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་དབུལ་བ་སེལ་བར་བྱེད་པ་ནི་སེམས་ཉིད་དེ་ཁོ་ན་ཉིད་ཡིན་ཏེ། དེ་དག་རྟེན་གྱི་གང་ཟག་སྐྱེས་པ་དང་བུད་མེད་ཀྱིས་ཐ་མལ་གྱི་ཤེས་པའི་མཆོད་པའི་རྫས་དག་བླ་མའི་གདམས་ངག་གིས་མཆོད་པ་ཕུལ་ནས་ [234a] [234a.1]སེམས་ཉིད་ཀྱི་དོན་ལ་ངེས་པའི་ཤེས་པའི་གསོལ་བ་བཏབ་ན་ནོར་བུའི་ཚུལ་དུ་སངས་རྒྱས་ཀྱི་འབྲས་བུ་འབྱུང་ངོ་། །དེ་ལྟར་རྟོགས་པའི་རྣལ་འབྱོར་བའི་ཁྱད་པར་སེམས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ངོ་བོ་དེ་སེམས་ [234a.2]རང་དགའི་ཚུལ་གྱིས་སྒྲུབ་པ་བསྟན་པར་བྱ་སྟེ། །སེམས་བཅིངས་ན་འཁོར་བའི་བར་འཆིང་འགྱུར་ཏེ། །དེ་མ་བཅིངས་ན་གྲོལ་ཞིང་ཐར་བར་འགྱུར། །བླུན་པོ་གདམས་པ་བྲལ་བས་བཅིངས་འགྱུར་བས། །བླ་མ་མཁས་པ་དག་གིས་མྱུར་དུ་གྲོལ། །ཞེས་བྱ་བའི་དོན་ [234a.3]ནི་རྣལ་འབྱོར་པའི་སེམས་ཉིད་དེ་དག་བཅིངས་ན་ནི་འཁོར་བར་འཆིང་བར་འགྱུར་ཏེ། སེམས་མ་བཅིངས་པའི་ཚུལ་གྱིས་རང་དགར་གློད་དེ་བཞག་ན་རང་གྲོལ་ཞིང་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་ཐར་བར་འགྱུར་རོ། །བླུན་པོ་གང་ཞིག་བླ་མ་དམ་པའི་ [234a.4]གདམས་ངག་དང་བྲལ་བས་ཡིད་འཆིང་བར་འགྱུར་ཏེ། དེ་དག་ལས་བདེ་བར་བྱེད་པ་ནི་བླ་མ་མཁས་པ་དག་གི་ཞལ་གྱི་བདུད་རྩི་དག་ལས་ཤེས་པ་གླང་པོ་ཆེ་སྨྱོན་པའི་ཚུལ་དུ་གར་དགར་བཏང་བས་མྱུར་དུ་གྲོལ་བར་འགྱུར་རོ། །ད་ནི་སེམས་ཡངས་པར་བཞག་པ་ [234a.5]བསྟན་པར་བྱ་སྟེ། །སེམས་ནི་ནམ་མཁའ་འདྲ་བར་བལྟ་བྱ་སྟེ། །ལུས་ནི་དེ་ཉིད་ཡིན་པས་ཆགས་མི་བྱ། །ཆོས་རྣམས་ཀུན་དང་སེམས་ཉིད་མཉམ་པ་སྟེ། །སེམས་དེ་བསམ་གྱིས་མི་ཁྱབ་བསམ་བྱས་ནས། །དེས་ནི་བླ་ན་མེད་པ་ཐོབ་པར་འགྱུར། །ཞེས་བྱ་བའི་ [234a.6]དོན་ནི་རྣལ་འབྱོར་པས་སེམས་ཀྱི་ངོ་བོ་ཉིད་ནི་མཁའ་དང་འདྲ་བར་བལྟ་བར་བྱ་སྟེ། དེ་ནི་མི་ཤེས་ཤིང་མཉམ་ལ་སྨྲར་མེད་དེ་ཅི་ཡང་མ་ཡིན་པའི་ཕྱིར་དེ་དང་མཚུངས་པའོ། །དེ་བས་ན་ལུས་ཀྱི་ངོ་བོ་ཉིད་ནི་དེ་ཁོ་ན་ཉིད་ལ་མ་འདས་པ་ཡིན་པས་ཆགས་པར་མི་བྱ་བ་ཁོ་ [234a.7]ནའོ། །དེ་བས་ན་ལུས་སེམས་ཐམས་ཅད་དོགས་པ་མེད་པའི་རྣམ་པས་བག་ཡངས་པའི་ཚུལ་དུ་གཞག་སྟེ། དེ་ཅིའི་ཕྱིར་ཞེ་ན། སྣང་གྲགས་ཀྱི་ཆོས་ཀུན་དང་སེམས་ཉིད་ཀྱི་ངོ་བོ་མཉམ་པ་སྟེ། སེམས་དེ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་ [234b] [234b.1]ངོ་བོ་སྟེ་དེ་ཉིད་ཅི་ཡང་མ་ཡིན་པའི་ཚུལ་དུ་བསམ་པར་བྱས་ན་དེས་ནི་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ད་ནི་ཐམས་ཅད་སེམས་སུ་ཤེས་པར་བསྟན་པར་བྱ་སྟེ། ནམ་མཁའ་དག་ལ་སྤྲིན་བྱུང་རླུང་གིས་ཐིམ། །སེམས་ཀྱི་དེ་ཉིད་རྟོགས་བྱ་བརྟགས་པས་ཐིམ། ། [234b.2]སྙིང་པོས་སྨྲས་པ་ནམ་ཞིག་ནུས་ལྡན་ན། །མི་རྟག་གཡོ་བ་མྱུར་དུ་སྤོང་བར་འགྱུར། །ཞེས་བྱ་བའི་དོན་ནི། ནམ་མཁའི་རང་བཞིན་དག་པའི་ལས་གློ་བུར་གྱི་སྤྲིན་བྱུང་སྟེ། དེ་དག་རླུང་གི་གཡོ་བས་ཐིམ་པ་བཞིན་དུ་སེམས་ཉིད་ཀྱི་ངོ་བོ་རྣམ་པར་དག་པ་དེ་ཉིད་ལ་ཕྱི་ནང་ [234b.3]གི་རྣམ་པར་རྟོག་པ་དུ་མ་བྱུང་སྟེ། བླ་མའི་གདམས་ངག་གི་སེམས་སྐྱེ་མེད་རྟོག་པར་བྱས་ནས་བརྟགས་པའི་བདག་ཉིད་རྟོག་པ་ཐམས་ཅད་རང་ཞི་ཞིང་ཐིམ་པར་འགྱུར་རོ། །དེ་ཉིད་དུ་ཤེས་པའི་ཕན་ཡོན་ནི་སྙིང་པོ་གཉུག་མའི་ངོ་བོ་སེམས་ལ་སྨྲས་པ་ནི་ཐ་མལ་གྱི་ [234b.4]ཤེས་པ་དེ་ཉིད་ལ་གོམས་ནས་ནམ་ཞིག་ནུས་པ་དང་ལྡན་པ་ན་རྟོགས་པ་དེ་འཁོར་བ་མི་རྟག་པའི་རྣམ་པ་དང་མཚན་མའི་གཡོ་བ་ཐམས་ཅད་མྱུར་དུ་ཤུགས་ཀྱིས་སྤོང་བར་འགྱུར་རོ། །ད་ནི་སངས་རྒྱས་པའི་དུས་བསྟན་པར་བྱ་སྟེ། རླུང་དང་མེ་དང་དབང་ཆེན་འགགས་ [234b.5]པ་ན། །བདུད་རྩིའི་དངས་མ་རླུང་ཆེན་ལ་ཞུགས་པས། །དྷཱུ་ཏཱིའི་རླངས་པ་སེམས་ལ་འཇུག་འགྱུར་ཏེ། །སྲིད་པའི་ས་རུ་རྫོགས་པའི་སངས་རྒྱས་ནས། །སྦྱོར་བ་བཟང་པོ་འདི་ལ་སྣང་བ་ཐིམ། །ནམ་ཞིག་སྦྱོར་བཞི་གནས་འགྱུར་ཚུལ་གྱིས་ནི། །སེམས་ཞུགས་དུས་ [234b.6]སུ་བདེ་བ་ཆེན་རྒྱས་ཏེ། །ནམ་མཁའི་ཁམས་སུ་ཤོང་མིན་མྱང་བའི་ཚུལ། །ཞེས་བྱ་བའི་དོན་ནི། རྣལ་འབྱོར་པ་དེ་ཉིད་གོམས་པར་བྱ་བ་ལ་བརྩོན་པ་རབ་དང་འབྲིང་དུ་གནས་པའོ། །དེ་དག་གིས་ནི་གཉུག་མའི་དེ་ཁོ་ན་ཉིད་ལ་གོམས་པས་འདའ་ཀ་མའི་ཡེ་ཤེས་དེ་ཁོ་ [234b.7]ན་ཉིད་བསྒོམས་ཏེ། དེ་ཡང་དང་པོར་ས་ཆུ་ལ་ཞུགས་པ་དང་ཆུ་མེ་ལ་ཞུགས་པ་དང་། མེ་རླུང་ལ་ཞུགས་པ་དང་རླུང་རྣམ་པར་ཤེས་པ་ལ་ཞུགས་པ་དང་། རྣམ་པར་ཤེས་པ་འོད་གསལ་བདེ་བ་ཆེན་པོ་ལ་ཞུགས་པ་དེ་ཆོས་ཀྱི་སྐུའོ། །དེ་ལྟར་གཡོ་བ་དང་བཅས་པའི་ [235a] [235a.1]རླུང་དང་སྨིན་པར་བྱེད་པའི་མེ་ཆུ་སྲ་བའི་བདག་ཉིད་ཀྱི་དབང་ཆེན་དེ་དག་རྟོགས་པའི་དྲི་མ་སྟེ། ཤུགས་ཀྱིས་འགགས་པ་ནི་བདུད་རྩི་རྣམ་པ་ལྔའི་དངས་མ་དེ་དག་གཡས་གཡོན་གྱི་རྩ་ལ་ལ་ནཱ་དང་། ར་ས་ནཱའི་རླུང་ཆེན་པོ་ལ་ཞུགས་པས་དེ་ཉིད་ཀྱི་རྩ་དབུ་ [235a.2]མར་རིམ་གྱིས་འཇུག་པར་འགྱུར་ཏེ། དེ་ལྟར་ཨ་ཝ་དྷཱུ་ཏཱིའི་རླངས་པ་དེ་དག་རྟོག་པ་མེད་པའི་ཐིག་ལེའི་སེམས་ལ་འཇུག་པར་འགྱུར་ཏེ། ཤེས་པ་བར་མ་དོའི་ས་རུ་མངོན་པར་རྫོགས་པར་སངས་རྒྱས་ནས། བདེ་བ་ཆེན་པོ་དང་ལྡན་པར་འགྱུར་རོ། །བརྩོན་པའི་སྦྱོར་བ་ [235a.3]དང་ལྡན་པ་བཟང་པོས་ནི་སྐྱེ་བ་དེ་ཉིད་ལ་སྣང་བ་སེམས་ལ་ཐིམ་པར་འགྱུར་རོ། །བདེ་བ་འདི་ལུས་ལ་བརྟན་པ་སྟེ། །བར་མ་དོའི་ཤེས་པ་དེ་དག་ལུས་དང་བྲལ་བའི་ཕྱིར་བདེ་བ་དང་ལྡན་པར་མི་འགྱུར་བས་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་གཉུག་མའི་ངོ་བོ་ཉིད་རྟོགས་པ་མ་ཡིན་ནོ་ [235a.4]ཞེ་ན། དེ་ཁོ་ན་ཉིད་གཉུག་མ་ལ་གོམས་པའི་ཤུགས་ཀྱིས་ནམ་ཞིག་འཕོ་བའི་དུས་ཀྱི་ཚེ། ས་ཆུ་ལ་ཞུགས་པ་དང་ཆུ་མེ་ལ་ཞུགས་པ་དང་མེ་རླུང་ལ་ཞུགས་པ་དང་། རླུང་རྣམ་པར་ཤེས་པ་ལ་ཞུགས་པ་དང་། རྣམ་པར་ཤེས་པ་འོད་གསལ་བདེ་བ་ཆེན་པོ་ལ་ཞུགས་ [235a.5]པའི་སྦྱོར་བ་བཞི་གནས་འགྱུར་བའི་ཚུལ་གྱིས་སེམས་འོད་གསལ་གྱི་བདེ་བ་ལ་ཞུགས་པའི་དུས་སུ་ཟག་པ་མེད་པའི་བདེ་བ་ཆེན་པོ་རྒྱས་ཏེ། གཟུགས་ཤིག་ཡོད་ན་ནི་ནམ་མཁའི་ཁམས་སུ་ཡང་ཤོང་བ་མེད་དེ། མྱོང་བའི་ཡུལ་དུ་ཡང་རུང་ངོ་། །གོང་མའི་ཚུལ་དེ་དག་ [235a.6]བདེན་ན་ནི་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དང་མི་ལྡན་པར་འགྱུར་བའི་ཕྱིར་བསྒྲུབ་པར་ཡང་མི་རིགས་ལ། རང་བཞིན་ཅན་དང་དེ་ཉིད་ཀྱི་ངོ་བོ་ཡང་ཐ་མི་དད་པར་ཐལ་ཏེ་ཆེས་ལྷག་གོ། །ད་ནི་རྟོགས་པའི་ཁྱད་པར་དུ་གྱུར་པ་བསྟན་པར་བྱ་སྟེ། གནས་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ [235a.7]ཡང་། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །འགྲོ་ཀུན་བསམ་པས་སུན་འབྱིན་མདའ་བསྣུན་སྨྲས། །བསམ་གྱིས་མི་ཁྱབ་བསྒྲུབ་པ་འགའ་ཡང་མེད། །ཅེས་བྱ་བའི་དོན་ནི་སེམས་ཅན་ཐམས་ཅད་རང་གི་དེ་ཁོ་ན་ཉིད་ལ་བརྟགས་འཁྲུལ་པའི་དྲི་མས་བསྒྲིབ་པའི་ཕྱིར། [235b] [235b.1]དེ་བཞིན་གཤེགས་པའི་བཀའ་དག་གིས་གནས་དང་མཁས་པའི་གང་ཟག་རྣམས་ཀྱིས་ཁྱིམ་ན་བརྗོད་དུ་མེད་པའི་དེ་ཁོ་ན་ཉིད་ཀྱི་གཏམ་སྨྲ་པ་ཡང་སྣང་སྲིད་བདེ་བ་ཆེན་པོའི་ཕྱག་རྒྱའི་གནས་ནི་ཡོངས་སུ་ཤེས་པ་མིན་ཏེ། འགྲོ་ཀུན་རང་གི་བསམ་པ་ལས་བྱུང་བའི་རྟོགས་པས་རང་ [235b.2]ཉིད་སུན་འབྱིན་ཏོ་ཞེས་མདའ་བསྣུན་གྱིས་སྨྲས་སོ། །བསམ་གྱིས་མི་ཁྱབ་པའི་དོན་བདེ་བ་ཆེན་པོ་གཉིས་སུ་མེད་ཅིང་ཅི་ཡང་མ་ཡིན་པའི་ཞལ་གྱི་བདུད་རྩི་ཐ་མི་དད་པའི་ཚུལ་དུ་བསྒྲུབ་པ་ནི་གཅིག་ཀྱང་མེད་དོ། །ད་ནི་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་བསྟན་པར་བྱ་སྟེ། [235b.3]སྲོག་ཆགས་ཐམས་ཅད་ཀུན་ལ་ཡང་། །དེ་ཉིད་ཡོད་དེ་རྟོགས་པ་མེད། །ཐམས་ཅད་རོ་མཉམ་རང་བཞིན་པས། །བསམ་ཡས་ཡེ་ཤེས་བླ་མེད་པའི། །དཔའ་བོ་རྣམས་ཀྱིས་བརྟགས་པའི་རིགས། །ཞེས་བྱ་བའི་དོན་ནི་ཏ་ཀ་ཧི་ཧ་ན་སྟེ་སྲོག་ཆགས་སོ། །དེ་དག་གི་དོན་གྱི་ [235b.4]ཁྱད་པར་ནི་སྣང་བའི་ངོ་བོར་གསལ་བའི་རྣམ་པ་དང་གནས་སྐབས་ཀྱི་མི་རྟོག་པའི་རང་བཞིན་དང་འདོད་པ་ཉམས་སུ་མྱོང་བའི་བདེ་བ་སྟེ་དེ་ལྟར་སངས་རྒྱས་ཀྱི་དགོངས་པ་དེ་དག་རང་བཞིན་གྱིས་ལྡན་པའི་དོན་ཏོ། །དེ་བས་ན་སེམས་ཅན་ཐམས་ཅད་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ [235b.5]རང་ཁྱབ་ཏུ་གནས་ཏེ་སྣང་གྲགས་ཀྱི་ཆོས་ཀུན་ལ་ཡང་ཏིལ་དང་མར་གྱི་ཚུལ་དུ་དེ་ཉིད་ཀྱི་ངོ་བོ་ཡོད་དེ་གྱད་ཀྱི་ནོར་བུ་དང་འདྲ་བར་རྟོག་པ་མེད་དོ། །དེ་བས་ན་ཐམས་ཅད་ཆོས་ཀྱི་སྐུར་རོ་མཉམ་པའི་རང་བཞིན་ཡིན་པས་བསམ་ཡས་ནམ་མཁའ་དང་འདྲ་བའི་ཡེ་ཤེས་བླ་ [235b.6]མའི་གདམས་ངག་གིས་ཉམས་སུ་མྱོང་བར་བྱས་པའི་རྣལ་འབྱོར་པ་དཔའ་བོ་རྣམས་ཀྱིས་བརྟག་ཅིང་མཉམ་པ་ལ་གཞག་པའི་རིགས་སོ། །ད་ནི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པ་བསྟན་པར་བྱ་སྟེ། དེ་རིང་སང་ཙམ་ལ་འདི་སྙམ། །སྐྱེས་བུ་ཕུན་སུམ་ཚོགས་འདོད་ [235b.7]པས། །ཀྱེ་ཧོ་སྙིམ་པ་ཆུས་བཀང་བཞིན། །འཛག་པ་མཐོང་ངམ་སྐྱེས་བུ་རྣམས། །ཞེས་བྱ་བའི་དོན་ནི། སྙིང་པོའི་དོན་འདི་དག་རྟོགས་པས་འཚང་རྒྱ་བ་ཡིན་ནོ་ཞེས་མིང་ལ་ཞེན་པའི་སྐྱེས་བུ་དེ་དག་གིས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ཅིང་བསྒོམ་པར་བྱ་བ་ཁོ་ན་སྟེ། ཚེ་ [236a] [236a.1]འདི་ཡུན་ཐུང་ཞིང་བྱ་བའི་རྣམ་པ་མང་པོས་འདི་ཉིད་ལ་གོམས་པར་འགྱུར་བ་ཡང་ཤིན་ཏུ་དཀའ་བའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་དེ་རིང་སང་ཙམ་ལས་འདི་བྱས་ལ་དེ་ནས་བདེ་བ་བསྒྲུབ་པ་བརྟག་པར་མི་བྱ་སྟེ། ད་ལྟ་ཉིད་ནས་བརྟུན་ཏེ་བསྒྲུབ་པར་ [236a.2]བྱའོ། །ཕྱི་མའི་དུས་ལ་བདེ་བ་འདོད་པའི་སྐྱེས་བུ་ལེ་ལོ་དང་ལྡན་པ་ཕུན་སུམ་ཚོགས་པར་འདོད་པས་དེ་དག་ལ་ཀྱེ་ཧོ་ཞེས་གདམས་པར་བྱ་སྟེ། སྙིམ་པ་ཆུས་བཀང་བ་དེ་དག་གི་དུས་དེ་ཉིད་ནས་ཟགས་ལ་ཐུག་གི་བར་དུ་འགྲིབ་པ་བཞིན་ཏེ་འཛག་པ་དང་མཚུངས་པ་ཁྱེད་ཀྱི་ཚེ་ [236a.3]འདི་དག་ཀྱང་རྟག་ཏུ་འགྲིབ་པ་མཐོང་ངམ་སྐྱེས་བུ་རྣམས་མཐོང་ངོ་ཞེས་རྟོགས་པ་རྣམས་ནི་འབད་དེ་བསྒྲུབ་པར་རིགས་སོ། །དེ་ལ་རྟོག་པ་མེད་པའི་སྐྱེས་བུ་རྣམས་ནི་བླུན་པ་སྟེ་རྟག་ཏུ་སྡུག་བསྔལ་ཞིང་འཁོར་བ་ན་གནས་པ་ཁོ་ནར་ཟད་དོ། །དེ་ཉིད་ཀྱི་ཕྱིར་མཉམ་པ་ལ་གཞག་པར་བྱ་བ་བསྟན་ཏེ། [236a.4]བྱ་བ་བྱེད་དང་བྱ་མིན་མི་བྱེད་པ། །ངེས་པར་རྟོགས་ན་འགྲོ་རྣམས་འཆིང་མི་འགྱུར། །ཡི་གེ་མེད་ལ་ཆད་པའི་ཡིད་འཇུག་པ། །གང་ཞིག་རྣལ་འབྱོར་བརྒྱ་ལ་འགའ་ཡིས་མཐོང་། །ཞེས་བྱ་བའི་དོན་ནི་བྱ་བ་བྱེད་པ་རྟོགས་པའི་རྣམ་པར་སྣང་བ་ཐམས་ཅད་དང་བྱ་བ་མི་བྱེད་པ་ [236a.5]སེམས་ཀྱི་ངོ་བོ་གནས་པ་ཐམས་ཅད་གཉུག་མའི་ངོ་བོ་སྟེ། དེ་ཉིད་ངེས་པར་རྟོགས་ནས་འགྲོ་བ་རྣམས་རང་གྲོལ་བར་གྱུར་ཏེ་འཆིང་བར་མི་འགྱུར་རོ། །དེ་བས་ན་འདི་དག་ནི་ཐུན་མོང་མ་ཡིན་པ་སྟེ། ཏ་ཡཥྚ་ནི་ཞེས་པ་སྟེ་ཡི་གེ་མེད་པའི་ཐ་ཚིག་གོ། །དེ་དག་གི་དོན་ནི་ [236a.6]བརྗོད་བྱ་དང་རྗོད་བྱེད་ཀྱི་ངོ་བོ་དང་བྲལ་བ་སྟེ་བེམས་རིག་རྣམ་པ་གཉིས་ལས་གྲོལ་བའོ། །དེ་དག་ཉམས་སུ་བླང་བར་བྱ་བ་ནི་ཆད་པ་སྟེ་ཐ་མལ་གྱི་ཤེས་པའོ། །དེ་དག་ཀྱང་དྲན་པ་རྒྱུན་ཆགས་ཀྱི་ཡིད་ལ་འཇུག་པར་འགྱུར་ཏེ། དོན་དེ་དག་ཀྱང་བླ་མ་གང་ཞིག་གིས་ [236a.7]ཉེ་བར་གདམས་ཀྱང་སྐལ་པ་དང་ལྡན་པ་དག་ལ་མཚུངས་པའི་ཕྱིར། བཏགས་པའི་མིང་ཙམ་དུ་སྦྱར་བའི་རྣལ་འབྱོར་པ་དཔག་ཏུ་མེད་པ་ཇི་སྙེད་ཅིག་གནས་ཀྱང་དོན་འདི་དག་ནི་གཅིག་ཙམ་གྱིས་མཚོན་པའི་དོན་ཉམས་སུ་མྱོང་བ་ལས་མི་སྲིད་དོ། །ད་ནི་དེ་ཉིད་ཀྱི་ [236b] [236b.1]གྲོགས་བསྟན་པར་བྱ་སྟེ། ཤིན་ཏུ་གདམས་པའི་སེམས་དེ་ནི། །ཀློང་དེ་བཞག་ན་གྲོལ་བར་འགྱུར། །རྨོངས་པ་གང་གིས་བཅིང་པའི་ངོས། །མཁས་རྣམས་དེ་ཡིས་རྣམ་པར་གྲོལ། །བཅིངས་པ་དག་ནི་ཕྱོགས་བཅུ་ཡིས། །གྲོལ་བར་རྩོལ་བ་བྱེད་པ་རྣམས། །མཐོང་བར་འགྱུར་བའི་དུས་ཉིད་དུ། ། [236b.2]མི་གཡོ་མི་འགྱུར་བརྟན་པར་གནས། །གོ་བཟློག་པ་དག་བདག་གིས་རྟོགས། །བུ་ཁྱོད་སྙིང་པོ་ལེན་པ་རྣམས། །དེ་ལྟར་རང་ལ་མཚོན་ཏེ་ལྟོས། །ཞེས་བྱ་བའི་དོན་ནི་ཁམས་གསུམ་པ་རྣམས་ཀྱི་བློ་ནི་རྩྭའི་ཕོན་ལྟ་བུ་སྟེ། རྣམ་པར་རྟོག་པའི་རྣམ་པར་རྟོག་པ་ཤིན་ཏུ་གདམས་ཤིང་ [236b.3]བཅིངས་པ་སྟེ། དེ་ལྟ་བུའི་སེམས་འདི་ནི་བླ་མ་དམ་པའི་ཞལ་གྱི་བདུད་རྩིས་གློད་དེ་བཞག་ན་རང་གྲོལ་བར་འགྱུར་རོ། །ཐ་དད་ཀྱི་རྨོངས་པ་ལ་གནས་པའི་སེམས་ཅན་གང་གིས་ཡིད་བཅིངས་པའི་དངོས་པོ་དེ་དག་བླ་མ་མཁས་པ་དེ་ཉིད་ཉམས་སུ་མྱོང་བ་རྣམས་ཀྱི་རྣམ་པར་གྲོལ་ [236b.4]བར་འགྱུར་རོ། །ཐ་དད་ཀྱི་རྟོག་པས་བཅིངས་པ་དེ་དག་ནི་ཡེ་ཤེས་ལྔ་དང་རིགས་ལྔའི་ངོ་བོས་བདག་ཉིད་རྣམ་པ་བཅུས་བློ་ལ་གནས་པར་བྱ་སྟེ། དེས་སྤང་བྱ་དང་སྤོང་བྱེད་ཀྱི་ཚུལ་གྱིས་བཅིང་པ་ལས་གྲོལ་བར་རྩོལ་བ་བྱེད་པ་རྣམས་དེ་ཉིད་ཀྱི་ཉམས་སུ་མྱོང་བས་མཐོང་བར་ [236b.5]འགྱུར་བའི་དུས་ཉིད་དུ་སེམས་མི་གཡོ་སྟེ་མཚན་མ་ལ་འཕོ་བར་མི་བྱེད་དོ། །མི་འགྱུར་ཏེ་གློ་བུར་གྱི་རྐྱེན་གྱིས་གནོན་པར་མི་འགྱུར་རོ། །བརྟན་པར་གནས་ཞེས་བྱ་སྟེ། ཤེས་པ་ཤིན་ཏུ་ཡུན་རིང་ཞིང་གཞན་དུ་བསྒྱུར་བར་མི་ནུས་པའོ། །དེ་ཉིད་ནི་བློ་ཆུང་བ་སྟེ་འཆིང་བ་དང་ [236b.6]བཅས་པར་བྱའོ། །དེ་ལ་གོ་བཟློག་པ་དག་ནི་བདག་སྟེ་རྗེ་བཙུན་པ་དག་གིས་རྟོགས་སོ། །དེ་དག་ཀྱང་ཅི་ཞེ་ན། ཞེན་པ་བཟློག་པར་བྱ་བ་ནི་མ་ཡིན་ཏེ་སྣང་སྲིད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པའི་ཕྱིར་ན་མི་གཡོ་བར་འགྱུར་རོ། །དེ་ཉིད་ལ་བརྟེན་པར་བསྒོམ་པ་མ་ཡིན་ཏེ། [236b.7]བསྒོམ་དུ་མེད་པར་ཐ་མལ་གྱི་ཤེས་པ་རྣལ་མར་བཞག་པས་ཕྱི་ནང་གི་གཡེང་བས་གནོད་པར་མི་འགྱུར་རོ། །དེ་ལྟར་ཤེས་པ་བྱིང་ཞིང་ཡུན་རིང་བ་དག་ལ་ཡོན་ཏན་དུ་བལྟ་བར་མི་བྱ་སྟེ། གར་ཡང་འགྱུར་ཞིང་དེ་ལ་ཞེན་པ་མེད་པ་ནི་དྲན་པ་ཡང་དང་ཡང་དུ་བརྟན་པ་སྟེ་བརྟག་ [237a] [237a.1]པར་གནས་སོ། །དེ་བས་ན་རྗེ་བཙུན་པ་དག་གིས་ཞལ་ནས་བུ་ཞེས་བོས་ཏེ། ཁྱོད་སྙིང་པོ་ཆོས་ཀྱི་སྐུ་ལེན་པར་འདོད་པ་རྣམས་དེ་ལྟར་རང་ལ་མཚོན་ཏེ་ལྟོས་ཤིག་ཅེས་བྱ་བའི་དོན་ཏོ། །ད་ནི་དཔེ་ཉེ་བར་བསྒྲུབ་པར་བྱ་བ་བསྟན་པར་བྱ་སྟེ། ཀྱེ་ལགས་ [237a.2]དཔའ་བོ་ལྟོས་ཤིག་དང་། །འདི་ལ་ང་ནི་མི་རྟོགས་སོ། །ལས་ཟིན་པ་ཡི་སྐྱེས་བུ་ཡིས། །དྲུང་དུ་སེམས་ཐག་གཅོད་པར་བྱོས། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་རྣམས་ལ་ཀྱེ་ཞེས་བོས་ཏེ། ཅི་ཡང་མ་ཡིན་པའི་དོན་དེ་དག་ལགས་སོ་ཞེས་བྱ་བའི་དོན་ཏེ་དཔའ་བོ་ཞེས་བྱ་བ་ནི་ [237a.3]དེ་ཉིད་དོན་དུ་གཉེར་བའི་རྣལ་འབྱོར་བའོ། །ལྟོས་ཤིག་དང་ཞེས་བྱ་བ་ནི་གོང་གི་ངོ་བོ་དེ་ཉིད་ལའོ། །སྡུག་བསྔལ་ཐམས་ཅད་ནི་ང་བདག་གི་རྣམ་པ་ལས་སྐྱེས་པ་སྟེ། ཅི་ཡང་མ་ཡིན་པའི་དོན་འདི་དག་ལ་ནི་བདག་ཏུ་འཛིན་པ་མ་རྟོགས་སོ་ཞེས་འབྱུང་བའི་ཕྱིར་བདག་མེད་རྟོགས་ [237a.4]ན་སངས་རྒྱས་ཁོ་ནའོ། །དེ་དག་ཀྱང་ཅི་ལྟ་ཞེ་ན། ལས་ཟིན་པ་ཡི་སྐྱེས་བུ་ཡིས། །ཕྱི་མའི་བྱ་བ་ལ་མ་འཇུག་གི་བར་དུ་བཟའ་གཏད་མེད་པའི་ཤེས་པ་རང་འབྱུང་དུ་སྐྱེ་བ་སྟེ། དེ་དག་ལ་གནས་པའི་རྣལ་འབྱོར་པས་དེ་ཉིད་ཀྱི་དྲུང་དུ་རྟོགས་པའི་སེམས་ཀྱི་ཐག་ཤུགས་ཀྱིས་གཅོད་ [237a.5]པར་བྱོས་ཤིག་ཅེས་བྱ་བའི་དོན་ཏོ། །ད་ནི་གཉིས་མེད་ཀྱི་དོན་དེ་དག་ལ་གདམས་པར་བྱ་སྟེ། རླུང་བཅིངས་པ་ལ་རང་ཉིད་མ་སེམས་ཀྱི། །ཤིང་གི་རྣལ་འབྱོར་སྣ་རྩེར་མ་སེམས་ཤིག །ཀྱེ་མའོ་མ་ཡིན་ལྷན་ཅིག་སྐྱེས་པ་ཡི། །གཉིས་མེད་དང་དུ་མཉམ་པའི་འདོད་ཆགས་བྱོས། ། [237a.6]ཞེས་བྱ་བའི་དོན་ནི་རྣམ་རྟོག་གི་རྟ་རླུང་གི་རྣམ་པར་དེ་དག་བཅིངས་པའི་དོན། མི་རྟོག་པ་འབའ་ཞིག་ལ་ཞེན་ན་མ་སེམས་ཀྱེ་ཞེས་གདམས་སོ། །དེ་བས་ན་ཤིང་ཞེས་ནི་ཟག་པ་མེད་པའི་ཡེ་ཤེས་གཉུག་མའི་རང་བཞིན་ཏེ་དེ་དག་ནི་འཕེལ་ཞིང་སྐྱེས་པ་འདི་ཉིད་ཀྱིས་འབྲས་བུ་ [237a.7]སྨིན་པར་བྱེད་པ་སྟེ། དང་པོའི་ཆ་མ་ཡིན་པའི་རྣལ་འབྱོར་གྱི་ཤེས་པ་མཉམ་པ་ཉིད་དེ་དག་སྣ་རྩེ་ལ་སོགས་པ་རྣམས་སུ་རྣམ་པར་རྟོགས་པ་གཏད་དེ་མ་སེམས་ཤིག །དེ་བས་ན་དེ་ལྟར་རྟོགས་པ་རྣམས་ཀྱི་ཏིང་ངེ་འཛིན་ནི་ཀྱེ་མའོ་མ་ཡིན་ཞེས་བྱའོ། །ལྷན་ཅིག་སྐྱེས་པའི་ཡེ་ [237b] [237b.1]ཤེས་དེ་དག་ནི་བདེ་བ་ཆེན་པོའི་ངང་དུ་མཉམ་པ་ཉིད་དུ་འདོད་ཆགས་བྱོས་ཞེས་བྱའོ། །ད་ནི་གཟུང་བའི་སྐྱོན་བསྟན་པར་བྱ་སྟེ། སྲིད་པའི་སྣ་རྩེར་འཆིང་བ་ཡོངས་སུ་སྤངས། །འདི་ནི་ཡིད་འདུས་པ་ལ་རླུང་གིས་རླབས། །གཡོ་ཞིང་འཕར་བར་ཤིན་ཏུ་མི་སྲུན་འགྱུར། །ཞེས་ [237b.2]བྱ་བའི་དོན་ནི་ཡིད་བཅིངས་པ་དག་ནི་སྲིད་པ་སྟེ་འཁོར་བའི་རྣམ་པ་ཡིན་ནོ། །དེའི་ཕྱིར་སྣ་རྩེར་འཆིང་པ་ལ་སོགས་པ་ཡོངས་སུ་སྤང་ངོ་། །དེའི་མི་རྟོག་པ་འདི་ནི་ཡིད་འདུས་པ་སྟེ་འཕྲེད་ལ་གནས་པའི་རླུང་ཟིན་པའོ། །དེ་ལ་སྟེང་འོག་གི་རླུང་གིས་རླབས་ན་སེམས་གཡོ་ཞིང་ལུས་ [237b.3]འཕར་བས་ཤིན་ཏུ་མི་སྲུན་པར་འགྱུར་ཏེ། སྨྱོན་པ་དང་མཚུངས་པའི་ཕྱིར་དོན་མེད་པར་འགྱུར་རོ། །དེ་ལྟར་མ་བཅིངས་པའི་ཕན་ཡོན་བསྟན་པའི་ཕྱིར། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་གྱུར་ན། །དེའི་ཕྱིར་བདག་ཉིད་བརྟན་པར་འགྱུར་བ་སྟེ། གང་ཞིག་ཡིད་ནི་ [237b.4]ཉེ་བར་འགགས་གྱུར་ན། །ལུས་ནི་འཆིང་པ་རྣམ་པར་འཆད་པར་འགྱུར། །ཞེས་བྱ་བའི་དོན་ནི། སྣང་བ་དང་སེམས་ལྷན་ཅིག་སྐྱེས་པའི་རང་བཞིན་ཅི་ཡང་མ་ཡིན་པའི་ངོ་བོར་གནས་གྱུར་ན། ཆོས་ཀྱི་སྐུ་དེའི་བདག་ཉིད་བརྟན་པར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་གཉུག་ [237b.5]མ་ལ་གོམས་པར་འགྱུར་བ་དེའི་ཕྱིར་ཡིད་ཀྱི་རྟོག་པ་ནི་ཉེ་བར་འགག་པར་འགྱུར་བས་ན། ལུས་ཀྱི་འཆིང་བ་འཆར་བར་འགྱུར་བ་དང་བདེ་བ་ལ་ཞེན་པ་ལ་སོགས་པ་རྣམ་པར་འཆད་པར་འགྱུར་རོ། །ད་ནི་ཉམས་མྱོང་གི་རྟགས་བསྟན་པར་བྱ་སྟེ། དབུས་སུ་ལྷན་ཅིག་ [237b.6]སྐྱེས་དང་རོ་མཉམ་པས། །དེ་ཚེ་དམངས་རིགས་དག་དང་བྲམ་ཟེ་མེད། །ཅེས་བྱ་བའི་དོན་ནི། སེམས་དང་སྣང་བ་གཉིས་ཀྱི་དབུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རོ་མཉམ་པར་འགྱུར་བའི་རེ་དོག་མེད་པའི་དོན་དེ་ཉིད་རྟོགས་ཤིང་གཉིས་འཛིན་མེད་ཅིང་ [237b.7]གཟའ་གཏད་དང་བྲལ་བའི་ངོ་བོ་ཉམས་སུ་མྱོང་བ་ལས་བླང་དོར་མེད་པའི་སྤྱོད་པ་དག་འབྱུང་བར་འགྱུར་ཏེ། དེའི་ཚེ་ཉམ་ང་བར་འགྱུར་བ་མེད་པའི་ཕྱིར་ཐ་དད་ཀྱི་རྟོག་པ་དང་བྲལ་བས་དམངས་རིགས་དང་བྲམ་ཟེ་མེད་དོ་ཞེས་བྱའོ། །ད་ནི་གྲགས་པའི་དཔེའི་སྒོ་ནས་དོན་ [238a] [238a.1]མཚོན་པར་བྱ་སྟེ། འདི་ནས་ཟླ་བའི་རྒྱ་མཚོ་ཉིད་དང་ནི། །འདི་ནས་གངྒཱའི་རྒྱ་མཚོའི་བར་དག་དང་། །བཱ་རཱ་ཎ་སཱིའི་ཁོར་ཡུག་བར་དག་ནི། །འདི་ནི་ཟླ་བ་རྒྱས་པ་གསལ་བྱེད་ཅིང་། །བྱང་ཆུབ་སེམས་ཀྱི་རི་བོང་གིས། །སེམས་ཅན་རྒྱ་མཚོ་ [238a.2]གསལ་བར་བྱེད། །དྲན་པ་གངྒཱའི་མཚོ་དག་གིས། །ཡུལ་ཆེན་བཱ་རཱ་ཎ་སཱིར་གསལ། །ཟླ་བ་འགྲིབ་དང་རྒྱས་པ་ནི། །ཟླ་བར་འགྱུར་བ་མ་ཡིན་ཏེ། །ཉི་མའི་རྐྱེན་གྱིས་འཕེལ་འགྲིབ་སྣང་། །ཟླ་བ་ལྟ་བུའི་སེམས་ཉིད་ལ། །འཕེལ་དང་འགྲིབ་པ་ཡོད་མེད་དེ། །རྟོག་ [238a.3]པའི་དབང་གིས་དེ་ལྟར་སྣང་། །དེ་ཕྱིར་རྟོག་པ་བསལ་བའི་ཕྱིར། །གཉུག་མའི་གྲོགས་དང་བཅས་པས་འབད། །འབད་པ་ངལ་བ་མེད་འགྱུར་ཏེ། །ཀྱེ་ཧོ་དང་པོའི་རྟེན་ལ་སྨྲོས། །ཞེས་བྱ་བའི་དོན་ནི། དཔེ་དག་གིས་ཉེ་བར་མཚོན་པའང་། །གཉུག་མའི་དོན་ཁོ་ན་ཉིད་ [238a.4]བརྗོད་པར་བྱ་སྟེ། འདི་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་སོ། །ཟླ་བ་རྒྱ་མཚོ་ཞེས་བྱ་བ་ནི་ལྟོ་ཕྱོགས་ཀྱི་ངོས་དཔག་ཚད་བཅུ་གཉིས་པ་དག་ནའོ། །དེ་དག་ནི་ཆུ་ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ་ཁོར་ཡུག་ཏུ་དཔག་ཚད་བཞི་བཅུ་རྩ་ [238a.5]བརྒྱད་པ་ཡོད་པ་སྟེ། དེ་དག་གི་ནང་ན་ནོར་བུ་རིན་པོ་ཆེ་ཧུ་ལུ་ཨིནྡྲ་ཞེས་བྱ་བ་ལས་དཔག་ཚད་གཅིག་གྱེན་དུ་འཕགས་པ་ཡོད་དེ། དེ་དག་ལ་ཟླ་བའི་འོད་ཀྱིས་ཕོག་པའི་དུས་སུ་ཆུའི་རྒྱུན་འབྱུང་བར་འགྱུར་ཞིང་འོད་ཀྱང་ཕྱོགས་བཅུར་འཕྲོའོ། །འདི་ནས་གངྒཱའི་རྒྱ་མཚོར་དཔག་ཚད་ [238a.6]བཅུ་གཉིས་ཏེ། དེ་དག་གི་བར་དག་ཏུ་རིན་པོ་ཆེའི་འོད་ཀྱིས་ཁྱབ་ཅིང་ཁྱད་པར་དུ་ཆུ་དེ་དག་གསལ་བར་བྱེད་དོ། །འོད་དེ་དག་དང་འབྲེལ་བའི་གངྒཱའི་ཆུའི་ནང་ན་རིན་པོ་ཆེ་ཨསྨ་གརྦྷ་ཞེས་བྱ་བ་ཡོད་དེ། དེའི་འོད་ཀྱིས་ཡུལ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་གྱི་དབུས་ན་མཆོད་རྟེན་ད་ཤ་ཀ་ [238a.7]ཞེས་བྱ་བ་ཡོད་དེ། དེ་དག་གི་རྩེ་མོ་ལ་ནོར་བུ་རིན་པོ་ཆེ་མུ་ས་ལ་གརྦྷ་ཞེས་བྱ་བ་གནས་ཏེ། དེ་དག་ལ་ཁྱད་པར་བྱེད་དོ། །དེའི་འོད་ཀྱིས་བཱ་རཱ་ཎ་སཱིའི་ཁོར་ཡུག་གི་བར་ཐམས་ཅད་འོད་ཀྱིས་གང་བར་བྱེད་ཅིང་ཁྱད་པར་དུ་ཡོ་བྱད་ཐམས་ཅད་ཀྱི་མདོག་ཀྱང་གསལ་བར་བྱེད་དོ། ། [238b] [238b.1]དེ་བས་ན་གྲོང་ཁྱེར་འདི་ནི་ཟླ་བ་རྒྱས་པ་གསལ་བྱེད་པ་སྟེ་ཟླ་བ་ཉིད་ཀྱི་མཐུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུའི་རི་བོང་གིས་སེམས་ཅན་གྱི་རྒྱ་མཚོ་ཐམས་ཅད་ལ་གསལ་བར་བྱེད་དེ་དེ་དག་ལ་ཡེ་ཤེས་ཀྱི་ནོར་བུ་རིན་པོ་ཆེ་རང་འབྱུང་དུ་གནས་སོ། ། [238b.2]དེའི་འོད་ལེན་པར་བྱེད་པ་ཡང་དྲན་པ་རྒྱུན་ཆགས་ཏེ་གངྒཱའི་མཚོ་ལྟ་བུའོ། །དེ་དག་གི་ནང་ན་ཆོས་ཀྱིས་རྟོག་པར་བྱེད་པའི་ནོར་བུ་གནས་ཏེ། སྐལ་བ་དང་ལྡན་པའི་ཡུལ་ཚོགས་ཆེན་པོ་བསགས་པའི་གང་ཟག་བཱ་རཱ་ཎ་སཱིར་གསལ་ལོ། །དེ་དག་ནི་ཐ་མལ་གྱི་ཤེས་པའི་མཆོད་ [238b.3]རྟེན་གྱི་རྩེ་མོ་ལ་ཉམས་སུ་མྱོང་བའི་ནོར་བུ་རིན་པོ་ཆེ་གནས་སོ། །སྣང་སྲིད་བདེ་བ་ཆེན་པོའི་འོད་འབྱིན་པར་བྱེད་དོ། །དེའི་འོད་ཀྱི་ཁྱད་པར་དུ་སྣ་ཚོགས་དུ་མའི་ཡོ་བྱད་ཐམས་ཅད་རོ་གཅིག་ཏུ་མདོག་འབྱིན་ཏོ། །དེ་ཡང་རྟོགས་པ་དང་ལྡན་པའི་གང་ཟག་རྣམས་ལ་མི་སྣང་བའི་ཕྱིར་ [238b.4]དཔེ་བརྗོད་པར་བྱ་སྟེ། ཟླ་བ་ཉིད་ལ་འགྲིབ་པ་དང་རྒྱས་པ་ནི་ཡོད་པ་མ་ཡིན་ཏེ་ཟླ་བ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་འཕེལ་འགྲིབ་ཀྱི་རྣམ་པ་ཡང་ཉི་མ་དང་ཉེ་བ་དང་རིང་བའི་རྐྱེན་གྱིས་འཕེལ་བ་དང་འགྲིབ་པར་སྣང་ངོ་། །དཔེ་དེ་བཞིན་དུ་ཟླ་བ་ལྟ་བུའི་འོད་དོན་དམ་པ་བྱང་ཆུབ་ཀྱི་ [238b.5]སེམས་དེ་ཉིད་ལ་ནི་ཐོག་མ་ཉིད་ནས་མ་བཅོས་པ་རྣལ་མའི་རང་བཞིན་ཡིན་པའི་ཕྱིར་སྐལ་པ་དང་ལྡན་པ་རྣམས་འཕེལ་བ་དང་སྐལ་བ་མེད་པ་རྣམས་ལ་འགྲིབ་པ་ཡང་མེད་དོ། །བློ་ཆུང་བའི་གང་ཟག་རྣམས་ཀྱིས་ཐ་དད་ཀྱི་རྟོག་པའི་ངོ་བོར་བརྟགས་པའི་དབང་གིས་དེ་ལྟར་སྣང་བ་ [238b.6]དང་། ཆོས་ཐམས་ཅད་ཅི་ཡང་མ་ཡིན་པའི་ངོ་བོ་ཐ་མལ་གྱི་ཤེས་པས་ཉམས་སུ་མྱོང་བར་བྱ་བ་རྟོགས་པས་འཕེལ་འགྲིབ་ཀྱི་ཚུལ་དུ་སྣང་སྟེ་དེ་ལྟར་མ་རྟོགས་པ་རྣམས་ཀྱི་ནི་རྟོགས་པར་བྱ་བའི་ཕྱིར་རྟོག་པ་བསལ་བར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གཉུག་མའི་དེ་བཞིན་ཉིད་བསྒོམ་ཞིང་ [238b.7]དེའི་གྲོགས་བསོད་ནམས་ཀྱི་ཚོགས་དང་སྙིང་རྗེ་དང་བཅས་པ་ལ་འབད་པར་བྱའོ། །རྩོལ་སྒྲུབ་དང་བཅས་པར་ཐལ་ལོ་ཞེ་ན། བྱིས་པའི་ངང་ཚུལ་ཅན་རྣམས་ལ་རྟོག་པར་བྱ་བའི་ཡན་ལག་ཏུ་སྨྲས་པ་སྟེ་ཆེན་པོ་པ་རྣམས་ལ་ནི་འབད་པ་ངལ་མེད་འགྱུར་ཏེ་ཞེས་བྱ་བ་སྟེ་རྩོལ་ [239a] [239a.1]བར་བྱ་བ་མ་ཡིན་པའི་ཐ་ཚིག་གོ། །དེ་བས་ན་ཐབས་ཁྱད་པར་ཅན་ལ་གདམས་པའི་ཕྱིར་ཀྱེ་ཧོ་ཞེས་བྱའོ། །དང་པོའི་རྟེན་ཞེས་བྱ་བ་ནི་ཐ་མལ་གྱི་ཤེས་པ་སྟེ་དེ་དག་ཉམས་སུ་མྱོང་བར་བྱ་བ་ལ་སྨྲོས་ཞེས་བྱའོ། །ད་ནི་གྲོགས་དང་བཅས་པའི་དེ་ཁོ་ན་ [239a.2]ཉིད་མཐོང་བར་འགྱུར་བར་བྱ་བ་བསྟན་པར་བྱ་སྟེ། ཞིང་ཀུན་གནས་དང་ཉེ་བའི་གནས་ཚོགས་སུ། །ཕྱིན་ཏེ་བལྟས་པས་རྟོག་པར་ང་སྨྲས་པ། །ལུང་དང་དྲན་པའི་མུ་ནས་བཟུང་བའི་ཚེ། །དགེ་བ་ང་ཡིས་ཡང་དག་ངེས་པར་མཐོང་། །ང་ཡིས་རྨི་ལམ་དུ་ཡང་མཐོང་བ་མེད། ། [239a.3]རི་བོའི་ཁྲོད་དུ་གནས་ཏེ་བག་ཡོད་བྱོས། །ཞེས་བྱ་བའི་དོན་ནི། ཏ་ན་ཏ་ཧ་ར་ཞེས་བྱ་བ་སྟེ་དེ་དག་ནི་ཞིང་དང་ཉེ་བའི་ཞིང་ངོ་། །དེའི་དོན་བསྙད་པར་བྱ་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། །སློབ་མ་སྐལ་ལྡན་མཚུངས་པ་དང་པོའི་ཞིང་། །བླ་མ་ཉམས་མྱོང་དག་པ་གཉིས་མེད་ཞིང་། ། [239a.4]ཞེས་བྱ་བའི་ཕྱིར་སྐལ་པ་ཉེ་བར་མཚུངས་པ་དང་ལྡན་པའི་སློབ་མ་དང་དེ་ཁོ་ན་ཉིད་ཉམས་སུ་མྱོང་བར་བྱེད་པའི་བླ་མའི་སྟེ་དེ་དག་ལ་སྦྱར་བར་བྱའོ། །དེ་ལ་ཇི་ལྟར་ཞེ་ན། ཀེང་རི་བ་ཧ་ན་ར་ཞེས་བྱ་བ་སྟེ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དོ། །དེ་དག་གི་དོན་ནི་རྒྱུད་དེ་ཉིད་ལས། །སློབ་ [239a.5]མའི་དུར་ཁྲོད་དེས་པར་གསོལ་བ་འདེབས། །རྫོགས་པའི་སངས་རྒྱས་འབྱུང་བ་ལུས་ཀྱི་ཁྲོད། །བླ་མ་དེ་ཡིས་ཉེ་བར་སྨིན་པར་བྱེད། །དག་པའི་གདམས་ངག་དག་གིས་ཉེ་བར་སྟོན། །ཞེས་འབྱུང་བའི་ཕྱིར་སློབ་པ་པོ་དག་གིས་གུས་པ་དང་ལྡན་པས་བླ་མ་ལ་གསོལ་བ་བཏབ་ [239a.6]སྟེ། བཏབ་པའི་དོན་དེ་ཉིད་མི་བསླུ་བའི་དོན་དུ་ཞལ་གྱི་བདུད་རྩི་དག་གིས་རྒྱུད་ཡོངས་སུ་སྨིན་པར་བྱས་ཏེ་དེ་དག་ལ་སྦྱར་བར་བྱའོ། །དེ་ཡང་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། གི་ས་ར་ནི་སུའི་ཧ་ཞེས་བྱ་སྟེ། ཚནྡོ་ཧ་དང་ཉེ་བའི་ཚནྡོ་ཧའོ། །དེ་དག་གི་དོན་ནི་ཡང་རྒྱུད་དེ་ཉིད་ [239a.7]ལས། ཐ་མལ་ཤེས་པས་བརྒྱན་པ་ཚནྡོ་ཧ། །དེ་ཉིད་གོམས་པར་གྱུར་པ་ཉེ་བར་མཆོག །ཅེས་འབྱུང་བའི་ཕྱིར། བླ་མ་ལས་ཐོས་པའི་དོན་དེ་དག་ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་བར་བྱས་ཤིང་དུས་ཐམས་ཅད་དུ་གོམས་པར་བྱེད་པ་སྟེ་དེ་དག་ཏུ་སྦྱར་བར་བྱའོ། །དེ་དག་ [239b] [239b.1]ཀྱང་གང་དང་ལྡན་པར་འགྲུབ་ཅེ་ན། ཨུ་ཎི་ལ་མ་ཧ་པོ་ཏི་ཧ་ར་ཎི་ཞེས་བྱ་སྟེ། གནས་དང་ཉེ་བའི་གནས་སོ། །དེ་ཉིད་གསལ་བར་བྱ་བ་ཡང་རྒྱུད་དེ་ཉིད་ལས། སྣང་སྲིད་བདེ་ཆེན་བླ་མ་དྲན་པ་དང་། །སེམས་ཉིད་བླ་མ་མཆོག་སྟེ་གནོད་མི་བྱེད། །གནས་དང་ཉེ་བའི་གནས་ལ་རྙེད་ [239b.2]ནས་ཀྱང་། །སྐད་ཅིག་གཅིག་ལ་རྡོ་རྗེ་ཆོས་ཀྱི་སྐུ། །ཞེས་འབྱུང་བའི་ཕྱིར་དུས་རྟག་ཏུ་བླ་མ་མི་བརྗེད་པར་བྱ་བ་དང་། སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ་གཉུག་མའི་ངོ་བོ་ཉིད་དུ་རྟོགས་པར་བྱ་བ་ནི་གནས་སོ། །དུས་རྟག་ཏུ་སེམས་ཉིད་བླ་མ་དམ་པའི་ཚུལ་དུ་བཀུར་བར་བྱེད་ [239b.3]ཅིང་སེམས་ལ་མི་གནོད་པའི་ལམ་གྱིས་དུས་ཐམས་ཅད་དུ་ཆུ་བོ་ལྟ་བུར་སེམས་ཆོས་ཀྱི་སྐུར་གཞག་པ་ནི་ཉེ་བའི་གནས་སོ། །དེ་དག་ཀྱང་ཇི་ལྟ་བུའི་ཚུལ་དུ་བཅས་པར་བྱ་ཞེ་ན། ཀ་ན་ཏོ་པི་ཧའི་ན་ར་ཏེ་འདུ་བ་དང་ཉེ་བའི་འདུ་བའོ། །དེ་ཡང་རྒྱུད་དེ་ཉིད་ལས། གསལ་དང་ [239b.4]མི་རྟོག་བདེ་བ་དང་། །དབྱེར་མི་ཕྱེད་ཀྱི་དེ་ཉིད་ནི། །སྤྱོད་ལམ་བཞི་ལ་ཁྱད་མེད་པ། །གོམས་པའི་གནས་ཏེ་འདུ་བའོ། །དུར་ཁྲོད་གྲོང་ཁྱེར་ཚོགས་རྣམས་སུ། །འཇིགས་པ་མེད་པར་རྒྱུ་བྱེད་ཅིང་། །ཆགས་པ་མེད་པར་སློང་མོ་བྱེད། །ཁ་ཊྭཱཾ་འཛིན་ཅིང་མུ་ཅོར་སྨྲ། །འདི་ནི་ཉེ་བའི་འདུ་བ་ [239b.5]སྟེ། །དམ་པ་རྣམས་ཀྱི་ལམ་ཡིན་ནོ། །ཞེས་བྱ་བའི་དོན་ནི། ཞིང་ཀུན་གནས་དང་ཉེ་བའི་གནས་དང་ཚོགས་སུ་ཞེས་སྦྱར་རོ། །ཕྱིན་ཏེ་ཞེས་བྱ་བ་ནི་གོ་རིམས་དེ་ཉིད་ཀྱི་ཚུལ་ལོ། །བལྟས་པས་ཞེས་བྱ་བ་ནི་དེ་དག་གི་ཚུལ་མ་ཉམས་པར་ཉམས་སུ་བླངས་པའོ། །དེ་ཉིད་ [239b.6]ཀྱིས་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ་ཞེས་རྗེ་བཙུན་པ་དག་གིས་གསུངས་སོ། །དེ་ཉིད་བླ་མ་དམ་པའི་ལུང་དང་དྲན་པ་རྒྱུན་ཆགས་ཀྱིས་གཉུག་མའི་མུ་ནས་བཟུང་སྟེ། ཅི་སྣང་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོར་ངོ་བོར་སྣང་བའི་ཚེ་དེ་ནི་ཐུན་ [239b.7]མོང་མ་ཡིན་པའི་དགེ་བར་ཡང་དག་པར་མངོན་པར་ཤེས་པས་ངེས་པར་གཟིགས་སོ། །དེ་དག་ལ་རྒྱུ་འབྲས་ཀྱི་ཚུལ་དུ་འཐོབ་པར་འགྱུར་བ་ཡོད་དམ་ཞེ་ན། ང་ཡིས་ཞེས་བྱ་སྟེ་རྗེ་བཙུན་པ་དག་གིས་ཀྱང་དེ་ཉིད་མི་སྲིད་པའི་ཕྱིར་རོ། །རྨི་ལམ་དུ་ཡང་མཐོང་བ་མེད་དོ། ། [240a] [240a.1]དངོས་སུ་རྒྱུ་འབྲས་ཀྱི་ཚུལ་དུ་འབྱུང་བར་ལྟ་སྨོས་ཀྱང་ཅི་དགོས། འོ་ན་འབྲས་བུ་དེ་དག་འཐོབ་པར་འགྱུར་བ་མ་ཡིན་ནམ་ཞེ་ན། ལུས་ཀྱི་རི་བོའི་ཁྲོད་དུ་ཐ་མལ་གྱི་ཤེས་བས་རྣལ་འབྱོར་བ་གནས་ཏེ། དྲན་པ་རྒྱུན་ཆགས་ཀྱི་བག་ཡོད་པར་བྱོས་ [240a.2]ཤིག་ཅེས་པའམ། ལས་དང་པོ་པ་རྣམས་ཀྱི་རི་བོ་དང་དགོན་པ་དང་ཆུ་འགྲམ་དང་དུར་ཁྲོད་དུ་གནས་ཏེ་སྤྱོད་ལམ་ཐམས་ཅད་དུ་དེ་ཁོ་ན་ཉིད་ལས་མི་གཡེངས་པར་བག་ཡོད་པར་བྱོས་ཤིག་དང་རྟོག་པའི་སྐད་ཅིག་དེ་ཉིད་ལས་སངས་རྒྱས་པར་འགྱུར་རོ། །ད་ནི་གཉུག་མའི་ [240a.3]དོན་དེ་ཉིད་ཀྱི་རྟེན་མཚོན་པར་བྱ་སྟེ། །འདབ་ལྡན་པད་སྡོང་གེ་སར་གྱི་དབུས་ན། །ཤིན་ཏུ་ཕྲ་བའི་རྣལ་མའི་ཁ་དོག་ལྡན། །བྱེ་བྲག་བོར་ཅིག་རྨོངས་པ་མྱ་ངན་གྱིས། །གདུངས་པ་འབྲས་བུ་མེད་པར་མ་བྱེད་ཅིག །ཅེས་བྱ་བའི་དོན་ནི། འདབ་ཅེས་བྱ་བ་ནི་ཤ་བརྩེགས་པའི་ [240a.4]འདབ་མ་སྟེ། དེ་དང་ལྡན་པ་ནི་ཀེང་རུས་ཀྱི་རུས་པའི་ཚོགས་སོ། །པད་ཅེས་བྱ་བ་ནི་མདངས་ཉེ་བར་འཛིན་པ་སྟེ་ཁྲག་གོ། །སྡོང་ཞེས་བྱ་བ་ནི་ལུས་བརྟན་པར་བྱེད་པ་སྟེ། རྩའི་རྒྱལ་པོ་ཨ་ཝ་དྷཱུ་ཏཱི་ལ་སོགས་པའི་ནང་ན་གནས་པའི་བྱང་ཆུབ་ཀྱི་སེམས་སོ། །གེ་སར་ཞེས་བྱ་བ་ནི་ [240a.5]འཁོར་ལོ་རྣམ་པ་དྲུག་གི་འདབ་མའོ། །དེ་དག་གི་དབུས་ན་གནས་པའི་ཐིག་ལེ་སྟེ་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན་གནས་པ་ན་རྟོག་པ་མེད་པའི་ཐིག་ལེའོ། །དེ་ཡང་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། །ཤ་ཡི་འདབ་མ་ཡོངས་སུ་རྫོགས་པའི་ནང་། །ཀེང་རུས་ཚོགས་ [240a.6]ཀྱིས་ཡོངས་སུ་གང་བར་བྱས། །འདབ་མ་ཁྲག་གི་མདངས་ཀྱིས་དྲོད་འཛིན་ཏེ། རྩ་བརྩེགས་སྡོང་བོའི་ཚུལ་དུ་ངེས་པར་གནས། །གེ་སར་འཁོར་ལོ་དྲུག་ནི་རྣམ་པར་བཀྲམ། །སྡོང་པོ་བྱང་ཆུབ་སེམས་ཀྱི་ལུས་བསྟན་ཏེ། །ཆོས་ཀྱི་འཁོར་ལོའི་དབུས་ན་ཐིག་ལེ་མཆོག །ཤིན་ཏུ་ཕྲ་ [240a.7]བ་རྣལ་མའི་ཁ་དོག་ལྡན། །ཞེས་འབྱུང་བའི་ཕྱིར་རྟོག་པ་མེད་པའི་ཐིག་ལེ་དེ་དག་ནི་གཉུག་མའི་དེ་ཁོ་ན་ཉིད་སྐྱེད་པར་བྱེད་དེ། དེ་དག་ནི་ཤིན་ཏུ་བརྟགས་དཀའ་བའི་ཕྱིར་ཟབ་ཅིང་ཕྲ་བའི་རྣལ་མ་སྟེ། རྒྱ་མཚོ་ལྟ་བུའོ། །དེ་ཡང་ཐ་མལ་གྱི་ཤེས་པ་གསལ་བ་དང་མི་རྟོག་པ་དང་བདེ་བ་ [240b] [240b.1]དང་ཉམས་སུ་མྱོང་བར་བྱེད་པ་སྟེ་ཆོས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་རྣལ་མའི་ཁ་དོག་དང་ལྡན་ཞེས་བྱའོ། །དེ་ཉིད་ཀྱི་ངོ་བོ་ཉམས་སུ་མྱོང་བ་ལ་ནི་རེ་དོགས་གཉིས་འཛིན། བླང་དོར་གྱི་རྣམ་པ་ཡོད་པ་མ་ཡིན་ཏེ། འབྲས་བུ་ཐམས་ཅད་ཀྱི་མཆོག་གོ། །དེ་བས་ན་ཐ་དད་བྱེ་བྲག་བོར་ཅིག་ [240b.2]དེ་ཅིའི་ཕྱིར་ཞེ་ན། ཐ་དད་ཀྱི་རྟོག་པས་བསྒྲིབས་པའི་རྨོངས་པ་དེ་དག་ལ་འཁོར་བའི་མྱ་ངན་གྱིས་གདུངས་པས་སྡུག་བསྔལ་བར་འགྱུར་ཏེ། དེ་ཁོ་ན་ཉིད་ཀྱི་འབྲས་བུ་མེད་པར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །ད་ནི་སྤྱི་དང་མཚུངས་པའི་དཔེ་བརྗོད་པར་བྱ་སྟེ། གོང་དུ། ཚངས་པ་ [240b.3]ཁྱབ་འཇུག་མིག་གསུམ་པ། །འཇིག་རྟེན་མ་ལུས་ཞི་བར་འགྱུར། །ཞེས་པ། རིགས་མེད་དག་ལ་མཆོད་གནས་ལས་ཀྱི་མཐའ། །རྟོག་པ་དེ་ཉིད་ཡང་དག་ཟད་པར་འགྱུར། །ཞེས་བྱ་བའི་དོན་ནི། གཉུག་མའི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱི་རོལ་པ་དག་གིས་ཀྱང་འདི་དག་དང་ཉེ་བར་ [240b.4]མཚུངས་པར་གྱུར་ཀྱང་དོན་མེད་པར་འགྱུར་རོ། །དེས་ཀྱང་ཅི་ཞེ་ན། གང་དུ་ཞེས་བྱ་བ་ནི་ཕྱི་རོལ་བ་རྣམས་ཀྱི་རིགས་སོ། །ཚངས་པ་ཁྱབ་འཇུག་མིག་གསུམ་པ། །ཞེས་བྱ་བ་ནི་ལྷ་དབང་ཕྱུག་ཆེན་པོའི་རྟེན་ལ་བྱའོ། །དེ་དག་གི་སྨྲ་བའི་ཚུལ་ནི་ལྷ་ཆེན་པོ་དག་ལ་མཆོད་པ་ཕུལ་ནས་དེ་ [240b.5]དག་མཉེས་པར་གྱུར་བས། འཇིག་རྟེན་མ་ལུས་ཐམས་ཅད་ཞི་བ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བ་སྟེ། འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་རིགས་མེད་པ་དེ་དག་ལ་མཆོད་པ་ལ། ལས་ཀྱི་མཐའི་རྟོག་པ་དེ་ཉིད་ཟད་པར་འགྱུར་ཞེས་ཏེ་འགྱུར་བ་མ་ཡིན་ཏེ་དོན་མེད་ [240b.6]དོ། །དེ་བས་ན་བདག་དང་གཞན་དུ་འཛིན་པ་ཐམས་ཅད་ཀྱང་ཐ་དད་དུ་རྟོགས་པའི་ཕྱིར་དེ་དང་མཚུངས་པ་ཉིད་དོ། །དེ་ནི་མི་མཐུན་པ་དེ་ཉིད་དཔེར་བསྒྲུབ་པར་བྱ་སྟེ། གང་དུ་ཞེས་བྱ་བའི་རྣལ་འབྱོར་བ་གང་གིས་སོ། །ཚངས་པ་ཞེས་བྱ་བ་ནི་ཐ་མལ་གྱི་ཤེས་པ་སྟེ་དེ་དག་ལ་རྟོགས་ [240b.7]པའི་སྐྱོན་གྱིས་མ་གོས་པའོ། །སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་དེའི་ངོ་བོས་ཁྱབ་པའོ། །བླ་མ་དམ་པ་དག་གིས་བསྟན་པ་དེ་ཉིད་ལ་འཇུག་པར་ནུས་པ་ན་གསལ་བ་དང་མི་རྟོག་པ་དང་བདེ་བའི་མིག་གསུམ་དང་ལྡན་པ་སྟེ། དེ་ལྟར་རྟོག་པ་ན་འཇིག་རྟེན་གྱི་རྣམ་པར་རྟོག་པ་ཐམས་ཅད་མ་ [241a] [241a.1]ལུས་པར་ཞི་བར་འགྱུར་རོ་ཞེས་པ་ནི་བླ་མ་དམ་པས་གདམས་པའོ། །དེ་དག་ལ་རིགས་མེད་ད་ཅི་ཡང་མ་ཡིན་པའི་ཕྱིར་རོ། །དེ་དག་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་མཆོད་པར་ཕུལ་ཏེ། གཉུག་མའི་ངོ་བོ་ཉིད་ལ་གནས་ན་ལས་ཀྱི་མཐའི་རྟོག་པ་ [241a.2]ཐམས་ཅད་དེ་ཉིད་དུ་ཡང་དག་པར་ཟད་པར་འགྱུར་རོ། །ད་ནི་རྟོགས་པར་དཀའ་བའི་གདམས་ངག་ལ་རག་ལས་པ་བསྟན་པར་བྱ་སྟེ། ཀྱེ་ཧོ་བུ་ཉོན་མཆོད་པའི་ཚོགས་དང་བྱ་བ་མང་སྨྲ་དང་། །ཡང་དག་གནས་ཤེས་པ་ཞེས་ཟེར་བ་སྟེ། །འགྲོ་བ་མཆོད་ཅིང་འདོན་པ་ལ་ [241a.3]སོགས་པས། །དེ་ནི་ཤེས་པར་ནུས་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ནི། དམ་པ་རྣམས་ཀྱི་གདམས་ངག་གདམས་པར་བྱ་ཞིང་ཐ་སྙད་ཙམ་དུ་དོན་དུ་གཉེར་བར་མི་བྱ་སྟེ། དེ་དག་ལ་གདམས་པའི་དོན་ནི། བུ་ཞེས་པ་ནི་ཁམས་གསུམ་པ་རྣམས་ལ་བོས་ནས་ཡང་དག་པའི་དོན་ལ་ [241a.4]གཞོལ་བ་ལ་དགོད་པའི་ཕྱིར་ཉོན་ཞེས་བྱའོ། །མཆོད་པའི་ཚོགས་དང་ཞེས་བྱ་བ་ནི་བདུན་རྣམ་པར་དག་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ལ་སོགས་པའོ། །བྱ་བ་མང་པོ་སྨྲ་དང་ཞེས་བྱ་བ་ནི་དོན་ཆུང་ངུ་དང་དོན་མེད་པའི་བསྟན་བཅོས་འཆད་པ་དག་གོ། །ཡང་དག [241a.5]གནས་ཞེས་བྱ་བ་ནི་རྨོངས་པའི་བསམ་གཏན་པ་དག་སྟེ། འགྲོ་བ་ཐ་སྙད་ཀྱི་བརྗོད་པ་དག་འཆད་ཅིང་ཕ་རོལ་པོ་འདོན་པ་ལ་སོགས་པས་བླ་མ་དམ་པའི་གདམས་ངག་དང་བྲལ་བའི་ཕྱིར། དེ་ཁོ་ན་ཉིད་ཀྱི་དོན་དེ་ནི་ཤེས་པར་ནུས་པ་མ་ཡིན་ནོ། །དེ་བས་ན་ཡང་དག་པའི་དོན་ [241a.6]ལས་མ་ཡེངས་ཤིང་ཇི་བཞིན་པའི་དོན་དེ་ཉིད་ལ་བསྒོམ་པར་བྱའོ། །ད་ནི་སྙིང་པོའི་དོན་དེ་ཉིད་དུ་རྟོགས་པའི་དཀའ་བ་བསྟན་པར་བྱ་སྟེ། ཀྱེ་ཧོ་བུ་ཉོན་དེ་ཉིད་སྣ་ཚོགས་ཀྱི། །རོ་འདི་བསྟན་པར་བརྗོད་པ་མ་ཡིན་ཏེ། །བདེ་བའི་གནས་མཆོག་རྟོགས་པ་སྤངས་པ་ནི། ། [241a.7]འགྲོ་བ་ཉེ་བར་སྐྱེ་བ་ཇི་བཞིན་ནོ། །བློ་ནི་རྣམ་འགག་ཡིད་ནི་རང་ཞི་བས། །གང་དུ་མངོན་པའི་ང་རྒྱལ་འཆད་པ་ནི། །སྒྱུ་མའི་རང་བཞིན་མཆོག་ཏུ་རྟོག་པ་སྟེ། །དེ་བས་བསམ་གཏན་འཆིང་བ་དེས་ཅི་བྱ། །དངོས་པོར་སྐྱེས་བ་མཁའ་ལྟར་རབ་ཞི་ན། །དངོས་པོ་སྤངས་ན་ཕྱི་ [241b] [241b.1]ནས་ཅི་ཞིག་བྱ། །དེ་རིང་དཔལ་ལྡན་མགོན་པོས་བསྟན་པ་ཡིས། །དབྱེ་བ་རྣམ་སྤངས་དེ་ལ་གནས་པར་བྱོས། །ཞེས་བྱ་བའི་དོན་ནི། བརྗོད་པར་དཀའ་བའི་དོན་དེ་ཉིད་ལ་གདམས་པའི་ཕྱིར་ཀྱེ་ཧོ་ཞེས་བྱའོ། །བུ་ཉོན་ཞེས་བྱ་བ་ནི་སྨོས་པ་ཁོ་ནར་ཟད་དོ། །དེ་ཉིད་ཅེས་བྱ་བ་ [241b.2]ནི་རང་བཞིན་གཉུག་མ་ཇི་ལྟ་བ་ལ་བྱའོ། །དེ་ཉིད་སྣ་ཚོགས་ཀྱི་ངོ་བོར་སྣང་སྟེ་བདེ་བ་ཆེན་པོར་གྱུར་པའི་རོ་འདི་ཅིར་ཡང་གྲུབ་པ་མེད་པའི་ཕྱིར་རྗེ་བཙུན་པ་རྣམས་ཀྱིས་ཀྱང་བརྟན་པར་བརྗོད་པ་མ་ཡིན་ཏེ། བདེ་བ་ཆེན་པོ་རང་བཞིན་རྟོག་པ་དང་བྲལ་བའི་གནས་ནི་ཐ་མལ་གྱི་ཤེས་ [241b.3]པ་ཉིད་དོ། །དེ་ཉིད་གོམས་ཤིང་མཆོག་ཏུ་གྱུར་པས་ནི། །རྟོག་པ་མ་ལུས་པ་ཐམས་ཅད་སྤངས་པའོ། །དེ་དག་ནི་འགྲོ་བ་དག་ཉེ་བར་སྐྱེ་བ་ཇི་བཞིན་པ་སྟེ་བྱིས་པ་དང་། གཞོན་ནུ་དང་ལང་ཚོ་ལ་བབ་པས་སྟོབས་ཡོངས་སུ་རྫོགས་པར་འགྱུར་བ་བཞིན་དུ་དེ་ཉིད་ཀྱི་དོན་འདི་དག་ [241b.4]ཀྱང་མཐོང་བ་དང་མྱོང་བ་དང་རྟོགས་པ་དང་མཐར་ཕྱིན་པ་ལས་ཆོས་ཀྱི་སྐུའི་སྟོབས་ཡོངས་སུ་རྫོགས་ནས་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པར་འགྱུར་རོ། །སྐྱེས་བུ་དག་གི་རྟོགས་པ་ལ་བློ་གཏད་དེ་སྤྲོས་པའི་གཡེང་བ་ནི་རྣམ་པར་འགགས་ནས་ཡིད་ནི་མི་རྟོག་པ་འབའ་ [241b.5]ཞིག་ལ་རབ་ཏུ་ཞི་བར་འགྱུར་བའི་འཇིག་རྟེན་པའི་གནས་གང་དུ་གནས་ཤིང་འདུག་པ་དེ་དག་ཏུ་བདག་ནི་བསམ་གཏན་པ་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་འཆད་པ་དེ་ནི་སྒྱུ་མའི་རང་བཞིན་སྣང་ཡང་མེད་པ་ཙམ་མཆོག་ཏུ་རྟོག་པ་སྟེ། དེ་དག་ལ་གཉིས་འཛིན་གྱི་རྣམ་པས་ [241b.6]ཞེན་པ་འཁོར་བར་འཁོར་ཞིང་སྡུག་བསྔལ་འབའ་ཞིག་གི་རྒྱུ་བྱེད་པ་སྟེ། དེ་བས་ན་བསམ་གཏན་གྱི་འཆིང་བ་དེས་ཅི་ཞིག་བྱའོ། །དེ་དག་གི་དོན་ཇི་ལྟར་ཡིན་ཞེ་ན། དངོས་པོར་སྣང་ཞིང་སྐྱེས་པ་དེ་དག་ཐམས་ཅད་སེམས་ཉིད་ནམ་མཁའི་ངོ་བོ་ལྟ་བུ་ལས་མ་འདས་པ་ [241b.7]ཡིན་ཏེ། དེ་ལྟར་ངོ་བོ་གཅིག་པ་དེ་དག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་རབ་ཏུ་ཞི་ན་དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་ཆོས་སྐུ་སྟེ། དེ་དག་སྤངས་ནས་གཞན་ཞིག་ནས་དེ་བཞིན་ཉིད་འཐོབ་པ་མ་ཡིན་པའི་ཕྱིར་དངོས་པོའི་རྣམ་པར་འཁྲུལ་བར་བརྟགས་ནས་ཕྱི་ནས་ [242a] [242a.1]དེ་མ་ཡིན་པའི་ཡེ་ཤེས་སྐྱེ་ཞེས་པ་ནི་དོན་མེད་དེ་ལོག་པ་ཡིན་པའི་ཕྱིར་དེས་ཅི་ཞིག་བྱའོ། །བདག་ཉིད་སྐལ་པ་དང་ལྡན་པའི་དུས་དེ་རིང་ཡིན་པའི་ཚེ། དཔལ་ལྡན་སངས་རྒྱས་དང་བླ་མ་དམ་པའི་མགོན་པོས་བསྟན་པའི་དོན་ཡིད་ལ་བྱར་མེད་པ་དེ་དག་ [242a.2]ལ་ངེས་པའི་སྒོ་ནས་ཉམས་སུ་མྱོང་ན། དབྱེར་མེད་པ་ནི་རྣམ་པ་ཐམས་ཅད་རོ་གཅིག་སྟེ་ཤུགས་ཀྱིས་སྤངས་པའི་དོན་དེ་ལ་གནས་པར་བྱོས་ཤིག་ཅེས་བྱ་བའི་དོན་ཏོ། །ད་ནི་རྣལ་འབྱོར་གྱི་སྤྱོད་ལམ་བསྟན་པར་བྱ་སྟེ། མཐོང་དང་ཐོས་དང་རེག་དང་དྲན་པ་དང་། །ཟས་སྣོམ་ [242a.3]པ་དང་མཚན་ན་གནས་པ་དང་། །ཅལ་ཅོལ་གཏམ་དང་ལན་སྨྲར་གྱུར་པ་ལ། །སེམས་སོ་ཞེས་ནི་གཅིག་གི་ངོ་བོ་དང་། །རྣལ་མ་དེ་བཞིན་རྣམ་པ་ལ་མི་འདའ། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་དག་གིས་འདོད་པའི་ཡོན་ཏན་མི་དགག་ཅིང་ལོངས་སྤྱོད་པར་བྱ་སྟེ། དེ་དག་ཀྱང་ [242a.4]མ་ཞེན་པའི་ཚུལ་དུ་ཆོས་ཀྱི་སྐུ་གཉུག་མའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ཡང་མིག་དང་རྣ་བ་དང་སྣ་དང་ལུས་དང་ཡིད་དང་ལྕེ་ལ་སོགས་པས་མཐོང་བ་དང་ཐོས་པ་དང་རེག་པ་དང་དྲན་པ་དང་ཟོས་པ་དང་སྣོམ་པ་ཐམས་ཅད་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་རང་བཞིན་དང་དེ་བཞིན་ཉིད་ [242a.5]ཀྱི་སྒྲ་དང་། ཅི་ཡང་མ་ཡིན་པའི་རེག་བྱ་དང་། དབྱེར་མི་ཕྱེད་པའི་དྲན་པ་དང་། གཉིས་སུ་མེད་པའི་རོ་དང་། ཐ་མལ་གྱི་ཤེས་པའི་དྲི་དང་། དེ་དག་ཐམས་ཅད་ཀྱང་སེམས་ཉིད་དུ་ལོངས་སྤྱད་པར་བྱའོ། །མཚན་ན་གནས་པ་དང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སྟེ་ཕྱི་ནང་གི་བྱུང་ [242a.6]ཚོར་ཐམས་ཅད་ལ་དྲན་པ་དེ་བཞིན་ཉིད་དུ་ཤེས་པར་བྱའོ། །གཞན་དག་ཆགས་པ་དང་ཞེ་སྡང་དང་བཏང་སྙོམས་ཀྱི་ཅལ་ཅོལ་གྱི་གཏམ་དང་བྱ་བ་དག་ལ་ཡང་དེ་བཞིན་ཉིད་དུ་ཤེས་པར་བྱའོ། །བདག་ཉིད་ཀྱི་ལན་སྨྲ་བར་གྱུར་པ་ལ་ཡང་སེམས་སོ་ཞེས་ནི་གཅིག་གི་ངོ་བོ་དང་ [242a.7]རྣལ་མའི་དེ་བཞིན་ཉིད་ཀྱི་རྣམ་པ་ལས་མི་འདའ་བར་བྱའོ། །ད་ནི་བླ་མས་བསྟན་པའི་དོན་ལ་འབད་པར་བྱ་བ་བཤད་དེ། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་ལྡན་ངོམས་པར་མི་འཐུང་ན། །དེ་ནི་བསྟན་བཅོས་དོན་མེད་མྱ་ངན་གྱི། །ཐང་ལ་སྐོམ་ [242b] [242b.1]པས་གདུངས་ཏེ་ཤི་བར་ཟད། །ཅེས་བྱ་བའི་དོན་ནི། སྐལ་བ་དང་ལྡན་པའི་གང་ཟག་སྐྱེས་པ་དང་བུད་མེད་ཀྱི་ངོ་བོར་སྣང་བ་གང་ཞིག་གིས་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱེད་པའི་བླ་མ་དམ་པ་དག་གིས་དོན་ཉེ་བར་འཛིན་པ་སྟེ་མན་ཨ་ས་ར་ཞེས་བྱའོ། །དེ་དག་གི་དོན་ནི་ [242b.2]ཤེས་རབ་དང་སྙིང་རྗེའི་བདག་ཉིད་འབྲེལ་པ་སྟེ་གཉིས་མེད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་དོ། །དེ་དག་ནི་དམ་པའི་དག་ལས་ཤེས་པར་བྱ་བ་ཉིད་དོ། །དེ་དག་གི་མི་མཐུན་པའི་ཕྱོགས་སངས་རྒྱས་ཀྱི་ཡེ་ཤེས་བདུད་རྩི་མ་རུངས་པར་བྱེད་པའི་རྩིར་གྱུར་པ་སྟེ་དཔེར་ན་ཆུ་ལྟ་བུའོ། ། [242b.3]དེ་དག་གིས་ནི་ཉོན་མོངས་པའི་ཐན་པས་གདུངས་པའི་གདུང་བ་སེལ་ཅིང་བདེ་བ་ཆེན་པོའི་བསིལ་དང་། མ་བཅོས་པ་དང་བའི་དོན་གཉིས་སུ་མེད་པའི་ཚུལ་གྱིས་ངོམས་པར་མི་འཐུང་བ་དེ་ནི་འཇིག་རྟེན་པའི་བསྟན་བཅོས་དོན་མེད་པ་སྡུག་བསྔལ་གྱི་ཁང་བུ་དེ་དག་ལ་ [242b.4]གནས་པས་འཁོར་བའི་མྱ་ངན་གྱི་ཐང་ལ་བདེ་བ་ཆེན་པོའི་སྐོམ་གྱིས་ཤིན་ཏུ་གདུངས་ཏེ། རྣམ་པར་རྟོག་པ་ལ་སོགས་པས་བསྐྱེད་པའི་གནས་སུ་དེ་ཁོ་ན་ཉིད་ཤེས་པར་ཟད་དོ། །ད་ནི་དོན་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཐབས་བཤད་པར་བྱ་སྟེ། བླ་མས་ [242b.5]བསྟན་པ་མི་ཤེས་ན། །སློབ་མས་གོ་བར་ཡོད་མིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །གང་ཞིག་ཇི་ལྟར་བསྟེན་པར་བྱ། །ཞེས་བྱ་བའི་དོན་ནི་བླ་མ་དམ་པས་བསྟན་པའི་ཐབས་ནི་ཐ་མལ་གྱི་ཤེས་པ་སྟེ། མི་ཤེས་པ་བསྟན་པས་ན་མཆོག་གོ། །སློབ་མས་ [242b.6]རྟོགས་པའི་བདག་ཉིད་ཀྱང་གོ་བར་བྱ་བ་ཡོད་པ་མ་ཡིན་ཏེ། མིན་པ་ཉིད་ནི་རྟོག་པས་བདག་ཉིད་ཡོངས་སུ་དག་པའོ། །དེ་ཉིད་ཡིན་ནམ་ཞེ་ན། ཡིན་དུ་མེད་པ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ་ནི་སེམས་ཉིད་མ་བཅོས་པ་རྣལ་མ་སྟེ་གང་ཞིག་ཡིན་མིན་ནོ། ། [242b.7]མིན་པའི་དོན་དེ་ཉིད་ཇི་ལྟར་བསྟན་པར་བྱ་སྟེ་བསྟན་པ་མེད་དོ། །དམ་པ་དག་གི་གདམས་ངག་ལས་འབྱུང་བ་ནི་བླ་མ་དག་གིས་ཐ་སྙད་དཔག་ཏུ་མེད་པ་བརྗོད་ཅིང་དེ་ཁོ་ན་ཉིད་གོ་བར་མ་ནུས་ན་བསྟན་པར་མི་ཤེས་པ་ཉིད་དོ། །དེ་ལྟ་བུའི་ཟུག་རྡུས་སློབ་མས་གོ་བ་ [243a] [243a.1]དང་རྟོགས་པ་ཡོད་པ་ཡིན་ཏོ། །དེ་བས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རོ་འདི་དག་ནི་གང་ཞིག་ཇི་ལྟར་བསྟན་པར་བྱ་ཞེ་ན། དེས་པར་བྱས་ཤིང་ཐ་མལ་གྱི་ཉིད་དོ། །ད་ནི་དེ་ལྟར་མ་རྟོགས་པ་དག་གི་སྐྱོན་བསྟན་པར་བྱ་སྟེ། གལ་ཏེ་ཚད་མར་ [243a.2]འཛིན་པའི་དབང་གིས་སུ། །བླུན་པོས་བྱེ་བྲག་རྣམ་པར་འབྱེད་པ་སྟེ། །དེ་ཚེ་དེ་ནི་གདོལ་པའི་ཁྱིམ་དུ་རོལ། །འོན་ཀྱང་དེ་ལ་དྲི་མས་མི་གོས་སོ། །ཞེས་བྱ་བའི་དོན་ནི། གལ་ཏེའམ་བརྒྱ་ལམ་ན་རྟོག་གེ་པའི་གང་ཟག་དག་གིས་རྗེས་དཔག་ཚད་མར་འཛིན་པའི་དབང་གིས་སུ་རྟོག་པ་དེ་ [243a.3]དག་གིས་གཉིས་མེད་ཀྱི་ཡེ་ཤེས་དཀྲུག་པའི་ཕྱིར་བླུན་པ་སྟེ། དེའི་ཚེ་དེ་ནི་གདོལ་བའི་དེ་ཅིའི་ཕྱིར་ཞེ་ན། བདག་གཞན་གྱིས་བྱེ་བྲག་རྣམ་པར་འབྱེད་པ་སྟེ། དཔེར་ན་བྲམ་ཟེས་གང་གི་ཚེ་གཙང་མ་བཅས་པ་དེའི་ཚེ་གདོལ་པའི་ཁྱིམ་དུ་རོལ་པས་སྐྱོན་དང་བཅས་པ་བཞིན་ནོ། །རྣལ་འབྱོར་ [243a.4]པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པ་དག་གམ་གདོལ་པ་དག་གིས་དེ་ཉིད་ཀྱི་ཁྱིམ་དུ་འོངས་ཀྱང་དེ་ལ་སྐྱོན་གྱི་དྲི་མས་མི་གོས་རིགས་སོ། །ད་ནི་ནན་ཏན་དང་བཅས་པ་ཐེ་ཚོམ་མེད་པར་བསྒྲུབ་པ་བསྟན་པ་ནི། གང་ཚེ་སློང་པ་སྲང་ཁའི་ཁམ་ཕོར་གྱིས། །བདག་ཉིད་ [243a.5]རྒྱལ་པོ་སླར་ཡང་ཅི་བྱར་ཡོད། །མྱ་ངན་འདས་པ་ལ་གནས་སྲིད་པར་མཛེས། །ནད་གཞན་དག་ལ་སྨན་གཞན་གཏང་མི་བྱ། །བསམ་དང་བསམ་བྱ་རབ་ཏུ་སྤང་ནས་སུ། །ཇི་ལྟ་བུ་ཡི་ཚུལ་ལ་གནས་བྱས་ཤིང་། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་ [243a.6]པ་འབྱུང་བར་ཐེ་ཚོམ་མེད། །ཅེས་བྱ་བའི་དོན་ནི་གང་གི་ཚེ། གྲོང་ཁྱེར་པ་དག་གི་རིགས་ངན་གྱི་སྤྱོད་པས་རྒྱུ་བ་ན་སློང་བའི་ཟས་ཀྱི་བྱ་བ་བྱེད་པའི་སྲང་ཁར་བོར་བའི་ཁམ་ཕོར་གྱི་དུམ་བུ་དགོས་པ་ཡིན་གྱི་དེ་དག་གིས་བདག་ཉིད་རྒྱལ་པོར་གྱུར་པའི་མཐུས་བསོད་ནམས་ཀྱི་བདག་ [243a.7]ཉིད་ཡོངས་སུ་དག་པ་དག་རྙེད་པའི་ཕྱིར་ཟས་ཀྱི་བྱ་བ་བྱས་ཟིན་པ་དེ་བོར་བའི་ཁམ་ཕོར་གྱི་དུམ་བུ་དེ་དག་གིས་བདག་ཉིད་རྒྱལ་པོ་ལ་སླར་ཅི་ཡང་བྱར་ཡོད་དེ་མེད་དོ། །དེ་བཞིན་དུ་ཐ་སྙད་ཀྱི་རྟོག་པའི་བདག་ཉིད་ཀྱིས་བརྟགས་པའི་ལས་དང་བྱ་བ་དག་གིས་བདེ་བ་ཆེན་པོའི་རོ་དང་བྲལ་ [243b] [243b.1]བའི་ཕྱིར་རྨོངས་པའི་སྤྱོད་པས་རྒྱུ་བ་དག་ལ་འཁོར་བའི་བདེ་བ་ཅུང་ཟད་ཙམ་བསྐྱེད་པས་དགོས་པ་སྟེ། བདག་ཉིད་རེ་བ་དང་དོགས་པ་དང་བྲལ་བའི་དོན་དེ་ཁོ་ན་ཉིད་རྟོགས་ནས་ཐ་སྙད་ཀྱི་རྣམ་པར་གཞག་པ་ནི་མི་དགོས་ཏེ། དེ་ནི་ཟུག་རྔུ་ཡིན་པའི་ཕྱིར་དེ་ལྟར་རྟོག་པ་དེ་དག་ནི་མྱ་ངན་ [243b.2]ལས་འདས་པ་ལ་གནས་པ་སྟེ། དེ་ཉིད་གཞན་དུ་མ་བརྗོད་ཅིང་སྲིད་པར་མཛེས་པའོ། །དེ་ལ་གཞན་དུ་བརྗོད་པར་ནི་མི་བྱ་སྟེ། དཔེར་ན་ནད་གཞན་ཏེ་ཚ་བ་ལྟ་བུ་དག་ལ་སྨན་གཞན་ཏེ་ཚ་བ་བཏང་བར་མི་བྱ་སྟེ་རྣམ་པར་རྟོག་པའི་ནད་དག་ལ་ཐ་དད་ཀྱི་རྟོག་པ་གཞག་པར་མི་བྱ་བ་ཉིད་དོ། ། [243b.3]དེ་དག་ཇི་ལྟར་གཞག་པར་བྱ་ཞེ་ན། བསམ་པ་དང་བསམ་བྱའི་གཉིས་འཛིན་གྱི་རྟོག་པ་རབ་ཏུ་སྤང་ནས་སུ། སེམས་རྣལ་མ་ཇི་ལྟ་བུའི་ཚུལ་དུ་གནས་པར་བྱ་ཞིང་སེམས་མ་བཅོས་པ་བླ་མའི་མཆོག་དང་སྣང་སྲིད་བདེ་བ་ཆེན་པོའི་ལུས་ལ་དྲན་པས་བསྒྲིམས་ཏེ་སྤྱོད་ལམ་རྣམ་པ་ [243b.4]བཞིའི་ཚུལ་ལ་མ་གཡེངས་པའི་རྣམ་པས་གུས་པར་འབད་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྱུང་བར་ཐེ་ཚོམ་མེད་དོ། །ད་ནི་ཇི་ལྟར་མཚོན་པར་མི་ནུས་པ་བསྟན་ཏེ། ཁ་དོག་ཡོན་ཏན་ཡི་གེ་དཔེ་སྤངས་ནས། །སྨྲ་རུ་མི་བཏུབ་དེ་ནི་གང་གིས་མཚོན། །གཞོན་ནུའི་བདེ་བ་སྙིང་ལ་ཞེན་པ་ [243b.5]བཞིན། །དབང་ཕྱུག་བདེ་བ་རང་བཞིན་མེད་པ་སྟེ། །དེ་ནི་སུ་ལ་བསྟན་པར་བྱ་ནུས་སམ། །ཞེས་བྱ་བའི་དོན་ནི་ཐ་མལ་གྱི་ཤེས་པ་དངོས་ཀྱི་མཚན་ཉིད་དེ་དག་ཁ་དོག་མེད་དེ་མཚན་མ་དང་བྲལ་བའོ། །ཡོན་ཏན་མེད་དེ་རེ་བ་དང་བྲལ་བའོ། །ཡི་གེ་མེད་དེ་བརྗོད་པར་བྲལ་བའོ། ། [243b.6]དཔེས་མཚོན་པར་མི་ནུས་ཏེ་བསྒྲུབ་བྱ་དང་བྲལ་བའོ། །དེ་དག་ཐམས་ཅད་ཤུགས་ཀྱིས་སྤངས་ནས་དོན་ཆེན་པོ་དེ་དག་སྨྲར་མི་བཏུབ་པ་སྟེ། དེ་ནི་གང་གིས་ཀྱང་མཚོན་པར་ནུས་པ་མ་ཡིན་ནོ། །ཉམས་སུ་མྱོང་དུ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། བུ་མོ་ལོ་བཅུ་དྲུག་ལོན་པའི་བདེ་བ་ [243b.7]སྙིང་ལ་ཞེན་པ་བཞིན་དུ་མྱོང་དུ་ཡོད་ཀྱང་བརྗོད་པའི་ཐ་སྙད་ཀྱིས་གཏན་ལ་དབབ་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྟོགས་པ་དེ་ནི་ས་བཅུའི་དབང་ཕྱུག་དམ་པ་སྟེ་དེའི་ངོ་བོ་ནི་རང་བཞིན་མེད་པའོ། །དེའི་ཕྱིར་དེ་ནི་སུ་ལ་ཡང་བསྟན་པར་བྱ་བར་ནུས་སམ་སྟེ་མི་ནུས་པ་ཉིད་དོ། །ད་ནི་ [244a] [244a.1]བརྟགས་པའི་བརྟག་བྱ་ཐིམ་ཞིང་དེ་དང་བྲལ་བ་བསྟན་པ་སྟེ། དངོས་དང་དངོས་མེད་ཡོངས་སུ་བཅད་པ་གང་། །དེས་ནི་འགྲོ་བ་མ་ལུས་རབ་ཐིམ་འགྱུར། །གང་ཚེ་ཡིད་ནི་གཅོད་པ་མེད་པ་ཡི། །མི་གཡོ་བརྟན་པ་དྲན་ཞིང་གནས་པ་དེར། །དེ་ནི་འཁོར་བའི་ [244a.2]དངོས་པོ་རང་གྲོལ་འགྱུར། །གང་ཚེ་བདག་གཞན་ཡོངས་སུ་ཤེས་མེད་ན། །དེ་ཚེ་བླ་མའི་ལུས་སུ་འགྲུབ་པ་ཉིད། །དེ་ལྟར་བརྟན་པ་ཉིད་ལ་ངེས་རྟོགས་པར། །མ་འཁྲུལ་པ་ཡི་ངོ་བོར་རྫོགས་སངས་རྒྱས། །རང་གི་རང་ལ་རིག་པར་ཤེས་པར་བྱ། །དངོས་དང་ཞེས་བྱ་བའི་དོན་ནི་བེམས་པོའི་ [244a.3]རྣམ་པ་དག་གོ། །དངོས་པོ་མེད་པ་ནི་རིག་པའི་རྣམ་པའོ། །བེམས་རིག་རྣམ་པ་གཉིས་ཡོངས་སུ་བཅད་པ་གང་ཡིན་པ་དེ་ཉིད་དོ། །དེ་ལྟར་རྟོགས་པའི་ངང་དེར་ནི་རྣམ་པར་རྟོག་པ་ལས་འབྱུང་བའི་འགྲོ་བ་མ་ལུས་པ་རབ་ཏུ་ཐིམ་པར་འགྱུར་རོ། །གང་གི་ཚེ་རྣལ་འབྱོར་པའི་ [244a.4]ཡིད་ནི་བཅོས་པ་མེད་པའི་བདག་ཉིད་ཡོངས་སུ་རྫོགས་པ་མེད་པ་དེའི་ཚེ་ཕྱི་ནང་གི་རྣམ་པར་རྟོག་པས་མི་གཡོ་བ་དང་། དེ་ཁོ་ན་ཉིད་ཀློང་དུ་གྱུར་པ་བསྟན་པ་དང་སྤྱོད་ལམ་རྣམ་པ་བཞི་ཁྱད་མེད་པ་རང་བཞིན་གྱིས་གནས་པ་དེར་དེའི་ཚེ་འཁོར་བའི་དངོས་པོ་ཐམས་ཅད་རང་གྲོལ་བར་འགྱུར་ [244a.5]རོ། །དེ་ལྟར་ཉམས་སུ་མྱོང་བའི་རྟགས་ནི་བདག་དང་གཞན་དུ་རྟོག་པ་ཡོངས་སུ་ཤེས་པ་མེད་པ་སྟེ། དེ་ལྟར་རྟོགས་ན་བླ་མ་ཆེན་པོའི་ལུས་སུ་གྲུབ་པ་ཉིད་དོ། །དེ་ལྟར་བླ་མ་དམ་པས་བསྟན་པར་ངེས་པར་རྟོགས་ནས་མ་འཁྲུལ་པའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་ [244a.6]པ་ཉིད་དོ། །དེ་ཡང་གཞན་ལ་རག་ལས་པས་གོ་བ་མ་ཡིན་ཏེ། རང་གི་སེམས་ཉིད་ཀྱིས་རང་གི་སེམས་ཉིད་ལ་བསྟན་ལ་ལེགས་པར་ཤེས་པར་བྱ་བ་ཉིད་དོ། །ད་ནི་ཇི་ལྟར་ཡང་མ་ཡིན་པ་བསྟན་པར་བྱ་སྟེ། རྡུལ་མེད་རྡུལ་བྲལ་མ་ཡིན་སེམས་ཀྱང་མིན། །དངོས་པོ་དེ་དག་གདོད་ [244a.7]ནས་ཞེན་པ་མེད། །མདའ་བསྣུན་གྱིས་སྨྲས་དེ་ཙམ་ཞིག་ཏུ་ཟད། །ཀྱེ་མ་མ་ལུས་དྲི་མེད་དོན་དམ་ཤེས་པར་བྱོས། །ཞེས་བྱ་བའི་དོན་ནི་དེ་ཁོ་ན་ཉིད་གཉུག་མའི་ངོ་བོ་ལ་རྣམ་པར་རྟོག་པའི་རྡུལ་མེད་དོ། །རྡུལ་དེ་དང་བྲལ་བ་མ་ཡིན་ནོ། །སྣང་བ་དང་སེམས་ཀྱང་མ་ཡིན་ནོ། །འདི་ [244b] [244b.1]ལྟར་སྣང་བའི་དངོས་པོའོ། །འདི་དག་ནི་གདོད་མ་ནས་ཞེན་པ་མེད་པ་ཉིད་དོ། །དེ་ནི་ཅི་ཡང་མ་ཡིན་པའི་དོན་ཉམས་སུ་མྱོང་བར་ནུས་སོ། །བདག་ནི་རང་བཞིན་གྱི་མཚོན་ཆ་ཅན་ཏེ་མདའ་བསྣུན་གྱིས་སྨྲས་དེ་ཙམ་ཞིག་ཏུ་ཟད། དེ་བས་ཤིན་ཏུ་ངོ་མཚར་བའི་དོན་དེ་ཀྱེ་ཧོ་ཞེས་བྱའོ། །དེ་དག་ [244b.2]ཀྱང་ཅི་ཞེ་ན། སྣང་བ་མ་ལུས་པ་ནི་ལྷན་ཅིག་སྐྱེས་པའོ། །སེམས་ལ་ནི་དྲི་མ་མེད་དེ་དེ་ཉིད་དོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དོན་དམ་པ་སྟེ་དེ་དག་ཤེས་པར་བྱོས་ཤིག །ད་ནི་བརྟགས་པས་མི་རྟོག་པ་བསྟན་པར་བྱ་སྟེ། ཁྱིམ་ན་ཡོད་པ་ཕྱི་རུ་སོང་ནས་ཚོལ། །ཁྱིམ་བདག་ [244b.3]མཐོང་ནས་ཁྱིམ་ཚེས་དག་ལ་འདྲི། །མདའ་སྣུན་གྱིས་སྨྲས་བདག་གིས་ཤེས་པར་བྱོས། །བླུན་པོའི་བསམ་གཏན་བསམ་བྱ་བརྗོད་པ་མིན། །གལ་ཏེ་བླ་མས་བསྟན་ཅིང་རྟོག་པས་བརྟགས། །བདེན་པ་ཐམས་ཅད་ཤེས་པར་བྱས་གྱུར་ཀྱང་། །དེ་དག་གིས་ནི་ཡོངས་སུ་བརྟགས་པ་ [244b.4]ན། །དེ་མ་རྟོགས་པས་ཐར་པ་ཐོབ་བམ་ཅི། །ཡུལ་ནས་བགྲོད་ཅིང་གདུང་བས་ཉེས་བྱས་ཀྱང་། །ལྷན་ཅིག་སྐྱེས་པ་མི་རྙེད་སྡིག་པར་འཛིན། །ཞེས་བྱ་བའི་དོན་ནི་སྣང་སྲིད་ཐམས་ཅད་ཀྱི་ཁྱིམ་གྱི་བདག་པོ་ནི་གཉུག་མའི་སེམས་ཏེ། །དེས་ནི་རང་གི་ཁྱིམ་ན་ཡོད་པའོ། །དེ་ལྟར་ [244b.5]ན་རྟོགས་པའི་ཕྱིར་ཕྱི་རོལ་དུ་སོང་ནས་ཚོལ་ལོ། །དེ་སྟོན་པར་བྱེད་པའི་བླ་མ་དམ་པ་ནི་ཁྱིམ་བདག་སྟེ། །དེས་བསྟན་པའི་ཞལ་གྱི་བདུད་རྩི་དེ་དག་མཐོང་ཞིང་མྱོང་ནས་འབྲས་བུ་དང་དོན་ཆེན་པོར་འགྱུར་བ་བོར་ཏེ། ཁྱིམ་ཚེས་པ་ལྟ་བུའི་ཕྱི་རོལ་པ་དང་དེ་དང་མཚུངས་པ་དག་ལ་ [244b.6]འདྲིའོ། །མདའ་བསྣུན་གྱིས་སྨྲས་པ་ནི་གཞན་ལ་དྲིར་ཡོད་པ་མ་ཡིན་ཏེ། བདག་ཉིད་ཀྱིས་བདག་ཉིད་ལས་ཤེས་པར་བྱོས་ཤིག །འདི་དག་ནི་གཏི་མུག་ཆེན་པོ་ཡིན་པའི་བླུན་པོའི་བསམ་གཏན་ཏེ། བསམ་བྱ་དང་བརྗོད་བྱ་མིན་པས་དོན་དེ་སྟོན་པར་བྱེད་པའི་ཚིག་གིས་ [244b.7]གཏན་ལ་མི་འབེབས་ཤིང་མ་འབྲེལ་བའི་ཕྱིར་མི་ཤེས་སོ། །གལ་ཏེ་བློ་དམན་པ་དག་གིས་བླ་མས་བསྟན་དུ་ཡོད་པ་བསྟན་ཅིང་སློབ་པ་པོས་བརྟག་ཏུ་ཡོད་པའི་རྟོག་པས་བརྟགས་པའི་གཏན་ཚིགས་ཀྱི་སྒོ་ནས་རྣམ་པར་རྟོག་པའི་བསམ་གཏན་ལ། བདེན་པ་ཐམས་ [245a] [245a.1]ཅད་ཤེས་པར་བྱས་གྱུར་ཀྱང་དེ་ནི་བདག་དང་གཞན་དུ་འཛིན་པ་དང་མ་བྲལ་བ་སྟེ། དེ་དག་གིས་ཡོངས་སུ་བརྟགས་པས་དེ་མ་རྟོགས་སོ། །མ་རྟོགས་པའི་དོན་ནི་དེ་ཉིད་རྟོགས་པ་ཆེན་པོ་སྟེ། དེ་དག་ཡོངས་སུ་དོར་ནས་གཞན་ཞིག་རྟོགས་པའི་ཐར་ [245a.2]པ་བདེ་བ་འཐོབ་པའམ་ཅི་སྟེ་མི་འཐོབ་པོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པས་ཡུལ་ནས་རྟོགས་པ་དེ་ཉིད་དུ་འཁོར་ཏེ་སྤང་བྱ་དང་སྤོང་བྱེད་ཀྱི་སྒོ་ནས་བགྲོད་ཅིང་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་སྒོ་ནས་གདུང་པས་ཉེ་བར་བྱས་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་རྙེད་ [245a.3]དེ། དེ་ཅིའི་ཕྱིར་ཞེ་ན། རྣམ་རྟོག་གིས་སྡིག་པར་འཛིན་པའི་ཕྱིར་རོ། །ད་ནི་དཔེ་ཁྱད་པར་ཅན་གྱིས་བསྟན་པར་བྱ་སྟེ། ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་ཏེ། །ཨུཏྤལ་བླངས་ཀྱང་ཆུ་ཡིས་མི་འཆགས་བཞིན། །འདི་ལྟར་རྩ་བ་རླུང་གིས་སྐྱབས་སུ་འགྲོ།། རླུང་ [245a.4]རྣམས་དེ་ཉིད་ཡིན་པས་ཞི་བར་ནུས། །ཞི་བ་མེད་དེ་དེ་ཉིད་རྟོགས་པས་འགྲུབ། །རྟོགས་དུས་གྲུབ་པ་མེད་དེ་ཚིག་ཏུ་ཟད། །དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། །ལྷ་ལ་མཆོད་པ་ཁྲི་ཕྲག་བྱིན་བྱས་ཀྱང་། །བརྟགས་ཏེ་འབྲས་བུ་གཞན་དུ་འགྲུབ་འདོད་པས། ། [245a.5]དེ་ཉིད་བདག་ལ་འབྲས་བུ་དེ་མེད་དེ། །བདག་ཉིད་འཆིང་འགྱུར་དེས་ནི་ཅི་ཞིག་བྱ། །དེ་ལ་གོམས་པས་གྲོལ་བར་མི་འགྱུར་ཞིང་། །དེ་འདྲེས་འཁོར་བ་འདི་འདྲ་འཆད་མིན་ཏེ། །འདིར་གོམས་མ་རྟོགས་མ་ལུས་རྒལ་མ་ཡིན། །མིག་ནི་མི་འཛུམས་སེམས་ནི་འགགས་པ་ [245a.6]དང་། །རྣམ་ཤེས་རླུང་འགོག་པ་ནི་བླ་མས་རྟོགས། །ཞེས་བྱ་བའི་དོན་ནི། དཔེར་ན་འཇིག་རྟེན་པ་དག་གི་ཤེས་པ་ནི་ཆགས་སྡང་ལ་མངོན་པར་ཞེན་པ་སྟེ། དབང་པོ་རྣམ་པ་ལྔ་ཡུལ་རྣམས་ལ་བརྟེན་ཅིང་བལྟས་པས་ཡུལ་གྱིས་གོས་པར་འགྱུར་ཞིང་། ཁྱད་པར་དུ་ [245a.7]ཞེན་ཅིང་ཆགས་པས་མི་གོས་ཏེ་མི་འབྲལ་བར་འགྱུར་བ་བཞིན་དུ་སྣང་སྲིད་ཐམས་ཅད་བདེ་བ་ཆེན་པོའི་རོས་ཁྱབ་པའི་ཕྱིར། དེ་དག་ལ་ཐ་མལ་གྱི་ཤེས་པས་བལྟས་ཤིང་བརྟགས་ན་ཁྲོས་པར་མི་འགྱུར་ཏེ་ཤིན་ཏུ་སྤྲོ་བའོ། །དེ་དག་འཁོར་བ་ལ་ཆགས་པའི་སྐྱོན་དུ་ [245b] [245b.1]མི་འགྱུར་རམ་ཞེ་ན། དཔེར་ན་ཨུཏྤལ་ཆུའི་ནང་ནས་བླངས་ཀྱང་ཆུའི་ཉེས་པས་མི་ཆགས་པ་བཞིན་དུ་དེ་ཉིད་ཀྱང་དེའི་ངོ་བོ་དང་མཚུངས་སོ། །རྨོངས་པ་དག་གིས་རྩ་བྱང་ཆུབ་ཀྱི་སེམས་འདི་དག་རྟོགས་པའི་རླུང་གིས་བཅིངས་ཏེ་དེ་དག་གིས་སྐྱབས་སུ་འགྲོ་བར་བྱེད་དོ། ། [245b.2]དེ་ནི་མ་ཡིན་ཏེ་འདི་དག་གི་ཚུལ་ནི་རྟོག་པ་དང་རླུང་རྣམས་ཀྱིས་ཐ་མལ་གྱི་ཤེས་པ་དེ་ཉིད་ཀྱི་ངོ་བོ་ཡིན་པས་དེ་ལ་གནས་ན་ངང་གིས་ཞི་བར་ནུས་སོ། །ཞི་བར་བྱ་བ་ནི་འདི་སྐྱོན་དང་བཅས་པའོ་ཞེ་ན། ཞི་བ་ནི་མེད་དེ་དེ་ཁོ་ན་ཉིད་རྟོགས་པས་འགྲུབ་པའོ། །དེ་དག་ཀྱང་གྲུབ་ཏུ་ [245b.3]ཡོད་པ་མ་ཡིན་ཏེ། གཉིས་མེད་ཀྱི་ཡེ་ཤེས་རྟོགས་པའི་དུས་ཉིད་ལ་སྨྲས་པ་སྟེ། དངོས་པོ་རང་གི་མཚན་ཉིད་ལ་གྲུབ་པ་མེད་དེ་སློབ་པ་པོའི་བློ་ལ་བརྗོད་པར་བྱ་བའི་ཕྱིར་ཚིག་ཙམ་དུ་ཟད་དོ། །དེ་དག་ལ་རྩོད་དེ་འཁོར་བ་ནི་ཟས་དུག་ཅན་གྱི་རྣམ་པ་ལྟ་བུ་སྟེ། གནོད་པ་ [245b.4]འབའ་ཞིག་བྱེད་པའི་ཕྱིར་རྟོགས་པ་ཙམ་གྱིས་གྲུབ་པ་ནི་མི་རིགས་སོ། །དེ་ལྟ་ཡིན་ན་ནི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྐད་ཅིག་ཙམ་རྟོགས་སུ་རུང་ཕྱིར་སངས་རྒྱས་པར་ཐལ་ལོ། །དེ་ལྟར་མ་ཡིན་ན་ནི་ཆོས་ཀྱི་སྐུ་གཉུག་མའི་སེམས་ཅན་གྱི་རྒྱུད་ལ་ཡོད་ཅེས་པར་ [245b.5]འགལ་ལོ། །མེད་ན་ནི་མ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་འཁོར་བ་ཡོངས་སུ་དོར་བ་ལས་མྱ་ངན་ལས་འདས་པ་ཐོབ་པར་རིགས་སོ། །དེ་ལྟ་ཡིན་ན་ནི་སེམས་ཅན་ཐམས་ཅད་དཀའ་ཐུབ་དང་དཀའ་སྤྱད་ཀྱིས་འགྲུབ་པར་འགྱུར་རོ། །དེ་དག་ནི་ངོ་བོ་གཅིག་པ་ནི་མི་ [245b.6]རིགས་ཏེ་མུན་པ་དང་སྣང་བ་བཞིན་ནོ། །དེ་བས་ན་འདི་དག་སྐྱོན་དང་བཅས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དཔེར་ན་དུག་གིས་སེམས་ཅན་འཆི་བར་གྱུར་ཀྱང་དུག་གི་སྔགས་ཅན་དེ་དག་དུག་གིས་གལ་ཚུགས་ཏེ་དེ་དེ་ཉིད་སྨན་དུ་འགྱུར་རོ། །དེ་བས་ན་ངོ་བོ་གཅིག་ [245b.7]པ་ལ་འགལ་བ་མེད་དེ། དུག་ལོགས་སུ་སོང་བའམ་སྨན་གཞན་ནས་བྱུང་བ་མེད་དེ། དེ་ཉིད་དེའི་ངོ་བོར་གྱུར་པ་བཞིན་རྣམ་པར་རྟོག་པ་ལོགས་སུ་དོར་ཞིང་བདེ་བ་ཆེན་པོ་གཞན་ནས་ཐོབ་པ་མ་ཡིན་ཏེ། བླ་མ་དམ་པའི་གདམས་ངག་གིས་ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་ [246a] [246a.1]བས་དེ་ཉིད་དེའི་ངོ་བོར་གྱུར་ཏེ། དེ་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལས་ཡེ་ཤེས་དེ་ཁོ་ན་ཉིད་གནས་ཏེ་དེ་དག་གི་མཐུས་སྐད་ཅིག་མ་ཉམས་སུ་མྱོང་སྲིད་ཀྱང་ཇི་བཞིན་པའི་མ་མྱོང་བས་གྲོལ་བར་མི་ནུས་པ་དག་གོ། །དེ་ཉིད་ཉམས་སུ་མྱོང་བས་ན་སྐད་ [246a.2]ཅིག་མ་དེ་ཉིད་ལ་སངས་རྒྱས་པར་ནུས་སོ། །དེ་ལྟར་མ་རྟོགས་པ་རྣམས་ཀྱིས་བརྟགས་པའི་ལྷ་ལ་མཆོད་པ་ལོ་ཁྲི་ཕྲག་འབུམ་རྣམས་སུ་མཆོད་ཅིང་། སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱས་ཀྱང་རྣམ་པར་རྟོག་པས་བརྟགས་ཏེ་འབྲས་བུ་ལོགས་སུ་འགྲུབ་པར་འགྲུབ་པར་འདོད་པའི་ཕྱིར་ [246a.3]རོ། །དེ་ཉིད་དང་བྲལ་ཏེ་བརྟགས་པའི་བདག་ལ་མངོན་པར་ཞེན་པས་ཆོས་ཀྱི་སྐུའི་འབྲས་བུ་དེ་མེད་དེ་མི་འབྱུང་ངོ་། །དེ་བས་ན་གཉིས་འཛིན་དང་བྲལ་བ་དེ་ཁོ་ན་ཉིད་རྟོགས་པ་སྟེ། གཉིས་འཛིན་དང་བཅས་པ་ནི་བདག་ཉིད་འཆིང་བར་འགྱུར་བའི་ཕྱིར་དེ་ཡིས་ཅི་ཞིག་བྱའོ། །དེ་བས་ [246a.4]ན་དེ་ལ་གོམས་པས་གྲོལ་བར་ཡང་མི་འགྱུར་ཞིང་། དེ་འདྲ་བའི་སྤྱོད་ལམ་འཁོར་བའི་སྡུག་བསྔལ་འདི་འདྲ་བར་ཆད་པ་མེད་དོ། །འདི་ལ་འདིས་འདི་ཉིད་དུ་འདིར་གོམས་པར་བྱས་པས་མི་རྟོག་པའི་རྣམ་པར་རྟོག་པ་འཁོར་བ་པ་མ་རྟོགས་པའི་བདག་ཉིད་མ་ལུས་བརྒལ་དཀའ་བ་འདི་ [246a.5]དག་བརྒལ་བར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་སྤྱད་པས་འགྱུར་ཞེ་ན། མིག་ནི་མི་འཛུམས་ཏེ་ཅིར་སྣང་ཕྱག་རྒྱ་ཆེན་པོའི་བདག་ཉིད་དང་། ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་བས་སེམས་ནི་ངང་གིས་འཕགས་པ་དང་ཕྱི་ནང་གི་བྱུང་ཚོར་ཞི་བར་འགྱུར་ཏེ། སྐད་ཅིག་མ་དེ་ [246a.6]ཉིད་ལ་རྣམ་པར་ཤེས་པའི་རྟགས་རླུང་གི་བདག་ཉིད་ཀྱིས་འགོག་པ་ཙམ་བྱེད་པའི་བླ་མས་བསྟན་པའི་བླ་མ་ཆེན་པོའི་ངག་ལས་རྟོགས་སོ། །དེ་ནི་འདུ་ཤེས་བཅིངས་པས་མི་གྲོལ་བར་འགྱུར་བར་བསྟན་པར་བྱ་སྟེ། གང་ཚེ་རླུང་རྒྱུ་བ་དེ་མི་གཡོ་སྟེ། །གང་གི་ཚེ་ན་འཆིང་ [246a.7]བར་ཅི་བྱར་ཡོད། །ཅེས་བྱ་བའི་དོན་ནི་དུས་གང་གི་ཚེ་བླ་མ་དམ་པ་དེ་ཉིད་དང་བྲལ་བའི་ཚེ་རྣམ་པར་རྟོག་པ་བཀག་སྟེ། སྟེང་འོག་གི་རླུང་རྒྱུ་བ་བཀག་སྟེ། དེ་རྟོག་པ་ལ་མི་གཡོ་སྟེ། མི་རྟོག་འབའ་ཞིག་ལ་གནས་པའི་ཕྱིར་བསྒོམ་བྱ་དང་སྒོམ་བྱེད་དུ་རྟོག་ཅིང་ཐབས་དང་ [246b] [246b.1]འབྲས་བུ་ཐོབ་པར་འདོད་པ་གང་གི་ཚེ་ན་འཆིང་བར་འགྱུར་ཏེ་དེ་དག་གི་ཚེ་ཅི་བྱར་ཡོད་དོ། །ད་ནི་དེ་ཉིད་དུ་ཤེས་པས་གྲོལ་བར་འགྱུར་བ་བསྟན་པར་བྱ་སྟེ། ཇི་སྲིད་དབང་པོ་ཡུལ་ལ་ལྷུང་པ་དང་། །དེ་སྲིད་རང་ཉིད་ལས་ནི་རབ་ཏུ་རྒྱས། །ཁྱེད་ཅག་ཅི་བྱེད་ད་ལྟ་སེམས་ལ་ལྟོས། ། [246b.2]གར་འགྲོ་སེམས་དང་ཀྱེའོ་དཔའ་བོ་རྣམས། །དེ་ནི་ཤིན་ཏུ་དགའ་བའི་དགོངས་པས་བཞུགས། །གང་ཞིག་གང་ན་གནས་པའི་མི་རྣམས་ནི། །དེ་སྲིད་རང་ཉིད་དེ་ཡིས་མ་མཐོང་སྟེ། །མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་ [246b.3]རྟོགས་སོ། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་དག་གིས་ཇི་སྲིད་དབང་པོའི་ཡུལ་ལ་ལྷུང་ཞིང་ཞེན་པ་ན་དེ་སྲིད་དུ་སྣང་བ་ལ་སོགས་པ་དེ་ཐམས་ཅད་རང་བཞིན་གྱི་སེམས་ཉིད་ལས་ནི་རབ་ཏུ་རྒྱས་པར་ཤེས་པར་བྱའོ། །དེ་ལྟར་སྣང་གྲགས་ཐམས་ཅད་སེམས་གཉུག་མའི་ [246b.4]ངོ་བོ་ཡིན་པའི་ཕྱིར། ཁྱེད་ཅག་གིས་སེམས་རང་བཞིན་གྱིས་གནས་པ་དེ་དག་དེ་ལྟ་ཅི་བྱེད་དེ་མི་བྱེད་དོ། །བྱེད་ན་སེམས་ལ་ལྟོས་ཤིག་དང་ངོ་། །དེ་དག་གར་འགྲོ་སེམས་དང་སྟེང་འགྲོངས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་རོ་ཡིན་པའི་ཕྱིར། དེ་བས་ཀྱེ་ཧོ་རྣལ་ [246b.5]འབྱོར་པའི་དབང་པོ་རྣམས་རང་བཞིན་གྱིས་སེམས་དག་པ་དེ་ནི་ཤིན་ཏུ་དགའ་བའི་དགོངས་པས་དེ་ཉིད་ལ་ཞུགས་པར་བྱའོ། །སྐྱེས་པ་དང་བུད་མེད་གང་ཞིག་རྣམ་པར་རྟོག་པའི་གནས་གང་ན་གནས་པའི་མི་རྣམས་ནི་དེ་ཁོ་ན་ཉིད་རང་ལ་གནས་པ་དེ་མ་མཐོང་སྟེ། དེ་ཐམས་ཅད་ནི་རྨོངས་པ་ [246b.6]ཉིད་དུ་ཟད་དོ། །དེ་བས་ན་ཚིག་དང་ཐ་སྙད་ལ་མཁས་པ་ཐམས་ཅད་བསྟན་པའི་ཆོས་ཀྱི་བྱེ་བྲག་མ་ལུས་པ་འཆད་པའི་རང་བཞིན་གྱི་ལུས་ལ་ཆོས་ཀྱི་སྐུའི་སངས་རྒྱས་ཡོད་པ་མ་རྟོགས་སོ། །ད་ནི་དལ་བ་དང་བདེ་བའི་དཔེའི་སྒོ་ནས་བསྟན་པར་བྱ་སྟེ། གླང་ཆེན་ལོ་བས་ནས་ [246b.7]སེམས་ཚགས་ཚུད་པ་ནི། །དེ་ནི་འགྲོ་འོང་བཅང་ནས་ངལ་བ་སྟེ། །དེ་ནི་འདི་ལྟར་རྟོགས་སོ་ཆོས་ཅི་དགོས། །ཞེས་བྱ་བའི་དོན་ནི་ལུམ་པའི་ཚལ་ན་ཁྱིམ་བདག་ཨག་ཤོ་དན་ལ་གླང་པོ་ཆེ་པ་ཏྲོ་ཏ་ཞེས་བྱ་བ་ཤིན་ཏུ་སྨྱོ་བ་ཞིག་ཡོད་པ་ལ། དེ་དག་བཏུལ་བ་ན་ལས་དང་བྱ་ [247a] [247a.1]བྱ་བ་ལ་དགེ་བ་དང་ལྡན་པར་བྱ་བའི་ཕྱིར། ཞི་བར་འདོད་པ་ལས་དེ་ལྟར་མ་གྱུར་ཏེ། དེ་དག་འོང་བ་དང་འགྲོ་བ་དང་གནས་པ་དང་། རྩྭ་ཟ་བ་དང་ཆུ་འཐུང་བ་དང་། འཚོ་གཉེར་བྱེད་པའི་དུས་སུ་ཤིན་ཏུ་སྡུག་བསྔལ་བར་འགྱུར་ཏེ། འཚོ་བས་སྟོབས་ཟིལ་ [247a.2]གྱིས་མནན་པར་མ་ནུས་ཤིང་བདག་ཉིད་ཤིན་ཏུ་ངལ་བར་གྱུར་ཏེ་འཚོ་བ་དང་བྲལ་བའི་སྡུག་བསྔལ་གྱིས་གདུངས་པར་གྱུར་ཏོ། །དེ་ནས་བཏྶའི་བུ་ག་ཡ་མགོ་ཞེས་བྱ་བས་སྨྲས་པ། ཀྱེ་སྟོབས་ཆེན་གླང་པོ་འདི་དག་བཙོངས་ན་བདེ། །བྱ་བའི་ལས་དང་ངལ་བ་རྣམས་དང་ [247a.3]བྲལ། །འཆི་བར་བྱེད་པའི་རྐྱེན་གྱིས་གནོད་པ་མིན། །དགེ་ལྡན་ཞི་བར་འདོད་པས་དེ་མི་ཐུལ། །དེ་ལྟར་མ་གྱུར་ཀུ་ཤའི་རྩ་ཉིད་ལ། །རེ་བ་མ་སྐྱེས་ཡངས་པ་ཉིད་དུ་ཐོང་། །ཞེས་ནས་གླང་པོ་ཆེ་དེ་ཚོང་འདུས་སུ་བཙོངས་སོ། །དེ་ལོབ་པར་གྱུར་ནས་སེམས་ཚགས་སུ་ [247a.4]ཚུད་པ་ན་དེ་ནི་འགྲོ་བར་ཡང་མི་བྱེད་འོང་བར་ཡང་མི་བྱེད་ངལ་ཞིང་དུབ་པར་ཡང་མི་འགྱུར་འཚོ་བ་དང་བྲལ་བའི་སྡུག་བསྔལ་རྣམ་པར་བཅད་ནས་ངང་གིས་དལ་བ་སྟེ་བདེ་བ་དང་ལྡན་ནོ། །དེ་ནས་སྨྲས་པ། ཀྱེ་ཀྱེ་བདག་ནི་ཤིན་ཏུ་བདེ་དང་ལྡན། །བདེ་འདོད་གླང་ [247a.5]ཆེན་དག་གིས་སྡུག་བསྔལ་འགྱུར། །གླང་ཆེན་བཏང་བས་དལ་བའི་མཆོག་དང་ལྡན། །ཀུན་ཀྱང་བྱ་བ་བཏང་ན་བདེ་བར་འགྱུར། །ཞེས་བྱ་བ་ནི་ཁྱིམ་བདག་མ་ག་ཏ་ན་ཞེས་བྱ་བས་ཐོས་ནས་རང་གིས་རང་ཉིད་ལ་བསམ་པས་ཐོས་ནས་བདག་གི་སེམས་ནི་གླང་པོ་ཆེ་ [247a.6]སྨྱོན་པ་ལྟ་བུ་སྟེ། འདི་དག་བཏུལ་བ་ལས་དགེ་བ་དང་ལྡན་པར་ཡང་མ་གྱུར་ཏེ་ཐུལ་བ་ཡང་མ་ཡིན་པའི་ཕྱིར། བཙོང་བར་བྱ་བའི་ཡུལ་ནི་བདག་གིས་མི་རྙེད་དེ་འདི་ནི་གར་དགར་གཏང་བར་བྱའོ་ཞེས་ལྷོད་དེ་བསྡད་པས་སེམས་དེ་དག་འགྲོ་བར་ཡང་མི་བྱེད། [247a.7]འོང་བ་ཡང་མི་བྱེད། གནས་པར་ཡང་མི་བྱེད། འཛིན་རྟོག་བྱུང་ཚོར་གྱི་རྣམ་པ་རང་གིས་འགགས་ཏེ་བདེ་བ་ཆེན་པོ་ཅི་ཡང་མ་ཡིན་པའི་རང་བཞིན་ཤིན་ཏུ་རྟོགས་སོ། །དེ་ནས་དེ་དག་གིས་དུར་ཁྲོད་ཆེན་པོ་ཀེང་རི་ཡ་ན་ཞེས་བྱ་བར་ཕྱིན་ཏེ། རྣལ་འབྱོར་པའི་ [247b] [247b.1]ཚོགས་ལ་སྨྲས་པ། དཔའ་བོ་རྣམས་ཀྱིས་གདམས་ངག་སྩལ་དུ་གསོལ། །བདག་ལ་བྱིན་གྱིས་བརླབས་ཤིང་གནང་བར་མཛོད། །ཁྱེད་ནི་ཆོས་སྐུའི་བདག་ཉིད་སྟོབས་དང་ལྡན། །རྨོངས་པ་དག་གི་སྒྲིབ་པ་དག་པར་མཛོད། །ཅེས་པ་དང་རྣལ་འབྱོར་པ་རྣམས་ཀྱིས་དེ་ [247b.2]ལ་སྨྲས་པ། ཆོས་ཉིད་དམ་པའི་ཡེ་ཤེས་དེ་དག་ནི། །འདི་ལྟར་ཁྱོད་ཉིད་ཀྱིས་ནི་ཤིན་ཏུ་རྟོགས། །རྟོགས་སོ་ཞེས་ནི་སྨྲ་རུ་མེད་པའི་དོན། །འདི་དག་ཉམས་སུ་མྱོང་བས་ཆོས་ཅི་དགོས། །ཞེས་ངེས་པའི་ཤེས་པ་སྐྱེས་པས་སྐད་ཅིག་མ་དེ་ཉིད་ལ་གྲོལ་བར་གྱུར་ཏོ། །དེ་ [247b.3]བས་ན་བློ་དང་ལྡན་པ་དག་གིས་དེ་བཞིན་ཉིད་ཤེས་པར་བྱའོ། །ད་ནི་ཆགས་པ་དང་བྲལ་བས་འབྲས་བུ་མི་འགྱུར་བ་བསྟན་པར་བྱ་སྟེ། དེ་ལྟར་ངོ་ཚ་མེད་སྨྲ་མཁས་པ་དེ། །གསོན་པོ་གང་ཞིག་རྣམ་པར་མ་གྱུར་པ། །དེ་ནི་རྒས་ཤིང་འཁོགས་པར་འགྱུར་རམ་ཅི། །བླ་ [247b.4]མས་བསྟན་པའི་དྲི་མེད་བློ་གྲོས་ནི། །དེ་ཉིད་གཏེར་ཡིན་གཞན་ཡང་གང་ཡིན་ལོ། །ཡུལ་ཉིད་རྣམ་པར་དག་པ་རྟེན་ཡང་མིན། །སྟོང་པ་འབའ་ཞིག་གིས་ནི་བཤད་པར་བྱ། །ཞེས་བྱ་བའི་དོན་ནི། དེ་ལྟར་གོང་དུ་སྨོས་པའི་ཐ་མལ་པའི་ཤེས་པ་རང་གི་མཚན་ཉིད་དེ་དག་ [247b.5]དོགས་པ་དང་འཇིགས་པ་དང་ངོ་ཚ་བ་མེད་དེ་སྨྲ་བ་ནི་མཁས་པ་ང་ཞེས་བྱ་བ་སྟེ། རྗེ་བཙུན་པ་རི་བོ་བ་ཉིད་དོ། །དེ་དག་ཀྱང་ཅི་ཞེ་ན། ཤེས་པ་སོམ་མ་བཅོས་པ་གསོན་པོའི་ཚུལ་དེ་དག་ཉམས་སུ་མྱོང་བས་ལུས་དང་སེམས་བདེ་བས་གང་ཞིང་སྟོང་པ་རྒྱས་དེ་ཉིད་ཞི་ [247b.6]བར་བྱེད་དེ། བདེ་བ་དང་སྟོང་པ་དབྱེར་མེད་པའི་རྣམ་པས་མཉམ་པ་ཉིད་ཀྱི་དོན་ལས་མ་གྱུར་པ་དེ་ནི་རྟོགས་མི་ལྡན་པས་རྒས་པར་ཡང་མི་འགྱུར་ཏེ། འཁོར་བར་མི་ལྟུང་བ་ཉིད་ཀྱིས་འཁོགས་པར་ཡང་མ་ཡིན་ཏེ་སྡུག་བསྔལ་གྱི་རྣམ་པས་འགྱུར་རམ་ཅི་སྟེ་འགྱུར་རོ། ། [247b.7]དེ་ལྟར་བླ་མས་བསྟན་པའི་དོན་དེ་ཁོ་ན་དེ་བཞིན་ཉིད་ལ་ནི་དྲི་མ་མེད་དེ། དེ་དག་ནི་བློ་གྲོས་ཀྱི་མཐར་ཐུག་པའི་ཤེས་རབ་ཀྱི་དེ་བཞིན་ཉིད་དོ། །དེ་ཉིད་ཟད་མི་ཤེས་པའི་གཏེར་ཡིན་ཏེ་དེ་ལས་གཞན་པའི་གཏེར་གང་ཡིན་ལོ་སྟེ་མེད་དོ། །ཡུལ་དང་ཡུལ་ཅན་དུ་རྟོག་པ་དག་ [248a] [248a.1]ནི་དེ་ཉིད་རྣམ་པར་དག་པའི་ཡེ་ཤེས་ཡིན་ནོ་ཞེས་པ་བརྗོད་ཀྱང་། དེ་ཁོ་ན་ཉིད་ཀྱི་རྟེན་ཙམ་དུ་ཡང་མི་རུང་སྟེ་ཡིན་ནོ། །དེ་དག་ཀྱང་ཅི་ཞེ་ན། སྟོང་པ་ཉིད་ལ་སྟོང་པ་ཉིད་འབའ་ཞིག་གིས་དེ་ཉིད་ནི་བཤད་དུ་མེད་པའི་ཚུལ་གྱིས་བཤད་པར་བྱའོ། །ད་ནི་ [248a.2]རྟོགས་པའི་སེམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་སྣང་པ་བཤད་པར་བྱ་སྟེ། དངོས་པོ་མ་ཆགས་སེམས་སུ་ཤེས་པ་དང་། །ཤེས་པ་བརྡ་རུ་གྲགས་ཀྱི་དེ་ཉིད་ཚུལ། །ཚུལ་ཁྲིམས་དེ་ཉིད་ངོ་བོར་སྲུང་བྱེད་ཅིང་། །ངོ་བོ་ཙམ་དུ་རྟོག་མེད་སྙིང་པོ་ཆེ། །སེམས་ཀྱི་རྡོ་རྗེ་ནང་དུ་ཁྲོ་ [248a.3]འཇོམས་ཏེ། །རློམ་མེད་རྡོ་རྗེ་མཁའ་ལ་གནོད་མི་འགྱུར། །སེམས་ཉིད་རང་བཞིན་དལ་དང་མྱུར་མིན་ཡང་། །རྟོག་པ་བསལ་ཕྱིར་ཆོ་འཕྲུལ་མྱུར་དུ་བརྩམ། །རང་བཞིན་སངས་རྒྱས་ལྷན་ཅིག་སྐྱེས་པ་སྟེ། །རྟོགས་པར་བྱེད་པ་མཉམ་གཞག་ཚུལ་དུ་བྱ། །བླ་མའི་མན་ངག་ [248a.4]མཚོན་ཆ་ཤེས་རབ་སྟེ། །རྟོགས་ནས་རྣལ་མར་སྦྱོར་བར་རྫོགས་སངས་རྒྱས། །ཞེས་བྱ་བའི་དོན་ནི། དངོས་པོ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་མ་ཆགས་པ་ནི་སྦྱིན་པ་སྟེ། དེ་ཉིད་སེམས་སུ་ཤེས་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །དེ་དག་གིས་ཤེས་སུ་ཡོད་དམ་ཞེ་ན། ཤེས་པ་ [248a.5]དེ་དག་སློབ་པ་པོའི་བློ་ལ་བརྡ་ཙམ་དུ་ཟད་ཀྱི་དོན་ལ་སེམས་མ་བཅོས་པ་དེ་ཁོ་ན་ཉིད་ཀྱི་ཚུལ་ལོ། །སྦྱིན་པ་རྣམ་པ་དེ་ཉིད་ལ་ཚུལ་ཁྲིམས་སུ་བརྗོད་པར་བྱ་སྟེ། དེ་ཡང་སེམས་ཅན་ལ་གནོད་པའི་ལས་མི་བྱེད་པ་དང་། དེ་ཡང་དེ་ཉིད་ཀྱི་ངོ་བོར་སྲུང་བར་བྱེད་ཅིང་ངོ་བོ་ཙམ་དུ་ཡང་རྟོག་པ་ [248a.6]མིན་ཏེ། དོན་ལ་ནི་སྙིང་པོའི་དོན་ཆེ་བའི་བདག་ཉིད་དོ། །དེ་ཉིད་ངོ་བོ་དེ་དག་བཟོད་པ་བསྒོམ་པར་བྱ་སྟེ། སེམས་ཆོས་ཀྱི་སྐུ་རྡོ་རྗེ་གཉུག་མ་དེ་དག་གི་ངང་དུ་བདག་གཞན་གྱི་ཁྲོ་བ་རྣམ་པར་འཇོམས་ཏེ། དེ་ལ་ཡང་རློམ་སེམས་མེད་པའི་རྡོ་རྗེ་སྟེ། ནམ་མཁའ་དང་འདྲ་བའི་ཕྱིར་དེ་ [248a.7]ལ་གནོད་པ་མི་འབྱུང་ངོ་། །དེ་ཉིད་ཀྱི་ངོ་བོར་བརྩོན་འགྲུས་བརྩམ་པར་བྱ་སྟེ། སེམས་ཉིད་ཀྱི་རང་བཞིན་ནི་དལ་བ་དང་མྱུར་བ་གཉིས་ཀ་རྟག་ཏུ་མི་འདོད་པ་ཡིན་ཡང་མ་རྟོགས་པ་རྣམས་ཀྱིས་རྟོག་པ་བསལ་བར་བྱ་བའི་ཕྱིར་དང་། རྟོགས་པ་གདེང་དུ་གྱུར་པར་བྱ་བའི་ཕྱིར་ [248b] [248b.1]བསོད་ནམས་ཀྱི་ཚོགས་ཉི་མའི་ཟེར་ལྟ་བུའི་ཆོ་འཕྲུལ་མྱུར་དུ་བརྩམ་པར་བྱའོ། །དེ་ཉིད་ངོ་བོར་བསམ་གཏན་ལ་མཉམ་པར་གཞག་པར་བྱ་སྟེ། སེམས་ཉིད་རང་བཞིན་གྱི་སངས་རྒྱས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡེ་ནས་གནས་ཏེ་དེ་དག་ལས་སངས་རྒྱས་སུ་མེད་ཀྱང་བླ་མའི་ [248b.2]གདམས་ངག་ཉེ་བར་བསྟན་པའི་དོན་རྟོགས་པར་བྱེད་པའི་བདག་ཉིད་ལ་མཉམ་གཞག་གི་ཚུལ་དུ་བྱའོ། །དེ་ཉིད་ངོ་བོར་ཤེས་རབ་བསྒོམ་པར་བྱ་སྟེ། བླ་མའི་གདམས་ངག་མཚོན་ཆ་དམ་པ་དེ་དག་གིས་བདག་གི་རྣམ་པ་ཡོངས་སུ་གཅོད་པར་བྱེད་པས་ན་ཤེས་རབ་སྟེ། སློབ་པ་པོའི་བློ་ལ་དེ་ [248b.3]དག་རྟོགས་ནས་དོན་དང་རྟོགས་དོན་རྣལ་འབྱོར་པ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ་ཆོས་ཀྱི་སྐུའོ། །དེ་ལྟར་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་། བརྩོན་འགྲུས་དང་བསམ་གཏན་དང་། ཤེས་རབ་མཐར་ཐུག་པའི་ངོ་བོ་དེ་དག་ཆོས་ཐམས་ཅད་འདུས་པའི་ཚུལ་དུ་བཤད་ [248b.4]པར་བྱ་སྟེ། ཇི་ལྟར་གཟིངས་ལ་འཕུར་བའི་བྱ་རོག་ནི། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་བྱ་བའི་དོན་ནི་རིན་པོ་ཆེ་ལེན་པར་འདོད་པའི་ཕྱིར་རྒྱ་མཚོའི་སྟེང་དུ་གཟིངས་བཅས་ཏེ། རིག་པའི་ལྟས་བརྟག་པའི་ཕྱིར་བྱ་རོག་དག་བཟུང་སྟེ་འོ་མས་བྲིད་ནས་འཛིན་ [248b.5]བམ་གྱི་རྔ་ཡབ་ཕྱར་ཏེ་བྱ་རོག་དེ་དག་འཕུར་བ་ལས་གཞན་དུ་འགྲོ་བར་མི་འགྱུར་ཏེ། བསྐོར་ཞིང་བསྐོར་ཞིང་སླར་ལ་གཟིངས་ཀྱི་གནས་དེ་ཉིད་དུ་འབབ་པ་བཞིན་དུ། བླ་མ་དམ་པའི་གདམས་ངག་རྒྱ་མཚོ་ལྟ་བུའི་སྟེང་དུ་ཆོས་ཀྱི་སྐུའི་ནོར་བུ་ཐོབ་པར་བྱ་བའི་ཕྱིར། ཐ་མལ་གྱི་ [248b.6]ཤེས་པའི་གཟིངས་བཅས་ནས་སྣང་སྲིད་ཕྱག་རྒྱ་ཆེན་པོའི་སྐུར་བཏགས་པའི་ཕྱིར་དྲན་པ་རྒྱུན་ཆགས་ཀྱི་དོན་འོ་མ་ལྟ་བུ་ལ་བློ་བྲིད་དེ་ཤེས་པར་བྱ་རོག་གར་དགར་ཡན་དུ་བཅུག་པ་ལས་སླར་ལ་བསྐོར་ཞིང་སླར་དེ་ཉིད་ཀྱི་ངོ་བོར་བབས་སོ། །ད་ནི་འདོད་པའི་ཡོན་ཏན་ལ་ཆགས་པ་དེ་བཞིན་ཉིད་ [248b.7]ཀྱི་དཔེར་སྦྱར་བསྟན་པར་བྱ་སྟེ། ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག །ཀྱེ་ཧོ་རྨོངས་པ་མདའ་བསྣུན་གྱིས་སྨྲས་པ། ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་། །འདི་ནི་རི་དགས་བཞིན་དུ་ལྟ་བར་བྱོས། །མཆིལ་པ་རོ་ལ་ཆགས་བཞིན་མྱང་བ་དང་། །རེག་བྱ་བདེ་ལ་དང་པོར་ [249a] [249a.1]གནས་པའི་ཚུལ། །སྟོང་པ་དྲི་ཡིས་ཁྱབ་པར་བྱ་བ་སྟེ། །སྣ་མའི་མེ་ཏོག་རབ་ཏུ་དང་པ་དང་། །དབྱེར་མེད་གླུ་ལ་མྱུར་དུ་རྒྱུག་པའི་རིགས། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་འདོད་པའི་ཡོན་ཏན་གྱི་ཡུལ་ཞེན་པ་དང་ཐ་དད་ཀྱི་རྟོགས་པས་བཅིངས་པར་མ་ [249a.2]བྱེད་ཅིག །དེ་བས་ན་ངོ་མཚར་བའི་དོན་ཏེ་འཁོར་བའི་སེམས་ཅན་ཐམས་ཅད་ལ་ཀྱེ་ཧོ་རྨོངས་པ་ཞེས་བོས་ཏེ། །དེ་དག་གིས་ཅི་བྱེད་ཅེ་ན། མདའ་སྣུན་གྱིས་སྨྲས་པ་ལ་ཉོན་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཀྱང་ཅི་ཞེ་ན། ཉ་རོ་ལ་ཆགས་པ་དང་ཕྱེ་མ་ལེབ་རེག་བྱ་ལ་ཆགས་པ་དང་གླང་ [249a.3]པོ་ཆེ་ཨ་ག་རུ་ནག་པོའི་དྲི་ལ་ཆགས་པ་དང་། བུང་བ་མེ་ཏོག་གི་ཁ་དོག་ལ་ཆགས་པ་དང་། རི་དགས་ཨེ་ན་ཡ་གླུ་སྙན་ལ་ཆགས་པ་བཞིན་དུ་དེ་ཉིད་ཀྱི་དོན་ལ་བལྟ་བར་བྱོས་ཤིག །དེ་དག་ནི་སྐྱོན་དང་བཅས་པ་སྟེ། ཆགས་པ་མངོན་པར་འཕེལ་བའི་ཕྱིར་འཁོར་བའི་རྒྱུར་འགྱུར་རོ་ཞེ་ [249a.4]ན་མ་ཡིན་ཏེ། ཉ་མཆིལ་པའི་རོ་ལ་ཆགས་པ་བཞིན་དུ་རྣལ་འབྱོར་པ་དེ་བཞིན་ཉིད་ཀྱི་རོ་མྱོང་བ་དང་། བྱེ་མ་ལེབ་རེག་བྱའི་བདེ་བ་ལ་ཆགས་པ་བཞིན་དུ་རྣལ་འབྱོར་པས་དང་པོར་ལུས་དང་སེམས་ཀྱི་བདེ་བ་ལ་གནས་པའི་ཚུལ་དང་། གླང་པོ་ཆེ་དྲི་ལ་ཆགས་པ་བཞིན་དུ་ [249a.5]རྣལ་འབྱོར་པ་བདེ་བ་ལ་མ་ཆགས་ཤིང་སྟོང་པའི་དྲི་ཡིས་ཁྱབ་པར་བྱ་བ་དང་། བུང་བ་ཁ་དོག་ལ་ཆགས་པ་བཞིན་དུ་རྣལ་འབྱོར་པས་སྣང་སྲིད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་མེ་ཏོག་རབ་ཏུ་དང་བར་ཤེས་པ་དང་། རི་དགས་གླུ་ལ་རྒྱུག་པ་བཞིན་དུ་རྣལ་འབྱོར་པས་བདེ་བ་དང་སྟོང་ [249a.6]པ་དབྱེར་མེད་པའི་གླུ་ལ་མྱུར་དུ་རྒྱུག་པའི་རིགས་སོ། །ད་ནི་སྣང་སྟོང་དབྱེར་མེད་པ་བསྟན་པར་བྱ་སྟེ། གང་ཞིག་སེམས་ལ་རྣམ་པར་འཕྲོ་བར་སྣང་། །དེ་སྲིད་མགོན་པོ་ལ་ནི་རང་བཞིན་ཏེ། །ཆུ་དང་རླབས་དག་ཀྱང་ནི་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའི་ [249a.7]རང་བཞིན་ནོ། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་གང་ཞིག་གིས་སེམས་ནི་སེམས་ལ་རྣམ་པར་འཕྲོ་བར་སྣང་སྟེ། ཇི་སྲིད་དུ་འཕྲོ་བ་དེ་སྲིད་དུ་བླ་མ་དམ་པའི་མགོན་པོ་དང་ཕྲད་པ་ཡིན་ཏེ། དེ་ལས་ནི་རང་བཞིན་གཞན་དུ་མི་རྟོགས་པའི་དེ་ཁོ་ན་ཉིད་དོ། །དེ་བས་ན་རང་ [249b] [249b.1]བཞིན་རྣལ་མ་དེ་ལས་གཞན་དུ་འགྱུར་བ་ལྟ་བུ་ནི་མ་ཡིན་ནོ། །དཔེར་ན་ཆུའི་རྒྱ་མཚོ་ཆེན་པོ་དག་ལ་ཆུ་དང་རླབས་དག་དཔག་ཏུ་མེད་པ་ཅིག་ཡོད་ཀྱང་དེ་ཉིད་ལས་གཞན་ཡིན་ནམ་སྟེ་མ་ཡིན་ནོ། །དེ་བས་ན་ངོ་བོ་ཐ་མི་དད་པའི་ཕྱིར་སྲིད་པའི་ངོ་བོ་དང་མྱ་ངན་ལས་འདས་པའི་མཉམ་ [249b.2]པ་ཉིད་ནམ་མཁའི་ངོ་བོ་ལྟར་རང་བཞིན་གྱིས་དག་པ་ཡིན་ནོ། །ད་ནི་ཁྱད་པར་གྱི་ནུས་པ་བསྟན་པར་བྱ་སྟེ། གང་ཞིག་སྟོན་ཏེ་གང་གིས་ཐོས་པ་ཡི། །དགོས་པ་གང་ཡིན་དམ་པ་སྐྱོང་བ་ན། །གདུག་པའི་སྐུངས་ས་རྡུལ་བཞིན་རློག་པར་བྱེད། །སྙིང་ག་ཉིད་དུ་ནུབ་པར་གྱུར་ [249b.3]པ་ཡིན། །ཞེས་བྱ་བའི་དོན་ནི། །བླ་མ་དམ་པ་གང་ཞིག་གིས་སྟོན་པ་ཡང་དག་པའི་དོན་དེ་དག་སློབ་པ་པོ་གང་གིས་ཐོས་པའི་དགོས་པ་དེ་དག་གང་ཡིན་ཞེ་ན། ཐ་མལ་གྱི་ཤེས་པའི་དམ་པ་སྟེ། དེ་དག་དྲན་པ་རྒྱུན་ཆགས་ཀྱིས་སྐྱོང་བ་ན་རྣམ་པར་རྟོག་པའི་གདུག་པའི་ [249b.4]སྐུངས་ས་དེ་དག་རྡུལ་བཞིན་རློག་པར་བྱེད་དོ། །རྟོགས་པའི་བྱེ་བྲག་དཔག་ཏུ་མེད་པ་དག་ནི་སྙིང་ག་ཐ་མལ་གྱི་ཤེས་པ་ཉིད་དུ་ནུབ་པར་གྱུར་པ་ཡིན་ནོ། །ནུབ་པ་དེ་ཡང་མཚོན་པ་ཙམ་དུ་ཟད་དེ། དོན་ལ་ཇི་བཞིན་པ་དེ་ཁོ་ན་ཉིད་རྟོགས་པ་ལ་བྱའོ། །ད་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོའི་ [249b.5]ཚུལ་དུ་མཚོན་པར་བྱ་སྟེ། ཇི་ལྟར་ཆུ་ལ་ཆུ་བཞག་ན། །དེ་སྙེད་ཆུ་རུ་རོ་མཉམ་འགྱུར། །ཇི་ལྟར་མར་ལ་མར་གཞག་མཚུངས། །སེམས་དང་སྣང་བ་དེ་བཞིན་སྨྲ། །སྐྱོན་དང་ཡོན་ཏན་རྣམས་དང་ལྡན་པའི་སེམས། །མགོན་པོ་སུས་ཀྱང་མཚོན་པར་མི་འགྱུར་རོ། །ཞེས་བྱ་ [249b.6]བའི་དོན་ནི་དཔེར་ན་ཆུའི་ཐིགས་པ་ལ་ཆུའི་ཐིགས་པ་བཞག་ན་ཇི་སྙེད་དུ་བཞག་པ་དེ་སྙེད་ཆུ་རུ་རོ་མཉམ་པར་འགྱུར་རོ། །ཇི་སྲིད་མར་གྱི་ཁུ་བ་ལ་མར་བཞག་པ་དེ་དང་མཚུངས་པ་སྟེ་མར་དུ་རོ་མཉམ་པར་འགྱུར་རོ། །སེམས་སྣང་བ་ལ་བཞག་པ་དང་སྣང་བ་སེམས་ལ་ [249b.7]བཞག་པའི་ངོ་བོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པ་སྟེ། དེ་དག་ནི་གཉིས་སུ་མེད་པར་རོ་མཉམ་པ་སྟེ་བདེ་བ་ཆེན་པོའི་ངང་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བས་ན་རྗེ་བཙུན་པ་རི་བོ་པའི་ཞལ་སྔར་དེ་བཞིན་དུ་སྨྲ་བར་འགྱུར་རོ། །དེ་བས་ [250a] [250a.1]ན་སེམས་ཉིད་ཀྱི་ངོ་བོ་ནི་ཅིར་ཡང་མ་ཡིན་པའི་དོན་ལ་ཅིར་ཡང་སྣང་བ་སྟེ། སྣང་བ་ལ་རྟོགས་ན་སྐྱོན་དུ་འགྱུར་བ་དང་། དེ་མ་བཅོས་པར་བཞག་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་རྟོགས་པར་བྱེད་པ་སྟེ། དེ་དང་ལྡན་པའི་སེམས་འདི་ནི་མགོན་པོ་ [250a.2]སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་སུས་ཀྱང་མཚོན་པར་མི་ནུས་ཤིང་མཚོན་པར་ཡང་མི་འགྱུར་རོ། །ད་ནི་དེ་ཉིད་ཀྱི་མཐའ་ལ་གདམས་པ་བསྟན་པར་བྱ་སྟེ། རྨོངས་པ་དག་ལ་གཉེན་པོ་གང་ཡང་མེད། །ཁྱོད་ནི་སྟོང་པ་ཉིད་ལ་ཞེན་ཏམ་ཅི། །ནགས་ལ་མཆེད་ [250a.3]པའི་མེ་ལྕེ་ཇི་བཞིན་དུ། །གོང་དུ་བབས་པ་འདི་ལྟར་སྣང་བ་ཀུན། །ཇི་ལྟར་སྣང་དང་གྲགས་པའི་དངོས་པོ་རྣམས། །རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས། །ཞེས་བྱ་བའི་དོན་ནི་ཐ་མལ་གྱི་ཤེས་པ་ནི་རྨོངས་པ་ཆེན་པོ་སྟེ། དེ་དག་ལ་ནི་གཉེན་པོ་གང་ཡང་མེད་དོ། །དེ་བས་ན་སེམས་ [250a.4]ཁྱོད་ནི་སེམས་ཉིད་སྟོང་པ་ཉིད་ནི་ཅིར་ཡང་མ་ཡིན་པ་ལ་ཞེན་ཏམ་ཅི། དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་ཐམས་ཅད་ཀྱང་ནགས་ལ་མེ་ལྕེ་མཆེད་པ་བཞིན་དུ་གོང་དུ་བསྟན་པའི་དོན་ཅི་ཡང་མ་ཡིན་པ་ལ་བབས་པའོ། །ཇི་ལྟར་སྣང་བ་ཀུན་ཀྱང་དེ་བཞིན་ནི་ཇི་ལྟར་སྣང་བ་དང་གྲགས་ [250a.5]པའི་དངོས་པོ་མ་ལུས་པ་རྣམས་རྩ་བ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་སྟོང་པ་ཉིད་དང་ལྷན་ཅིག་ཏུ་བྱོས་ཤིག་པའོ། །ད་ནི་མཉམ་པའི་དོན་ལ་ཟུག་རྔུའི་ཚེར་མས་གནོད་པ་དེ་བསལ་བ་བསྟན་པར་བྱ་སྟེ། གལ་ཏེ་ཡིད་དུ་འོང་བ་མཉམ་པའི་སེམས། །སྙིང་ལ་གཅེས་སྤྲས་བྱམས་པའི་ [250a.6]སེམས་ཉིད་ལ། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམས་ཀྱང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །ཅེས་བྱ་བའི་དོན་ནི་རྣལ་འབྱོར་པ་བདག་ནི་གལ་ཏེ་འམ་བརྒྱ་ལམ་ན་གསལ་བ་དང་མི་རྟོག་པ་དང་བདེ་བ་དང་ཡིད་དུ་འོང་བའི་ངོ་བོ་ལ་ཅི་ཡང་མ་ཡིན་པའི་སེམས་ [250a.7]དང་ལྡན་ཏེ་དེ་ལྟར་རྟོགས་པ་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་བླ་མའི་མཆོག་སྟེ། སྙིང་དེ་ལ་གཅེས་སྤྲས་དང་བྱམས་པའི་སེམས་ཉིད་བྱ་བར་རིགས་ལ། གཡེང་བ་དང་གནོད་པའི་ཟུག་རྔུ་དང་བྲལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུ་ཡང་རྣལ་ [250b] [250b.1]འབྱོར་པ་དེ་དག་གི་སེམས་ལ་གནོད་པའི་ཕྱིར་ནམས་ཀྱང་སྡུག་བསྔལ་འབའ་ཞིག་སྐྱེས་པར་བྱེད་པར་ཟད་དོ། །ད་ནི་དཔེ་ལྟ་བུའི་སྤྱོད་པ་བསྟན་པར་བྱ་སྟེ། གྲོགས་པོ་ཕག་དང་གླང་པོ་སྨོན་པ་ལྟོས། །དེ་ལྟར་ཡིན་པ་དེ་ནི་མ་ཡིན་ནོ། །རྟོག་བྲལ་གཏན་དང་ཆགས་པའི་བཟའ་ [250b.2]གཏད་བྲལ། །རྣམ་རྟོག་ཀློང་དང་དམག་བཟློག་སྡིག་པར་བྲལ། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་རྣམས་ལ་གྲོགས་པོ་ཞེས་བོས་ཏེ། གྲོང་ཁྱེར་གྱི་ཕག་དང་རྒྱལ་པོའི་གླང་པོ་ཆེ་དང་གནོད་སྦྱིན་གྱིས་ཟིན་པའི་སྨྱོན་པ་ལྟོས་ཤིག་པའི་དོན་ཏོ། །དེ་དག་གིས་ཅི་བྱེད་ཅེ་ན། རྣལ་ [250b.3]འབྱོར་པ་དང་ཆོས་མཐུན་པའི་སྤྱོད་པ་དེ་ལྟར་ཡིན་ཏེ་མི་མཐུན་པའི་ཕྱོགས་དགག་པར་བྱ་བའི་ཕྱིར་དེ་དང་མི་མཐུན་ནོ། །དེ་དག་ཀྱང་ཅི་ཞེ་ན། ཕག་པ་རྟོག་པ་དང་བྲལ་བ་བཞིན་རྣལ་འབྱོར་པ་དག་ཀྱང་ཟས་ལ་གཙང་བཙོག་མེད་ཅིང་རྟོག་པ་དང་བྲལ་བའོ། །གླང་པོ་ཆེ་ཡིད་བསྒྱུར་ [250b.4]བར་མི་ནུས་ཤིང་བརྟན་པ་བཞིན་དུ་རྣལ་འབྱོར་དག་ལ་ཡང་བདུད་དང་མུ་སྟེགས་དང་ཕྱིར་རྒོལ་བ་དང་ཕྱི་ནང་གི་གཡེངས་པ་དག་གིས་བློ་བསླད་པར་མི་ནུས་ཤིང་བརྟན་པའོ། །སྨྱོན་པ་ནི་ཆགས་པའི་བཟའ་གཏད་དང་བྲལ་བ་སྟེ། རྣལ་འབྱོར་པ་དག་གིས་ཀྱང་སུ་ལ་ཡང་ཆགས་པར་མི་བྱ་ [250b.5]ཞིང་སྤྱོད་པ་བཟའ་གཏད་དང་བྲལ་བར་སྤྱོད་པའོ། །དེ་དག་དང་མཚུངས་པའི་ཕྱིར་མཐུན་པའི་དཔེ་ཉེ་བར་འགྲུབ་པའོ། །རྣལ་འབྱོར་པ་དག་གིས་རྣམ་པར་རྟོག་པའི་ས་གློང་བ་དང་། ཕ་རོལ་པོའི་དམག་ཟློག་པ་དང་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་དང་བྲལ་བར་ [250b.6]བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐ་དད་ཀྱི་རྟོག་པ་དང་བཅས་ཀྱི་བར་དུ་རྣམ་པར་སྨིན་པ་མི་སླུ་བར་འབྱུང་བའི་ཕྱིར་རོ། །ད་ནི་ནོར་བུའི་དཔེའི་སྒོ་ནས་སེམས་ཅན་ལ་ཕན་པར་བྱ་བ་བསྟན་པར་བྱ་སྟེ། ཇི་ལྟར་ཡིད་བཞིན་ནོར་བུའི་དགོས་པ་བཞིན། །འཁྲུལ་པ་གཞིག་པའི་ [250b.7]མཁས་པ་ངོ་མཚར་ཆེ། །ངང་ལས་རང་རིག་བདེ་ཆེན་བག་ཆགས་གཟུགས། །ཐམས་ཅད་དེ་ཚེ་མཁའ་མཉམ་དེ་ལྟར་འགྱུར། །ཀ་ལ་ཀུ་ཏ་རྨོངས་སུ་མི་རུང་སྟེ། །རང་གཞན་མཁའ་མཉམ་ཡིད་ཀྱིས་འཛིན་པ་ཡིན། །ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ཏེ། ཞེས་ [251a] [251a.1]བྱ་བའི་དོན་ནི་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣོད་བཟང་པོའི་ནང་དུ་བཞག་ནས་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པས་དགོས་པའི་དོན་ཇི་ལྟ་བར་འབྱུང་བ་བཞིན་དུ་བླ་མའི་གདམས་ངག་གི་ནོར་བུ་རིན་པོ་ཆེ་དེ་དག་རྟེན་གང་ཟག་གི་སྣོད་བཟང་ [251a.2]པོའི་བློ་ལ་བཅུག་སྟེ། ཐ་མལ་གྱི་ཤེས་པའི་མཆོད་པ་ཕུལ་ནས་ངེས་པའི་ཤེས་པའི་གསོལ་བ་བཏབ་ན་སྐད་ཅིག་མ་དེ་ཉིད་ལ་འཁྲུལ་པ་མ་ལུས་པ་ཞི་བར་འགྱུར་རོ། །དེ་དག་གི་དོན་ལ་མཁས་པ་སྟེ་ངོ་མཚར་ཆེའོ། །དེ་དག་ཀྱང་གཞན་ལས་འཐོབ་པ་མ་ཡིན་ཏེ། ། [251a.3]རང་ལ་རང་རིག་པའི་བདེ་བ་ཆེན་པོ་འདི་ནི་སྣང་བ་དང་སེམས་ཀྱི་ཚུལ་དུ་བག་ཆགས་ཀྱི་གཟུགས་སུ་སྣང་ངོ་། །ཐ་མལ་གྱི་ཤེས་པ་རྟོགས་པ་ན་བརྟགས་པ་ཐམས་ཅད་དེའི་ཚེ་ནམ་མཁའ་དང་མཉམ་པར་འགྱུར་རོ། །ཀ་ལ་ཀུ་ཏ་ཞེས་བྱ་བ་ནི། ཀ་ཀ་པ་ཨ་ཨི་ཏ་དང་། ། [251a.4]ལ་པ་ནི་ཧ་རི་ཧ་དང་། །ཀུ་ཀུ་པ་ར་ན་ཧེ་དང་། །ཏ་ཏ་པ་ཤི་ནེེ་ཀེ་དང་སྟེ་བརྡའི་དོན་ཏོ། །དེ་དག་གསལ་བར་བྱ་བ་ནི། །ཉམས་སུ་མྱོང་བ་ཐ་མལ་ཉིད། །ནམ་མཁའ་ལྟ་བུའི་ངོ་བོར་གསལ། །རེ་དོགས་གཉིས་འཛིན་བླང་དོར་མེད། །འདི་རྟོགས་ཀུན་དུ་བཟང་པོའོ། །མ་རྟོགས་ནང་ [251a.5]དང་ཕྱི་རུ་བལྟ། །ངེས་པ་སྐྱེས་ནས་གོ་རིམས་ཉིད། །བསོད་ནམས་ཚོགས་བསགས་ལ་བརྩོན་པ། །འདི་ནི་དམ་པའི་ལམ་ཡིན་ནོ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ། །ཆུ་བོ་ལྟ་བུའི་ངོ་བོ་ཉིད། །དབང་པོ་ཡུལ་ཕྲད་བདེ་བའི་མཆོག །དྲན་པ་བསྟེན་པ་མཆོག་ཡིན་ནོ། ། [251a.6]སྤྱོད་ལམ་བཞི་ལ་སྔོན་འགྲོ་བའོ། །དྲན་པ་དེ་བཞིན་ཉིད་དུ་བསྟེན། །སེམས་ཉིད་བླ་མ་དམ་པར་བཀུར། །དགག་པར་དོར་ཞིང་ཅི་སྟེར་སྤྱད། །ཅེས་བྱ་བ་ནི་ཐུན་མོང་གི་ཚུལ་ལོ། །སེམས་ཉིད་མ་བཅོས་ཆོས་ཀྱི་སྐུ། །སྣང་བ་བདེ་ཆེན་ལོངས་སྤྱོད་རྫོགས། །འགྲོ་འོང་ [251a.7]སེམས་ཅན་སྤྲུལ་པའི་བདག །དམ་པ་དག་ལ་རྟོག་པའོ། །འདི་དག་ནི་ཁྱད་པར་གྱི་ཚུལ་ལོ། །སེམས་ཉིད་རྣལ་མའི་ངང་གནས་ན། །སྤྱོད་པ་དྲུག་གིས་ཅི་བྱར་ཡོད། །བདེ་བ་ཆེན་པོའི་རོ་མྱོང་ནས། །དགེ་དང་སྡིག་པའི་བྱེ་བྲག་མེད། །འདི་ནི་བླ་ན་མེད་པའི་ཚུལ་ལོ། །རྣལ་ [251b] [251b.1]མ་རྟོགས་པ་རྫོགས་སངས་རྒྱས། །སྡིག་པའི་རྣམ་པར་སྨིན་མི་མྱོང་། །དགེ་བའི་བདེ་བས་འབྲས་བུ་མིན། །རྨི་ལམ་བཞིན་ལྟ་ཅི་བདེར་སྤྱོད། །འདི་དག་ནི་དེ་ཁོ་ན་ཉིད་ཀྱི་ཚུལ་ལོ། །ཀ་ནི་རྩོལ་སྒྲུབ་བྲལ་བ་སྟེ། །ལ་ནི་མ་བཅོས་དོན་གྱི་གཙོ། །ཀུ་ནི་རྣམ་རྟོག་མཐའ་དང་ [251b.2]བྲལ། །མ་ཤེས་སྨྲར་མེད་མཉམ་ཉིད་ཏེ། །ཞེས་བྱ་བ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཚུལ་དུ་བཤད་པའོ། །དེ་བས་ན་སྨོས་སུ་མི་རུང་བ་སྟེ། རང་བཞིན་རྣལ་མ་འདི་དག་ནམ་མཁའ་དང་མཉམ་པའི་ཕྱིར་དྲན་པའི་ཡིད་ཀྱིས་འཛིན་པར་བྱེད་པ་ཡིན་ནོ། །ཡིན་པ་དེ་ཡང་ [251b.3]རྟོག་པའི་ཟུག་རྔུ་ཡིན་ཏེ། །ཡིད་དེ་དག་དང་དྲན་པ་རྟོག་པ་མ་ཡིན་པར་ཤུགས་ཀྱིས་བྱེད་པར་འགྱུར་ཏེ་འདི་ནི་དམ་པའོ། །ད་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་བསྟན་པར་བྱ་སྟེ། རང་བཞིན་གྱིས་མཛེས་སྐྱེས་པའི་མཆོག་ཏུ་མཛེས། །ཁྱིམ་དང་ཁྱིམ་ན་དེ་ནི་བརྗོད་ [251b.4]པ་སྟེ། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །འགྲོ་ཀུན་སེམས་ཀྱི་སྤྲུལ་པར་མདའ་བསྣུན་སྨྲས། །དེ་ནི་བསམ་མེད་རྟོག་པ་མ་ཡིན་ནོ། །ཀྱེ་མ་རྣལ་འབྱོར་བསྒོམ་པ་རང་ལ་དྲིས། །སྙིང་པོ་རང་བཞིན་དག་པའི་རྟོག་པ་ལ། །རང་བཞིན་གནས་པའི་སེམས་ཀྱིས་བལྟ་བར་རིགས། ། [251b.5]ཞེས་བྱ་བའི་དོན་ནི་སེམས་ཀྱི་རང་བཞིན་བླ་མ་དམ་པའི་གདམས་ངག་གིས་མཛེས་པར་བྱས་པའི་སེམས་རྣལ་མ་གཉིས་སུ་མེད་པ་སྐྱེས་པའི་བདེ་བ་དང་སྟོང་པ་དབྱེར་མེད་པ་ལས་མཆོག་ཏུ་གྱུར་པའི་བདག་ཉིད་དྲན་པ་རྒྱུན་ཆགས་ཀྱིས་མཛེས་པར་བྱས་པའི་དོན་འདི་དག་ཐེག་པ་འོག་མ་རྣམས་ [251b.6]ཀྱིས་ཁྱིམ་དང་ཚིག་དང་ཐ་སྙད་ཀྱི་ཁྱིམ་ན་དེ་ཉིད་བརྗོད་པར་བྱ་སྟེ། འོ་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཏུ་བཤད་དུ་ཟིན་ནས་ཀྱང་དམ་པ་རྣམས་ཀྱི་གདམས་ངག་ལ་རག་ལས་པའི་བདེ་བ་ཆེན་པོའི་གནས་ནི་ཡོངས་སུ་ཤེས་པ་མིན་ནོ། །འགྲོ་བ་ཀུན་གྱི་ཤེས་པ་ནི་སྣང་བ་ཐམས་ཅད་སེམས་ཀྱི་ [251b.7]འཁྲུལ་པར་འདོད་པའམ། དེ་ལ་རྣམ་པ་གཞན་དུ་ཡོད་པར་འདོད་པ་སྟེ། དེ་དག་ནི་མ་ཡིན་པར་མདའ་བསྣུན་སྨྲས་སོ། །དེ་དག་ཀྱང་ཅི་ཞེ་ན། སྣང་གྲགས་ཀྱི་ཆོས་ཐམས་ཅད་བདེ་བ་ཆེན་པོ་གཉུག་མའི་རང་བཞིན་ཡིན་པའི་ཕྱིར་དེ་ནི་བསམ་དུ་ཡང་མེད་དེ། རྟོག་པ་ཡང་མ་ [252a] [252a.1]ཡིན་ནོ། །ཀྱེ་མ་རྣལ་འབྱོར་པ་ཀུན་དེ་ཁོ་ན་ཉིད་རང་གི་སྒོམ་པ་ནི་རང་གི་དྲི་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རང་མ་ཡིན་པ་གཞན་མི་སྣང་བའི་ཕྱིར་རོ། །རང་དེ་དག་ཀྱང་ཅི་ཞེ་ན། ཡེ་ནས་རྣམ་པར་དག་པའི་ཕྱིར་སྙིང་པོའོ། །དེ་ཡང་རང་བཞིན་གདོད་མ་ [252a.2]ནས་དག་པའི་རྣལ་འབྱོར་པ་ལས་རྟོག་པར་ཅིར་ཡང་སྣང་ངོ་། །དེ་དག་ནི་སེམས་ཐ་མལ་གྱི་ཤེས་པ་རང་བཞིན་དུ་གནས་པའི་སེམས་ཀྱིས་བལྟ་བའི་རིགས་སོ། །ད་ནི་དོན་དེ་ཉིད་ལ་གདམས་པ་བསྟན་པར་བྱ་སྟེ། དེ་ནས་ཕྱི་ནང་མཉམ་པར་ཤེས་པ་དང་། །ཤེས་བྱེད་དེ་ [252a.3]འགོག་པར་ནི་བླ་མའི་ལུང་། །མགོ་སྙིང་ལྟེ་གསང་རྐང་ལག་སྤངས་པ་སྟེ། །ངས་མཐོང་བསམ་པའི་ཡུལ་ནི་མཆོད་པར་བྱེད། །གཞན་དག་བསམ་པའི་ཡུལ་ནི་འགག་པར་འགྱུར། །གལ་ཏེ་སེམས་ལ་སེམས་ཀྱིས་མཚོན་དུ་འགྲོ། །རླུང་དང་ཡིད་ནི་མི་གཡོ་བརྟན་ [252a.4]པར་འགྱུར། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་དེ་དག་གིས་ཉམས་སུ་མྱོང་ནས་མཐོང་བའི་རྟགས་ནི་ཕྱི་དང་ནང་མཉམ་པར་ཤེས་ཤིང་ཅི་ཡང་མ་ཡིན་པ་ཉིད་དུ་མཐོང་བ་སྟེ་ཅི་ཡང་མ་ཡིན་པའོ། །དེ་ལྟར་ཤེས་པར་བྱེད་པ་དེ་ཤུགས་ཀྱིས་འགོག་པ་ལ་ནི་བླ་མ་རྣམས་ཀྱི་ལུང་སྟེ་ [252a.5]དེ་ཉིད་དོ། །དེ་ཉིད་མངོན་སུམ་དུ་རྟོགས་པས་ནི་དགེ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྦྱོར་བ་སྙིང་རྗེ་ཆེན་པོ་ཉིད་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དངོས་པོ་བཞི་དང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇུག་སྔོ་ཞིང་སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང་། [252a.6]དེ་དག་ཐམས་ཅད་དབང་རྣམ་པ་བཞི་གོ་རིམས་ཀྱི་ཚུལ་དུ་གནས་པར་བྱེད་པའི་དམ་ཚིག་སྲུང་བ་དང་། དེ་བརྟན་པར་བྱེད་པའི་བསོད་ནམས་ཀྱི་ཚོགས་ཡན་ལག་ཤུགས་ཀྱིས་སྤང་བ་སྟེ། དེ་དག་ལ་གནས་ཀྱང་དོན་མེད་པར་འགྱུར་རོ། །དོན་དང་ལྡན་པ་ནི་གང་ཞིག་ཡིན་ [252a.7]ཞེ་ན། ང་མཐོང་ཞེས་པ་སྟེ་ཐ་མལ་གྱི་ངའོ། །དེ་དག་བསམ་པའི་ཡུལ་ནི་དོན་དམ་པའོ། །བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་རྫོགས་པར་བྱེད་པ་ནི་མཆོད་པར་བྱེད་པའི་ངེས་ཤེས་སོ། །དེ་དག་ནི་ཉམས་སུ་མྱོང་བ་དང་གཞན་དང་གཞན་དུ་བརྟགས་པའི་བདག་ཉིད་ [252b] [252b.1]དག་བསམ་པའི་ཡུལ་རྟོག་པ་ཅན་དེ་དག་ནི་ངང་གིས་འགག་པར་འགྱུར་རོ། །གལ་ཏེ་སློབ་པ་པོ་དག་གི་བློ་ལ་བརྗོད་པར་བྱ་བའི་ཕྱིར་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ་སྟེ། དེ་ཙམ་དུ་ཟད་པ་ཉིད་ཡིན་ཏེ། གཞན་ནི་སྐྱོན་དང་བཅས་པའོ། །མཚོན་པའི་དོན་ལ་རྟོག་ [252b.2]པ་ཡིན་ན་རླུང་དང་ཡིད་ཀྱི་རྣམ་པར་ཤེས་པ་ནི་འགག་པར་འགྱུར་ཏེ། །མཚན་མ་ལ་མི་གཡེངས་ཤིང་མི་རྟོག་པ་ལ་བརྟན་པ་ཁོ་ནར་འགྱུར་རོ། །ད་ནི་རྣལ་མའི་དོན་ཕྱིན་ཅི་མ་ལོག་པ་བསྟན་པར་བྱ་སྟེ། ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་ [252b.3]བཞིན་ཉིད་དག་ལ། །དངོས་པོར་རྟོགས་པའི་མཚན་ཉིད་ཐིམ་པར་འགྱུར། །དེ་ཚེ་བདག་དང་གཞན་ནི་མཉམ་པར་མཐོང་། །འབད་དེ་བསམ་གཏན་བྱས་པས་ཅི་བྱར་ཡོད། །བརྟགས་གཅིག་ལ་ནི་ལུགས་རྣམས་མང་པོ་མཐོང་། །འོངས་པ་མ་མཐོང་ཕྱིས་ཀྱང་དེ་མཐོང་ [252b.4]མེད། །རང་འདོད་པ་ཡིས་རང་རིག་གསལ་བར་འགྱུར། །རང་བཞིན་འཇིག་ཅིང་གཞན་དང་འགལ་བ་ཡིན། །མགོན་པོ་བདག་ནི་གཅིག་པོ་བཞིན་དང་ལྡན། །ཁྱིམ་དང་ཁྱིམ་ནས་གྲུབ་མཐའ་དེ་སྒྲུབ་པའི། །གཅིག་ཟོས་པས་ནི་གཞན་ཀུན་ཚིམ་པར་འགྱུར། །ནང་ [252b.5]བཞག་ཕྱི་རོལ་སོང་ནས་ཁྱིམ་བདག་ཚོལ། །བཙལ་ཀྱང་མ་མཐོང་ཕྱིས་ཀྱང་དེ་མེད་དེ། །འདུག་པར་གྱུར་ཀྱང་དེ་ཡིས་མ་ཤེས་སོ། །ཞེས་བྱ་བའི་དོན་ནི། ཇི་ལྟར་ལན་ཚྭ་ཆུ་དག་གི་ནང་དུ་བཅུག་ན་དེ་ལ་ཐིམ་ཞིང་ལན་ཚྭའི་རོར་འགྱུར་བ་ལྟར་སེམས་རང་བཞིན་ཉིད་ནས་དག་པའི་ [252b.6]ཚུལ་དག་ལ་དངོས་པོར་རྟོག་པའི་མཚན་ཉིད་ཀྱི་ལན་ཚྭ་དག་བཞག་ན་དངོས་པོ་ཐིམ་ཞིང་བདེ་བ་ཆེན་པོའི་རོར་འགྱུར་རོ། །དེའི་ཚེ་བདག་དང་གཞན་དུ་མཉམ་པར་མཐོང་སྟེ་ཐ་མི་དད་དོ། །དེ་ལྟར་མ་རྟོགས་པའི་རྩོལ་སྒྲུབ་དང་བཅས་པའི་དོན་དེ་ཉིད་ལ་འབད་དེ་བསམ་གཏན་ [252b.7]བྱས་པས་འཆིང་བའི་ཕྱིར་ཅི་བྱར་ཡོད་དོ། །གཉུག་མའི་དོན་དེ་ཁོ་ན་ཉིད་ཀྱི་བརྟགས་གཅིག་ལ་ནི་ཐ་དད་ཀྱི་རྟོགས་པས་བརྟག་པར་ལུགས་རྣམས་མང་པོར་མཐོང་ངོ་། །མཐོང་དུ་ཡོད་དམ་ཞེ་ན། བྱིས་པའི་ངང་ཚུལ་ཅན་ནམ་མཁའ་ལ་ཚད་བྱེད་པ་དང་འདྲ་བ་རྣམས་ཀྱིས་ [253a] [253a.1]བརྟག་པར་ཟད་ཀྱི་དེ་ཁོ་ན་ཉིད་ལ་འོངས་པར་ཡང་མ་ཡིན་ཕྱིས་ཀྱང་དེ་མཐོང་བ་མེད་དོ། །སེམས་ཙམ་དག་གི་འདོད་པ་ནི་རང་གི་འདོད་པའི་ཤུགས་ཀྱིས་རང་གི་རང་གསལ་བའི་ངོ་བོ་སྒྲུབ་པར་སྨྲས་ཏེ་དེ་ནི་མུ་སྟེགས་ཀྱི་བདག་དང་འདྲའོ། །དེའི་ཕྱིར་རང་ [253a.2]བཞིན་འཇིག་ཤིང་དབུ་མ་ལ་སོགས་པའི་གཞན་དང་ཡང་འགལ་བར་འགྱུར་བ་ཡིན་ནོ། །དགག་སྒྲུབ་དང་བྲལ་བའི་དོན་ནི་ཆོས་ཀྱི་སྐུའི་མགོན་པོ་བདེ་བ་ཆེན་པོའི་བདག་ཉིད་ཐ་མལ་གྱི་ཤེས་པ་གཅིག་པུ་རང་བཞིན་གྱི་བཞིན་དང་ལྡན་ནོ། །དེ་དག་ཀྱང་བླ་མ་དམ་པའི་ [253a.3]གདམས་ངག་གི་ཁྱིམ་དང་བདག་ཉིད་ཀྱི་ཉམས་སུ་མྱོང་བའི་ཁྱིམ་ནས་གྲུབ་པའི་མཐའ་དགག་སྒྲུབ་དང་བྲལ་བ་དེ་གྲུབ་པའོ། །དེ་ནི་མ་བཅོས་པའི་དོན་ཏེ་དེ་གཅིག་པུ་རྣལ་མ་ཉམས་སུ་མྱོང་བའི་ཚུལ་གྱིས་ཟོས་པ་ནི་གྲུབ་པའི་མཐའ་མ་ལུས་པ་གཞན་ཀུན་ཡང་ཚིམ་ [253a.4]པར་འགྱུར་རོ། །དེ་ནི་རང་བྱུང་གི་ཡེ་ཤེས་ཏེ་ཁྱིམ་གྱི་བདག་པོ་དེ་དག་བདག་ཉིད་ཀྱི་བློའི་གཏིང་གི་ནང་དུ་བཞག་སྟེ། ཕྱི་རོལ་དུ་སོང་ནས་ཐ་སྙད་ལ་རྣམ་པར་བརྟེན་པའི་མཐུས་ཁྱིམ་བདག་ཚོལ་ལོ། །བཙལ་བའི་དོན་དེ་དག་ཀྱང་རྙེད་པ་མ་ཡིན་ཏེ། ཅི་ཡང་མ་ཡིན་པའི་ཕྱིར་མ་ [253a.5]མཐོང་ངོ་། །ཕྱིས་ཀྱང་དེ་དག་ལ་མཐོང་བ་མེད་དེ་རང་ཉིད་ལ་ངང་གིས་འདུག་པར་གྱུར་ཀྱང་རྣམ་པར་རྟོག་པའི་རྟོག་གེས་བསླད་པའི་ཕྱིར་དེ་ཡིས་མ་ཤེས་སོ། །དེ་བས་ན་རབ་ཏུ་མི་གནས་པའི་རྒྱུད་ལས། བླ་མའི་གདམས་ངག་ཁྱིམ་མཆོག་དམ་པ་དང་། །ཉམས་མྱོང་ཁྱིམ་ [253a.6]ནས་དགག་སྒྲུབ་མེད་པར་རྟོག །མ་བཅོས་རྣལ་མའི་ཟས་ཤིག་ཟ་འགྱུར་བས། །གྲུབ་མཐའ་མ་ལུས་ཀུན་ཀྱང་ཚིམ་པར་འགྱུར། །རྨོངས་པ་མ་རྟོགས་ཐ་སྙད་ཚིག་ལ་བརྟེན། །བཙལ་ཀྱང་མ་རྙེད་འདུག་ཀྱང་དེ་མ་ཤེས། །ཞེས་འབྱུང་བའི་ཕྱིར་རོ། །ད་ནི་བདེ་སྟོང་དབྱེར་མེད་བསྟན་ [253a.7]པར་བྱ་སྟེ། །རྦ་རླབས་མེད་པའི་དབང་ཕྱུག་ཆེན་པོའི་མཆོག །རྙོག་པ་མེད་པའི་བསམ་གཏན་ཅི་མི་བཞག །ཆུ་དང་མར་མེ་རང་གསལ་གཅིག་པུ་ཞོག །འགྲོ་དང་འོང་བ་རོ་གཅིག་མི་དོར་རོ། །སྔ་ན་མེད་པའི་སྒེག་མོ་དང་ཕྲད་ནས། །ཉལ་བས་སེམས་ནི་གཞི་མེད་པ་ལ་བརྟེན། ། [253b] [253b.1]རང་རིག་གཟུགས་དང་ཐ་དད་མ་ལྟ་ཅིག །འདི་ལྟར་སངས་རྒྱས་ལག་ཏུ་གཏོང་བ་ཡིན། །ཞེས་བྱ་བའི་དོན་ནི། སེམས་ཉིད་གཉུག་མའི་ངོ་བོ་དེ་དག་ལ་སེམས་བཅོས་པའི་རྦ་དང་རྣམ་པར་རྟོག་པའི་རླབས་དག་གིས་གནོད་པ་མེད་པའི་དོན་དེ་ཉིད་ནི་ས་བཅུའི་དབང་ཕྱུག་ཆེན་པོ་སྟེ་མཆོག་ [253b.2]གོ། །དེ་བས་ན་དོན་དེ་ཉིད་ནི་རྙོག་པ་མེད་པ་སྟེ། ཁྱད་པར་གྱི་བསམ་གཏན་ཡིན་པའི་ཕྱིར། །མཉམ་པའི་དོན་དེ་ལ་སེམས་ཅིའི་ཕྱིར་མི་བཞག་སྟེ་གཞག་གོ། །ཆུ་མ་རྙོག་པའི་རྣལ་མ་དངས་པ་དང་མར་མེ་མ་བསླང་པ་དང་གསལ་བ་བཞིན་དུ་སེམས་མ་བཅོས་པ་གཅིག་པུ་དེ་ཁོ་ན་ [253b.3]ཉིད་དུ་ཞོག་ཅིག །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་དང་འགྲུབ་པའི་མཐའ་དབུ་མ་ལ་སོགས་པ་ཐམས་ཅད་ཀྱི་འོང་བ་ཐམས་ཅད་ཀྱང་བདག་ཉིད་དུ་རོ་གཅིག་པའི་ཕྱིར་མི་འདོར་རོ། །དེ་དག་ཆེད་དུ་སྒྲུབ་པ་ཡང་མེད་དེ། །སྲིད་པཱ་པཾ་ལི་པཱཾ་ཞེས་བྱའོ། །དེ་དག་ [253b.4]གི་དོན་ནི་བླ་མ་དམ་པ་ལས་སྔ་ན་མེད་པའི་དོན་རྟོགས་ཏེ། ཆོས་ཐམས་ཅད་བདེ་བ་ཆེན་པོ་རོར་སྒེག་པའི་ཕྱིར་དང་། ཤེས་རབ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་ངོ་བོ་དེ་དག་དང་ཕྲད་ནས་མཐར་ཕྱིན་པ་དག་གོ། །དེ་དག་གི་དོན་ཡང་སྔ་ན་མེད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ་པཾ་ལི་ [253b.5]པྲ་པ་པྲི་ཞེས་བྱ་སྟེ། ཆོས་སྐུ་གཉུག་མའི་ངོ་བོ་དག །བདག་ཉིད་ལ་ནི་ཡོད་པ་སྟེ། །དགག་སྒྲུབ་མེད་པར་སྒེག་པ་ལ། །དུས་གསུམ་སངས་རྒྱས་འབྱུང་བའི་མོ། །ཞེས་བྱ་བའི་དོན་ནི་དེ་དག་ཀྱང་པྲཾ་ལི་པྲཾ་པྲི་བ་ཞེས་བྱ་སྟེ། །ཉམས་མྱོང་བདེ་བ་ཆེན་པོའི་རོ། །ཉམས་སུ་མྱོང་ [253b.6]བར་ཤིན་ཏུ་བདེ། །བདག་གིས་སྨྲ་བར་མི་ནུས་ཀྱིས། །འདི་ལ་སྨྲ་ན་སྐྱོན་དུ་འགྱུར། །ཞེས་འབྱུང་བ་དང་། དེ་ཉིད་ཀྱི་ཕྱིར་པཱ་པཾ་ལི་པྲཾ་པྲི་ཞེས་བྱ་སྟེ། དེ་དག་གི་དོན་ནི། ཆོས་སྐུ་བདེ་ཆེན་སྨྲ་རུ་མེད། །ཟབ་ཅིང་ཚད་དང་རྒྱ་ཚད་མེད། །དེ་ཉིད་ངོ་བོ་ཤེས་མི་ནུས། །རྟོགས་པར་གྱུར་ [253b.7]པ་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་དང་། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །པཱ་པྲི་པཾ་པྲི་ལཾ་ཞེས་པ་སྟེ་དེ་དག་གི་དོན་ནི། བདེ་སྟོང་དབྱེར་མེད་མཉམ་པ་ཉིད། །མཉམ་པ་ཕྱོགས་ཆ་ཆ་དང་བྲལ། །ནམ་མཁའི་ངོ་བོ་ཉིད་མཚུངས་ཕྱིར། །བརྗོད་པ་ཐ་སྙད་མཐའ་ལས་འདས། ། [254a] [254a.1]ཞེས་འབྱུང་བའི་ཕྱིར་སྔ་ན་མེད་པ་དང་སྔ་ན་ཡོད་པ་དང་སྨྲར་མེད་པ་དང་མི་ཤེས་པ་དང་མཉམ་པ་ཉིད་ཀྱི་སྒེག་མོ་སྟེ། འདི་དག་ནི་ཇི་བཞིན་ཤེས་པ་འབའ་ཞིག་ལ་བརྗོད་པའོ། །དེ་ཡང་ཤེས་པ་བག་ཡངས་ཀྱི་སྤྱོད་པ་རྣལ་མས་འགྲུབ་པའི་ཕྱིར་ཉལ་བའི་སེམས་ནི་ [254a.2]གཞི་མེད་པ་ལ་བརྟེན་ཞེས་བྱའོ། །དེ་བས་ན་སེམས་རང་རིག་པའི་ཡེ་ཤེས་དང་སྣང་བ་ཡུལ་གྱི་གཟུགས་དང་དེ་སྒྲུབ་པར་བྱེད་པའི་ཚད་མ་དང་། དེས་རྟོགས་པའི་དོན་རྣམས་ཐ་དད་པའི་རྟོགས་པར་མ་ལྟ་ཅིག །འདི་ལྟར་རྟོགས་པ་དེ་ནི་ཆོས་ཀྱི་སྐུ་སངས་རྒྱས་ལག་ཏུ་གཏོད་པ་ [254a.3]ཡིན་ནོ། །ད་ནི་དྲན་པ་རྒྱུན་ཆགས་ཀྱི་བདག་ཉིད་བསྟན་པར་བྱ་སྟེ། ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཚེ་མཛེས། །གང་ཚེ་ལུས་དང་ངག་ཡིད་དབྱེར་མེད་པ། །དེ་ཚེ་ཐམས་ཅད་མཁྱེན་པ་ཐོབ་པ་སྟེ། །དབྱེར་མེད་དང་ལ་གཞག་པ་ཐོབ་མེད་ཀྱང་། །བརྡ་རུ་མཚོན་ནས་གཞག་དང་ [254a.4]ཐོབ་པར་སྨྲས། །སྨྲས་པའི་ཚིག་ཏུ་ཞོག་ལ་དེ་དོན་བསྒོམས། །བསྒོམ་པར་བྱ་བ་རྡུལ་ཙམ་མེད་པ་སྟེ། །མེད་པའི་ངང་ལ་གཞག་ཏུ་མེད་པའི་ངང་། །དེ་ལ་གནས་ན་རྣལ་འབྱོར་སྙིང་པོའི་ལམ། །སྙིང་པོ་མེད་དུ་བརྗོད་པར་མ་ཡིན་གྱིས། །དངོས་དང་སེམས་སུ་ཤེས་ཤིང་ཤེས་པ་ [254a.5]མེད། །མེད་པའི་རྡོ་རྗེ་དེ་ལ་འཇུག་པར་བྱ། །ཞེས་བྱ་བའི་དོན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ནི་གང་གི་ཚེ་དོན་རྣལ་མ་ཉམས་སུ་མྱོང་བའི་ཚེ་ཆོས་ཀྱི་སྐུ་མཛེས་པའོ། །གང་གི་ཚེ་རྣལ་འབྱོར་པ་དག་གི་ལུས་དང་ངག་དང་ཡིད་དབྱེར་མེད་ཅིང་མཉམ་པ་ཉིད་ཀྱི་དང་ [254a.6]ལ་གནས་པ་དེའི་ཚེ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པ་སྟེ། དེ་ནི་བདེ་བ་དང་སྟོང་པ་དབྱེར་མེད་པའི་ངང་ལ་གནས་པའོ། །དེ་ལྟར་རྟོག་པའི་དོན་ལ་མཉམ་པར་གཞག་པ་དང་རྗེས་ལ་ཐོབ་པ་མེད་དོ། །དེ་ལྟར་མེད་ཀྱང་མ་རྟོག་པའི་སློབ་པ་པོའི་བློ་ལ་བརྡ་རུ་མཚོན་ [254a.7]ནས་མཉམ་པར་གཞག་པ་དང་རྗེས་ལས་ཐོབ་པ་སྨྲས་སོ། །བརྗོད་བྱ་དེ་ཚིག་ཙམ་དུ་ཤུགས་ཀྱིས་ཞོག་ལ་དེའི་དོན་བརྗོད་བྱ་དང་བྲལ་བ་སྒོམས་ཤིག་པའོ། །བསྒོམ་དུ་ཡོད་དམ་ཞེ་ན། བསྒོམ་པར་བྱ་བ་ནི་རྡུལ་ཕྲ་རབ་ཙམ་ཡང་མེད་པ་སྟེ། དེ་དག་གི་ངང་ལ་ནི་གཞག་ཏུ་ [254b] [254b.1]མེད་པའོ། །གཞག་ཏུ་མེད་པའི་ངང་ལ་བཞག་ན་མཆོག་གོ། །དོན་དེ་དག་ལ་གནས་ན་རྣལ་འབྱོར་པ་སྙིང་པོའི་ལམ་མོ། །སྙིང་པོའི་ལམ་བརྟགས་ཤིང་གནས་པའོ། །སྙིང་པོ་ཞེས་བྱ་བའི་ངོ་བོ་ཉིད་ཀྱང་གཞན་དུ་བརྗོད་དུ་ཡོད་པ་མ་ཡིན་གྱི་དངོས་པོར་སྣང་བ་དང་གྲགས་པ་ཐམས་ཅད་ [254b.2]སེམས་སུ་ཤེས་ཤིང་ཤེས་པ་མེད་པའོ། །མེད་པའི་དོན་དེ་ནི་ཡེ་ཤེས་རྣམ་པ་ལྔ་སྟེ། དེ་ཉིད་ཀྱང་ཐ་མལ་གྱི་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེ་སྟེ་དེ་ལ་འཇུག་པར་བྱའོ། །ད་ནི་གཉིས་སུ་མེད་པའི་མཚན་ཉིད་བསྟན་པར་བྱ་སྟེ། དེའི་ཕྱིར་སྙིང་པོ་བརྟག་དཀའ་བཀའ་དང་ [254b.3]བྲལ། །ཁྱིམ་བདག་དང་ནི་ཁྱིམ་བདག་མོ་ལོངས་སྤྱོད། །ཡུལ་ནི་གང་མཐོང་བ་དེ་བཤད་པར་བྱའོ། །ཞེས་བྱ་བའི་དོན་ནི་ཆོས་ཉིད་མ་བཅོས་པ་རྣལ་མའི་དེ་ཁོ་ན་ཉིད་ལ་ཚད་གཟུང་བར་མི་ནུས་པའི་ཕྱིར་སྙིང་པོ་དེ་བརྟག་དཀའོ། །སྐལ་བ་དང་ལྡན་པའི་གང་ཟག་གིས་ཐ་མལ་གྱི་ [254b.4]ཤེས་པ་ཉམས་སུ་མྱོང་བ་ཉིད་ཡིན་པའི་ཕྱིར་དགའ་བ་དང་བྲལ་བའོ། །དེ་ཉིད་ཀྱིས་དུས་ན་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཀྱི་ཁྱིམ་བདག་དང་ཆོས་ཉིད་མ་བཅོས་པ་རྣལ་མའི་ཁྱིམ་བདག་མོ་གཉིས་ལོངས་སྤྱོད་དེ་དེ་ཡང་འདོད་པའི་ཡོན་ཏན་མི་འགོག་ཅིང་རང་དགའི་ཚུལ་དུའོ། ། [254b.5]ཡུལ་གང་མཐོང་བ་དེ་ཆོས་ཀྱི་སྐུའི་ངོ་བོར་བཤད་པར་བྱའོ། །ད་ནི་ངོ་མཚར་གྱི་གླུ་བསྟན་པར་བྱ་སྟེ། །ང་ཡིས་རྩེད་མོ་བྱས་པ་ལ། །བྱིས་པ་རྣམས་ནི་ཤ་ཐང་ཆད། །མེ་བྱུང་བ་ནི་སྤྲ་བ་སྟེ། །མེ་ནི་སྤྲ་བ་ཉིད་ལ་འབར། །ཞེས་བྱ་བའི་དོན་ནི་སེམས་ཉིད་ཀྱི་དོན་གྱི་གླུ་བླངས་པ་ནང་ [254b.6]ཡིས་ཞེས་པ་ནི་སེམས་ཉིད་དོ། །རྩེད་མོ་བྱས་པ་ལས་ཞེས་བྱ་བ་ནི་ཉི་མའི་ཟེར་བཞིན་དུ་སྣང་བ་སྣང་སྲིད་ཀྱི་ཚོགས་ཀུན་ལ་བྱའོ། །ནུས་པ་རྣམས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རོ་མ་མྱོངས་པ་རྣམས་སོ། །ཤ་ཐང་མེད་ཅེས་བྱ་བ་ནི་དགག་སྒྲུབ་དང་བྲལ་བའི་དོན་གྱིས་བསླུས་པའོ། ། [254b.7]དེ་དག་ཀྱང་ཇི་ལྟར་སྤྱད་པར་བྱ་ཞེ་ན། དཔེས་མཚོན་པར་བྱ་སྟེ། མེ་འབྱུང་བའི་རྒྱུ་ནི་སྤྲ་བ་སྟེ་བྱུང་བའི་མེ་དེ་ཉིད་ཀྱིས་ནི་སྤྲ་བ་ཉིད་ལ་འབར་ཞིང་སྲེག་གོ། །དེ་བཞིན་དུ་སེམས་ལ་སྣང་བའི་ཆོས་དེ་དག་བྱུང་སྟེ། འབྱུང་བའི་སེམས་ཉིད་དེ་དག་སྣང་བ་ལ་རབ་ཏུ་ཐིམ་མོ། །ད་ནི་ [255a] [255a.1]དངོས་པོ་རང་གི་མཚན་ཉིད་ལ་གདམས་པ་བསྟན་པར་བྱ་སྟེ། ཀྱེ་མ་ཧོ་གཞན་ཡིད་མ་ཡིན་གཞན་མ་ཡིན། །རྣལ་འབྱོར་སྤྱོད་པ་སྐྱེས་དང་བྲལ་བ་སྟེ། །བདག་པོ་བཟང་ཞིང་རང་བཞིན་མཛེས་ཆགས་པ། ཡིད་ཀྱིས་གང་བའི་སེམས་དེ་རྣལ་མ་ཉིད། ། [255a.2]ཆགས་དང་ཆགས་བྲལ་མེད་པས་གཉུག་མར་གཞུག །སེམས་མཉམ་པས་ན་རྣལ་འབྱོར་ངས་མ་མཐོང་། །ཟ་ཞིང་འཐུངས་ལ་བསམ་པ་གང་ཡང་མེད། །གྲོགས་མོ་དེ་ནི་སེམས་པ་གང་གནས་པ། །ཕྱི་རོལ་པར་སེམས་སྡུག་བསྔལ་དག་གིས་འཛིན། །སྒྱུ་མའི་རྣམ་པ་དང་ནི་ [255a.3]དཔེ་དང་བྲལ། །བྱ་བ་འདི་ཙམ་ཞིག་དུ་མ་སེམས་ཀྱེ། །རྩོལ་བ་གང་ལ་དབྱེར་མེད་པ་ཡི་ཀློང་། །ཀློང་ནི་སྒོ་གསུམ་གང་དུའང་དྲི་མ་མེད། །ཟླ་བ་ཆུ་འཛག་ནོར་བུ་རང་དབང་མིན། །ཐབས་ཀྱིས་རྒྱལ་སྲིད་ཀུན་ལ་དབང་སྒྱུར་བ། །སེམས་ཉིད་དེ་ནི་གྲུབ་པའི་རྣལ་འབྱོར་པ། །ལྷན་ [255a.4]ཅིག་སྐྱེས་པའི་སྡོམ་པ་ཤེས་པར་བྱ། །ཡི་གེ་པ་ཡིས་འགྲོ་བ་མ་ལུས་ཁྱབ། །ཀུན་ལ་ཡི་གེ་མེད་པ་གཅིག་ཀྱང་མེད། །ཇི་སྲིད་ཡི་གེ་མེད་པར་གྱུར་པ་ན། །དེ་སྲིད་ཡི་གེ་དམ་པ་རབ་ཏུ་ཤེས། །ཡི་གེ་དག་པར་ཤེས་པས་སྣག་ཚ་ཡལ། །རྩོལ་མེད་རིག་བྱེད་འདོན་པའི་དོན་དེ་ [255a.5]ཉམས། །དང་པོ་སེམས་དང་ཅིག་ཤོས་མི་ཤེས་ན། །གང་ནས་ཤར་བ་གང་དུ་ནུབ་པར་བྱེད། །ཇི་ལྟར་ཕྱི་རོལ་དེ་ལྟར་རབ་ཤེས་ན། །བཅུ་བཞི་པ་ཡི་ས་ལ་རྒྱུན་དུ་གནས། །ཞེས་བྱ་བའི་དོན་ནི། འཁོར་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་ཚིག་བོས་ཏེ། ཀྱེ་མ་ཧོ་དེ་ཁོ་ [255a.6]ན་ཉིད་ནི་གཞན་གྱི་ཡིད་མ་ཡིན་ཏེ། གཞན་གྱི་ཡིད་མ་ཡིན་ན་མཚུངས་པས་ཐ་དད་པར་ཡང་མི་འགྱུར་ཏེ། གཞན་མ་ཡིན་པ་ཐོབ་པར་ཡང་མི་འགྱུར་རོ། །དོན་རྣལ་མ་དེ་ཉིད་ནི་ཐོག་མ་ཉིད་ནས་འབྱོར་པ་སྟེ། འདི་ [255a.7]ཉིད་ཀྱི་སྤྱོད་པ་ནི་རྣམ་པར་དག་པའི་དེ་ཁོ་ན་ཉིད་དོ། །འདི་དག་སྐྱེ་བ་དང་བྲལ་ཏེ་འགགས་པ་དེ་བཞིན་ནོ། །དོན་དེའི་བདག་པོ་ནི་མ་བཅོས་པ་སྟེ་བཟང་པོ་ཡིན་ཞིང་ཆོས་སྐུ་རང་བཞིན་དང་ལྡན་ནོ། །དེ་དག་ཀྱང་བསོད་ནམས་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་སྙིང་རྗེ་ཆེན་པོ་ཆགས་པ་ལ་གནས་པར་བྱའོ། །ཐ་དད་ཀྱི་རྣམ་པར་རྟོག་ [255b] [255b.1]པས་བརྟགས་པའི་སེམས་ནི་ཡུལ་གྱིས་གང་བ་སྟེ། སེམས་དེ་དག་གདུངས་ཤིང་སྡུག་བསྔལ་བའི་ཕྱིར་རོ། །སྡུག་བསྔལ་ཐམས་ཅད་སྐད་ཅིག་གིས་གཅོད་པར་བྱེད་པ་ནི་རྣལ་མ་ཉིད་དོ། །དེ་དག་གི་ངོ་བོ་ཉིད་ནི་ཆགས་པ་དང་བཅས་པ་དང་བྲལ་བ་གཉིས་སུ་མེད་པས་དེ་ཁོ་ན་ [255b.2]ཉིད་ཀྱི་དོན་གཉུག་མར་བཞུགས་ཤིག་པའི་ཐ་ཚིག་གོ། །གང་གི་སེམས་ཉམས་པས་ན་ཆོས་ཀྱི་སྐུའི་མཐུ་ཟད་པར་བྱས་པ་སྟེ་དེ་དག་ལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ངས་མ་མཐོང་ངོ་། །དེ་ཡང་བསམ་གཏན་ལ་རབ་ཏུ་གཞོལ་བའི་རྒྱུད་ལས། །སེམས་ཉམས་པས་ནི་འབྲས་བུ་ཐམས་ཅད་ [255b.3]ཉམས། །ཉམས་པ་མེད་དེ་ཆོས་སྐུ་ཟད་པ་བྱེད། །སྐད་ཅིག་གཅིག་ལ་ནུས་པའི་མཐུ་འཕྲོགས་ཏེ། །དབྱེར་མེད་བསམ་གཏན་འབྱུང་བ་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་དེ་བས་ན་སེམས་ཉམས་པར་མི་བྱའོ། །ལས་ཀྱི་ཕྱག་རྒྱ་ཙམ་གྱིས་ཆོག་པར་བྱེད་པ་ནི་ཟ་ཞིང་སྟེ། དེའི་བདེ་ [255b.4]བ་ལ་ཞེན་པའི་ཤེས་པ་ཐུང་ལ་ལྷག་པར་ཞེན་པ་ནི་འཁོར་བའི་བདེ་བ་སྐྱེད་པར་བྱེད་པ་སྟེ། མྱ་ངན་ལས་འདས་པའི་བསམ་པ་གང་སྐད་ཅིག་ཀྱང་མེད་དོ། །གྲོགས་མོ་ཞེས་བྱ་བ་ནི་རང་བཞིན་བདག་མེད་མའོ། །དེ་དང་བྲལ་བའི་ཤེས་པ་འདི་དང་འདི་ན་རྟོག་ཅིང་ཤེས་པ་གང་གནས་ [255b.5]པ་དེ་ནི་ཕྱི་རོལ་མུ་སྟེགས་པ་དང་ཁྱད་མེད་དེ། དེ་ཁོ་ན་ཉིད་ཀྱི་སེམས་སྡུག་བསྔལ་དག་གིས་འཛིན་པར་ངེས་པའོ། །འདི་དག་ནི་སྒྱུ་མ་ཙམ་དུ་ཡང་མཚོན་པར་མི་བྱའོ། །རྣལ་མ་ཉིད་དང་དེ་ཉིད་ཀྱི་ངོ་བོར་གདམས་པར་མི་བྱའོ། །དཔེས་མཚོན་པར་མི་བྱའོ། །དེ་དང་བྲལ་བར་ [255b.6]ཡང་མི་བརྟག་གོ། །དེ་ཡང་བྱ་བ་གཏང་བ་སྟེ་བྱ་བ་འདི་ཡིན་ནོ་ཞེས་ཚིག་ཙམ་དུ་ཡང་མ་སེམས་ཀྱི་ཞེས་གདམས་སོ། །དེ་དག་ནི་རྩོལ་བས་མ་བཙལ་ཏེ་ཟག་པ་མེད་པའི་བདེ་བས་གང་ཟག་པ་དང་བཅས་པའི་བདེ་བ་དང་སྟོང་པ་དབྱེར་མེད་པའི་སློང་ངོ་། །འདི་དག་ནི་ལུས་དང་ངག་ [255b.7]དང་ཡིད་གསུམ་གྱིས་བརྟག་པ་དང་བྲལ་བ་སྟེ་དྲི་མ་མེད་པའོ། །དེ་དག་ཀྱང་རྩ་དང་རླུང་དང་ཐིག་ལེས་ཉམས་སུ་མྱོང་བར་བྱས་པ་ནི་མ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་འདི་ཉིད་ཀྱི་ངང་ཡིན་ཏེ་དྲི་མ་མེད་དོ། །ཐ་མལ་གྱི་ཤེས་པ་ཉིད་ཀྱི་ཕྱིར་འདོད་ཆགས་ཆེན་པོ་དང་མ་བཅོས་ [256a] [256a.1]པའི་དོན་ཞེ་སྡང་གི་བདག་ཉིད་དང་། ཆོས་ཐམས་ཅད་ཀྱི་མི་ཤེས་པའི་གཏི་མུག་ཆེན་པོ་སྟེ་འདི་དག་ནི་ངོ་བོ་ཉིད་ཡིན་ཏེ་དྲི་མ་མེད་དོ། །དེ་དག་ཉམས་སུ་མྱོང་བར་བྱ་བ་ནི་དང་པོ་ཤེས་པ་རྩོལ་སྒྲུབ་དང་བྲལ་བར་བྱ་བ་དང་། དེ་ནས་མ་བཅོས་པའི་བདག་ཉིད་ཡོངས་ [256a.2]སུ་ཤེས་པར་བྱ་བ་དང་། ཐ་མར་ཉམས་དང་རྟོག་གེ་པ་དང་བྲལ་བ་སྟེ། འདི་དག་ཐམས་ཅད་ནི་གཉུག་མའི་ངོ་བོ་ལ་བརྗོད་པ་ཡིན་པའི་ཕྱིར་འཇུག་པའི་སྒོ་ཙམ་དུ་ཟད་ཀྱི་གང་དུ་ཡང་དྲི་མ་མེད་དོ། །དེ་དག་རྟོག་པ་ལས་སྒྲིབ་པ་རྣམ་པ་གཉིས་སྐད་ཅིག་མ་གཅིག་ལ་གཅོད་པར་འགྱུར་ [256a.3]ཏེ། དཔེར་ན་ཟླ་བའི་རྒྱ་མཚོ་དག་གི་ནང་ན་ཆུའི་ནོར་བུ་གནས་པ་དེ་དག་ལ་ཟླ་བའི་འོད་ཀྱིས་ཕོག་པའི་དུས་སུ་ཆུ་འབྱུང་སྟེ་རང་ཡོད་པ་ནི་མ་ཡིན་ནོ། །དཔེར་ན་རྒྱལ་པོ་དག་གི་སྟན་ལ་ཐབས་ཀྱིས་དེ་དག་གི་སྟེང་དུ་ཕྱིན་ན་རྒྱལ་པོའི་སྲིད་ཀུན་ལ་དབང་སྒྱུར་བ་བཞིན་དུ་སེམས་དེ་ཁོ་ [256a.4]ན་ཉིད་དེ་ནི་བླ་མའི་གདམས་ངག་གིས་བསྒྲུབ་པར་བྱས་པའི་རྣལ་འབྱོར་པ་དེ་དག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྡོམ་པ་ཅི་ཡང་མ་ཡིན་པར་ཤེས་པར་བྱས་ནས་སྐུ་གསུམ་གྱི་འཁོར་ལོ་ཐམས་ཅད་ལ་དབང་སྒྱུར་བར་འགྱུར་རོ། །དེ་དག་རྟོག་པར་འགྱུར་བ་ཡིན་ནམ་ [256a.5]ཞེ་ན། པ་ཏ་ར་ཏེ་ཡི་གེའོ། །དེ་དག་གི་དོན་ནི་ནུས་པ་དང་ལྡན་པའི་ཐ་ཚིག་གོ། །དེ་དག་ནི་ཆགས་པ་དང་བྲལ་ཞིང་མ་འདྲེས་པའི་དོན་རྣམ་པར་དག་པའི་ཕྱིར་དེ་དག་གིས་འགྲོ་བ་མ་ལུས་པ་ཐམས་ཅད་ལ་ཁྱབ་པོ། །དེ་བས་ན་སྣང་གྲགས་ཀྱི་ཆོས་ཀུན་ལ་ཡི་གེ་མེད་པ་ [256a.6]གཅིག་ཀྱང་མེད་དོ། །ཡི་གེ་ཉིད་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། ཇི་སྲིད་དུ་ཡི་གེ་ཡོད་པར་གྱུར་པ་དེ་སྲིད་དུ་གནས་པ་ཇི་སྲིད་ཡི་གེ་མེད་པར་གྱུར་ཏེ། མེད་པ་ནི་ཡོད་པ་ཡིན་པའི་ཕྱིར་དེ་སྲིད་ཡི་གེ་དམ་པ་རབ་ཏུ་ཤེས་སོ། །དེའི་བརྡ་ཐ་སྙད་དང་བྲལ་བ་ལ་ནི་ཡི་གེ་དག་པར་ཤེས་པ་ [256a.7]སྟེ་ཉམས་སུ་མྱོང་དུ་མེད་པའི་ཕྱིར་སྣག་ཚ་ཡལ་ལོ། །གཞན་དག་ནི་གཅོལ་ལ་མེད་པའི་ཕྱིར་མུ་སྟེགས་ཀྱི་རིག་བྱེད་དང་མཚུངས་ཏེ། འགྲོ་བ་འདོན་པར་འདོད་པ་དེས་རང་ཉིད་ཀྱི་དོན་དེ་ཉིད་ཀྱང་ཉམས་སུ་མྱོང་བར་འགྱུར་རོ། །དེ་བས་ན་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ [256b] [256b.1]དམ་པ་ཐ་མལ་གྱི་ཤེས་པ་འདི་དག་སེམས་དང་། ཅིག་ཤོས་བདེ་བ་ཆེན་པོའི་རང་བཞིན་དེ་ཁོ་ན་ཉིད་མི་ཤེས་ན་སྣང་བའི་ཆོས་འདི་དག་ཐམས་ཅད་གང་ནས་ཤར་བ་ཡིན་ལ་གང་དུ་ནུབ་པར་བྱེད་དོ། །དེ་བས་ན་ཇི་ལྟར་ཕྱི་རོལ་གྱི་སྣང་གྲགས་ཀྱི་ཆོས་དེ་དག་ཐམས་ཅད་སེམས་ཉིད་ [256b.2]གཉུག་མའི་ངོ་བོ་དེ་ལྟར་རབ་ཏུ་ཤེས་ནས་ཕུང་པོ་ལྔ་ལ་རིགས་ལྔའི་རྒྱ་དང་། དེ་ལ་མི་བསྐྱོད་པའི་རྒྱ་དང་། དེ་ལ་རྡོ་རྗེ་འཛིན་པ་ཆེན་པོའི་རྒྱ་དང་། དེ་ལ་བདེ་བ་ཆེན་པོའི་རྒྱ་དང་། ཅི་ཡང་མ་ཡིན་པར་རྟོགས་པ་སྟེ་བཅུ་བཞི་པའི་ས་ལ་རྒྱུན་དུ་གནས་སོ། །ད་ནི་བདག་ཉིད་རྣམ་པར་དག་པ་བསྟན་པར་བྱ་སྟེ། [256b.3]ལུས་མེད་ལུས་ལ་སྦར་མེད་སྦས་པ་སྟེ། །གང་གིས་དེ་ཤེས་དེ་ནི་གྲོལ་བར་འགྱུར། །ང་ཡིས་གྲུབ་པའི་ཡི་གེ་ནག་པོ་སྟོན། །ཁུ་བ་འཐུངས་པས་ང་ནི་བརྗེད་པར་འགྱུར། གང་གིས་བལྟར་མེད་ཡི་གེ་གཅིག་ཤེས་ན། །དེ་ཡི་མིང་ནི་བདག་གིས་མི་ཤེས་སོ། །ཞེས་བྱ་བའི་དོན་ནི་ [256b.4]གཉུག་མའི་དེ་ཁོ་ན་ཉིད་ལ་སྣང་བ་འགྲུབ་པ་མེད་པས་ལུས་མེད་དོ། །སེམས་ཉིད་དུ་གྲུབ་པ་མེད་པས་ལུས་ལ་སྦར་མེད་དོ། །དེ་ཡང་དམ་པའི་གདམས་ངག་ལ་རག་ལས་པས་སྦས་པ་སྟེ། སྐལ་པ་དང་ལྡན་པ་དག་གིས་བླ་མའི་ཞལ་གྱི་བདུད་རྩི་འཐུངས་ཏེ། གཉུག་ [256b.5]མའི་དེ་ཁོ་ན་ཉིད་ཤེས་ནས་བདག་ཉིད་གྲོལ་ཞིང་གཞན་གྲོལ་བར་འགྱུར་རོ། །གང་གི་ཚེ་བདག་ཏུ་གནས་པ་དེ་ནི་ཆོས་སྐུ་སྟེ་ངའི་ཐ་མལ་གྱི་ཤེས་པ་གྲུབ་པའི་ཡི་གེ་མི་འགྱུར་བའི་ཕྱིར་ནག་པོ་སྟེ། དེ་དག་ཁྱད་པར་དུ་འགྱུར་བའི་གང་ཟག་ལ་སྟོན་པའི་ཕྱིར་ཁུ་བའོ། ། [256b.6]དེ་དག་ནི་ཅི་ཡང་མ་ཡིན་པའི་ཚུལ་དུ་འཐུང་བའི་ང་བདག་ནི་བརྗེད་པར་འགྱུར་རོ། །ཡི་གེ་ནག་པོ་དེ་ཉིད་ཀྱང་སངས་རྒྱས་ལ་སོགས་པ་གང་གིས་ཀྱང་བལྟར་མེད་དེ། རང་བཞིན་གྱིས་ཁ་དོག་ཅན་གྱི་ཡི་གེ་གཅིག་ཤེས་ནས་དེའི་མིང་ནི་བདག་གིས་མི་ཤེས་པས་དངོས་པོར་ [256b.7]གྲུབ་པ་ལྟ་ག་ལ་ཡོད་དེ་མེད་དོ་ཞེས་རྗེ་བཙུན་པ་དག་གིས་གསུངས་སོ། །ད་ནི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་བསྟན་པར་བྱ་སྟེ། ནགས་ཁྲོད་གསུམ་ན་ཡི་གེ་ནག་པོ་གཅིག །ཡི་གེ་གསུམ་གྱི་དབུས་ན་བལྟ་བར་བྱ། །གང་ཞིག་གསུམ་ལ་བབ་པའི་ངོ་བོ་ནི། ། [257a] [257a.1]གདོལ་པའི་རིག་བྱེད་བཞི་ཡང་དེ་ཡིན་ནོ། །ཞེས་བྱ་བའི་དོན་ནི། ནགས་ཞེས་བྱ་བའི་དོན་ནི་ཤའོ། །ཁྲོད་ནི་རུས་པའི་ཚོགས་མ་ལུས་པའོ། །གསུམ་ན་ཞེས་བྱ་བ་ནི་རྩ་རླུང་ཐིག་ལེའོ། །ཡི་གེ་ནི་བདེ་སྟོང་དབྱེར་མེད་དོ། །ནག་པོ་ནི་མི་འགྱུར་ [257a.2]བའི་དོན་ཏོ། །གཅིག་ཅེས་བྱ་བ་ནི་སངས་རྒྱས་ཉག་གཅིག་གོ། །དེ་དག་ལ་ཡི་གེ་གསུམ་དུ་གནས་ཏེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སོ། །དེ་དག་ཀྱང་རྣམ་གསུམ་དུ་བརྗོད་དེ། ལུས་དང་ངག་དང་ཡིད་གསུམ་ [257a.3]མོ། །དེ་དག་ཀྱང་གཏི་མུག་ཆེན་པོ་དང་སེམས་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་དབུས་སོ། །དེ་ཡང་ཐ་མལ་གྱི་ཤེས་པར་བཞག་ནས་མཉམ་པ་དང་མི་ཤེས་པ་དང་། བལྟར་མེད་པའི་ངོ་བོ་གསུམ་དུ་བལྟ་བར་བྱའོ། །སྐལ་བ་དང་ལྡན་པ་གང་ཞིག་གིས་ཡི་གེ་གསུམ་ [257a.4]ལ་གནས་པའི་རང་བཞིན་དེ་དག་ལ་བབ་པ་ནི་དེའི་ངོ་བོ་ནི་ཀྱི་ཧ་ར་ཏའོ། །དེ་དག་གི་དོན་ནི་ཐམས་ཅད་དང་ལྡན་ཞིང་ཁས་མི་ལེན་པ་སྟེ། དེ་དག་གདོལ་པའི་རིག་བྱེད་དུར་ཁྲོད་ཀྱི་ལྟས་དང་རོའི་མཚན་ཉིད་དང་འདེགས་པའི་གོ་རིམས་དང་། འདེགས་པའི་དུས་བཞི་ཡང་ [257a.5]དེ་ཉིད་ཡིན་ཏེ། གཞན་དག་ལ་ལྟ་སྨོས་ཅི་དགོས་སོ། །ད་ནི་བདེ་བ་ལས་བྱུང་བའི་ལམ་བསྟན་པར་བྱ་སྟེ། ཀུན་དུ་རུ་སྐབས་བདེ་ཆེན་གྲུབ་པ་ནི། །ཇི་ལྟར་བསྒོམ་པའི་སྨིག་རྒྱུ་སྙེགས་པ་བཞིན། །སྐོམ་ནས་འཆི་སྟེ་ནམ་མཁའི་ཆུ་རྙེད་དག །རྡོ་རྗེ་པདྨ་གཉིས་ཀྱི་ [257a.6]དབུས་གནས་པ། །བདེ་བ་གང་གིས་རྣམ་པར་བསྐྱེད་པ་ནི། །ཅི་སྟེ་དེ་བསྟན་ནུས་པ་མེད་པས་ན། །ས་གསུམ་གང་དུ་རྫོགས་སུ་རེ་བ་ལགས། །ཡང་ན་ཐབས་ཀྱི་བདེ་བ་སྐད་ཅིག་མ། །ཡང་ན་དེ་གཉིས་གཉིས་སུ་འགྱུར་བ་སྟེ། །བླ་མའི་དྲིན་གྱིས་སླར་ཡང་ཉིད་ལ་ནི། །བརྒྱ་ [257a.7]ལམ་འགལ་བའི་ཤེས་རབ་ག་ལ་འགྱུར། །ཞེས་བྱ་བའི་དོན་ནི། ཀུན་དུ་རུ་སྟེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་དབང་པོའི་སྒོ་མཉམ་པར་སྦྱར་བ་ལས་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེད་པ་དེ་དག་བླ་མའི་མན་ངག་གིས་སྐབས་ཕྱེ་སྟེ། བདེ་བ་ཆེན་པོ་རྒྱས་ [257b] [257b.1]བཏབ་ནས་དེ་ཁོ་ན་ཉིད་གྲུབ་པ་ནི་ཉམས་སུ་མྱོང་དུ་ཡོད་ཀྱང་ཐོབ་ཏུ་མེད་པ་སྟེ། ཇི་ལྟར་སྐོམ་པ་དག་གིས་སྨིག་རྒྱུ་མཐོང་ཞིང་རྙོག་པ་བཞིན་དུ་ཆུའི་དོན་བྱེད་མ་ནུས་ཏེ་ཐོབ་ཏུ་མེད་པས་སྐོམ་ནས་འཆིའོ། །དེ་དག་རྙེད་པར་ཡང་མ་རིག་སྟེ་ནམ་མཁའི་ཆུ་དང་འདྲ་སྟེ། རྙེད་དམ་མི་རྙེད་དོ། །མན་ [257b.2]ངག་ལས་བྱུང་བ་གཞན་དག་འབྲས་བུ་རྙེད་པར་ཡང་མི་འགྱུར་ཏེ། ཀུན་དུ་རུ་ཞེས་བྱ་བ་ནི་དྲག་པོའི་སྦྱོར་བའོ། །དེ་དག་གིས་སྐད་མ་ཅིག་གཅིག་གི་སྐབས་ལ་ཉམས་སུ་མྱོང་བ་སྲིད་ཀྱང་ཕྱག་རྒྱ་ཆེན་པོའི་བདེ་བ་གྲུབ་པའི་རྣལ་མ་ནི་མི་འབྱུང་སྟེ། དཔེར་ན་སྐོམ་པ་དག་གིས་སྨིག་ [257b.3]རྒྱུའི་ཆུ་རྙེད་པ་གཞན་དུ་དོན་བྱེད་པར་མི་ནུས་ཏེ་སྐོམ་ནས་འཆིའོ། །དེ་དག་ཀྱང་བདེ་བ་ཆེན་པོ་ནམ་མཁའ་ལྟ་བུའི་བླ་མའི་གདམས་ངག་གིས་ཆུ་མི་རྙེད་དོ། །འདོད་པ་དག་ལ་ཞེན་པའི་ཕྱིར་དམ་པ་ངག་གིས་བསྟེན་པར་བྱ་བ་ཡང་མ་ཡིན་ནོ། །དེ་བས་ན་འབྲས་བུ་ཆེན་པོར་མི་འགྱུར་རོ། ། [257b.4]དེ་བས་ན་སྟོང་པ་དང་བདེ་བ་དབྱེར་མེད་པའི་འབྱུང་གནས་རྡོ་རྗེ་དང་པདྨོ་སྙོམས་པར་ཞུགས་པའི་དབུས་དག་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཐིག་ལེ་གནས་ཏེ། དེ་དག་ལམ་དུ་ཁྱེར་བའི་བདེ་བ་དེ་དག་ལ་ཞེན་པས་བདེ་བ་ལས་ཀྱི་ཕྱག་རྒྱ་གང་གིས་གནས་ནས་སྐྱེད་པ་དེ་ནི་ཅི་སྟེ་དེ་དག་ [257b.5]ལ་དེ་ཁོ་ན་ཉིད་ཀྱི་དོན་བསྟན་དུ་ཡོད་དམ། རྟོག་པ་འབའ་ཞིག་ལ་ལོངས་སྤྱོད་པའི་ཕྱིར་མེད་པས་ནའོ། །དེའི་ཕྱིར་ཉན་ཐོས་དང་རང་རྒྱལ་བ་དང་ཐེག་པ་ཆེན་པོའི་ས་གསུམ་གང་དུ་རྫོགས་སུ་རེ་བ་ལགས་སོ། །དེ་དག་ནི་བསླབ་པ་དང་མི་ལྡན་ཞིང་བྱེ་བྲག་གི་ཆ་མ་རྟོགས་པ་དང་། [257b.6]འཁོར་བ་མི་བརྟག་པའི་རྣལ་མ་ལ་ཡིད་བྱུང་བ་མེད་པ་དང་། བདེན་པ་རྣམ་པ་གཉིས་ཟུང་དུ་འཇུག་པ་མེད་པ་དང་། བདེ་བ་ཆེན་པོའི་དོན་མ་རྟོགས་པའི་འབྲས་བུ་སྐུ་གསུམ་གྱི་བདག་ཉིད་ཐོབ་པ་མ་ཡིན་ནོ། །དེ་བས་ན་ཐམས་ཅད་ཀྱི་བརྟེན་བྱེད་པ་མ་ཡིན་ནམ་ཞེ་ན། ཡང་ན་ [257b.7]ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་འཛིན་པའི་ཐབས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདེ་བ་སྐད་ཅིག་མ་དེ་དག་ལ་བརྟེན་ནས་ཟག་པ་མེད་པའི་བདེ་བ་དེ་ཡང་ནའམ་ཕྱིས་ཀྱི་དུས་སུ་དེ་དག་ལ་ཞེན་པ་མེད་པས་བདེ་བ་དང་། སྟོང་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་གཉིས་སུ་ [258a] [258a.1]མེད་པར་འགྱུར་བས་སྟོང་པ་དང་། བདེ་བ་དབྱེར་མེད་པ་ཕྱེད་པ་དེ་དག་བླ་མ་དམ་པའི་བཀའ་དྲིན་གྱི་ཞལ་གྱི་བདུད་རྩིའི་གདམས་ངག་དམ་པ་དེ་དག་ཉམས་སུ་མྱོང་བར་སླར་ཡང་བསྟན་པའི་དོན་དེ་ཉིད་ལ་ནི་བརྗོད་པར་བྱ་བ་གང་ཟག་བརྒྱ་འམ་གཅིག་གིས་ཀྱང་ [258a.2]ཤེས་པར་ག་ལ་འགྱུར་རོ། །དེ་ལྟར་ཉམས་སུ་མྱོང་བའི་རྣམ་པ་བསྟན་ནས། ད་ནི་འབྲས་བུ་ཕུན་སུམ་ཚོགས་པའི་བདག་ཉིད་བཤད་པར་བྱ་སྟེ། གྲོགས་དག་ཟབ་མོ་དང་ནི་རྒྱ་ཆེ་བ། །གཞན་གྱིས་བདག་ཉིད་རྟོགས་པ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པས་ཞི་བའི་དུས་ཀྱི་ཚེ། ། [258a.3]གཉུག་མ་ཉམས་སུ་མྱོང་བས་རབ་ཏུ་ཤེས། །མུན་ནག་ཆེན་པོར་ཟླ་བའི་ནོར་བུ་ནི། །ཇི་ལྟར་འཆར་བར་བྱེད་པ་བཞིན་དུ་མཛེས། །མཆོག་ཏུ་བདེ་ཆེན་སྐད་ཅིག་གཅིག་ལ་ནི། །སྡུག་བསྔལ་མ་ལུས་ཕམ་པར་བྱེད་པའོ། །སྡུག་བསྔལ་སྣང་བྱེད་སེམས་ལ་ནུབ་པ་ན། །གྲོལ་བའི་ [258a.4]བདག་པོ་གཟའ་དང་མཉམ་དུ་ཤར། །འདི་ལྟར་སྤྲུལ་པའི་བདག་ཉིད་སྤྲུལ་པ་ནི། །དེ་ནི་དཀྱིལ་འཁོར་འཁོར་ལོ་དམ་པའོ། །ཞེས་བྱ་བའི་དོན་ནི། སྐལ་བ་དང་ལྡན་པའི་གང་ཟག་ལ་གྲོགས་དག་ཅེས་བོས་ཏེ། དོན་ཟབ་མོ་རྒྱ་མཚོ་ལྟ་བུ་དང་། ནམ་མཁའ་ལྟ་བུའི་རྒྱ་ཆེ་བའི་ [258a.5]རྣམ་པ་དེ་དག་བདག་ཏུ་འཛིན་པ་དང་བཅས་པའི་ཤེས་པ་གཞན་དག་གིས་དེ་ཁོ་ན་ཉིད་ཀྱི་བདག་ཉིད་རྟོགས་པ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་སྐྱེས་པས་ཉོན་མོངས་པར་རྣམ་པར་རྟོག་པ་ཞི་བའི་དུས་དེ་ཉིད་ཀྱི་ཚེ་ན་གཉུག་མའི་དེ་ཁོ་ན་ཉིད་ཉམས་སུ་མྱོང་ [258a.6]བས་རབ་ཏུ་ཤེས་སོ། །དཔེར་ན་མུན་ནག་ཆེན་པོའི་གནས་སུ་ཆུ་ཤེལ་གྱི་ཟླ་བའི་ནོར་བུའི་འོད་ནི་ཇི་ལྟར་འཆར་བར་བྱེད་པ་དེ་ཉིད་ཀྱི་དུས་ན་མུན་པ་ཐམས་ཅད་ངེས་པར་བཅོམ་སྟེ། བསིལ་ཞིང་དང་ལ་འོད་ཀྱི་རྒྱུན་གསལ་བར་བྱེད་པ་བཞིན་དུ་དེ་ཁོ་ན་ཉིད་དེ་ཡང་དེ་ལྟར་མཛེས་ [258a.7]པའོ། །དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་བདེ་བ་ཆེན་པོ་སྐད་ཅིག་མ་གཅིག་ལ་ནི་སྡུག་བསྔལ་མ་ལུས་པ་ཕམ་པར་བྱེད་པའོ། །སྡུག་བསྔལ་འབྱུང་བའི་རྒྱུན་སྣང་བའི་རྣམ་པ་བྱེད་པའི་ངོ་བོ་ཐམས་ཅད་སེམས་ལ་ནུབ་པར་འགྱུར་ཏེ་དེ་ནི་ཆོས་ཀྱི་སྐུའོ། ། [258b] [258b.1]ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བའི་བདག་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གཟའ་སྐར་གྱི་རྣམ་པ་ལྟ་བུ་སྤྲུལ་པའི་སྐུ་སྟེ་དེ་དག་དང་མཉམ་དུ་ཤར་བར་འགྱུར་རོ། །དེར་ཡང་མ་ཟད་དེ་ཁམས་གསུམ་ཐམས་ཅད་ནི་སྐུ་གསུམ་པའོ། །དེ་ལྟར་སྤྲུལ་ [258b.2]པའི་བདག་ཉིད་ཅི་ཡང་མ་ཡིན་པ་དང་། སྤྲུལ་པའི་སྐུ་འགྲོ་འོང་གི་རྣམ་པ་ཅན་དང་དེ་ཐམས་ཅད་ནི་བདེ་བ་ཆེན་པོའི་འཁོར་ལོར་རོ། །དཀྱིལ་འཁོར་གྱི་སྐུ་དང་བཅས་པ་སྟེ་འཁོར་ལོ་དམ་པའོ། །དེའི་ཕྱིར་ཆོས་ཀྱི་སྐུ་ནི་རྟོགས་པའི་གྲུབ་པ་ཡིན་ཏེ། གཟུགས་སྐུ་རྣམ་ [258b.3]པ་གཉིས་ནི་ཤུགས་ཀྱིས་གྲུབ་པ་ཡིན་ནོ། །དེ་བས་ན་ཡོངས་སུ་རྫོགས་པའི་འཁོར་ལོ་འདི་ནི་སྐད་ཅིག་མ་གཅིག་དང་སྐྱེ་བ་འདི་དང་བར་མདོའི་གནས་སུ་ཐོབ་པར་བྱེད་པའོ། །ད་ནི་འབྲས་བུ་ཁྱད་པར་ཅན་དུ་གྲུབ་པ་བསྟན་པར་བྱ་སྟེ། ཀྱེ་ཧོ་རྨོངས་པའི་སེམས་ཀྱི་སེམས་ [258b.4]རྟོག་ན། ལྟ་བ་ངན་པ་ཐམས་ཅད་རང་གྲོལ་ཏེ། །མཆོག་ཏུ་བདེ་ཆེན་དེ་ཙམ་ཞིག་ཏུ་བས། །དེ་ཡི་དབང་གིས་དངོས་གྲུབ་དམ་པའོ། །ཞེས་བྱ་བའི་དོན་ནི། ཀྱེ་ཧོ་ཞེས་ཁམས་གསུམ་པ་རྣམས་ལ་གདམས་པས་དེ་ཐ་དད་ཀྱི་རྟོག་པས་བསྒྲིབས་པའི་རྨོངས་པ་རྣམས་ [258b.5]ཀྱིས་རང་གི་སེམས་ཀྱི་རང་གི་དེ་ཁོ་ན་ཉིད་རྟོགས་ནས་བདག་ཏུ་ལྟ་བ་ལ་སོགས་པའི་ལྟ་བ་ངན་པ་ཐམས་ཅད་རང་གྲོལ་བར་གྱུར་ཏེ། མཆོག་ཏུ་བདེ་བ་ཆེན་པོའི་རང་བཞིན་ཆོས་ཀྱི་སྐུ་དེ་དག་ནི་ཐོབ་ཏུ་མེད་པ་སྟེ། །གྲོལ་བ་དེ་ཙམ་ཞིག་ཏུ་བས་སོ། །དཔེར་ན་སྐྱེས་བུ་ནད་ [258b.6]སོས་པ་ཙམ་ལ་ནང་མེད་པ་ཐོབ་པོ་ཞེས་པ་དང་འདྲའོ། །གྲོལ་བ་ཙམ་གྱིས་ཐོབ་པ་དང་དངོས་གྲུབ་ཡིན་ནམ་ཞེ་ན། དེ་ཉིད་ཐོབ་པའི་དབང་གིས་དངོས་གྲུབ་མཆོག་ཏུ་གྱུར་པ་སྟེ། དམ་པའོ། །ད་ནི་དེ་ཁོ་ན་ཉིད་ཀྱི་སྐྱོན་བསལ་བར་བྱ་སྟེ། རྡོ་རྗེ་སེམས་དཔའ་ཡོད་དང་ [258b.7]མེད་མི་རྟོག །རྟོགས་དང་རྟོགས་བྱེད་འཕགས་དང་སངས་རྒྱས་མིན། །མི་རྟག་རང་དགར་གཞག་པ་ཀུན་དུ་བཟང་། །བཅོས་པ་བསྒྲིམས་པས་དེ་ཉིད་དེ་མི་རྟོགས། །གཞག་དང་མ་སྒྲིབས་དེ་མེད་རྟོགས་མེད་མཐོང་། །གལ་ཏེ་ཉམས་མྱོང་དང་པོའི་དུས་སྐྱེས་ཀྱང་། ། [259a] [259a.1]དེ་ལ་མྱོང་བར་འཛིན་པ་དེ་མེད་དེ། །སངས་རྒྱས་ཡེ་ཤེས་དེ་དག་དག་ལ་ཡང་། །འཕགས་པ་རྣམས་དང་སངས་རྒྱས་བདག་ཉིད་ནི། །གྲུབ་པ་མེད་དེ་དགོས་པའི་དོན་དུ་བརྟགས། །ཞེས་བྱ་བའི་དོན་ནི། བཛྲ་སཏྭ་སྟེ། རྡོ་རྗེ་སེམས་དཔའོ། །དེ་ནི་ཀུན་དུ་ [259a.2]བཟང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་ཉིད་མ་བཅོས་པ་གཉུག་མའི་ངོ་བོ་ཉིད་ཇི་ལྟ་བ་ལ་བྱའོ། །དེ་ལ་ཡོད་པ་དང་མེད་པ་ཡང་མི་རྟོག་གོ། །གང་ལ་རྟོག་པ་དང་གང་གིས་རྟོགས་པར་བྱེད་པ་སྟེ། དེ་དག་ཐམས་ཅད་ནི་འཕགས་པ་ཡང་མ་ཡིན་ལ་སངས་རྒྱས་ཀྱང་མིན་ནོ། ། [259a.3]རང་གི་ཤེས་པས་མ་བརྟགས་ཤིང་རང་དགར་གཞག་པ་ནི་འདི་ནི་ཀུན་དུ་བཟང་པོའོ། །བཅོས་དང་བསྒྲིབས་པས་ནི་མཐའ་ངན་པ་ལ་བརྟགས་པ་སྟེ་དེ་ཉིད་དེ་ཡིས་མི་རྟོགས་སོ། །དེ་ཡང་ཤེས་པ་རྣལ་མ་ལ་གཞག་པ་དང་གློད་ཅིང་མ་སྒྲིམས་པ་དེ་ཉིད་ཀྱིས་རྟོགས་སུ་མེད་པའི་དོན་ [259a.4]མཐོང་བར་འགྱུར་རོ། །གལ་ཏེ་རྣལ་འབྱོར་པ་དག་གི་ཤེས་པ་ལ་ཉམས་སུ་མྱོང་བའི་བདེ་བ་དང་པོའི་དུས་སུ་སྐྱེས་ཀྱང་དེ་ལ་མྱོང་བ་དང་ཞེན་པར་འཛིན་པ་དེ་མིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ལ་ཡང་སེམས་ཅན་དུ་གྲུབ་པ་མ་ཡིན་ནོ། །འཕགས་པ་རྣམས་ [259a.5]སུ་གྲུབ་པ་དང་། །སངས་རྒྱས་ཀྱི་བདག་ཉིད་དུ་གྲུབ་པ་ནི་མེད་དེ། ཅིའི་ཕྱིར་ཞེ་ན། ཡིད་ལ་བྱར་མེད་ཅིང་ཅི་ཡང་མ་ཡིན་པའི་ཕྱིར་རོ། །དེ་དག་གིས་ཅི་བྱེད་ཅེ་ན། མ་རྟོགས་པའི་སེམས་ཅན་རྟོགས་པར་བྱ་བའི་ཕྱིར་དགོས་པས་དོན་དེ་དག་ཏུ་བརྟགས་ཤིང་ཁས་བླངས་པ་ [259a.6]སྟེ། དེ་བཞིན་ཉིད་ལ་ནི་ཟུག་རྡུ་ཁོ་ནར་ཟད་དོ། །ད་ནི་དཔེས་མཚོན་པ་བསྟན་པར་བྱ་སྟེ། གྱད་ཀྱི་གཙུག་ན་ནོར་བུ་དེ་ཡོད་ཀྱང་། །ནོར་བུ་མ་མཐོང་མཆོག་སྟོན་སྐྱེས་བུ་སྟེ། །བདག་ལས་གཞན་ན་རྫོགས་སངས་རྒྱས་མེད་ཀྱང་། །རྟོག་པ་བསལ་ཕྱིར་འཕགས་པ་ [259a.7]བསྟན་ཏེ་བསྒྲུབ། །དེ་བསལ་དུས་ན་རྫོགས་པའི་སངས་རྒྱས་ཏེ། །འབྲས་བུ་དེ་ཉིད་བདག་ལས་ཐོབ་པའོ། །འཁྲུལ་པས་བརྟགས་ནས་ལོགས་ནས་གྲུབ་པ་འདྲ། །དེ་ཕྱིར་སེམས་དང་འཁྲུལ་རྟོག་དེར་ཤེས་དང་། །ཤེས་པ་མེད་པ་མཉམ་པ་དེ་དང་བྲལ། །དེ་ནི་བླ་མ་ [259b] [259b.1]དག་ལས་མངོན་པར་རྟོགས། །རྟོགས་པས་མཚོན་དང་གང་དང་ལྡན་པ་མིན། །སེམས་ཀྱི་གླང་པོ་གང་དགར་ཡན་དུ་ཆུག །དེ་ཡི་མཚན་ཉིད་བདག་གིས་བདག་ལ་དྲིས། །དྲིས་པའི་དོན་དེ་རྗེས་སུ་དྲན་པ་ན། །དེ་ནི་དེ་ལ་རྟོག་པས་མ་དྲི་ཤིག །ཅེས་བྱ་བའི་དོན་ནི་དཔེར་ན་གྱད་སྟོབས་ [259b.2]པོ་ཆེའི་སྤྱི་གཙུག་ན་ནོར་བུ་རིན་པོ་ཆེ་དེ་དག་ཡོད་ཀྱང་ནོར་བུ་དེ་དག་མ་མཐོང་སྟེ་གྱད་སྡུག་བསྔལ་བར་འགྱུར་རོ། །ནོར་བུ་རིན་པོ་ཆེ་མཆོག་སྟོན་པར་བྱེད་པ་ནི་མེ་ལོང་དང་ལྡན་པའི་སྐྱེས་བུ་སྟེ་སྐད་ཅིག་མ་དེ་ཉིད་ལ་ཕོངས་པའི་སྡུག་བསྔལ་དང་བྲལ་བའོ། །དེ་བཞིན་དུ་ཆོས་ཀྱི་སྐུའི་ [259b.3]ནོར་བུ་དམ་པ་དེ་དག་རང་ཉིད་ལ་ཡོད་དེ། བདག་ལས་གཞན་ན་རྫོགས་པའི་སངས་རྒྱས་དེ་ལྟ་བུ་མེད་ཀྱང་རྣམ་པར་རྟོག་པའི་བག་ཆགས་འཐུག་པོ་བསལ་བའི་ཕྱིར་བླ་མ་དམ་པ་དང་འཕགས་པ་ལ་སོགས་པའི་ཡུལ་ལ་བརྟེན་ཏེ། མེ་ལོང་ལྟ་བུའི་གདམས་ངག་ལས་ [259b.4]སངས་རྒྱས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བསྒྲུབ་པར་བྱའོ། །དེ་ལྟ་བུས་རྣམ་རྟོག་དེ་དག་བསལ་ཞིང་གྲོལ་བའི་དུས་ན་རྫོགས་པའི་སངས་རྒྱས་ཡིན་ཏེ་སྡུག་བསྔལ་མ་ལུས་པ་དང་བྲལ་ལོ། །དེ་ལྟར་ཕུན་སུམ་ཚོགས་པའི་འབྲས་བུ་དེ་ཉིད་བདག་ལས་ཐོབ་པ་སྟེ། ཐ་དད་ཀྱི་འཁྲུལ་ [259b.5]པས་ལོགས་ནས་གྲུབ་པ་ཁོ་ན་འདྲའོ། །དེའི་ཕྱིར་སེམས་དང་འཁྲུལ་པར་རྟོག་པ་ཐམས་ཅད་གཉུག་མའི་ངོ་བོ་ཉིད་དེར་ཤེས་པ་དང་དེ་ཡང་ཤེས་པ་མེད་པའི་དོན་གྱིས་མཉམ་པར་གཞག་གོ། །དེ་ཡང་ཉམས་སུ་མྱོང་བ་དང་ཐ་སྙད་ཀྱི་རྣམ་པ་དག་དང་བྲལ་ལོ། །དེ་ནི་བླ་མ་དམ་པ་ [259b.6]དག་གི་ཞལ་གྱི་བདུད་རྩི་ལས་མངོན་པར་རྟོགས་སོ། །རྟོགས་པ་དེ་དག་སློབ་པ་པོའི་བློ་ལས་མཚོན་དུ་ཟད་ཀྱང་མཚོན་པ་དང་གང་གི་ཐ་སྙད་ཀྱི་རྣམ་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ཞེ་ན། སེམས་ཀྱི་གླང་པོ་ཆེ་གར་དགར་ཡན་དུ་ཆུག་ཅིག་པའོ། །དེ་དག་གི་མཚན་ཉིད་ནི་བརྗོད་ [259b.7]པ་དང་ཐ་སྙད་ཀྱིས་གཏན་ལ་དབབ་པར་མི་ནུས་ཏེ། བདག་ཉིད་ཀྱི་བློ་ཡིས་བདག་ཉིད་ལ་དྲིས་ཤིག་པའོ། །དྲིས་པའི་དོན་དེ་དག་ཅི་ཡང་མ་ཡིན་པར་འདུག་པ་དང་དོན་དེ་ཉིད་དུས་ཐམས་ཅད་དུ་རྗེས་སུ་དྲན་པ་ན་བླ་ན་མེད་པའི་རྟོགས་པ་ཡིན་པའི་ཕྱིར། དེ་ལ་དེ་ཁོ་ན་ཉིད་ཀྱི་དོན་དེ་ [260a] [260a.1]དག་རྟོགས་པས་ཟུག་རྔུ་གྱུར་པའི་ཕྱིར་མ་འདྲི་ཤིག་པའོ། །ད་ནི་སེམས་གྲུབ་པ་མེད་པའི་ཚུལ་གྱིས་མཚོན་པ་དེ་ཉིད་བསྟན་པར་བྱ་སྟེ། ནམ་མཁའི་རི་བོ་ཆུ་འཐུང་འདྲ་བའི་སེམས། །དེ་ཡིས་འགྲམ་དུ་ཞོག་ཅིག་རང་དགའ་བར། །ཡུལ་གྱི་དབང་པོ་ [260a.2]ལག་པས་བླངས་ནས་སུ། །དེ་ནི་ཇི་ལྟར་གསོད་པར་སྣང་བར་འགྱུར། །རྣལ་འབྱོར་པ་ནི་གླང་པོ་སྐྱོང་བ་བཞིན། །དེ་ཉིད་ལས་ནི་ལྡོག་པར་འགྱུར་ཡིད་བཞིན། །འཁོར་བ་དེ་ཉིད་མྱ་ངན་འདས་པར་ངེས། །དབྱེ་བས་གཞན་དུ་སེམས་པ་མ་ཡིན་ཏེ། །རང་བཞིན་གཅིག་ [260a.3]གིས་དབྱེ་བ་རྣམ་པར་སྤངས། །དྲི་མེད་ང་ཡིས་རབ་ཏུ་རྟོགས་ཡིད་ཀྱིས། །དེ་ཉིད་དམིགས་བཅས་དམིགས་མེད་སྟོང་ཉིད་ཡིན། །གཉིས་ལས་སྐྱོན་ནི་ཡོད་པ་མ་ཡིན་ཏེ། །རྣལ་འབྱོར་པ་ནི་གང་ཞིག་བསྒོམ་པ་ཡིན། །བསྒོམ་བྱ་དམིགས་དང་བཅས་པ་དམིགས་མེད་ [260a.4]དེ། །བདེ་བའི་རྣམ་པའི་རང་བཞིན་དེ་ཡིན་ནོ། །རབ་ཏུ་བླ་མེད་ཡེ་ཤེས་རང་འབྱུང་བ། །བླ་མའི་མན་ངག་དུས་ཐབས་བསྟེན་པར་ཤེས། །ཞེས་བྱ་བའི་དོན་ནི་ནམ་མཁའི་ཆོས་ཀྱི་སྐུའི་རྣམ་པར་བརྗོད་པའོ། །དེ་བས་ན་ཐམས་ཅད་དེ་ཉིད་ཡིན་པའི་ཕྱིར་རི་བོ་ནམ་མཁའ་ [260a.5]ལ་གཞག་པ་བཞིན་རྣལ་འབྱོར་པའི་སེམས་རྟེན་མེད་པར་བྱ་བ་ཁོ་ནའོ། །དམ་པ་དག་གི་གདམས་ངག་གི་ཆུ་འཐུངས་ཤིང་གོམས་པར་བྱ་བ་དང་། དེ་འདྲ་བའི་སེམས་དེ་དག་དྲན་པ་རྒྱུན་ཆགས་ཀྱིས་དུས་རྟག་ཏུ་ཁྱེར་བའི་ཕྱིར། གསལ་བའི་རྣམ་པས་དྲན་པའི་འགྲམ་ [260a.6]དུ་ཞོག་ཅིག་པའོ། །དེ་ཡང་རང་དགའི་ཚུལ་གྱིས་སོ། །དེ་ཡང་དབང་པོ་དང་ཡུལ་ཐུག་པའི་དུས་ཡུལ་གྱི་བདག་ཉིད་དབང་པོའི་རྣམ་པ་ཐམས་ཅད་ཀྱང་དྲན་པའི་ལག་པས་བླངས་ནས་སུ་ཡུལ་དང་དབང་པོ་དེ་ནི་རང་བཞིན་གཉུག་མའི་ཇི་ལྟ་བར་གསོད་པར་སྣང་བར་འགྱུར་རོ། ། [260a.7]རྣལ་འབྱོར་པ་དག་གི་ནི་ཤེས་པ་གླང་པོ་ཆེ་ལྟ་བུ་དག་བདེ་བ་ཆེན་པོའི་རྩལ་གར་དགར་བསྐྱང་བར་བྱ་བ་སྟེ་རྒྱལ་པོའི་གླང་པོ་བཞིན་ནོ། །དེ་ཡང་སྣང་སྲིད་ཐམས་ཅད་གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཤེས་པ་དེ་དག་དེ་ནས་ནི་ངང་གིས་ལྡོག་པར་འགྱུར་རོ། །དེ་ཡང་ཆེད་ [260b] [260b.1]དུ་བརྟུལ་བ་ལྟ་བུ་ནི་མ་ཡིན་ཏེ། ཡིད་བཞིན་དུ་ལྡོག་པར་འགྱུར་རོ། །དེ་བས་ན་འཁོར་བ་དེ་ཉིད་མྱ་ངན་ལས་འདས་པར་སྐྱེ་བའི་ཕྱིར་རྣམ་པར་རྟོག་པའི་ཐ་དད་ཀྱི་དབྱེ་བས་གཞན་དུ་ཤེས་པ་ནི་མ་ཡིན་ཏེ། བདེ་བ་ཆེན་པོའི་རང་བཞིན་གཅིག་གིས་རྟོགས་པའི་དབྱེ་བ་རྣམ་པར་ [260b.2]སྤངས་པར་བྱ་སྟེ། འདི་དག་ནི་ཤུགས་ཀྱིས་འགྱུར་བ་ཁོ་ནའོ། །སྙིང་པོའི་དོན་ནི་དྲི་མ་མེད་པས་རབ་ཏུ་རྟོགས་ཏེ་དེ་ནི་ཡིད་ཀྱི་ཡེ་ཤེས་ཁོ་ན་ཉིད་དོ། །དེ་ཉིད་ནི་དམིགས་བཅས་སོ། །དམིགས་མེད་དོ། །སྟོང་པ་ཉིད་ཡིན་ནོ། །དེ་དག་སྐྱོན་དང་བཅས་པ་མ་ཡིན་ནམ་ཞེ་ན། [260b.3]ལྟ་བ་དེ་ཁོ་ན་ཉིད་རབ་ཏུ་མི་བསྒྲུབ་པའི་ཕྱིར་དགག་བྱ་རྣམ་པར་མི་གཅོད་དོ། །གཉིས་ལས་གཞན་པ་གཅིག་ཁས་བླངས་ཀྱང་སྐྱོན་ནི་ཡོད་པ་མ་ཡིན་ཏེ། རྣལ་འབྱོར་པ་དག་གི་དེ་ཉིད་ནི་ཐམས་ཅད་དང་ལྡན་ཞིང་གང་དུ་ཡང་ཁས་མི་ལེན་པའི་ཕྱིར་གང་དུ་བསྒོམས་པ་མ་ [260b.4]ཡིན་ཏེ་མིན་པའི་ཕྱིར་རོ། །དེའི་ཕྱིར་བསྒོམ་པར་བྱ་བ་ནི་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པ་ནི་མ་ཡིན་ཏེ། བདེ་བ་ཆེན་པོའི་རྣམ་པའི་རང་བཞིན་དེ་དག་གཞན་དུ་བརྗོད་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ངོ་བོ་དེ་ནི་ཆོས་ཀྱི་སྐུ་སྟེ་རབ་ཏུ་གྱུར་པ་བླ་ན་མེད་པའོ། ། [260b.5]དེ་ཡང་གདོད་མ་ནས་གནས་པའི་ཕྱིར་ཡེ་ཤེས་ཏེ། བཅོས་མ་ཡིན་པས་ན་རང་འབྱུང་བའོ། །དེ་ཡང་བླ་མའི་མན་ངག་དེ་དག་ཉམས་སུ་མྱོང་བའི་དུས་ཀྱིས་གོམས་པར་བྱ་སྟེ་ཐབས་དྲན་པ་རྒྱུན་ཆགས་ཀྱི་དུས་ཐམས་ཅད་དུ་བརྟེན་པས་རབ་ཏུ་ཤེས་སོ། །ད་ནི་སྒྲུབ་ [260b.6]པར་བྱེད་པའི་གླུ་བསྟན་པར་བྱ་སྟེ། ནགས་སུམ་འགྲོ་ཁྱིམ་དུ་མ་འདུག་ཅིག །བདེ་བ་ལ་གནས་གནས་དག་ཉོན་མོངས་རྒྱུ། །དང་པོའི་དུས་སུ་བཙལ་ཕྱིར་དེ་འགྲུབ་བྱ། །བཙལ་བས་མ་རྙེད་རྙེད་པས་དེ་འདུག་མིན། །འཁོར་ལོས་འཁོར་བའི་ནགས་ཁྲོད་དག་ཏུ་ [260b.7]རྒྱུས། །ཁྱིམ་དུ་གནས་ན་ཆགས་སྡང་འཕེལ་འགྱུར་ཏེ། །དེ་ཕྱིར་ཁྱིམ་སྤངས་བདེ་དང་སྡུག་བསྔལ་དོར། །སེམས་ཀྱི་ཁྱིམ་དུ་ལྟ་བ་འཇུག་མི་བྱ། །བཅུག་ནས་བདེ་ཆགས་སྟོང་ལ་ཞེན་པས་ལྡང་། །དེ་སྤངས་དབྱེར་མེད་མཉམ་པའི་རང་བཞིན་གནས། །གང་ [261a] [261a.1]ཡང་དེ་རུ་ཡིད་ཀྱིས་ཡོངས་ཤེས་ནས། །མ་ལུས་རྒྱུན་ཏུ་རྟོགས་པ་དེ་ནི་གནས། །ཞེས་བྱ་བའི་དོན་ནི་རབ་ཏུ་མི་གནས་པའི་རྒྱུད་ལས་བཤད་པ་ལྟ་བུ་སྟེ། ཀྱེ་རྣལ་འབྱོར་སྟོབས་ཆེན་གླང་པོ་སེང་གེ་ཡུལ། །ནགས་ཁྲོད་དགོན་པ་དག་ཏུ་མི་གནས་པར། ། [261a.2]གྲོང་ཁྱེར་ཁྱིམ་གྱི་གནས་སུ་མ་འདུག་ཅིག །ཆགས་པའི་ནགས་ལ་མངོན་པར་མ་ཞེན་པར། །ཁྱིམ་གྱི་ཞེ་སྡང་དག་ལ་མ་འདུག་ཅིག །གཟུང་བའི་ནགས་ཚལ་དག་ཏུ་མ་འགྲོ་བར། །འཛིན་པའི་ཁྱིམ་གྱི་རྟགས་ལ་མ་འདུག་ཅིག །ཕྱི་རོལ་ནགས་ཀྱི་ཡུལ་ [261a.3]ལ་མ་ལྟ་བར། །རང་རིག་འཛིན་པའི་ཁྱིམ་ལ་མ་རྟོག་ཅིག །ཅེས་འབྱུང་བ་ལྟ་བུ་ལ་བྱའོ། །དེ་དག་ཉམས་སུ་མྱོང་བའི་བདག་ཉིད་ཀྱི་ལུས་དང་སེམས་ཀྱི་བདེ་བ་ལ་གནས་ན་གནས་པ་དེ་དག་ཉོན་མོངས་པའི་རྒྱུ་ཡིན་ནོ། །ལས་དང་པོའི་དུས་སུ་དེ་ཁོ་ན་ཉིད་བཙལ་ [261a.4]བའི་ཕྱིར་བདེ་བ་དམ་པ་འགྲུབ་པར་བྱའོ། །བདེ་བ་དེ་དག་གི་རང་བཞིན་བཙལ་བས་མ་རྙེད་དེ་མ་རྙེད་པ་དེ་དག་རྙེད་པའི་མཆོག་ཡིན་པས་དེ་དང་ལྡན་པ་དག་ལ་ནི་དེར་འདུག་པ་ཡང་ཡིན་ནོ། །ཇི་ལྟར་གནས་ཤིང་འགྲུབ་པར་བྱ་ཞེ་ན། སེམས་གྲུབ་པ་མེད་པར་རྟོགས་པ་དང་། །ལུས་ [261a.5]ཆགས་པ་མེད་པར་འགྲོ་བའི་རྣམ་པས་ཆོས་ཀྱི་སྐུ་འཁོར་ལོས་འཁོར་བའི་ནགས་ཁྲོད་དག་ཏུ་བདེ་བ་ཆེན་པོའི་བློས་རྒྱུ་བར་བྱའོ། །ཁྱིམ་དག་ཏུ་གནས་ན་ཆགས་པ་དང་ཞེ་སྡང་འཕེལ་བར་འགྱུར་ཏེ། དེའི་ཕྱིར་ཁྱིམ་སྤངས་ཏེ་བདེ་བ་ལ་མངོན་པར་ཞེན་པ་དང་། སྡུག་ [261a.6]བསྔལ་དོར་བར་འདོད་པས་སེམས་ཀྱི་ཁྱིམ་དུ་བདག་ཏུ་ལྟ་བར་མངོན་པར་གནས་པས་དེ་དག་ཐམས་ཅད་དོར་ལ་ལྟ་བ་ལ་མི་འཇུག་པར་བྱའོ། །བཅུག་ནས་བདེ་བ་ལ་ཆགས་ཤིང་སྟོང་པ་ལ་ཞེན་པས་ཞེ་སྡང་འཕེལ་བར་འགྱུར་ཏེ། དེ་དག་ཐམས་ཅད་ཤུགས་ཀྱིས་ [261a.7]སྤངས་ལ་བདེ་བ་དང་སྟོང་པ་དབྱེར་མེད་པ་ལ་མཉམ་པར་གཞག་ཅིང་། སེམས་རྣལ་མ་རང་བཞིན་གྱིས་གནས་པར་བྱའོ། །གང་ཡང་དེ་ཁོ་ན་ཉིད་དག་ནི་བློའི་གཏིང་དེ་རུ་ཡིད་ཀྱི་ཡེ་ཤེས་ཀྱིས་ཡོངས་སུ་ཤེས་ན། ཕྱི་ནང་གི་གཡེང་བ་མ་ལུས་པ་རྒྱུན་དུ་ཆོས་ཀྱི་ [261b] [261b.1]སྐུའི་རྟོགས་པ་ཉག་གཅིག་ལས་མི་མཐུན་པའི་དེའི་གནས་སོ། །ད་ནི་མཉམ་པའི་དོན་གྱི་གླུ་བསྟན་པར་བྱ་སྟེ། འཁོར་བ་གང་ཡིན་མྱ་ངན་འདས་པ་གང་། །ཡིད་ནི་དྲི་མེད་ལྷན་ཅིག་སྐྱེས་པ་ཡི། །གནས་སྐབས་དགྲ་བོའི་རིགས་ལ་འཇུག་པ་མེད། །དེ་ཙམ་ [261b.2]ཞིག་ལ་ངེས་པས་གནས་པ་ནི། །དེ་ཡི་རྒྱལ་པོ་ཡིན་ཏེ་བྱེ་བྲག་མེད། །རྟོགས་པ་ནགས་དང་ཁྱིམ་ན་གནས་པ་མིན། །འདི་ལྟར་བྱ་བ་དེ་ཉིད་ཤེས་གྱུར་ན། །དྲི་མ་མེད་པའི་དེ་སེམས་རང་བཞིན་གྱིས། །མ་ལུས་མི་རྟོག་པར་ནི་ཤེས་པར་བྱོས། །དེ་ནི་བདག་ཡིན་གཞན་ [261b.3]ཡང་དེ་ཉིད་དོ། །གང་བསྒོམས་ཡོངས་སུ་བསྒོམས་པའང་དེ་ཉིད་ཡིན། །བདེ་བའི་དེ་ཉིད་དང་ནི་བྲལ་བར་བྱས། །འོན་ཀྱང་བདག་ཉིད་རྣམ་པར་གྲོལ་བའོ། །ཞེས་བྱ་བའི་དོན་ནི་དམ་པའི་དོན་དེ་དག་ཉམས་སུ་མྱོང་བ་ན་འཁོར་བ་གང་ཡིན་མྱ་ངན་ལས་འདས་པ་གང་ [261b.4]ཡིན་ཏེ་གཉིས་སུ་མེད་དོ། །འདི་དག་གི་ཡིད་ནི་དྲི་མ་མེད་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་དག་ཉམས་སུ་མྱོང་བའི་རྣལ་འབྱོར་པ་དེ་དག་ལ་ནི་གནས་སྐབས་ཀྱི་དགྲ་བོ་ཆགས་སྡང་གི་རིགས་ལ་སྐྱེ་བ་མེད་དོ། །དེ་ཙམ་ཞིག་ལ་ངེས་པར་ [261b.5]གནས་པ་ནི་དེ་ནི་ཆོས་ཀྱི་སྐུའི་རྒྱལ་པོ་ཡིན་ཏེ། མི་གནས་པའི་ཕྱིར་བྱེ་བྲག་མེད་དོ། །དེ་ལྟར་རྟོགས་པ་དེ་ནི་མཉམ་པར་གཞག་པ་དང་། རྗེས་ལས་ཐོབ་པ་མེད་དེ་ནགས་དང་ཁྱེམ་ན་གནས་པ་ཡང་མིན་ནོ། །ཇི་ལྟར་སྤྱོད་པར་བྱ་ཞེ་ན། གནས་སྐབས་ཀྱི་སྤྱོད་ [261b.6]ཡུལ་གྱི་མཚན་ཉིད་དག་ལ་གནས་སྐབས་ཀྱི་རྣལ་འབྱོར་པས་འཇུག་པར་བྱས་པར་ཨུཏྤལ་སྔོན་པོ་རྩ་བ་གཅིག་བདག་གི་ཁ་བྱེ་བའི་ཚུལ་དང་བཙུན་པའི་ཚུལ་དང་བདུད་རྩིའི་ཐིགས་པ་ནམ་མཁའ་ལ་དོར་བའི་ཚུལ་དང་རྩ་བ་བཅད་པའི་ཚུལ་དུ་བྱའོ། །དེ་དག་ཀྱང་གང་ཞེ་ན། དོན་ [261b.7]མཐོང་བའི་དུས་སུ་སེམས་ཅན་ལ་གསལ་བའི་དེ་ཁོ་ན་ཉིད་སྟོན་པ་དང་། ལྐུགས་པའི་སྤྱོད་པས་འཇིག་རྟེན་ཐམས་ཅད་དུ་རྒྱུ་བ་དང་། སྐལ་བ་དང་ལྡན་པ་ལ་དོན་ཉུང་ངུ་ཙམ་སྟོན་ཅིང་གནས་པ་དང་། རྣམ་པར་ཤེས་པ་མཐོང་བའི་ཚུལ་གྱིས་ས་ནས་ས་ལ་གནས་ [262a] [262a.1]ཤིང་སངས་རྒྱས་ཀྱི་དོན་དེ་ཁོ་ན་ཉིད་དུ་གནས་པའི་བདེ་བ་ཆེན་པོའི་ཡང་དག་པ་ལ་གནས་པའོ། །འདི་ལྟར་གོང་དུ་བསྟན་པའི་བྱ་བ་དེ་ཉིད་རབ་ཏུ་ཤེས་པར་གྱུར་ན་དྲི་མ་མེད་པའི་སེམས་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་བས་ན་སྣང་ [262a.2]གྲགས་ཀྱི་ཆོས་མ་ལུས་པ་ཐམས་ཅད་མི་རྟོག་པའི་དེ་ཁོ་ན་ཉིད་ཡིན་པར་ནི་ཤེས་པར་བྱོས་ཤིག། དེ་བས་ན་ཐམས་ཅད་ཐ་མི་དད་པ་ཡིན་ཏེ། བདག་ཉིད་རྣམ་པ་དེ་ཉིད་གཞན་ལ་གཞན་གྱི་རྣམ་པར་དེ་ཡང་བདག་གི་དེ་ཉིད་དོ། །གང་དང་གང་གི་གང་བསྒོམས་པ་དེ་ཉིད་ཆོས་ [262a.3]ཀྱི་སྐུ། ཡོངས་སུ་བསྒོམས་པ་ལས་མ་འདས་པ་ཡིན་ཏེ། དེ་ཡང་དེ་ཁོ་ན་ཉིད་ཀྱི་དོན་ལ་ལོགས་ཤིག་པ་མ་ཡིན་ཡང་ཐ་དད་པ་ལ་ཞེན་པའི་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་དང་བྲལ་བར་བྱས་སོ། །འོན་ཀྱང་དེ་དག་གིས་ཀྱང་བདག་ཉིད་ཅུང་ཟད་ཙམ་རྣམ་པར་གྲོལ་བར་ནུས་ [262a.4]པའོ། །ད་ནི་དྲི་མ་མེད་པའི་གླུ་བསྟན་པར་བྱ་སྟེ། ཇི་ལྟར་རྒྱ་མཚོ་ཡི་ནི་མཐོང་བྱེད་བཞིན། །བདག་དང་གཞན་དུ་འཁྲུལ་བར་མ་བྱེད་ཅིག །ཐམས་ཅད་སྔ་ན་མེད་པའི་སངས་རྒྱས་ཏེ། །དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ་། །སེམས་ནི་ངོ་བོ་ཉིད་ཀྱིས་དག་པ་ཡིས། ། [262a.5]གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་དང་། །ས་གསུམ་མ་ལུས་ཐམས་ཅད་ཁྱབ་པར་གནས། །གྲགས་པའི་ས་དང་གདམས་དང་གསང་བ་ཡི། །སྙིང་པོའི་ས་ནི་ངོ་བོ་ཀུན་དང་མཚུངས། །དེ་ཕྱིར་ཁྱབ་པ་སྙིང་པོ་དེ་ཉིད་དེ། །དཔེར་ན་རི་རབ་གླིང་སོགས་ཉི་ཟླ་གསལ། །རྟོགས་ [262a.6]དང་མ་རྟོགས་ཉི་ཟླ་མཐོང་ལོང་སྟེ། །མ་བསྟན་བར་དུ་བློ་ཆུང་ཤར་ནུབ་འགྲོ། །མཁས་པ་རྣམས་ལ་ཤར་དང་ནུབ་མེད་དེ། །སྣང་གྲགས་སེམས་སུ་ཤེས་ཤིང་དེར་མི་འཛིན། །མཚན་ཉིད་ཤེས་མེད་ཤེས་པས་འཆིང་མི་དགོས། །དེ་ཕྱིར་བློ་ལྡན་རྣམས་ལ་ངང་གིས་འབྱུང་། །དེ་ [262a.7]རྟོགས་དེ་མ་རྟོགས་ཤེས་བརྟག་ཏུ་མེད། །ཅེས་བྱ་བའི་དོན་ནི། ཇི་ལྟར་རྒྱ་མཚོ་དག་གི་ནང་ན་གཟུགས་བརྙན་གྱི་རྣམ་པ་ཇི་སྙེད་ཅིག་སྣང་ཡང་རྒྱ་མཚོའི་ངོ་བོ་ལས་མ་འདས་པའི་མཐོང་བྱེད་བཞིན་དུ་ཕྱི་རོལ་སྣང་བའི་ཚོགས་དཔག་ཏུ་མེད་པ་ཅིག་སྣང་ཡང་གཟུགས་བརྙན་དང་འདྲ་ [262b] [262b.1]བ་ཉིད་དེ་དག་དང་གཞན་དུ་འཁྲུལ་པར་མ་བྱེད་ཅིག །ཐམས་ཅད་ཀྱང་ལོག་པར་རྟོགས་པའི་བག་ཆགས་ཀྱིས་བསྒྲིབས་པའི་ཕྱིར། སྔོན་ཆད་མ་རྟོགས་ཏེ་རྟོགས་པ་ཙམ་ལ་སྔ་ན་མེད་པའི་སངས་རྒྱས་ཏེ་ཞེས་བྱའོ། །དེ་ཉིད་ནི་དྲི་མ་མེད་པ་མཆོག་ཏུ་གྱུར་པ་དག་གི་གོ་འཕང་སྟེ་ [262b.2]འབྱུང་གནས་སོ། །དེ་ལྟ་བུ་སེམས་ནི་ངོ་བོ་ཉིད་ཀྱིས་དག་པ་ཡིན་ཏེ་ཆོས་ཀྱི་སྐུའོ། །གཉིས་མེད་ཀྱི་སེམས་དེ་དག་ལས་མཚན་གྱི་མེ་ཏོག་གིས་བརྒྱན་པའི་སྡོང་བུ་གཟུགས་སྐུ་དམ་པ་གཉིས་འབྱུང་བ་ཡིན་ནོ། །ས་གསུམ་པ་མ་ལུས་པ་ཐམས་ཅད་ཆོས་ཀྱི་སྐུས་ཁྱབ་པར་ [262b.3]གནས་སོ། །དེ་དག་ཀྱང་གང་ཞེ་ན། གྲགས་པའི་ས་དང་བསྡམས་པའི་ས་དང་གསང་བའི་སའོ། །དེ་ཡང་ཉན་ཐོས་དང་རང་རྒྱལ་བ་དང་ཐེག་པ་ཆེན་པོའོ། །དེ་ཉིད་ལ་ཡང་མཐོང་བའི་ས་དང་རྟོགས་པའི་ས་དང་ཁོང་དུ་ཆུད་པའི་སའོ། །དེ་ཉིད་ཀྱི་གོང་དུ་སྨོས་པའི་རྒྱས་གདབ་ [262b.4]པའི་ཚུལ་གྱིས་བཅུ་གསུམ་པ་དང་བཅུ་བཞི་པའི་ས་སྟེ། སྙིང་པོ་དེ་ཁོ་ན་ཉིད་ཀྱིས་ནི་ངོ་བོ་ཀུན་དང་མཚུངས་སོ། །དེའི་ཕྱིར་བདེ་བ་ཆེན་པོ་ནི་ཁྱབ་པའི་བདག་ཉིད་དང་། སྙིང་པོ་ཆོས་ཀྱི་སྐུ་དེ་ཉིད་ཀྱི་ཐུགས་སོ། །དེ་དག་ཀྱང་ཀུན་གྱིས་རྟོགས་པ་མ་ཡིན་ཏེ་དཔེར་ན་རི་རབ་དང་གླིང་ [262b.5]ལ་སོགས་པ་ཉི་ཟླས་གསལ་བར་བྱེད་པ་སྟེ། དེ་ལས་ཡང་འོད་རྟོགས་པ་དང་མ་རྟོགས་པ་གཉིས་སོ། །དེ་ཡང་ཉི་ཟླ་ལ་ཁྱད་པར་དང་བྱེ་བྲག་ཏུ་གྱུར་པ་མེད་ཀྱང་མིག་མ་ལོང་བ་རྣམས་ཀྱིས་མཐོང་ཞིང་ལོང་བ་རྣམས་ཀྱིས་མ་མཐོང་སྟེ། མཐོང་བ་ཡང་བློ་ཆུང་བ་བྱིས་པའི་ངང་ཚུལ་ཅན་དག་ལ། མཚན་ཉིད་མ་ [262b.6]བརྟན་གྱི་བར་དུ་ས་འོག་ནས་ཤར་ནས་ས་འོག་དག་ཏུ་ནུབ་པར་རྟོགས་པ་དང་འདྲའོ། །དེ་ཁོ་ན་ཉིད་ཀྱི་དོན་སྙིང་པོ་གཉུག་མ་དེ་དག་ཐམས་ཅད་ལ་ཁྱབ་ཀྱང་རྟོགས་པ་དང་མ་རྟོགས་པའི་རིམ་པས་མཐོང་བ་དང་། ལོང་བ་ལྟ་བུ་གནས་ཤིང་བློ་ཆུང་དག་ལ་ཏིང་ངེ་འཛིན་འཕེལ་འགྲིབ་ཏུ་ [262b.7]སྣང་ངོ་། །དོན་དེ་ཁོ་ན་ཉིད་ལས་མཁས་པ་རྣམས་ལ་ནི་ཉམས་སུ་མྱོང་བ་ལ་ཤར་བ་དང་ནུབ་པ་མེད་པ་སྣང་གྲགས་ཐམས་ཅད་སེམས་སུ་ཤེས་ཤིང་སེམས་ཅི་ཡང་མ་ཡིན་པའི་ངོ་བོས་དེར་མི་འཛིན་པའོ། །དེ་བས་ན་དངོས་པོ་རང་གི་མཚན་ཉིད་ནི་ཤེས་པ་མེད་པ་སྟེ་ཤེས་པ་དང་ [263a] [263a.1]བཅས་པའི་རྣམ་པ་འཆིང་མི་དགོས་སོ། །དེའི་ཕྱིར་བློ་དང་ལྡན་པའི་གང་ཟག་རྣམས་ལ་གཉུག་མའི་དོན་དེ་དག་དང་གིས་འབྱུང་ངོ་། །དེ་དག་གི་མཚན་ཉིད་ཀྱང་དེ་ནི་རྟོགས་པ་ཡིན་ཏེ་དེ་ནི་མ་རྟོགས་པ་ཡིན་ནོ་ཞེས་བརྟག་ཏུ་མེད་དོ། །ད་ནི་ཐུགས་རྗེས་ [263a.2]གནང་བ་མི་འགོག་པའི་གླུ་བསྟན་པར་བྱ་སྟེ། སྙིང་རྗེ་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །དེ་ཡི་མིང་ནི་གཞན་ལ་ཕན་པའོ། །སྙིང་པོ་ཉིད་ཀྱིས་སྡོང་པོ་ཡལ་འདབ་རྒྱས། །སྙིང་རྗེ་རྣམ་པ་སྣ་ཚོགས་དུ་མར་ལྡན། །ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུ་སྟེ། །བདེ་བ་འདི་ [263a.3]ནི་གཞན་པའི་སེམས་ཡིན་ནོ། །སྟོད་པའི་སྡོང་པོ་དམ་པའི་སྙིང་རྗེ་མིན། །གང་ལ་སླར་ཡང་རྩ་བ་ལོ་འདབ་མེད། །དེ་ལ་དམིགས་པར་བྱེད་པ་གང་ཡིན་པ། །དེར་ལྷུང་བས་ནི་ཡན་ལག་ཆག་པར་འགྱུར། །ས་བོན་གཅིག་ལས་སྙིང་པོ་གཉིས་འབྱུང་བའོ། །རྒྱུ་མཚན་དེ་ལས་ [263a.4]འབྲས་བུ་གཅིག་ཏུ་འབྱུང་། །དེ་ཡང་དབྱེར་མེད་དོན་མཆོག་གང་སེམས་པ། །དེ་ནི་འཁོར་དང་མྱ་ངན་འདས་རྣམས་གྲོལ། །ཞེས་བྱ་བའི་དོན་ནི་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པས་དེའི་མེ་ཏོག་གཞན་ལ་ཕན་པར་བྱེད་པའི་འབྲས་བུ་གཟུགས་སྐུ་རྣམ་པ་གཉིས་ [263a.5]འབྱུང་བར་འགྱུར་ཏེ་དེ་ནི་སྙིང་རྗེས་འཛིན་པའོ། །དེས་སེམས་ཅན་སྨིན་པར་བྱེད་པའི་ཕྱིར་དེའི་མིང་ནི་གཞན་ལ་ཕན་པ་ཞེས་བྱ་བར་བརྗོད་དེ། དེ་ཡང་སྙིང་པོ་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུའི་སྡོང་པོ་ལ་མཚན་གྱི་ཡལ་ག་དང་དཔེ་བྱད་བཟང་ [263a.6]པོ་བརྒྱད་ཅུའི་འདབ་མས་རྒྱས་པ་དག་འབྱུང་བར་འགྱུར་རོ། །སྤྲུལ་པའི་སྐུ་ནི་སྙིང་རྗེའི་ཡུལ་ལ་རྣམ་པ་སྣ་ཚོགས་པའི་ཐབས་དུ་མར་ལྡན་པ་དག་གིས་སྨིན་པར་བྱེད་དོ། །ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུའི་འབྲས་བུ་ནི་འཇིག་རྟེན་པ་ལ་ལྟོས་ནས་ཕྱི་མའི་འབྲས་བུ་གཞག་པ་སྟེ་དེ་ནི་གཉུག་མའི་འབའ་ཞིག་སྐྱེད་བར་བྱེད་དོ། ། [263a.7]འཁོར་བའི་བདེ་བ་འདི་དག་ནི་སྙིང་པོ་ལས་གཞན་པའི་སེམས་དེ་དག་ལས་དགེ་བ་རྣམས་ཀྱིས་ཀྱང་བསྐྱེད་ནུས་པ་ཡིན་ནོ། །ཆོས་ཀྱི་སྐུ་དེ་དག་ལ་མཉམ་པར་གཞག་པ་དང་རྗེས་ལས་ཐོབ་པ་ཡིན་ནམ་ཞེ་ན། སྟོང་པ་ཆོས་ཀྱི་སྐུ་གཉུག་མའི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བས་དམ་ [263b] [263b.1]པ་རྣམ་པ་གཉིས་མེ་ལོང་གི་ཐུགས་བརྙན་ལྟར་ཤུགས་ཀྱིས་འབྱུང་བར་འགྱུར་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་སྡོང་པོ་དེང་སྤྲུལ་པའི་སྐུ་དམ་པ་རྣམ་པ་གཉིས་གཞན་གྱི་དོན་སྨིན་པར་བྱ་བའི་ཕྱིར་གཏང་ངོ་ཞེས་སྙིང་རྗེས་ཀུན་ནས་བསླང་བ་འམ་ཡེ་ཤེས་ཀྱི་རྒྱུན་ལས་བཏང་བ་ [263b.2]ནི་མིན་ནོ། །དེའི་ཕྱིར་རྗེས་ལས་ཐོབ་པ་ནི་མི་མངའ་བར་ངེས་ཏེ། གལ་ཏེ་རྗེས་ལས་ཐོབ་པ་ཡོད་པར་འདོད་ན་ནི་མཐར་ཐུག་པའི་འབྲས་བུ་རང་རིག་རང་གསལ་བར་འདོད་པ་སྟེ་འབྲས་བུ་ཆོས་ཀྱི་སྐུ་མི་འབྱུང་ངོ་། །དེ་དག་ལས་སླར་ཡང་འབད་པ་ཅི་རྙེད་ཅིག་བྱས་ཀྱང་རྩ་བ་ [263b.3]ཆོས་ཀྱི་སྐུ་མི་འབྱུང་ཞིང་གཟུགས་སྐུ་རྣམ་པ་གཉིས་ཀྱི་ལོ་འདབ་ཀྱང་མེད་དོ། །དེ་ལྟ་བུའི་དོན་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་མཐའི་རྣམ་པར་རྟོག་པ་དེར་ལྷུང་བ་ཡིན་པས་དེས་ནི་ཆོས་ཀྱི་སྐུ་མི་ཐོབ་ལ་གཟུགས་སྐུ་རྣམ་པ་གཉིས་ཀྱི་ཡན་ལག་ཀྱང་ཆག་པར་ [263b.4]འགྱུར་རོ། །འདི་དག་ནི་ཤུགས་ཀྱིས་འབྱུང་བ་ཡིན་ཏེ་ས་བོན་ཆོས་ཀྱི་སྐུ་གཉུག་མའི་ངོ་བོ་ཉིད་ཀྱི་ས་བོན་གཅིག་ཉམས་སུ་མྱོང་བ་ལ་སྟོང་པ་དང་སྙིང་རྗེ་གཉིས་པོའི་རྣམ་པ་ལྟ་བུར་གནས་ལ། དེའི་དོན་ལ་གཟུགས་སྐུ་གཉིས་འབྱུང་བའོ། །དེ་དག་ཐམས་ཅད་ཀྱང་བདེ་ [263b.5]བ་ཆེན་པོའི་རང་བཞིན་གྱི་རྒྱུ་མཚན་ཡིན་པས་འབྲས་བུ་ཆོས་ཀྱི་སྐུ་གཅིག་ཏུ་འབྱུང་ངོ་། །དེ་ཡང་མ་འོངས་པའི་དུས་སུ་འཐོབ་པ་ལྟ་བུ་ནི་མ་ཡིན་ནོ། །འདི་ཉིད་ཀྱི་རྣམ་པ་ལ་བདེ་བ་དང་སྟོང་པ་དབྱེར་མེད་པའི་དོན་རྣལ་མ་མཆོག་ཏུ་གྱུར་པ་ཟག་པ་མེད་པའི་བདེ་བས་གང་བ་ [263b.6]རྡོ་རྗེ་སེམས་དཔའ་ཆེན་པོ་དེ་དག་རྟོགས་པས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་རྣམས་ལས་གྲོལ་ཏེ་མི་གནས་སོ། །ད་ནི་ཆ་དང་མཐུན་པའི་དོན་བསྟན་པར་བྱ་སྟེ། གང་ཞིག་འདོད་པ་ཅན་ནི་འོང་བའི་ཚེ། །དེ་ནི་གལ་ཏེ་འགྲོ་ན་རེ་བ་མེད། །ཟ་ཕྱིར་ཕོར་བས་གདུངས་ [263b.7]པའི་སྐྱེས་བུ་ཞིག །ཁམ་ཕོར་དུམ་བུས་སློང་པར་འདོད་པ་ལ། །ཕྱི་སྒོར་བོར་བའི་ཁམ་ཕོར་བླངས་ནས་སུ། །གཞན་ལ་སྟེར་བའི་དོན་ནི་མི་བྱེད་པ། །འདོད་པ་པོ་ལ་དེ་དག་མི་སྟེར་བ། །འདིས་ནི་འཁོར་བའི་འབྲས་བུ་གང་ཡིན་པ། །ངེས་པར་བསྐྱེད་པས་རྣལ་འབྱོར་དམན་པའི་ལམ། ། [264a] [264a.1]དེ་དག་བཟློག་སྟེ་རང་བཞིན་ལམ་ཁྱེར་ན། །དེ་བས་རྣམ་རྟོག་བོར་བྱས་ན་འང་རུང་། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་དག་གིས་སྣང་བ་སེམས་ལ་མ་ཐིམ་ཞིང་ཐ་མི་དད་མ་གྲུབ་ཀྱི་བར་དུ་རྣམ་པར་སྨིན་པ་ལ་མཛེས་པར་བྱ་སྟེ། གང་ཞིག་ཅེས་བྱ་བ་ནི་ [264a.2]རིགས་ཀྱི་བུ་སྐལ་པ་དང་ལྡན་པ་གང་ཞིག་གོ། །དེ་དག་གཉིས་སུ་མེད་པའི་དོན་ཁྱད་པར་ཅན་འདོད་པ་བློ་བཟང་པོ་ཅན་དག་འོངས་པའི་ཚེ་རྣལ་འབྱོར་པ་དག་དེ་ནི་གལ་ཏེ་ཕན་མི་འདོགས་ཤིང་འགྲོ་ན་ཕ་རོལ་གྱི་སེམས་བསད་པ་ཡིན་ཏེ་རྫོགས་སངས་རྒྱས་ཀྱི་རེ་བ་མེད་དོ། ། [264a.3]དེ་བས་ན་གཞན་མི་དགའ་བར་འགྱུར་བའི་སྦྱོར་བ་ཕྲ་མོ་ཙམ་ཡང་མི་བྱ་སྟེ། ཐ་ན་ཟ་འདོད་པའི་ཕྱིར་ཕོར་བས་གདུངས་པའི་གདོལ་པ་ཞིག་གིས་སྐྱེས་བུ་ཞིག་ལ་ཁམ་ཕོར་གྱི་དུམ་བུའམ་ཁམ་ཕོར་ཉིད་སློང་བར་འདོད་པ་ལ་ཁམ་ཕོར་ཇི་བཞིན་པ་ཉིད་དམ་ཕྱི་རོལ་གྱི་སྒོ་རྩར་ [264a.4]བོར་བའི་ཁམ་ཕོར་གྱི་དུམ་བུ་བླངས་ནས་གཞན་ལ་སྟེར་བའི་དོན་མི་བྱེད་དམ། འདོད་པ་པོ་དེ་དག་ལ་མི་སྙན་པར་བརྗོད་ཅིང་མི་སྟེར་བ་འདི་དག་ནི་འཁོར་བའི་རྣམ་པར་སྨིན་པའི་འབྲས་བུ་གང་ཡིན་པ་དེ་ངེས་པར་སྐྱེད་པར་བྱེད་པས་རྣལ་འབྱོར་པའི་བློ་དམན་པ་ཡིན་ཞིང་ལམ་ལོག་པར་རིག་ [264a.5]པར་བྱའོ། །དེ་དག་ལས་བཟློག་སྟེ་རང་བཞིན་ལམ་དུ་ཁྱེར་ནས་དུས་ཐམས་ཅད་དུ་སྤྱོད་ལམ་རྣམ་པ་བཞི་ལ་ཁྱད་མེད་པར་འཇུག་པ་ན་མཚན་མའི་རྣམ་པར་རྟོག་པ་བོར་བར་བྱས་ནའང་རུང་སྟེ། རྣམ་པར་སྨིན་པ་ཕྲ་མོ་དག་གིས་ལྡང་བར་མི་ནུས་སོ། །ད་ནི་དོན་གྱི་གླུ་ [264a.6]བདུན་པ་བསྟན་པར་བྱ་སྟེ། ཨེ་མ་ཧོ། །ཌཱ་ཀཱི། གུ་ཧྱ་ཀཾ། ཨེ་ཡི་དྷརྨ་དྷཱ་ཏུ། ཨོ་ཡི་ན། ཨ་ཡི་ཀོ་དྷི་ཀ་པ་ས་རི། ཁྲེ་རན་ཨ་པ་ཀོ་ཡི་ཡ། ཛ་ཧ་པ་ཀ། སི་རན་ཏྲན་ཏྲ། ཨའི་ཀའི་ར་པོ་ལི་ས། གུ་ཧྱ་ཏན་ཏྲ་ཁེ་མ་ལ་ཀང་། རིས་ནཾ། སུ་ཞེས་བྱ་སྟེ་འདི་དག་ནི་རྗེ་བཙུན་པ་ [264a.7]དག་གིས་རྟོག་པ་བརྗོད་པ་སྟེ་དེ་དག་གི་དོན་ནི། ཨེ་མ་ཧོ་མཁའ་འགྲོ་གསང་བའི་སྐད། ཨེ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །མ་ནི་དེ་ཉིད་ཀྱིས་བསྐྱེད་དོ། །དཔེར་གཞག་པ་ཡི་ནམ་མཁའ་སྟེ། །འགྲོ་བ་ཚོགས་བསགས་རྒྱུད་ལ་དེས། །མ་ནི་ནོར་འཛིན་དེ་ལས་སྐྱེ། ། [264b] [264b.1]གསང་བ་རྒྱུད་ལས་རག་ལས་གསལ། །སྐད་ནི་མཚོན་པ་ཙམ་དུ་ཟད། །ཅེས་བྱ་བའི་དོན་ནི་ཨ་ཨི་ཧོ་ཞེས་བྱ་སྟེ་དེ་དག་གསལ་བར་བྱ་བ་ནི། ཆོས་ཀྱི་དབྱིངས་ནི་རྣམ་པ་གསུམ། །བདེ་དང་གསལ་དང་མི་རྟོག་པའོ། །སྐྱེད་པའི་མ་ནི་དེ་བཞིན་ཏེ། །མ་བཅོས་རྣལ་མ་དྲན་པའོ། ། [264b.2]མཚོན་པའི་དཔེ་ནི་ནམ་མཁའ་སྟེ། །སྨྲར་མེད་མཉམ་དང་མ་ཤེས་སོ། །ཚོགས་བསགས་གང་ཟག་རྟེན་ཡིན་ཏེ། །སྦྱངས་དང་ཚོགས་མེད་བླ་མ་བསྟེན། །ཤུགས་ཀྱིས་མ་ནི་ཉམས་མྱོང་སྟེ། །ཐ་མལ་གོམས་དང་རྒྱུན་དུའོ། །གསང་བའི་དོན་ནི་བརྒྱད་པ་སྟེ། །བྱིན་བརླབ་ [264b.3]ཉམས་མྱོང་དེ་ལྡན་པའོ། །ཐམས་ཅད་བརྡ་ཡི་རྣམ་པ་སྟེ། །ང་ཡིས་སྨྲ་བར་མི་ནུས་པའོ། །ཞེས་བྱ་བ་ནི་བསྡུས་པའི་དོན་ནོ། །ད་ནི་དགེ་བའི་རྩ་བ་བསྔོ་བར་བྱ་སྟེ། །གཉིས་སུ་མེད་པ་རྡོ་རྗེའི་གླུ། །དེ་ཉིད་ཡེ་ཤེས་མཚོན་བྱེད་པའི། །དོན་དམ་གཉིས་མེད་ཡི་གེ་ཡིས། །འགྲོ་ [264b.4]རྣམས་རང་ལ་གླུར་ལེན་ཤོག། །ཅེས་བྱ་བའི་དོན་ནི་སྣང་བ་དང་སེམས་གཉིས་སུ་མེད་པ་བདེ་བ་ཆེན་པོ་རྡོ་རྗེའི་གླུ་འདི་དག་གིས་སེམས་ཅན་གྱི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡོད་པ་དེ་དག་མཚོན་པར་བྱེད་པ་སྟེ། འདི་དག་ནི་དོན་དམ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཏེ། དེ་ [264b.5]ཡིས་སྐལ་བ་དང་ལྡན་པའི་འགྲོ་བ་རྣམས་རང་ལ་གླུར་ལེན་ཅིང་རྟོག་པར་ཤོག་ཅིག་པའི་དོན་ཏོ། །ད་ནི་རྗེ་བཙུན་པ་དཔལ་གྱི་རི་བོ་པའི་དགོངས་པ་བདག་གིས་རྣམ་པར་ཕྱེ་ཞིང་གསལ་བར་བྱ་བའི་དོན་བསྔོ་བར་བྱ་སྟེ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ [264b.6]ལྷན་ཅིག་སྐྱེས་པ་སྐུ་ཡི་འོད། །སྣང་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་པ་སྟེ། །དེ་ཉིད་ཆོས་སྐུའི་དགོངས་པ་ཆོས་སྐུ་ཉིད། །བདག་ཉིད་ཉམས་སུ་མྱོང་མཐུ་ལས་བྱུང་བ་ཡི། །རྟོགས་པས་རྗེ་བཙུན་དགོངས་པ་གསལ་བར་བྱས། །དྲི་ལྡན་མགོན་པོ་ཁྱོད་ལ་ཕྱག་འཚལ་ཏེ། །དྲིན་ [264b.7]མཆོག་བླན་ཕྱིར་འདི་བྱས་དགྱེས་པར་མཛོད། །འདི་ལས་བྱུང་བའི་བསོད་ནམས་ཚོགས་དག་གིས། །སེམས་ཅན་ཐམས་ཅད་བདེ་བ་ཆེ་རྟོགས་ཤོག །རྣམ་གསུམ་སློབ་མ་དག་པའི་ཕྱིར། །དེ་ཉིད་གསལ་བར་བྱེད་པའི་དོན། །གཉིས་མེད་རྟོགས་པ་མཻ་ཏྲིས་བཤད། །འདི་ [265a] [265a.1]ལ་གཞོལ་བ་དོན་ལྡན་ཤོག །མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་པའི་དགོངས་པ་མཁས་པར་གྲགས་པ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །། [265a.2]རྣལ་འབྱོར་པ་བསོད་སྙོམས་པ་བྲཛྙཱ་ཤྲཱི་ཛྙཱ་ནི་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། {T2258}༄༅༅། །རྒྱ་གར་སྐད་དུ། དོ་ཧ་གོ་ཥ་པཉྩི་ཀཱ་ནཱ་མ། བོད་སྐད་དུ། དོ་ཧ་མཛོད་ཀྱི་དཀའ་འགྲེལ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། [265a.3]སྟོང་པ་སྙིང་རྗེ་རོ་མཉམ་པ། །ལྷན་ཅིག་སྐྱེས་པ་དེ་ལ་འདུད། །གང་ཞིག་ཞལ་གྱི་བདུད་རྩི་ཡིས། །འགྲོ་བའི་འཆི་བདག་འཇོམས་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །དོ་ཧ་མཛོད་ཀྱི་དཀའ་འགྲེལ་ནི། །རྨོངས་པའི་བློ་གྲོས་སད་བྱེད་པ། །འགྲོ་ལ་ཕན་ཕྱིར་བྲི་བར་ [265a.4]བྱ། །སྔགས་ཀྱི་ཐེག་པ་འདིར་རྫོགས་པའི་བྱང་ཆུབ་ནི་བླ་མ་ལ་རག་ལས་པ་ཡིན་ནོ་ཞེས་གསུངས་པས་དང་པོར་བླ་མ་བརྟག་པར་བྱའོ། །དེ་ལ་བླ་མ་དམ་པ་མ་ཡིན་པ་བསྟེན་པ་ནི་བདག་ཉིད་ཉམས་པར་བྱེད་པས་དེའི་སྐྱོན་བསྟན་པ་ནི། དུག་སྦྲུལ་ཞེས་བྱ་བ་ལ་སོགས་ [265a.5]པས་བསྟན་ཏེ། དཔེར་ན་སོ་གའི་ཚད་པས་ཉེན་པས་དུག་སྤྲུལ་ལ་གྲིབ་མར་འཁྲུལ་ཏེ་དྲུང་དུ་ཕྱིན་ན་བདག་ཉིད་གསོད་པར་བྱེད་པ་བཞིན་དུ། །བླ་མ་ངན་པ་རྣམས་ལ་བླ་མར་འདུ་ཤེས་ནས་སྔུག་བསྔལ་གྱིས་ཉེན་ནས་དེའི་དྲུང་དུ་ཕྱིན་ན། དེ་བསྟེན་པས་དེའི་སྐྱོན་ལྟ་བ་ [265a.6]ངན་པ་དང་། སྤྱོད་པ་ངན་པ་འགོ་བས། །དེ་དག་སྦྲུལ་བཞིན་དུ་བལྟས་ཏེ་སྤང་བར་བྱའོ། །སྦྲུལ་ལྟ་བུའི་བླ་མ་དེ་གང་ཡིན་སྙམ་པ་ལ། །དེ་ཉིད་མི་ཤེས་བྲམ་ཟེ་ཞེས་པ་ནས། །བརྫུན་པ་ཉིད་དུ་གོལ་ཞེས་པའི་བར་གྱིས་བྲམ་ཟེ་བ་བསྟན་ཏེ། གྱི་ན་རིག་བྱེད་ཅེས་པ་ནས། ། [265a.7]མེ་ལ་སྲེག་གི་བར་ནི་ཁྱིམ་ན་གནས་པའོ། །དབྱུ་གུ་ནས་ཚིག་གཞན་གྱིས་ནི་དཀའ་ཐུབ་ལ་གནས་པ་བསྟན་ཏེ། དབྱུ་གུ་ནི་བརྟུལ་ཞུགས་འདུལ་བ་དང་པོས་བསྟན་པ་འང་དེ་ཉིད་དོ། །ཨེ་རའི་ཐལ་བ་ནས་གཞན་ལ་སྟོན་གྱི་བར་གྱིས་ནི་དབང་ཕྱུག་པ་བསྟན་ཏེ་གོ་སླའོ། ། [265b] [265b.1]སེན་མོ་རིང་ཞིང་ནས་ཐར་པ་ནམ་ཡང་ཡོད་མ་ཡིན་ཟེར་བའི་བར་གྱིས་མཆོད་འོས་པ་བསྟན་ཏེ་གོ་སླའོ། །ལུས་ཀྱི་དཀའ་ཐུབ་འབའ་ཞིག་ཙམ་ནས་སངས་རྒྱས་ཀྱི་ཚུལ་འཛིན་གྱི་བར་གྱི་ནི། ཐེག་པ་ཆུང་ངུ་ལ་ཞུགས་པའོ། །ཐེག་པ་ཆེན་པོ་དེ་ལ་རྒྱུ་བྱེད་ཅེས་ནས། ། [265b.2]ཚད་མའི་བསྟན་བཅོས་ཡིན་གྱིས་ནི་རྒྱུའི་ཐེག་པ་ལ་ཞུགས་པར་བསྟན་ཏོ། །ཁ་ཅིག་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ་ནི་འབྲས་བུའི་ཐེག་པ་ལ་ཞུགས་པ་རྟོག་པའི་རྣལ་འབྱོར་ལ་གནས་པ་བསྟན་ཏོ། །ནམ་མཁའི་ཁམས་ལ་རྟོགས་པར་སྣང་བ་ནི་ཕྱི་རོལ་པ་ [265b.3]དང་ཡང་དག་ཐུན་མོང་བ་སྟེ། ནམ་མཁའ་ལ་ལྟ་བ་དང་། དུས་ལ་ལྟ་བ་དང་། ཕྱོགས་ལ་ལྟ་བའོ། །དེ་ལ་དང་པོ་ནི་ནམ་མཁའི་སྤྲིན་མེད་པ་ལ་གློ་བུར་དུ་བྱུང་བས་དེ་མི་རྟག་པར་ལྟ་བ་དང་། དུས་ཀྱི་འགྱུར་བས་མི་རྟག་པར་ལྟ་བ་དང་། ཕྱོགས་ནི་ཉི་མ་ཤར་ནུབ་ཀྱིས་མི་རྟག་ [265b.4]པར་ལྟ་བའོ། །བཞི་བའི་དོན་འཆད་པ་ནི་བཞི་པ་གསུམ་པའི་དོན་དུ་གོ་ནས་སངས་རྒྱས་པའི་བདེ་བ་ལ་བརྟེན་པའོ། །དེ་དག་ལས་ཁ་ཅིག་ནི་དེ་ཁོ་ན་ཉིད་དང་བྲལ་པའོ། །ཁ་ཅིག་དེ་ཉིད་མ་ནོར་བ་དང་བྲལ་བའོ། །དེ་ལྟར་བླ་མ་དམ་པ་མ་ཡིན་པ་དེ་དག་ཤེས་ནས་སྤངས་ [265b.5]ལ། །དེ་དག་ལས་བཟློག་པའི་བླ་མའི་དེ་ཁོ་ན་ཉིད་མ་ནོར་བ་ལ་ཞུགས་ཤིང་དེ་སྟོན་པར་ནུས་པ་རྣམས་བསྟེན་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་དོན་བཙལ་བར་བྱའོ། །དེ་ལ་དང་པོར་དེ་ཁོ་ན་ཉིད་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་དེའི་མི་མཐུན་པ་དམིགས་པ་དང་བཅས་ [265b.6]པའི་བསམ་གཏན་ཀུན་ཤེས་ནས་སྤང་བར་བྱ་བ་ནི། གང་ཞིག་གང་ལ་ཞེས་པ་ལ་སོགས་པས་སྟོན་ཏོ། །དེ་ལ་གང་ཞིག་ནི་གང་ཟག་གོ། །གང་ལ་ནི་ཡི་དམ་གྱི་ལྷ་ལྟ་བུ་དེ་ལའོ། །མོས་པར་གྱུར་པ་ནི་དེས་བདག་གྲོལ་བར་བྱེད་དོ་ཞེས་ལྷག་པར་དད་པའོ། ། [265b.7]བསམ་གཏན་གནས་པ་ནི་དེ་ལ་བསྐྱེད་རིམ་གྱི་སྒོ་ནས་བསྒོམ་པའོ། །ཐར་པ་མི་ཐོབ་པ་ནི། སངས་རྒྱས་ཉིད་དུ་མི་འགྱུར་བ་སྟེ། དཔལ་དགྱེས་པའི་རྡོ་རྗེ་ལས། ལྷ་མེད་སྔགས་ཀྱི་ཡོད་མ་ཡིན། །ཞེས་གསུངས་པ་དང་། མཚན་ཡང་དག་པར་བརྗོད་པ་ལས། ། [266a] [266a.1]བདག་གིར་མི་འཛིན་ངར་མི་འཛིན། །ཞེས་གསུངས་པས་སོ། །མར་མེ་ཅི་དགོས་ལྷ་བཤོས་དེ་ལ་དགོས། །དེ་ལ་ཅི་བྱ་གསང་སྔགས་བརྟེན་པ་དེ་ཅི་དགོས། །ཞེས་པ་ནི་མཆོད་པ་དང་བཟླས་པས་མཉེས་པས་མི་གྲོལ་བའོ། །འབབ་སྟེགས་ནས་ [266a.2]ཐོབ་བམ་ཅིའི་བར་གྱིས་ལྷ་རྟེན་ལྟ་བས་མི་གྲོལ་བ་སྟེ། འོ་ན་དེ་ཁོ་ན་ཉིད་ཇི་ལྟ་བུ་ཡིན་སྙམ་པ་ལ། སྙིང་རྗེ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་དོན་ནི་འདི་ཡིན་ཏེ། སྟོང་པ་དང་སྙིང་རྗེ་རོ་མཉམ་པའོ། །དེ་ལ་སྟོང་པ་གང་ཞེ་ན། སྒྱུ་མའི་རྣམ་པར་སྣང་བ་ [266a.3]སྟེ་དངོས་པོས་སྟོང་པའོ། །དེ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པའོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་གསུངས་པ་དང་། འདི་ཉིད་ [266a.4]ལས། སྒྱུ་མའི་རྣལ་འབྱོར་པ་ནི་མཆོག་ཏུ་རྟོགས། །ཞེས་གསུངས་པས་སོ། །དེ་ནི་མངོན་སུམ་དུ་མཐོང་བ་ཡིན་གྱིས་ཆད་པའི་སྟོང་པ་འམ་རྟག་པའི་སྟོང་པ་ལྟ་བུས་མངོན་དུ་མ་མཐོང་བ་ནི་མ་ཡིན་ཏེ། རྡོ་རྗེ་གུར་ལས། གལ་ཏེ་སྟོང་ཉིད་ཐབས་ཡིན་ནོ། །དེ་ཚེ་སངས་རྒྱས་མི་ [266a.5]འབྱུང་ངོ་། །རྒྱུ་ལ་འབྲས་བུ་གཞན་མིན་པས། །ཞེས་གསུངས་པས་སོ། །སྙིང་རྗེ་ནི་མི་འབྲལ་བ་སྟེ། ཟག་མེད་ཀྱི་བདེ་བའོ། །དེ་ནི་སྡུག་བསྔལ་དང་བྲལ་བ་ཙམ་ཡང་མ་ཡིན་གྱིས། མི་དམིགས་པའི་བདེ་བའོ། །དེ་ཡང་བདེ་མཆོག་ལས། ལྷ་དང་མི་ཡི་བདེ་བ་ཡིས། ། [266a.6]བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པ་དང་། འདི་ཉིད་ལས། གང་ཡང་བརྟེན་པར་ནུས་པ་ནས། །ཞེས་གསུངས་སོ། །སྙིང་རྗེ་དང་བྲལ་ནས་ཐོབ་པར་མི་འགྱུར་གྱིས་པར་གྱིས་ནི། ཁ་ཡར་བ་ལམ་མ་ཡིན་པ་དང་། གང་ཡང་གཉིས་པོ་ [266a.7]ལ་སོགས་པ་ནི་རོ་ཉམས་པ་ལམ་དུ་བསྟན་ཏེ། འབྲས་བུ་དང་མཐུན་པའི་ལམ་བསྒོམ་དགོས་པས་སོ། །དེ་ཉིད་མ་བཅོས་པའི་ལྷ་སྟེ། ཐམས་ཅད་དོན་གྱི་སྙིང་པོར་སྟོན་པ་ནི་ཀྱེ་ལགས་གང་སྨྲས་ཞེས་པ་ལ་སོགས་པ་སྟེ། ཀྱེ་ལགས་ནི་བོད་པའོ། །གང་སྨྲས་ནི་ [266b] [266b.1]བླ་མ་དམ་པ་མ་ཡིན་པ་རྣམས་ཀྱི་གོང་དུ་སྟོན་པའོ། །བརྫུན་པ་ནི་དོན་མེད་དོ། །ལོག་པ་ནི་གཉུག་མ་མི་མཚོན་པའོ། །གང་ལ་ཞེན་པ་ཡོད་པ་དེ་ཡང་ཐོང་། །ཞེས་པ་ནི་ཡི་དམ་གྱི་ལྷ་ཡིན་ཞེས་འཛིན་པ་དེ་ཐོང་ཞེས་པའོ། །རྟོག་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །ཞེས་པ་ནི་ [266b.2]ལྷན་ཅིག་སྐྱེས་པ་དེ་རྟོགས་ནས་བརྟན་གཡོ་ཐམས་ཅད་དེ་ཡིན་ཏེ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་འབའ་ཞིག་ཡིན་པའོ། །དེ་ལས་གཞན་གྱིས་སུས་ཀྱང་ཤེས་མི་འགྱུར། །ཞེས་པ་ནི་ལྷན་ཅིག་སྐྱེས་པ་ལས་གཞན་ལོག་ནས་ལྷ་གང་གིས་ཀྱང་མི་ཤེས་པའོ། །འོ་ [266b.3]ན་གཞན་ཐམས་ཅད་སྤང་ངམ་སྙམ་པ་ལ། ཀློག་པ་ཞེས་པ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་སྐྱེས་པ་དེ་ཡེ་ནས་ཀུན་ལ་གནས་པས་རྟོགས་ན་ཐམས་ཅད་དེ་རང་ལས་མ་འདས་པའོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་དེ་ཐབས་གང་གིས་རྟོགས་པར་བྱ་སྙམ་པ་ལ། དེ་མི་མཚོན་ [266b.4]པའི་ལྟ་བ་ཡོད་མིན་ཏེ། ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ནི་ལྷན་ཅིག་སྐྱེས་སོ། །མི་མཚོན་པ་ནི་མི་མཚོན་པའི་ལྟ་བ་གྲུབ་མཐའ་གང་ཡང་མེད་དེ། ཀུན་ནས་སྟོན་ཀྱང་བླ་མས་མཚོན་ན་མི་རྟོག་སྟེ། དེ་དག་ནི་མཐའ་དྲུག་གིས་རྒྱས་བཏབ་པས་སོ། །བླ་མའི་མན་ངག་གིས་ཇི་ [266b.5]ལྟར་མཚོན་ན། ལག་གི་ནོར་འདྲ་བར་མངོན་སུམ་དུ་གསལ་པོར་མཐོང་སྟེ། བླ་མ་ཡིས་ནི་མན་ངག་གང་གིས་དེ་མངོན་སུམ་དུ་འགྱུར་བའི་ཐབས་སྟོན་གྱི། དོན་དེ་དངོས་སུ་བརྗོད་ནུས་པ་ནི་མ་ཡིན་ཏེ། བརྗོད་དུ་མེད་དེ། གང་འདི་ལྟར་བཤད་དུ་ཡོད་ཅེས་པ་དང་། བླ་ [266b.6]མས་བསྟན་པ་མ་ཡིན་ཞིང་། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་དབང་བཞི་པ་ཁོ་ནས་རྟོགས་སོ། །མ་མཚོན་བར་མི་རྟོགས་པ་ནི་གཉུག་མའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། ལྷན་སྐྱེས་དེ་ཡེ་ནས་གནས་ཀྱང་རྟོག་པའི་བག་ཆགས་བཞི་པོས་ [266b.7]དཀྲུག་པའི་ཕྱིར་མི་རྟོགས་སོ། །དེ་རྟོགས་པའི་གང་ཟག་ནི་ཤེས་པ་ཅི་ལ་ཡང་མི་དམིགས་ཤིང་སྤྱོད་པ་གང་ཡང་བླང་དོར་མེད་དོ་ཞེས་བསྟན་པ་ནི་བསམ་གཏན་མེད་ཅིང་ཞེས་པ་ལ་སོགས་པས་སྟོན་ཏེ་གོ་སླའོ། །ལྷན་སྐྱེས་ཡེ་ཤེས་དེ་དབང་གསུམ་པའི་ཉམས་མྱོང་ [267a] [267a.1]གིས་མི་རྟོགས་སྙམ་པ་ལ་དེ་དག་དགག་པའི་ཕྱིར། གལ་ཏེ་མངོན་སུམ་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ། མངོན་སུམ་གྱུར་ན་བསམ་གཏན་ཅི། །ཞེས་པ་ནི་གསུམ་པའི་དུས་སུ་ལྷན་ཅིག་སྐྱེས་པ་དེ་མངོན་སུམ་དུ་མཐོང་ན་བསྒོམ་ཅི་ [267a.2]དགོས་ཞེས་པའོ། །གལ་ཏེ་ལྐོག་ཏུ་གྱུར་ན་མུན་པ་འཇལ། །ཞེས་པ་ནི། གལ་ཏེ་མ་མཐོང་ན་བསྒོམ་དུ་མེད་དེ་རྟོགས་པས་མོས་པར་ཟད་དེ། མུན་ཁུང་གི་གཟུགས་ལྟ་བ་བཞིན་ནོ། །ཡང་ན་གསུམ་པའི་བདེ་བ་དེ་ལྷན་སྐྱེས་དེ་རྣལ་མ་ཡིན་ཏེ། རྣལ་མ་དེ་ནི་དངོས་པོ་མ་ [267a.3]ཡིན་ཏེ། རྡུལ་ཕྲ་རབ་ལས་འདས་པ་དང་། དངོས་མེད་མིན་ཏེ་མིག་སྔར་སྣང་བས་སོ། །ཡང་ན་དངོས་དང་དངོས་མེད་མིན་ནི། །དངོས་པོ་ནི་བདེ་བའི་ཉམས་སོ། །དངོས་མེད་ནི་སྟོང་པའོ། །མིན་ནི་ཐ་དད་མིན་ཏེ་རོ་མཉམ་པའོ། །འདི་ནི་དེ་ལས་བཟློག་པ་སྟེ། །འདི་ནི་དངོས་ [267a.4]པོའི་རྟོག་པའོ། །དེ་ཡང་ཧེ་བཛྲ་ལས། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེས་ན་བདེ་བ་དེ་ཉིད་མིན། །ཞེས་པ་དང་ཀླུ་སྒྲུབ་ཀྱིས་བཅོས་མ་ལས་མ་བཅོས་པ་ཇི་ལྟར་འབྱུང་སྟེ། ཞེས་གསུངས་པའི་ཕྱིར་རོ། །ཡང་ན་གལ་ཏེ། མངོན་སུམ་གྱུར་ན་བསམ་གཏན་ཅི། །ཞེས་ [267a.5]པ་ལ་སོགས་པའི་དོན་ནི་མངོན་སུམ་གྱུར་ན་སྟེ། དངོས་པོ་ནི་བསྒོམ་མི་དགོས་ཏེ། མངོན་དུ་གྱུར་པས་སོ། །དངོས་མེད་ནི་བསྒོམ་དུ་མི་རུང་སྟེ་མ་མཐོང་པས་སོ། །དེ་ནི་ལྐོག་ཏུ་གྱུར་ན་མུན་པ་འཇལ་ཏེ། མུན་ཁུང་གི་གཟུགས་ལ་སེམས་པ་བཞིན་ནོ། །དེ་བས་ན་ལྷན་ [267a.6]ཅིག་སྐྱེས་པ་ཉིད་ནི། །དངོས་དང་དངོས་མེད་མིན་ཏེ། སྟོང་པ་དང་སྙིང་རྗེ་རོ་མཉམ་པའོ། །དེ་ལྟར་ལྷན་ཅིག་སྐྱེས་པ་དེ་སྤྱིར་བསྟན་ནས། ད་ནི་དེ་ཉིད་བྱེ་བྲག་ཏུ་ཕྱེ་སྟེ་བསྟན་པའི་ཕྱིར། གང་ཞིག་བླངས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གང་ཞིག་ནས་ [267a.7]ཇི་ལྟར་བྱ་བའི་བར་གྱིས་ནི་རྒྱུའི་ལྷན་སྐྱེས་ཏེ། གང་ཞིག་ནི་རྩ་བའི་འོད་གསལ་བ་མི་ཤིགས་པའི་ཐིག་ལེའོ། །བླངས་པ་ནི་དེ་ལ་བརྟེན་ནས་རྟོགས་པ་སྐྱེ་བའོ། །དེའི་དབང་གིས་སྐྱེ་ཞིང་འཆི་བར་བྱད་པས་སོ། །ཡང་ན་ཡེ་ཤེས་ཀྱི་རླུང་གིས་སེམས་ཅན་སྐྱེ་ཞིང་ [267b] [267b.1]དེས་སྲེག་ཟད་པར་བྱས་ནས་འཆི་བར་སྟེར་རོ། །དེ་ཉིད་བླངས་ནས་བདེ་ཆེན་མཆོག་གྲུབ་ཅེས་པ་ནི། རྩ་བའི་འོད་གསལ་དེ་མ་དག་ན་འཁོར་བར་སྐྱེས་ལ། དེ་དག་ནི་ཉི་མ་ལྟ་བུར་འཆར་ལ། དེ་ཤར་ན་དེ་ལ་ཟག་མེད་ཀྱི་བདེ་བ་འགྲུབ་པའོ། །གཞན་ནི་གོ་སླའོ། །ད་ནི་རྒྱུའི་ [267b.2]ལྷན་ཅིག་སྐྱེས་པ་དེ་རྟོགས་པར་བྱ་བའི་ཕྱིར། ལམ་གྱི་ལྷན་ཅིག་སྐྱེས་པ་སྟོན་པར་བཞེད་ནས། བསམ་གཏན་བྲལ་བ་ནི་བསམ་པའི་ཡུལ་ལས་འདས་པ་དང་། བརྗོད་དུ་མེད་པ་ནི་ཐ་སྙད་ལས་འདས་པའོ། །མ་བརྗོད་ན་རྟོགས་སམ་ཞེ་ན། མ་ཡིན་ཏེ། སྲིད་པའི་ཕྱག་ [267b.3]རྒྱ་སྟེ། རྟོག་པའི་རྒྱུ་རླུང་ལ་ཞུགས་པའི་དབང་གིས་ལྷན་ཅིག་སྐྱེས་པ་དེ་མི་རྟོགས་པས། བླ་མ་དམ་པའི་གདམས་ངག་ལ་ལྟོས་དགོས་སོ། །གདམས་ངག་ཀྱང་རྟོག་པས་བསྒོམ་པ་མ་ཡིན་པར་སྟོན་པ་ནི། རྒྱུད་མེད་སྔགས་མེད་ཅེས་བྱ་བ་ལ་སོགས་པའོ། ། [267b.4]གདམས་ངག་དེ་གང་ཡིན་ན། ཟ་ཞིང་ནི་བདེ་བའོ། །འཐུང་བ་ནི་ཤུ་ཀྲའོ། །གཉིས་སྤྲོད་ནི་སྟེང་འོག་གི་རླུང་འཐབ་པའི་དྲོད་ཀྱིས་སོ། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཞེས་པ་ནི། རྩ་དབུ་མའི་སྟེང་བྱང་ཆུབ་ཀྱི་སེམས་སྨད་ཁྲག་གིས་གང་བས་བྱང་ [267b.5]སེམས་ཕྱིར་ཤོར་བས་ལུས་ཤེད་ཉམས་པ་ལ་སོགས་པའོ། །དེ་ནས་བྱང་སེམས་ཁ་གྱེན་དུ་འདྲེན་པའོ། །ཤུ་ཀྲ་ལ་གྱེན་དུ་བལྟས་ཏེ་འཁོར་ལོ་དྲུག་རིམ་གྱིས་འགེངས་པའོ། །འཇིག་རྟེན་ཕ་རོལ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་བདེ་བའི་བསམ་གཏན་བསྟན་ [267b.6]ནས། སྟོང་པ་བསྟན་པའི་ཕྱིར། གང་དུ་རླུང་དང་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་མི་རྒྱུ་བ་ནི་དབུ་མར་རླུང་བཅིངས་པའོ། །དེ་ཡང་སེམས་མ་བཅིངས་ནི་མི་གྲུབ་པས་སེམས་བཅིངས་པ་ནི་མི་རྟོག་པ་ལ་བཞག་པའོ། །ཉི་ཟླ་ནི་གཡས་གཡོན་གཉིས་ཀྱི་རླུང་ [267b.7]ངོ་། །འཇུག་པ་མེད་འགྱུར་བ་ནི་དབུ་མར་ཞུགས་པའོ། །གཞན་ནི་གོ་སླའོ། །གཉིས་མེད་ཀྱི་བསམ་གཏན་ནི་གཉིས་སུ་མི་བྱ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ལ། གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །ཞེས་བྱ་བ་ནི་གཡས་གཡོན་གྱི་རླུང་ཨ་བ་དྷཱུ་ཏཱིའི་གཅིག་ [268a] [268a.1]ཏུ་བྱས་པའོ། །རིགས་ནི་ཁ་དོག་ལྔའི་རླུང་ཐ་དད་དུ་མི་བྱ་བར་ཡེ་ཤེས་ཀྱི་རླུང་ཁ་དོག་གཅིག་ཏུ་བྱས་པའོ། །ཡང་ན་རིགས་ལས་བྱེ་བྲག་ནི་ཐབས་ཀྱི་རིགས་དང་། ཤེས་རབ་ཀྱི་རིགས་ཐ་དད་དུ་མི་བྱ་བར་ཨེ་བཾ་རོ་མཉམ་དུ་བྱའོ། །ཁམས་ [268a.2]གསུམ་ནི་ལུས་ངག་ཡིད་གསུམ་མོ། །འདོད་ཆགས་ཆེན་པོ་ནི་བདེ་བ་ཆེན་པོར་རོ་མཉམ་པའོ། །བདེ་བ་ཆེན་པོ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེས་ནི་ཐོག་མ་སྟེ་དགའ་བ་དང་། །བར་མ་ནི་མཆོག་ཏུ་དགའ་བ་དང་། །ཐ་མ་དགའ་བྲལ་སྟེ་དེ་རྣམས་སྤངས་པའོ། ། [268a.3]སྲིད་མིན་ནི་དགའ་བ་དང་མཆོག་ཏུ་དགའ་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་ནི་དགའ་བྲལ་ལོ། །མ་ཡིན་ན་དེ་གཉིས་སྤངས་པའི་ལྷན་ཅིག་སྐྱེས་པའོ། །དེ་ནི་ཟག་བཅས་ཀྱི་བདེ་བའོ། །ཡང་ཟག་མེད་ཀྱི་བདེ་བའི་དབང་དུ་བྱས་ནས། ཐོག་མ་ནི་སྐྱེ་བ། [268a.4]བར་མ་ནི་གནས་པའོ། །ཐ་མ་ནི་འཇིག་པ་སྟེ། ཟག་མེད་ཀྱི་བདེ་བ་ནི་རྒྱུ་ལས་མ་སྐྱེས་པའོ། །སྲིད་མིན་ནི་མ་ཞུ་བ་དང་། དཔྲལ་བ་ན་གནས་པ་མ་ཡིན་པའོ། །མྱ་ངན་ལ་འདས་པ་མིན་ན་ནི། རྡོ་རྗེ་ནོར་བུ་ནས་མ་འཕོས་པའོ། །དེ་ལྟར་ཕབ་ལ་མ་ཕོ་བའོ། །གཞན་ [268a.5]ནི་གོ་སླའོ། །གཉིས་མེད་ཀྱི་དུས་དེར་གཟུང་འཛིན་གྱིས་འབྲེལ་པ་ཆད་པ་ནི། མདུན་ནི་ཞེས་པ་ལ་སོགས་པས་སྟོན་ཏེ། མདུན་ནི་རྟོག་པའོ། །རྒྱབ་ནི་ཡེ་ཤེས་སོ། །ཕྱོགས་བཅུ་ནི་ཕྱིའི་ཕྱོགས་སོ། །གང་གང་མཐོང་བ་དེ་དེ་ཉིད། །ཅེས་པ་ནི། ཅི་སྣང་བདེ་དེ་ཉིད་དེ་བདེ་ཆེན་ཉིད་དོ། །དེ་རིང་མགོན་པོ་ད་ [268a.6]ལྟར་འཁྲུལ་པ་ཆད། །ཅེས་པ་ལ། དེ་རིང་ནི་རྟོགས་པའི་དུས་སོ། །མགོན་པོ་ད་ལྟར་ནི་ནང་དུ་རྟོགས་པའི་ཉམས་བཞིན་ཕྱིར་གཟུང་བའི་འཁྲུལ་པ་ཆད་པའོ། །དེ་ཉིད་དུ་ཤེས་པའོ། །ད་ནི་སུ་ལའང་འདྲི་བར་མི་བྱའོ་ཞེས་བྱ་བ་ནི། །འཁྲུལ་པ་ཆད་པས་ན་བདེ་བའི་དོན་ [268a.7]གཞན་ལ་མི་འདྲི་བའོ། །དབང་པོ་གང་དུ་ལ་སོགས་པས་ནི་འཛིན་པའི་འབྲེལ་པ་ཆད་པ་སྟོན་ཏེ། དབང་པོ་ནི་འཛིན་པའི་རྟོག་པའོ། །གང་དུ་ནི་ལྷན་ཅིག་སྐྱེས་པ་གང་དུའོ། །ནུབ་པ་ནི་འབྲེལ་པ་ཆད་པའོ། །དེ་ཡང་ཇི་ལྟར་ཆད་ན། རང་གི་ངོ་བོ་ཉམས་པས་འགྱུར། ། [268b] [268b.1]ཞེས་པ་སྟེ། རང་གི་ངོ་བོ་གྲུབ་པ་མེད་པར་ཤེས་པའོ། །གཟུང་འཛིན་གྱི་འབྲེལ་པ་ཆད་པས་མཐོང་བ་དེའི་མིང་ཅི་ཡིན་ན། ལྷན་ཅིག་སྐྱེས་པའི་ལུས་ཏེ་སྐུའོ། །དེ་ནི་བླ་མའི་ཞལ་ལས་ཤེས་སོ། །བླ་མའི་ཞལ་ལས་ཐོབ་པ་དེའི་ཚེ་ཡིད་འཆིང་སྟེ། མི་རྟོགས་ [268b.2]པས་སོ། །རླུང་དེ་ངས་པ་དེ་དབུ་མར་ཐིམ་པའོ། །གར་ཤེས་པ་སྟེ་ཐབས་ཤེས་པའོ། །ལྷན་སྐྱེས་དེ་ལ་འཁྲུལ་པ་གསལ་བའི་ཕྱིར། ས་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་གསུམ་ནི་སྣང་བ་གསུམ་མོ། །འདི་ལ་ཞེས་པ་ནི་འདིར་ཞེས་པའོ། །ཡན་ [268b.3]ལག་ཐམས་ཅད་ནི་འཁོར་འདས་སོ། །གནས་ནི་གཞིའོ། །དེ་ལྟར་སྣང་བ་གསུམ་པོ་དེ་ནི་རྨོངས་པའི་རྒྱུ་ཡིན་པས་བཞག་ལ། སྣང་བ་གསུམ་དང་ལྡན་པའི་སེམས་ཀྱི་རྣམ་པ་འཁོར་བ་ཡིན་པས་སྤངས་པ་དང་། སངས་རྒྱས་ཀྱི་སྣང་བ་སྟོབས་ཡིན་ཏེ། །ད་ལྟར་མི་ཐོབ་པས་ [268b.4]དེ་གཉིས་དབང་པོའི་རིམ་པས་མཚམས་ཏེ་རྣལ་འབྱོར་པས་འོད་གསལ་བསྒོམས་ཞེས་པའོ། །མཚམས་ནི་བཞི་འོད་གསལ་གྱི་བདག་ཉིད་ཡོངས་སུ་ཤེས་པའོ། །འོད་གསལ་དེའི་གཏི་མུག་སྟེ། མི་ཤེས་པའི་མཚོ་ཆད་པར་བྱེད་པའོ། །གལ་ཏེ་འོད་གསལ་གང་ཡིན་ [268b.5]བ་དེ་ཤེས་ནའོ། །དེས་ནི་སེམས་ཅན་གྱིས་རིགས་པའི་ཤེས་པ་མྱོང་བ་ནི་རྟོགས་པ་ཡིན་པས་དེ་ལྷན་སྐྱེས་མ་ཡིན་པར་བསྟན་ཏོ། །འོ་ན་སྣང་བ་འདི་ཉིད་ལ་ལྷན་ཅིག་ཡིན་སྙམ་པ་ལ། ལན་དུ་ཀྱེ་ཧོ་ཞེས་པ་ལ་སོགས་པ་སྨོས་ཏེ། ཀྱེ་ཧོ་ནི་ཀྱེ་མ་དེ་ངོ་མཚར་བའོ། །འདི་ནི་རང་ [268b.6]གིས་རིག་པ་སྟེ། འདི་ལ་འཁྲུལ་པར་མ་བྱེད་ཅིག །ཅེས་པ་ནི་སྣང་བ་འདི་ཉིད་ནི་གང་གིས་གསུམ་ཞེས་པ་སྣང་བ་དང་། མཆེད་པ་དང་། ཉེ་བར་ཐོབ་པས་ཏེ། འཁོར་བ་རྒྱུད་མར་འགྲོ་བ་རྟོག་པའི་སྣང་བ་སྟེ། འདི་ལ་ལྷན་ཅིག་སྐྱེས་པ་ཡིན་ནོ་ཞེས་འཁྲུལ་ [268b.7]པར་མ་བྱེད་ཅིག་ཅེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དངོས་དང་། དངོས་མེད་ཀྱི་རྟོག་པ་གཉིས་ཀ་འཆིང་བ་ཉིད་དུ་བདེ་བར་གཤེགས་པས་གསུངས་པས་སོ། །དེ་ལྟ་བུ་ལམ་མནོར་བ་དེ་ལ་བློ་ཇི་ལྟར་གཞག་སྙམ་པ་ལ། གཉུག་མའི་ཡིད་ནི་ཞེས་ [269a] [269a.1]པ་ལ་སོགས་པ་སྨོས་ཏེ། གཉུག་མའི་ཡིད་ནི་ལྷན་སྐྱེས་སོ། །གཅིག་ཏུ་སྟོང་དང་ཞེས་པ་ནི། །བསྒོམ་བྱ་སྒོམ་བྱེད་གཉིས་སྤངས་ལ། །མི་དམིགས་པ་ལ་གཞག་པའོ། །དཔེ་ཇི་ལྟར་བཞག་ན་ཆུ་ལ་ཆུ་གཞག་བཞིན་དུ་སྟེ། ཆུ་རྒྱུ་འོད་གསལ་སྟོང་ [269a.2]པ་ལ། །ཆུ་བཞག་སྟེ་མི་རྟོག་པར་གཞག་པའོ། །བཅོས་མའི་རྣལ་འབྱོར་གྱིས་མི་གྲོལ་བར་བསྟན་པའི་ཕྱིར། བསམ་གཏན་བརྫུན་པ་ཞེས་པ་ལ་སོགས་པ་སྨོས་ཏེ། བསམ་གཏན་བརྫུན་པ་ནི་རྟོག་པའི་རྣལ་འབྱོར་རོ། །སྒྱུ་འཕྲུལ་དྲ་བ་ནི་ལས་ཀྱི་ཕྱག་རྒྱའོ། །ཇི་ [269a.3]ལྟར་པང་དུ་འཁྱུད་དེ་མ་འཁྱུད་པར་སྤོངས་ཞེས་པའི་དོན་ཏོ། །དེ་ཉིད་སྤངས་པའི་འཐད་པ་བསྟན་པའི་ཕྱིར། བླ་མ་དམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བླ་མ་དམ་པའི་བཀའ་ཡིས་བདེན་པར་ཡིད་ཆེས་པ། །དེ་ཡིས་ནི་ས་ར་ཧ་ཡིས་སོ། །བརྗོད་དུ་ཡོད་པ་མིན་ [269a.4]ཞེས་མདའ་བསྣུན་སྨྲ། །ཞེས་པ་ལ། སྒྲ་དང་ཡི་གེའི་ཡུལ་མ་ཡིན་པས་ན། །ཡུལ་ཇི་ལྟ་བུ་ལ་བཞག་སྙམ་པ་ལ། གདོད་ནས་དག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདོད་ནས་དག་པའི་ནམ་མཁའ་ནི་སྤྲིན་མེད་པའི་ནམ་མཁའོ། །བལྟས་ཤིང་བལྟས་ཤིང་མཐོང་ [269a.5]བ་དགག་པར་འགྱུར། །ཞེས་པ་ནི། ཁེངས་པའི་ལྟ་སྟངས་ཀྱིས་བལྟས་ན་མཐོང་བ་འགག་པ་ནི་གཟུང་འཛིན་གྱིས་འབྲེལ་པ་ཆད་པའོ། །དེ་ལྟ་བུ་ཡི་དུས་སུ་འགོག་བྱེད་ཅི། །ཞེས་པའི་རླུང་བཞི་རིམ་གྱིས་འགག་པའོ། །དེ་ཡང་དང་པོ་སངས་རྒྱས་ཀྱིས་རྒྱུད་ལས། །ནམ་ [269a.6]མཁའི་སྤྲིན་བྲལ་བ་ནི་ཁེངས་པའི་ལྟ་བས་བལྟ། །ཞེས་གསུངས་པས་སོ། །དེའི་དོན་ནི་འདི་ཡིན་ཏེ། ཉིན་པར་བླ་གབ་མེད་པར་འདུག་སྟེ། སྤྲིན་མེད་པའི་ནམ་མཁའ་ལ་ཁེངས་པའི་ལྟ་བས་བལྟ་ཞིང་། ཡིད་མི་རྟོག་པ་ལ་བཞག་ན་རླུང་རིམ་གྱིས་འགགས་ནས་རྟགས་འཆར་བའོ། ། [269a.7]འདི་ནི་གདམས་ངག་དམ་པ་སྟེ། གསལ་བར་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ལྟ་བུ་ལྷན་ཅིག་སྐྱེས་པ་དེ་རང་ལ་གནས་ན་མི་རྟོག་པའི་རྒྱུ་ཅི་ཡིན་སྙམ་པ་ལ། གཉུག་མའི་ཡིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉུག་མའི་ཡིད་ནི་ལྷན་སྐྱེས་མ་བཅོས་པའོ། ། [269b] [269b.1]ང་རྒྱལ་སྐྱོན་ནི་ང་དང་ངར་འཛིན་པའི་སྐྱོན་གྱིས་བསྒྲིབས་པའོ། །གཞན་གྱི་སྐྱོན་གྱིས་མི་རྟོགས་པར་སྟོན་ཏོ། །འཇིག་རྟེན་མ་ལུས་བསམ་གཏན་གྱིས་རྨོངས་ཏེ། །ཞེས་པ་ལ་རྟོག་པའི་རྣལ་འབྱོར་མཚན་བཅས་སྟོན་པའི་བླ་མའི་སྐྱོན་གྱིས་མི་རྟོག་པ་དང་། གཞན་ཡང་ [269b.2]སྟོང་པ་ཉིད་རྟོག་པར་སྟོན་པས་ཀྱང་མི་རྟོགས་ཏེ། ལྷན་སྐྱེས་དེ་སྐྱེ་འགགས་རྣམས་ཀྱིས་བརྟགས་ན་དེའི་རང་བཞིན་མི་ཤེས་སོ། །ལྷན་ཅིག་སྐྱེས་པ་དེ་རྟོགས་པ་ལས་ཅི་འབྱུང་སྙམ་པ་ལ་དེའི་ཕྱིར་དོན་གྱི་ལྷན་སྐྱེས་རྣམ་པར་དག་པའི་འབྲས་བུ་བསྟན་པར་བཞེད་ནས། རྩ་ [269b.3]བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྩ་བ་དང་བྲལ་བ་ནི། རྒྱུས་མ་སྐྱེས། རྐྱེན་གྱིས་མི་འགགས། ངོ་བོ་གང་ལ་ཡང་མི་རྟེན་པས་སོ། །དེ་ཉིད་མི་འགྱུར་བ་སྟེ་ལྷན་སྐྱེས་སོ། །གང་སེམས་དཔའ་ནི་ལྷན་སྐྱེས་གང་ཡིན་པ་དེ་བསྒོམས་ན། འཁོར་བའི་རང་བཞིན་ནི་ [269b.4]སེམས་ཉིད་ཀྱི་རྣམ་རྟོག་ཙམ་ཡིན་པས། སེམས་མཚོན་པའི་བླ་མའི་གདམས་ངག་དེས་ཆོག་པས་གཞན་གྱིས་ཅི་བྱ་ཞེས་པའོ། །ལྷན་སྐྱེས་དེ་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ན། བླ་མས་ཇི་ལྟར་མཚོན་སྙམ་པ་ལ་དེའི་ཕྱིར་རང་བཞིན་གཉུག་མ་བརྗོད་བྱ་མ་ཡིན་ [269b.5]ཏེ། སློབ་དཔོན་མན་ངག་མིག་གིས་མཐོང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་དོན་ནི་བརྗོད་བྱ་མ་ཡིན་དུ་ཟིན་ཀྱང་། ཐབས་བསྟན་པས་དང་པོ་དབང་པོའི་མངོན་སུམ་གྱིས་སྒྱུ་མ་ལྟ་བུའི་ལུས་མཐོང་བར་འགྱུར་ཏེ། དཔེར་ན་མུན་ཁུང་གི་རྫས་བརྗོད་ [269b.6]པས་མི་མཐོང་བའི་ཐབས་མར་མེ་སྟོན་པ་ལྟ་བུའོ། །དཔེས་ནི་འབྲས་བུའི་ལྷན་སྐྱེས་མངོན་སུམ་དུ་གྱུར་པར་བསྟན་ཏེ། དེ་ཉིད་ཉེས་པ་དང་བྲལ་བར་བསྟན་པའི་ཕྱིར། ཆོས་དང་ཆོས་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཆོས་ནི་དགེ་བའི་ཆོས་དང་། ཆོས་ [269b.7]མིན་ནི་མི་དགེ་བའོ། །མཉེས་པར་ནི་ཁྱད་པར་མེད་པའོ། །ཟོས་པ་ནི་རྟོག་པའོ། །དེ་ལྟར་དེ་ནི་ལས་རྒྱུ་འབྲས་དང་བྲལ་བའོ། །ཡང་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་འབྱུང་བར་བསྟན་པའི་ཕྱིར། གཉུག་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉུག་མའི་ཡིད་ནི་ [270a] [270a.1]ལྷན་སྐྱེས་སོ། །སྦྱངས་པ་ནི་རྟོག་པའི་རླུང་དག་པར་བྱས་པའོ། །བླ་མའི་ཡོན་ཏན་སྙིང་ལ་འཇུག་པ་ན། །གོང་མ་མཆོག་གི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་རང་ལ་འཆར་བའོ། །གླུ་ལེན་ནི་དགའ་ནས་སོ། །སྔགས་དང་རྒྱུད་ [270a.2]རྣམས་གཅིག་ཀྱང་མ་མཐོང་ངོ་། །ཞེས་པ་ནི་མ་མཐོང་མོད་དོན་རྟོགས་པས་ཆོག་ཅེས་པའོ། །དེ་ལྷན་ཅིག་སྐྱེས་པ་དེ་མདོར་བསྟན་ནས། དེ་ཉིད་རྒྱས་པར་བཤད་པའི་ཕྱིར། འགྲོ་བ་རྣམས་ལས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འགྲོ་རྣམས་ཐམས་ཅད་ [270a.3]ལས་ཀྱིས་སོ་སོར་བཅིངས་གྱུར་ཏེ། །ཞེས་པ་ལ་དགེ་མི་དགེའི་ལས་ནི་རང་གི་རྣམ་རྟོག་ཙམ་སྟེ། །དེས་ན་རང་གི་རྟོག་པས་སྤྲུལ་པ་ཡིན་གྱིས་ལས་རྒྱུར་སྨྲ་བ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་རྡོ་རྗེ་ཕྲེང་བ་ལས། །ཁམས་གསུམ་རླུང་གི་སྤྲུལ་པ་སྟེ། །རྨི་ལམ་རྨི་བ་བཞིན་ [270a.4]དུ་བལྟ། །ཞེས་གསུངས་སོ། །རྣམ་པར་རྟོག་པ་དེ་ཉིད་ནི་རྩ་བའི་འོད་གསལ་ཏེ། དེ་དག་ན་རྟོག་པ་ཀུན་འགག་སྟེ། དེ་དག་པའི་གནས་སྐབས་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་སྐད་དུ་ཡང་། འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་དེ་ལ་ [270a.5]བྱ། །ཞེས་གསུངས་སོ། །དེ་ལྟར་ན་སེམས་ཉིད་གཅིག་པོ་ཀུན་གྱི་ས་བོན་ཏེ་ཞེས་བསྟན་པའོ། །སེམས་ཉིད་གཅིག་པུ་དེ་ཉིད་དཔྱད་པར་བྱ་སྟེ། རང་རིག་རྟོག་མེད་ལ་བྱའམ་འོན་ཏེ་གཞན་ཅི་ཡིན་དང་པོ་ནི་མ་ཡིན་ཏེ། དེ་ནི་ལྟ་བའི་གནས་ལུགས་ཡིན་ཏེ། [270a.6]དེ་ནི་འཁོར་བའམ་མྱ་ངན་ལས་འདས་པ་གང་ཡང་མ་བྱས་པ་མ་ཡིན་ཏེ་བྱེད་པ་དང་བྲལ་བས་སོ། །གཞན་ནི་མ་ཡིན་ཏེ། སེམས་ལས་མ་གཏོགས་པའི་གཞན་མེད་དོ་སྙམ་ན་དེ་ནི་བདེན་ཏེ། དང་པོ་ལྟ་བའི་གནས་ལུགས་ནི། །ལམ་དུ་གྱུར་པ་མ་ཡིན་ཏེ། །རྒྱུད་དུ་ [270a.7]མ་ལས་བཀག་པས་སོ། །འོ་ན་གང་ལ་བྱ་ན་མི་ཤིགས་པ་ལ་སྟེ། དེ་ནི་རྩ་བའི་འོད་གསལ་ཞེས་བྱ། རྣམ་རྟོག་བྱང་ཆུབ་སེམས་ཞེས་བྱ། མ་དག་པའི་དུས་ན་མ་རིག་པ་ཞེས་པའོ། །དེ་ནི་རྒྱུད་རྣམས་སུ་ཨ་ཞེས་བྱ་བའི་བརྡས་བསྟན་ཏེ། མཚན་ཡང་དག་པར་ [270b] [270b.1]བརྗོད་པ་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཅེས་པས་སོ། །ཨ་ཞེས་པས་ཀྱང་སེམས་སྐྱེ་མེད་མཚོན་ནོ་སྙམ་ན། དེ་མ་ཡིན་ཏེ་རྡོ་རྗེ་སྙིང་པོ་རྒྱན་ [270b.2]གྱི་རྒྱུད་ལས། སྙིང་གའི་དབུས་ན་མི་ཤིགས་པ། །འབར་ཞིང་མར་མེ་དག་དང་མཚུངས། །ཨ་ནི་མི་འགྱུར་དམ་པའོ། །ཞེས་པ་དང་། ཧེ་བཛྲ་ལས། དེ་ལྟར་ཕྱག་རྒྱ་ཆེན་པོ་ནི། །དབྱངས་ཡིག་དང་པོའི་རང་བཞིན་ཏེ། །བློ་ཆེན་སངས་རྒྱས་རྣམས་ཀྱི་ [270b.3]རྟགས། །ཞེས་གསུངས་པས། སྐྱེ་མེད་ལ་ཨའི་བརྡ་བསྟན་པ་མ་ཡིན་ཏེ། སྐྱེ་མེད་ནི་ཐུན་མོང་དུ་གྲགས་པས། བརྡ་དོན་མེད་དུ་འགྱུར་རོ། །དེ་ལྟར་རྒྱུའི་ལྷན་ཅིག་སྐྱེས་པ་བསྟན་ནས། ད་ནི་དེ་མངོན་དུ་བྱ་བའི་ཕྱིར་ཐབས་ཀྱི་ལྷན་ཅིག་སྐྱེས་པ་སྟོན་ཏེ། སེམས་ [270b.4]བཅིངས་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནི་མི་ཤིགས་པའི་ཐིག་ལེའོ། །བཅིངས་པ་ནི་རྟོག་པའི་རླུང་རྒྱུ་བས་སོ། །འཆིང་འགྱུར་ནི་འཁོར་བར་འགྱུར་བའོ། །དེ་ཉིད་གྲོལ་ནས་མྱ་ངན་འདས་པར་འགྱུར་རོ། །འཆིང་བའི་རྒྱུ་གང་ཡིན་ཞེ་ན། བླུན་པོ་ [270b.5]གང་གིས་འཆིང་འགྱུར་བ། །མཁས་པ་དེ་ཡིས་མྱུར་དུ་གྲོལ། །ཞེས་གསུངས་སོ། །བླུན་པོ་ནི་མི་ཤེས་པའི་གྲོལ་བའོ། །གང་གིས་འཆིང་འགྱུར་ནི་རླུང་གིས་སོ། །ཐབས་ཤེས་པས་མཁས་པ་ནི། རླུང་དེ་ཉིད་ཀྱིས་མྱུར་དུ་སྟེ། ཚེ་འདི་ཉིད་ལ་སངས་རྒྱས་སྟེར་བའོ། །དེ་ཡང་ཧེ་བཛྲ་ [270b.6]ལས། གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་བ། །དེ་དང་དེ་ཡིས་མཁས་པ་ཡོངས་སུ་གྲོལ། །ཞེས་གསུངས་སོ། །འཆིང་བ་ལས་ཐར་པའི་ཐབས་དེ་གང་ཡིན་སྙམ་པ་ལ། སེམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ནི་ནམ་མཁའ་ལྟ་བུར་གཟུང་བྱ་སྟེ། ། [270b.7]ཞེས་པ་ནི། སེམས་རྟོག་མེད་དུ་གཞག་པའོ། །ཆོས་རྣམས་ཀུན་ཀྱང་ནམ་མཁར་མཉམ་པར་བལྟ། །ཞེས་པ་ནི། ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པས་ནམ་མཁའ་དང་མཉམ་པས་ཏེ། དེ་གདོད་མ་ནས་མ་གྲུབ་པའོ། །སེམས་ནི་ནམ་མཁའ་ལྟ་བུར་གཟུང་བྱ་སྟེ། ། [271a] [271a.1]རྟོག་མེད་དེ་ལས་ཅིར་འགྱུར་ན། །སེམས་དེ་བསམ་གྱིས་མི་ཁྱབ་པ་སྟེ། མི་རྟོག་པ་ལྷུན་གྲུབ་ཏུ་བཞག་ན། བླ་མེད་དེ་སྒྱུ་མའི་རང་བཞིན་དུ་རྟོག་པར་འགྱུར་བའོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། དངོས་པོ་མེད་པར་བསྒོམ་པ་མིན། །བསྒོམ་པར་བྱ་ [271a.2]བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པ་ཡིན། །ཞེས་པའོ། །ཧེ་བཛྲ་ལས་ཀྱང་། སྒོམ་པ་པོ་མེད་བསྒོམ་བྱ་མེད། །ཅེས་གསུངས་པ་དང་། འདི་ཉིད་ལས་བསམ་གཏན་དག་གིས་མ་བསླད། ཅེས་གསུངས་པས་སོ། །སེམས་ [271a.3]མི་རྟོག་པ་ལ་བཞག་ན་རླུང་གང་དུ་འཆིང་སྙམ་པ་ལ། ནམ་མཁའ་འདྲར་བྱས་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། མཁའ་འདྲར་བྱས་ནས་ནི་མི་རྟོག་པར་བྱས་ནས་སོ། །དེ་ཅིས་བྱས་ན་རླུང་ནི་རྣམ་པར་རྟོག་པས་བཅིངས་པས་སོ། །དེ་ལྟར་འཆིང་ནི་མཉམ་ཉིད་དེ། ། [271a.4]ཡུལ་དང་ཡུལ་ཅན་རོ་མཉམ་པའོ། །དེ་ཤེས་པས་ནི་རབ་ཏུ་ཐིམ། །ཞེས་པ་ནི། རླུང་གཅིག་ལ་གཅིག་ཐིམ་ནས་འོད་གསལ་དུ་འཇུག་པའོ། །མདའ་བསྣུན་གྱིས་སྨྲས་སོགས་ནི་ཕན་ཡོན་ཏེ་གོ་སླའོ། །རབ་ཏུ་ཐིམ་པའི་ཚུལ་གྱིས་དེ་ཉིད་སྨྲ། །བསྟན་པ་ནི། རླུང་དང་ཞེས་བྱ་བ་ལ་སོགས་པ་ [271a.5]སྨོས་ཏེ། རླུང་ནི་འོག་གི་དྲི་ཆུའི་རྩའོ། །མེ་ནི་སྟེང་གི་གཡས་པའོ། །དབང་ཆེན་ནི་འོག་གི་དབུས་མ་དྲི་ཆེན་གྱི་རྩ་ན་གནས་པའི་རླུང་ངོ་། །སྟེང་དུ་དྷཱུ་ཏཱིའོ། །བདུད་རྩི་རྒྱུ་བ་ནི་སྟེང་དུ་ཟླ་བའི་བདུད་རྩི་རྒྱུ་བའི་རླུང་འོག་ཏུ་གཡས་བྱང་ཆུབ་སེམས་ཀྱི་རྩའོ། །དུས་མི་འདའ་བའོ། །དེ་ [271a.6]ལྟ་བུའི་སེམས་དེ་འོད་གསལ་དུ་འཇུག་པའོ། །ཡང་ན་ས་ཆུ་ལ་ཐིམ། མེ་ལ་མེ། རླུང་ལ་རླུང་། སེམས་འོད་གསལ་དུ་འཇུག་གོ། །ཆུ་ནི་ཁ་བསྐང་སྟེ་བསྟན་པའོ། །བདུད་རྩི་རྒྱུ་བའི་དུས་སུ་ཞེས་པ་ནི། སྙོམས་འཇུག་གི་དུས་སུ་ཡང་སེམས་དེ་རྩ་དབུ་མར་གཞུག་གོ། ། [271a.7]ཡང་ན་དེ་ལྟར་རླུང་དབུ་མར་ཞུགས་ན། སྲོག་རྩོལ་གྱི་མེས་དཔྲལ་བའི་ཧཾ་བཞུ་ནས། བདུད་རྩི་བྱང་ཆུབ་ཀྱི་སེམས་འཛག་སྟེ། །དེ་ལས་བདེ་བ་སྐྱེའོ། །དེ་ལྟར་ཡང་གསུངས་པ། ས་ནི་ཆུ་ལ་ཐིམ་པ་སྟེ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ལ་ཐིམ་པ་སྟེ། །རླུང་ནི་རྣམ་པར་ [271b] [271b.1]ཤེས་ལ་འཇུག །རྣམ་ཤེས་དེ་ནི་འོད་གསལ་བའོ། །ཞེས་པའོ། །དེ་ལྟར་བཅིངས་པ་ལས་བདེ་བ་སྐྱེ་བར་བྱ་བ་བསྟན་པའི་ཕྱིར། ནམ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ནམ་ཞིག་ནི་གང་གི་ཚེའོ། །སྦྱོར་བ་བཞི་ནི་སྟེང་འོག་གི་རླུང་བཞིའོ། །ཡང་ན་འབྱུང་བ་བཞིའི་ [271b.2]རླུང་ངོ་། །གནས་གཅིག་ནི་ཨ་བ་དྷཱུ་ཏཱིར་ཞུགས་པའོ། །ཡང་ན་སྦྱོར་བ་བཞི་ནི་དགའ་བ་བཞིའོ། །གནས་གཅིག་ལ་ཞུགས་པ་ནི་ལྷན་ཅིག་སྐྱེས་པ་ལའོ། །ནམ་མཁའི་ཁམས་སུ་མི་ཤོང་བ་ནི། །བདེ་བ་དེས་ཆོས་ཐམས་ཅད་ལ་ཁྱབ་པར་ཤེས་པའོ། །དེ་རྟོགས་དཀའ་བར་ [271b.3]བསྟན་པའི་ཕྱིར། །ཁྱིམ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་ཀུན་བསམ་པས་སུན་འབྱིན་པ། །ཞེས་པ་ནི་རང་གི་རྣམ་རྟོག་གིས་བསྒྲིབས་ནས་སུན་འབྱིན་པས་དེ་མི་རྟོག་པའོ། །ཡང་ན་རང་གི་རྣམ་རྟོག་ངན་པས་གཞན་དམ་པའི་ལམ་སྟོན་པ་སུན་འབྱིན་ཅིང་འདུག་པས་སོ། ། [271b.4]གཞན་ནི་གོ་སླའོ། །དེས་ནི་རྟོགས་པར་དཀའ་ཡང་བསྒྲུབ་པར་ནུས་པ་མ་ཡིན་པར་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀུན་ལ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་རོ་མཉམ་རང་བཞིན་ནི་ལྷན་ཅིག་སྐྱེས་པ་ཡོད་པར་ཁྱད་པར་མེད་པའོ། །དེའི་མིང་ནི་ [271b.5]བསམ་ཡས་ཡེ་ཤེས་བླ་མེད་པའོ། །ཞེས་པའོ། །གཞན་ནི་གོ་སླའོ། །སྒྲུབ་པ་ལ་ཞུགས་པ་རྣམས་ཀྱང་ལེ་ལོའི་དབང་དུ་གྱུར་པས་མི་རྟོགས་པར་བསྟན་པའི་ཕྱིར། དེ་རིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལྟར་ན་དེ་ཉིད་རྟོག་པའི་གང་ཟག་དཀོན་པས། སྒྲུབ་ [271b.6]པ་ལ་འབད་པར་བྱོས་ཅིག་ཅེས་བསྟན་པའི་ཕྱིར། བྱ་བ་བྱེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལྟར་ན་རླུང་བཅིངས་པ་དེ་ཡང་སེམས་མ་བཅིངས་ན་མི་འགྲུབ་པས་སེམས་རྟོག་པས་བཅིངས་པར་བསྟན་པའི་ཕྱིར་འཇུག་བུས་བཅིངས་པའི་སེམས་འདི་ནི་ཞེས་བྱ་ [271b.7]བ་ལ་སོགས་པ་སྨོས་ཏེ། དེ་ལ་འཇུར་བུས་བཅིངས་པ་ནི་རྟོག་པས་སྒྲིབས་པའི་སེམས་དེའོ། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་བྱ་བ་ནི། མི་རྟོག་པ་ལ་བཞག་ན་རྟོག་པའི་བཅིངས་པ་ལས་གྲོལ་བར་གདོན་མི་ཟའོ། །རྟོག་པའི་རྩ་བ་གང་ཡིན་ཞེ་ན། གང་གིས་ [272a] [272a.1]རྨོངས་པ་ཞེས་སྨོས་ཏེ། གང་གིས་ནི་རླུང་གིས་སོ། །རྨོངས་པ་ནི་ཐབས་དང་བྲལ་བའོ། །འཆིང་བའི་དངོས་པོ་ནི་དེ་ལས་བྱུང་བའི་རྟོག་པའོ། །མཁས་པ་རྣམས་ནི་ཐབས་དང་ལྡན་པའོ། །དེ་ཡིས་ཞེས་པ་ནི་མི་རྟོག་པ་དེ་ཡིས་སྒོམ་པ་ཡིས་རྣམ་ [272a.2]པར་གྲོལ་བར་ནི་རྟོག་པའི་རྩ་བའི་རླུང་དབུས་སུ་འཇུག་པར་འགྱུར་རོ། །བཅིངས་པ་དང་གྲོལ་བ་དེ་དཔེ་ཡིས་གསལ་བར་བསྟན་པ་ནི། བཅིངས་པའི་རྣམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན། བཅིང་བ་རྣམས་གྲོལ་བར་རྩོལ་ལ། མ་བཅིངས་པ་རྣམས་གྲོལ་བར་མི་རྩོལ་ [272a.3]ལོ། །དེ་བཞིན་དུ་བཅིངས་པ་ནི་རྟོག་པས་བཟུང་ནའོ། །ཐོངས་པར་གྱུར་ན་ནི་མི་རྟོག་པ་ལ་བཞག་གོ། །གོ་བཟློག་པའི་ཆོས་ནི་བཅིངས་ན་གྲོལ་བ་ལ། ཐོངས་ན་སྡོད་དོ། །བདག་གིས་བཟློག་པའི་གདམས་ངག་རྟོག་པའོ། །རང་ལ་ཚོལ་ཏེ་ལྟོས་ཞེས་པ་ནི། སེམས་འཛིན་འདོད་ན་ཞེས་པའོ། །དེ་ [272a.4]ལྟར་བཅིངས་པ་དང་གྲོལ་བའི་རྒྱུ་བསྟན་ནས། ད་ནི་ཐབས་བསྟན་པར་བྱ་སྟེ། ཀྱེ་ལགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དབང་པོ་ལྟོས་ཤིག་ཅེས་པ་ནི་ཁེངས་པའི་ལྟ་བས་ནམ་མཁའ་སྤྲིན་མེད་པ་ལ་ལྟོས་ཤིག་པའོ། །འདི་ལ་ངས་ནི་མེ་རྟོག་ཞེས་པ་ནི། ། [272a.5]ཡིད་ཀྱིས་མི་རྟག་གོ་ཞེས་པའི་དོན་ཏོ། །ལས་ཟིན་པའི་སྐྱེ་བོ་ཡིས། །ཞེས་པ་ནི་རྟོག་པ་བཀག་པ་ཡིས་སོ། །དྲུང་དུ་ནི་ནམ་མཁའ་སྤྲིན་མེད་དུའོ། །སེམས་ཐག་བཅད་པ་ནི་རྟོག་པ་ཐག་བཅད་པའོ། །དེས་ནི་འདི་སྐད་སྟོན་པ་ཡིན་ཏེ། ཉིན་མོའི་སྦྱོར་བས་བླ་གང་ [272a.6]མེད་པའི་ནམ་མཁའ་དྲི་མ་མེད་པ་བལྟས་པས། མེ་འབར་བ་དང་། གློག་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་གྱི་རྣམ་པ་མཐོང་ལ། མཚན་མོའི་རྣལ་འབྱོར་གྱིས་མཚན་མ་ལྔ་འབྱུང་སྟེ། དུ་བ་དང་། སྨིག་རྒྱུ་དང་། མཁའ་སྣང་དང་། མར་མེ་དང་། ནམ་མཁའ་ལྟ་ [272a.7]བུའོ། །དེ་དག་ནི་རླུང་དབུ་མར་ཞུགས་པའི་རྟགས་ཡིན་ནོ། །དེ་ཡང་ཧེ་བཛྲ་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ཏུ་ཡོངས་སུ་རྟོག། །གལ་ཏེ་མཚན་མ་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་པ་དང་། དང་པོ་སངས་རྒྱས་ཀྱི་རྒྱུད་ [272b] [272b.1]ལས་ཀྱང་། སྤྲིན་མེད་ནམ་མཁའ་ལ་ནི་ཁེངས་པའི་ལྟ་བས་བལྟ། །ཞེས་པ་ལ་སོགས་པ་གསུངས་སོ། །འདི་ཉིད་ལས་འོག་ནས། མིག་ནི་མི་འཛུམས་སེམས་འགོག་ན། །རླུང་འགོག་པ་ནི་དཔལ་ལྡན་བླ་མའི་རྟོག །ཞེས་པ་དང་། གདོད་ནས་རང་བཞིན་དག་པའི་ནམ་ [272b.2]མཁའ་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཞེས་གསུངས་ཏེ། གསལ་པོར་བླ་མའི་ཞལ་ལས་ཤེས་པར་བྱའོ། །ད་ནི་ཐབས་དང་ཐབས་མ་ཡིན་པའི་ཁྱད་པར་བསྟན་པའི་ཕྱིར། རླུང་བཅིངས་པ་ལ་རང་ཉིད་ལ་སེམས་ཀྱེ། །ཞེས་པ་ལ་ [272b.3]སོགས་པ་གསུངས་ཏེ། དེ་ལ་རླུང་བཅིངས་པ་ནི་རླུང་གྲགས་པ་ལྟ་བུའོ། །མི་གང་ཞིག་གི་རྣལ་འབྱོར་ནི་དེས་དོན་མེད་པའོ། །སྣ་རྩེ་ནི་རྟོག་པའི་རྣལ་འབྱོར་སྟེང་འོག་གི་སྣ་རྩེར་སེམས་འཛིན་པའོ། །མ་འདུག་ཀྱེ་ཞེས་པ་ནི་མ་སྒོམས་ཤིག་ཅེས་པའོ། །འོ་ན་གང་ [272b.4]བསྒོམ་ན། ཨེ་མ་ཧོ་མ་ཡིན་ཞེས་པ་ནི། རྟོག་པའི་རྣལ་འབྱོར་ཐབས་མ་ཡིན་གྱིས་ཞོག་ལ། ལྷན་ཅིག་སྐྱེས་པ་མཆོག་མི་རྟོག་པ་ལ་གནས་པར་གྱིས་ཤིག་ཅེས་པའོ། །རྟོག་པའི་རྣལ་འབྱོར་དེ་ཐབས་མ་ཡིན་པར་བསྟན་པའི་ཕྱིར། སྲིད་པའི་སྣ་རྩེར་ཞེས་པ་ལ་སོགས་པ་ [272b.5]སྨོས་ཏེ། སྲིད་པའི་སྣ་རྩེར་བཅིངས་པ་ཡོངས་སུ་སྤང་། །ཞེས་པ་ནི། སྲིད་པའི་སྣ་རྩེར་གཏད་པ་བཅིང་བར་དེ་ཡོངས་སུ་སྤངས་ཞེས་པའོ། །སྤང་པ་དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཡོངས་སུ་འདུས་པ་ལས་རླུང་གིས་བརླབས་པས་གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་སྲུན་པར་འགྱུར་ [272b.6]པའི་ཕྱིར་རོ། །ལྷན་སྐྱེས་དེ་བསྒྲུབ་པ་ཅིའི་ཕྱིར་ཞེ་ན། ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་རྟོགས་པ་ལ་གནས་ན་བསྟན་པར་འགྱུར་བའི་ཕྱིར་རོ། །ཡིད་མི་གཡོ་བ་ལ་དགོས་པ་ཅི་ཡོད་སྙམ་པ་ལ། ཡིད་ནི་ཉེ་བར་འགགས་གྱུར་ན། །ལུས་ཀྱི་བཅིངས་པ་རྟོགས་པ་དང་། །སྡུག་བསྔལ་ཆད་པར་འགྱུར་བའོ། ། [272b.7]དེར་མ་ཟད་ཀྱི་བདེ་སྟོང་རོ་མཉམ་དུ་འགྱུར་བར་བསྟན་པ་ནི་དབུས་སུ་ལྷན་ཅིག་སྐྱེས་དང་རོ་མཉམ་པ་སྟེ། དབུས་ནི་མཐའ་དང་བྲལ་བ་སྟེ་སྟོང་པ་དང་། ལྷན་སྐྱེས་བདེ་བར་རོ་མཉམ་ན་གདོལ་པ་སྟེ། མ་རེག་པ་ན་སྟོང་པ་དང་། བྲམ་ཟེ་སྟེ་བདེ་བ་ཐ་དད་མེད་པའོ། །དེ་ལྟར་ [273a] [273a.1]སྲིད་པའི་སྣ་རྩེར་ཐབས་མ་ཡིན་ཞིང་། ལྷན་སྐྱེས་ཐབས་སུ་བསྟན་ནས། ལྷན་སྐྱེས་དེ་ནི་ཕྱི་རོལ་མི་གནས་ཤིང་རང་གི་ལུས་ལ་གནས་པར་བསྟན་པའི་ཕྱིར། འདི་ན་ཟླ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་དང་དྲན་པའི་མུན་གནས་པའི་མཚོ། །ཞེས་པ་ལ་ལུས་ནི་ [273a.2]ལུས་ལ་གནས་པའོ། །དྲན་པ་ནི་མན་ངག་ལ་གནས་པའོ། །མཚོ་ནི་བདེ་བ་མི་ཟད་པའོ། །གཞན་ནི་གོ་སླའོ། །ལྷན་སྐྱེས་དེ་རང་ལ་ཡོད་པས་གནས་གཞན་ལས་མི་བཙལ་བར་བསྟན་པའི་ཕྱིར། འདབ་ལྡན་ཞེས་པ་ལ་སོགས་པ་སྨོས་ཏེ། འདབ་མ་དང་ལྡན་པའི་གེ་སར་གྱི་དབུས་ན་གནས་པ་ [273a.3]ནི། ཁ་ག་མུ་ཁའོ། །ཤིན་ཏུ་ཕྲ་བ་ནི་ཨ་བ་དྷཱུ་ཏཱིའི་རྩའོ། །དྲི་ནི་ཨུཏྤལ་གྱི་དྲི་ལྟ་བུའོ། །ཁ་དོག་ནི་དམར་པོའོ། །དྲི་དང་ཁ་དོག་དང་ལྡན་པའི་བྱེ་བྲག་སྟེ། ལས་ཀྱི་ཕྱག་རྒྱ་དང་། རང་འོད་ཀྱི་རིག་མ་ལ་བརྟེན་པར་མི་བྱའོ། །ལྷན་སྐྱེས་དེ་ཉིད་མ་བཅོས་པའི་ལྷ་ཡིན་པས་ཕྱིའི་ལྷ་མཆོད་པ་ལ་མི་ [273a.4]ལྟོས་པར་བསྟན་པའི་ཕྱིར། གང་དུ་ཚངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ལྷན་ཅིག་དེ་རྟོག་པའི་ཡོན་ཏན་བསྟན་པའི་ཕྱིར། ཀྱེ་ཧོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བའི་གནས་མཆོག་རྟོག་པ་སྤངས་པ་དེ་ངས་མཐོང་ཞེས་པ་ལ། བདེ་བའི་གནས་ནི་རྒྱུ་སྟེ་སྟོང་པའོ། ། [273a.5]རྟོག་པ་སྤངས་པ་ནི་མི་རྟོག་པའི་ལམ་དེ་ངས་མཐོང་ཞེས་པ་ནི་མངོན་སུམ་དུའོ། །འགྲོ་བ་ཉེ་བར་སྐྱེ་བར་བྱེད་པ་ཉིད་བཞིན་ནོ་ཞེས་པ་ནི་མ་ལ་བུ་སྐྱེ་བ་དང་འདྲ་བར་ཟག་མེད་ཀྱི་བདེ་བ་སྐྱེའོ། །བློ་རྣམས་འགག་ནི་ཡུལ་གྱི་རྟོག་པའོ། །ཡིད་རང་བཞིན་ནི་ཡུལ་ཅན་གྱི་རྟོག་པའོ། །གང་དུ་ [273a.6]མངོན་པའི་ང་རྒྱལ་ཆད་པ་ནི་དེ་ཉིད་ཀྱི་ཞེན་པ་ཆད་པའོ། །དེ་ཉིད་སྒྱུ་མའི་རང་བཞིན་མཆོག་ཏུ་རྟོག་པ་ཞེས་བྱ་བ་ནི་དེ་ལྟར་ཡུལ་དང་ཡུལ་ཅན་གྱི་འབྲེལ་པ་ཆད་ན་ཆོས་ཐམས་ཅད་སྒྱུ་མ་ལྟར་མཐོང་བའོ། །རྟོག་པ་ཆད་པའི་ཚུལ་བསྟན་པ་ནི། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་ [273a.7]པོ་སྐྱེ་བ་ནི་ཡུལ་དུ་སྣང་བའི་རྟོག་པའོ། །མཁའ་ལྟར་གྱི་རྟོག་པ་གང་ཞེ་ན་ཞེས་པའོ། །དངོས་པོ་རྣམ་སྤངས་ཕྱིར་ན་ཅི་ཞིག་སྐྱེ། །ཞེས་པ་ནི། ཡུལ་གྱི་རྟོག་པ་ཆད་ན་ཡུལ་ཅན་གྱི་རྟོག་པ་ཆད་པའོ། །དེའི་ཕྱིར་བླ་མས་བསྟན་པའི་དབྱེ་བ་རྣམ་སྤང་པ་ནི་ཡུལ་དང་ཡུལ་ཅན་གྱི་ [273b] [273b.1]དབྱེ་བ་ཐ་དད་སྤངས་པ་ནི་བྲལ་བ་སྟེ། མི་རྟོག་པ་ལ་གནས་པར་བྱོས་ཤིག་ཅེས་པའོ། །ཡང་ན་སྒྱུ་མ་ལྟ་བུ་ལ་གནས་པར་བྱོས་ཤིག་ཅེས་པའོ། །དེ་ལ་ཇི་ལྟར་རྣམ་པར་གནས་པར་བྱ་སྙམ་པ་ལ་མཐོང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་སོ་ཞེ་ན་གཅིག་གི་རྣམ་པ་ལས་མི་ [273b.2]འདའ་ཞེས་པ་ནི་སྤྱོད་ལམ་ལ་སེམས་འཇུག་པ་ནི། གཅིག་གི་རྣམ་པ་སྟེ་སྒྱུ་མ་ལ་སེམས་མ་གཡོས་པའོ། །ད་ནི་དེ་ལྟ་བུ་སྟོན་པའི་བླ་མ་ལ་བརྟེན་པའི་ཕྱིར། གང་ཞིག་བླ་མའི་མན་ངག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བླ་མའི་མན་ངག་བདུད་རྩི་ལ་སོགས་པ་དང་བྲལ་བ་ནི། [273b.3]སྡུག་བསྔལ་གྱིས་འཛིན་པར་བསྟན་ཏེ་གོ་སླའོ། །བླ་མས་བསྟན་པ་ཞེས་བྱ་བ་ལ་སོགས་པས་ནི་ལྷན་ཅིག་སྐྱེས་པ་ནི་རྟོགས་པར་བསྟན་ཏེ་གོ་སླའོ། །ཚིག་འདི་ནི་འོག་མ་དང་འབྲེལ་ཏེ་བླ་མས་བསྟན་དུ་མེད་ཅིང་། སློབ་མས་མི་གོ་སྟེ། འོན་ཀྱང་བླ་མའི་གདམས་ངག་ལ་བདེན་པར་ [273b.4]འཛིན་པའི་དབང་གིས་བྱེ་བྲག་རྙེད་པ་སྟེ། བླུན་པོས་ཀྱང་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་མཐོང་ན་བཟང་ངན་དང་། ཆེ་ཆུང་དང་། གཙང་མི་གཙང་གི་རྟོག་པ་ཐམས་ཅད་སྤང་སྟེ། གདོལ་པའི་ཁྱིམ་སྟེ་དེ་ལ་རོལ་ཡང་དྲི་མས་མ་གོས་པ་ནི་དེའི་ཉེས་པས་མ་རེག་པའོ། ། [273b.5]དེ་ལྟར་བླུན་པོས་ཀྱང་མངོན་སུམ་དུ་བྱེད་པའི་ཡོན་ཏན་བསྟན་ནས་དམན་པ་མཆོག་ཏུ་གྱུར་པ་བསྟན་པ་ནི། གང་ཚེ་ཞེས་པ་ལ་སོགས་པ་སྨོས་ཏེ། སྲང་ཁར་བོར་བའི་ཁམ་ཕོར་སློང་བ་པོའི་སྤྲང་ཕོ་ར་ཡིན་ཡང་མན་ངག་མ་ཐོབ་པའི་རྣལ་འབྱོར་པ་དེ་ནི་རང་ལ་དབང་ཆེན་པོས་རྒྱལ་པོ་ [273b.6]ཡིན་ན། སླར་ཡང་ཅི་བྱར་ཡོད་ནི་དམན་པའི་གནས་མེད་དེ་ལྷན་ཅིག་སྐྱེས་པའི་རྟོག་པས་འགག་ཞེས་པའོ། །དེ་ཡང་གཞི་མལ་སྟན་ཆེན་པོ་ལག་པའི་སྔས་ནི་འབོལ་ལ་ཁྲིད་ཅེས་པ་ལ་སོགས་པ་ནས། རྣལ་འབྱོར་པ་ཉིད་རྒྱལ་པོ་ཡིན། །ཞེས་བྱ་བའི་བར་དུ་གསུངས་པས་སོ། །མྱ་ངན་ [273b.7]འདས་ལ་མི་གནས་སྲིད་པར་མཛེས། །ཞེས་པ་ནི་འཁོར་བ་ན་འདུག་མོད་སེམས་སངས་རྒྱས་སུ་འདུག་པས་སོ། །དེ་ལྟ་བུའི་རྣལ་འབྱོར་དེས་འཁོར་བ་ན་གནས་ན་ཅིའི་ཚུལ་གྱིས་གནས་སྙམ་པ་ལ། ཇི་ལྟར་བུ་ཆུང་ཚུལ་དུ་གནས་བྱ་ཞིང་། །ཞེས་གསུངས་ཏེ། བུ་ཆུང་གི་ཚུལ་ཇི་ [274a] [274a.1]ལྟར་བུ་ཞེ་ན། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཞེས་པའོ། །བསམ་པ་ནི་རྟོག་པའོ། །བསམ་བྱ་ནི་བརྟགས་པའོ། །དེ་ལྟར་རབ་ཏུ་སྤངས་པ་ནི་རྟོག་པ་མཐའ་དག་སྤངས་པའོ། །རྟོག་པ་སྤངས་བ་དེ་ཅིའི་ཕྱིར་ཞེ་ན། ནད་གཞན་དག་ལ་སྨན་གཞན་ [274a.2]གཏང་མི་བྱ། །ཞེས་གསུངས་ཏེ། དེའི་དོན་ནི་ངན་པ་སྤོང་བ་ལ་ངན་པར་བརྟག་པས་མི་སྤོངས་ཏེ། ཅི་ཡང་མ་བརྟགས་པར་བཞག་ན་ངན་པའི་རྟོག་པ་སྤོང་བའོ། །འོ་ན་བསྒོམ་པས་སྤང་བར་བྱའམ་སྙམ་ན། བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ཞེས་གསུངས་ཏེ། བླ་ [274a.3]མའི་ལུང་བཞིན་དུ་གུས་པར་འབད་པར་བྱའོ། །དེ་ལས་ལྷན་ཅིག་སྐྱེས་པ་འབྱུང་བར་འགྱུར་རོ། །ལྷན་སྐྱེས་སྨྲ་རུ་མི་བཏུབ་པ་དེ་ཇི་ལྟར་འབྱུང་བ་བསྟན་པ་ནི། ཁ་ཏོན་ཞེས་པ་ལ་སོགས་པ་སྟེ། ཁ་ཏོན་མི་བྱེད་ཡི་གེ་མི་འདྲི། ཡོན་ཏན་མི་ཚོལ། དཔེ་མི་བཤད་དོ། །གཞན་ [274a.4]ནི་གོ་སླའོ། །ལྷན་སྐྱེས་དེ་གཞན་ལ་བསྟན་དུ་མི་བཏུབ་པ་ནི། གཞོན་ནུ་མའི་ཞེས་པ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལྟ་བུའི་རྣལ་འབྱོར་པ་ནི། རྟོག་པ་དང་སྡུག་བསྔལ་ལས་གྲོལ་བར་བསྟན་པའི་ཕྱིར་དངོས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ནི་ཡོད་པ། དངོས་པོ་ནི་ [274a.5]མེད་པ། སྤང་པ་ནི་དེ་ལས་འདས་པའོ། །དེས་ནི་འགྲོ་བ་མ་ལུས་རབ་ཐིམ་འགྱུར། །ཞེས་པ་ནི་དེར་མཉམ་པའོ། །གང་ཚེ་ཡིད་ནི་མི་གཡོ་བརྟན་པ་ནི་མི་རྟོག་པ་ལའོ། །དེ་ཚེ་འཁོར་བའི་དངོས་པོ་རང་གྲོལ་འགྱུར། །ཞེས་པ་ནི། རྟོག་པ་དང་སྡུག་བསྔལ་ལས་སོ། །སྡུག་བསྔལ་དང་ [274a.6]བྲལ་བར་མ་ཟད་ཀྱི་ཡོན་ཏན་ཁྱད་པར་ཅན་འབྱུང་བར་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གཞན་ཡོངས་སུ་ཤེས་མིན་ན། ཞེས་པ་ནི། བདག་གཞན་གྱི་རྟོག་པ་སྤངས་པའོ། །བླ་མའི་ལུས་སུ་གྲུབ་པ་ཉིད། །ཅེས་པ་ནི་གོང་མའི་སྐུ་ཐོབ་པའོ། །དེ་ལྟར་ [274a.7]བསྟན་པ་ཉིད་ལ་ཞེས་པ་ལ་སོགས་པ་ནི། བླ་མའི་མན་ངག་ལས་ཡོན་ཏན་དེ་དག་འབྱུང་བ་དེ་ལ་འབད་པར་བྱའོ་ཞེས་གདམས་པའོ། །བླ་མས་བསྟན་པའི་ལམ་ཉམས་སུ་བླངས་པའི་ཕན་ཡོན་ནི། རྡུལ་མེད་ཅེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་རྡུལ་མེད་ནི་རྡུལ་ཕྲ་རབ་ཀྱིས་བསྡུས་ [274b] [274b.1]པ་མ་ཡིན་པའོ། །རྡུལ་བྲལ་མིན་ནི་གཟུགས་སུ་སྣང་བ་མེད་པ་མ་ཡིན་ནོ། །སེམས་ཀྱང་མིན་ནི་གཟུགས་སུ་སྣང་བའོ། །དེ་ལྟར་ན་དམིགས་པར་བྱ་བའི་ཡུལ་ནི་སྒྱུ་མ་ལྟ་བུའི་ལུས་སོ། །དེ་བས་ན་དངོས་པོ་འདི་དག་ནི་འདི་ལྟར་སྣང་བ་ཀུན་གདོང་ནས་མ་གྲུབ་པས་མཐོང་ཡང་ཞེན་པ་མེད་ [274b.2]པའོ། །གཞན་ནི་གོ་སླའོ། །དེ་ལྟ་བུ་དེ་རང་ལ་ཡོད་ཀྱང་བླ་མས་མ་བསྟན་ན་མི་གོ་བར་བསྟན་པ་ནི་ཁྱིམ་ན་ཡོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱིམ་ན་ཡོད་པ་ཞེས་བྱ་བ་ནི་རང་ལ་ཡོད་པའོ། །ཕྱི་རོལ་སོང་ནས་ཚོལ་ཞེས་བྱ་བ་ནི་གཞན་དུའོ། །དཔེ་བསྟན་པ་ནི། ཁྱིམ་བདག་མཐོང་ནས་ཁྱིམ་དེ་ [274b.3]རང་ཁྱིམ་བདག་ཆེ་གེ་མོ་མཐོང་ངམ་ཞེས་འདྲིའོ། །བླ་མས་བསྟན་ཀྱང་རང་གིས་མ་བསྒོམས་ན་མི་རྟོག་པར་བསྟན་པ་ནི། བླུན་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །རང་གིས་བསྒོམ་པ་ཡང་བདེ་བར་གནས་པས་འགྲུབ་པར་བསྟན་པ་ནི་ཡུལ་རྣམས་བགྲོད་ཅིང་ཞེས་བྱ་བ་ལ་ [274b.4]སོགས་པ་སྨོས་ཏེ། དེ་ལ་ཡུལ་རྣམས་བགྲོད་ཅིང་གདུང་བས་ཉན་བྱས་ཀྱང་ནི། ཐོས་པ་བཙལ་བའི་ཡུལ་རྣམས་སུ་མཁྱེན་ཅིང་དཀའ་བས་གདུང་ཀྱང་ཞེས་བྱ་བའི་དོན་ཏོ། །དེ་ནི་མཚོན་པ་ཙམ་སྟེ། དཀའ་ཐུབ་གཞན་ཡང་གཟུང་ངོ་། །གཞན་ནི་གོ་སླའོ། །འོ་ན་གང་གིས་འགྲུབ་ན་ [274b.5]བདེ་བ་ལ་ལོངས་སྤྱོད་པས་འགྲུབ་པོ་ཞེས་ཁ་བསྐང་ངོ་། །དེས་མི་འཆིང་ངམ་སྙམ་པ་ལ་ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་ཏེ་ཡུལ་དང་ཡུལ་ཅན་རོ་མཉམ་པར་ཤེས་པས་སོ། །དཔེ་ཇི་ལྟ་བུ་སྙམ་པ་ལ། ཨུཏྤལ་བླངས་ཀྱང་ཞེས་པ་སྟེ་གོ་སླའོ། །མི་འཆིང་བའི་རྒྱུ་ཅི་སྙམ་པ་ལ། [274b.6]འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདི་ཞེས་པ་ནི་བསྒྲུབ་པའོ། །འདི་ལྟར་ཞེས་པ་ནི་གང་གི་ཕྱིར་ཞེས་པ་སྟེ། རྩ་བ་རླུང་གི་སྐྱབས་སུ་འགྲོ་བས་དེའི་ཕྱིར་རོ། །དེ་ལ་རྩ་བ་ནི་སྒྱུ་ལུས་སོ། །རླུང་གི་སྐྱབས་སུ་འགྲོ་བ་ནི། རླུང་དག་པ་ལ་སྒྱུ་ལུས་འབྱུང་བའོ། །མི་འཆིང་ [274b.7]བའི་དཔེ་བསྟན་པ་ནི་དུག་གིས་ཞེས་སྨོས་ཏེ་གོ་སླའོ། །དེ་ལྟར་རང་ལ་ཡོད་པ་མ་བཅོས་པས་སྒྱུ་མ་ལྟ་བུ་ཉིད་མི་འཆིང་བའི་རྒྱུ་རུ་བསྟན་ནས། གཞན་དད་པ་ལྷ་ལ་མཆོད་པས་མི་གྲོལ་བར་བསྟན་པ་ནི། ལྷ་ལ་མཆོད་པ་ཞེས་པ་ལ་སོགས་པ་སྟོན་ཏེ་གོ་སླའོ། །ད་ནི་སྒྱུ་མའི་ལུས་ [275a] [275a.1]མངོན་སུམ་དུ་བྱ་བའི་ཕྱིར་ཐབས་ཀྱི་དམ་པ་ལྟ་སྟངས་སྐྱོན་མེད་དང་བསྟན་པ་བཅས་པའི་ཕྱིར། མིག་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་མིག་མི་འཛུམས་པ་ནི་ཁྲོ་བོའི་བལྟ་བའོ། །སེམས་འགགས་པ་ནི་དེའི་སྟོབས་ཀྱིས་རྟོག་པ་འགགས་པའོ། །རླུང་ [275a.2]འགག་པས་ནི་རླུང་ལྔ་རིམ་གྱིས་ཨ་བ་དྷཱུ་ཏཱིའི་ལམ་ལ་ཞུགས་པའོ། །རླུང་མ་འགགས་ན་སྐྱོན་ཅི་ཡོད་ཅེ་ན། གང་ཚེ་རླུང་རྒྱུ་དེ་ནི་མི་གཡོ་སྟེ། །ཞེས་པ་ནི་རླུང་ནི་འཁོར་བའི་རྩ་བ་ཡིན་པས་ཇི་སྲིད་དུ་རླུང་རྒྱུ་བ་དེ་སྲིད་དུ་འཁོར་བ་ལས་མ་འདས་པའོ། །འཆི་བའི་ཚེ་ན་ཞེས་པ་ནི་འཆི་ཀའི་དུས་ [275a.3]སུའོ། །རྣལ་འབྱོར་མས་ནི་ཅི་བྱ་ཞེས་བྱ་བ་ལ། རྣལ་འབྱོར་མ་ནི་སྒྱུ་མའི་རྣལ་འབྱོར་མའོ། །ཅི་བྱ་ཞེས་པ་ནི་རང་ལ་ཡོད་ཀྱང་ཕན་མི་ཐོགས་ཞེས་པའོ། །འཁོར་བ་ལས་ཇི་ལྟར་མི་འདའ་སྙམ་པ་ལ། ཇི་སྲིད་དབང་པོ་ཡུལ་གྱི་ཞེས་པ་ལ་སོགས་པ་སྨོས་ཏེ། དོན་ནི་འདི་ཡིན་ཏེ། [275a.4]ཐུར་སེལ་གྱི་རླུང་རྒྱུ་བའི་སྟོབས་ཀྱིས་ཤུ་ཀྲ་ཐུར་དུ་ལྷུང་ལ། རཀྟ་གྱེན་དུ་སྨིན་ན་དེས་དབང་པོའི་སྒོ་སད་པར་བྱེད་དོ། །དེ་ནས་ཞེས་པ་སྲོག་ལ་ཞོན་པས་རྟོག་པ་ཀུན་སྐྱེད་དོ། །དེ་ལྟར་ཡང་དགོངས་པ་ལུང་སྟོན་པ་ལས། །ཇི་སྲིད་འཇིག་རྟེན་བརྟག་པ་དང་། །འཇིག་རྟེན་བརྟག་པ་སྣ་ཚོགས་པ། ། [275a.5]རྣམ་རྟོག་བྱང་ཆུབ་སེམས་ཞེས་པ། །རླུང་ལས་རྟག་ཏུ་འབྱུང་བ་ཡིན། །ཞེས་གསུངས་སོ། །དེ་ལྟར་ན་འཁོར་བའི་རྩ་བ་ནི་རླུང་ཡིན་པས་དེ་དགག་པར་བྱ་དགོས་ལ། དེ་ཡང་ཡིད་བཅིངས་པ་ལ་རག་ལུས་སོ། །ཡིད་བཅིངས་པ་ཡང་རྣམ་པར་མི་རྟོག་པ་བསྒོམ་པ་ལ་རག་ལུས་པས་ཕན་ [275a.6]ཡོན་གྱི་ཚུལ་གྱིས་ཡིད་མི་རྟོག་པར་བཞག་པ་གསུངས་པ་ནི་ཁྱེད་ཅག་ཅེས་པ་ལ་སོགས་པ་སྟེ། དེ་ལ་དེ་ཅི་བྱེད་ཅེས་པ་ནི་བྱ་རྒྱུ་མེད་རང་དུ་གཅིག་ཅེས་པའོ། །གར་འགྲོ་སོམས་དང་ཀྱེ་ཞེས་པ་ནི་འགྲོ་ས་རང་དུ་གཅིག་ཅེས་པ་སྟེ། དེ་ལྟར་ན་བྱ་བྱེད་སྤངས་ལ་མི་རྟོག་པར་གཞག་པའོ། །དེ་ནི་ཤིན་ཏུ་དཀའ་བའི་དགོངས་པས་ [275a.7]འཇུག །ཅེས་པ་ལ་ཤིན་ཏུ་དཀའ་བ་ནི་བྱ་བྱེད་སྟོང་པ་སྟེ་དཀའ་བའོ། །དགོངས་པས་འཇུག་ཅེས་པ་ནི་ཐབས་དང་ལྡན་ན་མི་རྟོག་པར་ངང་གིས་འཇུག་པའོ། །དེ་ལྟར་རྟོག་མེད་ལ་ཞུགས་ནས་རང་གི་རང་བཞིན་མི་རྟོག་པར་བསྟན་པ་ནི། གང་ཞིག་ཅེས་པ་ལ་སོགས་པ་སྟེ། གང་ཞིག་ནི་སངས་རྒྱས་ [275b] [275b.1]སོ། །གང་ལ་ནི་རང་ལས་སོ། །དེ་ནི་སངས་རྒྱས་སོ། །དེ་རུ་ནི་རང་ལའོ། །མ་མཐོང་ཞེས་པ་ནི་རྒྱུ་ལུས་མེད་ན་མི་མཐོང་བའོ། །གཞན་ནི་གོ་སླའོ། །ད་ནི་ཉམས་སུ་བླང་བའི་ཐབས་དེ་ཉིད་དཔེའི་སྒོ་ནས་རྒྱས་པར་བསྟན་པའི་ཕྱིར། གླང་ཆེན་ལོབ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གླང་པོ་ཆེ་ [275b.2]འཚོ་བའི་རི་ཁྲོད་པས་གླང་ཆེན་ལོབ་ན་བློ་བདེ་བར་གནས་པ་བཞིན་དུ་སེམས་ཀྱི་རྟོག་པ་བཏང་ན་སེམས་ཚགས་སུ་ཚུད་དེ། སེམས་ནི་གཡོ་བས་དེར་ནི་ཞེས་པ་ནི་རྩ་དབུས་མ་དེར་རོ། །འགྲོ་འོང་ནི་རླུང་འགྲོ་འོང་སྟེ། དེ་བཅད་ན་རྩ་དབུས་སུ་དལ་བའོ། །དེ་ནི་སེམས་མི་རྟོག་པ་ལ་རྣལ་དུ་ [275b.3]གཞག་པ་དང་། རླུང་དབུ་མར་རྣལ་དུ་གཞག་པའོ། །ཆོས་ཅི་དགོས་ཞེས་པ་ནི་རྟོག་པའི་རྣལ་འབྱོར་མི་དགོས་པའོ། །ངོ་ཚ་མེད་སྨྲ་མཁས་པ་ང་། །ཞེས་པ་ནི་འཛེམ་པ་མེད་པར་སྨྲ་བའི་མཁས་པའོ་ཞེས་པའོ། །གསོན་པ་གང་ཞིག་ཅེས་པ་ལ་སོགས་པས་ནི། རྣལ་མའི་བདུད་རྩི་ [275b.4]འཐུང་ནས་འཆི་བ་མེད་པ་ཐོབ་པར་སྟོན་ཏེ། གསོན་པོ་ནི་གཞོན་ནུའི་གནས་སྐབས་ལྟ་བུ། ཁྱད་ཀྱི་རྣམ་པར་མ་གྱུར་ན་མི་རྒས་མི་འཆིའོ། །གཞན་ཡང་གསོན་པོ་གང་ཞིག་ནི་སྲོག་རླུང་ངོ་། །རྣམ་པར་མ་གྱུར་པ་ནི། ཁྱད་ཀྱིས་དབུ་མས་མ་བརྐུས་ན་སྟེ། སྲོག་ [275b.5]ཐམས་ཅད་དབུས་སུ་བཅུག་པས་རྐུ་རྒྱུ་མེད་ན་སྐྱེ་འཆི་མེད་པར་འགྱུར་རོ། །དེ་ཉིད་ལས་འོད་གསལ་ཡེ་ཤེས་སྐྱེ་བ་བསྟན་པ་ནི། བླ་མས་བསྟན་པས་ཞེས་བྱ་བ་ལ་སོགས་པ་སྟེ། དྲི་མེད་བློ་གྲོས་ནི་འབྲས་བུ་འོད་གསལ་བའོ། །དེ་ཉིད་གཏེར་ཡིན་ཏེ། དེ་སྐྱེས་པའི་དུས་ན་གཏེར་ [275b.6]ཏེ་རིན་པོ་ཆེའོ། །དེ་ལྟར་སེམས་རྣལ་དུ་གཞག་པ་ཕན་ཡོན་དང་བཅས་པ་བསྟན་ནས། སེམས་བཅོས་པའི་ཐབས་བསྟན་པའི་ཕྱིར། ཡུལ་ཉིད་རྣམ་པར་དག་པ་སྟེ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ཡུལ་ཉིད་ནི་རྣལ་མ་ལ་བློ་བཞག་པའི་ཚེ། ཡུལ་གཞན་རྣམ་པར་ [275b.7]རྟོག་པ་མི་འབྱུང་བའོ། །རྣམ་པར་དག་པ་སྟེ་ཞེས་པ་ནི་རྣལ་མའི་དོན་ཏོ། །བསྟེན་བྱ་མིན་ཞེས་པ་ནི་ཚུར་ལ་བཀུག་པ་སླར་རྣལ་མར་གཞག་པ་མ་ཡིན་ཞེས་པའི་དོན་ཏོ། །འོ་ན་ཇི་ལྟར་བྱ་སྙམ་པ་ལ། སྟོང་པ་འབའ་ཞིག་གིས་ནི་དཔྱད་པར་བྱ། །ཞེས་གསུངས་ཏེ། ཡུལ་གང་དུ་ [276a] [276a.1]འཕྲོས་པ་དེ་ཡང་སྟོང་པ་ཡིན་པས་ཚུལ་ལ་དགུག་མི་དགོས་ཞེས་པར་དགོངས་པའོ། །དེའི་དཔེ་བསྟན་པའི་ཕྱིར། ཇི་ལྟར་གཟིངས་ལས་འཕུར་པའི་བྱ་རོག་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་དཔེར་ན་གཟིངས་ལ་བཞག་པའི་བྱ་རོག་བཟུང་ [276a.2]བས་མི་ཐུབ་པར་འགྲོ་བ་ལ། དེ་བཏང་བས་གར་ཕྱིན་ཀྱང་ཆུར་སོང་འཆགས་ས་མ་རྙེད་དེ། སླར་ལ་དེར་འབབ་པ་བཞིན་དུ་ཡུལ་ལ་འཕྲོས་པའི་སེམས་ཀྱང་དེ་དང་འདྲའོ། །གར་འཕྲོས་ཀྱང་དེ་ཉིད་ལས་མ་གཡོས་པས་སོ། །ཡུལ་གཅིག་ལ་དམིགས་པ་མི་ཞེན་པས་ [276a.3]ཤེས་པ་གློད་ལ་གཞག་པའོ། །ཡུལ་གཅིག་ལ་ཞེན་པའི་ཉེས་པ་བསྟན་པའི་ཕྱིར་ཡུལ་ལ་ཞེན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཡང་ན་ཚིག་འདིས་ནི་རྣལ་འབྱོར་པས་འདོད་ཡོན་ལ་ཞེན་པའི་སྐྱོན་བསྟན་པའོ། །གཞན་ཡང་ལྷན་སྐྱེས་དེ་ཉིད་ལས་འབྱུང་བར་ [276a.4]ཤེས་པས། སེམས་བཅོས་པའི་ཐབས་བསྟན་པའི་ཕྱིར། གང་ཞིག་སེམས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གང་ཞིག་ནི་རྟོག་པའོ། །སེམས་ལས་རྣམས་འཕྲོས་པས། ཞེས་པ་ནི་རྟོག་པ་བྱུང་བ་ཀུན་ནོ། །དེ་ཉིད་མགོན་པོའི་རང་བཞིན་ཏེ་ཞེས་པ་ནི་རྩ་བའི་འོད་གསལ་ [276a.5]བ་ཉིད་རྟོག་པར་ཤར་བ་སྟེ། དཔེར་ན་ཆུ་དང་རླབས་བཞིན་ནོ། །སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ནོ་ཞེས་པ་ནི། དོན་དེ་སྲིད་པ་ནི་འཁོར་བའི་རྟོག་པའོ། །མཉམ་ཉིད་ནི་མྱ་ངན་ལས་འདས་པ་སྟེ་རྩ་བའི་འོད་གསལ་ལོ། །ནམ་མཁའི་རང་བཞིན་ནི་གཉིས་ཀ་ [276a.6]སྐྱེ་མེད་དོ། །དེ་ལྟར་ཤེས་པའི་ཕན་ཡོན་བསྟན་པའི་ཕྱིར། གང་ཞིག་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གང་ཞིག་བསྟན་པ་ནི་མན་ངག་གང་ཞིག་བླ་མས་བསྟན་པས། གང་ཞིག་ཐོས་གྱུར་ཞེས་པ་ནི་སློབ་མས་ཐོས་པའོ། །དགོས་པ་གང་ཡིན་ན་ [276a.7]གྲུབ་པའི། དམ་པར་སྐྱོལ་བ་ནི་མཐར་ཕྱིན་པ་ནའོ། །གདུག་པ་ནི་ཉོན་མོངས་སོ། །བཀུག་པ་ནི་རྩ་བའི་སེམས་སོ། །རྡུལ་བཞིན་བརླག་ནི་རྩ་བ་ནས་དག་པའོ། །དེ་གང་དུ་དག་ན་སྙིང་ག་ཉིད་དུ་ནུབ་སྟེ། མི་ཤིགས་ཐིག་ལེའོ། །དེར་ཇི་ལྟར་ཐིམ་པར་འགྱུར་ཞེ་ན། ཇི་ལྟར་ [276b] [276b.1]ཆུ་ལ་ཆུ་བཞག་པ། །དེ་སྲིད་ཆུ་རུ་རོ་མཉམ་འགྱུར། །ཞེས་པས་སྟོན་ཏེ། དཔེར་ན་ཆུ་ནང་དུ་ཆུ་བླུགས་པ་ནི། ཆུར་རོ་གཅིག་པ་བཞིན་དུ། རྩ་བའི་སེམས་སུ་ཐིམ་པར་འགྱུར་པའོ། །ཡང་ན་འདིས་ནི་གཉིས་མེད་རོ་མཉམ་སྟོན་ཏེ། ཆུ་སྟོང་པའོ། །ཆུ་བཞག་པ་ནི་སྙིང་རྗེའོ། །ཆུར་རོ་ [276b.2]མཉམ་པ་ནི་གཉིས་མེད་དུ་བྱ་བའོ། །དེ་ཉིད་ཡེ་ནས་རོ་གཅིག་ཏུ་བསྟན་པའི་ཕྱིར་སྐྱོན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྐྱོན་ནི་རྩ་བའི་སེམས་མི་ཤིགས་པའོ། །ཡོན་ཏན་གྱི་ངོ་བོ་ནི་སེམས་ཀྱི་ངོ་བོ་འོད་གསལ་བའོ། །མཉམ་ལྡན་ནི་གཉིས་པོའི་རོ་མཉམ་པའོ། ། [276b.3]སུས་ཀྱང་མཚོན་མ་གྱུར་ཞེས་པ་ནི། །ཐབས་དང་བྲལ་བ་གང་གིས་ཀྱང་མ་རྟོག་པའོ། །གཞན་ནི་གོ་སླའོ། །ད་ནི་ལྷན་སྐྱེས་དེ་རང་ཡེ་ནས་རོ་མཉམ་དུ་གནས་པས་སྤྱོད་ལམ་ཅི་སྣང་ཡང་ཐུག་ཕྲད་དུ་མྱོང་བར་བསྟན་པ་ནི། ནགས་ལ་མཆེད་པའི་མེ་བཞིན་ཞེས་པ་ལ་ [276b.4]སོགས་པ་སྟེ་གོ་སླའོ། །ལྷན་སྐྱེས་དེ་མ་རྟོགས་པའི་སྐྱོན་བསྟན་པའི་ཕྱིར། གལ་ཏེ་ཡིད་དུ་འོང་བ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡིད་དུ་འོང་བ་ནི་ཡིད་དང་མི་འགག་པའི་དངོས་པོ་ལའོ། །མཉམ་པའི་སེམས་ནི་སྟོང་པ་དང་རོ་མཉམ་པའི་སེམས་མ་སྐྱེས་ན། དེ་ལ་ [276b.5]དངོས་པོར་ཞེན་པས་སྡུག་བསྔལ་སྐྱེད་དོ། །ཚིག་གི་དོན་ནི་གོ་སླའོ། །སྟོང་པར་ཤེས་པས་མི་འཆིང་བའི་ཕྱིར། སྟོང་ན་གང་ཡང་འདྲ་འམ་སྙམ་པ་ལ། གྲོགས་དག་ཕག་དང་གླང་པོ་ལྟོས། །དེ་ལྟར་ཡིན་ཏེ་དེ་ནི་མ་ཡིན་ནོ། །ཞེས་གསུངས་པ་སྟེ། ཕག་དང་གླང་པོ་ནི་ཕྱོགས་ [276b.6]འགའ་འདྲ་ཡང་། ཕག་ནི་གླང་པོ་མ་ཡིན་ནོ། །དེ་བཞིན་དུ་སྟོང་པར་འདྲ་ཡང་ཐེག་པ་གཞན་གྱིས་བརྟགས་པའི་སྟོང་པ་ནི་ལམ་མ་ཡིན་ནོ་ཞེས་པའི་དོན་ཏོ། །སྟོང་པ་དེས་འཁྲུལ་པ་ཇི་ལྟར་སྤོང་ཞེ་ན། ཇི་ལྟར་ཡིད་བཞིན་ནོར་བུ་ཞེས་པ་ལ་སོགས་པ་སྨོས་ཏེ། དཔེར་ན་སྨྱོན་ [276b.7]མའི་ལུས་ལ་རིན་པོ་ཆེ་བཏགས་པས་སྨྱོན་མའི་འཁྲུལ་པ་བཤིག་པ་བཞིན་དུ། སྟོང་པའི་རྟོག་པས་ཀྱང་དངོས་པོའི་འཁྲུལ་པ་བཤིག་པའོ། །སྟོང་པ་དེ་བདེ་བའི་གནས་སུ་བསྟན་པའི་ཕྱིར། རང་རིག་པ་ཞེས་པ་ལ་སོགས་པ་སྨོས་ཏེ། རང་ལ་རང་རིག་བདེ་བ་ཆེན་པོའི་བག་ [277a] [277a.1]ཆགས་གཟུགས་དེ་བདེ་བའི་རྒྱུའོ། །ཡང་ན་དེ་མ་དག་ན་བག་ཆགས་ཏེ། མ་རིག་པ་ཞེས་བྱའོ། །དེ་ཉིད་དག་ན་གཟུགས་ཏེ་སྟོང་པའི་གཟུགས་སུ་གྱུར་པའོ། །དེ་རྟོག་པ་ལས་ཅིར་འགྱུར་ཞེན་ཐམས་ཅད་ཅེས་པ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ནི་ཕྱི་ནང་ [277a.2]ངོ་། །དེ་ཚེ་ནི་སྟོང་པ་རྟོག་པ་དེའི་ཚེའོ། །མཁའ་མཉམ་བྱེད་པར་འགྱུར་བ་ནི་ནམ་མཁའ་དང་མཉམ་པར་མཐོང་བའོ། །སྟོང་གཟུགས་ཉམས་སུ་མྱོང་བ་དེ་ནི་ཚིག་གིས་མཚོན་མི་ནུས་པར་བསྟན་པའི་ཕྱིར། ཀཱ་ལ་ཀུ་ཊ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀཱ་ལ་ཀུ་ཊ་ནི་ཉམས་སུ་མྱོང་བའི་ [277a.3]མིང་ངོ་། །སྨོས་སུ་མི་རུང་བ་ནི་ཚིག་གིས་མི་མཚོན་པའོ། །འོ་ན་གང་གིས་མཚོན་ན། རང་བཞིན་ནམ་མཁའ་ནི་སྟོང་པ་དེ་རྟོག་པ་དང་བྲལ་ཏེ། ཡིད་ཀྱི་འཛིན་པ་ཡིན་ཞེས་པ་ནི་དེས་མྱོང་བའོ། །འོ་ན་ཡིད་ཡོད་དམ་ཞེ་ན། ཡིད་དེ་ཡིད་མེད་བྱེད་འགྱུར་ཏེ། །རང་བཞིན་ལྷན་ཅིག་སྐྱེས་པ་ [277a.4]མཆོག་ཏུ་མཛེས། །ཞེས་གསུངས་ཏེ། ཡིད་དེ་ཞེས་པ་ནི་དག་པའི་ཡིད་དོ། །ཡིད་མེད་བྱེད་ཅེས་པ་ནི་མ་དག་པའི་ཡིད་དོ། །དག་པའི་ཡིད་དེ་གང་ཡིན་ན་རང་བཞིན་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས་ཏེ་སྟོང་གཟུགས་སོ། །དེ་ཉིད་རྟོགས་དཀའ་བར་བསྟན་པའི་ཕྱིར། །ཁྱིམ་དང་ཁྱིམ་ན་དེ་ཉིད་ [277a.5]གནས་པ་སྟེ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཁྱིམ་ན་གནས་པ་ནི་ཁྱིམ་མོ། །ནགས་ན་གནས་པ་ནི་ཁྱིམ་མིན་ནོ། །དེའི་དོན་བརྗོད་པ་ནི་སྟོང་པའོ། །བདེ་ཆེན་གནས་ནི་དེའི་རྒྱུ་སྟོང་པ་སྟེ། དེའི་དྲིན་གྱིས་བདེ་བ་འཆར་བའོ། །དེའི་ཕྱིར་དེ་རྣམས་ཀྱིས་སྟོང་པར་མ་ཤེས་ན། འགྲོ་ཀུན་ [277a.6]སེམས་འཕྲུལ་གྱུར་པ་སྟེ། སེམས་འཁྲུལ་ནས་དངོས་པོར་ཞེན་པར་གྱུར་པའོ། །དེ་ནི་བསམ་མེད་སུས་ཀྱང་རྟོགས་མ་ཡིན། །ཞེས་པ་ནི་བསམ་མེད་ཀྱི་ལྷན་སྐྱེས་དེ། ཐབས་གང་དང་བྲལ་བའི་གདམས་ངག་གིས་ཀྱང་མི་རྟོགས་པའོ། །སྟོང་པ་དེ་འགྲོ་བསམ་མཐོང་ན། །རྣལ་ [277a.7]འབྱོར་པས་ཇི་ལྟར་མཐོང་སྙམ་པ་ལ། ཀྱེ་མ་ཞེས་པ་ལ་སོགས་པ་སྨོས་ཏེ། མགོ་སྙིང་ལྟེ་གསང་སྤངས་པ་སྟེ། །ངས་མཐོང་སྟེ་ཞེས་པ་ནི་གཟུགས་མེད་པའི་གཟུགས་ཏེ་དེས་མཐོང་བའོ། །དེ་ཡང་། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ [277b] [277b.1]ལས་སྐྱེས། །ཞེས་གསུངས་སོ། །སྟོང་པ་དེ་ཐབས་གང་གིས་མཐོང་བར་འགྱུར་སྙམ་པ་ལ། བསམ་པས་ཡུལ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། བསམ་པ་ནི་མི་རྟོག་པའི་བསྒོམ་པས་ཡུལ་ནི་མཚོན་པར་བྱེད་ཅེས་པའོ། །ཡུལ་དུ་སྣང་བ་སྟོང་པའི་གཟུགས་མཚོན་པར་བྱེད་པ་སྟེ། [277b.2]མཐོང་བར་འགྱུར་བའོ། །སྟོང་གཟུགས་དེ་མི་རྟོག་པའི་དབང་གིས་ཇི་ལྟར་མཐོང་བར་འགྱུར་སྙམ་པ་ལ། གཞན་དག་བསམ་པས་རླུང་འགག་འགྱུར། །ཞེས་སྨོས་ཏེ། གཞན་དག་ནི་མི་རྟོགས་པའོ། །བསམ་པ་ནི་བློ་དེ་ལ་གཞག་པའོ། །རླུང་འགག་འགྱུར་ཞེས་པ་ནི་རླུང་ [277b.3]དབུས་སུ་འཇུག་པར་འགྱུར་རོ། །འདིས་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ། འཁོར་བའི་རྩ་བ་ནི་རླུང་ཡིན་པས་དེ་དབུས་སུ་ཞུགས་ཏེ་དག་པར་བྱས་ནས་གཟུང་འཛིན་གྱིས་འབྲེལ་པ་ཆད་ནས་སྟོང་པའི་གཟུགས་མཐོང་བར་འགྱུར་རོ། །རླུང་འགག་པའི་ཐབས་དེ་ཉིད་གསལ་བར་བྱ་ [277b.4]བའི་ཕྱིར། གལ་ཏེ་སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་མི་རྟོག་པའི་སེམས་ཀྱིས་སྟོང་པའི་སེམས་མཚོན་དུ་འགྲོ་བ་ནི། མཐོང་བ་རྒྱུ་དེས་རླུང་དང་། ཡིད་ནི་བརྟན་པར་འགྱུར་ཏེ། རང་བཞིན་དུ་ཐིམ་པའོ། །ཡིད་ཀྱི་རྟོག་པ་རང་བཞིན་གཉུག་མ་ལ་ཐིམ་པའི་དཔེ་བསྟན་ [277b.5]པ་ནི། ཇི་ལྟར་ལན་ཚྭ་ཆུ་ལ་ཞེས་པ་གསུངས་ཏེ་གོ་སླའོ། །བསམ་གཏན་མི་དགོས་ན། སངས་རྒྱས་ཀྱིས་བསམ་གཏན་མང་པོ་ཅིའི་ཕྱིར་བསྟན་སྙམ་པ་ལ། ལྷན་ཅིག་ལ་ནི་ལུང་རྣམས་མང་པོ་མཐོང་། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ལྷན་ཅིག་ལ་ཞེས་པ་ནི། དེ་ [277b.6]ཁོ་ན་གཅིག་པའོ། །ལུང་རྣམས་མང་པོ་མཐོང་བ་ནི་དེ་ཁོ་ན་ཉིད་བརྡ་དུ་མའི་སྒོ་ནས་བསྟན་པའོ། །རང་འདོད་པ་ཡིས་སོ་སོར་སྣང་། །ཞེས་པ་ནི། དཔེར་ན་སྣ་རྩེར་ཡུངས་ཀར་ཞེས་པ་ལྟ་བུ་ནི་རྟོག་པ་ལ་དགའ་བ་རྣམས་ཀྱིས་སྟེང་འོག་གི་སྣ་རྩེར་ཐིག་ལེ་བསྒོམ་པས་མཐོང་ལ། དེ་ཁོ་ [277b.7]ན་ཉིད་ལ་མོས་པ་རྣམས་ཀྱིས་རླུང་བྱང་ཆུབ་སེམས་སུ་མཐོང་བའོ། །དེས་ཇི་ལྟར་མཐོང་བ་དེ་ལྟར་མཐར་ཐུག་པ་མ་ཡིན་ཏེ། མགོན་པོ་ནི་ལྷན་སྐྱེས་ཏེ་དེས་ས་ར་ཧ་གཅིག་པོ་དང་མཐུན་གྱིས། རྟོག་པ་ལ་གནས་པ་གཞན་རྣམས་དང་ནི་འགལ་ལོ། །དོན་ལ་འགལ་ན་དེ་ [278a] [278a.1]ཐམས་ཅད་ནོར་རམ་སྙམ་ན་ཁྱིམ་དང་ཞེས་སྨོས་ཏེ། རང་རང་གི་སྐལ་བ་དང་མཐུན་པ་ཙམ་གྱིས་གྲུབ་མཐའ་ནི་མ་ནོར་བ་ཉིད་དོ། །དེ་ལྟར་སངས་རྒྱས་ཀྱིས་ཅི་དང་ཅི་བསྟན་པ་རྣམས་ནི་དེ་ཁོ་ན་ཉིད་ལས་བརྩམས་ཏེ་བསྟན་གྱི་རྟོག་པའི་བསྒོམ་པ་ལས་ [278a.2]བརྩམས་ཏེ་ནི་མ་ཡིན་ནོ། །དེ་ནི་སེམས་དེ་ཅི་བདེ་བར་རྟོགས་པས་ཆོས་ཐམས་ཅད་རྟོག་པའི་དཔེ་སྟོན་པ་ནི། གཅིག་ཟོས་པས་ནི་གཞན་ཀུན་ཚིམ། །ཞེས་པ་སྟེ། དེ་ལ་གཅིག་ནི་རྣམ་ཤེས་སོ། །ཟོས་པས་ནི་བདེ་བའི་རོས་བསྒྱུར་བའོ། །གཞན་ཀུན་ནི་ཕུང་པོ་བཞིན་ནོ། ། [278a.3]ཚིམ་པ་ནི་བདེ་བའི་རོས་ཚིམ་པའོ། །ཡང་ན་གཞན་ཀུན་ཚིག་ཅེས་པ་སྟེ། དཔེར་ན་ཤིང་གཅིག་མེས་ཚིག་པས་འཕྲོས་ཟོས་ནས་གཞན་ནགས་ཚལ་ཚིག་པ་བཞིན་དུའོ། །ལྷན་སྐྱེས་དེ་ངོ་མ་ཤེས་ན་བཙལ་བས་མི་རྙེད་པར་བསྟན་པ་ནི། ཕྱི་རོལ་སོང་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཕྱི་རོལ་སོང་ནས་ཞེས་པ་ནི་རང་ལ་ [278a.4]ཡོད་པ་ངོ་མ་ཤེས་པར་རོ། །ཁྱིམ་བདག་ནི་ལྷན་སྐྱེས་སོ། །ཚོལ་བ་ནི་བཙལ་བས་མི་རྙེད་པ་ཞེས་པའོ། །དེ་ཉིད་བཤད་པས་ནི་འོན་ཀྱང་མ་མཐོང་ཞེས་པ་ལ་སོགས་པ་སྨོས་ཏེ་གོ་སླའོ། །གང་གིས་ [278a.5]རྙེད་སྙམ་ན་རྦ་རླབས་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྦ་རླབས་མེད་པ་ནི་རྟོག་མེད་དོ། །རྟོག་པ་ནི་སྡུག་བསྔལ་གྱི་རྙོག་པའོ། །དེ་དང་བྲལ་བ་ནི་བསམ་གཏན་རྣམ་པར་མི་རྟོག་པའི་བསྒོམ་པའོ། །བསམ་གཏན་དེ་ཉིད་ཀྱི་དཔེ་བསྟན་པ་ནི་ཆུ་དང་ཞེས་པ་ལ་སོགས་པ་སྨོས་ཏེ། [278a.6]ཆུ་དངས་པ་དང་མར་མེ་རང་གསལ་བ་བཞིན་དུ་རྟོག་པས་མ་བསླད་པར་ཞོག་ཅེས་པའོ། །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ། །ཞེས་པ་ནི་དེའི་ཚེ་སྤྱོད་ལམ་གང་ཡང་མི་དགག་པར་བཞག་པའོ། །དེ་ཡང་དགྱེས་པའི་རྡོ་རྗེ་ལས། ཡིད་ཀྱི་དག་པར་མི་བྱ་ཞིང་། །དབང་ [278a.7]པོ་རྣམས་ནི་དགག་མི་བྱ། །ཞེས་གསུངས་སོ། །ད་ནི་སྟོང་པའི་གཟུགས་དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར་སྔོན་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མི་ཞིག་རྨི་ལམ་ན་གཞོན་ནུ་མ་དང་ཉལ་བར་རྨིས་ན། དེ་ནི་རང་གི་སེམས་ཉིད་དེར་སྣང་བ་སྟེ་ [278b] [278b.1]ལོག་ན་མེད་དོ། །དེ་བཞིན་དུ་སྒྱུ་མའི་ལུས་འདི་རང་གི་སེམས་ཉིད་དེར་སྣང་བའོ། །ཡང་ན་རྨི་ལམ་གྱི་གཞོན་ནུ་མ་ལ་བརྟེན་པའི་བདེ་བ་ནི། གཞོན་ནུ་མ་དང་ཐ་མི་དད་དེ་རོ་གཅིག་པའོ། །དེ་བཞིན་དུ་རང་གི་སེམས་ནི་ཡུལ་ཅན་བདེ་བ་གཟུགས་ནི་ལུས་སྒྱུ་མའོ། །ཐ་ [278b.2]དད་མ་ལྟ་ཞིག་ཅེས་པ་ནི་བདེ་སྟོང་མཉམ་པར་གྱིས་ཞེས་པའོ། །དེ་ཡང་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་ཀྱང་། གཞོན་ནུ་མ་ཡི་པྲ་ལས་ནི། །སྔ་ན་མེད་པའི་གཟུགས་མཐོང་ངོ་། །ཞེས་བྱ་བ་གསུངས་པ་དང་། །བྱང་ཆུབ་པའི་རྒྱུད་ལས་ཀྱང་། །འཇའ་ཚོན་ལྟ་བུའི་ལུས་ [278b.3]ཉིད་ནི། །དེ་ཉིད་སྒོམ་པས་ཐོབ་པར་འགྱུར། །ཞེས་གསུངས་པ་དང་། ཀླུ་སྒྲུབ་ཀྱིས་ཀྱང་། འདི་ཉིད་རྫོགས་པའི་རིམ་པ་སྟེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དེ། །ཞེས་པས་སོ། །རང་གི་སེམས་ནི་གཟུགས་དང་ཞེས་པ་སྟེ། གཟུགས་དེ་ཉིད་གསལ་བར་སྟོན་པ་ནི་གལ་ཏེ་ [278b.4]ལུས་དང་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་གསུམ་དབྱེར་མེད་པ་ནི་སྟོང་པའི་གཟུགས་ཏེ། དེ་ཡང་ཧེ་བཛྲ་ལས། སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་གསུངས་པས་སོ། །ཡང་ན་འདིས་བདེ་བ་བསྟན་པ་ཡིན་ཏེ། ལུས་ངག་ཡིད་གསུམ་གྱི་རྟོག་པ་འགག་པ་ [278b.5]ནི་ལྷན་སྐྱེས་ཀྱི་དགའ་བའོ། །སྟོང་པ་ཉིད་རྟོག་པ་ནི་ཡུལ་སྣང་བ་ཐམས་ཅད་ཐུག་ཕྲད་དུ་སྟོང་པར་མཐོང་བར་བསྟན་པ་ནི། ཁྱིམ་བདག་ཅེས་པ་ལ་སོགས་པ་སྟེ། དཔེར་ན་ཁྱིམ་བདག་ཕོ་མོ་བག་ཚ་མེད་པར་ལོངས་སྤྱོད་པ་བཞིན་སྟོང་པར་བརྟག་མི་དགོས་པར་ཡུལ་དུ་ [278b.6]སྣང་བ་རྣམས་སྤྱོད་པའོ། །ཡང་ན་རྟོག་མེད་དུ་ཡུལ་ལ་སྤྱོད་པའི་དཔེ་བསྟན་པའོ། །ད་ནི་གོང་གི་དོན་དེ་དག་བསྟན་ཀྱང་། གཞན་གྱིས་མི་གོ་བར་བསྟན་པ་ནི། ང་ཡིས་ཞེས་པ་ལ་སོགས་པ་སྟེ། ང་ཡིས་རྩེད་མོ་བྱས་པ་ལ། །ཞེས་པ་ནི་སྨྱོན་པའི་ཚིག་ཏུ་སྨྲས་པ་ལའོ། ། [278b.7]བྱིས་པ་རྣམས་ནི་ཤ་ཐང་ཆད་དེ་མི་རྟོག་པ་ཞེས་པའོ། །མེ་ནི་སྤྲ་བ་ཉིད་ལ་འབར། །ཞེས་པ་ནི་རང་ཁོ་ནས་རྟོགས་པར་ཟད་ཅེས་པའོ། །ཡང་ན། །ང་ཡིས་རྩེད་མོ་བྱས་པ་ལ། །བྱིས་པ་རྣམས་ནི་ཤ་ཐང་ཆད། །ཅེས་ང་ནི། ལྷན་ཅིག་སྐྱེས་པ་ང་ཡིས་རྩེད་མོར་བྱས་པ་ནི། རྣམ་ [279a] [279a.1]པར་འཕྲུལ་པ་ལ་བྱིས་པ་མ་རྟོགས་པ་རྣམས་འཁོར་བར་ཁྲིད་པའོ། །མེ་ནི་སྤྲ་བ་ཉིད་ལ་འབར། །ཞེས་པ་ནི་མཁས་པ་རྣམས་ནི་རྟོགས་པའི་སྤྲ་བ་དེ་ཉིད་ལ་མེ་ཡེ་ཤེས་འབར་བའོ། །དེ་ལྟར་བཅིངས་པ་བསྟན་ནས། ད་ནི་བྱང་ཆུབ་སེམས་མ་ [279a.2]བཅིངས་ན་མི་འགྱུར་བའི་བདེ་བ་མེད་ལ། དེ་མེད་ན་སངས་རྒྱས་མི་འབྱུང་བས་མི་འགྱུར་བའི་བདེ་བ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་བཅིངས་པ་བསྟན་པ་ནི། ཨེ་མ་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་ན་ནི་ཡོད་མ་ཡིན་ཞེས་པ་ནི། །གཞན་ཡིན་ནམ་འོན་ཏེ་ [279a.3]རང་ཡིན་ཞེས་པའོ། །འོན་ཏེ་གཞན་ན་གནས་སམ་ཅི་ཞེས་པ་ན། གཞན་ན་ཡོད་དམ། འོན་ཏེ་རྟག་ཏུ་ཡོད་ཅེས་པའོ། །ལན་དུ་རྣལ་འབྱོར་འདི་ནི་དཔེ་དང་བྲལ་བ་སྟེ་ཞེས་པ་ནི། ཡོད་མིན་མེད་མིན་ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་དང་བྲལ་བའོ། །དེ་གང་ལས་བྱུང་ [279a.4]ཞིང་རང་བཞིན་ཇི་ལྟ་བུ་ཞེ་ན། བདག་པོ་ཟ་ཞིང་རང་བཞིན་མཛེས། །ཞེས་སྨོས་ཏེ། བདག་པོ་ཟ་ཞེས་པ་ནི་ཡེ་ཤེས་ཀྱི་རླུང་ངོ་། །རང་བཞིན་མཛེས་ཞེས་པ་ནི། །དེ་དག་ནི་སྒྱུ་མའི་རྣམ་པ་ཡིད་དུ་འོང་བའོ། །དེས་ཅི་བྱེད་ན་ཆགས་པའི་ཡུལ་གྱིས་གང་བའི་སེམས་དེ་ [279a.5]ཉིད་ཅེས་སྨོས་ཏེ། ཆགས་པའི་ཞེས་པ་ཟག་བཅས་ཀྱི་བདེ་བའོ། །ཡུལ་གྱིས་གང་བ་ནི་ཡུལ་ཡིད་དུ་འོང་བའི་བདེ་བའོ། །སེམས་ཉིད་དེ་ཞེས་པ་ནི་རྟོག་པའི་བདེ་བ་སྟེ་སྤོང་བའོ། །ཇི་ལྟར་སྤོང་ཞེ་ན། ཆགས་དང་ཆགས་བྲལ་བྱས་ནས་གཉུག་མར་ཞུགས། ། [279a.6]ཞེས་སྨོས་ཏེ། དེ་ལ་ཆགས་པ་ནི་དཔྲལ་བར་གནས་པའོ། །ཆགས་བྲལ་ནི་ཐིག་ལེ་མཁའ་ལ་ལྟུང་བའོ། །བྱས་ནས་ཞེས་པ་ནི་ཕབ་ལམ་སྤྲོ་བ་ནི་རོ་མཉམ་པའོ། །གཉུག་མར་ཞུགས་པ་ནི་དེ་ལས་འབྲས་བུའི་ལྷན་སྐྱེས་སུ་འགྱུར་བའོ། །སྒྱུ་མའི་རྣལ་འབྱོར་མ་དེ་ [279a.7]ཐབས་ཅིས་མཐོང་ཞེ་ན། སེམས་ཉམས་པས་ན་རྣལ་འབྱོར་མ་ངས་མཐོང་། །ཞེས་སྨོས་ཏེ། སེམས་ཉམས་པ་ནི་གཟུང་འཛིན་གྱི་རྟོག་པ་འགགས་ན། རྣལ་འབྱོར་མས་ནི་སྒྱུ་མའི་རང་བཞིན་མཐོང་ངོ་། །ཟ་ཞིང་མཐོང་ལ་བསམ་པའང་མེད། །ཅེས་པ་ནི་བསམ་པ་ [279b] [279b.1]འདི་གཉིས་ཙམ་ལས་མ་གཏོགས་པ་གཞན་སྤངས་ལ་བསྒོམ་པར་བྱའོ་ཞེས་པའོ། །དེའི་ཚེ་སེམས་ལ་སྣང་བ་རྣམས་ཇི་ལྟར་ལྟ་སྙམ་པ་ལ། གྲོགས་མོ་འདི་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། རང་གི་སེམས་ལ་སྣང་བའི་ཕྱི་རོལ་ཐ་དད་དུ་རྟོགས་ན་སྡུག་བསྔལ་གྱིས་འཛིན་ནོ་ཞེས་པའོ། ། [279b.2]སྒྱུ་མའི་རྣལ་འབྱོར་འདི་ནི་དཔེ་དང་བྲལ། །ཞེས་པ་ནི། སེམས་ལ་གང་སྣང་བ་དེ་སེམས་སྒྱུ་མའི་སྣང་བར་ལྟའོ། །བྱ་བ་འདི་ཙམ་ཞིག་ཏུ་རབ་བསམས་ལ། ཞེས་པ་ནི། སྣང་བའི་བྱ་བ་སྒྱུ་མ་ཙམ་དུ་བྱ་བའོ། །རྩོམ་པ་གང་ལ་དབྱེར་མེད་པ་ཡི་བློ། །ཞེས་པ་ནི། །རྩོམ་རྒྱུ་མེད་པས་རྩོལ་ [279b.3]པ་སྤངས་ལ་གློད་ལ་བཞག་པའོ། །ས་གསུམ་གང་དུ་དྲི་མ་མེད། །ཅེས་པ་ནི་དེས་ལུས་ངག་ཡིད་གསུམ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བཅིང་པའི་ཐབས་སྟོང་པ་ཉིད་བསྟན་ནས། ད་ནི་དེས་ཇི་ལྟར་འཆིང་བའི་དཔེ་བསྟན་པའི་ཕྱིར་ཟླ་བ་ཆུ་འཛག་ཅེས་པ་ལ་སོགས་པ་ [279b.4]གསུངས་ཏེ། ཟླ་བ་ཆུ་འཛག་ནོར་བུ་རང་དབང་མེད། །ཅེས་པ་ནི་དཔེར་ན་ཆུ་ཤེལ་ནི་ཟླ་བའི་འོད་དང་ཕྲད་ནས་རང་དབང་མེད་པར་འཛག་པའོ། །ཐབས་ཀྱིས་རྒྱལ་སྲིད་ཀུན་ལ་དབང་སྒྱུར་བ། །ཞེས་པ་ནི། དཔེ་དེ་བཞིན་དུ་སྟོང་པའི་ཐབས་ཀྱིས་རྒྱལ་སྲིད་ཀུན་ནི་མི་འགྱུར་བའི་བདེ་བའོ། །དབང་སྒྱུར་བ་ནི་ཇི་ [279b.5]ལྟར་འདོད་པ་རང་དབང་དུ་བྱེད་པའོ། །སེམས་ཉིད་དེ་ནི་གྲུབ་པའི་རྣལ་འབྱོར་མ། །ཞེས་པ་ནི་ཤེས་རབ་སྟོང་པའོ། །ལྷན་སྐྱེས་པའི་ཐབས་བདེ་བའོ། །སྡོམ་པར་ཤེས་པར་བྱ་ཞེས་པ་ནི་དེ་གཉིས་རོ་མཉམ་དུ་སྡོམ་པར་ཤེས་པར་བྱའོ། །ད་ནི་མི་འགྱུར་བའི་བདེ་བའི་མཚན་ [279b.6]ཉིད་བསྟན་པའི་ཕྱིར། །ཡི་གེ་པའི་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཡི་གེ་ཐ་སྙད་དམ་བརྡའམ་མཚན་མའོ། །འགྲོ་བ་མ་ལུས་ཞེས་པ་ནི་འགྲོ་བ་ཐམས་ཅད་དོ། །ཡི་གེ་མེད་པ་གཅིག་ཀྱང་མེད། །ཅེས་པ་ནི། སེམས་ཅན་ལ་མཚན་མ་མེད་པ་གང་ཡང་མེད་དོ། །ཇི་སྲིད་ཡི་གེ་ [279b.7]མེད་གྱུར་པ། །ཞེས་པ་ནི་མཚན་མའི་རྟོག་པ་འགགས་ན་ཞེས་པའོ། །དེ་སྲིད་ཡི་གེ་རབ་ཏུ་ཤེས། །ཞེས་པ་ནི། མཚན་མ་འགག་ན་ཐ་སྙད་ཀུན་ཤེས་པའོ། །ཡི་གེ་མེད་པ་ཡི་གེ་ཡིན། །ཞེས་པ་ནི། བརྡ་ཡི་གེ་སྟེ་བརྡ་མེད་ན་ཡི་གེ་ཨ་སྟེ་སྟོང་པའི་གཟུགས་སུ་རིག་ཅེས་པའོ། [280a] [280a.1]ཡང་ན་དེ་སྲིད་ཡི་གེ་རབ་ཏུ་ཤེས། །ཞེས་པ་ནི། ཡི་གེ་ནི་ཨཀྵ་སྟེ་མི་འགྱུར་བའི་བདེ་བ་ཤེས་པའོ། །ཡི་གེ་གང་ཞེ་ན། ཡི་གེ་མེད་པ་ཡི་གེ་ཡིན། །ཞེས་སྨོས་ཏེ། ཡི་གེ་ནི་རྟོག་པ་སྟེ་མེད་པའོ། །ཡི་གེ་ཡིན་ཞེས་པ་ནི། མི་རྟོག་པའི་བདེ་བའོ། །དང་པོའི་སངས་རྒྱས་ [280a.2]ལས་ཀྱང་། མི་འགྱུར་ལས་སྐྱེས་འགྱུར་བ་སྤངས་པའི་བདེ་བ་ཉིད། །ཅེས་གསུངས་སོ། །ཕྱི་རོལ་པའི་ཡི་གེ་ལ་ཞེན་པ་དགག་པའི་ཕྱིར། ཅོལ་མེད་རིག་བྱེད་འདོད་པ་ཉམས། །ཞེས་པ་ནི། དེས་དོན་དམ་པའི་ཨོཾ་ཞེས་འདོན་པ་དེ་ཉམས་པ་སྟེ། འཁོར་བར་སྡུག་བསྔལ་བར་ [280a.3]འགྱུར་རོ། །དེ་ལྟར་ཡི་གེ་མེད་ན་ཡང་། །རང་གི་ལུས་ལ་རང་བཞིན་གྱིས་གནས་པས་རྟོགས་སུ་རུང་བར་བསྟན་པའི་ཕྱིར། དམ་པ་སོགས་དང་ཞེས་པ་ལ་སོགས་པ་སྨོས་ཏེ། དམ་པ་སོགས་དང་ཅིག་ཤོས་མི་ཤེས་ན། །ཞེས་པ་ལ། ཅིག་ཤོས་ནི་སྟོང་གཟུགས་ཏེ་མི་ཤེས་པ་ནི་མ་ [280a.4]རྟོགས་ན་རྟོག་པ་རྣམས་ཀྱང་གང་ནས་སྐྱེ་བ་དང་གནས་པ་དང་། གང་དུ་འགག་པ་མི་ཤེས་སོ། །དེ་ཤེས་ན་ཇི་ལྟར་ཕྱི་རོལ་གྱི་རྟོག་པ་དེ་བཞིན་དུ་ནང་སྟེ་སྟོང་གཟུགས་སོ། །བཅུ་བཞི་པའི་ས་ལ་གནས་ཞེས་པ་ནི། སྙིང་གའི་དབུས་ན་གནས་པའོ། །དེ་ནི་གཟུགས་མེད་ཀྱང་ལུས་སུ་ [280a.5]གནས་པའོ། །གང་གིས་དེ་ཤེས་པའི་མི་དེ་གྲོལ་བར་འགྱུར་རོ། །ཡང་ན་བདེ་བ་དང་སྦྱར་ན་ཅིག་ཤོས་བདེ་བའོ། །གང་ནས་ཤར་བ་ནི་དཔྲལ་བ་ནས་སོ། །གང་དུ་ནུབ་པ་ནི་ནོར་བུ་འདས་པའོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་པ་ནི། ཤུ་ཀྲ་དེ་ནི་ཕྱི་རོལ་གྱི་ཟླ་བ་ནི་ཚེས་གཅིག་ [280a.6]ཤར་བའི་ཡར་ངོ་ནས་ཚེས་བཅོ་ལྔ་ཉ་གང་བའོ། །མར་ངོའི་ཚེས་གཅིག་ཤར་ནས་གནམ་སྟོང་ལ་ཟླ་བ་ཟད་པའོ། །དེ་བཞིན་དུ་ཤུ་ཀྲ་ཡང་དཔྲལ་བར་དཀར་པོའི་ཚེས་གཅིག་ཤར་ནས་ནོར་བུའི་ནང་དུ་ཉ་གང་བའོ། །དེ་ནས་ནོར་བུའི་གནས་ནས་བཅུ་དྲུག་གི་ཆ་ནག་པོའི་ཚེས་གཅིག་ [280a.7]ནོར་བུ་ཤར་ནས། གཙུག་ཏོར་དུ་གནམ་སྟོང་རྫོགས་པའོ། །བཅུ་བཞི་པའི་ས་ལ་གནས་ཞེས་པ་ནི་རང་བཞིན་གྱིས་གནས་ལུགས་ཏེ། གོ་བཟློག་པ་ནི་ལམ་དུ་འགྲོ་སྟེ། ཤུ་ཀྲ་དེ་འཕོ་བའི་བག་ཆགས་སྤང་བ་ནི་ཁ་གྱེན་དུ་བལྟས་ནས་འཁོར་ལོ་དྲུག་དང་བར་དུ་དྲུག་སྟེ་བཅུ་གཉིས་ [280b] [280b.1]རིན་པོ་ཆེའི་འཁོར་ལོ་དང་། བར་ཊ་ཀ་རྟོག་མེད་ཀྱི་ས་སྟེ་བཅུ་བཞིར་རིམ་གྱིས་འགྲིམས་ནས་ས་བཅུ་དག་པར་འགྱུར་རོ། །དེ་ཡང་ཧེ་བཛྲ་ལས། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །དེ་ཡི་ཆ་ནི་རྣལ་འབྱོར་མ། །གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པ་ཀུན་གྱི་ལྷག་མ་སྤང་། །ཞེས་ [280b.2]གསུངས་སོ། །ལུས་མེད་ལུས་ལ་གནས་པ་ནི། །དེ་ཡི་དབང་གིས་མ་སྐྱེས་པ་སྟེ། དེ་ཡང་ཧེ་བཛྲ་ལས། ལུས་གནས་ལུས་ལས་མེ་སྐྱེས་པའོ། །ཞེས་གསུངས་པས་སོ། །གང་གིས་དེ་ཤེས་དེ་ཡིད་གྲོལ། །ཞེས་པ་ནི། ས་བཅུ་བགྲོད་པའི་ཡེ་ཤེས་དེའོ། །བདེ་བ་དེ་ [280b.3]གང་ལས་ཇི་ལྟར་བྱུང་སྙམ་ན། །ང་ཡིས་སྒྲུབ་པའི་ཡི་གེ་དང་པོ་བཏོན། །ཞེས་པ་ལ་སོགས་པ་གསུངས་ཏེ། སྒྲུབ་པའི་ཡི་གེ་དང་པོ་ནི་སྟོང་གཟུགས་སོ། །བཏོན་པ་ནི་རིག་པའོ། །ཁུ་བ་འཐུངས་པས་ང་ནི་བརྗོད་པར་གྱུར། །ཞེས་པ་ནི། སྟོང་པའི་དྲིན་གྱིས་ཁུ་བ་འཐུངས་ [280b.4]པ་ནི། །འཕོ་བ་སྤངས་པས་ང་ནི་བརྗེད་པར་གྱུར། །ཞེས་པ་ནི། སེམས་ཀྱི་རྟོག་པ་འགགས་པ་ནས་བདེ་བར་གྱུར་པའོ། །དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། གང་གིས་ཞེས་པ་ལ་སོགས་པ་གསུངས་སོ། །ཡི་གེ་གཅིག་ཅེས་པ་ནི་མི་འགྱུར་བའི་བདེ་བའོ། །ཡང་ན་ཨ་སྟེ་སྟོང་ [280b.5]གཟུགས་སོ། །དེ་ཡི་མིང་ནི་མི་ཤེས་སོ། །ཞེས་པ་ནི། མཚན་མའམ་འདུ་ཤེས་ཀྱི་ཆོས་ནུབ་པའོ། །ནགས་ཁྲོད་གསུམ་ནི་ལུས་ངག་ཡིད་གསུམ་མོ། །ཡི་གེ་གཅིག་ནི་ཨཱ་སྟེ་གཞོམ་མེད་དོ། །ཡི་གེ་གསུམ་གྱི་དབུས་ན་ལྷ། །ཞེས་པ་ནི། རླུང་དག་དགུག་རེངས་གསུམ་ནི་ཡི་གེ་ཨོཾ་ཨཱཿཧཱུཾ་གསུམ་ [280b.6]གྱིས་གཞོམ་མེད་དག་གི་དབུས་ན་ལྷ་སྟོང་གཟུགས་སུ་འགྱུར་རོ། །གང་ཞིག་གསུམ་ལ་བབ་པ་ནི། །ཞེས་པ་ནི་ལུས་ངག་ཡིད་གསུམ་ལས་འབྱུང་བའི་ཆགས་པ་དེ་སྟོང་པའི་དྲིན་གྱིས་གདོལ་བའི་རིག་བྱེད་ཅེས་པ་ནི་རྟོག་མེད་དགའ་བ་བཞི་ [280b.7]འཆར་བའོ། །དེ་ལྟར་ཟག་མེད་ཀྱི་བདེ་བ་བསྟན་ནས་ཟག་བཅས་འགྱུར་བའི་བདེ་བ་སྤང་བའི་ཕྱིར། མ་ལུས་རང་བཞིན་མི་ཤེས་གང་། །ཞེས་པ་ནི་འོད་གསལ་གྱི་རང་བཞིན་མི་ཤེས་པས། ཀུན་དུ་རུ་ནི་ལས་རྒྱས་པས། །བདེ་ཆེན་ནི་ཟག་མེད་ཀྱི་བདེ་བའོ། །ཇི་ [281a] [281a.1]ལྟར་སྐོམ་པས་སྨིག་རྒྱུར་བསྙག་པ་བཞིན། །སྐོམ་ནས་འཆི་སྟེ་ནམ་མཁའི་ཆུ་རྙེད་དམ། །ཞེས་པ་ནི་བདེ་བའི་རྣམ་པ་འདྲ་ཡང་དོན་མི་འདྲ་བ་ལ་འདྲ་བར་འཁྲུལ་ནས་སྐོམ་པར་འཆི་སྟེ། སྡུག་བསྔལ་གྱིས་བཟུང་ནས་བདེ་ཆེན་མི་རྙེད་དོ། །ཅི་སྟེ་མི་རྙེད་ཅེ་ན། [281a.2]རྡོ་རྗེ་པདྨ་གཉིས་ཀྱི་བར་གནས་པ། །ཞེས་གསུངས་ཏེ། རྡོ་རྗེ་དང་པདྨ་གཉིས་ཀྱི་བར་དུ་གནས་པའི་བདེ་བའོ། །བདེ་བ་གང་གིས་རྣམ་པར་བསྐྱེད་པ་ནི། །ཞེས་པ་ནི་དེ་གཉིས་བདེ་བར་རྣམ་པར་རང་མཐུན་ཡང་ཞེས་པའོ། །ཅི་སྟེ་དེ་སྙེད་ནུས་པ་མེད་པས་ན། །ཞེས་པ་ནི་ཟག་ [281a.3]མེད་ཀྱི་བདེ་བ་དེ་སྐྱེས་པའི་ནུས་པ་མེད་པས་ན། ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། །ཞེས་པ་ནི་ལུས་ངག་ཡིད་གསུམ་པོ་དེ་ཇི་ལྟར་འདག་ཅེས་པའོ། །ཡང་ན་རྡོ་རྗེ་པདྨའི་བདེ་བ་དེ་མེད་ན་ཡང་། ཟག་མེད་ཀྱི་བདེ་བ་ཇི་ལྟར་སྐྱེས་ཞེས་པའོ། །ཀུན་དུ་རུའི་བདེ་བ་དེ་ཅི་སྟེ། [281a.4]རྣལ་མའི་བདེ་བ་མ་ཡིན་ཞེ་ན། ཐབས་ཀྱི་བདེ་བ་སྐད་ཅིག་མ། །ཞེས་པ་གསུངས་ཏེ། སྐད་ཅིག་མ་ཡིན་པ་དང་། ཡང་ན་དེ་ཉིད་གཉིས་སུ་འགྱུར་བ་སྟེ། །ཞེས་པ་ནི་ཤེས་རབ་མ་ལས་སྐྱེས་པའི་ཡེ་ཤེས་དེ་ཤེས་རབ་ཡེ་ཤེས་ཡིན་ན། ཐབས་ལས་སྐྱེས་པའི་ཡེ་ཤེས་ཀྱང་ཤེས་རབ་ [281a.5]ཐབས་ཀྱི་ཡེ་ཤེས་སུ་འགྱུར་རོ། །བླ་མའི་དྲིན་གྱིས་སླར་ཡང་ནི། །བརྒྱ་ལམ་འགའ་ཡིས་ཤེས་པར་འགྱུར། །ཞེས་པ་ལ། སླར་ཡང་ཞེས་པ་ནི་ཤེས་རབ་ཡེ་ཤེས་དེ་སེམས་ཅན་ཀུན་ལ་སྐྱེ་ཡང་ཐིག་ལེ་གསུམ་པའི་མཐར་སྐྱེས་པའི་ལྷན་ཅིག་སྐྱེས་པ་ངོ་ཤེས་པ་ནི་བརྒྱ་ལམ་ན་འགའ་ [281a.6]ཙམ་གྱིས་ཤེས་པར་འགྱུར་བའོ། །དེ་བས་ན་སླར་ཡང་ཞེས་པ་ནི་ཕྱི་ནས་ཏེ་ཐིག་ལེ་གསུམ་གྱི་མཐར་རོ། །ད་ནི་བདེ་སྟོང་ཟུང་དུ་འཇུག་པ་བསྟན་པའི་ཕྱིར། གྲོགས་དག་ཅེས་པ་ལ་སོགས་པ་སྨོས་ཏེ། གྲོགས་དག་ནི་བོད་པའོ། །ཟབ་མོ་ནི་བདེ་བའོ། རྒྱ་ཆེ་བ་ནི་སྟོང་པའོ། །གཞན་ [281a.7]མིན་ནི་ཐ་དད་མིན་པའོ། །བདག་ཉིད་མ་ཡིན་པ་ནི་གཅིག་ཉིད་ཀྱང་མ་ཡིན་ཏེ། གཉིས་མ་གྲུབ་པས་སོ། །ཡང་ན་སྟོང་པ་ཉིད་ཅེས་གཅིག་པུ་ལ་སྦྱར་ཏེ་ཟབ་པ་ནི་རྟོགས་དཀའ་བས་སོ། །རྒྱ་ཆེ་བ་ནི་སྟོང་ཉིད་གཅིག་པུ་རྟོགས་ན་ཆོས་ཀུན་རྟོགས་པའོ། །གཞན་མིན་ནི་རང་ [281b] [281b.1]གིས་རིག་པས་སོ། །བདག་ཉིད་མིན་ནི་རྟོགས་པའི་བདག་ཉིད་མ་ཡིན་པའོ། །དེ་ལྟ་བུ་དེ་དུས་ནམ་སྐྱེ་ན། །ལྷན་ཅིག་སྐྱེས་དགའ་བཞི་པའི་དུས། །ཞེས་པ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཞི་པའི་དུས་ཏེ། སྣང་བ་གསུམ་ལ་ལྟོས་པའི་བཞི་པའི་དུས་ [281b.2]ཀྱི་འོད་གསལ་གྱི་ངོ་བོ་ཉིད་དོ། །གཉུག་མ་ཉམས་སུ་མྱོང་བས་ཤེས། །ཞེས་པ་ནི། དུས་རྟག་ཏུ་ཡོད་པའི་ལྷན་ཅིག་སྐྱེས་པ་དེའོ། །དེ་ཤར་བའི་ཡོན་ཏན་བསྟན་པའི་ཕྱིར། །མུན་ནག་ཅེས་པ་ལ་སོགས་པ་སྨོས་ཏེ། བདེ་བ་ཆེན་པོའི་དུས་ཇི་ལྟར་མུན་པས་གཡོགས་པ་ལ། ཟླ་ [281b.3]བ་ཤར་བས་མུན་པའི་ཚོགས་དུས་གཅིག་ལ་འཇོམས་པ་ལྟར་བདེ་བ་ཆེན་པོ་ཤར་བའི་དུས་གཅིག་ན། སྡིག་པ་མ་ལུས་ཕམ་པར་བྱེད། །ཅེས་པ་སྟེ། རྟོག་པ་ཐམས་ཅད་འཇོམས་པར་བྱེད་དོ། །སྡུག་བསྔལ་སྣང་བྱེད་ན་རྟོག་པ་ནུབ་པའོ། །སྒྲོལ་པའི་བདག་པོ་ནི་ [281b.4]མེ་རྟོག་པའི་ཡེ་ཤེས་སོ། །བཟའ་དང་མཉམ་དུ་ཤར་ཞེས་པ་ནི། ནང་གི་བཟའ་ཡེ་ཤེས་ཀྱི་རླུང་དང་དུས་གཅིག་ཏུ་ཤར་བའོ། །ངེས་ཅིར་འགྱུར་ཞེ་ན། འདི་ལྟར་གནས་པས་སྤྲུལ་པ་སྤྲུལ་པ་དང་། །ཞེས་པ་ནི་སྤྲུལ་པ་འབྱུང་བ་དང་། དེ་ནི་དཀྱིལ་འཁོར་འཁོར་ལོ་དམ་ [281b.5]པའོ། །ཞེས་པ་ནི་མ་བཅོས་པའི་དཀྱིལ་འཁོར་རོ། །ཀྱེ་མ་ཧོ་ཞེས་པ་ནི་ཅི་ཡང་བོད་པའོ། །དེས་ཅི་ལྟར་འགྱུར་སེམས་ཀྱི་ཞེས་པ་ནི། རང་གི་སེམས་ཀྱིས་སོ། །སེམས་ལ་ཞེས་པ་ནི་རང་བཞིན་རྟོག་མེད་ཅི་ཡང་མ་ཡིན་པ་ལ། རྟོག་ཅེས་པ་ནི་དེ་ལ་སེམས་བཞག་ [281b.6]པའོ། །ལྟ་བ་ངན་པ་ཐམས་ཅད་ལས་གྲོལ་ཞེས་པ་ནི་ཅི་ཡང་མ་ཡིན་ན་སྒྲོ་འདོགས་སྐུར་འདེབས་ཀུན་ལས་གྲོལ་བར་འགྱུར་རོ། །མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ནི། །ཞེས་པ་ནི། མཆོག་ཏུ་བདེ་བ་ཆེན་པོ་ནི་ཟག་མེད་ཀྱི་དགའ་བ་སྟེ། དེའི་དབང་གིས་ནི་མཐུས་སོ། །དངོས་ [281b.7]གྲུབ་དམ་པ་ནི་སངས་རྒྱས་ཀྱི་གོ་འཕང་གྲུབ་པའོ། །དེ་ལྟར་བདེ་སྟོང་དབྱེར་མེད་ཀྱི་ཡོན་ཏན་བསྟན་ནས། ད་ནི་སྟོང་པ་དང་བདེ་བ་ལ་སེམས་བཞག་པའི་ཐབས་བསྟན་པའི་ཕྱིར། སེམས་ཀྱི་གླང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་གླང་པོ་ཡན་དུ་ཆུག ། [282a] [282a.1]ཅེས་པ་ནི། ནན་ཚིར་དུ་མི་དགག་ཅེས་པའི་དོན་ཏོ། །ད་ནི་བདག་ཉིད་ལ་དྲིས་ཤིག་ཅེས་པ་ནི། སེམས་རང་ལུགས་སུ་ཞོག་ཅིག་ཅེས་པའོ། །དེ་ལ་རྟོགས་པས་མ་དྲིས་ཅིག །ཅེས་པ་ནི། འདིའི་ཚེ་མཚན་མ་ཡིད་ལ་མི་བྱའོ། །ད་ནི་སེམས་བདེ་བ་ལ་ [282a.2]བཞག་པའི་ཐབས་བསྟན་པའི་ཕྱིར་ནམ་མཁའི་རི་བོ་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ནམ་མཁའ་ནི་སྤྱི་བོའོ། །རི་བོ་ནི་ལུས་སོ། །ཆུ་འཐུང་ནི་ཤུ་ཀྲའི་བདེ་བ་མྱོང་བའོ། །དེའི་འགྲམ་དུ་ཞོག་ཅེས་པ་ནི། གཉུག་མའི་དབང་པོའི་རྩར་བཞག་པའོ། །རང་དགའ་བས་ནི་ཅི་བདེ་ [282a.3]བག་ཡངས་སུའོ། །ཇི་ལྟར་གཞག་སྙམ་པ་ལ་ཡུལ་གྱི་དབང་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། ཡུལ་གྱི་ཞེས་པ་ནི་ཕྱི་རོལ་གྱི་གླང་པོ་ཆེ་རྒྱལ་པོའི་ལག་པས་ཁྲིད་ནས་ཇི་ལྟར་བསྐྱོད་པར་སྣང་ཡང་ཞེས་པ་སྟེ། རང་གང་དགའ་བར་བསྐྱོད་པ་ལྟར་རྣལ་འབྱོར་པ་ཡང་སེམས་ཀྱི་གླང་པོ་ [282a.4]ལ་དབང་བྱེད་དོ། །རྣལ་འབྱོར་པ་ནི་གླང་པོ་བསྐྱོད་པ་བཞིན། །ཞེས་པ་ནི་མ་བསྒྲིམས་མ་གཏད་པས་སོ། །དེ་ཉིད་ནས་ནི་ལྡོག་པར་འགྱུར་བ་ཡིན། །ཞེས་པ་ནི་རང་ལོག་ཏུ་འགྱུར་བའོ། །དབྱེར་མེད་དུ་གཞག་པར་བྱ་བའི་ཐབས་བསྟན་པའི་ཕྱིར། གང་ཞིག་འཁོར་བ་ཞེས་པ་ལ་ [282a.5]སོགས་པ་སྨོས་ཏེ། གང་ཞིག་འཁོར་བ་དེ་ནི་མྱ་ངན་འདས་པར་ངེས། །ཞེས་བྱ་བ་ནི་འཁོར་བ་རང་ལ་ཐར་པའོ། །ཡུལ་གྱི་དབྱེ་བས་གཞན་དུ་སེམས་པ་མ་ཡིན་ཏེ་ཞེས་པ་ནི། ཡུལ་ལྔའི་དབྱེ་བས་ཕྱི་རོལ་ཏུ་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གཅིག་པ་ཞེས་པ་ལ་ [282a.6]སོགས་པ་སྨོས་ཏེ། རང་བཞིན་གཅིག་པ་ནི་ཡུལ་དང་ཡུལ་ཅན་ཐ་མི་དད་དུའོ། །དབྱེ་བ་རྣམས་སྤངས་པ་ནི་ཐ་དད་ཀྱི་དབྱེ་བ་སྤངས་པའོ། །དྲི་མེད་ནི་གཉིས་འཛིན་མེད་པའོ། །དབྱེར་མེད་ཀྱི་འཐད་པ་བསྟན་པའི་ཕྱིར་ཡིད་ཀྱི་དེ་ཉིད་ཅེས་པ་ལ་སོགས་པ་སྨོས་ཏེ། དམིགས་བཅས་ནི་ [282a.7]སྙིང་རྗེའོ། །དམིགས་མེད་ནི་སྟོང་པའོ། །གཉིས་ལ་སྐྱོན་ཡོད་ནི་མ་འདྲེས་ནའོ། །བདེ་བའི་རང་བཞིན་ནི་རོ་མཉམ་དུའོ། །རབ་ཏུ་བླ་མེད་རང་འབྱུང་བ། ཅེས་པ་ནི། གང་དང་ཡང་མ་འགྲོགས་པར་བྱུང་བའོ། །གཞན་ནི་གོ་སླའོ། །ད་ནི་གཉིས་མེད་ལ་གནས་པ་ཞེས་པ་ལ་གནས་ལ་ངེས་པ་མེད་པར་ [282b] [282b.1]བསྟན་པའི་ཕྱིར་ན། གསུམ་འགྲོ་ཞེས་པ་ལ་སོགས་པ་སྨོས་ཏེ། གང་ཡང་དེ་རུ་ཞེས་པ་ནི་ནགས་དང་ཁྱིམ་དུ་འོངས་ཞེས་པ་ནི་མཉམ་པར་རོ། །མ་ལུས་རྒྱུན་དུ་རྟོགས་པས་གནས། །ཞེས་པ་ནི་གཉུག་མའི་རང་བཞིན་ནོ། །གཞན་ནི་གོ་སླའོ། །དེ་ལ་གནས་པའི་ཡོན་ [282b.2]ཏན་བསྟན་པའི་ཕྱིར། དེ་ཚེ་དགྲའི་ཞེས་པ་ལ་སོགས་པ་སྨོས་ཏེ། མི་རྟོག་པ་དེ་རྟོགས་པའི་རིགས་ལ་མི་འཇུག་པས་ན། དགྲའི་རིགས་ལ་མི་འཇུག་པའོ། །འདི་ལྟར་དབྱེ་བ་ཡོངས་ཤེས་ན། །ཞེས་པ་ནི་བཟང་ངན་མཉམ་པར་རོ། །དབྱེ་བ་དེ་ནི་ཡོངས་སུ་འཆིང་དང་བྲལ་ [282b.3]བར་བྱས། །ཞེས་པ་ནི། གཉིས་ཀྱི་འདུ་ཤེས་སྤངས་པའོ། །ཐ་དད་དུ་སྣང་བ་དེ་ཉིད་ཇི་ལྟར་ཡིན་ཞེ་ན། ཇི་ལྟར་རྒྱ་མཚོ་མཐོང་ཕྱེ་བཞིན། །ཞེས་པ་ནི། ཆུ་དངས་པའི་ནང་དུ་བྱད་ཀྱི་གཟུགས་བརྙན་སྣང་བ་བཞིན་ནོ། །བདག་དང་གཞན་དུ་འཁྲུལ་པར་མ་བྱེད་དང་། །ཞེས་པ་ནི་ [282b.4]གཅིག་ལ་གཉིས་སུ་འཁྲུལ་པའོ། །དེ་ལྟར་ཐབས་ཀྱི་ལྷན་ཅིག་སྐྱེས་པ་བཞི་བསྟན་ནས། ད་ནི་འབྲས་བུའི་ལྷན་ཅིག་སྐྱེས་པ་རྒྱས་པར་བསྟན་པའི་ཕྱིར། ཐམས་ཅད་སྔ་ནས་མེད་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནི་ངོ་བོ་ཉིད་ཀྱིས་དག །ཅེས་པ་ [282b.5]ནི་ཡེ་ནས་སོ། །གཉིས་མེད་དུ་ནི་རོ་མཉམ་དུའོ། །མ་ལུས་ཁྱབ་པར་སོང་ནི་སེམས་ཅན་གྱི་དོན་དུའོ། །མིང་ནི་གཞན་ལ་ཕན་པའོ་ཞེས་པ་ནི། དོན་ལ་གཞན་མེད་ཅེས་བྱའོ། །སྣ་ཚོགས་དུ་མ་དང་ལྡན་ཞེས་པ་ནི། ཕྲིན་ལས་སྣ་ཚོགས་པའོ། །ལྷུན་གྱིས་གྲུབ་པ་ནི་མ་བཙལ་ [282b.6]བར་རོ། །ཕྱི་མའི་འབྲས་བུ་ནི་ཐམས་ཅད་ལའོ། །བདེ་བ་འདི་ནི་གཞན་པའི་སེམས་མི་མངོན་ནོ་ཞེས་པ་ནི་ཟག་བཅས་མིན་པའོ། །བཟློག་པའི་སྒོ་ནས་བསྟན་པའི་ཕྱིར། །སྟོང་པའི་སྡོང་པོ་དམ་པ་ཞེས་པ་ལ་སོགས་པ་སྨོས་ཏེ། སྟོང་པའི་སྡོང་པོ་མེད་ན་སྙིང་རྗེའི་ཡལ་འདབ་མེད་དོ་ [282b.7]ཞེས་པའི་དོན་ཏོ། །ད་ནི་དམིགས་པར་འཛིན་པའི་སྐྱོན་བསྟན་པའི་ཕྱིར། དེ་ལ་དམིགས་པར་བྱེད་པ་གང་ཡིན་པ། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དམིགས་པར་བྱེད་པ་ནི་གཉིས་མེད་དེ་ལ་རྟོག་པས་མཚན་མར་འཛིན་པའོ། །དེར་ལྷུང་བ་ནི་ཞེས་པ་མཚན་མར་འཛིན་པས་ [283a] [283a.1]ལྷུང་པའོ། །ཡན་ལག་ཆད་པར་འགྱུར་ཞེས་པ་ནི། འཁོར་བར་ཉོན་མོངས་པའོ། །མཚན་མེད་དུ་རྟོགས་པའི་ཡོན་ཏན་བསྟན་པའི་ཕྱིར། ས་བོན་ཞེས་པ་ལ་སོགས་པ་སྨོས་ཏེ། ས་བོན་གཅིག་པ་ནི་རང་གི་སེམས་སོ། །སྟོང་པ་གཉིས་ཞེས་པ་ནི་བདེ་སྟོང་གཉིས་ [283a.2]སོ། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །ཅེས་པ་ནི་རོ་མཉམ་དུའོ། །དེ་ཡང་དབྱེར་མེད་ནི་འདྲེས་པའོ། །གང་སེམས་པ་ནི་བསྒོམ་པའོ། །དེ་ནི་འཁོར་བ་དང་མྱ་ངན་ལས་འདས་པར་གྲོལ་ཞེས་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའོ། །དེ་ལྟ་བུའི་གང་ཟག་དེ་ལ་ [283a.3]འདོད་པ་ཅན་ནི་དོན་དུ་གཉེར་བའོ། །སློང་བ་པོ་འོངས་པའི་ཚེ། དེ་ནི་གལ་ཏེ་འགྲོ་ན་རེ་བ་མེད། །ཅེས་པ་ནི། འགྲོ་བ་གང་ལ་ཡང་ལན་ལ་རེ་བ་མེད་པར་སྟེར་བའོ། །རང་དོན་མེད་པར་གཞན་དོན་མི་འགྲུབ་པར་བསྟན་པ་ནི། ཁམ་ཕོར་དུམ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ [283a.4]སློང་མོ་པ་ནི། གཞན་གྱི་དོན་མི་བྱེད་པ་ནི་གཞན་ལ་ཕན་མི་འདོགས་པའོ། །འདོད་པ་པོ་ལ་མི་སྟེར་པ་ནི་སྦྱིན་པ་མི་གཏོང་བའོ། །འཁོར་བའི་འབྲས་བུ་གང་ཡིན་ལོ། །ཞེས་པ་ནི་འཁོར་བར་སྐྱེས་པ་དོན་མེད་དུ་བྱས་པའོ། །དེ་བས་རང་ཉིད་དོར་བར་བྱས་ན་རུང་། །ཞེས་པ་ནི་བདག་ [283a.5]དོན་དུ་གཉེར་བ་བོར་ན་རུང་ཞེས་པ་སྟེ་གཞན་དོན་བྱའོ་ཞེས་པའོ། །ཡང་ན་བདག་གཞན་གྱི་དོན་མེད་ཀྱང་མ་ཞེན་ན། འཁོར་བའི་ཉེས་པས་མི་གོས་པར་སྟོན་ཏེ། གཞན་གྱི་དོན་ནི་མི་བྱེད་པ་ཞེན་པ་ནི་ཕན་འདོགས་པའི་འདུ་ཤེས་མི་བྱེད་པའོ། །འདོད་པ་པོ་ལ་མི་སྟེར་བ་ནི་སྦྱིན་པའི་ [283a.6]ཞེན་པ་མེད་པའོ། །འཁོར་བའི་འབྲས་བུ་གང་ཡིན་ལོ། །ཞེས་པ་ནི། དེ་ལ་འཁོར་བས་མི་གོས་པའོ། །དེ་བས་རང་ཉིད་བོར་བར་བྱས་ན་རུང་། །ཞེས་པ་ནི་ངར་འཛིན་གྱི་ཞེན་པ་སྤངས་པའོ། །ཁམ་ཕོར་དུམ་བུ་ལ་སོགས་པ་ནི། དཔེར་ན་སློང་བ་པོ་ལ་བྱིན་པའི་ལན་མི་རེ་བ་བཞིན་དུ་ [283a.7]བལྟ་བར་བྱའོ་ཞེས་པའོ། །བླ་མའི་ཞལ་གྱི་བཀའ་དྲིན་གྱིས། །ཅུང་ཟད་སྙིང་པོའི་དོན་བཤད་པ། །བདག་གི་དགེ་བ་གང་བསགས་པས། །འགྲོ་ཀུན་སྙིང་པོའི་དོན་རྟོགས་ཤོག །དོ་ཧ་མཛོད་ཀྱི་དཀའ་འགྲེལ་སློབ་དཔོན་ཆེན་པོ་ཐར་པའི་འབྱུང་གནས་སྦས་པས་མཛད་པ་རྫོགས་ [283b] [283b.1]སོ།། །།རྒྱ་གར་གྱི་མཁན་པོ་རྒྱལ་བའི་ལྷ་དང་། རྒྱ་ལོ་ཙཱ་བས་བསྒྱུར་པའོ། །{T2259}༄༅༅། །རྒྱ་གར་སྐད་དུ། མུ་དྲཱ་ཙ་ཏུར་ཊཱི་ཀཱ་རཏྣ་ཧྲྀ་ད་ཡ་ནཱ་མ། བོད་སྐད་དུ། ཕྱག་རྒྱ་བཞིའི་རྒྱ་ཆེར་འགྲེལ་པ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ། བཅོམ་ལྡན་ [283b.2]འདས་སྨྲ་བའི་སྐྱེས་མཆོག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཡེ་ཤེས་རྟོགས་པར་དཀའ་བ་འབྱུང་བ་ལྔ་རང་བཞིན། །རྡོ་རྗེ་སྙིང་པོའི་སྙིང་པོ་ཡེ་ཤེས་སྙིང་གི་པདྨ་དག །མཆོག་གི་བྱིན་རླབས་དཀྱིལ་འཁོར་དམ་པ་འདི་ཉིད་གཙོར་གྱུར་པ། །བླ་མ་དམ་པ་ [283b.3]དག་ལས་སྙིང་པོ་ལེན་པའི་གཞི་ཡིན་ཕྱིར་ན་ལེགས་བཏུད་དེ། །ཨེ་བཾ་མ་ཡའི་བདག་ཉིད་ལས་དང་ཆོས་དང་ཕྱག་རྒྱ་ཆེ་དང་དམ་ཚིག་དང་། །གཉིས་མེད་སྦྱོར་བས་བདག་དོན་གཞན་དང་ངེས་པར་ཕུན་ཚོགས་པ། །སློབ་དཔོན་བློ་བཟངས་ལྟ་བུ་ལ་ནི་བདག་གིས་ལེགས་པར་བཤད་ [283b.4]པར་བྱ། །འདི་ནི་ཀུ་མུ་ཏའི་ཕྲེང་བ་ལྟ་བུར་རིགས་དང་ལྡན་པར་མཉམ་པར་རིགས། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་སྐྱོན་བཅས་པས། །བདག་ནི་མི་ཤེས་བླུན་གྱུར་ཏེ། །ངེས་འབྱེད་སྦྱངས་པར་མི་རིགས་ཀྱང་། །བླ་མ་དམ་པའི་བཀས་བསྐུལ་དང་། ། [283b.5]ལྔ་ཡི་རྟོགས་པ་ལྔ་སྐྱེས་ཕྱིར། །རྒྱུད་རྒྱལ་དག་དང་རྗེ་བཙུན་ལས། །མཐོང་བའི་དོན་འདི་བདག་གིས་བྲི། །འདི་ལ་ཉེས་འཁྲུལ་ཇི་སྙེད་པ། །རྗེ་བཙུན་མཆོག་དང་དཔའ་བོའི་ཚོགས། །བདག་བྱིན་རློབ་པའི་རྣལ་འབྱོར་མས། །བཟོད་པ་ཆེན་པོ་མཛད་པར་འོས། །དེ་ལ་བཅོམ་ [283b.6]ལྡན་འདས་དེ་བཞིན་གཤེགས་པ་གཉིས་སུ་མེད་པར་སྦྱོར་བ་ཧེ་རུ་ཀ། སྐུ་དང་གསུང་དང་ཐུགས་གསང་བ་ཟད་མི་ཤེས་པའི་ཡེ་ཤེས་མངའ་བདག་གིས། །རྒྱུ་སྨིན་པར་བྱེད་པའི་ཐབས་ལས་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གདོད་མ་ནས་གནས་པ་དག་ངེས་པར་བསྟན་ཏེ། [283b.7]དེ་ཡང་རྒྱུའི་རྒྱུད་ནི་སྒྲུབ་པ་པོ་རྟེན་གྱི་གང་ཟག །སྐལ་བ་རབ་ཀྱི་ཡང་རབ་དང་། །རབ་དང་འབྲིང་དང་ཐ་མ་དག་ལ་གོ་རིམས་སུ་བབ་པའི་གདམས་ངག། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པ་དང་། གོང་ན་མེད་པའི་རྒྱུད་དག་ལ་ལེགས་པར་སྦྱངས་ [284a] [284a.1]པས། འབྲས་བུ་སྐུ་བཞི་དབྱེར་མེད་པ་དག་འཆད་པར་འགྱུར་རོ། །དེ་ཡང་། བསྐྱེད་པ་ཡི་ནི་རིམ་དག་དང་། །རྫོགས་པ་ཡ་ནི་རིམ་པ་གཉིས། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་འཆང་གིས་ཆོས་བཤད་པའོ། །ཞེས་གསུངས་པའི་ཕྱིར་ [284a.2]རོ། །བསྐྱེད་པའི་རིམ་པ་ལ་ཕྱི་བསྐྱེད་པའི་རིམ་པ་དང་། ནང་བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་ལ། རྫོགས་པའི་རིམ་པ་དང་། ཡོངས་སུ་རྫོགས་པའི་རིམ་པ་དང་། ངོ་བོ་ཉིད་ཀྱི་རྫོགས་པའི་རིམ་པའོ། །དེ་དག་ཀྱང་སྒྱུ་མ་ལྟ་བུ་དང་། སེམས་ལ་དམིགས་པ་ [284a.3]དང་། རྡོ་རྗེའི་བཟླས་པ་དང་། འོད་གསལ་དང་ཟུང་དུ་འཇུག་པའི་བདག་ཉིད་དུ་ཤེས་པར་བྱས་ལ། ཨེ་བཾ་མ་ཡའི་མཚན་ཉིད་ཅན་གྱིས། །ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་བདག་གི་དོན་དང་གཞན་གྱི་དོན་ [284a.4]ཕུན་སུམ་ཚོགས་པར་བྱའོ། །དེ་ལྟར་རྟོགས་པ་དང་ལྡན་པ་དག་གིས་ཐུན་མོང་གི་དོན་ཁོང་དུ་ཆུད་པར་བྱ་བ་སྟེ། དེ་ཡང་བརྗོད་པར་བྱ་བ་དང་། ངོ་བོ་དང་མཚན་ཉིད་དང་། སྐབས་སུ་བབ་བའི་ཚིག་གིས་བརྒྱན་པར་བྱའོ། །དེ་ལ་བརྗོད་པར་བྱ་བ་ནི་དབང་སྟེ། གསུང་རབ་ལས་ [284a.5]བུམ་པའི་དབང་ནི་དང་པོ་ལ། །གཉིས་པ་གསང་བའི་དབང་ཡིན་ཏེ། །གསུམ་པ་ཤེས་རབ་ཡེ་ཤེས་སོ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་གསུངས་པའི་ཕྱིར། དབང་གི་དོན་གྱི་གཙོ་བོ་ནི་ལྷན་ཅིག་སྐྱེས་པ་སྟེ། དེ་ཡང་། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་བཾ་ [284a.6]ལ་ནི་རབ་ཏུ་བཞུགས། །ཞེས་པས་སོ། །དེ་ཡང་དཔེར་ན་ནོར་བུ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྲ་བརྟན་འབར་བ་ཡིན་པ་བཞིན་དུ། ལྷན་ཅིག་སྐྱེས་པ་ཡང་དེ་བཞིན་ནོ། །དེ་བས་ན་གསུང་རབ་ལས། ལྷན་ཅིག་སྐྱེས་དགའི་རང་བཞིན་ནི། ། [284a.7]མཆོག་མཐའ་དགའ་བྲལ་དང་པོ་ཅན། །མུན་པ་ལ་ནི་མར་མེ་བཞིན། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། །ཞེས་གསུངས་པའི་ཕྱིར་རོ། །ངོ་བོ་ནི་ཐབས་དང་ཤེས་རབ་སྟེ། དེ་ཡང་གསུང་རབ་ལས། ཉམས་སུ་མྱོང་དང་རང་བཞིན་མེད། །ཕན་ཚུན་རེས་ཀྱི་རྒྱས་བཏབ་ལ། ། [284b] [284b.1]གཉིས་ལ་མི་གནས་ཐབས་ཤེས་རབ། །ཧེ་རུ་ཀ་ཡི་ངོ་བོ་ཡིན། །ཞེས་གསུངས་པའི་ཕྱིར། ཐབས་དང་བྲལ་བའི་ཤེས་རབ་ཀྱང་ཆད་པའི་མཐའ་དང་བཅས་པའོ། །ཤེས་རབ་དང་བྲལ་བའི་ཐབས་ཀྱང་རྟག་པའི་མཐའ་དང་བཅས་པའོ། །ཟུང་དུ་འཇུག་པ་ན་དབྱེར་མི་ [284b.2]ཕྱེད་པ་སྟེ། དཔའ་བོ་དང་། དཔའ་མོ་དང་། པདྨ་དང་། རྡོ་རྗེ་དང་། རྒྱུ་དང་། འབྲས་བུ་དང་། མི་བསྐྱོད་པ་དང་། རྡོ་རྗེ་འཆང་དང་། ཉམས་སུ་མྱོང་བ་དང་། རང་བཞིན་མེད་པ་དང་། བསྐྱེད་པ་དང་། རྫོགས་པ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་དང་། དངོས་པོ་དང་། [284b.3]སྟོང་པ་དང་། ཨེ་དང་། བཾ་དང་། ཨ་དང་། ཧཱུཾ་དང་། ཉི་མ་དང་། ཟླ་དང་། ཨཱ་ལི་དང་། ཀཱ་ལི་དང་། ཀུན་རྫོབ་དང་། དོན་དམ་པའི་སྒྲས། ཐབས་དང་། ཤེས་རབ་ལ་རབ་ཏུ་སྦྱར་བར་བྱའོ། །དེ་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། ཤེས་རབ་ཀྱིས་ནི་འཁོར་བ་མིན། །སྙིང་ [284b.4]རྗེས་མྱ་ངན་འདས་མི་གནས། །མཐའ་གཉིས་རྣམ་པར་དོན་ནས་ཀྱང་། །ཟུང་འཇུག་མི་གནས་པ་ཉིད་དོ། །ཞེས་གསུངས་པས་ཀྱང་ངོ་། །མཚན་ཉིད་ནི་སྣང་བ་དང་སྟོང་པ་སྟེ། སྟོང་པར་རྟོག་པའི་མཚན་ཉིད་དུ་སྣང་བ་འབྱུང་ལ། སྣང་བ་ཤར་བའི་མཚན་ཉིད་དུ་སྟོང་པ་བྱུང་སྟེ། [284b.5]དེ་བས་ན་སྣང་བ་གསུམ་རབ་ཏུ་གྱུར་པར་ཤེས་པར་བྱའོ། །དེ་ཡང་གསུང་རབ་ལས། སྣང་བ་སྟོང་པ་ལྷག་འགྱུར་ཏེ། །སྟོང་པ་ཉིད་ཀྱིས་སྣང་བ་ལྷག །ལྷག་པ་སྟོང་པ་ཉིད་ཀྱི་ཕྱིར། །སྣང་སྟོང་བཅོམ་ལྡན་འདས་སུ་བཤད། །ཅེས་གསུངས་སོ། །གཞན་ཡང་སྟོང་པར་ [284b.6]རྟོགས་པ་སྐྱེས་པའི་བླ་མར་གྱུར་པ་ནི་ཤེས་བྱ་སྣ་ཚོགས་སུ་ཤར་བ་འདི་དག་སྟེ། སྣ་ཚོགས་རོ་གཅིག་ཏུ་རྟོགས་པར་བྱེད་པའི་བླ་མ་ནི་སྟོང་པ་ཉིད་དེ། དེ་བས་ན་སྣང་སྟོང་སློབ་དཔོན་དུ་གྱུར་པར་ཤེས་པར་བྱའོ། །དེ་ཡང་གསུང་རབ་ལས། རྣལ་འབྱོར་པ་ཡིས་བླ་མ་ [284b.7]བཙའ་མི་བ། །ཤེས་དང་ཤེས་བྱ་བླ་མ་མཆོག་གྱུར་ཉིད། །རྟོགས་པ་གཉིས་དོན་ཕྱིར་ན་དམ་པ་སྟེ། །འདི་བས་མཆོག་འགྱུར་བླ་མ་གཞན་མ་མཆིས། །ཞེས་གསུངས་པས་སོ། །གཞན་ཡང་སྣང་བའི་ཚེ་ན་ནི་ཉམས་སུ་མྱོང་བ་ལ། །མྱོང་བའི་དུས་ན་སྐྱེ་བ་མེད་པ་ [285a] [285a.1]སྟེ། དེ་བས་ན་སྣང་བ་སྣ་ཚོགས་པ་འདི་དངོས་སུ་གྲུབ་པ་མ་ཡིན་ཏེ། གཅིག་དང་དུ་མས་དཔྱད་ན་རང་བཞིན་མེད་པ་ཉིད་དོ། །གཏན་མེད་པ་རི་བོང་གི་རྭ་ལྟ་བུ་ནི་མ་ཡིན་ཏེ། སྣང་བ་སྟོང་པར་འགྲུབ་པའི་རིགས་པ་ཡོད་ལ། སྣང་བ་སྟོང་པར་བསྒྲུབ་པའི་རིགས་ [285a.2]པ་དང་བྲལ་བའི་ཕྱིར། སྟོང་པ་དེ་ལས་སྣང་སྟེ། དེ་བས་ན་སྣང་བའི་ཚེ་ཉམས་སུ་མྱོང་ལ། མྱོང་བ་དེ་ཉིད་རྐྱེན་ལས་སྐྱེས་པའི་ཕྱིར་སྐྱེ་བ་མེད་པ་སྟེ། དེ་ཡང་འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ [285a.3]ཡིན། །རྐྱེན་ལས་སྐྱེས་པ་གང་དེ་སྟོང་པ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པས་སོ། །དེའི་ཕྱིར་ཉམས་སུ་མྱོང་བ་ནི། །བདེ་བར་ཉམས་སུ་མྱོང་བ་དང་། །སྟོང་པར་ཉམས་སུ་མྱོང་བ་དང་། གཉིས་མེད་དུ་མྱོང་བ་ལས་མི་འདའ་སྟེ། དེ་ཡང་དབུ་ [285a.4]མ་སྤྱན་རས་གཟིགས་བརྟུལ་ཞུགས་ལས། གང་དེ་ཉམས་སུ་མྱོང་བ་ནི། །འགག་དེ་ནུས་པ་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་བས་ན་སྣང་སྟོང་གིས་ཉམས་མྱོང་སྐྱེད་པའི་ཕྱིར་གདམས་ངག་ཏུ་ཤེས་པར་བྱའོ། །དེ་དག་ལ་གཞན་དག་ནི། །ཐབས་ཀྱི་རྒྱུད་སྡེ་རྣམ་པ་ [285a.5]ལྔ་མི་དགོས་པར་འགྱུར་བ་དང་། བརྒྱུད་པ་དང་ལྡན་པའི་བླ་མ་བསྟེན་པ་ལ་དོན་མེད་པར་འགྱུར་བ་དང་། རྡོ་རྗེ་ལུ་གུ་རྒྱུད་ཟ་མ་ཏོག་ཟད་མི་ཤེས་པ་དག་ལ་བཙལ་མི་དགོས་སོ་སྙམ་པ་ལ། དེ་ལྟར་མ་ཡིན་ཏེ། འདི་དག་ནི་ཆོས་ཀྱི་ཕྱག་རྒྱའི་ལམ་རྟོགས་པ་དང་ལྡན་པའི་གང་ཟག་གི་ [285a.6]དབང་དུ་བྱས་པའོ། །དེ་བས་ན་གསུང་རབ་ལས། ཁྲུས་དང་གཙང་སྦྲ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །སངས་རྒྱས་རྣམས་དང་སེམས་དཔའ་ཆེར། །རྟག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །གཞན་དུ་ན་ལས་དང་པོ་པ་རྣམས་ཀྱིས་ནི། །དེ་བཞིན་གཤེགས་ [285a.7]པའི་རྒྱུད་དག་ལས་འབྱུང་བའི་ཚུལ་གྱིས་བླ་མ་དམ་པ་བསྟེན་ཏེ། དེའི་ཞལ་གྱི་བདུད་རྩིས་རབ་ཏུ་བརླན་པར་བྱའོ། །སྐབས་སུ་བབ་པའི་ཚིག་ནི་ཨེ་དང་བཾ་སྟེ། དེ་ཡང་ཕྱག་རྒྱ་བཞིའི་གོ་རིམས་ཀྱིས། །པདྨ་དང་། རྡོ་རྗེ་དང་། སྒྲ་སྤྱི་དང་། དོན་སྤྱི་དང་། བདེ་བ་དང་། སྟོང་པ་དང་། [285b] [285b.1]ཡུལ་དང་ཡུལ་ཅན་གྱི་ཁྱད་པར་གྱིས། །དབྱིབས་དང་སྒྲ་དང་། དོན་དང་མཚོན་པའི་དབྱེ་བ་ལས་བཞི་བླང་བར་བྱའོ། །དེ་ཡང་གསུང་རབ་ལས། རྡོ་རྗེ་གདན་ལ་སྙོམས་པར་ཞུགས་ནས་ནི། །བྱང་ཆུབ་སེམས་ཀྱི་སྙིང་པོ་དེ་རྟོགས་བྱས། །ཞེས་གསུངས་པའི་ཕྱིར་མཚན་ཉིད་དང་ [285b.2]ལྡན་པའི་རིག་མ་དང་། སྣང་བ་དང་། སེམས་དང་སྙིང་རྗེ་དང་བཅས་པའི་སྨོན་ལམ་སྟེ་འདི་དག་ནི་གདན་ནོ། །བྱེ་བྲག་གི་དོན་ནི། ལས་ཀྱི་ཕྱག་རྒྱ་ལུས་ལ་སྟེ། ཆོས་ཀྱི་ཕྱག་རྒྱ་ངག་ལས་སོ། །ཕྱག་རྒྱ་ཆེན་པོ་ཡིད་ཀྱིས་ཏེ། །དམ་ཚིག་ཕྱག་རྒྱ་ཀུན་དུ་འགྲོ། །ཞེས་པའི་ [285b.3]ཕྱིར་གསང་སྔགས་ཀྱི་ཐེག་པ་རྣམས་ནི། བླ་མ་སྔོན་དུ་སོང་བ་ལ། དངོས་གྲུབ་རྣམ་པ་གཉིས་འབྱུང་བ་ཡིན་པས། བླ་མ་གཙོར་གྱུར་པ་ཡིན་པའི་ཕྱིར། ངག་སྔོན་དུ་འགྲོ་དགོས་པས་ཆོས་ཀྱི་ཕྱག་རྒྱ་གཏན་ལ་དབབ་པར་རིགས་སོ། །དེ་དག་གིས་ནི་འབྲས་བུ་དང་ལས་ཀྱི་ཕྱག་རྒྱ་ [285b.4]གཉིས་ཀ་ལ་རྙེད་པར་ནུས་སོ། །དེ་ལ་བརྗོད་པར་བྱ་བ་དང་། སྐབས་སུ་བབ་པའི་ཚིག་དང་། ངོ་བོ་དང་། མཚན་ཉིད་དང་། ཕན་ཡོན་དུ་ཤེས་པར་བྱའོ། །བརྗོད་པར་བྱ་བ་ནི། སྒྲ་ཡི་རང་བཞིན་བླ་མའི་གདམས་ངག་སྟེ། །དེ་ཡང་རང་གི་ཚིག་དང་ཚད་མ་དང་། གང་ཞིག་ལུང་དང་ [285b.5]མི་འགལ་བ། །དེ་དོན་སྤྱོད་དང་མཐུན་པ་ནི། །བླ་མའི་གདམས་ངག་ཡིན་པར་གསུངས། །ཞེས་བྱ་བས། ཆོས་ཐམས་ཅད་རྐྱེན་གཞན་ལས་སྐྱེས་པ་དང་། དེ་ཉིད་ཀྱི་ངོ་བོ་མ་སྐྱེས་པ་དང་། ཐ་མི་དད་པར་རྟོགས་པར་བྱའོ། །སྐབས་སུ་བབ་པའི་ཚིག་ནི་ཨེ་དང་བཾ་སྟེ། ། [285b.6]བཅོམ་ལྡན་འདས་ལ་ལྷའི་དབང་བོས་ཞུས་པའི་མདོ་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་དག་གི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་ནི་ཡང་དག་བསྟན། །ཞེས་བྱ་བས། །བཅོམ་ལྡན་འདས་ཀྱིས་གསུང་རབ་རྣམས་ཀྱི་གླེང་གཞིའི་ཚིག་གམ་དོན་ [285b.7]མདོར་བསྡུས་པ་ནི་དེ་ཉིད་དོ། །ངོ་བོ་ནི་སྣང་བ་དང་སྟོང་པ་སྟེ། དེ་ཡང་དེ་ཉིད་ལས། ཡི་གེ་ཨེ་ནི་མར་གྱུར་ལ། །བཾ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེ་གཉིས་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་བྱུང་བའོ། །ཞེས་བྱ་བའི་གཉིས་སུ་མེད་པར་སྦྱོར་བའོ། །གང་ལ་གཉིས་ཀྱི་འདུ་ [286a] [286a.1]ཤེས་མེད་པར་སྦྱོར་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །མཚན་ཉིད་ནི་བརྗོད་པར་བྱ་བ་དང་། བརྗོད་པར་བྱེད་པ་སྟེ། དེ་ཡང་ཨེ་སྟོང་པའི་ངོ་བོར་བརྗོད་པར་བྱ་བ་ཡིན་ལ། བཾ་བདེ་བའི་ངོ་བོར་བརྗོད་པར་བྱེད་པའོ། །དེ་ཡང་བླ་མའི་གདམས་ངག་སྒྲ་སྤྱིའི་རྣམ་ [286a.2]པ་ནི་རྗོད་བྱེད་དུ་ཤེས་པར་བྱ་སྟེ། དེས་བསྟན་པའི་རྟོགས་པ་བདེ་སྟོང་དོན་སྤྱིའི་རྣམ་པ་ནི། བརྗོད་བྱར་རྟོགས་པར་བྱའོ། །དེ་དག་ལ་བྱང་ཆུབ་སྒྲུབ་པའི་ཐབས་ཡོད་དམ་ཞེ་ན། དེ་ཡང་། དང་པོ་སྒྲ་དང་དོན་གྱི་ཨེ་བཾ་ལས། །སྐད་ཅིག་མ་བཞི་རིམ་གྱིས་འབྱུང་བ་ལ། །དེ་ལས་དགའ་ [286a.3]བ་བཞི་སྐྱེས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤོང་སྟེ། འབྲས་བུ་ཕྱག་རྒྱ་ཆེན་པོ་རང་ཆས་སུ་འཆར་བ་ནི་དོན་ཆེ་བའོ། །དེ་དག་ལས་སྨོན་ལམ་དང་སྙིང་རྗེའི་སྟོབས་ཀྱིས། གཟུགས་སྐུ་རྣམ་བ་གཉིས་སེམས་ཅན་གྱི་སྣང་བ་ལས་འབྱུང་བ་ནི་ཕན་ཡོན་ཆེ་བ་སྟེ། དེ་ [286a.4]ཡང་། ཆོས་ཀྱི་ཕྱག་རྒྱའི་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤས། །དེས་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཞེས་པའོ། །དེ་ལྟ་བུའི་ཆོས་ཀྱི་ཕྱག་རྒྱ་ལ་འཇུག་པའི་ནུས་པ་མེད་པ་དག་གི་གང་ཟག་གིས་ལས་ཀྱི་ཕྱག་རྒྱ་ལ་ [286a.5]འཇུག་པར་བྱ་སྟེ། དེ་ཡང་དཔེའི་ཡེ་ཤེས་སུ་རིགས་པ་དང་ཆོས་ཀྱི་འབྱུང་གནས་སུ་རིགས་པ་དང་། བཙན་ཐབས་ཀྱི་རྣལ་འབྱོར་སུན་ཕྱུང་ལ་ཡང་དག་གི་དབང་དཔེར་བཞག་པ་དང་། འཕེལ་བར་བྱེད་པ་འབྲེལ་པའི་ཚུལ་གྱིས་ཉམས་སུ་བླང་བའོ། །དེ་ལ་ཡང་ཆོས་ [286a.6]ཀྱི་ཕྱག་རྒྱ་ལ་སྐད་ཅིག་བཞི་དང་དགའ་བ་བཞི་ཇི་ལྟར་ཡོད་པ་བཞིན། ལས་ཀྱི་ཕྱག་རྒྱ་ལ་ཡང་ཡོད་པའི་ཕྱིར་དང་། འདྲ་བའི་ཕྱིར་ན་དངོས་པོ་མ་ཡིན་ཏེ། མཚོན་བྱ་མཚོན་པར་ནུས་ལ་མཚོན་བྱེད་ཉམས་སུ་མྱོང་བའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་ན་འཁོར་བ་འབྱུང་ [286a.7]ལ། ཐབས་ཀྱིས་ཟིན་ན་མྱ་ངན་ལས་འདས་པ་འབྱུང་བ་ནི། ཨེ་ནི་པདྨ་ཉིད་འགྱུར་ལ། །བཾ་ནི་རྡོ་རྗེར་བཤད་པ་སྟེ། །ཐིག་ལེ་དེ་ནི་ས་བོན་ཡིན། །དེ་ལས་འགྲོ་བ་རྣམ་གསུམ་སྟེ། །ཞེས་བྱ་བ་དང་། ཨེ་ཡི་ཆ་བྱད་བཟང་པོ་ལ། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན།། །། [286b] [286b.1]ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་དང་། དྲག་པོའི་དབང་བསྐུར་ནི་རྟོག་པ་དང་གོ་རིམས་གཉིས་ལ་འཁྲུལ་ལ། དབང་བསྐུར་ངན་པ་ནི་རྟོག་པ་ལ་འཁྲུལ་པ་ཉིད་ཀྱི་ཕྱིར་དང་། ཡང་དག་གི་དབང་བསྐུར་ནི། རྟོག་པ་དང་གོ་རིམས་ལ་མ་འཁྲུལ་པའི་ཕྱིར་དང་། དེ་ལ་ཡང་ [286b.2]དབྱིབས་ཀྱི་ཨེ་བཾ་པདྨ་དང་རྡོ་རྗེ་སྙོམས་པ་དང་། སྐད་ཅིག་མའི་བྱེ་བྲག་གིས་ཉོན་མོངས་པ་བག་ཆགས་དང་བཅས་པ་རིམ་གྱིས་སྤངས་པ་ལ། མཚོན་བྱེད་ཉམས་སུ་མྱོང་ལ་མཚོན་བྱ་མཚོན་པར་ནུས་པའི་ཕྱིར་རོ། །དེ་ལྟ་བུའི་ལས་ཀྱི་ཕྱག་རྒྱ་ལ་རྗེས་སུ་འཇུག་པར་མི་ [286b.3]ནུས་པ་རྣམས་ནི་དམ་ཚིག་གི་ཕྱག་རྒྱ་ལ་འཇུག་པར་བྱ་སྟེ། དེ་ཡང་སྦྱོར་བ་རྣམ་པ་གསུམ་དང་། སྐྱེ་བ་བཞིའི་ཚུལ་དང་། རྣལ་འབྱོར་རྣམ་པ་བཞི་དང་། སྒྲུབ་པ་པོའི་དབང་དུ་དྲན་པ་གཅིག་གིས་རྫོགས་པ་དང་། ཆོ་ག་གསུམ་དང་། ལྔས་སྐྱེས་པ་ནི། ཀུན་དུ་བརྟགས་ [286b.4]བདག་པར་བྱེད་པའི་གཞན་དབང་གི་བློས་སྦྱོང་བར་བྱེད་པ་ཉིད་དོ། །དེ་ཡང་དམ་ཚིག་གི་ཕྱག་རྒྱའི་ལྷན་ཅིག་སྐྱེས་པ་ནི། ཐབས་དང་ཤེས་རབ་ཀྱི་ཉི་ཟླ་ཁ་སྦྱར་བའི་དབུས་ན། བདེ་བ་དང་སྟོང་པའི་ངོ་བོ་ཅན་གྱི་ཐིག་ལེ་གཉིས་གནས་པ་ནི། ཁ་དོག་དང་དབྱིབས་སུ་གྲུབ་ [286b.5]ཀྱང་། རང་གི་མཚན་ཉིད་ཉམས་སུ་མྱོང་བ་དག་ལ། ཤེས་རབ་ཡེ་ཤེས་བསྟན་པར་བྱའོ། །དེས་དཔེ་ཉམས་སུ་མྱོང་ཡང་དོན་གྱི་སྤྱིའི་རྣམ་པར་རྟོག་པ་དང་བྲལ་ཞིང་ཉམས་སུ་མ་མྱོང་བ་དག་ལ་སྐྱེས་པ་དང་མ་སྐྱེས་པ་དང་ཐ་མི་དད་པར་བསྟན་པར་བྱའོ། །དེ་ཉིད་ལ་གོམས་ན་ [286b.6]དོན་རང་གི་མཚན་ཉིད་དུ་འགྱུར་རོ། །དེ་དག་གིས་ཐུན་མོང་གི་དོན་མདོར་བསྡུས་ཏེ་བསྟན་པའོ། །དེ་ལྟར་ཐུན་མོང་གི་དོན་དེ་དང་ལྡན་པ་རྣམས་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས་ཁྱད་པར་དུ་འཕགས་པ་སྟེ། དེ་ཡང་སྒྲོན་མ་གསལ་བའི་རྒྱུད་ལས། དོན་གཅིག་ན་ [286b.7]ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དག །དབང་པོ་རྣོན་པོས་དབང་བྱས་ཀྱང་། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར། དོན་རབ་ཏུ་མི་གནས་པའི་དབུ་མའི་གནས་ལུགས་དང་། ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ། [287a] [287a.1]དགག་སྒྲུབ་དང་བྲལ་བའི་ཕྱིར་གཅིག་གིས་ཀྱང་བསྒྲུབ་པའི་དུས་ཀྱི་གང་ཟག་གི་ལམ་ལ་ཁྱད་པར་ཡོད་དོ། །དབུ་མ་ནི་ལུང་དང་རིགས་པས་གཏན་ལ་ཕབ་པ་སྟེ། རྨོངས་པ་ཡིན་ལ་འདི་དག་ནི་གདམས་ངག་གིས་ཁྱད་པར་དུ་བྱས་པའི་ཕྱིར་མ་རྨོངས་པ་ [287a.2]སྟེ། དེ་ཡང་གསུང་རབ་ལས། བརྒྱུད་པ་བྱིན་རླབས་ཆེར་ལྡན་ཞིང་། །དབང་གི་མན་ངག་དང་བཅས་པ། །བརྡ་ཡིས་གོ་བར་བྱས་པ་ཉིད་དོ། །མཚན་ཉིད་མྱོང་ཕྱིར་མ་རྨོངས་པའོ། །ཞེས་བྱ་བས་ཀྱང་ངོ་། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི། ཚོགས་གཉིས་ཀྱི་རང་བཞིན། [287a.3]སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཐབས་སུ་གྱུར་པ་ཡིན་ལ། འདི་ནི་དམ་ཚིག་གི་ཕྱག་རྒྱས་ཀུན་བརྟགས་ལ་རྒྱས་འདེབས་པར་བྱེད་པ་དང་། ལས་ཀྱི་ཕྱག་རྒྱས་ཉོན་མོངས་པ་ལམ་དུ་སློང་བར་བྱེད་པ་དང་། ། [287a.4]ཆོས་ཀྱི་ཕྱག་རྒྱས་རྟོག་པ་ཡེ་ཤེས་སུ་འབར་བར་བྱེད་པའི་ལམ་རྣམས་ཐབས་སུ་འགྱུར་བའོ། །ཕ་རོལ་ཏུ་ཕྱིན་པ་ནི་དཀའ་བ་དང་བཅས་པ་སྟེ། སྤང་བྱའི་ཉོན་མོངས་པ་སྤོང་བར་འདོད་ལ། སྤོང་བྱེད་ཀྱི་གཉེན་པོ་བསྟེན་པར་འདོད་པས་གཞི་སྤོང་བའི་ལམ་སྟེ། བསྐལ་ [287a.5]བགྲངས་མེད་པ་གསུམ་གྱི་འཚང་རྒྱས་པར་གསུངས་སོ། །འདིར་ནི་དབང་གི་རབ་ཏུ་བྱེད་པས་མངོན་པར་ཞེན་པ་དང་བཅས་པའི་བློའི་བདག་ཉིད་སྤོངས་ཏེ། གཉིས་མེད་ཀྱི་ཡེ་ཤེས་ཅི་ཡང་མ་ཡིན་ཉིད་རྟོགས་པས་འཚང་རྒྱ་བའི་ཕྱིར་དཀའ་མེད་པའོ། །ཕ་ [287a.6]རོལ་ཏུ་ཕྱིན་པའི་ཐེག་པ་ལ་ནི། དབང་པོ་འབྲིང་དང་བཅས་ཐམས་ཀྱང་འཇུག་པར་ནུས་ལ། འདིར་ནི་དབང་པོ་རབ་འབའ་ཞིག་གི་སྤྱོད་ཡུལ་ཡིན་གྱི་སྤྱོད་པ་མ་ཡིན་པས་ཁྱད་པར་དུ་གྱུར་པས་ཏེ། དེ་དག་གིས་ནི་ཐུན་མོང་མ་ཡིན་པའི་དོན་བརྗོད་པའོ། །ད་ནི་ཚིག་གི་དོན་བཤད་པར་བྱ་སྟེ། [287a.7]དང་པོར་རྗེ་བཙུན་པ་ཉིད་ལ་ཡ་རབས་ཀྱི་ཚུལ་དང་མཐུན་པར་བྱ་བའི་ཕྱིར། བཀྲ་ཤིས་པར་བྱ་བ་དང་། གཞུང་བསྡུ་བ་དག་ལ་བར་དུ་གཅོད་པ་ཉེ་བར་ཞི་བའི་དོན་དུ། བྱ་བ་ལ་འཇུག་པའི་སྔོན་རོལ་དུ་ཡུལ་རང་གི་འདོང་བའི་ལྷ་ལ་མཆོད་པ་བརྗོད་པ་ནི། རྣམ་དག་ཡེ་ཤེས་དེ་ [287b] [287b.1]རང་བཞིན། །རྡོ་རྗེ་སེམས་ལ་ཕྱག་འཚལ་ཏེ། །ཞེས་བྱ་བ་ནི། དེ་ཡང་དང་པོར་དོན་གྱི་རང་བཞིན་ལ་མཆོད་པར་བརྗོད་པ་དང་། དེའི་ཚིག་གི་དོན་གསལ་བར་བྱ་བའོ། །དེ་ལ་ཆོས་ཀྱི་སྐུ་ནི་རྣམ་པར་དག་པའི་ཡེ་ཤེས་ཏེ། ཡོད་པ་དང་མེད་པ་དང་། གཉིས་དང་གཉིས་མ་ཡིན་པའི་ [287b.2]མཐའ་ལས་འདས་པ། དྲི་མ་དང་བྲལ་བའི་ཆ། སྒྲོ་སྐུར་གྱིས་དབེན་པ། ཤེས་ཤིང་བརྗོད་པའི་ཡུལ་ལས་འདས་པ་བློས་ཡུལ་དུ་མ་བྱས་པ་སྟེ། ཕྱག་རྒྱ་ཆེན་པོའོ། །དེ་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་སྣང་བ་ནི། སེམས་ཅན་གྱི་བློས་བཞག་པ་ལ། གཉུག་མས་བསྡུས་ [287b.3]པས་དབྱེར་མི་ཕྱེད་པའི་ཕྱིར། ངོ་བོ་ཉིད་ཀྱི་སྐུ་དེའི་རང་བཞིན་ནོ། །དེ་ཡང་བེད་བ་སྟོང་པ་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོ་སྟེ། རྡོ་རྗེ་སེམས་དཔའོ། །ཡང་ན་རྡོ་རྗེ་སེམས་དཔའ་ནི་སྟོང་པ་ཉིད་མཚོན་པ་ཡིན་ལ། སེམས་དཔས་ནི་སྙིང་རྗེ་མཚོན་པ་དང་བཅས་པའི་བདེ་བ་བསྟན་པར་ཤེས་པར་ [287b.4]བྱའོ། །དེ་ཡང་གསུང་རབ་ལས། སྲ་ཞིང་བརྟན་ལ་མཁྲེགས་པ་སྟེ། །གཅད་མེད་གཞིག་ཏུ་མེད་མཚན་ཉིད། །སྲེག་ཏུ་མེད་ཅིང་གཞོམ་དུ་མེད། །སྟོང་ཉིད་རྡོ་རྗེ་ཞེས་བྱར་བརྗོད། །ཅེས་གསུངས་པས་སོ། །གཞན་ཡང་། སྟོང་ཉིད་མྱོང་བ་བདེ་སེམས་པ། །སེམས་དཔའ་དེ་ཡིས་ [287b.5]གཞན་སེམས་ཉིད། །བདེ་དང་སྙིང་རྗེ་དབྱེར་མེད་པ། །དེ་ནི་སྙིང་པོའི་སེམས་དཔའོ། །དེ་དག་ལ་གཉིས་མེད་ཀྱི་ཚུལ་དུ་ཕྱག་འཚལ་བ་ནི། མཆོད་པ་ཐམས་ཅད་ཀྱི་ཕུལ་དུ་གྱུར་པ་སྟེ། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་རིག་ཡིད་ཀྱི་ [287b.6]ཡེ་ཤས་ཀྱི། །དེ་རྟོག་པ་ནི་འདིར་ཕྱག་ཡིན། །ཞེས་འབྱུང་བས་སོ། །ཚིག་གི་དོན་གསལ་བར་བྱ་བ་ནི། རྣམ་དག་ཅེས་བྱ་བ་སྟེ། དེའི་མཚན་ཉིད་རྣམ་པར་གཞག་པ་ནི། ཕུང་པོ་ལྔ་རྣམ་པར་དག་པས། །རིགས་ལྔའི་བདག་ཉིད་དུ་བལྟས་ལ། །དེ་ཉིད་རྣམ་པར་དག་པས་མི་ [287b.7]བསྐྱོད་པ་རྣམ་པར་ཤེས་པའི་ངོ་བོར་མཐོང་བར་བྱ་སྟེ། དེ་ཡང་རང་རིག་ཡེ་ཤེས་སུ་བལྟ་བ་དང་། རྣམ་པ་ཐམས་ཅད་དེའི་རང་བཞིན་དུ་ཤེས་པ་དག་ལ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྟོང་པ་ཉིད་ཀྱི་རྡོ་རྗེ་ལས། དམིགས་པ་ [288a] [288a.1]མེད་པའི་སྙིང་རྗེ་ཆེན་པོའི་སེམས་དཔའ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་བ་དང་། བླ་མ་རྗེ་བཙུན་པ་དཔལ་མགོན་གྱི་ཚོགས་སུ་གྱུར་པ་རྣམས་ལ། ཐུན་མོང་དང་མཆོག་གི་དངོས་གྲུབ་ཉེ་བར་རྙེད་བའི་དོན་དུ་ཕྱག་འཚལ་བའོ་ཞེས་བྱ་བ་ནི་བྱ་བ་མ་འོངས་པ་ལ་ལྟོས་ [288a.2]པའི་ཐ་ཚིག་སྟེ། བསོད་ནམས་ཀྱི་མཐུས་ཞིང་ཁྱད་པར་ཅན་གྱི་བྱིན་རླབས་ཀྱིས་མི་མཐུན་པའི་ཕྱོགས་བསལ་ཏེ། བརྩོན་འགྲུས་ཀྱི་སྟོབས་ཀྱིས་བཤད་པར་དམ་བཅས་པའི་དོན་ཏོ། །དེ་ཡང་རྒྱས་གདབ་པའི་བདག་ཉིད་ཀྱིས་རྣམ་པར་དག་པར་བྱེད་པ་ནི་དབང་ལ་རག་ལས་ཏེ། [288a.3]དེ་ཡང་རིམ་གྱིས་འཇུག་པའི་ཚུལ་ལ། བུམ་པའི་དབང་སྔོན་དུ་འགྲོ་བའི་ཕྱིར། དམ་ཚིག་གི་ཕྱག་རྒྱ་རྒྱུར་གནས་པ་སྔོན་དུ་བཤད་པར་བྱའོ། །དེ་ལ་ཡང་དབང་དཀྱིལ་འཁོར་ལ་བརྟེན་པ་སྟེ། དེ་ཡང་བུམ་པ་རྟོག་པར་རག་པའི་གང་ཟག་གི་སྤྱོད་ཡུལ་ཡིན་པའི་ཕྱིར། [288a.4]རྡུལ་ཚོན་གྱི་དཀྱིལ་འཁོར་བསམ་པར་བྱ་སྟེ། དེ་ལ་བསྙེན་པ་དང་། སྒྲུབ་པ་རྣམ་པ་གཉིས་སོ། །བསྙེན་པ་ཡང་དུས་དང་གྲངས་དང་མཚན་མར་ཤེས་པར་བྱའོ། །སྒྲུབ་པ་ལ་སློབ་དཔོན་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་གའོ། །དེ་ལ་སའི་ཆོ་ག་དང་། སྟ་གོན་ [288a.5]དང་། ཐིག་བྲི་བ་དང་། ཚོན་བྲི་བ་དང་། དཀྱིལ་འཁོར་བྱིན་གྱིས་བརླབ་པ་དང་། བུམ་པ་དགྲམ་པ་དང་། དཀྱིལ་འཁོར་ཞག་གི་ཆོ་ག་དང་། སློབ་དཔོན་བདག་ཉིད་འཇུག་པའོ། །གཞན་ལ་ནི་འཇུག་པ་དང་། དབང་བསྐུར་བ་སྟེ། དང་པོ་ལ་ནི་གསོལ་བ་གདབ་པ་དང་། མི་གདབ་ [288a.6]བ་དང་། ཁྱད་པར་གྱི་དོན་དྲི་བ་དང་། ཡོན་དབུལ་བ་དང་། ནང་དུ་འཇུག་པ་དང་། དམ་ཚིག་བསྒྲགས་པ་དང་། མནའ་བསྒག་ཅིང་མནའ་ཆུ་བླུད་པ་དང་། བཀའ་བསྒོ་བ་དང་། ཡེ་ཤེས་དབབ་པ་དང་། མེ་ཏོག་དོར་བ་དང་། མཐོང་བ་དྲི་བ་དང་། གདོང་གཡོགས་བཀྲོལ་བ་དང་། [288a.7]རང་གི་རིགས་ཀྱི་ལྷར་དབང་བསྐུར་བ་དང་། ལྷ་ངོ་བསྟན་པའོ། །གཉིས་པ་དབང་བསྐུར་བ་ལ་ནི། རྡོ་རྗེ་སློབ་མ་དང་སློབ་དཔོན་གྱི་དབང་བསྐུར་བའོ། །དེ་ལ་ཆུ་དང་ཅོད་པན་དང་། རྡོ་རྗེ་དང་བདག་པོ་དང་། མིང་གི་དབང་རྣམས་ནི་མ་རིག་པའི་ཉོན་མོངས་པ་ཡིད་ཀྱི་རྣམ་པར་ཤེས་ [288b] [288b.1]པ་དང་། སྒོ་ལྔའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཀུན་གཞི་རྣམ་པར་ཤེས་པ་དང་། གཟུང་བ་དང་། འཛིན་པ་བཅོམ་ནས་རིག་པའི་ཡེ་ཤེས་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས་ [288b.2]ལ། རིགས་ལྔའི་དབུ་རྒྱན་དུ་བྱུང་བའི་ཕྱིར་རིགས་པ་དང་དབུ་རྒྱན་དུ་རིགས་ལ་འབྲེལ་པའི་ཕྱིར་བུམ་པའི་དབང་དང་བསྒྲུབ་པ་ལས་གཞན་མ་བཤད་པའི་ཕྱིར་སློབ་མའི་དབང་དུ་ཡང་རིགས་སོ། །ད་ནི་དེ་དག་གི་རྟོག་པ་རྣམ་པར་འགྱུར་བ་བཤད་པར་བྱ་སྟེ། དེ་ཡང་གསུང་རབ་ལས། [288b.3]བླུགས་ཤིང་དག་པར་བྱས་པ་ཡིས། །རྟོགས་དང་ལྡན་པའི་དབང་དུ་བརྗོད། །ཅེས་གསུངས་པའི་ཕྱིར། རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་གཉིས་སུ་མེད་པའི་སྦྱོར་བས། ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུས། སྤྱི་གཙུག་ཏུ་བླུགས་པ་ཙམ་ཉིད་ཀྱིས། བྱིན་བརླབས་དང་། ཏིང་ངེ་ [288b.4]འཛིན་དང་། སྔགས་ཀྱི་ནུས་པས། སྒྲིབ་པ་རྣམ་པ་གཉིས་ཀྱི་དྲི་མ་འཁྲུ་བར་བྱེད་དོ། །གཉིས་པས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ཐོབ་ཀྱི་བར་དུ་གཞན་དོན་དཔག་བསམ་གྱི་ཤིང་ལྟ་བུར་བྱེད་བ་དང་། ཆེ་བའི་ཡོན་ཏན་ནོར་བུ་རིན་པོ་ཆེ་ལྟ་བུར་འབྱུང་བ། དབུའི་གཙུག་ཏོར་ལྟར་ [288b.5]མི་མཐོང་བ་ཐོབ་པའོ། །གསུམ་པ་ནི་བརྡར་ཤེས་པར་བྱ་སྟེ། བརྡ་དེ་དག་གིས་མཚོན་པའི་དོན་རྟོགས་པའི་བྱ་བའོ། །དེ་ལ་ལྟེ་བ་ནི་ཆོས་ཀྱི་དབྱིངས་མཐའ་ཐམས་ཅད་དང་བྲལ་བ་སྟེ། རྒྱུ་མེད་པ་དང་། རྣམ་རྟོག་གི་ཚོགས་དང་བྲལ་བ་དང་། རྟག་ཆད་ཀྱི་མཐའ་གང་ལ་ཡང་མི་ [288b.6]གནས་པའི་བརྡར་ཡི་གེ་ཧཱུཾ་གིས་མཚན་པ་སྟེ། དེ་རྟོགས་པར་བྱ་བ་ལ་ནི་པདྨ་ལས་འབྲས་བུ་འབྱུང་བ་བཞིན། འཁོར་པའི་པདྨ་ལས་ཕུང་པོ་རྣམ་པ་ལྔའི་འབྲས་བུ་འབྱུང་བའོ། །དེ་ལ་རིགས་ལྔས་རྒྱས་གདབ་པའི་ཕྱིར་རྭ་ལྔའོ། །དེ་ལ་རྣམ་པར་ཤེས་བའི་ངོ་བོ་མི་བསྐྱོད་པའི་རྒྱས་ [288b.7]བཏབ་པའི་ཕྱིར། རྭ་བཞི་དབུས་ལ་འདུད་པའོ། །དེ་ལ་རྡོ་རྗེ་འཆང་གི་རྒྱས་གདབ་པའི་ཕྱིར། རྭའི་རྩེ་མོ་ལ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་མེ་ཏོག་ཁ་ཕྱེ་བ་གསུམ་གསུམ་གྱིས་མཚན་པའོ། །བཞི་པ་ནི་ཡི་གེ་ཨ་ལས་བསྐྱེད་པའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་ལ། [289a] [289a.1]སོར་བཅུ་གཉིས་སུ་གནས་པ་ནི། དེ་རྟོགས་པའི་མ་རིག་པ་ལ་སོགས་པ་རྟེན་འབྲེལ་བཅུ་གཉིས་ཟད་པར་བྱེད་པའོ། །ནང་ཁོང་སྟོང་དུ་གནས་པ་གསལ་བར་མ་ཡིན་ཏེ། ངོ་བོ་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །ཁོར་ཡུག་ལ་རྡོ་རྗེས་བསྐོར་བ་ནི། འཁོར་ [289a.2]བ་ཇི་སྲིད་པ་དེ་སྲིད་ལ། ཆོས་ཀྱི་སྐུའི་རྒྱ་དང་བཅས་པའི་དོན་ཏོ། །པདྨས་སྟེང་གཡོགས་པ་ནི་དེ་བཞིན་ཉིད་རྟོགས་ན། འདོད་ཡོན་བསྟེན་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་པའི་དོན་ཏོ། །དེ་ལ་ཉམས་སུ་མྱོང་བའི་མགྲིན་པ་དང་། ཐེ་ཚོམ་མེད་པའི་བུམ་པ་དང་། སྒྲོན་མ་བརྟགས་ [289a.3]པའི་པདྨ་དང་། ཡེ་ཤེས་རྣམ་པ་ལྔའི་རྭས་བརྒྱན་པའི་དོན་ཏོ། །སྒྲ་འབྱུང་བ་ནི་རྟོགས་པ་དེ་དང་ལྡན་པའི་སྒྲུབ་པ་པོ་དག་ལ། དུས་རྟག་ཏུ་སྟོང་པ་ཉིད་ཀྱི་སྒྲ་དང་མི་འབྲལ་བའི་དོན་ཏོ། །ལྔ་པས་ནི་གོ་འཕང་དང་སྐལ་བ་དང་ལྡན་པ་དང་། སྔ་མའི་མིང་དོར་བ་ལ་རྟོགས་པ་གསུམ་ [289a.4]སྟེ། དམིགས་པ་དམན་པ་དང་། སྤྱོད་པའི་གདུང་བ་དང་། འབྲས་བུའི་ནི་སྨོད་པ་དོར་བའི་ཐ་ཚིག་གོ། །ཕྱི་མ་མིང་བཏགས་པ་ནི་དུས་ཐམས་ཅད་དུ་རིགས་ཀྱི་མོས་པ་དང་མི་འབྲལ་བར་བྱས་པའི་དོན་ཏོ། །དེ་དག་ནི་རྡོ་རྗེ་སློབ་མའི་དབང་གི་བཤད་པའོ། །སློབ་དཔོན་གྱི་དབང་ [289a.5]བསྐུར་བ་ལ་ནི། དམ་ཚིག་གསུམ་དང་། སྣོད་དུ་བྱ་བ་དང་། རྗེས་སུ་གནང་བ་དང་། རྡོ་རྗེ་བརྟུལ་ཞུགས་དང་། ལུང་བསྟན་པ་དང་། གཟེངས་བསྟོད་ཅིང་དབུགས་དབྱུང་བའོ། །དེ་ཡང་ཐུགས་ཀྱི་དམ་ཚིག །ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པ་དང་། གསུང་གི་དམ་ཚིག་དྲིལ་ [289a.6]བུ་གསུང་རྡོ་རྗེར་བྱིན་གྱིས་བརླབས་པ་གཡས་གཡོན་དུ་བྱིན་པ་དང་། སྐུའི་དམ་ཚིག་རང་གི་རིགས་ཀྱི་ལྷའི་ང་རྒྱལ་དུ་བསྒོམ་པར་གནང་བ་བྱིན་པའོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་དང་སྦྱར་རོ། དཀྱིལ་ [289a.7]འཁོར་དང་སྒྲུབ་པའི་ཐབས་ནི་བསྙེན་པ་དང་སྒྲུབ་པའོ། །སློབ་དཔོན་གྱི་ལས་ནི་དབང་བསྐུར་བ་དང་། རབ་ཏུ་གནས་པ་དང་། སྦྱིན་སྲེག་ལ་སོགས་པའོ། །བདུད་རྩི་རྣམ་པ་ལྔ་བསྟན་པ་ནི། གོ་རིམས་དང་སྤྱད་ཐབས་ལ་མཁས་པར་བྱའོ། །རྗེས་སུ་གནང་བས་ནི། [289b] [289b.1]གཞན་མ་སྨིན་པ་དང་། མ་གྲོལ་བ་ནི། སྨིན་པ་དང་གྲོལ་བར་བྱེད་པའོ། །རྡོ་རྗེ་བརྟུལ་ཞུགས་ཀྱིས་རྟག་ཏུ་བྱང་ཆུབ་སེམས་དང་མི་འབྲལ་བར་བྱའོ། །ལུང་བསྟན་པ་དག་གིས་ཕྱིར་མི་ལྡོག་པ་གོ་བར་བྱའོ། །གཟེངས་བསྟོད་ཅིང་དབུགས་དབྱུང་བས་ནི། སྔགས་ཀྱི་ཐེག་པ་ [289b.2]འདི་དག་གཞན་ལས་ཁྱད་པར་དུ་སྟོན་པ་འམ། གོ་འཕང་དང་སྐལ་བ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཐམས་ཅད་ཀྱང་ཆུ་དང་ལྡན་པར་བྱ་སྟེ། གསུང་རབ་ལས། སེམས་ཅན་རྣམས་ཀྱི་དངོས་གྲུབ་གྱུར། །དབང་ནི་རྣམ་པ་བཞི་རུ་བརྗོད། །བླུགས་ཤིང་བཀྲུས་པ་འདི་ [289b.3]ཡིས་ནི། །དབང་ཞེས་བྱ་བར་ངེས་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་དག་གི་རྟོག་པ་ཡང་དུས་རྟག་ཏུ་རང་བཞིན་མེད་པའི་ཉམས་དང་མི་འབྲལ་བ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལ་སོགས་པ་ཤོད་ཅིག་པ་དང་། ལྷའི་ང་རྒྱལ་དང་མི་འབྲལ་བར་བྱ་བ་དང་། བརྟན་ [289b.4]བ་དང་། གཡོ་བའི་ཞན་པ་བཟློག་པ་དང་། འབྲས་བུ་ལམ་དུ་བྱེད་པའི་གཞན་དོན་ཐོག་མ་ནས་གྲུབ་པར་བྱ་བ་དང་། ཀུན་དུ་བརྟགས་པ་ལ་གཞན་དབང་གི་རྒྱས་གདབ་པ་དང་། མི་རྟོག་པ་འཕེལ་བར་བྱ་ཞིང་རྟོག་པ་ཞི་བར་བྱ་བ་དང་། ཞི་བ་དང་། རྒྱས་པ་དང་། [289b.5]དབང་དང་། དྲག་པོ་དག་གི་ཕྲིན་ལས་ཀྱིས་སྡིག་པ་ཞི་བ་དང་། བསོད་ནམས་རྒྱས་པ་དང་། གཞན་དབང་དུ་འགྱུར་བ་དང་། མི་མཐུན་པ་ཚར་བཅད་པར་ནུས་པ་སྟེ། དེ་གཞན་དོན་དུ་འགྱུར་རོ། །དབང་བསྐུར་བའི་ལས་དེ་དག་ལ་ནུས་པ་ཁྱད་པར་ཅན་འབྱིན་པར་བྱེད་ན་ནི། [289b.6]འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཕྱག་ན་རྡོ་རྗེའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟེན། །ཞེས་བྱ་བས་སོ། །གཞན་དག་ལ་ནི་འཁོར་བ་ལས་ཞེན་པ་དང་། དེ་མ་ཡིན་པའི་སར་མི་ལྟུང་བ་དང་། །དེས་དོན་དུ་འགྱུར་བར་བྱ་བའོ། ། [289b.7]གཞན་ནི་ནན་ཏན་དང་བཅས་པས་བསྒྲུབ་ཅེས་བྱ་བའི་ཐ་ཚིག་གོ། །བདག་ཉིད་ང་རྒྱལ་དང་ལྡན་པའི་ཕྱིར་རྡོ་རྗེ་སེམས་དཔའི་དབང་ཡིན་པ་དང་། ནུས་པའི་ཕྱིར་སློབ་དཔོན་གྱི་དབང་དང་། འབྲེལ་བའི་ཕྱིར་བུམ་པའི་དབང་དང་། ཁྱད་པར་གྱི་ཕྱིར་མི་ལོག་པའི་དབང་དང་། [290a] [290a.1]བྱ་བ་སྣ་ཚོགས་ལ་འཇུག་པའི་ཕྱིར་འཁོར་ལོས་སྒྱུར་བའི་དབང་ཞེས་བྱའོ། །དེ་དག་གི་རྒྱུད་དམ་ཚིག་ཕྱག་རྒྱ་སྟེ། བུམ་པའི་དབང་མདོར་བསྡུས་ཏེ་བསྟན་པའོ། །ད་ནི་བརྟུལ་ཞུགས་ཀྱིས་དེ་ཉིད་ཀྱི་བཤད་པར་དམ་བཅའ་བ་སྟོན་ཏོ། །ཕྱག་རྒྱ་བཞི་རིམ་མདོར་ [290a.2]བསྡུས་པ། །བདག་ཉིད་གོ་ཆའི་དོན་དུ་བཤད། །ཅེས་བྱ་བ་ལས། ཕྱག་རྒྱ་ནི་འདེབས་པའི་དོན་དང་། མི་འདའ་བའི་དོན་ཏེ། ལུས་ངག་ཡིད་གསུམ་ལ་ལྷན་ཅིག་སྐྱེས་པས་འདེབས་པ་དང་། ཆོས་སྣང་ཞིང་གྲགས་པ་ལ་སྐྱེ་བ་མེད་པས་འདེབས་པ་དང་། ཉམས་སུ་མྱོང་བ་ལ་ཡིད་ལ་ [290a.3]མི་བྱེད་པས་འདེབས་པ་དང་། གཞན་གྱི་དོན་ལ་སྨོན་ལམ་དང་། སྙིང་རྗེའི་མཐུས་འདེབས་པའོ། །བདེ་པ་དང་། སྟོང་པ་དང་། ཤར་བ་གཉིས་མེད་ལས་མི་འདའ་བའོ། །བཞི་ནི་གྲངས་ངེས་པར་བཞག་པ་སྟེ། དེ་ཡང་གང་ཟག་བཞི་ལ་ཤིས་ [290a.4]ཤིང་། དབང་བཞི། དཀྱིལ་འཁོར་བཞི་ལ་བརྟེན་པའི་ཚུལ་གྱིས་གནས་བཞིར་བསྐུར་བས། མི་མཐུན་པ་བཞི་དག་ཅིང་། གདམས་པ་བཞི་དང་ལྡན་པས། འབྲས་བུ་སྐུ་བཞིར་རང་ཆས་སུ་འཆར་བའི་ཕྱིར་རོ། །རིམ་པ་ནི་རིམ་གྱིས་འཇུག་པའོ། །དོན་ནི་རྒྱུད་སྡེ་ [290a.5]རྣམ་པ་ལྔའི་དོན་ཏོ། །དེ་གང་ཟག་གི་ལམ་དུ་བསྡུས་པའོ། །དེ་ཡང་གཞན་དབང་པོ་ཤིན་ཏུ་ཞན་ཞིང་སྐལ་བ་དང་མི་ལྡན་པས་མི་རིགས་པས། རྟོགས་པ་སྐྱེ་བར་མི་འགྱུར་ཡང་། །རྗེ་བཙུན་པ་བདག་ཉིད་གོ་བར་བྱ་བའི་དོན་དུའོ། །སྐལ་པ་དང་ལྡན་པ་གཞན་དག་བཀག་པ་ནི་ [290a.6]མེད་དེ། །དེ་དག་གི་དོན་དུ་འགྱུར་བར་བྱ་བའི་ཕྱིར་ཡང་བཤད་དོ། །དེ་ཡང་། དོན་མེད་མ་ཡིན་བརྗོད་བྱ་དང་། །དགོས་མེད་མ་ཡིན་ཡང་དགོས་དང་། །འབྲེལ་དང་བཅས་པས་བཤད་པར་བྱ། །ཞེས་བྱ་བའི་ཐ་ཚིག་གིས་བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་ [290a.7]དགོས་པ་དང་། འབྲེལ་པའོ། །དེ་ལ་དང་པོ་ལ་ནི་བརྗོད་བྱ་དང་རྗོད་བྱེད་དོ། །དེ་ཡང་སྒྲ་སྤྱིའི་རྣམ་པ་དང་། དོན་སྤྱིའི་རྣམ་པ་དང་། སྒྲ་རང་གི་མཚན་ཉིད་དང་། དོན་རང་གི་མཚན་ཉིད་ཀྱི་གསང་སྔགས་ཀྱི་རྒྱུ་ལམ་འབྲས་བུ་དང་བཅས་པའོ། །དེ་ཡང་ཐུན་མོང་མ་ཡིན་པའི་ངེས་ [290b] [290b.1]ཤེས་དང་། བདེ་སྟོང་སྤྱིའི་རྣམ་པ་ཉམས་སུ་མྱོང་བ་དང་། དེ་རང་གི་མཚན་ཉིད་དུ་གྱུར་པ་ལས། གཞན་གྱི་དོན་འབྱུང་བ་དང་། འབྲེལ་བ་དང་། འདྲིས་པ་དང་། ཁྱད་པར་ཅན་གྱི་དོན་སྟོན་ནུས་པ་དེ་དག་མེད་ན་མི་འབྱུང་བ་ཙམ་ཉིད་ཀྱི་དོན་ཏོ། །དེ་བས་ན། བསྒྲུབ་མི་ནུས་དང་དོན་ [290b.2]མེད་དང་། །དམན་པ་ལ་སོགས་མ་ཡིན་པས། །དོན་དང་ལྡན་པའི་ཆོས་འདི་ནི། །བརྩམ་པར་ཡང་ནི་རིགས་པ་ཡིན། །ཞེས་བྱ་བས་ཀྱང་ངོ་། །ད་ནི་གཞུང་ཉེ་བར་བསྡུ་བར་བྱ་བ་སྟོན་ཏེ། གཞན་དག་ནི་ཆོས་འདི་དག་བསྟན་པས། དགོས་པ་ཁྱད་པར་ཅན་མེད་དོ་སྙམ་པ་ལ་ [290b.3]བསྟན་པར་བྱ་སྟེ། འདིར་བླུན་པོ་དག་ནི་ཕྱག་རྒྱ་བཞི་གོ་རིམས་ལ་འཁྲུལ་ཅིང་རྨོངས་པ་དང་། ཤིན་ཏུ་རྨོངས་པ་དང་། དཀའ་བ་ཅན་དག་དང་སྲིད་པའི་རྒྱ་མཚོར་ཤིན་ཏུ་སྡུག་བསྔལ་བར་གྱུར་ཅིང་འཁྱམས་པ་ལ། བདེ་བར་ཕྱག་རྒྱ་བཞིའི་དོན་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ [290b.4]ཞེས་བྱ་བ་ལ། འདིར་ནི་ཁྱད་པར་གྱི་ལམ་འདི་དག་ཏུའོ། །བླུན་པོ་དག་ནི་མི་ཤེས་ཤིང་འོག་ནས་འབྱུང་བ་རྣམས་སོ། །ཕྱག་རྒྱ་བཞི་བཤད་ཟིན་ཏོ། །སྐད་ཅིག་བཞིའི་གོ་རིམས་ལ་འཁྲུལ་ཅིང་། རྟོགས་པ་ལ་རྨོངས་པ་ནི། ཕྱི་རོལ་པ་དང་ཁྱད་མེད་པའི་ཕྱིར། [290b.5]དྲག་པོའི་དབང་བསྐུར་རོ། །ཤིན་ཏུ་རྨོངས་པ་དང་ཞེས་བྱ་བ་ནི། དབང་བསྐུར་ངན་པ་རྣམས་ཏེ། གོ་རིམས་ལ་མ་འཁྲུལ་བའི་རྗེས་ལ། མི་རིགས་པའི་ཕྱིར་རོ། །དཀའ་བ་ཅན་དག་ཞེས་བྱ་བ་ནི། རྣལ་འབྱོར་སྤྱོད་པ་དག་དང་དབུ་མ་པ་སྟེ། བསྐལ་པ་གྲངས་མེད་པ་ [290b.6]གསུམ་གྱིས་སངས་རྒྱས་ཞེས་གསུངས་པའི་ཕྱིར་རོ། །སྲིད་པའི་རྒྱ་མཚོར་ཤིན་ཏུ་སྡུག་བསྔལ་བར་གྱུར་ཅིང་ཞེས་པ་ནི། ནུབ་ཕྱོགས་པ་དང་། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སྟེ། དེ་དག་ནི་ཁམས་གསུམ་གྱི་སྲིད་བརྒལ་དཀའ་བའི་རྒྱ་མཚོར་བདག་ཏུ་ལྟ་བའི་ནད་ཀྱིས་ཤིན་ཏུ་ [290b.7]སྡུག་བསྔལ་བར་གྱུར་ཅིང་བདེ་བས་དབེན་པའོ། །འཁྱམས་པ་ལ་ཞེས་བྱ་བ་ནི་ཕྱི་རོལ་བ་དང་སོ་སོའི་སྐྱེ་བོ་སྟེ་དོན་མེད་པའི་ཕྱིར་རོ། །དེ་ལྟ་བུ་དག་ལ་རྒྱུ་ལྷན་ཅིག་སྐྱེས་པ་དང་། ལམ་སྐྱེ་བ་མེད་པ་དང་། འབྲས་བུ་བདེ་བ་ཆེན་པོ་ལས། འབྱུང་བ་ཐ་མི་དད་པ་ནི། བདེ་བར་ [291a] [291a.1]འབྱུང་བའོ། །ཕྱག་རྒྱ་བཞི་ཡི་དོན་རྟོགས་ནས། །ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་དབང་གི་དུས་སུ་དང་། ཆོས་ཀྱི་ཕྱག་རྒྱ་དོན་སྤྱིའི་རྣམ་པར་འཆར་བའི་དུས་སུ་དང་། ཕྱག་རྒྱ་ཆེན་པོ་དོན་རང་གི་མཚན་ཉིད་ཇི་ལྟ་བུའི་དུས་སུ། དམ་ཚིག་གི་ཕྱག་ [291a.2]རྒྱ་མངོན་དུ་གྱུར་ཅིང་། སྨིན་པའི་དུས་སུའོ། །ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དང་པོས་བདེ་བ་ཁོང་དུ་ཆུད་པར་བྱེད་དོ། །གཉིས་པས་སྟོང་པ་ཁོང་དུ་ཆུད་པར་བྱེད་དོ། །གསུམ་པས་དབྱེར་མི་ཕྱེད་པ་ཁོང་དུ་ཆུད་པར་བྱེད་དོ། །ཕྱིར་ཞེས་བྱ་བ་ནི་དགོས་པ་སྟེ། [291a.3]བླུན་པོ་ཤེས་རབ་ཅན་དུ་བྱ་བའི་ཐ་ཚིག་གོ། །དེ་ལ་དབང་པོ་རབ་འབའ་ཞིག་གི་སྤྱོད་ཡུལ་ཡིན་ཞེས་པ་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། བློ་ཆུང་བྱིས་པ་ལྟ་བུ་ལ། །མ་ལྟ་བུ་ཡི་བླ་མ་ཡིས། །གདམས་ངག་བཅུད་ཀྱིས་སྦྱང་བྱས་ནས། །བླ་མེད་ཐེག་པའི་རྟེན་དུ་འགྱུར། ། [291a.4]ཞེས་བྱ་བས་རྟེན་ཅིང་འབྲེལ་ཏེ། བློ་སྦྱངས་པ་ལ་ཡིན་གྱི། མ་སྦྱངས་པ་ལ་མ་ཡིན་ནོ། །དེ་ཡང་རང་བཟོ་མ་ཡིན་ཏེ། ཚད་མ་དང་ལྡན་པར་བྱ་བའི་ཕྱིར། རྒྱུད་བཟང་པོ་དག་གི་རྗེས་སུ་འབྲངས་ནས་ཞེས་བྱ་བ་སྟོན་ཏེ། དེ་ལ་རྒྱུད་ནི་རྒྱུན་ཏེ། དེ་རྣམ་པ་གསུམ་དུ་འགྱུར་བ་ནི། [291a.5]རིམ་པ་གཉིས་ཀྱི་མཚན་ཉིད་ཅན་ཏེ། འཕྲོག་ཏུ་མེད་ཅིང་གཞན་གཅོད་པར་བྱེད་པའོ། །བཟང་པོ་ནི་ཕའི་རྒྱུད་གསང་བ་འདུས་པ་དང་། མའི་རྒྱུད་བདེ་བ་མཆོག་གི་འཁོར་ལོ་དང་བརྟག་པ་སུམ་ཅུ་རྩ་གཉིས་པ་དག་གི་རྗེས་སུ་འབྲང་ནས་མཛད་པའོ། །རྒྱུད་དེ་དེ་དག་དང་ལྡན་ [291a.6]ཡང་ཐུན་མོང་མ་ཡིན་པའི་དོན་སྟོན་པར་མི་འགྱུར་རམ་སྙམ་པ་ལ། བླ་ན་མེད་པའི་ཁྱད་པར་ཅན་བསྟན་པར་བྱ་སྟེ། བདེ་བ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཐབས་ཞེས་བྱ་བ་ལ། བདེ་བ་ཆེན་པོ་ནི་སྒྲོ་སྐུར་དང་བྲལ་བ་སྟེ། དོན་གཞན་ལ་མི་ལྟོས་པ་ཅི་ཡང་མ་ཡིན་པའི་ [291a.7]ཡེ་ཤེས་མ་བཅོས་པའོ། །དེ་ཡང་། རང་བཞིན་བཅོས་མ་མ་ཡིན་པས། །དོན་གཞན་ལ་ནི་ཇི་ལྟར་ལྟོས། །ཞེས་པས་སོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་མེད་པ་ཡིན་ན། རྣམ་པ་སྣ་ཚོགས་པའི་ཕྱིར་སྣང་ཞེ་ན། ཉེས་པ་མེད་དེ་སོ་སོའི་སྐྱེ་བོ་མ་རིག་པའི་རབ་ [291b] [291b.1]རིབ་ཀྱིས་མིག་ཉམས་པར་བྱས་པས་སོ། །དངོས་པོ་རྣམས་རང་བཞིན་མེད་པ་ལ། རང་བཞིན་སྣ་ཚོགས་སུ་རྟོགས་སུ་ཟད་ཀྱིས། རྣལ་འབྱོར་པ་མ་རིག་པའི་དྲི་མ་དང་བྲལ་བའི་བློ་གྲོས་ཀྱི་མིག་ཅན་ལ་ནི་མ་ཡིན་ནོ། །དེ་ཡང་གསུང་རབ་ལས། ཨེ་མ་ཀུན་དུ་ [291b.2]བཟང་པོ་ཡིས། །སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སྐྱེ་བ་མེད་པའི་ཚུལ་གྱིས་སོ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །ཞེས་བྱ་བས། སྐྱེ་མེད་སྣ་ཚོགས་སུ་ཤར་བ་ལ། ཚུ་རོལ་མཐོང་བའི་གང་ཟག་གིས། །མདུན་དུ་གསལ་བར་སྣང་བ་ཙམ་གྱིས་འཇུག་ཏུ་ཟད་ཀྱི། [291b.3]དོན་ལ་མཁས་པ་དག་གིས་སྐྱེ་བ་མེད་པ་ཉིད་དོ། །དེ་རྟོགས་ནས་དེ་ཙམ་དུ་མི་འཛིན་པ་ནི་བདེ་བ་ཆེན་པོའོ། །དངོས་གྲུབ་ནི་མཆོག་གི་དངོས་གྲུབ་སྟེ་བཅུ་བཞི་པའི་སའོ། །དེ་ཡང་འདི་ལྟར་མྱུར་དུ་བསྒྲུབ་པ་ནི་ལྔ་པ་དང་ལྡན་པའི་ཐབས་སོ། །གལ་ཏེ་རྒྱུད་དང་ [291b.4]གདམས་ངག་གི་དོ་ཁོ་ན་ཉིད་ཡོད་ཀྱིས་ཀྱང་། བརྩམ་པའི་ཚད་དང་མི་ལྡན་ནོ་སྙམ་པ་དག་ལ་བཤད་པར་བྱ་སྟེ། དོན་རབ་དང་ལྡན་པར་བརྩམས་ཏེ་ཞེས་བྱ་བ་ནི། ཆོས་ཐམས་ཅད་དེ་ཁོ་ན་ཉིད། སྔར་མ་མཐོང་བའི་དོན་རབ་མཐོང་པ་ནི། མཐོང་བའི་ལམ་སྟེ་ [291b.5]སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་གསུང་རབ་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་ལ། །ཆོས་བདག་མེད་པའི་མཉམ་ཉིད་ལས། །རང་སེམས་གཟོད་ནས་མ་སྐྱེས་པས། །སྟོང་པ་ [291b.6]ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བ་དེ་དང་ལྡན་པ་བརྩམས་པ་སྟེ། རྗེ་བཙུན་གྱིས་འདི་དག་དོན་མེད་པའི་བསྟན་ཆོས་སུ་མི་འགྱུར་རོ། །དེ་དག་ལ་གང་ཟག་གིས་བསྒྲུབ་པར་བྱ་ཞེ་ན། དབང་པོ་མཆོག་གིས་རྙེད་པའི་ཕྱིར། དམ་པ་དང་མཚུངས་པས་ཤིན་ཏུ་བསྒྲུབ་པར་ [291b.7]བྱའོ་ཞེས་བྱ་བ་ནི་སྔོན་དུ་སོང་བའི་མཐུ་ལས་གྲུབ་པ་སྟེ། དེ་ཡང་དགེ་བའི་བཤེས་གཉེན་བསྟེན་པ་དང་། ཚོགས་གཉིས་སུ་བསགས་པ་དང་། གཉུག་མ་ལ་སྦྱངས་པ་དང་། སྨོན་ལམ་ཆེན་པོ་བཏབ་པ་དག་གིས་བླ་མ་ལ་གུས་པ་དང་། གདམས་པ་ལ་ངས་པ་ [292a] [292a.1]དང་། གདམས་ངག་ཉམས་སུ་མྱོང་བ་དང་། ཟབ་མོ་ལ་མི་སླག་པ་ནི་དབང་པོ་མཆོག་སྟེ། དེ་དག་གིས་བསྒྲུབ་བྱ་རྙེད་པའི་ཕྱིར་བསྒྲུབ་པའོ། །དེ་ཡང་བླ་མ་དང་མི་ལྡན་ན་དངོས་གྲུབ་ཉེ་བར་རྙེད་པར་མི་འགྱུར་ཏེ། བླ་མ་དམ་པ་བརྒྱུད་པ་དང་ཕྱིན་བྱིན་ [292a.2]གྱི་རླབས་སྨན་ལྟ་བུ་དང་། མཁས་པ་རྙོག་པ་མེད་པ་མཚུངས་པས་ཤིན་ཏུ་བསྒྲུབ་པར་བྱའོ། །དེ་དག་གིས་ནི་དགོས་པ་ཚད་མ་དང་བཅས་པ་བསྟན་པའོ། །ད་ནི་རྟོག་པ་བལྟ་བར་བྱ་བའི་ཕྱིར་མདོར་བསྟན་པར་བྱ་སྟེ། དེ་ལ་ཕྱག་རྒྱ་བཞི་ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་དང་། [292a.3]ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱའོ་ཞེས་བྱ་བ་ལས། ལས་ནི་བདེ་བ་སྟེ། ཕྱག་རྒྱ་ནི་དུས་ཀྱི་སྣ་རྩེ་ཚད་དུ་འཛིན་པའོ། །ཆོས་ནི་ཕུང་པོ་ལ་སོགས་པ་སྐྱེ་མེད་དུ་རྟོག་པ་སྟེ། ཕྱག་རྒྱ་ནི་བླ་མའི་གདམས་ངག་གིས་ཚད་དུ་འཛིན་པའོ། །ཆེན་པོ་ནི་བདེ་སྟོང་ [292a.4]གཉིས་མེད་དེ། ཕྱག་རྒྱ་ནི་ཡིད་ལ་མི་བྱེད་པས་ལྟ་བ་ཚད་དུ་འཛིན་པའོ། །དམ་ཚིག་ནི་ཕུན་སུམ་ཚོགས་པའི་དོན་ཏེ། ཕྱག་རྒྱ་ནི་གཟུགས་སྐུ་རྣམ་པ་གཉིས་ཀྱི་གཞན་དོན་ཚད་དུ་འཛིན་པའོ། །ད་ནི་དེ་ཉིད་རྒྱས་པར་བཤད་པ་ནི། དེ་ལ་ལས་ཀྱི་ཕྱག་རྒྱ་རང་གི་ངོ་བོ་བརྟག་པ་དག་ [292a.5]བྱ་སྟེ། ལས་ནི་ལུས་ངག་ཡིད་གསུམ་མཉམ་པ་སྟེ། བསམ་པ་གཙོ་བོ་ཡིན་ལ། ཕྱག་རྒྱ་ནི་བླ་མའི་གདམས་ངག་གིས་རང་གི་ངོ་བོར་བརྟགས་པའོ་ཞེས་བྱ་བ་ལ། ལས་ཀྱི་ཕྱག་རྒྱ་རང་གི་ངོ་བོ་ནི་ལྷན་ཅིག་སྐྱེས་པ་སྟེ། དེར་སྦྱོར་བ་གཞན་གྱིས་བརྟག་པར་བྱ་སྟེ། སྦྱོར་བ་ནི་ལས་ [292a.6]སུ་ཤེས་པར་བྱའོ། །དེ་ལ་མིག་བལྟ་བ་དང་། ལྕེ་གཞིབ་པ་དང་། མཆུ་སོ་ས་གཟུང་བ་དང་། འོ་བྱ་ཞིང་འཁྱུད་པ་དང་། ནུ་མ་མཉེ་བ་དང་། གཡལ་བསླང་པ་དང་། ཀཀྐོ་ལར་པོ་ལ་བསྐྱོད་པ་ནི་ལས་སོ། །ཆགས་པ་ནི་གཏམ་གླེང་པ་དང་། རྡོ་རྗེ་བཟླས་པ་ནི་ངག་གོ། །རྡོ་རྗེ་དང་པདྨ་ [292a.7]བྱིན་གྱིས་བརླབ་པ་དང་། རྫོགས་པའི་སངས་རྒྱས་ཀྱི་བློ་ཡོད་པ་ནི་ཡིད་ཀྱི་ལས་ཏེ། དེ་དག་ནི་གསང་བ་ནང་གི་དབང་ལ་ཡང་ཤེས་པར་བྱའོ། །ནང་ལ་ལྟོས་ནས་ཕྱི་ཡོད་དམ་ཞེན། ཕྱི་ལ་ལྟོས་ནས་མ་སྨིན་པར་བྱ་བ་ཡང་ཡོད་དོ། །གསུང་རབ་ལས། ཁྲུ་གསུམ་མཐེབ་སོར་ [292b] [292b.1]གསུམ་ལྷག་པ། དཀྱིལ་འཁོར་དག་གིས་བྱ་བ་ཡིན། །རིགས་ལྔ་དག་ལས་བྱུང་བ་ནི། །རིག་མ་དེར་ནི་གཞུག་པར་བྱ། །ཞེས་གསུངས་པ་ནི། གོང་དུ་བཤད་པའི་བུམ་པའི་དབང་ངོ་། །མ་སྨིན་པ་ལ་ཡང་གསང་བའི་དབང་མི་ཐོབ་པ་ནི་མ་ཡིན་ཏེ། དེ་ཉིད་ལས། ཡང་དག་དེ་ནི་ [292b.2]ཇི་ལྟར་རྙེད། །བཅུ་དྲུག་ལོ་ལོན་དེ་བཞིན་དུའང་། །ཇི་སྲིད་ཤུ་ཀྲ་ལྡན་གྱུར་པ། །དེ་སྲིད་དུ་ནི་ཕྱག་རྒྱ་བསྟེན། །ཞེས་བྱ་བས་ཤེས་པར་བྱའོ། །གསང་བ་ཕྱིའི་དབང་ནི། སློབ་དཔོན་ཡབ་ཡུམ་སྙོམས་པར་ཞུགས་པའི། ཨེ་བཾ་མ་ཡ་ཡོངས་སུ་གྱུར་པའི་བྱང་ཆུབ་ཀྱི་སེམས་པདྨ་ [292b.3]རྡོ་རྗེ་ལས་ངག་གི་རྩེ་མོས་བླང་བར་བྱ་སྟེ། །ལན་གསུམ་གྱི་སྦྱོར་བས་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བའི་རྒྱུར་འགྱུར་རོ། །དེ་ཡང་གསུང་རབ་ལས། ཕྱག་རྒྱའི་གདོང་ནི་གཡོགས་པ་དང་། །ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ། །དེ་ལ་བརྟེན་པའི་གང་བྱུང་བ། །སློབ་མའི་ཁར་ནི་སྦྱིན་ [292b.4]པར་བྱ། །ཞེས་བྱ་བའི་ཚུལ་གྱིས་སོ། །སྐལ་ལྡན་སློབ་མ་དེ་དག་གིས་ཀྱང་འདི་ལྟར་ཤེས་པར་བྱ་སྟེ། ཤུ་ཀྲ་ཕྱག་རྒྱས་མི་སྦྱིན་ཞིང་། །ཉ་ཕྱིས་དུང་ཆོས་དག་ཏུ་མིན། །པདྨ་རྡོ་རྗེ་གཉིས་དག་ལས། །འཆི་མེད་ལྕེ་ཡིས་བླང་བར་བྱ། །ཞེས་བྱ་བའི་དོན་ལས་མི་ཉམས་པར་བྱའོ། ། [292b.5]གསང་བ་ནང་གི་དབང་ནི། རྣམ་པར་སྨིན་པའི་སྐད་ཅིག་མ་མཆོག་གི་དགའ་བ། པདྨར་ཉམས་སུ་མྱོང་པར་བྱས་ལ། རང་རིག་པའི་ཡེ་ཤེས་དང་བཅས་པའི་རོ་གཅིག་པ་དེ་ཉིད་མཐུས་བཟློག་པར་བྱའོ། །དེ་ཡང་གསུང་རབ་ལས། དེར་ཡང་སློབ་མའི་སྤྱོད་ཡུལ་ནི། ། [292b.6]རོ་གཅིག་པར་ཡང་བྱ་བ་ཉིད། །ཅེས་བྱ་བས་རབ་ཏུ་རྟོགས་པར་བྱའོ། །བསམ་པ་གཙོ་བོ་ཡིན་ལ་ཞེས་བྱ་བ་ནི་དགའ་བ་གསུམ་ལྷན་ཅིག་སྐྱེས་པའི་ངོ་བོར་བྱེད་ཅིང་། ལྷན་ཅིག་སྐྱེས་པ་ཤེས་པ་དང་ཐ་མི་དད་པའི་ཕྱིར་བསམ་པ་ཡིན་པས་གཙོ་བོར་གྱུར་པ་སྟེ། དེ་ཡང་ [292b.7]གསུང་རབ་ལས། རང་རིག་ལས་བྱུང་ཡེ་ཤེས་ཏེ། །བདག་དང་གཞན་ཡང་རིག་པ་སྤངས། །མཁའ་མཉམ་བརྟུལ་ཞུགས་སྟོང་པ་སྟེ། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་དང་འདྲེས་ཤིང་། །ཆགས་དང་ཆགས་མེད་རྣམས་འདྲེས་པ། །དེ་ [293a] [293a.1]ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མཆོག་ཏུ་མི་གཡོ་བ། །དེ་ཉིད་ཀྱིས་ནི་ཀུན་ལ་ཁྱབ། །ལུས་ཀུན་ལ་ནི་རྣམ་པར་གནས། །དངོས་དང་དངོས་པོ་དེ་ལས་འབྱུང་། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གི་མིང་ཅན་ལ་རབ་ཏུ་རྟོག་པར་བྱའོ། །ཕྱག་རྒྱ་ནི་སྐུ་གསུང་ [293a.2]ཐུགས་ཀྱི་རིག་པའོ། །མན་ངག་གིས་ཞེས་བྱ་བའི་འདོད་ཆགས་ཆེན་པོའི་སྦྱོར་བ་བླ་མའི་གདམས་ངག་གིས་ཟིན་པའོ། །དེ་དག་གིས་ནི་ལྷན་ཅིག་སྐྱེས་པ་རང་གི་ངོ་བོར་བརྟགས་པའོ། །གལ་ཏེ་ལྷན་ཅིག་སྐྱེས་པ་དེ་དག་གོ་རིམས་ཇི་ལྟ་བུར་སྐྱེ་སྙམ་པ་ལ་བསྟན་ [293a.3]པར་བྱ་སྟེ། ལས་ཀྱི་ཕྱག་རྒྱ་དེ་ལས་སྐད་ཅིག་མའི་དབྱེ་བས་ཕྱེ་བའི་དགའ་བ་བཞི་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི། སྐད་ཅིག་མའི་དབྱེ་བ་ནི་བཞི་སྟེ། དེ་ཡང་ཕན་ཚུན་མ་འདྲེས་པར་སྐྱེ་བས། དུས་དེས་ཕྱེ་བའི་དགའ་བ་བཞིའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ཡང་གང་ལས་ [293a.4]སྐྱེ་སྙམ་པ་ལ་བསྟན་པར་བྱ་སྟེ། ཕྱག་རྒྱ་བཞིའི་མཚུངས་པ་ནི། གསུང་རབ་ལས། བཅུ་དྲུག་ལོ་ལོན་མཛེས་པའི་དབྱིབས། །ལྷན་ཅིག་སྐྱེས་པ་སྨིན་གྱུར་ནས། །ཞེས་འབྱུང་ངོ་ཞེས་བྱ་བ་ནི། བཅུ་དྲུག་ནི་ལོ་སྟེ། དེ་དག་ལ་སྟོང་པར་སྐྱེ་བའི་ནུས་པ་ཡོད་དོ། །མཛེས་ [293a.5]པ་ནི་ཡིད་དུ་འོང་བ་སྟེ། དེ་དག་ལ་བདེ་བ་སྐྱེ་བའི་ནུས་པ་ཡོད་དོ། །དབྱིབས་ནི་ཞི་བ་དང་དུལ་བ་དང་དེས་བ་དང་གདམས་ངག་འཛིན་པའི་རྟགས་ཅན་གྱི་ཕྱག་རྒྱ་དག་གིས་བྱིན་རླབས་སྐྱེ་བར་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་སུ་མེད་པར་སྨིན་པར་འགྱུར་བའི་ [293a.6]གནས་སུ་གསུངས་སོ། །དེ་ཡང་དུས་ཀྱི་དབྱེ་བ་ཇི་ལྟར་ཡིན་སྙམ་པ་ལ། སྐད་ཅིག་མ་བཞི་བསྟན་པར་བྱ་སྟེ། སྐད་ཅིག་མ་བཞི་ནི་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། མཚན་ཉིད་དང་བྲལ་བ་དང་། རྣམ་པར་ཉེད་པའོ། །རྣམ་པ་སྣ་ཚོགས་པ་ཞེས་པ་ [293a.7]ནི། འགྲོ་བ་དྲུག་ཐ་དད་དུ་ཞེན་པ་དང་། གཟུང་འཛིན་གྱི་རྣམ་པར་སྟོང་པར་སྨིན་པ་དང་། རང་ལ་བདེ་བ་དང་། སྟོང་པ་གཉིས་ཀྱི་མཚན་ཉིད་དང་བྲལ་བ་གཉིས་མེད་དུ་ཉམས་སུ་མྱོང་བ་དང་། རང་གི་རྣམ་པ་ནི་མེད་ལ་ཡོད་པ་ལ་སྤྱོད་པའི་ཕྱིར། འཇིག་རྟེན་པའི་ཤེས་པ་ [293b] [293b.1]དང་ཐ་མི་དད་པའོ། །དེ་ཡང་རྟོག་པ་ལ་སྐྱེ་འགག་ཡོད་པའི་ཕྱིར་སྐད་ཅིག་མར་བཞག་ལ། ཉོན་མོངས་པ་སྤོང་པའི་སྒོ་ནས་མ་འདྲེས་པའི་ཕྱིར་ཁྱད་པར་རིགས་སོ། །དུས་དེས་བསྡུས་པའི་ཡེ་ཤེས་ཇི་ལྟར་སྐྱེ་སྙམ་པ་ལ་བསྟན་པར་བྱ་སྟེ། དགའ་བ་བཞི་ནི་དགའ་བ་དང་། [293b.2]མཆོག་ཏུ་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་དང་། དགའ་བྲལ་ལོ་ཞེས་བྱ་བ་ལ། དགའ་བ་ནི་གཟུང་བའི་སྟོང་པ་དང་། མཆོག་ཏུ་དགའ་བ་ནི་དགའ་བས་ཆེས་ལྷག་སྟེ། གཟུང་འཛིན་གྱི་སྟོང་པ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་ནི། །རྟག་ཆད་ཀྱི་མཐའ་ལས་ [293b.3]ལོག་སྟེ། ཆོས་ཀུན་དང་ལྷན་ཅིག་སྐྱེས་པའོ། །དགའ་བྲལ་ནི་རང་གི་ཕྱོགས་ནས་དགའ་བ་དང་བྲལ་ལ། གོང་གི་ཡེ་ཤེས་ངོས་འཛིན་པར་བྱེད་པས། བློ་དང་བཅས་པ་ཉིད་དོ། །དེ་ཡང་པདྨ་དང་། རྡོ་རྗེ་ལས་སྐྱེ་བ་སྟེ། པདྨ་དང་། རྡོ་རྗེ་ལས་སྐྱེ་བར་མི་འགྱུར་སྙམ་པ་དག་ [293b.4]ལ་དེ་ཡང་། སྐད་ཅིག་ཡེ་ཤེས་བདེ་བ་ཆེ། །ཨེ་བཾ་ལ་ནི་རབ་ཏུ་གནས། །ཞེས་བྱ་བ་ངེས་པར་བྱའོ། །གལ་ཏེ་རྒྱུད་དག་ལས་རྣམ་པ་མེད་པའི་སྐད་ཅིག་མ་གསུམ་པར་བཞག་ལ། འདིར་བཞི་པར་གཞག་པ་ནི་བླ་མ་དམ་པ་དག་གི་ཞལ་གྱི་བདུད་རྩིས་བཙན་ཐབས་ཀྱི་རྣལ་ [293b.5]འབྱོར་སུན་ཕྱུང་སྟེ། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་དབུས་སུ་བསྟན་པ་ནི་མཆོག་ཏུ་གྱུར་པའི་ཕྱིར་ཡང་དག་གི་དབང་དུ་ཤེས་པར་བྱའོ། །དེ་ཡང་། དྲག་པོའི་སྦྱོར་བ་སྤངས་པ་ཡིས། །སྣ་ཚོགས་དེ་ནས་རྣམ་པར་སྨིན། །གསུམ་པ་མཚན་ཉིད་བྲལ་བ་སྟེ། །རྣམ་ [293b.6]པ་མེད་པ་དེ་ན་ཤེས། །ཞེས་བྱ་བས་རིགས་སོ། །དེ་ཡང་མ་ཡིན་ན། མཆོག་དང་དགའ་བྲལ་དབུས་སུ་ནི། །མཚོན་ཆ་ཤེས་ནས་བརྟན་པར་གྱིས། །ཞེས་གསུངས་པ་དེ་འཐད་པར་ཡང་མི་འགྱུར་རོ། །རྣམ་པར་ཉེད་པ་གསུམ་པར་འདོད་དོ་ཞེ་ན། རྣམ་ཉིད་ཀུན་དུ་སྤྱོད་ [293b.7]ཅེ་ན། །གསུམ་པ་ཇི་ལྟར་འདོད་པར་བྱེད། །ཅེས་བྱ་བའི་ཚིག་གིས་གསལ་ཏོ། །དེ་བས་ན་བཙན་ཐབས་ཀྱི་རྣལ་འབྱོར་ནི། རིགས་པ་དང་བྲལ་ཞིང་ལུང་དང་འགལ་ལོ། །གལ་ཏེ་འདི་ནི་ངེས་པར་འབྱུང་བ་དྲུག་པའི་སྒྲ་སྟེ། དགའ་བ་དང་ལྷན་ཅིག་སྐྱེས་པ་ལ་ལྟོས་ [294a] [294a.1]པའི། མཆོག་གི་དགའ་བ་དང་དགའ་བྲལ་གྱི་དགའ་བ་ནི་དབུས་མ་སྟེ་དེ་ཉིད་གཙོ་བོར་གྱུར་པ་ནི་གསུམ་པ་ཡིན་པའི་ཕྱིར། དགའ་བྲལ་གྱི་དགའ་བ་སྟེ། རིགས་སོ་ཞེ་ན། གསུང་རབ་ལས། དགའ་བྲལ་དང་པོ་མཆོག་གི་མཐའ། །སྟོང་དང་སྟོང་མིན་ཧེ་རུ་ཀ ། [294a.2]ཞེས་བྱ་བས་གསལ་ཏོ། །དེ་ལ་གསུམ་པ་དགའ་བྲལ་ཡིན་ལ། ལྷན་ཅིག་སྐྱེས་པ་ལ་ལྟོས་པའི་དང་པོ་སྟེ། མཆོག་གི་མཐའོ་ཞེ་ན་མ་ཡིན་ཏེ། །དགའ་བྲལ་དང་པོ་མཚོན་པར་བྱ། །དེ་ནི་དགའ་བ་གསུམ་བྲལ་ཉིད། །ཅེས་བྱ་བས་གསལ་ཏོ། །དེ་ཡང་སྔ་མ་བཞིན་ནོ་ཞེན་མ་ཡིན་ཏེ། [294a.3]རྣམ་པར་ཉེད་པ་སྤྱོད་པར་བརྗོད། །རང་གི་བདེ་བ་ཟ་བ་ཉིད། །ཅེས་བྱ་བས་གསལ་ཏོ། །དེ་བས་ན་རྟོགས་པ་མི་རྟོགས་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །དེ་བས་ན་འཇིག་རྟེན་པའི་གྲགས་པས་ཀྱང་གནོད་ལ། དེས་པར་བྱེད་པ་དང་ཡང་འགལ་བ་ཡིན་ནོ། །གཞན་ཡང་། དགའ་བ་དང་ [294a.4]པོ་སྣ་ཚོགས་ཉིད། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་བྲལ་དགའ་བ་རྣམ་པར་ཉེད། །ལྷན་ཅིག་སྐྱེས་པ་མཚན་ཉིད་བྲལ། །ཞེས་བྱ་བས་དགའ་བྲལ་ནི་རྣམ་ཉིད་དོ། །གཞན་ཡང་། དགའ་བ་དང་པོའི་འགྲོ་བ་ཉིད། །དེ་བཞིན་མཆོག་དགའ་འགྲོ་བ་ཉིད། །དགའ་བྲལ་དགའ་བ་ [294a.5]འགྲོ་བ་ཉིད། །ལྷན་ཅིག་སྐྱེས་དགའ་གསུམ་མི་དམིགས། །ཞེས་བྱ་བས་དགའ་བྲལ་འཁོར་བར་སྟོན་ཏོ། །འོན་ཏེ་དགའ་བྲལ་གསུམ་པ་ཡིན་ན། ལྷན་ཅིག་སྐྱེས་པ་མི་རྟོག་པ་བསྟན་པའི་རྒྱུད་དང་འགལ་ཏེ། ལྷན་ཅིག་སྐྱེས་དགའི་ངོ་བོ་ང་། །མཆོག་མཐའ་དགའ་བྲལ་དང་པོ་ཅན། །ཞེས་བྱ་ [294a.6]བ་དང་། འཐད་པར་མི་འགྱུར་རོ། །དེ་བས་ན། དགའ་ཕྱིར་དེ་ཚེ་དཔྱོད་མེད་དེ། །མཚན་ཉིད་མེད་པར་རིགས་པར་འགྱུར། །དེ་ཕྱིར་མཚན་ཉིད་བྲལ་བར་རིགས། །བདེ་བ་གསུམ་པ་དེ་ཉིད་ཡིན། །རང་རིག་ཉིད་དེ་དངོས་གྲུབ་འགྱུར། །ལུང་གི་དོན་དང་མཚམས་མ་ཡིན། །ཞེས་བྱ་བས་ལྷན་ [294a.7]ཅིག་སྐྱེས་པ་གསུམ་པ་རྟོགས་པར་བྱའོ། །དེ་བས་ན་དམ་པ་ནི་རྟོགས་པ་དང་མི་ལྡན་ཏེ། གོ་རིམས་གནས་ཀྱང་ཡང་དག་པར་མ་ཡིན་ནོ། །དྲག་པོའི་དབང་ལ་ནི་མཚན་ཉིད་དང་བྲལ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བས་མཐར་འདོད་དོ་ཞེས་བྱ་བ་ལ་དམན་པ་ནི་ངན་པ་སྟེ། རྒྱས་འདེབས་པ་མེད་ [294b] [294b.1]པའི་ཕྱིར་ཉམས་སུ་མྱོང་པ་ཙམ་ལས་གཉིས་མེད་ཀྱི་རྟོགས་པ་དང་མི་ལྡན་པས་སྐད་ཅིག་མ་དང་དགའ་བའི་གོ་རིམས་ཀྱི་མི་གནས་ཀྱང་། དོན་དང་མི་ལྡན་ཏེ་གདོལ་པ་ལ་རྒྱལ་པོར་བརྗོད་པ་བཞིན་དུ་ཡང་དག་པ་མ་ཡིན་ནོ། །དྲག་པོ་ནི་སྟོབས་ཀྱིས་བྱས་པ་སྟེ། དབང་ནི་མཚན་ཉིད་དང་བྲལ་བའི་ [294b.2]སྐད་ཅིག་མ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་མཐར་འདོད་པའི་ཕྱིར། གོ་རིམས་ཀྱང་འཁྲུལ་ལ་རྟོགས་པ་ཡང་གོང་མ་ལྟ་བུ་སྟེ། བཟང་པོ་མ་ཡིན་པ་ཉིད་དོ། །དེ་ལས་གཞན་པའི་འདོད་པ་ཡང་། །ཁོ་བོས་དགག་པར་བྱ་བ་ཉིད། །རྡོ་རྗེ་ནང་གི་རྣམ་བཅས་ཏེ། །དེ་ཡི་རྩེ་མོར་རྣམ་མེད་ [294b.3]ཉིད། །དབུ་མར་གནས་ཞེས་གང་སྨྲ་བ། །ཁོ་བོའི་བླ་མ་དེ་མི་འདོད། །ཅེས་བྱ་བས་གསལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་སྔོན་དུ་ཞེན་པ་འབའ་ཞིག་གཙོ་བོར་གྱུར་པའི་ཕྱིར་དང་། དེ་ལས་འདས་པའི་ནི་ཆད་པའི་མཐའ་ལ་ལྟུང་པའི་ཕྱིར། རྡོ་རྗེའི་ནང་དུ་དེའི་རྩེ་དང་། །ཐོད་པའི་ནང་དུ་ [294b.4]ལྷུང་བ་དང་། །བར་དུ་འདུག་པའང་མི་འདོད་ལ། །དེ་ཉིད་བླ་མའི་ཁ་ལ་རིག །ཅེས་བྱ་བ་ནི། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་གི་བཅོམ་ལྡན་འདས་སོ། །དེ་ཡང་བླ་མའི་ཞལ་ལས་རྟོགས་པར་བྱ་བ་ནི། གཉིས་འདས་ནས་ནི་གཉིས་མཉམ་པ། །རྡོ་རྗེ་ནས་ལྷུང་པདྨར་རེག །མི་བསྐྱོད་རྡོ་རྗེ་ནས་ [294b.5]ལྷུང་བ། །རྡོ་རྗེ་པདྨ་ལ་རེག་པ། །རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །འདི་ནི་བདེ་ཆེན་རྒྱལ་པོ་ཡིན། །ཞེས་བྱ་བས་ནོར་བུ་ལྟ་བུའི་དོན་རྙེད་པར་རིག་པར་བྱའོ། །གལ་ཏེ་རྒྱུན་ནི་ངེས་པའི་དོན་ཏེ། འདིར་དྲང་བའི་དོན་དུ་འགྱུར་བ་འམ། ཡང་ན་ [294b.6]བརྩམས་པ་ལ་དོན་མེད་དེ་འཁྲུལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། སྔགས་ཀྱི་ཐེག་པ་ནི་བླ་མའི་ཞལ་ལ་རག་ལས་པའི་ཕྱིར་དང་། གཞན་ཤེས་རབ་ཀྱིས་ང་རྒྱལ་བའི་བློ་འཇུག་པ་སྤངས་པའི་ཕྱིར་ཞལ་ལས་ཤེས་པར་བྱ་བའི་དོན་ཏོ། །གལ་ཏེ་ཡང་དག་གིས་འགྲུབ་པའི་ཕྱིར། [294b.7]བཙན་ཐབས་དགོང་པར་མི་རིགས་སོ་ཞེ་ན། མ་ཡིན་ཏེ། ངེས་ཤེས་ནི་ལྟོས་པར་འགྲུབ་པ་ཡིན་པའི་ཕྱིར། བདེན་པ་གསུམ་པས་བསྟན་པ་ལྟར་རྗེ་བཙུན་པས་ཀྱང་སྟོན་ཏེ། དབང་དེས་པ་དང་དེ་དང་རྗེས་སུ་མཐུན་པ་དག་ནི་བཅོམ་ལྡན་འདས་ཀྱིས་བསྟན་པ་ལྟར། བདག་གིས་ [295a] [295a.1]འདིར་རྒྱས་པར་བཤད་དོ་ཞེས་བྱ་བ་ནི་གོ་སླའོ། །ད་ནི་ལྷན་ཅིག་སྐྱེས་པ་གྲིབ་མར་གྱུར་པ་བསྟན་པར་བྱ་སྟེ། ཉམས་སུ་བླངས་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱས་ལ་རྟོག་པའི་དོན་བཤད་པར་བྱ་སྟེ། དེ་ཡང་ཕྱོགས་སྔ་མ་གཉིས་དང་འདོད་པ་དེ་དག་ཐམས་ [295a.2]ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་རྙེད་པའི་ཕྱིར་གྲིབ་མའོ་ཞེས་བྱ་བ་ལ། མཚོན་བྱེད་ཉམས་སུ་མྱོང་བ་ལ། །མཚོན་བྱ་མཚོན་པར་ནུས་པའི་ཕྱིར་ལྷན་ཅིག་སྐྱེས་པ་སྟེ། འདྲ་བ་ཙམ་ཉིད་ཀྱི་ཕྱིར་དངོས་མ་ཡིན་པས་ཡེ་ཤེས་མ་རྙེད་པ་སྟེ། ཆོས་ཀྱི་ཕྱག་རྒྱ་གྲིབ་མའོ། །འདྲ་བ་ཙམ་ [295a.3]གྱིས་མཚོན་པར་མི་ནུས་སྙམ་པ་ལ། གྲིབ་མའི་ལྷན་ཅིག་སྐྱེས་པ་ནི། ལྷན་ཅིག་སྐྱེས་པ་དང་འདྲ་བའི་ཡེ་ཤེས་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །དེ་ཡང་མཚོན་པར་ལྷན་ཅིག་སྐྱེས་པའི་ཆུའི་ཟླ་བ་ལྟ་བུར། ཁོང་དུ་ཆུད་པས་དོན་གྱི་ལྷན་ཅིག་སྐྱེས་པ་ནམ་མཁའི་ཟླ་བ་ལྟ་བུ་མཚོན་ [295a.4]པར་ནུས་པའི་ཕྱིར་རོ། །དེ་ཡང་དཔེ་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་ལ་གྲིབ་མར་བཞག་པའི་རྒྱུ་མཚན་གང་ཞེ་ན། དེ་བས་ན་ལྷན་ཅིག་སྐྱེས་པ་གྲིབ་མར་སྨྲ་བ་ནི་ཤེས་རབ་བོ་ཞེས་བྱ་བས་བསྟན་ཏེ། ཤེས་རབ་ཀྱི་ལས་ཀྱི་ཕྱག་རྒྱ་སྟེ། དེ་ལས་སྐྱེས་པའི་ཡེ་ཤེས་ནི་རྐྱེན་གཞན་ [295a.5]ལས་སྐྱེས་པ་དང་། འདོད་ཆགས་ཀྱི་སྤུ་གྲི་དང་ཁྱད་ཉེ་བ་དང་། ཆེད་དུ་བཅོས་པ་ཡིན་པ་དང་མའི་བུ་མོ་ལས་བྱུང་བའི་རིགས་སོ། །དེ་བས་ན་ཤེས་རབ་ལ་བརྟེན་པའི་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་སོ། །དེས་དོན་གྱི་ཡེ་ཤེས་མཚོན་པར་ནུས་སམ་ཞེ་ན། དོན་གྱི་ཡེ་ཤེས་ [295a.6]ཆོས་ཀྱི་ཕྱག་རྒྱ་ཇི་ལྟ་བུ་མཚོན་པར་ནུས་སོ། །དོན་གྱི་ཡེ་ཤེས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ན་བསྟན་པར་བྱ་སྟེ། ཤེས་རབ་ཡེ་ཤེས་ཀྱིས་བསྟན་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་སྐྱེས་པ་མེད་པ་ཉིད་དོ། །གང་གི་ཕྱིར་ཆོས་ཀྱི་ཕྱག་རྒྱ་ལ་ལྷན་ཅིག་སྐྱེས་པར་གདགས་ཤེ་ན། [295a.7]གང་གི་ཕྱིར་ལྷན་ཅིག་སྐྱེས་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། མ་བཅོས་པས་ཇི་སྲིད་པ་རང་གི་མཚན་ཉིད་དག་པའོ་ཞེས་བྱ་བ་ལ། གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་མཚན་དང་ལྡན་པར་གཞག་རིགས་པའོ། །དེ་ཡང་སྐྱེ་བ་མེད་པའི་སྤྲོས་པ་དང་བྲལ་བ་དེ་དག་ཕུང་པོ་ལ་སོགས་ [295b] [295b.1]པ་དང་ལྷན་ཅིག་སྐྱེས་པས་ན་ཆོས་ཐམས་ཅད་རང་བཞིན་ཏེ། དེ་ཡང་སྣ་ཚོགས་སུ་སྣང་བ་དེ་ཉིད་ཀྱི་ཚེ་ཆོས་ཡིན་ཏེ། དཔྱད་པས་སྐྱེ་བ་མེད་པའི་ཕྱིར་ལྷན་ཅིག་སྐྱེས་པའོ། །དེ་ཡང་ཉམས་སུ་ཇི་ལྟར་བླང་ཞེ་ན། མ་བཅོས་པས་ན་ཞེས་བྱ་བ་སྟེ། དེ་ཡང་ལུས་ངག་ཡིད་ [295b.2]གསུམ་གྱིས་འབད་པའི་ཤེས་པ་བཞིན་དུ་བརྗོད་དུ་མེད་པ། གཞན་གྱིས་བརྗོད་དུ་མེད་པ། གཞན་རྗོད་པ་མེད་པ། གཞན་ལ་བརྗོད་པ་མེད་པ། ཇི་སྲིད་པ་དེ་སྲིད་ཀྱི་ཆོས་ཀྱི་ཕྱག་རྒྱ་ལྷན་ཅིག་སྐྱེས་པ་སྟེ། དབྱེར་མེད་པའི་ཕྱིར་རང་གི་མཚན་ཉིད་དག་པའོ། །དེ་ཡང་ [295b.3]གསུང་རབ་ལས། གཞན་གྱིས་བརྗོད་མེད་ལྷན་ཅིག་སྐྱེས། །གང་ལས་ཀྱང་ནི་རྙེད་མི་འགྱུར། །བླ་མའི་དུས་ཚིགས་བསྟེན་པ་ཡིས། །བསོད་ནམས་ལས་ནི་རང་བཞིན་ཤེས། །ཞེས་གསུངས་པའི་ཕྱིར། དེ་དག་ནི་དོན་གྱི་ཡེ་ཤེས་སོ། །དེ་བས་ན་ལས་ཀྱི་ཕྱག་རྒྱ་དེ་དག་གིས་ [295b.4]མཚོན་བྱ་མཚོན་པར་ནུས་པ་དེའི་ཕྱིར། ལས་ཀྱི་ཕྱག་རྒྱ་ཐོབ་ནས་རྒྱུ་མཐུན་པའི་འབྲས་བུ་སྐྱེད་པར་བྱེད་དོ། །དེ་དག་གི་ནི་གོ་བ་ཡང་ཅི་ཞེ་ན། རྒྱུ་མཐུན་པའི་འདྲ་བར་འབྱུང་བས་ནའོ་ཞེས་བྱ་བ་ནི་གོ་སླའོ། །དེ་དག་ཀྱང་ཇི་ལྟར་འབྱུང་སྙམ་པ་དག་ལ། དེའི་ཕྱིར། ཨེ་ཡི་ཆ་བྱད་བཟང་ [295b.5]པོ་གང་། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ལ། ཨེ་ནི་ཨེ་དྷརྨ་དྷཱ་ཏུ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ལས་ཆོས་འཁོར་བ་དང་མྱ་ངན་འདས་པ་སྟེ། དེ་དག་ཀུན་འབྱུང་བའི་ [295b.6]དབྱིངས་ཡིན་པའི་ཕྱིར་རོ། །ཆ་བྱད་ནི་རིགས་ལྔ་ལས་བྱུང་བའི་བརྟུལ་ཞུགས་དང་ལོ་གྲངས་ཚད་དང་མཐུན་ནོ། །བཟང་པོ་གང་ཞེས་བྱ་བ་ནི། མཚན་ཉིད་དང་ལྡན་པ་སྟེ། དེ་དག་ཀྱང་། དཀར་ཤམ་སྔོ་བསངས་སྐྲ་སེར་ལི། །ནུ་མ་སྲ་འཁྲེགས་རྐེད་པ་ཕྲ། །བྷ་ག་འཁྱིལ་བ་ [295b.7]ཡངས་པའི་ཚུལ། །བཞིན་མཛེས་བྱེད་མཁས་པ་ཡི་དྲི། །དད་དང་སྙིང་རྗེ་ཚོགས་སོགས་བརྩོན། །རྒྱུད་འཇམ་བྱང་ཆུབ་སེམས་གང་ཤེས། །ཧ་ཅང་རིང་མིན་ཐུང་བ་མིན། །ཁྲོ་དང་ཉོན་མོངས་ཉེས་སྤངས་པ། །གཞོན་ཞིང་ཏིང་ངེ་འཛིན་དང་ལྡན། །དཔའ་བོ་དག་ལ་གུས་ [296a] [296a.1]བྱེད་ཅིང་། །འདོད་ལ་མ་ཆགས་ཕན་སེམས་ལྡན། །དེ་ནི་མཆོག་གི་གྲོགས་སུ་འགྱུར། །ཞེས་གསུངས་པ་ལ་བྱའོ། །དབུས་ཞེས་བྱ་བ་ནི། སྟོང་པ་བདེ་བས་གང་བའི་བདག་ཉིད་བདེ་བ་ཆེན་པོ་དག་གི་ཐིག་ལེས་སྨིན་པའི་གནས་ནི་ཨེའི་བདག་ཉིད་ཀ་ཀོ་ [296a.2]ལའོ། །དེ་གཉིས་ཉམས་སུ་མྱོང་བར་འགྱུར་བ་ནི། ཝཾ་གྱི་བདག་ཉིད་བོ་ལའོ། །དེ་དང་གཉིས་སུ་མེད་པའི་རྣམ་པར་སྦྱོར་བ་ལས། སྐད་ཅིག་མ་ལ་དགའ་བའི་ཡེ་ཤེས་ཀྱིས་བརྒྱན་པ་སྐྱེའོ། །བདེ་བ་ནི་འབྲས་བུའོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའི་དོན་ཏེ་སྐུ་བཞི་དང་ [296a.3]ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཉིད་ཅན་བདག་ཉིད་ལའོ། །དེ་ཡང་རྒྱུ་དང་འབྲས་བུ་ཉེ་བར་མཚུངས་པ་སྟེ། དགའ་བ་སྤྲུལ་བའི་མཆོག་ལོངས་སྤྱོད། །ལྷན་ཅིག་སྐྱེས་པ་ཆོས་སྐུ་ལ། །དགའ་བྲལ་ངོ་བོ་ཉིད་ཅན་ནོ། །ཞེས་བྱ་བ་དང་། ཆགས་པ་མ་ཡིན་ཆགས་བྲལ་མིན། །བར་མ་ལ་ནི་ [296a.4]ཡོད་པ་མིན། །གསུམ་པོ་སྤངས་ཕྱིར་ལྷན་ཅིག་སྐྱེས། །ཡང་དག་བྱང་ཆུབ་ཉིད་དུ་བརྗོད། །ཅེས་བྱ་བས། ཡེ་ཤེས་ལྔ་གཟུང་བར་བྱའོ། །སངས་རྒྱས་ནི་སེམས་ཅན་འབྱུང་བའི་དོན་གྱིས་སོ། །རིན་པོ་ཆེ་ནི་རིན་པོ་ཆེའི་དོན་མཚོན་ནུས་པ་ཉིད་ཀྱིས་སོ། །ཟ་མ་ཏོག་ནི་ཉམས་སུ་མྱོང་བ་འབྱུང་ [296a.5]བའི་དོན་གྱིས་སོ། །དེ་ཡང་སེམས་ཅན་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་རང་ཆས་སུ་ཡོད་པ་དང་འདྲ་བའི་ཕྱིར་དང་མངོན་དུ་བྱ་བ་ཉིད་ཀྱིས་སོ། །གལ་ཏེ་དེ་དག་ལ་ཕན་ཡོན་དེ་ལྟ་བུ་ཡོད་པའི་ཕྱིར། ཆོག་པར་འཛིན་པ་ན་དེ་དགག་པར་བྱ་སྟེ། དེ་ལྟར་བློ་དམན་པའི་སློབ་དཔོན་རྣམས་ཤེས་ [296a.6]རབ་ཡེ་ཤེས་བསྒྲུབས་ནས་རྟོགས་པ་དང་མི་ལྡན་པས་འབྲས་བུ་ཉེ་བར་རྙེད་པར་མི་འགྱུར་ཡང་། ལྷན་ཅིག་སྐྱེས་པ་མྱོང་ཞེས་ཟེར་ན་དགའ་བ་སྐྱེ་བར་འགྱུར་ཏེ། དེ་དག་ནི་དཔེར་ན་མེ་ལོང་ལ་བརྟེན་ནས་བཞིན་གྱི་གཟུགས་བརྙན་འབྱུང་བ་དེ་བཞིན་དུ་མི་འགྱུར་བ་དང་འདྲའོ། །དེ་ནི་སྔོན་དུ་ཡང་ [296a.7]མ་གྲུབ་ལ་ད་ལྟར་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་བསྟན་ཏེ། བློ་དམན་པ་ནི་བློའི་ཤེས་རབ་སྟེ། ཆོས་ཐམས་ཅད་ངེས་པར་འབྱེད་པའི་དོན་གྱིས་སྐྱེ་བ་མེད་པར་བྱེད་པའོ། །དེ་དང་མི་ལྡན་པ་ནི་དམན་པ་སྟེ། དེ་ལྟ་བུའི་སློབ་དཔོན་རྣམས་ཀྱིས། བུམ་པ་དང་གསང་བ་དང་ཤེས་རབ་ [296b] [296b.1]ཡེ་ཤེས་བཞིའི་མན་ངག་དང་བཅས་པས་སློབ་མ་ལ་བསྒྲུབས་ནས། རྟོགས་པ་ཆོས་ཀྱི་ཕྱག་རྒྱ་དང་མི་ལྡན་པས་དབང་བཞི་དང་བྲལ་ཏེ་འབྲས་བུ་ཕྱག་རྒྱ་ཆེན་པོ་རྙེད་པར་མི་འགྱུར་ཡང་། དུས་ཀྱི་སྣ་རྩེ་དཔེའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བས་དབུགས་དབྱུང་བ་དང་རྒྱས་ [296b.2]གདབ་པ་དང་ལྡན་པའི་ཕྱིར་འདི་ནི་མཆོག་གོ་ཞེས་ཟེར་ནས། མཐར་ཕྱིན་པའི་ང་རྒྱལ་སྐྱེ་བར་འགྱུར་ཏེ། དེ་དག་ནི་དཔེར་ན་བཞིན་ནི་མེ་ལོང་དང་བར་ནམ་མཁའ་སྣང་བའི་འོད་རྣམ་ལ་བརྟེན་ནས་བཞིན་གྱི་གཟུགས་ཅི་འདྲ་བ་ཅིག་བྱུང་བ་སྟེ། རྐྱེན་གྱི་དབང་ནི་སྣང་དུ་ཟད་ཀྱི་དེ་ནི་ [296b.3]བཞིན་དུ་མི་འགྱུར་རོ། །དེ་བཞིན་དུ་དཔེའི་ཡེ་ཤེས་དེ་དག་ཀྱང་། རྐྱེན་ཚོགས་པ་ལས་མྱོང་དུ་ཟད་ཀྱི། དེ་ཉིད་ཁོ་ན་སྐྱེ་བ་མེད་པ་ཉིད་ཀྱི་དོན་གྱི་ཡེ་ཤེས་སུ་མི་འགྱུར་བ་དང་འདྲའོ། །དེ་དག་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་དང་དེས་བསྟན་པའི་རྒྱུད་རྣམས་དང་། [296b.4]དབང་གསུམ་པའི་དུས་སུ་ཡང་མ་གྲུབ་ལ། མཁས་པ་དག་གིས་ད་ལྟར་གྱི་དུས་སུ་ཡང་དོན་གྱི་ཡེ་ཤེས་སུ་ལུང་དང་རིགས་པ་དང་བླ་མའི་གདམས་ངག་དང་ཉམས་སུ་མྱོང་བ་ལས་ཀྱང་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་བུ་དགྲ་དཔེར་ཡང་མི་རིགས་སོ་ཞེ་ན། དེ་ལྟར་བཞིན་གྱི་ [296b.5]གཟུགས་བརྙན་ནི་འདྲ་བ་ཙམ་དུ་རྟོགས་པར་བྱའོ་ཞེས་བྱ་བས་སྟོན་ཏེ། མེ་ལོང་གི་ནང་ན་བཞིན་གྱི་གཟུགས་བརྙན་གནས་པ་ནི་བཅོས་མ་ཡིན་ཡང་མ་བཅོས་པའི་བཞིན་གྱི་དྲི་མ་སེལ་བར་ནུས་པ་ནི། དྲན་པ་ཙམ་ཉིད་དུ་གནས་པས་སོ། །དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་དུས་ཀྱི་སྣ་རྩེ་བཅོས་མ་དེ་ [296b.6]དག་གིས་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་སྟོན་པར་ནུས་ཏེ། འདྲ་བ་དེ་ཁོ་ན་ཉིད་ཀྱིས་རྟོགས་པར་བྱ་སྟེ། དེ་བས་ན་ངེས་པར་བྱེད་པ་བཞིན་གྱི་གཟུགས་བརྙན་རྒྱུ་མཐུན་པ་ཙམ་མཐོང་བ་ལ། འཇིག་རྟེན་པ་རྣམས་རང་གི་བཞིན་ཞེས་འཁྲུལ་པས་དགའ་བར་འགྱུར་རོ་ཞེས་བྱ་བ་ལ། དེ་ཉིད་ [296b.7]ཆོས་དང་ཆེན་པོ་སྟེ། བདེ་སྟོང་སྤྱིའི་དང་རང་གི་མཚན་ཉིད་དོ། །དོན་དེ་དག་ངེས་པར་བྱེད་པ་ནི་ལས་ཀྱི་ཕྱག་རྒྱ་སྟེ། རྐྱེན་གཞན་ལས་སྐྱེས་པས་ན་གཞན་གྱིའོ། །དངོས་མ་ཡིན་པའི་ཕྱིར་གཟུགས་བརྙན་ནོ། །མཚོན་བྱེད་ཡིན་པའི་ཕྱིར་རྒྱུ་མཐུན་པས་ན་སྟེ། དཔེ་ཙམ་མཐུན་ [297a] [297a.1]པ་ལ་འཇིག་རྟེན་པ་རྣམས་རང་བཞིན་མཐོང་ཞེས་འཁྲུལ་པས་དགའ་བར་འགྱུར་བ་ནི་རྨོངས་པ་སྟེ། ཚུ་རོལ་མཐོང་བ་འབའ་ཞིག་ལ་འཇིག་རྟེན་པ་ཞེས་བྱ་ལ། ཕལ་ཆེར་སྐལ་པ་ཆུང་བའི་ཕྱིར་རྣམས་སོ། །དེ་ཡང་ཕྱག་རྒྱ་ཆེན་པོ་རང་ལ་ཡོད་པ། རང་གི་རང་བཞིན་རང་ [297a.2]གིས་མཐོང་། །ཞེས་དངོས་པོའི་གནས་ལུགས་ལ་འཁྲུལ་པས་ཟག་བཅས་ཀྱི་བདེ་བ་ལ་དགའ་བར་འགྱུར་བ་ནི་བླུན་པའོ། །དེ་དག་དགའ་ཞིང་མགུ་པས་ནི་ཆོས་ཀྱི་ཕྱག་རྒྱའི་གཏམ་ཙམ་ཡང་མི་འདྲིའོ། །ཆོས་ཀྱི་ཕྱག་རྒྱ་མ་ཤེས་ན། །ལས་ཀྱི་ཕྱག་རྒྱ་བཅོས་མ་འབའ་ [297a.3]ཞིག་ལ་ཞེན་པས། མ་བཅོས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཇི་ལྟར་འབྱུང་བར་འགྱུར་ཏེ། མི་འགྱུར་རོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་སྟེ། དགའ་ཞིང་ཞེས་འདོད་པ་རྗེས་སུ་གཞོལ་བའོ། །བདེ་བས་མགུ་བ་ནི་བླ་མ་བསྟེན་ཅིང་བླ་མའི་གདམས་ངག་ [297a.4]གཙོ་བོར་མི་འཛིན་ཏེ། ཆོས་ཀྱི་ཕྱག་རྒྱའི་རྟེན་ཙམ་ཡང་མི་འདྲིའོ། །དེ་བས་ན་རྟོག་པ་དང་མི་ལྡན་ཏེ་ཞེས་བྱ་བ་ལོངས་སྤྱོད་དུ་མི་འགྱུར་བའི་ཕྱིར། ཆོས་ཀྱི་ཕྱག་རྒྱ་མ་ཤེས་པ་ན་ལས་ཀྱི་ཕྱག་རྒྱ་བྱས་པའི་ཕྱིར་མི་རྟག་པ་དང་། རྐྱེན་ལས་སྐྱེས་པའི་ཕྱིར་མ་སྐྱེས་པ་དང་། བདེ་ [297a.5]བཙམ་ཉིད་ཀྱི་ཕྱིར་མཐའ་དང་བཅས་པ་སྟེ་དེ་ལྟ་བུ་རྟོག་པ་དང་བྲལ་ཞིང་རྒྱུ་བཅོས་མ་འབའ་ཞིག་ལ་ཞེན་པས་ཕྱག་རྒྱ་ཆེན་པོ་མ་བཅོས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལམ་དང་བྲལ་བའི་ཕྱིར་ཇི་ལྟར་འབྱུང་བར་འགྱུར་ཏེ་མི་འགྱུར་རོ། །ད་ནི་དཔེའི་སྒོ་ནས་བཅོས་མ་ཡིན་ [297a.6]པའི་ཕྱིར་འཐད་པ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རིགས་མཐུན་པའི་རྒྱུ་ལས་རིགས་མཐུན་པའི་འབྲས་བུ་སྐྱེ་བར་འགྱུར་གྱིས། མི་མཐུན་པའི་ལས་ནི་མ་ཡིན་ནོ། །དེ་ཡང་སཱ་ལུའི་ས་བོན་ལས་སཱ་ལུ་སྐྱེ་བ་ཡིན་གྱི་དྲུག་ཅུ་པ་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གོ་སླའོ། །དེ་ཅིའི་ [297a.7]ཕྱིར་ན་ཆོས་ཀྱི་ཕྱག་རྒྱས་མ་བཅོས་པ་ལས། བཅོས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ་ཞེས་བྱ་བ་ལ། གལ་ཏེ་ཆོས་དང་ཆེན་པོ་གཉིས་མ་བཅོས་པའི་ཕྱིར་ལམ་དང་འབྲས་བུ་གཉིས་མི་རིགས་ཏེ། གཅིག་ཉིད་དོ་ཞེ་ན། མ་ཡིན་ཏེ། དོན་གྱི་ཡེ་ཤེས་སུ་གཅིག་པའམ། [297b] [297b.1]ཉམས་སུ་མྱོང་བ་ལ་གཅིག་བརྟག་གོ། །དོན་དུ་གཅིག་པ་ནི་བདེན་ཏེ་སྣང་སྟོང་དབྱེར་མེད་པ་ཉིད་ཀྱིས་བདེ་སྟོང་དབྱེར་མེད་པ་ཉིད་དོ། །ཉམས་སུ་མྱོང་བ་ནི་སྤྱི་དང་རང་གི་མཚན་ཉིད་ཀྱིས་ཁྱད་པར་བཞག་པར་རིགས་སོ། །དེ་ཉིད་དུ་བཞག་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེའི་ [297b.2]ཕྱིར་ཆོས་ཀྱི་ཕྱག་རྒྱ་མ་བཅོས་པ་ནི། རོ་མཉམ་དང་ལྡན་པའི་མ་བཅོས་པ་སྟེ། སྤྱིའི་མཚན་ཉིད་དོ། །དེ་ལས་ཕྱག་རྒྱ་ཆེན་པོའི་མ་བཅོས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བ་ནི་རོ་མཉམ་དང་བྲལ་བའི་རང་གི་མཚན་ཉིད་དོ། །གལ་ཏེ་ཆོས་ཀྱི་ཕྱག་རྒྱ་ལ་ཇི་ལྟར་སྦྱངས་པས་ [297b.3]ཕྱག་རྒྱ་ཆེན་པོ་མི་འབྱུང་སྙམ་པ་དག་ལ། བསྟན་པར་བྱ་སྟེ། དའི་ཕྱིར་ཆོས་ཀྱི་ཕྱག་རྒྱ་ཉིད་ལས་མི་ཕྱེད་པར་སྤྱད་ན་འབྲས་བུ་ཕྱག་རྒྱ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ། ཆོས་ཀྱི་ཕྱག་རྒྱ་ལ་མི་ཕྱེད་པར་སྤྱད་པ་ནི། དགའ་བ་བཞི་པའི་མན་ངག་གིས་ཉམས་སུ་མྱོང་ [297b.4]བའི་ཕྱིར། བདེ་བ་དང་སྟོང་པ་ཉིད་ལ་གཉིས་མེད་ཀྱི་རོ་མཉམ་གྱིས་མི་ཕྱེད་པར་བྱས་ཤིང་མ་ཡེངས་པ་ཉིད་ཀྱིས་སྤྱད་ན། འབྲས་བུ་ཕྱག་རྒྱ་ཆེན་པོ་རང་ཆས་སུ་འབྱུང་ཞིང་འཆར་བར་འགྱུར་རོ། །འོ་ན་སྔར་བཤད་པ་དང་འགལ་ལོ་ཞེ་ན། དེ་དག་ནི་ཁྱོད་ཀྱིས་ཁྱད་པར་མ་ [297b.5]གསུངས་ཏེ། ཨེ་ཡི་ཆ་བྱད་བཟང་པོ་གང་། །ཞེས་བྱ་བ་ལ་སོགས་པ་ནི་དཔེའི་ཡོན་ཏན་བསྟན་པ་སྟེ། འདི་དང་ཡང་མི་འགལ་བའི་དོན་ནི། སངས་རྒྱས་རིན་ཆེན་ཟ་མ་ཏོག་ཞེས་བྱ་བས་བཤད་ཟིན་ཏོ། །ད་ནི་ལས་ཀྱི་ཕྱག་རྒྱ་ཆོས་ཀྱི་ཕྱག་རྒྱ་དང་ལྡན་ན། མཚོན་བྱེད་དཔེར་ [297b.6]རིགས་པ་སྟོན་ཏེ། །ཕྱག་རྒྱ་ནི་སངས་རྒྱས་ཀྱི་གྲིབ་མ་སྟེ། ཡེ་ཤེས་རིན་པོ་ཆེའི་གནས་དང་བཞིའོ་ཞེས་བྱ་བ་ལ། ཕྱག་རྒྱ་ནི་རིག་པ་ཉིད་དོ། །སངས་རྒྱས་ཀྱི་ཞེས་བྱ་བ་ནི་དོན་ཏོ། །གྲིབ་མ་སྟེ་ཞེས་བྱ་བ་ནི་འཇིག་རྟེན་འདས་པའི་ཡེ་ཤེས་སོ། །ཡེ་ཤེས་རིན་པོ་ཆེ་ཞེས་བྱ་བ་ནི། [297b.7]དེས་མཚོན་པའི་མཚོན་བྱའོ། །དེ་བས་ན་མཐོང་བའི་གནས་ཡིན་ལ། མྱོང་བའི་གཞི་ཉིད་དོ། །དེའི་རྗེས་སུ་བྱེད་པས་གྲིབ་མར་འགྱུར་རོ་ཞེས་བྱ་བ་ནི། ཆོས་ཀྱི་ཕྱག་རྒྱ་དང་བྲལ་བས་འཁོར་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེའི་ཡེ་ཤེས་དེ་དག་ནི་མཆོག་གི་ [298a] [298a.1]ཡེ་ཤེས་སྐྱེ་བའི་རྒྱུར་གྱུར་པའི་ཕྱིར་ལས་ཀྱི་ཕྱག་རྒྱའི་པདྨའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་རིན་པོ་ཆེའི་ལས་དགའ་བའི་ཚོགས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ལ། པདྨ་དྲི་མ་མེད་པའི་དོན་ཏོ། །བདེ་བ་འཛིན་པར་བྱེད་པའོ། །དེ་ཡང་ཨོཾ་པདྨ་སུ་ཁཾ་ [298a.2]དྷ་ར། མ་ཧཱ་རཱ་ག་སུ་ཁཾ་ད། ཙ་ཏུར་ཨཱ་ནནད་བྷ་ག་བི་ཤྭ། ཧཱུཾ་ཧཱུཾ་ཧཱུཾ་ཀཱ་ཪྻཾ་ཀུ་རུ་ཤྭ་མེ་ཞེས་བྱ་བས། ཡེ་ཤེས་ལྔ་ཡི་བདེ་འཛིན་ཅིང་། །ཆགས་པ་ཆེན་པོས་བདེ་སྟེར་བ། །དགའ་བ་བཞི་ཡི་དབང་ཕྱུག་ནི། །པདྨར་བསྡུས་པའི་འབྲས་བུའོ། །ཞེས་བྱ་བས་སོ། །སངས་རྒྱས་ཐམས་ [298a.3]ཅད་ཀྱི་ཞེས་བྱ་བ་ནི། སྙིང་པོའི་དོན་གྱི་སངས་རྒྱས་སོ། །འབྱུང་གནས་ཞེས་བྱ་བ་ནི་རྟོགས་པ་ཙམ་ལ་རག་ལས་པའི་ཕྱིར། སེམས་ཅན་འབྱུང་བའི་གནས་ལ་གདགས་སོ། །རིན་པོ་ཆེ་ནི་འདོད་པ་འབྱུང་བའི་དོན་ཏོ། །དགའ་བའི་ཚོགས་ནི་བཞིའོ། །སྐྱེ་བར་འགྱུར་རོ་ཞེས་ [298a.4]བྱ་བ་ནི་གོ་རིམས་ཀྱི་ཚུལ་གྱིས་ཉམས་སུ་མྱོང་བའོ། །དེ་ཡང་བདེ་གཤེགས་གང་དུ་བཞུགས་པ་དང་། །འཆགས་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །ཞེས་གསུངས་པས་ཀྱང་ཤེས་པར་བྱའོ། ། [298a.5]ད་ནི་ལས་ཀྱི་ཕྱག་རྒྱའི་དགའ་བ་བཞི་བསྟན་པར་བྱ་སྟེ། དེ་ལ་ཨེ་བཾ་གྱི་ཕྱག་རྒྱ་བོལླ་དང་ཀཀྐོ་ལ་བསྲུབ་པའི་སྦྱོར་བ་ལས། ཨ་བ་དྷཱུ་ཏཱི་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ཐ་མི་དད་པས་ཁྱབ་པའི་དོན་དམ་པ་དང་། གཉིས་སུ་མེད་པར་ནོར་བུའི་ནང་དུ་སོན་པས། སྐད་ཅིག་མའི་ [298a.6]དུས་ཀྱིས་བསྡུས་པའི་དགའ་བའི་མིང་ཅན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ལ། ཨེ་ནི་ཤེས་རབ་སྟེ་སྟོང་པ་སྐྱེ་བའི་གནས་སོ། །བཾ་ནི་ཐབས་ཏེ་བདེ་བའི་གནས་སོ། །ཕྱག་རྒྱ་ནི་དབྱིབས་སོ། །བོལླ་དང་ཀཀྐོ་ལ་ནི་བརྡར་སྨྲས་པའོ། །བསྲུབ་ཅིང་བསྲུབས་པའི་ [298a.7]སྦྱོར་བ་ལ་ནི་བསྐྱོད་པ་དང་ཁྱད་པར་བསྐྱོད་པའོ། །ཨ་ནི་མ་སྐྱེས་པ་ལ་བཾ་ནི་བདེ་བ་སྟེ། དྷཱུ་ཏཱི་ནི་གཉིས་མེད་གཉིས་ཀྱིས་སྟོང་པ་སྟེ། ཀུན་རྫོབ་ནི་ཀུནད་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་ནི་ཡེ་ཤེས་ཀྱི་ནུས་པ་ཡོད་པས་སོ། །ཐ་མི་དད་པའི་ཁྱབ་པ་ནི་ལུས་གང་ན་གནས་པ་ན་རྩ། དེ་ལ་ [298b] [298b.1]ཐིག་ལེ་དེ་ལ་ཤེས་རབ་དེ་ལ་ཡེ་ཤེས་ཀྱིས་ཁྱབ་ཅིང་། གཉིས་སུ་མེད་པ་སྟེ་འཁོར་ལོ་བཞི་ནས་འབྱུང་བ་བཞིའི་རང་བཞིན་དུ་རིག་པ་བཞིའི་ངོ་བོ་ལ། ཕྱག་རྒྱ་བཞིའི་ཆོས་མཐུན་དགའ་བ་བཞིར་གནས་པ་ནི། དོན་དམ་པ་དང་ཀུན་རྫོབ་གནས་སུ་མེད་པ་སྟེ། དེ་ཡང་། ཨེ་ནི་ས་རུ་ཤེས་བྱ་ [298b.2]སྟེ། ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །འདབ་མ་དྲུག་ཅུ་བཞིར་ལྡན་པའི། །ལྟེ་བ་སྤྲུལ་པའི་འཁོར་ལོར་གནས། །བཾ་ནི་ཆུ་རུ་ཤེས་བྱ་སྟེ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱཾ། །འདབ་མ་བརྒྱད་ལྡན་འདམ་སྐྱེས་མ། །སྙིང་ག་ཆོས་ཀྱི་འཁོར་ལོར་གནས། །མ་ནི་མི་རུ་བསྟན་པ་སྟེ། །ཕྱག་རྒྱ་ཆེན་པོ་ [298b.3]གོས་དཀར་མོ། །བཅུ་དྲུག་འདབ་ལྡན་ཆུ་སྐྱེས་ལ། །མགྲིན་པའི་ལོངས་སྤྱོད་འཁོར་ལོར་ལྡན། །ཡཾ་ནི་རླུང་དུ་རབ་ཏུ་བསྟན། །དམ་ཚིག་ཕྱག་རྒྱ་སྒྲོལ་མ་སྟེ། །སུམ་ཅུ་རྩ་གཉིས་འདམ་སྐྱེས་ལ། །བདེ་བ་ཆེན་པོའི་འཁོར་ལོ་བསྟན། །ཞེས་བྱ་བས་རབ་ཏུ་རྟོགས་པར་བྱའོ། །ནོར་བུའི་ [298b.4]ནང་དུ་སོན་པས་ཞེས་བྱ་བ་ནི་དགའ་བ་གཉིས་ཏེ། གཉིས་པ་དང་གསུམ་པ་ཡང་ཤུགས་ཀྱིས་གོ་བར་བྱའོ། །སྐད་ཅིག་མའི་དུས་ཀྱིས་བསྡུས་པའི་ཞེས་བྱ་བ་ནི་སྐད་ཅིག་ནི་བཞི་སྟེ། རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། མཚན་ཉིད་དང་བྲལ་བ་དང་། རྣམ་པ་མེད་པའོ། ། [298b.5]དུས་ནི་ཕྱི་རོལ་གྱིའོ། །བྱ་བ་ནི་བརྩམས་ཏེ་ནོར་བུའི་མགྲིན་པའི་བར་དང་། ནོར་བུའི་ནང་དུ་ཁྱབ་ཅིང་མཐར་ཐུག་པ་དང་། གཉིས་ཤོར་བས་འདོད་ཆགས་ཀྱི་དད་ཡལ་ཞིང་གཉིས་གནས་པས་ཟུང་དུ་འཇུག་པ་དང་། མ་ལུས་པའི་འཕྲོས་པའི་དུས་ཀྱིས་བསྡུས་པའི་དགའ་བ་དང་ [298b.6]མཆོག་དགའ་དང་ལྷན་ཅིག་སྐྱེས་པས་དགའ་བྲལ་གྱི་མིང་ཅན་ལ། བཞིའི་མན་ངག་གིས་ཟིན་པའི་དུས་སུ་ལྷན་ཅིག་སྐྱེས་པ། ཆོས་ཐམས་ཅད་དང་མཚུངས་པའི་ཡེ་ཤེས་སོ། །ཕྱོགས་སྔ་མ་བཙན་ཐབས་ཀྱི་རྣལ་འབྱོར་དག །དཔེའི་ཡེ་ཤེས་ཀྱི་རྒྱུ་མཐུན་པར་མི་འགྱུར་རམ་ [298b.7]ཞེ་ན། འགྱུར་བ་བསྟན་པར་བྱ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པའི་རྒྱུ་མཐུན་པར་འགྱུར་བ་ནི། ཤེས་རབ་དང་དགའ་བ་ལ་འཁྲུལ་པའི་དགའ་བ་བཞི་དང་སྐད་ཅིག་མ་བཞི་ནི། དམན་པ་དང་དྲག་པོའི་སྦྱོར་བ་ལ་ཡང་ཡོད་པའི་ཕྱིར། ཕྱོགས་སྔ་མའི་ཚུལ་གྱི་ལས་ཀྱི་ཕྱག་རྒྱ་ [299a] [299a.1]བསྟེན་ཏེ། བྱང་ཆུབ་ཀྱི་སེམས་སུ་རྒྱུ་མཐུན་པ་ཙམ་དོར་བར་མི་ནུས་པས་ན། ལྟོས་པར་གཞག་པའི་རྒྱུ་མཐུན་པའི་འབྲས་བུ་རྣམ་པར་སྨིན་པ་དང་འདྲ་བ་སྟེ། ལས་ནི་ལྷན་ཅིག་སྐྱེས་པ་སྐྱེ་བར་གསུངས་པས་ན། ཚད་དུ་བྱས་པ་ནི་དགའ་བར་རིགས་པས་སོ། ། [299a.2]ཤུགས་ལས་བྱུང་བ་ནི་མ་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྒྱུ་མཐུན་པའི་འབྲས་བུ་སྐྱེ་བར་གསུངས་སོ། །གལ་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དག་སྣ་རྩེའི་དུས་སུ་ཉམས་སུ་མྱོང་བ་དེ་དག་ཕྱིས་འབྱུང་བ་ཡིན་ནམ་ཞེ་ན། དུས་དེ་ཉིད་གཙོ་བོར་གྱུར་པ་ལས་གཞན་ནི་མ་ [299a.3]ཡིན་ཏེ། དེ་བས་ན་དགའ་བྲལ་ནས་རྗེས་སུ་འགྲོ་བར་ཟད་དོ། །ཡེ་ཤེས་ཙམ་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་ནི་དངོས་པོར་གྱུར་པའི་ཐ་ཚིག་གོ། །དེས་ངེས་པར་བྱེད་པ་ཡང་། གསུང་རབ་ལས། བག་ཆགས་ཀྱིས་ནི་དཀྲུགས་པ་ལས། །སྟོང་ཉིད་ཡེ་ཤེས་དངོས་པོར་འགྱུར། ། [299a.4]རླུང་གི་ཤུགས་ཀྱིས་ཆུ་དག་ནི། ཆབ་རོམ་གྱུར་པ་ཇི་བཞིན་ནོ། །ཞེས་བྱ་བ་ནི་བག་ཆགས་ནི་ཐ་དད་དུ་བརྟགས་པའོ། །དེ་དག་གི་གཉིས་མེད་ཀྱི་ཡེ་ཤེས་འཇུག་པའི་ཕྱིར། སྟོང་པ་ཉིད་ཀྱི་ཡེ་ཤེས་དྲན་པ་ཉམས་སུ་མྱོང་ཡང་ཐ་མའི་དུས་སུ་དངོས་པོར་འགྱུར་རོ། །དཔེར་ན་རླུང་ [299a.5]གི་ཤུགས་ཀྱི་རྒྱུན་གྱིས་ཆུ་དག་ནི་ཆབ་རོམ་གྱི་གོང་བུར་གྱུར་པ་ཇི་བཞིན་ནོ། །དེ་བས་ན་ཆོས་ཀྱི་ཕྱག་རྒྱའི་ལམ་དང་ལྡན་པ་ལ་རབ་ཏུ་འབད་པར་བྱའོ། །ལས་ཀྱི་ཕྱག་རྒྱའི་རྒྱུ་མཐུན་པའི་འབྲས་བུ་ཞེས་བྱ་བ་ནི། རྒྱུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྟོབས་ཀྱིས། བཅོམ་ལྡན་ [299a.6]འདས་མངོན་གྱི་ཤེས་རབ་ལ་ལོངས་སྤྱོད་པ་སྟེ། དེ་ཡང་འདྲ་བའི་རྒྱུ་མཐུན་པའི་ལྟ་བ་བཞིན་དུའོ། །ངེས་པར་བསྟན་པ་སྟེ་ཞེས་བྱ་བ་ནི། བཙན་ཐབས་ཀྱི་རྣལ་འབྱོར་བཀག་པའི་ཕྱིར་རོ། །དེ་ཡང་། ལས་ཀྱི་རླུང་གིས་འཕངས་པ་ཡི། །བཅོམ་ལྡན་ཤེས་རབ་མ་ལ་སྤྱོད། ། [299a.7]ཇི་ལྟ་བྱས་པས་དེ་བཞིན་མཐོང་། །རྒྱུ་མཐུན་ཞེས་ནི་གྲགས་པ་ཡིན། །ཞེས་བྱ་བས་སོ། །དང་པོ་ཞེས་བྱ་བ་ནི་རིམ་གྱིས་འཇུག་པ་ལ་བདག་དོན་དུ་འགྱུར་བའི་དང་པོའོ། །བྱང་ཆུབ་ཀྱི་སེམས་དེ་དག་ཐབས་གང་གིས་བསྒོམ་ཞེ་ན། བདག་ལུས་ཐབས་ལྡན་དང་གཞན་ལུས་ཚད་ལྡན་ [299b] [299b.1]ཏེ། དེ་ཡང་། ལས་ཀྱི་ཕྱག་རྒྱ་དམ་ཚིག་དང་འབྲེལ་བ་དང་། །ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་དང་འབྲེལ་པའོ། །དེ་ཡང་གསུང་རབ་ལས། དཀྱིལ་འཁོར་ལ་སོགས་ཐབས་དང་ནི། །རང་བྱིན་བརླབས་པའི་རིམ་པ་ཡིས། །སྒྲིབ་བྱེད་སྒྲིབ་བྲལ་ཚུལ་ཅན་གྱིས། །བྱང་ཆུབ་སེམས་ནི་བསྐྱེད་ [299b.2]པར་བྱ། །དེ་དག་གི་ཁྱད་པར་ཅི་ཞེ་ན། སྒྲིབ་བྱེད་ཀུནད་ལྟ་བུ་སྟེ། །སྒྲིབ་བྲལ་བདེ་བའི་རང་བཞིན་ཅན། །གཞན་ལུས་གང་དུ་བསྒོམ་ཞེ་ན། །བུད་མེད་པདྨའི་བདེ་བ་ཅན། །ཨེ་བཾ་རྣམ་པའི་རང་བཞིན་གྱིས། །དེ་དག་ཏུ་བདེ་བ་འབྱུང་ངམ་ཞེ་ན། །བདེ་བ་གསུངས་པ་ཉིད་ཀྱི་ནི། །བདེ་བ་ཅན་ [299b.3]ཞེས་མངོན་པར་བརྗོད། །བདེ་བ་དང་ལྡན་པ་ཉིད་ཅིའི་ཕྱིར་ཞེ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་འཆང་གི་གནས་ཡིན་ནོ། །འཁོར་བར་སྐྱེ་བའི་གནས་དེ་དག་ཏུ་མྱ་ངན་འདས་པ་སྐྱེ་བར་མི་འགྱུར་རམ་ཞེ་ན། དེ་བཞིན་དུ་ནི་འཁོར་བ་དང་། །མྱ་ངན་འདས་པ་དེ་བཞིན་ཏེ། །འཁོར་ [299b.4]བ་མ་གཏོགས་གཞན་དུ་ནི། །མྱ་ངན་འདས་པ་བསྟན་དུ་མེད། །འཁོར་བ་མྱ་ངན་འདས་པར་མི་འགྱུར་རོ་ཞེ་ན། འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པའི། །འཁོར་བ་དབང་པོ་ཉིད་ཡིན་ཏེ། །འཁོར་བ་ཞེ་སྡང་ལ་སོགས་ཡིན། །ཆོས་འདི་ [299b.5]རྣམས་ནི་མྱ་ངན་འདས། །གཏི་མུག་འཁོར་བའི་རང་བཞིན་ཏེ། །རྨོངས་མེད་འཁོར་བ་དག་པ་ཡིན། །འཁོར་བ་མྱ་ངན་འདས་བཞིན་སྤྱོད། །ཇི་སྤྱད་ཅེ་ན། སྒྲིབ་བྲལ་སྒྲིབ་བྱེད་རང་བཞིན་ཅན། །བྱང་ཆུབ་སེམས་ནི་མྱ་ངན་འདས། །བདེ་བ་གང་ལ་བརྟེན་ནས་འབར། །ཞེ་ན། བཞིན་སྡུག་ [299b.6]མིག་ནི་དཀྱུས་རིང་ཞིང་། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །སྡོ་བསངས་བརྟེན་ཞིང་རིགས་ལྡན་དང་། །ལྷ་རྫས་ག་པུར་ཡང་དག་ལྡན། །རང་གི་དབང་བསྐུར་ཀྱེ་རྡོ་རྗེ། །སྐྲ་བཟངས་སྒྲུབ་པ་པོ་ལ་དགའ། །བདེ་བ་གསོ་བའི་རྫས་ཇི་ལྟ་བུ་ཞེ་ན། དེ་ལ་ཆང་ནི་སྦྱིན་བྱ་ཞིང་། ། [299b.7]བརྟུལ་ཞུགས་ཅན་དང་བརྡུང་བར་བྱ། །གང་གི་དོན་དུ་བསྒོམ་ཞེ་ན། །བདག་གཞན་དོན་ནི་རབ་བསྒྲུབ་ཕྱིར། །དེ་ནས་ཕྱག་རྒྱ་རྗེས་ཆགས་བྱ། །ཉམས་སུ་ཇི་ལྟ་བུ་བདག་གིས་བླང་ཞེ་ན། །པདྨ་རྡོ་རྗེ་རབ་སྦྱར་ཏེ། །བརྟུལ་ཞུགས་ཀྱིས་ནི་ལེགས་བདག་སྤྱད། །སྦྱོར་བ་དེ་ལ་ཡང་དག་འབྱུང་། ། [300a] [300a.1]ག་བུར་བློ་ལྡན་གྱིས་མི་སྤང་། །ཇི་ལྟར་མི་སྤང་ཞེ་ན། །དེ་ལས་ལག་པས་མི་བླང་ཞིང་། །ཉ་ཕྱིས་དུང་ཆོས་དག་མ་ཡིན། །སྟོབས་ནི་བསྐྱེད་པར་བྱ་བའི་ཕྱིར། །འཆི་མེད་ལྕེ་ཡིས་བླང་བར་བྱ། །དུས་རྒྱུན་དུ་གཏང་ངམ་ཞེ་ན། །རྣམ་ལྔ་རོ་སྙོམས་དུས་མིན་པར། ། [300a.2]བྱང་ཆུབ་སེམས་ནི་གཏང་མི་བྱ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །གང་ལྟར་སྤྱད་ཀྱང་དེ་བདེན་འགྱུར། །ཞེས་བྱ་བས་གུས་པ་དང་བཅས་ཤིང་། །རྒྱུན་མི་འཆད་པར་བསྒོམས་ན་བདེ་བ་ཆེན་པོའི་མཆོག་གི་དངོས་གྲུབ་མངོན་དུ་འགྱུར་རོ། །ཐབས་དང་ཤེས་རབ་གཉིས་སྦྱོར་བ། ། [300a.3]མཐེ་བོ་གཉིས་བསྣོལ་སོར་བསྙམས་བསྒྲེང་། །མཐེ་བོ་སྲིན་ལག་ལྕེ་ལ་གནས། །མཉམ་དུ་བཀག་པ་མཁས་པས་བྱ། །ཨེ་བཾ་བོལླ་ཀཀྐོ་ལ། ཧེ་དང་། ཨི་ཀང་། ཨ་ཨཾ། དེ་དག་ནི་ལས་ཀྱི་ཕྱག་རྒྱའི་བཤད་པའོ། །དེ་ལྟར་མཚོན་བྱེད་དཔེའི་ལྷན་ཅིག་སྐྱེས་པ་བསྟན་ནས། ད་ནི་ལམ་ཆོས་ [300a.4]ཀྱི་ཡེ་ཤེས་བསྟན་པར་བྱ་སྟེ། ཨོཾ་ཆོས་ཀྱི་ཕྱག་རྒྱ་ནི་ཞེས་བྱ་བ་ལ། ཨོཾ་ནི་ཡེ་ཤེས་རྣམ་པ་ལྔ་སྟེ། དེ་ཡང་སེམས་དང་སྣང་བ་དང་། གཉིས་སུ་མེད་པའི་རྣམ་གྲངས་ངོ་བོ་གཅིག་ཏུ་བྱས་པ་ནི། སེམས་རང་རིག་ཅིང་ཉམས་སུ་མྱོང་བ་ལ་རྟེན་འབྲེལ་ལས་སྐྱེས་པའི་ཕྱིར་སྐྱེ་བ་མེད་པ་དང་། [300a.5]རང་རིག་པ་གཞན་ལ་མི་ལྟོས་པར་གསལ་བ་དང་། དེ་ཉིད་མུ་བཞི་དང་བྲལ་བ་དང་། གཟུང་འཛིན་གྱི་སྐྱོན་གྱིས་མ་གོས་པ་དང་། དེ་དག་རྟོགས་པ་ནི་ཡོངས་སུ་གྲུབ་པ་སྟེ། རྣམ་པ་མེད་པའི་བདག་ཉིད་དོ། །དེ་ལས་གཞན་པ་ཡང་སྐྱེ་མེད་དང་རྣམ་པ་དང་སེམས་གཉིས་མེད་དུ་གསལ་ [300a.6]པར་ཉམས་སུ་མྱོང་བ་དང་། སྣ་ཚོགས་སུ་སྣང་བ་དང་། གཉིས་མེད་པ་དང་། སེམས་ལ་སྣ་ཚོགས་སུ་སྣང་བ་དང་། སྣང་བ་ཡང་དག་གིས་ཀུན་རྫོབ་ཏུ་དོན་བྱེད་ནུས་པ་ནི་རྣམ་པ་དང་བཅས་པའི་བདག་ཉིད་དོ། །སྣང་བ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས་སྐྱེས་བ་སྐྱེ་པ་མེད་པ་དང་། [300a.7]སྣ་ཚོགས་པའི་སྐྱེ་བ་མེད་ལ་གོམ་པ་མེད་པ་དང་། སྐྱེས་བ་དང་སྐྱེ་བ་མེད་པ་གཉིས་ཐ་མི་དད་པ་དང་། སྐྱེ་བ་མེད་པ་ཉིད་ཀྱིས་སྣ་ཚོགས་སུ་ཤར་བ་དང་། གང་གི་མཚན་ཉིད་ལ་གདམས་ངག་གིས་ནན་ཏན་དུ་བྱས་པ་ནི་གཉིས་པའོ། །གཉིས་མེད་སྒྲོ་སྐུར་དང་བྲལ་བ་དང་། ངང་ [300b] [300b.1]གིས་གསལ་བ་དང་། ཕྱོགས་ཆ་དང་བྲལ་བ་དང་། གསལ་བ་དང་། སྟོང་བ་དང་། བདེ་བ་དང་། མངོན་དུ་བྱས་ནས་རྟོགས་ན་སངས་རྒྱས་པ་དེ་གསུམ་པའོ། །དེ་ལས་མི་གཞན་པ་བསྟན་པའི་ཕྱིར་ཆོས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འབྱུང་བཞི་སྟེ། [300b.2]དེ་དག་ལ་རྒྱས་འདེབས་པའི་ཕྱག་རྒྱ་ནི། བླ་མའི་ཞལ་ལས་རྟོགས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེའི་མཚན་ཉིད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་བྱ་བ་བསྟེན་ཏེ། ཆོས་ཀྱི་དབྱིངས་ནི་བདེ་བ་དང་སྟོང་པ་གཉིས་སུ་མེད་པ་སྟེ། ཀུན་དུ་འགྲོ་བའི་མཚན་ཉིད་ཅན་ནོ། །དེ་ཡང་ [300b.3]གསུང་རབ་ལས། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བརྟན་པས་སོ། །ཞེས་བྱ་བས་སོ། །རང་བཞིན་ཞེས་བྱ་བ་ནི། བདེ་བ་དང་སྟོང་པ་སྤྱིའི་རྣམ་པ་ལ་བྱའོ། །དེ་དག་ཀྱང་གང་གིས་ [300b.4]རྟོགས་པར་བྱ་ཞེ་ན། དགའ་བ་བཞིས་རྟོགས་པར་བྱ་སྟེ། སྤྲོས་པ་དང་བྲལ་བ། མི་རྟོག་པ་མ་བཅོས་པ། །སྙིང་རྗེའི་རང་བཞིན་མཆོག་ཏུ་རྟོག་པ་ཞེས་བྱ་བ་ལ། སྤྲོས་པ་དང་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་ལ་སྣ་ཚོགས་སུ་ཤར་བ་ནི། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་སྟེ་དགའ་བའོ། །བྲལ་པ་ནི་གཉིས་སུ་བརྟག་པ་དང་བྲལ་བ་སྟེ། [300b.5]སྣ་ཚོགས་སུ་ཤར་བའི་ལྷན་ཅིག་སྐྱེས་པ་མི་རྟོག་པ་ཉིད་དུ་ཤེས་པ་ནི། རྣམ་པར་སྨིན་པའི་སྐད་ཅིག་མ་སྟེ། མཆོག་ཏུ་དགའ་བའོ། །མ་བཅོས་པ་ནི་གཉིས་སྣང་འགགས་ལ་གཉིས་མེད་དུ་ཉམས་སུ་མྱོང་ལ། མྱོང་བ་ཙམ་དུ་ཡང་མི་འཛིན་པ་ནི། [300b.6]མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའོ། །སྙོང་རྗེའི་ཡུལ་ཁམས་གསུམ་པ་སྟེ། དེ་དག་ལ་ལྷན་ཅིག་སྐྱེས་པ་གཉུག་མར་གནས་ཀྱང་། སྣ་ཚོགས་སུ་སྣང་བ་ལ་འཁྲུལ་ཏེ། མ་རྟོགས་པར་འཁྲུལ་པ་ཉིད་ཀྱིས་སྙིང་རྗེའི་ཕྱིར་རོ། །རང་བཞིན་ནི་རྗེས་ [300b.7]ཐོབ་སྣ་ཚོགས་སུ་སྣང་བ། ལྷན་ཅིག་སྐྱེས་པ་སྣང་བ་སྟེ། རྣམ་པ་མེད་པའི་སྐད་ཅིག་མ་སྟེ། དགའ་བྲལ་ལོ། །མཆོག་ཏུ་རྟོགས་པ་ནི་བཞི་པའི་མན་ངག་གིས། མཆོག་ལྷན་ཅིག་སྐྱེས་པའི་དགའ་བ་གསུམ་ཐ་མི་དད་པར་རྟོག་པ་སྟེ། དེ་དག་གིས་འཁོར་བའི་སེམས་སྙིང་རྗེའི་རྒྱུ་མཚན་ [301a] [301a.1]གྱི་འཁྲུལ་པ་མཆོག་ཏུ་རྟོགས་པའོ། །དེ་དག་གིས་ལམ་ལ་ཇི་ལྟར་བསླབ་ཅེ་ན། སྐྱེ་བ་མེད་པ་ཞེས་བྱ་བ་བསྟན་ཏེ། ཐམས་ཅད་ནས་ཐམས་ཅད་དུ་སྐྱེ་བ་མེད་ཀྱི་ཉམས་དང་མ་འབྲལ་བ་ལ་བྱ་སྟེ། དེ་ཡང་གསུང་རབ་ལས། མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་ [301a.2]མེད་དེ་བསྒོམ་པ་སྟེ། །ནམ་མཁའི་ཁམས་སུ་སྦྱོར་བ་ལས། །དེ་ལྟར་དངོས་པོར་རབ་ཏུ་བསྒྲགས། །ཞེས་བྱ་བས་སོ། །སྐྱེ་མེད་ཀྱི་ལམ་དེ་དག་གི་འབྲས་བུ་གང་ཞེ་ན། གཅིག་ཏུ་མཛེས་པ་ཞེས་བྱ་སྟེ། གཅིག་ནི་གཉིས་མེད་ཀྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཉིད་དོ། །མཛེས་པ་ནི་ལོངས་ [301a.3]སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་མཛེས་པའོ། །དེ་བས་ན་ཐབས་སུ་གྱུར་པ་ཉིད་དོ། །དེ་ལྟར་རྟོགས་པ་དུ་དང་ལྡན་པ་ཞིག་ཏུ་འགྱུར་ཞེ་ན། མཚན་ཉིད་བདུན་དང་ལྡན་པ་སྟེ། སྣང་བ་སྐྱེ་མེད་དུ་ཐིམ་པ་ལོངས་སྤྱོད་ཀྱི་ཡན་ལག་དང་། སྣང་སྟོང་ཐ་མི་དད་པ་ཁ་སྦྱོར་གྱི་ཡན་ལག་དང་། ཐ་མི་ [301a.4]དད་པ་ཉམས་སུ་མྱོང་བ་བདེ་བའི་ཡན་ལག་དང་། རང་ལ་ཡོད་ཅིང་གང་འདོད་སྐྱེ་ལ། ནམ་འདོད་པའི་དུས་ན་འབྱུང་བ་ནི། སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་དང་། བདེ་སྟོང་གཞན་ལ་མི་ལྟོས་པ་རང་རྫོགས་སུ་ཡོད་པ་ནི་དངོས་པོའི་ཡན་ལག་དང་རྟག་ཏུ་ཉམས་སུ་མྱོང་དང་མི་འབྲལ་བ་ [301a.5]ནི་རྒྱུན་མི་འཆད་པའི་ཡན་ལག་དང་། ཉམས་སུ་མྱོང་བའི་དུས་ན་སྣང་བ་མི་འགོག་པར་ནི་འགོག་པ་མེད་པའི་ཡན་ལག་སྟེ། དེ་ལྟ་བུ་རྟོགས་ཤིང་མ་ཡེངས་པ་ཉིད་ཀྱིས་མྱོང་བ་ལ། རྒྱུན་གྱི་རྟག་པ་ཉིད་དུ་ཞེས་བྱའོ། །ཆོས་ཀྱི་ཕྱག་རྒྱའི་ལྷན་ཅིག་སྐྱེས་པ་དེ་དག་གང་གིས་མཚོན་ལ། གང་གིས་ [301a.6]ཉམས་སུ་མྱོང་བར་བྱ་ཞེ་ན། ལྷན་ཅིག་སྐྱེས་པའི་རང་བཞིན་ནི་ཤེས་རབ་ཀྱི་སྦྱོར་བ་ལས་བྱུང་བ་དང་ཐ་མི་དད་པ་གང་ཡིན་པ་དེ་ནི། ཆོས་ཀྱི་ཕྱག་རྒྱའོ་ཞེས་བྱ་བས་བསྟན་ཏེ། ལྷན་ཅིག་སྐྱེས་པའི་རང་བཞིན་ནི་གོང་དུ་བཤད་པ་ཁོ་ནར་ཟད་དོ། །ཤེས་རབ་ཀྱི་སྦྱོར་བ་ལས་བྱུང་བ་ [301a.7]དང་ཞེས་པ་དང་། ཤེས་རབ་ནི་ལས་ཀྱི་ཕྱག་རྒྱ་སྟེ། སྦྱོར་བ་ནི་ཀཀྐོ་ལ་དང་བོ་ལླའོ། །དེ་ལས་བྱུང་བ་ནི་མཚོན་བྱེད་ཀྱིས་མཚོན་པའི་མཚོན་བྱའི་དོན་ཏོ། །དོན་དེ་དང་ཐ་མི་དད་པར་སྟོན་པར་བྱེད་པ་ནི་བླ་མའི་མན་ངག་བདེ་སྟོང་སྟོན་པར་བྱེད་པའི་སྒྲ་སྤྱིའི་རྣམ་པའོ། །དེ་ལ་རྟོག་པ་བདེ་སྟོང་ [301b] [301b.1]དོན་སྤྱིའི་རྣམ་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཕྱག་རྒྱའོ། །བླ་མའི་གདམས་ངག་གིས་འཁྲུལ་པ་སེལ་བར་མི་ནུས་སོ་སྙམ་པ་ལ་བསྟན་པར་བྱ་སྟེ། དེ་ལས་གཞན་པ་ནི་དཔེར་ན་མུན་པས་ཀུན་ནས་དཀྲུགས་པ་ལ་ཉི་མའི་འོད་ཟེར་དང་འདྲ་བར་མི་ཤེས་པས་འཁྲུལ་པས་ཀུན་ནས་དཀྲུགས་ [301b.2]ཤིང་རྟོག་པའི་དྲ་བ་དཔག་ཏུ་མེད་པ་གནས་པ་དག་ལ། བླ་མའི་གདམས་ངག་འབྲེལ་བ་རྗེས་སུ་སློབ་མའི་གདམས་པས། འཁྲུལ་པ་རྡུལ་ཙམ་གྱི་ཟུག་རྡུ་ཡང་བཅད་དེ། བློའི་བདག་ཉིད་སྤང་ནས་རྟོག་པའོ་ཞེས་བྱ་བ་ལ། དེ་ལས་གཞན་པ་ནི་ངོ་བོ་ལས་གཞན་པ་ནུས་པས་སྟོན་ [301b.3]པའི་ཐ་ཚིག་གོ། །དཔེར་ན་མུན་པས་ཀུན་ནས་དཀྲུགས་པ་ལ་ཞེས་པ་ནི་མུན་པ་ནི་སྣང་བ་ནུབ་པའི་དུས་སུ་ཤུགས་ཀྱིས་འབྱུང་ལ། ལག་པ་བརྐྱང་པ་དང་བསྐུམ་པ་ཙམ་ཡང་མི་མཐོང་པ་ནི་ཀུན་ནས་དཀྲུགས་པའོ། །དེ་ལ་ཉི་མའི་འོད་ཟེར་ཤར་བས་མུན་པའི་ངོ་བོ་དག་ཅིང་རབ་ཏུ་ [301b.4]གསལ་བར་འགྱུར་བའི་དུས་སུ་མུན་པ་གསལ་བར་བྱེད་པ་དང་། སྣང་བ་གྲུབ་པར་བྱ་བ་མེད་པ་དང་འདྲ་བར་ཐོག་མ་མེད་པ་ནས། མི་ཤེས་པའི་དབང་གིས་ཐ་དད་དུ་བརྟག་པའི་འཁྲུལ་པས་ཀུན་ནས་ནོན་ཅིང་གཉིས་མེད་ཀྱི་ཡེ་ཤེས་ཕྱོགས་ཙམ་ཡང་མ་མཐོང་ལ། རྟོགས་པ་སྣ་ [301b.5]ཚོགས་ཀྱིས་དཀྲུགས་ཤིང་རྟོག་པའི་དྲ་བ་ལས་བྱུང་བའི་ཉོན་མོངས་པ་དཔག་ཏུ་མེད་པ་དག་གིས། རྣམ་པར་སྨིན་པ་གནས་པ་དག་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་སྐྱེད་པར་བྱེད་པའི་མར་གྱུར་པའི་མན་ངག་བརྒྱུད་པ་དང་ལྡན་པ་དང་། དེ་ཡང་སྒྲར་འབྲེལ་ [301b.6]པ་དང་ལུས་ཀྱིས་བྱིན་གྱིས་བརླབས་པ་རྗེས་སུ་སློབ་པའི་གདམས་པ་ནི་ཉི་མ་ལྟ་བུ་སྟེ། དེ་དག་གི་ནུས་པས་མུན་པ་ལྟ་བུ་འཁྲུལ་པ་རྡུལ་ཙམ་གྱི་ཟུག་རྡུ་བཅད་དོ། །སྣང་བ་སྟོང་པ་ཡུལ་དུ་བྱས་པའི་བློའི་བདག་ཉིད་སྤངས་ནས། སྣང་བ་དང་སྟོང་པ་དབྱེར་མེད་པ་ཉིད་དུ་རྟོགས་ [301b.7]པའོ། །བློས་གཞག་གི་དངོས་པོ་དངོས་མེད་དུ་དེ་ལྟར་འགྱུར་ཞེ་ན། གསུང་རབ་ལས། སྲིད་པ་གསུམ་པོ་ཡོངས་གྱུར་པ། །གཟུང་དང་འཛིན་པ་རྣམ་སྤངས་པའོ། །ཡང་ན་ཐབས་ནི་ཐམས་ཅད་ཀྱི། །དངོས་པོ་དངོས་མེད་མཚན་ཉིད་རྟོགས། །ཞེས་བྱ་བའི་ཕྱིར་རྟོག་པ་ [302a] [302a.1]ཁོ་ནའོ། །གལ་ཏེ་དངོས་པོ་ཐམས་ཅད་ནི་ཡེ་ནས་དངོས་པོ་མེད་པ་སྟེ། དངོས་པོ་ཞེས་བྱ་བ་གང་ཞེ་ན་བསྟན་པར་བྱ་སྟེ། ས་དང་ཆུ་དང་མེད་དང་རླུང་གཅིག་ཏུ་གྱུར་པས་ཞེས་བྱ་བ་ལ། ས་ནི་སྲ་བ་སྟེ་བརྟན་པར་བྱེད་པའོ། །ཆུ་ནི་གཤེར་བ་སྟེ་སྐྱེད་པར་བྱེད་པའོ། །མེ་ནི་ཚ་ [302a.2]བ་སྟེ་སྨིན་པར་བྱེད་པའོ། །རླུང་ནི་གཡོ་བ་སྟེ་ཡང་ཞིང་སྐྱོད་པར་བྱེད་པའོ། །དེ་དག་ཐམས་ཅད་ནི་རང་བཞིན་དུ་གྲུབ་པ་མ་ཡིན་ཡང་། བག་ཆགས་ཀྱི་སྟོབས་འཁྲུལ་པའོ། །དེ་ལ་དངོས་པོ་ཞེས་བྱ་བ་སྟེ། གཅིག་ཏུ་གྱུར་པ་ནི་སྐྱེ་མེད་ཀྱི་རྒྱས་གདབ་པའོ། །གལ་ཏེ་རྒྱས་གདབ་ [302a.3]པས་རྟོགས་པ་དེ་དག་དངོས་པོ་ཉིད་ཀྱིས་རྟོགས་ན་ནི་དུག་གིས་དུག་སེལ་བར་མི་ནུས་པ་དང་འདྲའོ། །དངོས་མེད་དངོས་མེད་ཀྱིས་སེལ་ན། རྟོག་པ་དང་བྲལ་བའི་ཕྱིར་རྒྱས་གདབ་པར་ཡང་མི་རིགས་སོ་ཞེ་ན། མ་ཡིན་ཏེ་དངོས་པོ་ཉིད་ཀྱིས་དངོས་པོ་སེལ་ཏེ། དཔེར་ན་དྲི་མས་དྲི་མ་འཁྲུ་བ་ [302a.4]དང་འདྲའོ། །དེ་ཡང་གསུང་རབ་ལས། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་པར་གྲོལ། །ཞེས་གསུངས་པས་སོ། །དེ་བས་ན་དངོས་པོས་དངོས་པོ་ལ་བརྟགས་པས་དངོས་པོ་སེལ་ཏེ། གལ་ཏེ་ཁམས་གསུམ་པ་ཐམས་ཅད་སངས་རྒྱས་པར་རིགས་ཏེ། དངོས་པོ་ [302a.5]ལ་ལོངས་སྤྱོད་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དེ་དག་གིས་ནི་དངོས་པོ་ཡོངས་སུ་མ་ཤེས་པ་སྟེ། བརྟག་པའི་ཕྱིར་གྲོལ་བར་མི་འགྱུར་ཏེ། གང་གིས་ཡོངས་སུ་ཤེས་པ་དེ་ཉིད་གྲོལ་བར་འགྱུར་བས་ན། གསུང་རབ་ལས། དངོས་པོ་འཆིང་བས་བཅིངས་གྱུར་པ། །ཡོངས་སུ་ [302a.6]ཤེས་པས་གྲོལ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ཡོངས་སུ་ཤེས་པས་ཇི་ལྟར་རྟོགས་ཤེ་ན་བསྟན་པར་བྱ་སྟེ། འཇིག་རྟེན་གསུམ་དབྱེར་མེད་པའི་རང་བཞིན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་ཞེས་བྱ་བ་ལ། འཇིག་རྟེན་ནི་འཇིག་ཅིང་རྟེན་པའི་བརྟན་པ་དང་ [302a.7]གཡོ་བའི་བདག་ཉིད་དོ། །གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་སུ་མེད་པའོ། །དེ་དག་གི་རྟོག་པ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པའོ། །དེ་སྤང་བ་ནི་བླ་མ་ལས་འོངས་པའི་སྐད་ཅིག་བཞི་དགའ་བ་དང་བཅས་པའོ། །དབྱེར་མེད་པར་བྱེད་པ་ནི་བཞི་ [302b] [302b.1]པའི་གདམས་ངག་སྟེ། བདེ་བ་དེང་སྟོང་པ་དབྱེར་མེད་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །གལ་ཏེ་བཞི་པ་བསྟན་པ་ཙམ་གྱིས་དེ་ལྟར་འགྱུར་རམ་ཞེ་ན། མ་ཡིན་ཏེ་བླུགས་ཤིང་བཀྲུས་པ་ཞེས་བསྟན་པའི་ཕྱིར་དང་། །ངག་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར་དང་། [302b.2]དེ་ཁོ་ན་ཉིད་བསྟན་པར་མི་ནུས་པ་བླ་མའི་གདམས་ངག་གིས་བསྟན་ཀྱང་། ཐོས་པས་མངོན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །དེ་བས་ན་གསུང་རབ་ལས། །སྨྲ་པོས་མྱོང་དེ་ཁོ་ན། །ཉན་པས་མངོན་སུམ་མ་མཐོང་སྟེ། །འོན་ཀྱང་སྒྲ་ལས་པ་སྟེ། རྣམ་རྟོག་གཟུགས་ [302b.3]བརྙན་ཉིད་ཡིན་ནོ། །ཞེས་གསུངས་སོ། །དེ་དག་དཔྱད་པ་རྟོགས་པའི་གདེང་དང་ལྡན་པ་དང་། མན་ངག་གིས་ཉམས་སུ་མྱོང་བར་བྱས་ནས་འབད་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་ནོ། །བཅོས་མའི་རྟོག་པ་མི་སྤྱོད་ཞིང་། །བྱས་པའི་རླབས་མི་ལྡང་ཏེ་མེད་དོ། །དེ་ཡང་བདག་ཉིད་ཇི་ [302b.4]ལྟ་བུ་ཞེ་ན་བསྟན་པར་བྱ་སྟེ། དེའི་བདག་ཉིད་ནི་གཞན་དུ་མི་འགྱུར་ཏེ། སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པའོ། །ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་ལྷན་གཅིག་སྐྱེས་པའོ། །བདག་ཉིད་ནི་གནས་ཐབས་སོ། །གཞན་ནི་ཡུལ་དུ་བྱས་པའོ། །མི་འགྱུར་བ་ནི་རྟག་ཆད་ཀྱི་དབང་དུ་མི་འགྱུར་ [302b.5]པའོ། །སྟོང་པ་ནི་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པའོ། །སྙིང་རྗེ་ནི་རྒྱུ་མཚན་གྱི་སྒོ་སྟེ། སེམས་ཅན་འཁྲུལ་པའི་རྒྱུ་མཚན་དང་། བདག་ཉིད་ཀྱི་ཉམས་སུ་མྱོང་པའི་རྒྱུ་མཚན་ནོ། །དབྱེར་མི་ཕྱེད་པ་ནི་མ་བཅོས་པ་སྟེ་གཉིས་མེད་དོ། །དེ་དག་གསལ་བར་བྱ་བ་ནི། །བཅོམ་ [302b.6]ལྡན་འདས་ཀྱིས་གསུང་རབ་ལས། །རྐྱང་མ་ཤེས་རབ་རང་བཞིན་ཏེ། །རོ་མ་ཐབས་ཀྱིས་ཡང་དག་གནས། །སྡིག་སྤངས་པ་ནི་དབུས་ཉིད་དུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ནི་གཉིས་མིན་གཉིས་མཚུངས་པས། །སྨྲ་བའི་བརྡ་མིན་ཕྱག་རྒྱ་ཆེ། །གྲུབ་པར་བྱེད་པའི་ [302b.7]རྒྱུ་དང་ལམ། །ཞེས་བྱ་བ་ལ། བཅོམ་པ་ནི་བདུད་བཞིའོ། །ཡོན་ཏན་དྲུག་མངའ་བ་ནི་ལྡན་པའོ། །རྟོགས་པ་དེ་བཞིན་ཉིད་དུ་ཐུགས་སུ་ཆུད་པ་ནི་འདས་པའོ། །གསུང་ནི་བཀའོ། །རབ་ནི་བདེན་པ་གསུངས་པ་སྟེ། །སླུ་བ་མེད་པའོ། །ལས་ཞན་པས་ནི་གདམས་པ་ཚད་མ་ [303a] [303a.1]དང་མི་ལྡན་པའི་དོན་དུ་ལུང་འབྲས་བུའི་གཏན་ཚིགས་སུ་སྒྲུབ་པའོ། །རྐྱང་མ་ནི་རྩ་སྟི་ཁྲག་འབབ་པའོ། །དེ་དག་ནི་ཤེས་རབ་འབྱེད་པའི་བདག་ཉིད་རྩ་བའི་ལས་རྣོ་བའི་རླུང་གིས་བྱེད་པའོ། །ཨཱ་ལི་བཅུ་དྲུག་གི་ནུས་པ་གནས་པ་དང་། གཡོན་ན་གནས་པ་དང་། [303a.2]རིག་མ་ལས་བདེ་བའི་ཡེ་ཤེས་མྱོང་བ་ནི་འདི་དག་གཙོ་བོར་གྱུར་པའི་ཕྱིར་ཤེས་རབ་པོ། །རང་བཞིན་ནི་ནུས་པ་དང་བཅས་པའོ། །རོ་མ་ནི་ཁུ་བ་འབབ་པའོ། །ཐབས་ནི་མངོན་དུ་རྒྱུ་ཞིང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བའོ། །ཀཱ་ལི་བཞི་བཅུའི་ནུས་པ་གནས་པ་དང་། གཡས་སུ་རྒྱུ་བ་ [303a.3]དང་ཀུན་རྫོབ་དེ་ལྟ་བུའི་བདེ་བ་དེ་དག་གིས་གཙོར་མྱོང་བ་དང་། དཔའ་བོ་ལ་རག་ལས་པའི་དོན་གྱིས་ནའོ། །ཡང་དག་གནས་པ་ནི་བདེ་སྟོང་གི་རྟེན་བྱེད་པའོ། །སྡིག་ནི་མཐའོ། །སྤངས་པ་ནི་མཐའ་དང་བྲལ་བའོ། །མ་ནི་ཡོན་ཏན་གྱི་འབྱུང་གནས་སོ། །དབུས་ནི་ཨ་བ་དྷཱུ་ཏཱིའོ། །ཉིད་ནི་ [303a.4]དབྱེར་མི་ཕྱེད་པའི་རླུང་ངོ་། །གཟུང་བ་ནི་ཕྱིའོ། །འཛིན་པ་ནི་ནང་ངོ་། །རྣམ་པ་ནི་གཉིས་ལས་གྲོལ་བའོ། །གྲོལ་བ་དེ་ནི་བདེ་བ་དང་སྟོང་པ་གཉིས་སུ་མིན་ནོ། །གཉིས་སྤངས་པ་ཡང་མ་ཡིན་ཏེ། དབྱེར་མི་ཕྱེད་པའི་ཕྱིར་མཚུངས་པའོ། །དེ་ཙམ་དུ་ཡང་མི་འཛིན་པས་ན་སྒྲོ་སྐུར་དང་ [303a.5]བྲལ་བའི་ཕྱིར་སྨྲ་བའི་བརྡ་གཏན་ལ་དབབ་པར་མི་ནུས་པའི་ཕྱག་རྒྱ་ཆེན་པོ་སྟེ། དེ་དོན་དུ་གྲུབ་པའི་རྣམ་པར་སྨིན་པའི་རྒྱུ་དང་ལམ་མོ། །དེ་ལ་ཡང་ཇི་ལྟར་འབད་པར་བྱ་ཞེ་ན། དེ་ལྟར་རབ་ཏུ་འབད་པས་འབྲས་བུ་ཉེ་བར་རྙེད་པའི་རྒྱུར་གྱུར་པས་ལམ་དུ་ཤེས་པར་བྱའོ་ཞེས་བྱ་བ་ལ། དེ་ལྟར་ [303a.6]ནི་གང་དུ་བསྟན་པ་དེ་ལྟར་རོ། །རབ་ཏུ་འབད་པས་ནི་མ་ཡེངས་པའི་ངེས་པ་དང་བཅས་པའོ། །འབྲས་བུ་ནི་ཕྱག་རྒྱ་ཆེན་པོའོ། །ཉེ་བར་ནི་སྐྱེ་བ་འདིའོ། །རྙེད་པ་ནི་མི་སླུ་བའོ། །རྒྱུར་ནི་མ་བཅོས་པའོ། །གྱུར་པ་ནི་རིགས་མཐུན་པའི་རྒྱུའོ། །དེ་ལས་གོམས་པར་བྱ་བའི་ཐ་ [303a.7]ཚིག་ཏུ་ལམ་ཤེས་པར་བྱའོ་ཞེས་པའོ། །ལམ་དེ་ཡང་ཇི་ལྟ་བུ་ཞེ་ན། བསྟན་པར་བྱ་སྟེ། ལམ་རབ་ཏུ་མཁས་པས་རྟོགས་པར་འགྱུར་ཏེ། དེ་དག་ལ་གོམས་པར་བྱས་པས་འགོག་པ་དང་ལྷན་ཅིག་སྐྱེས་པའི་རང་བཞིན་དབྱེར་མི་ཕྱེད་པར་མངོན་དུ་བྱེད་པར་འགྱུར་ཞེས་བྱ་བ་ལ། [303b] [303b.1]ལམ་ལ་རབ་ཏུ་མཁས་པ་ནི་ཤེས་རབ་ཀྱིས་ཐབས་ལ་རྒྱས་བཏབ་པ་དང་། ཐབས་ཀྱིས་ཤེས་རབ་ལ་རྒྱས་བཏབ་པ་དང་། གཉིས་མེད་ཀྱིས་རྒྱས་བཏབ་པའོ། །དེ་ལ་ཡང་སྣང་བ་ཐུག་ཕྲད་དང་། དུ་མ་རོ་གཅིག་དང་། སྣ་ཚོགས་དོན་མཐུན་པའི་མཚན་མ་རང་སར་གྲོལ་བ་དང་། གོམས་པ་ [303b.2]དང་ཁོང་དུ་ཆུད་པའོ། །གཉིས་པ་ནི་ལུས་ཀྱི་སྣ་རྩེ་བསྐུལ་བ་དང་། བདག་བྱིན་གྱིས་བརླབ་པ་བསྐུལ་བ་དང་། ཡིད་ཀྱི་སྣ་རྩེ་བསྐུལ་བའོ། །གསུམ་པ་ནི་བདེ་བ་དང་སྟོང་པ་དང་གཉིས་སུ་རོ་མཉམ་པའོ། །དེས་འབྲས་བུ་འབྱིན་པས་ན་རྟོགས་པར་གྱུར་ཏེ། དེ་དག་ལ་གོམས་པར་བྱས་པས་ [303b.3]ཞེས་བྱའོ། །འགོག་པ་ནི་སྣང་ཞིང་གྲགས་པའི་ཆོས་རྣམས་སོ། །ལྷན་ཅིག་སྐྱེས་པའི་རང་བཞིན་དབྱེར་མི་ཕྱེད་པ་ནི་ཆོས་ཀྱི་ཕྱག་རྒྱ་མཐར་ཕྱིན་པ་སྟེ། ཤེས་པ་རྣམས་སྔོན་དུ་བྱེད་པར་འགྱུར་རོ། །དེ་ཡང་ངེས་པར་བྱ་བའི་ཕྱིར་ཡང་གསུངས་པ་ནི། །འདི་ལ་བསལ་བྱ་ཅི་ཡང་ [303b.4]མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་ཡང་དག་གྲོལ། །ཞེས་བྱ་བ་ལ། འདི་ལ་ནི་ཆོས་ཀྱི་ཕྱག་རྒྱའོ། །གསལ་བ་ནི་སྣང་བ་ཆོས་ཀྱི་སྐུ་ཡིན་པ་དང་། བླ་མ་ཡིན་པ་དང་། །གདམས་པ་ཡིན་པ་དང་། གླེགས་བམ་ཡིན་པ་དང་། [303b.5]མེད་པ་ཞིག་ལ་བསལ་ཡང་མི་དགོས། ཡོད་ན་བསལ་ཡང་མི་སོལ་བའི་ཕྱིར་བསལ་བར་བྱ་བ་མེད་དོ། །དེ་བས་ན་གསུང་རབ་ལས། གཟུགས་ནི་རང་གི་ངོ་བོ་མེད་དེ། མཐོང་བ་པོ་ཡང་མེད་དོ། །སྒྲ་མེད་དེ་ཐོས་པ་པོ་ཡང་མེད་དོ། །དྲི་མེད་དེ་སྣོམ་པ་པོ་ཡང་མེད་དོ། །རོ་མེད་དེ་མྱོང་ [303b.6]པ་པོ་ཡང་མེད་དོ། །རེག་མེད་དེ་རེག་པ་པོ་ཡང་མེད་དོ། །སེམས་མེད་དེ་བསམ་པར་བྱ་བ་ཡང་མེད་དོ་ཞེས་གསུངས་པས་སོ། །གཞག་པ་ནི་བསྒོམ་པ་སྟེ། དེ་ཡང་གཉིས་ཡོད་ན་དེའི་ཕྱིར་བསྒོམ་པར་རིགས་པ་ལས་གཉིས་མེད་པའི་ཕྱིར་བསྒོམ་པར་བྱ་བ་ཅུང་ཟད་མེད་དོ། །དེ་བས་ན་ [303b.7]གསུང་རབ་ལས། བསྒོམ་བྱ་མེད་ཅིང་སྒོམ་བྱེད་མེད། །གསང་སྔགས་མེད་ཅིང་ལྷ་ཡང་མེད། །སྤྲོས་པ་མེད་ཅིང་རང་བཞིན་དུ། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་བྱ་བས་སོ། །དེ་བས་ན་དམིགས་པར་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་སྣང་བ་སྐྱེ་བ་དང་སེམས་སྐྱེ་མེད་ [304a] [304a.1]གཉིས་མི་བྱེད་པ་ནི་ཡང་དག་ཉིད་ལ་ཞེས་བྱའོ། །དེ་ལ་ཅི་ཡང་མ་ཡིན་པའི་ཚུལ་གྱིས་བལྟ་བ་ལ། ཡང་དག་བལྟ་ཞེས་བྱའོ། །དེ་མངོན་དུ་གྱུར་པ་ནི་ཡང་དག་མཐོང་བ་སྟེ། དེ་མ་ཐག་ཏུ་སྐད་ཅིག་ནས། རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའི་ཕྱིར་ན་རྐྱང་མ་དང་། [304a.2]རོ་མ་གཉིས་ཀྱི་དབུས་ནི་སྡིག་སྤངས་མ་སྟེ། ལྷ་ན་ཅིག་སྐྱེས་པའི་ཡེ་ཤེས་སོ་ཞེས་བྱ་བ་ནི་གོ་སླའོ། །གལ་ཏེ་གྲོལ་མ་དེ་དག་གོམས་པ་ལས་བྱུང་བས་ན། གོམས་པར་ཇི་ལྟ་བུ་ཞེ་ན། དེ་ཉིད་ལ་རྟག་ཏུ་གོམས་པ་ནི་ཙ་ན་ར་ཙ་བ་བཞིན་ནོ་ཞེས་བྱ་བ་ལ། ཡུལ་ར་མ་ལའི་རྒྱལ་པོ་ཙ་ན་ར་ཙ་ [304a.3]བ་བསྙུངས་པས། །དྲང་སྲོང་རིག་པ་མཁན་ལ་བརྟག་པ་དང་། རྒྱལ་པོའི་བློན་པོ་བྲམ་ཟེ་མདུན་ན་མངོན། ཙ་ན་ར་ཙ་ལ་འབྲུ་མར་ཀ་ཏོ་ར་གང་བསྐུར་བས། ལྷོ་ཕྱོགས་ས་གཞི་རབ་ཏུ་འདར་བ་ལ་བཏང་སྟེ། རྒྱལ་བུ་སྟོབས་དང་ལྡན་པ་གཉིས་ཀྱིས་རལ་གྲི་རབ་ཏུ་རྣོ་བ་ཐོགས་ཏེ། འདི་དག་ [304a.4]དཔག་ཚད་གཅིག་ཏུ་སྐྱོལ་བར་བོ་ན། ཁྱོད་ལུས་དུམ་བུ་བརྒྱར་གཏུབས་ཏེ། །ཡབ་རྒྱལ་པོ་ཡང་འདའ་བར་འགྱུར་རོ་ཞེས་པས། རྐང་པ་གཉིས་རབ་ཏུ་བརྟན་ནས། ལག་པ་གཉིས་ཀྱི་གཡས་གཡོན་ནས་གཟུང་སྟེ། ཤེས་པ་དམ་དུ་བརྟན་པར་བཅས་ཏེ། མིག་མར་ཁུ་ལས་ [304a.5]གཞན་དུ་མ་ཡེངས་པར་བྱས་པས་མཐར་ཕྱིན་ཏེ། རྒྱལ་པོ་བསྙུན་དངས་ནས། བློན་པོས་རྒྱལ་པོའི་སྲིད་རབ་ཏུ་སྒྱུར་བའི་དབང་ཐོབ་པོ། །དཔེ་དེ་བཞིན་དུ་ཆོས་ཀྱི་སྐུའི་རྒྱལ་པོ། །རྣམ་པར་རྟོག་པའི་ནད་ཀྱིས་བཟུང་བ་དག་ལ། བླ་མའི་རིག་པས་བརྟགས་ཏེ། ཐ་མལ་གྱི་ཤེས་པའི་བློན་ [304a.6]པོས་བདེ་བ་ཆེན་པོའི་ས་གཞི་ལ་མཉམ་པའི་རྟོག་པ་དང་ལྡན་པའི་ཕྱོགས་སུ་བལྟས་ཏེ། ཐབས་དང་ཤེས་རབ་ཀྱི་རྐང་པ་ངེས་པའི་ཤེས་པས་བརྟན་པར་བྱས་ནས། བདེ་བ་དང་སྟོང་པའི་ལག་པ་གཡས་གཡོན་གྱིས། །གཉིས་མེད་ཀྱི་ཀ་ཏོ་ར་ཁྱེར་ཏེ། ཉམས་སུ་མྱོང་བའི་མར་ཁུ་ [304a.7]འཐོར་བར་མི་འགྱུར་བར་དམ་བཅས་ནས། མ་ཡེངས་པ་དང་ཡིད་ལ་མི་བྱེད་པའི་མིག་གཉིས་ཀྱིས་བལྟས་ཏེ། འོན་ཏེ་སྐྱེ་མེད་ཀྱི་ཉམས་དང་འབྲེལ་ཏེ། མངོན་པར་ཞེན་པའི་རྒྱལ་བུས་རྟག་ཆད་ཀྱིས་མཚོན་བཏབ་སྟེ། མཐའ་གཉིས་སུ་གསོད་པར་འགྱུར་སྙམ་པས་གོམས་ [304b] [304b.1]པར་བྱས་ནས། ཆོས་ཀྱི་སྐུའི་རྒྱལ་པོ་རྟོག་པའི་ནད་དང་བྲལ་ཞིང་། སྐུ་གསུམ་དབྱེར་མེད་པའི་རྒྱལ་སྲིད་ལ་དབང་བར་འགྱུར་རོ། །དེ་དག་གི་ཐབས་དེ་དག་གང་ལས་འབྱུང་ཞེ་ན། དེ་རྟོགས་པ་དང་དོན་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་གཉིས་སུ་མེད་དེ། སེམས་རྩེ་ [304b.2]གཅིག་པར་འཇུག་པ་ནི་བླ་མ་དམ་པའི་གདམས་ངག་ཉིད་ལས་སོ་ཞེས་བྱ་བ་ལ། གོང་དུ་བསྟན་པ་དེ་རྟོགས་པ་དང་། ཉམས་སུ་མྱོང་བ་འདི་ལྟ་བུ་འཆར་བར་འགྱུར་ཏེ། ཕྱི་རོལ་གྱི་དོན་སྔོན་པོ་ལ་སོགས་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་གཉིས་སུ་མེད་དེ་བསམ་གྱིས་ [304b.3]མི་ཁྱབ་པར་འགྱུར་རོ། །དེ་ལ་དང་པོ་ལྷན་ཅིག་པ་ལ་གོམས་པ་དང་། རྟོགས་པ་དང་ཐ་མི་དད་པར་བཞག་པ་དང་། རྟོག་པ་ཉམས་སུ་མྱོང་བ་ལ་ཐིམ་པ་དང་། ཡིད་ལ་མི་བྱ་བར་གཞག་གོ། །དེ་ལས་རྟོག་པ་སྐྱེས་ནས། སྔར་གྱི་ཡིད་ལ་མི་བྱེད་པ་དང་། ཐ་མི་དད་པར་གཞག་པའོ། །དེ་ལྟ་བུའི་སེམས་རྩེ་གཅིག་པར་ [304b.4]འཇུག་པ་ནི། བླ་མ་དམ་པའི་གདམས་ངག་སློབ་མ་ལ་བཤད་པ་སྤྲོས་པ་མེད་པའི་དོན། ལན་དུ་མར་གསོལ་བ་བཏབ་པ་དང་། ཚོགས་ཀྱི་འཁོར་ལོའི་དུས་སུ་བྱུང་བ་དང་། ཉམས་སུ་མྱོང་བའི་འབར་བའི་ཤུགས་ཀྱི་སྤྱོད་པའི་དུས་སུ་ཆེད་དུ་མ་གཏད་བར་བྱུང་བ་ཉིད་ལས་མངོན་དུ་བྱེད་ [304b.5]པར་འགྱུར་རོ། །དེ་བས་ན་ཆོས་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རྒྱུར་གྱུར་པའོ་ཞེས་པ་ནི་གོ་སླའོ། །གལ་ཏེ་མཉམ་པ་ལ་གཞག་ན་གཉིས་མེད་དུ་མྱོང་ཡང་། །རྗེས་ཐོབ་སྣ་ཚོགས་སུ་སྣང་བས་ཉམས་སུ་མྱོང་བ་དང་བྲལ་ལོ་ཞེ་ན། བསྟན་པར་བྱ་སྟེ། དེ་ཡང་ [304b.6]གསུང་རབ་ལས། གཟུགས་དང་སྒྲ་སོགས་སྐྱེ་བ་མེད། །གང་གིས་ལྷན་ཅིག་སྐྱེས་རིག་ན། །གཟུགས་སོགས་བློ་ཡིས་མྱོང་དུས་སུ། །སྐྱེ་མེད་བཅོས་མྱོང་མ་ཡིན་ནམ། །གང་ཞིག་སྟར་བུ་མྱོང་བ་ཡིས། །སྐྱུར་བ་མཐོང་ཙམ་ཉིད་ན་ཡང་། །སྟར་བུའི་རོ་དང་བཅས་མྱོང་བཞིན། ། [304b.7]སྣང་སྟོང་གཉིས་མེད་བདེར་རོ་གཅིག། །ཅེས་འབྱུང་བས་སོ་ཞེས་བྱ་བ་ལ། དང་པོར་བླ་མའི་ཞལ་ལས་ཐོས་པའི་དོན་བདག་ཉིད་ཀྱི་བློས་དཔྱད་པས་གཟུགས་དང་གྲགས་པ་ལ་སོགས་པའི་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པར་བྱས་ལ། དོན་དེ་དག་གཉིས་མེད་དུ་ཉམས་སུ་ [305a] [305a.1]མྱང་བ་ནི། གང་གིས་ལྷན་ཅིག་སྐྱེས་པར་རིག་པ་སྟེ། དེ་དག་ལ་གོམས་ན་ཐ་ན་རྨི་ལམ་གྱི་གནས་སྐབས་ན་ཡང་། གཟུགས་ལ་སོགས་པ་བློ་ཡིས་གང་ཉམས་སུ་མྱོང་བའི་དུས་སུ་སྐྱེ་བ་མེད་པ་དང་བཅས་པར་མྱོང་བ་ཉིད་བ་མ་ཡིན་ནམ། དཔེར་ན་སྐྱེས་པ་དང་ [305a.2]བུད་མེད་གང་ཞིག་གིས་སྔོན་དུ་སྟར་བུ་མྱོང་བའི་རྒྱུད་མཚན་གྱིས། །ཕྱིར་སྐྱུར་པ་གཞན་མཐོང་ཙམ་ཉིད་ན་ཡང་། སྟར་བུ་ལ་སོགས་མྱོང་བའི་རོ་དང་ཁྱད་མེད་དེ། །དེ་དང་བཅས་པ་མྱོང་བ་བཞིན་ནོ། །དེ་བས་ན་སྣང་བ་སྣ་ཚོགས་སུ་ཤར་བའི་རྗེས་ཐོབ་ཀྱིས་སྣང་བར་མི་འགྱུར་ཏེ། [305a.3]སྟོང་དང་གཉིས་སུ་མེད་པའི་རྟོགས་པའི་གྲོགས་སུ་འགྱུར་རོ། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་སྨིན་པར་འབྲས་བུ་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་སྐྱེར་རུང་པ་དང་། ཚོགས་བསགས་པའི་རྣམ་པའི་སྨིན་པ་དང་། བླ་མ་དམ་པ་བསྟན་པའི་གདམས་པའི་རྣམ་པར་སྨིན་པ་དང་ལས་ཆུང་ [305a.4]ལ་འབྲས་བུ་ཆེ་བ་ཉིད་ཀྱིས་སོ། །དེ་ཡང་གསུང་རབ་ལས། རྣམ་སྨིན་དེ་ལས་བཟློག་པ་སྟེ། ལས་ཆུང་འབྲས་བུ་ཆེ་བའི་ཕྱིར། །ཞེས་པས་སོ། །ངེས་པར་བསྟན་པ་ནི་བདེ་སྟོང་སྤྱིའི་རྣམ་པ་མ་བཅོས་པ་ངེས་པར་བསྟན་པའོ། །གཉིས་པ་ནི་དང་པོ་ལྟོས་པས་སོ། །དེ་དག་ [305a.5]གིས་ནི་ཆོས་ཀྱི་ཕྱག་རྒྱ་མདོར་བསྡུས་ཏེ་བསྟན་པའོ། །ནུ་མ་གཉིས་ཏེ་ལག་མཐིལ་གཉིས། །ཐལ་མོ་གདབ་སྟེ་མཉམ་དུ་གཞག །ཨ་ཏ་ར་ཏ། ངུ་ད་ཨེ། ཨ་ཨཾ་སར། ད་ནི་འབྲས་བུ་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་སྟེ། ཨ་ཕྱག་རྒྱ་ཆེན་པོ་ནི། ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ [305a.6]ཡང་ཡིན་པའི་ཕྱིར་ཕྱག་རྒྱ་ཆེན་པོའོ་ཞེས་བྱ་བ་ལ། ཨ་ནི་ཨ་ཀ་མ་ཏ་ས་ཨཱ་སྟེ། རྒྱུ་ལམ་འབྲས་བུ་གསུམ་དུ་སྐྱེ་བ་མེད་པའོ། །དེ་ཡང་རྟེན་འབྲེལ་ལས་སྐྱེས་པ་དང་། མ་སྐྱེས་པ་དང་ཐ་མི་དད་པའོ། །ཕྱག་རྒྱ་ནི་འདའ་བའི་དོན་ཏོ། དཔེ་དང་ཡོད་པ་དང་། ཡིན་པས་ [305a.7]མི་འདའ་བའོ། །དེ་ཡང་ནམ་མཁའ་ལྟ་བུ་དང་། གྱད་ཀྱི་ནོར་བུ་ལྟ་བུ་དང་། སྡུག་བསྔལ་གྱིས་བརྟུལ་གྱིས་བརྟུལ་བ་ལྟ་བུ་ཡིན་ལ། ཆེན་པོ་ནི་ལས་དང་ཆོས་དང་དམ་ཚིག་དང་གསུམ་གྱི་མཆོག་གི་མཆོག་ཏུ་གྱུར་པའི་ཕྱིར་ཡང་ཡིན་པས་ན་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་ཆེན་པོ་ལ་འབྲས་བུར་གཞག་ [305b] [305b.1]པའི་རྒྱུ་མཚན་ཅི་ཡོད་ཅེ་ན་བསྟན་པར་བྱ་སྟེ། དེ་ཡང་རང་བཞིན་མེད་པའི་ངོ་བོ་ཉིད། སྒྲོ་སྐུར་གྱིས་དབེན་པ་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོར་རིགས་པ་དང་། དེ་ཡང་རང་བཞིན་མེད་པ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་འཛིན་པ་དང་བཅས་པ་དང་། རྣམ་པར་སྨིན་པ་ [305b.2]བརྟག་དཔྱད་དང་བཅས་པ་དང་། རྣམ་པ་མེད་པ་གཟུང་འཛིན་དང་བཅས་པའི་དྲི་མ་སྟེ། །དེ་དག་གི་ཡིད་རང་བཞིན་མེད་པ་ནི་དྲི་མ་དང་བྲལ་བར་རིགས་སོ། །དེ་དག་གི་ངོ་བོ་ཉིད་ནི་སྒྲོ་སྐུར་དང་བྲལ་བ་སྟེ། དཔེར་ན་ཤིང་སྣ་ཚོགས་པ་ལས་མི་བུས་པ་མེ་ལྕེ་གཅིག་ཏུ་གྱུར་ [305b.3]ཏེ། ཤིང་ཟད་པའི་དུས་སུ་མེ་མི་གནས་པ་བཞིན་དུ། སྣང་གྲགས་སྣ་ཚོགས་པ་ལས་སྐྱེས་པའི་མེ་ལྕེ་གཅིག་ཏུ་གྱུར་ཏེ། སྐྱེ་མེད་རྟོགས་ཀྱི་རྗེས་སུ་སྐྱེས་ལ་མེད་ཙམ་དུ་ཡང་མི་འཛིན་ཏེ། དེ་དག་གང་དུ་ཡང་མི་འཛིན་པ་སྟེ། དེ་དག་གིས་རྟོགས་པ་དེ་ཡང་སངས་རྒྱས་པ་ [305b.4]སྟེ། རྟོག་པ་ཙམ་ལ་རག་ལས་པའོ། །དེ་བས་ན། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པའི་ཕྱིར་དགག་བསྒྲུབ་དང་བྲལ་བར་རིགས་སོ། །དབེན་ཞེས་པ་སྟོང་པའི་ཐ་ཚིག་གོ། །ཕྱག་རྒྱ་ཆེན་པོ་ཉིད་ཇི་ལྟ་བུ་ཞེ་ན་རེ་བ་བཅད་པས་ཏེ། ཤེས་བྱའི་སྒྲིབ་པ་ལ་སོགས་པ་སྤངས་པ་ཞེས་བྱ་བ་ལ་ཤེས་བྱའི་ [305b.5]སྒྲིབ་པ་ནི་ཉོན་མོངས་པ་དང་། ཉེ་བའི་མོངས་པ་སྤངས་དཀའ་བ་ཤིན་ཏུ་ཕྲ་བ་རྣམས་སོ། །སོགས་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཤིན་ཏུ་རགས་པ་རྣམས་སོ། །སྤངས་པ་ནི་སྤང་བྱ་སེར་སྣ་དང་། འཆལ་བའི་ཚུལ་ [305b.6]ཁྲིམས་དང་། གནོད་སེམས་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་རྣམས་ལ། སྦྱིན་པ་ལ་སོགས་པ་སྤོང་བར་འདོད་པ་མེད་པ་ནི་གཉེན་པོ་ལ་རེ་བ་མེད་པའོ། །བསྐྱེད་པ་དང་རྫོགས་པ་འདི་གཉིས་ཀྱིས་ལེགས་པར་སྦྱངས་པས་འབྲས་བུ་ཞིག་ཐོབ་སྙམ་ [305b.7]པ་མེད་པ་ནི། དེ་ཁོ་ན་ཉིད་ལ་རེ་བ་མེད་པའོ། །འབྲས་བུ་རྫོགས་པའི་སངས་རྒྱས་ཞིག་ལོགས་ནས་འཐོབ་པོ་སྙམ་པ་ནི་འབྲས་བུ་ལ་རེ་བ་མེད་པའོ། །དེ་ཡང་ཉོན་མོངས་པ་དབང་དུ་སློང་བ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བསྒོམ་དུ་མེད་པ་དང་། བདེ་བ་ཆེན་པོ་རང་ཆས་སུ་ [306a] [306a.1]ཡོད་པའི་ཕྱིར་རོ། །དེ་ཡང་ཆོས་རྣམ་པ་ལྔ་དང་ལྡན་ཏེ། སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ལྟར་དྲི་མ་དེ་པ་ཞེས་བྱ་བ་བཞི་ལ། སྟོན་ཀའི་དུས་ཀྱི་ཉི་མ་ཕྱེད་ཀྱི་ནམ་མཁའ་ནི་སྤྲིན་དང་འཇའ་ཚོན་དང་། ན་བུན་དང་། ཁུག་རྣ་དང་། རླུང་གིས་མ་དཀྲུགས་པ་དག་ནི་མ་སྐྱེས་ [306a.2]ཤིང་། རང་བཞིན་མེད་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་སུ་ཁྱབ་པ་དང་། གདོད་མ་ནས་མི་འགྱུར་བ་དང་། འཁོར་བ་ཐམས་ཅད་ལ་ཁྱབ་བཞིན་དུ་ཕྱག་རྒྱ་ཆེན་པོ་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དང་། ཡོད་པ་དང་མེད་པ་དང་གཉིས་དང་གཉིས་མེད་པའི་རང་བཞིན་མེད་ [306a.3]པ་དང་། འཁོར་བའི་དུས་དང་སྦྱངས་པ་དང་། ཁྱད་པར་དུ་སྦྱངས་པ་དང་། བླ་ན་མེད་པ་དང་། མངོན་དུ་གྱུར་པའི་དུས་རྣམས་ལ་ཡང་ཕྱག་རྒྱ་ཆེན་པོ་ཉིད་དོ། །དེ་ཉིད་ལས་སྣ་ཚོགས་སུ་སྣང་ཡང་འགྱུར་བ་ཅུང་ཟད་ཀྱང་མེད་དེ་དཔེར་ན་ནམ་མཁའ་ལ་སྤྲིན་དང་འཇའ་ཚོན་ལ་སོགས་པ་སྣང་ཡང་ [306a.4]ནམ་མཁའ་ལས་མི་འགྱུར་བ་དང་། ཆུ་ལ་རླབས་དང་། རྙོག་མ་དང་། ལྦུ་བ་དང་གཉེར་མ་ལ་སོགས་པ་ཆུ་ཉིད་ལས་མི་འགྱུར་བ་བཞིན་ནོ། །དེ་ཡང་ཡུངས་ཀར་ལ་མར་གྱིས་ཁྱབ་བཞིན་དུ་འཁོར་བའི་བདག་ཉིད་ལ་ཁྱབ་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ཉིད་སྣང་དུ་ཟད། ཁྱབ་ [306a.5]བྱ་ཁྱབ་བྱེད་ཀྱི་ཚུལ་ནི་མ་ཡིན་ནོ། །དེ་བས་ན་གསུང་རབ་ལས། ད་ནི་སྟོན་པ་ང་ནི་ཆོས། །ང་ནི་ཚོགས་ལྡན་ཉན་པ་ངའོ། །འགྲོ་བའི་སྟོན་པ་བསྒྲུབ་བྱང་། །འཇིག་རྟེན་པ་ང་འཇིག་རྟེན་ང་། །མཆོག་དགའི་མཁའ་སྟེ་བྲལ་བའི་མདུན། །ལྷན་ཅིག་སྐྱེས་དགའི་ངོ་བོ་ང་། །མུན་པ་ལ་ནི་སྒྲོན་མེད་བཞིན། །བུ་ག་དེ་བཞིན་ [306a.6]ཤེས་བྱེད་གང་། །ཞེས་བྱ་བ་ཤེས་པར་བྱའོ། །དེ་དག་ལ་སྐུའི་བྱེ་བྲག་ཇི་ལྟར་བཞག་ཅེ་ན་བསྟན་པར་བྱ་སྟེ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཞེས་བྱ་བ་ལ། ཡོན་ཏན་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པ་དང་ངོ་བོ་ཉིད་དེ། དེ་ཡང་རང་གི་ཉམས་སུ་མྱོང་བ་ལ་གནས་ཏེ། སྒྲོ་སྐུར་དང་ [306a.7]བྲལ་བ་དང་། ཉམས་སུ་མྱོང་བ་དང་། སྣ་ཚོགས་སུ་ཤར་བ་དང་། གཉུག་མའི་ངོ་བོ་གཅིག་པའོ། །དེ་ཡང་སོ་མ་དང་རང་དགའ་བ་དང་། ལྷུག་པའོ། །དེ་ཡང་རྗེ་བཙུན་གྱི་ཞལ་སྔ་ནས། །ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་མའི་ཞལ་ལ་དྲིས། །དོན་དམ་ [306b] [306b.1]ཞལ་གྱི་ངོ་བོ་མ་རྟོགས་ནས། །ཡིད་ནི་ཆུ་བྱེད་རླུང་ནི་འཆད་བ་མེད། །ཅེས་པ་ནི། སྐད་ཅིག་མ་སྐྱེས་པ་ལ་མ་འགག་པའི་ངོ་བོ་ཇི་ལྟ་བའོ། །གཉིས་པ་ནི་རྗེ་བཙུན་པའི་ཞལ་སྔ་ནས། ཇི་ལྟར་གཟིངས་ལ་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་བྱ་བས་ [306b.2]བསམ་གྱིས་མི་ཁྱབ་པའོ། །གསུམ་པ་ནི་རྗེ་བཙུན་པའི་ཞལ་སྔ་ནས། གླང་ཆེན་ལོབས་ནས་སེམས་ཚགས་ཚུད་པ་ནི། །འདི་ནི་འགྲོ་འོང་བཅས་ནས་དལ་པ་སྟེ། །དེ་ནི་འདི་ལྟར་རྟོགས་སོ་ཆོས་ཅི་དགོས། །ཞེས་བྱ་བ་ནི་བདེ་ཞིང་ང་བ་རྒྱུན་དུའོ། །དེ་ནི་ཐམས་ཅད་ཀྱི་འབྱུང་གནས་སོ། །དེ་ [306b.3]བས་ན། དེ་ལྟར་ངོ་ཚ་མེད་སྨྲ་མཁས་པས་ཞེས་བྱ་བས་སོ། །དེ་ལྟ་བུའི་ཡེ་ཤེས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཞེས་བྱ་བ་ལ། ཕུན་སུམ་ཚོགས་པ་ནི་ཇི་ལྟར་འདོད་པའི་བདེ་བ་ཚོགས་པའོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་འཁོར་བའི་བདེ་བ་དང་། མྱ་ངན་ལས་འདས་ [306b.4]པའི་བདེ་བ་ཆེན་པོའོ། །གཞིར་གྱུར་པ་ནི་ནོར་བུ་ལྟ་བུ་སྟེ། འབྱུང་བ་བཞིར་གྱུར་པའོ། །དེ་ཡང་ཇི་ལྟར་བལྟ་ཞེ་ན། དག་པ་དང་། དམ་པ་དང་། བསམ་གྱིས་མི་ཁྱབ་པ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རང་བཞིན་ཞེས་བྱ་བ་ལ། ལྷུན་གྱིས་གྲུབ་པ་སྟེ་གདོད་མ་ [306b.5]ནས་སངས་རྒྱས་པ་ནི་དག་པའོ། །བདེ་བ་དང་སྟོང་པ་ཟུང་དུ་འཇུག་པ་ནི་རྟག་པ་དང་ཆད་པའི་མཐའ་ལས་བྲལ་བ་སྟེ། དམ་པའོ། །བསམ་གྱིས་མི་ཁྱབ་པ་ནི་ཡེངས་པའི་མུ་དང་བྲལ་བའོ། །དེ་ཡང་གསུང་རབ་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །བྱ་བ་ཅུང་ཟད་མེད་པ་སྟེ། །འདི་ [306b.6]ལ་ཡེངས་པའི་མུ་དང་བྲལ། །བསམ་མི་ཁྱབ་ཀྱི་དུས་ཉིད་དོ། །དེ་ལྟ་བུའི་ངོ་བོ་དག་གིས་འཁོར་བ་དང་རྣམ་པར་རྟོག་པའི་བདག་ཉིད། ཡེ་ཤེས་སྐྱེ་བ་མེད་པ་འབར་བས། །མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རང་བཞིན་ལས་རྟོགས་ན་བཅུ་བཞི་པའི་ས་ལ་མ་རྟོགས་ན་བཅུ་བཞི་པའི་ས་ལ་མ་རྟོགས་ན་འཁོར་བ་ [306b.7]ཉིད་ཀྱི་ཕྱིར་རོ། །དེ་ཡང་རྗེ་བཙུན་པ་ཤར་ཕྱོགས་ཀྱི་དུར་ཁྲོད་པའི་ཞལ་ནས། རྒྱུ་མེད་པས་གདོད་མ་ནས་སངས་རྒྱས་ཏེ། དག་པ་དང་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ཡོད་པས་དམ་པ་སྟེ། མ་ནི་ངག་གི་སྤྱོད་ཡུལ་དུ་རུང་པ་དང་། སོ་སོར་རྟོག་པའི་ཤེས་རབ་ཡོད་པའི་ཕྱིར། [307a] [307a.1]མུ་ཐམས་ཅད་དང་བྲལ་བ་སྟེ་བསམ་གྱིས་མི་ཁྱབ་པའོ། །ཉམས་སུ་མྱོང་བ་ཉིད་ཆུ་བོ་ལྟར་དུས་ཐམས་ཅད་དུ་ཉམས་སུ་མྱོང་བས། གཉིས་ཀྱིས་མི་ཕྱེད་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རང་བཞིན་ནོ། །དེ་དག་ལ་གཞན་ [307a.2]དོན་དུ་འབྱུང་ངམ་ཞེན་བསྟན་པར་བྱ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ལུས་ཞེས་བྱ་བ་ལ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་། སྨོན་ལམ་ཐུན་མོང་མ་ཡིན་པའི་སྟོབས་ཀྱིས། ལུས་གཟུགས་སྐུ་རྣམ་པ་གཉིས། སྣང་བ་ཤིན་ཏུ་དག་པ་དང་། དག་པ་ལས་ [307a.3]འབྱུང་ངོ་། །ལུས་དེ་ཁོ་ན་ཉིད་ལས་གཞན་ནམ་ཞེ་ན་བསྟན་པར་བྱ་སྟེ། བདེ་བ་ཆེན་པོ་རང་བཞིན་གང་ཡིན་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་སྟེ། བདེ་བ་ཆེན་པོ་ནི་སྒྲོ་སྐུར་དང་བྲལ་བ་ལ། ཡིད་ལ་མི་ཕྱེད་པ་ཉིད་ཀྱི་སྐུའོ། །དེ་དག་གི་རང་བཞིན་གང་ཡིན་པ་ནི་གཟུགས་ཀྱི་སྐུ་སྟེ། [307a.4]ངོ་བོ་ཉིད་དོ། །གལ་ཏེ་ཡིད་ལ་བྱེད་པའི་འགལ་ཚབས་ཅན་དུ་འགྱུར་བ་སུ་ཞིག་ཡོད་ཅེ་ན་བསྟན་པར་བྱ་སྟེ། གསུང་རབ་ལས། དེ་ལྟར་ཡིད་ཀྱི་མི་བྱེད་པའི་ཆོས་ནི་དགེ་བའོ། །ཡིད་ལ་བྱེད་པའི་ཆོས་ནི་མི་དགེ་བའོ་ཞེས་བྱ་བ་ལ། ཨ་མ་ན་སེ་ཞེས་བྱ་སྟེ། བརྡ་དང་སྒྲའི་བྱེ་ [307a.5]བྲག་གིས་ཤེས་པར་བྱའོ། །དེ་ལ་ཡང་ཨ་ནི་སྐྱེ་བ་མེད་པ། མ་ན་ནི་ཡིད་དེ་རྟོགས་པ། སེ་ནི་བྱེད་པའོ། །དེ་བས་ན་རྟོགས་པ་དང་། བྱེད་པ་ནི་ཨ་འགེགས་པར་བྱེད་པས་དེ་ཉིད་དུ་བཀག་པའི་ཕྱིར་ཡིད་ལ་མི་བྱེད་པའོ། །དེའི་ཕྱིར་མི་བྱེད་པ་བྱེད་པ་བྱེད་ཅིང་། བྱེད་པ་མི་བྱེད་ [307a.6]བའི་ཕྱིར་དགེ་བའོ། །གཞན་མི་མཐུན་པའི་ཕྱོགས་ལ་མ་ན་སྱེ་ཞེས་བྱ་སྟེ། རྟོགས་པ་མེད་པའོ། །དེ་དག་ནི་ཡིད་ལ་བྱེད་པའི་ཆོས་ཏེ། མི་དགེ་བ་འབྱུང་བའི་ཕྱིར་འཁོར་བར་བརྟག་པར་བྱ་སྟེ། གལ་ཏེ་ཀླུ་དག་ཤ་ཀའི་གཙུག་གི་ནོར་བུ་བཞིན་དུ་བསྟན་པར་མི་ནུས་ [307a.7]སོ། །མ་ཡིན་ཏེ། བླ་མ་དམ་པའི་ཞབས་ཀྱི་བཀའ་དྲིན་གྱིས་རྣམ་པར་ཐམས་ཅད་ཀྱི་མཆོག་བཀའ་དྲིན་ཉམས་སུ་མྱོང་བར་ནུས་སོ། །གལ་ཏེ་ཕྱག་རྒྱ་ཆེན་པོ་ལ་སྐད་ཅིག་མ་བཞིར་མི་གཞག་པ་ཅི་ཞེ་ན། དྲི་མ་མེད་པ་དང་རང་རིག་པ་ཡིན་པའི་ཕྱིར་རོ། །འོ་ན་བསམས་ [307b] [307b.1]ན་དྲི་མར་གྱུར་པའི་ཕྱིར། །བསམ་པར་མི་རིགས་སོ་ཞེ་ན། གནས་པ་མེད་པ་འབད་པ་དང་བྲལ་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྟེ། དཔྱད་པ་ལས་མ་བྱུང་བར་བསྒོམ་མོ། །དེ་དག་ཀྱང་བསམ་པར་བྱ་བ་དཔྱད་ནས་མི་སེམས་བ་དེའི་ཚེ་བསམ་པ་མི་འབྱུང་བའི་ཡེ་ཤེས་ [307b.2]ལྷུན་གྱིས་གྲུབ་པའི་མི་རྟོག་པར་བརྗོད་དོ། །དེ་བས་ན་བསམ་པར་བྱེད་པའི་རྒྱུ་མེད། རྒྱུ་མེད་པས་བསམ་བྱ་མེད་པ་མ་ཡིན་ཏེ་ཡོད་དོ། །ཆད་པར་འགྱུར་རོ་ཞེན་མ་ཡིན་ཏེ། དེ་བཞིན་དང་དག་པའི་མཐའ་སྔོན་དུ་བྱས་པའི་ཉམས་སུ་མྱོང་བའི་ཕྱིར་མི་འགྱུར་རོ། །འོ་ན་རྣམ་ [307b.3]པར་རིག་པ་དང་ཁྱད་མེད་དོ་ཞེན། འདིར་ནི་སྒྱུ་མ་ལྟ་བུ་ཡན་སྒྲོ་བཏགས་པ་སྟེ། །དབུ་མར་སྒྲོ་བཏགས་པར་ཞེན་པ་མེད་དོ། །རྣལ་འབྱོར་སྦྱོར་པ་དང་། །དབུ་མ་ལ་ཁྱད་ཅི་ཡོད་ཅེ་ན།། །རྣམ་རིག་ནི་རྣམ་པར་རྟོག་པས་བརྟགས་པའི་ཤེས་པ་དངོས་སུ་ཡོད་པར་རིག་ལ། མ་རིག་ [307b.4]པའི་བག་ཆགས་ཀྱི་དངོས་པོ་ཡོད་པ་ནི་རྗེས་སུ་ཐོབ་པོ། །རྣམ་པ་དང་གཉིས་མེད་ཀྱི་ཚོགས་སུ་ཉམས་སུ་མྱོང་པ་ནི་གསལ་བ་སྟེ་མ་རྟོགས་པའོ། དབུ་མ་ནི་སེམས་ཅན་གྱི་དོན་ཕྱིར་ཀུན་རྫོབ་ཏུ་ཐ་སྙད་བརྟགས་ལ། །བྱིས་པ་དག་ལ་དོན་དམ་ཞེས་མཐོང་པར་བྱ་པའི་ [307b.5]ཕྱིར་ཇི་སྲིད་དུ་བློས་ཡུལ་དུ་བྱས་ང་ཐམས་ཅད་ནི་ཀུན་རྫོབ་ཏུ་བརྟགས་ལ། །དེ་ཡང་མཐུན་པའི་རྐྱེན་ཚོགས་པ་ཙམ་ལ་སྣང་ཞིང་། སྣང་བའི་རྒྱུན་སླུ་པའི་ཆོས་ཅན་ཡིན་པས་སྒྱུ་མར་མཐོང་པར་བྱས་ཏེ། །དེ་ཡང་བདག་ལ་ལྟོས་ནས་སྐད་ཅིག་མར་བཞག་ལ། ཆ་ཤས་ [307b.6]དང་བཅས་པའི་ཕྱིར་རང་བཞིན་མེད་པ་སྟེ། དེ་ཡང་རྟག་པ་དང་ཆད་པ་གཉིས་མེད་པ་ལས་འདས་པ་སྟེ། རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་དྲི་མ་མེད་པའི་ཆ་བློ་ཡུལ་དུ་མ་བྱས་སྒྲོ་སྐུར་དང་བྲལ་བའོ། །དེ་ཡང་སྨིག་རྒྱུ་ལ་ཆུར་འདུ་ཤེས་པའི་དུས་ཉིད་ནས། [307b.7]ཆུ་མེད་དེ་ཆུར་འདུ་ཤེས་པ་དང་ཅུ་མེད་པ་གཉིས་ཐ་མི་ད་པ་ཉིད་ལ། སྨིག་རྒྱུ་བསལ་བར་བྱ་བ་ཉིད་དམ་ཅུ་བསྒྲུབ་པ་ཅུང་ཟད་ཀྱང་མེད་པ་བཞིན་དུ་འཁོར་བ་བསལ་བར་བྱ་བ་འམ། མྱ་ངན་ལས་འདས་པ་བསྒྲུབ་པར་བྱ་བ་མེད་དོ། །དེ་ཡང་ཟུང་དུ་འཇུག་པ་སྟེ། གང་ [308a] [308a.1]ལ་གཉིས་ཀྱི་འདུ་ཤེས་མེད་པའོ། །དེ་ཡང་མཐར་ཐུག་པའི་དོན་ནི། །གསུང་རབ་ལས། ཀུན་དུ་རྟོག་པས་མ་བརྟགས་པས། །རབ་ཏུ་མི་གནས་པ་ཡི་སྐུ། །དྲན་པ་མེད་པའི་ཡིད་ལ་བྱེད། །དམིགས་པ་མེད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་ [308a.2]དེ་དག་ནི་ལྟ་བ་དང་བསྒོམ་པ་དང་སྤྱོད་པ་དང་། དབྱེར་མི་ཕྱེད་པ་གསུམ་དུ་ཤེས་པར་བྱའོ། །དེ་ཡང་ཀུན་དུ་རྟོག་པས་མ་བརྟགས་པས་དཔྱད་པ་གཉིས་དང་བྲལ་བ་ནི་སྤྱོད་པའོ། །བདེ་བ་དང་སྟོང་པ་རབ་ཏུ་མི་གནས་ཤིང་། །འདོད་པ་གཉིད་དང་བྲལ་བ་ནི་བདེ་བ་ཆེན་པོའི་སྐུ་ [308a.3]སྟེ་ལྟ་བའོ། །སྦྱོར་བ་དང་། དངོས་གཞི་དང་མཇུག་གི་གོ་རིམས་ཀྱི་དྲན་པ་མེད་པས་ཡིད་ལ་བྱེད་པ་ནི་བསྒོམ་པའོ། །གསུམ་དུ་བརྟགས་པས་དབྱེར་མི་ཕྱེད་པ་ནི་དམིགས་པ་མེད་པ་སྟེ། དེ་དག་ལ་གོམས་པ་མེད་པ་ནི་ཕྱག་འཚལ་བའོ་ཞེས་བྱ་བ་གང་ཡིན་པ་དེ་དག་ [308a.4]གི་ཕྱག་རྒྱ་ཆེན་པོར་རིག་པར་བྱའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་ཅི་ཡང་མ་ཡིན་པའི་བདེ་བ་ཆེན་པོ་ལས་དམ་ཚིག་ཕྱག་རྒྱ་མཆོག་གི་འབྲས་བུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་གོ་སླའོ། །གལ་ཏེ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་ལས་དགའ་བྲལ་དམ་ཚིག་ཕྱག་རྒྱ་འབྱུང་བར་མི་རིགས་ [308a.5]སོ་ཞེ་ན། དེ་ལ་ཡང་གསུང་རབ་ལས། །གང་ཞིག་ནྱ་གྲོ་དྷ་འདོད་པས། །མ་རི་ཤ་དག་སྲུང་འགྱུར་ན། དེ་ནི་མ་རི་ཤ་ཉིད་དེ། །རྒྱུ་དང་འབྲས་བུ་དབྱེར་མེད་བཞིན། །བདེ་བས་གང་བར་འདོད་པ་ལ། །ཕྱག་རྒྱ་ཆེན་པོ་ཐོབ་གྱུར་ནས། །གྲུབ་པ་མེད་པར་རྨི་ལམ་ལྟ། །གཟུགས་ནི་སྣང་ [308a.6]བར་འགྱུར་བ་ཡིན། །ཞེས་བྱ་བ་ལ་རྒྱལ་པོ་གང་ཞིག་བསིལ་བ་ལ་མོས་པས། ཤིང་ནྱ་གྲོ་དྷ་འདོད་པའི་ཕྱིར་ཤིང་མ་རི་ཤ་དག་བསྐྲུན་པར་གྱུར་ན་ནྱ་གྲོ་དྷ་སྐྱེ་བར་འགྱུར་ཏེ། རྒྱུ་མ་རི་ཤ་ལས་ནྱ་གྲོ་དྷ་སྐྱེས་པ་ནི་མ་ཡིན་ནོ། །ནྱ་གྲོ་དྷ་དེ་དག་ཤུགས་ཀྱིས་འབྱུང་བར་ཟད་ཀྱི་མ་རི་ཤ་ལས་འབྱུང་ [308a.7]བ་དེ་ནི་མ་རི་ཤ་ཉིད་དེ། རྒྱུ་དང་འབྲས་བུ་དབྱེར་མེད་པ་བཞིན་དུ་གྲགས་ཆེན་གྱིས་དང་། དེ་ལས་གཞན་པའི་སེམས་ཅན་རྨས་ལ་བདེ་བས་གང་བར་འདོད་པ་ལས་ཕྱག་རྒྱ་ཆན་པོ་མཆོག་ཐོབ་པར་གྱུར་ནས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གྲུབ་པ་མེད་པར་རྨི་ལམ་ལྟ་བུའི་གཟུགས་ [308b] [308b.1]ནི་ཤུགས་ཀྱིས་སྣང་བར་གྱུར་པ་ཡིན་ནོ། །ཨ་དེ་དག་ནི་ཕྱག་རྒྱ་ཆེན་པོ་དྲི་མ་དང་བྲལ་བའི་འབྲས་བུ་ངེས་པར་བསྟན་པས་ཏེ། གཉིས་པ་ལ་ལྟོས་པའི་ཕྱིར་གསུམ་པའོ། །དེ་ལྟར་བདག་དོན་ཡོངས་སུ་རྫོགས་པར་བསྟན་ནས། །ད་ནི་གཞན་དོན་ཕུན་སུམ་ཚོགས་པར་བྱ་སྟེ། ཧཱུཾ་དམ་ཚིག་ [308b.2]གི་ཕྱག་རྒྱ་ནི་ཞེས་བྱ་བ་ལ། ཧཱུཾ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡི་གེ་སྟེ། ཧ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཏེ་དེ་དག་ཡོད་པ་དང་། མེད་པ་དང་གཉིས་དང་གཉིས་མེད་པ་ལས་མི་སྐྱེ་བའི་ཕྱིར་རྒྱུ་མེད་པའོ། །ཨུ་ནི་རྟག་པ་དང་ཆད་ [308b.3]བ་དང་། བེམ་པོ་དང་། རིགས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པའི་ཚོགས་དང་བྲལ་བའོ། །ཨ་ནི་མཐའ་ཐམས་ཅད་དང་བྲལ་བ་སྟེ། བདེ་བ་ཆེན་པོའོ། །ཡེ་ཤེས་ལྔའི་ཚུལ་ཉིད་ཀྱང་ཤེས་པར་བྱའོ། །དེ་བས་ན་མར་གྱུར་པའི་ཕྱིར་བསྐྱེད་པ་དང་། སྣ་ [308b.4]ཚོགས་སུ་འཆར་བའི་ཕྱིར་སྤྲོ་བ་དང་དེ་ཉིད་ལས་གནས་པའི་ཕྱིར་བསྡུ་བ་དང་། རང་རིག་མཚན་ཉིད་ཡིན་པའི་ཕྱིར་འབྲས་བུ་དམ་ཚིག་གི་ཕྱག་རྒྱའོ། །དམ་ཚིག་ནི་སྙིང་རྗེ་ཆེན་སོ་ཀུན་ནས་བསླང་པའི་བསམ་པས་སློབ་དཔོན་ནམ་དཀོན་མཆོག་གསུམ་གྱི་སྤྱན་སྔར་གཞན་གྱི་དོན་ [308b.5]ལས་འཆེས་པ་དང་འཇིག་རྟེན་པའི་ས་ཉིད་ལ་གཞན་གྱི་དོན་དགོས་པ་དང་ཆོས་ཀྱི་ཕྱག་རྒྱ་ཉམས་སུ་མྱོང་ནས་གཞན་གྱིས་སྤྱོད་པ་ཉིད་དོ། །ཕྱག་རྒྱ་ནི་དེ་ལྟ་བུའི་སྨོན་ལམ་གྱི་སྟོབས་ཀྱིས་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷའི་འཁོར་ལོ་དང་བཅས་པ། [308b.6]མཚན་དང་དཔེ་བྱད་ཀྱིས་རབ་ཏུ་སྤྲས་ཤིང་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་སྟེ། སྐུས་ཆོས་སྟོན་པ་རྣམས་དང་། སྒྲུབ་པོ་དག་ལ་རང་གི་ལྷག་པའི་ལྷར་གནས་པ་དག་ལ་ཆོས་སྟོན་པ་དང་། མཐུན་པར་སྣང་བ་ལ་ཤཱཀྱ་སེང་གེ་ལྟ་བུ་དང་། ཐུན་མོང་དུ་སྣ་ཚོགས་སུ་ཤར་བ་ནི། གཞན་གྱི་དོན་ [308b.7]ཕུན་སུམ་ཚོགས་པའི་འབྲས་བུ་དེ། ཕྱག་རྒྱ་ཆེན་པོ་རྣམ་པར་དག་པའི་ཆོས་སྐུའི་གཅོ་བོ་ལས། སྣང་བ་ཤིན་ཏུ་དག་པ་དང་། སྣང་བ་དག་པ་དང་། སྣང་བ་ཐུན་མོང་བ་རྣམས་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རྣམ་པ་འབྱུང་བར་འགྱུར་རོ། །དེ་བས་ན་སློབ་དཔོན་དྷརྨཱ་ [309a] [309a.1]ཀཱིརྟིའི་ཞལ་སྔ་ནས། དེའི་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་སྒོམ་པ་ལས། །བསྒོམ་པའི་སྟོབས་ཀྱིས་རྫོགས་པ་དང་། བདེ་གསལ་མི་རྟོག་དགོས་པ་ཅན། །ཞེས་བྱ་བས་རྟོགས་པར་བྱའོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ཉིད་སྣང་བའི་ཕྱིར། [309a.2]རང་བཞིན་ཏེ་ཞེས་བྱ་བ་ལ། དེ་ཡང་རྣམ་མེད་རྗེས་ཐོབ་ལྟ་བུ་ནི་མ་ཡིན་ཏེ། ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་དང་། བུམ་པ་བཟང་པོ་བཞིན་ནོ། །དེ་བས་ན་འབྲས་བུ་དམ་ཚིག་གི་ཕྱག་རྒྱར་རིག་པར་བྱའོ། །སེམས་ཅན་གྱི་ཕྱིར་འདས་པའི་རྒྱུན་ཉེ་བར་བཟུང་བར་རྡོ་རྗེ་འཛིན་ [309a.3]པ་ཧེ་རུ་ཀ་ལ་སོགས་པ་ཞེས་བྱ་བ་ལ། སེམས་ཅན་གྱི་དོན་ནི་ཐེག་པ་ཆེན་པོ་རྣམས་ཀྱིས་བསྒྲུབ་བྱ་ཡིན་ལ། དེ་ཉིད་ཀྱི་ཕྱིར་སྙིང་རྗེ་དང་། སྨོན་ལམ་གྱི་ཕྱིར་འདས་པ་སྟེ། རྒྱུན་ནི་དེས་འབྲེངས་མ་ཆད་པར་ཉེ་བར་བཟུང་བས། སྒྲུབ་བྱེད་ཡིན་ལ་སྒྲུབ་པ་ལ་རྡོ་རྗེ་འཛིན་པ་ཧེ་རུ་ཀ་དང་། [309a.4]རྒྱུད་སྡེ་བཞིའི་ལྷ་ཚོགས་ལ་སོགས་པ་སྟེ། གཞན་གྱི་རྟོག་པ་དང་མཐུན་པར་འཕྲོས་པ་ནི་སྤྲོ་བ་དམ་ཚིག་གི་ཕྱག་རྒྱའོ། །རྒྱུའི་དུས་སུ་ཇི་ལྟར་བསླབ་པར་བྱ་ཞེ་ན་བསྟན་པར་བྱ་སྟེ། དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་སློབ་དཔོན་གྱི་དབང་བླངས་ཏེ་ཞེས་བྱ་བ་ནི་བཤད་འཛིན་ནོ། །དེ་དག་ [309a.5]གི་ལམ་ཇི་ལྟ་བུ་ཞེ་ན། ལྷའི་འཁོར་ལོ་ལྷའི་རྣམ་པ་ཡེ་ཤེས་ལྔའི་རང་བཞིན་ཆོ་ག་ལྔར་བརྟགས་པ་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པར་འགྱུར་པ་དང་། སྨོན་པའི་ཚུལ་དུ་བསྒོམ་པ་དེ་ [309a.6]ཡང་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་རྒྱལ་པོ་མཆོག་གོ། །རྫོགས་པའི་རིམ་པ་རྣམ་པར་བརྟག་པ་ནི། །ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་དམ་ཚིག་གི་ཕྱག་རྒྱ་བསྒོམ་པའི་སློབ་དཔོན་གྱི་ནི་བསོད་ནམས་ཆེན་པོ་བྱས་པར་འགྱུར་ [309a.7]རོ་ཞེས་བྱ་བ་ནི་བུམ་པའི་དབང་གི་ལུས་ངག་པར་བྱེད་པ་སྟེ། དམ་ཚིག་གི་ཕྱག་རྒྱ་ཉིད་ཡིན་པས། །སྤྲོས་པ་སྣ་ཚོགས་པའི་ཕྱིར་སྐལ་པ་ཐ་མ་དག་གིས་བསྒྲུབ་པར་བྱས་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་བླངས་ལ་བདག་དང་གཞན་གྲོལ་བ་དང་། དགྲོལ་བ་དང་བཅས་པ་སྟེ། [309b] [309b.1]དེ་ཡང་དང་པོར་ཕྱག་རྒྱ་ཆེན་པོར་གྱུར་པའི་ཕྱིར་སྙིང་རྗེ་དང་། སངས་རྒྱས་པའི་རྟགས་ཉིད་ཀྱི་ཕྱིར་ཁྲུས་དང་བྱུག་པ་དང་། སྐལ་པ་དང་ལྡན་པའི་ཕྱིར་ལྷའི་ང་རྒྱལ་དང་བཀྲ་ཤིས་པར་བྱ་བའི་ཕྱིར་ཚོགས་བསགས་པ་དང་། དོན་དུ་འགྱུར་བྱ་བའི་ཕྱིར་ཚད་མེད་པ་བཞི་དང་། ཆོས་ [309b.2]ཐམས་ཅད་ཀྱི་ངོ་བོ་བསྟན་པའི་སྟོང་པ་ཉིད་དང་། བར་ཆོས་ཞི་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་དང་། ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་དོ། །ཆོས་ཀྱི་དབྱིངས་ལས་སྐྱེ་བའི་ཕྱིར་ནམ་མཁའ་བྱིན་གྱིས་བརླབས་པ་དང་། རྟེན་གྱི་ཞེན་པ་བཟློག་ [309b.3]པའི་ཕྱིར་གཞལ་ཡས་ཁང་དང་གནས་ཁང་གི་ཞེན་པ་བཟློག་པའི་ཕྱིར་གདན་པདྨ་དང་། བཞོན་པའི་ཞེན་པ་བཟློག་པའི་ཕྱིར་ཉི་ཟླའི་གདན་དང་། གོས་ཀྱི་ཞེན་པ་བཟློག་པའི་ཕྱིར་གླང་པོ་ཆེ་དང་སྟག་གི་པགས་པ་དང་། རྒྱན་གྱི་ཞེན་པ་བཟློག་པའི་ཕྱིར་དུར་ཁྲོད་ཀྱི་རྒྱན་དང་། [309b.4]བྱུག་པའི་ཞེན་པ་བཟློག་པའི་ཕྱིར་ཐལ་བའི་བྱུག་པ་དང་། ལྟོས་པའི་འཇིགས་པའི་ཞེན་པ་བཟློག་པའི་ཕྱིར་གཅེས་བུའི་སྟང་སྟབས་དང་། འཁོར་གྱི་ཞེན་པ་བཟློག་པའི་ཕྱིར་ལྟའི་ཚོགས་དང་། ལུས་དག་ཡིད་ཀྱི་ཞེན་པ་བཟློག་པའི་ཕྱིར་དེ་ཉིད་གསུམ་དང་། སྐྱེ་མཆེད་ཀྱི་ཞེན་པ་ [309b.5]བཟློག་པའི་ཕྱིར་སེམས་དཔའ་དྲུག་དང་། འབྱུང་བ་ཞེན་པ་བཟློག་པའི་ཕྱིར་ལྷ་མོ་བཞི་དང་། ལུས་ཀྱི་ཞེན་པ་ཟློག་པའི་ཕྱིར་དཀྱིལ་འཁོར་དུ་བལྟ་བ་དང་། འདོད་ཆགས་དག་པའི་དོན་དུ་བདེ་ཆེན་གྱི་སྦྱོར་པ་དང་། ཞེ་སྡང་དག་པའི་དོན་དུ་ཧེ་རུ་ཀའི་སྦྱོར་བ་དང་། གཏི་མུག་ [309b.6]དག་པའི་དོན་དུ་མི་ཤེས་པའི་དོ་ཁོ་ན་ཉིད་དང་། ང་རྒྱལ་དག་པའི་དོན་དུ་སྐྱེ་བ་མེད་པའི་ཕྱིར་མྱོང་བ་དང་། ཕྲག་དོག་དག་པའི་དོན་དུ་མཉམ་པ་ལ་མ་ཡེངས་པའི་ཡེ་ཤེས་དང་། སྲོག་གཅོད་པའི་ཉེས་པ་དག་པའི་དོན་དུ་རྩ་བའི་འཁོར་ལོ་དང་། མ་བྱིན་པར་ལེན་པ་དག་པའི་དོན་དུ་རླུང་འབྱུང་ [309b.7]འཇུག་གི་གནས་དྲན་པ་དང་། མི་ཚངས་པ་སྤྱོད་པ་དག་པའི་དོན་དུ་ཕྲ་མོའི་ཐིག་ལེ་དང་། བརྫུན་དུ་སྨྲ་པ་དག་པའི་དོན་དུ་རྡོ་རྗེའི་བཟླས་པ་དང་། ཕྲ་མ་དག་པའི་དོན་དུ་བླ་མ་ལ་བསྟོད་པ་དང་། ཚིག་འཁྱལ་པ་དག་པའི་དོན་དུ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་དང་། ངག་རྩུབ་མོ་དག་ [310a] [310a.1]པའི་དོན་དུ་བཟླས་པ་དང་། ཆགས་སེམས་དག་པའི་དོན་དུ་སེམས་ལ་ལྟ་བ་དང་། གནོད་སེམས་དག་པའི་དོན་དུ་ཡུལ་ལ་ལྟ་བ་དང་། ལོག་ལྟ་དག་པའི་དོན་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་། སེར་སྣ་དག་པའི་དོན་དུ་མ་ཆགས་པ་དང་། འཆལ་པ་ [310a.2]དག་པའི་དོན་དུ་བློ་རླབས་པོ་ཆེ་དང་མི་འབྲལ་བ་དང་། ཁོང་ཁྲོ་བདག་པའི་དོན་དུ་ཀུན་ལ་རང་གི་ལྷར་ལྟ་བ་དང་། ལེ་ལོ་དག་པའི་དོན་དུ་ཐོབ་པར་དཀའ་བའི་འཆི་བར་མྱུར་བ་ལྟ་བ་དང་། གཡེང་བ་དག་པའི་དོན་དུ་མགོ་ན་པོ་བསྟེན་པ་དང་། མཚན་མའི་རྣམ་པར་རྟོག་པ་དག་པའི་ [310a.3]དོན་དུ་གང་དང་གང་དུ་སྐྱེ་པ་དེ་དང་དེ་ལ་དཔྱད་པར་བྱ་བ་དང་། ཟས་ཀྱི་ཞེན་པ་བཟློག་པའི་ཕྱིར་བདུད་རྩི་རྣམ་པ་ལྔ་བསྟེན་པ་དང་ཚོགས་སུ་གྱུར་པར་ཡང་བྱ་སྟེ། མི་མཐུན་པ་དག་པར་བྱ་བའི་དོན་དུ་བརྡའི་རབ་ཏུ་དབྱེ་བ་ལ་མཁས་པར་བྱའོ། །དེ་ལས་ཁྱད་པར་གྱི་དོན་ནི་ [310a.4]ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་བསྐྱེད་པའི་རིམ་པ་དང་། མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་དང་། ལྷ་ཉེ་བར་བྱ་བའི་བཟླས་པ་དང་ལས་ཉེ་བར་འགྲུབ་པར་བྱ་བའི་ཕྱིར་གཏོར་མ་དང་། བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་ལ་ [310a.5]སོགས་པར་བྱ་བའི་ཕྱིར་ཚོགས་ཀྱི་འཁོར་ལོ་དང་། དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་སྦྱིན་སྲེག་དང་། བླ་མ་མཉེས་པར་བྱ་བའི་ཕྱིར་མཎྜལ་དང་། བཀྲ་ཤིས་པར་བྱའི་ཕྱིར་ཆོད་པ་དང་། བར་ཆད་བཟློག་པར་བྱ་བའི་ཕྱིར་མཆོད་རྟེན་གྱི་ལས་དང་ཤེས་པ་དང་བྲལ་ [310a.6]བར་བྱ་བའི་ཕྱིར་གླེགས་བམ་བཀླགས་པ་དང་། སློབ་མ་བསྡུ་བར་བྱའི་ཕྱིར་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་དང་། བྱ་བའི་ཆ་ལ་མཁས་པར་བྱ་བའི་ཕྱིར་རྒྱུད་ལ་སོགས་པར་བལྟ་བ་སྟེ། དེ་དག་ཐམས་ཅད་བདག་ལ་ལྟོས་པས་གཞན་གསལ་ [310a.7]བར་བྱ་བ་ཡིན་གྱི་བདག་དག་པར་བྱ་བ་ལ་ནི་ལྷའི་འཁོར་ལོ་ལ་ལྷའི་འཁོར་ལོའི་རྣམ་པ་ཕུང་པོ་ལྔ་ལ་རིགས་ལྔའི་རྒྱས་གདབ་པར་བྱས་ཏེ། གཟུགས་ནི་རྣམ་པར་སྣང་མཛད་དོ། །ཚོར་བ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ནི་སྣང་བ་མཐའ་ཡས་སོ། །འདུ་བྱེད་ནི་དོན་ཡོད་གྲུབ་པའོ། །རྣམ་ [310b] [310b.1]པ་ནི་རྡོ་རྗེ་མི་བསྐྱོད་པའོ། །དེ་ཡང་ཡེ་ཤེས་ལྔའི་རྣག་བཞིན་ཏེ། སྣ་ཚོགས་སུ་ཤར་བ་ནི་མེ་ལོང་ལྟ་བུ་དང་། རང་གི་ངོ་བོ་མཉམ་པ་ཉིད་དང་། རིགས་ལྔར་སྣང་བས་སོ་སོར་རྟོག་པ་དང་། ཕྲིན་ལས་ཀྱི་སྒོ་ནས་བྱ་བ་ནན་ཏན་དང་། སྒྲོ་སྐུར་དང་བྲལ་བའི་སྒོ་ནས་ཆོས་ཀྱི་དབྱིངས་སུ་ [310b.2]རྟོགས་པར་བྱས་ལ། དེ་ལ་མི་བསྐྱོད་པ་དང་། །རྡོ་རྗེ་འཆང་གི་བཤད་པ་ཁོ་ནར་ཟད་དོ། །ཆོ་ག་ལྔར་བྲགས་པ་ནི་མངོན་པར་བྱང་ཆུབ་པ་ལྔ་སྟེ། ཉི་མ་དང་ཟླ་བ་དག་ལ་ཨཱ་ལི་ཀཱ་ལིས་བརྒྱན་པ་དང་། རོ་མཉམ་པའི་གོང་བུ་དང་། ཐུགས་ཀྱི་ཡི་གེ་དང་། རྡོ་རྗེ་རྩེ་ལྔ་པ་དང་། [310b.3]སྐུ་ཡོངས་སུ་རྫོགས་པ་རྣམས་ལ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། སེམས་སོ་སོར་རྟོག་པ་དང་། གསུང་རྣམ་པར་དག་པ་དང་། ཐུགས་ཟད་མི་ཤེས་པ་དང་། སྐུ་འཁོར་ལོ་དམ་པའི་བྱང་ཆུབ་པའི་བདག་ཉིད་ཅན་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་ [310b.4]རྟོག་པ་དང་། བྱ་བ་ནན་ཏན་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་སྐྱར་བར་བྱའོ། །རྣམ་པར་དག་པར་འགྱུར་པ་ནི་མེ་ཏོག་ལས་འབྲས་བུ་འབྱུང་བའོ། །རྣོན་པོའི་ཚུལ་ནི་རྩེ་གཅིག་པ་སྟེ། སློབ་དཔོན་དག་གི་འདོད་པའོ། །དེ་ལྟ་བུ་ཉིད་དུ་བསྒོམ་པ་དེ་ཡང་རིགས་ཏེ། ཕུང་པོ་ [310b.5]ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མ་ཆེན་འདི་དག་ཀྱང་། །མཁའ་འགྲོ་མ་ཡི་དཀྱིལ་འཁོར་ཉིད། །ཅེས་བྱ་བས་སོ། །ཡང་སྦྱོར་བ་དང་པོ་ནི་རྣལ་འབྱོར་དང་རྗེས་ཐོབ་ཀྱི་རྣལ་འབྱོར་རོ། །དཀྱིལ་ཁོར་རྒྱལ་པོ་མཆོག་ནི་ཤིན་ཏུ་རྣལ་འབྱོར་རོ། །ལས་ [310b.6]རྒྱལ་པོ་མཆོག་ནི་ཤིན་ཏུ་རྣལ་འབྱོར་ཆེན་པོའོ། །དེ་ལྟ་བུའི་ལམ་དེ་དག་ཀྱང་འདི་ལྟར་ཤེས་པར་བྱ་སྟེ། གྲོགས་དག་ཆུ་ཡི་ཟླ་བ་ནི། །བདེན་པ་མ་ཡིན་བརྫུན་མ་ཡིན། །དེ་བཞིན་དཀྱིལ་འཁོར་འཁོར་ལོ་ཡང་། རང་བཞིན་མེད་ལུས་གསལ་བ་ཉིད། །ཅེས་བྱ་བ་གསུང་རབ་ལས་སོ། ། [310b.7]དེ་དག་ནི་ཤིན་ཏུ་བརྟགས་པའི་ཕྱིར་བསྐྱེད་པའི་རི་པའོ། །ད་ནི་ཡོད་པ་གསལ་བར་བྱེད་པ་བསྟན་པར་བྱ་སྟེ། རྫོགས་པ་ནི་རང་ལའོ། །རིམ་པ་ནི་འཁོར་ལོ་བཞིའི་རིམ་པའོ། །རྣམ་པར་བརྟག་པ་ནི་ཨེ་བཾ་མ་ཡའོ། །ཐིག་ལེ་ནི་བྱང་ཆུབ་སེམས་ཀྱི་ཁུ་བ་སྟེ། ཁ་དོག་དང་དབྱིབས་ [311a] [311a.1]སོ། །བདེ་བ་དང་ཡིད་ཐ་མི་དད་པར་བྱེད་པ་ནི་རྣལ་འབྱོར་རོ། །ཕྲ་མོ་ནི་རླུང་དང་རྩེའོ། །རྩ་ནི་འཁོར་ལོ་རྣམ་བཞིའོ། །དེ་དག་ཡིད་སྦྱོར་བ་བྱེད་པ་ནི་རྣལ་འབྱོར་ཏེ། སྤྲོས་པའི་མཐའ་དང་བྲལ་བའི་ཕྱིར་དམ་ཚིག་གི་ཕྱག་རྒྱའོ། །བསྒོམ་པ་ནི་དམིགས་པའོ། །སློབ་ [311a.2]དཔོན་ནི་དབང་གི་རྣམ་པར་ཕྱེད་པའི་གཞན་གྱི་དོན་ནོ། །སྒྲུབ་པ་པོ་དེ་ཉོན་མོངས་པ་བཅོམ་པའི་ཕྱིར་བསོད་ནམས་ཆེན་པོ་བྱས་པར་འགྱུར་རོ། །མཆོག་གི་འབྲས་བུ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡང་ཆོས་ཀྱི་ཕྱག་རྒྱའི་བདག་ཉིད་དང་། འབྲས་བུ་རྟོགས་པར་མི་འགྱུར་ཏེ། ངེས་པའི་རྒྱུ་ལས་ [311a.3]ངེས་པའི་འབྲས་བུ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ་ཞེས་བྱ་བ་ལ། བསོད་ནམས་ཀྱིས་ཉོན་མོངས་པའི་སྒྲིབ་པ་དག་པར་བྱེད་པ་དེ་ལྟར་ཡིན་ཡང་། ཆོས་ཀྱི་ཕྱག་རྒྱ་བདེ་སྟོང་སྤྱིའི་རྣམ་པའི་བདག་ཉིད་དང་། འབྲས་བུ་ཕྱག་རྒྱ་ཆེན་པོ་བདེ་སྟོང་རང་གི་མཚན་ཉིད་རྟོགས་པར་མི་འགྱུར་ཏེ། དེ་ཅིའི་ [311a.4]ཕྱིར་ཞེ་ན། དམ་ཚིག་གི་ཕྱག་རྒྱ་སྤྲོས་པ་སྣ་ཚོགས་པ་རྟོགས་པ་ཅན་གྱི་སྤྱོད་ཡུལ་ཞེན་པ་དང་བཅས་པ་འཁོར་བའི་རྒྱུ་དེ་བཅོས་མའོ། །དེ་བས་ན་ངེས་པ་མ་བཅོས་པའི་རྒྱུ་ལས་ངེས་པའི་འབྲས་བུ་རྟོགས་པར་འགྱུར་རོ་ཞེས་གསུངས་པས་སོ། །གལ་ཏེ་བཅོས་མ་ཡིན་པའི་ཕྱིར་ལམ་ཙམ་ [311a.5]དུ་ཡང་མི་རིགས་སོ་ཞེ་ན། བྱིས་པ་བློ་ཆུང་རྣམས་ཀྱི་ནི། །བདག་མེད་ལ་སོགས་གོ་བྱའི་ཕྱིར། །དགེ་བཤེས་དམ་པ་མཆོག་བསྟེན་ནས། །རིམ་པར་དེ་བཞིན་བསྟན་པར་བྱ། །ཞེས་བྱ་བའི་ཕྱིར་དང་གསུང་རབ་ལས། འདི་དག་ཐམས་ཅད་སེམས་ཅམ་དུ། །ཐུབ་པས་གང་ཞིག་ [311a.6]གསུངས་པ་རྣམས། །བྱིས་པ་སྐྲག་པ་སྤང་པའི་ཕྱིར། །གསུངས་ཀྱི་དེ་བཞིན་ཉིད་དུ་མིན། །ཞེས་འབྱུང་བ་ཉིད་ཀྱིས་ད་བས་ན་དོན་དམ་པ་རང་བཞིན་མེད་པ་ཉིད་དེ། བསྐྱེད་པ་དམ་ཚིག་གི་ཕྱག་རྒྱའོ། །འདིས་ནི་དངོས་པོ་རྣམས་ནི་དེ་ཁོ་ན་ཉིད་བསྟན་པའོ། །དངོས་པོ་དེ་ཁོ་ན་ཉིད་ [311a.7]དུ་ཇི་ལྟར་བསྡུ་ཞེ་ན། བསྟན་པར་བྱ་སྟེ། དེའི་རྣལ་འབྱོར་པ་དག་གིས་གང་བྱིས་པ་རྣམས་ཀྱིས་བརྟགས་པའི་བརྟན་གཡོའི་དངོས་པོ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཉམས་སུ་མྱོང་བའི་ལམ་གྱི་རྟོག་པ་དང་རོ་གཉིས་སུ་མེད་པས་དེ་ཉིད་དུ་ཕུག་སྟེ། ཐ་མི་དད་པ་དེ་ཉིད་བྱང་ཆུབ་བླ་ན་ [311b] [311b.1]མེད་པའི་གསེར་དུ་གྱུར་པའོ། །དེས་ནི་འཇིག་རྟེན་གསུམ་གྱི་འཁོར་ལོར་ཡང་དག་པར་བསྒོམ་པར་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་དང་། དེ་ཉིད་ཉམས་སུ་མྱོང་བ་ལམ་གྱི་རྟོགས་པ་དང་། སྒྲོ་སྐུར་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་འགྱུར་ [311b.2]རོ། །མངོན་པར་རྙེད་པའི་དངོས་གྲུབ་མཆོག་བསྒོམས་པས་འཐོབ་པོ་ཞེས་བྱ་བ་ལ། གང་དེ་ཁོ་ན་ཉིད་ལ་རྨོངས་པ་ནི་བྱིས་པ་སྟེ། དེ་ལྟ་བུ་རྣམས་ཀྱིས་ཐ་སྙད་དུ་བརྟགས་པའི་རིག་པ་བག་ཆགས་རབ་ཏུ་སྟུག་པོ་ལས། རྣམ་པར་རྟོག་པའི་དབང་གིས་བརྟན་པ་དང་། གཡོ་བའི་ [311b.3]དངོས་པོ་ཐམས་ཅད་ལ་མངོན་ཞེན་དུ་བལྟས་པས་སྡུག་བསྔལ་དུ་གྱུར་པ་ལ་དཔེའི་ལྷན་ཅིག་སྐྱེས་པའི་ལས་བྱ་བའི་ཕྱག་རྒྱ་ཉམས་སུ་མྱོང་བའི་རོ་ཆོས་ཀྱི་ཕྱག་རྒྱ་ལྷན་ཅིག་སྐྱེས་པའི་གཉིས་སུ་མེད་པས་རྟག་པ་ཐམས་ཅད་དེ་ཉིད་དུ་ཕུག་སྟེ། སྤང་བྱ་དང་བླང་བྱ་ཐ་མི་དད་ན་དཔེར་ན་ [311b.4]གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་འགྱུར་བ་བཞིན་དུ་དངོས་པོ་དེ་ཉིད་བྱང་ཆུབ་བླ་ན་མེད་པའི་གསེར་དུ་གྱུར་པའོ། །ལས་འདིས་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འཇིག་རྟེན་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་གསུམ་གྱིས་འཁོར་ལོ་དབྱེར་མི་ [311b.5]ཕྱེད་པར་ཡང་དག་པར་བསྒོམ་པར་འགྱུར་ཏེ། རྟོགས་པའི་དུས་དེ་ཉིད་ནི་དཔེའི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། དེས་མཚོན་པའི་ཡེ་ཤེས་དེ་དག་ཉམས་སུ་མྱོང་བ་དོན་ལམ་གྱི་རྟོག་པ་དང་སྒྲོ་སྐུར་དང་བྲལ་བའི་ཕྱག་རྒྱ་ཆེན་པོའི་འབྲས་བུའི་རྣམ་བསམ་གྱིས་མི་ཁྱབ་པའི་ [311b.6]བདག་ཉིད་དུ་གྱུར་པ་སྟེ། དེ་དག་གིས་རྟོགས་པ་དེ་དག་སྔོན་སྙིང་པོ་དོན་གྱི་སངས་རྒྱས་སུ་འགྱུར་ཏེ། མ་འོངས་པ་རྣམས་སུ་འགྱུར་རོ། །དེ་ལྟར་མངོན་པར་རྙེད་པའི་དངོས་གྲུབ་མཆོག་གང་གིས་བསྒོམས་པས་འཐོབ་པོ། །དེ་དག་ངེས་པར་གྲུབ་པར་ནུས་སམ་ཞེ་ན། [311b.7]བསྟན་པར་བྱ་སྟེ། དེ་བས་ན་གསུང་རབ་ལས། འདི་ནི་གཞལ་ཡས་ཁང་མིན་ལས་མིན་དབང་པོ་མིན་ཏེ་འབྱུང་བ་ལ་སོགས་མིན། །གཟུགས་ལ་སོགས་པ་མ་ཡིན་སྲོག་ཆགས་མིན་ཞིང་མི་དང་གཞན་མ་ཡིན་ཏེ་རྫོགས་སངས་རྒྱས། །འཁོར་ལོའི་གཙོ་བོ་དག་ [312a] [312a.1]ནི་ཆོས་སྐུ་ཡིན་ཏེ་དཀྱིལ་འཁོར་པ་དང་ལྷ་དག་དང་། །ཁམས་གསུམ་འདི་དག་ཐམས་ཅད་སྣ་ཚོགས་མ་ཡིན་འཁོར་ལོར་རྟོགས་ན་ཇི་ལྟར་འཁྲུལ་པར་བྱེད། །ཅེས་བྱ་བ་ལ་བརྟགས་པ་འདི་ནི་གཞལ་ཡས་ཁང་སྟེ། བདེ་བ་ཆེན་པོ་ཉིད་གཞལ་ཡས་ཁང་ [312a.2]དུ་ཤར་བའི་ཕྱིར། གཞལ་ཡས་ཁང་རྟོག་པས་ཕྱག་རྒྱ་ཆེན་པོར་རིག་པར་བྱ་སྟེ། གཞལ་ཡས་ཁང་གསལ་བར་བྱ་བའམ། བདེ་ཆེན་གྲུབ་པར་བྱ་བ་ནི་མེད་དོ། །བདག་དང་གཞན་གྱི་ལུས་ཀྱང་དེ་བཞིན་ཏེ་མིན་ནོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་རྣམས་ [312a.3]ཀྱང་དབང་པོ་གཞན་མིན་ཏེ་གོང་བཞིན་ནོ། །འབྱུང་བ་ས་དང་ཆུ་དང་མེ་དང་རླུང་དང་དེ་དག་ལ་སོགས་པ་ནི་རྟེན་འབྲེལ་བཅུ་གཉིས་ཏེ་གཞན་མིན་ནོ། །གཟུགས་ལ་སོགས་པ་ནི་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ། དེ་དག་ཀྱང་གཞན་མ་ཡིན་ནོ། །སྲོག་གི་རླུང་དང་བཅས་པ་བདེ་ [312a.4]སྡུག་དང་བཅས་པ་སྐྱེ་ཤི་དང་བཅས་པ་སྟེ། དེ་ལ་སྲོག་ཆགས་ཞེས་བྱ་བ་ལ། །དེ་ཡང་གཞན་མིན་ཞིང་མི་དང་དེ་ལས་གཞན་པ་ལྷ་དང་ལྷ་མ་ཡིན་དང་དུད་འགྲོ་དང་ཡི་དྭགས་དང་དམྱལ་བ་རྣམས་ཀྱང་གཞན་མ་ཡིན་ཏེ་དེ་ཉིད་ལས་གཞན་པ་དང་དེ་ཉིད་སྦྱར་བ་ནི་དེ་དང་བྲལ་བའི་ [312a.5]ཕྱིར་གདོད་མ་ནས་རྫོགས་པའི་སངས་རྒྱས་སོ། །ལྷའི་འཁོར་ལོ་དཀྱིལ་འཁོར་གྱི་གཙོ་བོ་རྣལ་འབྱོར་པ་བདག་ཉིད་ཀྱང་ཆོས་ཀྱི་སྐུ་ཡིན་ཏེ། དེ་བས་ན་རྟེན་གྱི་དཀྱིལ་འཁོར་དང་སྒྲུབ་པ་པོ་དང་། ལྷ་དག་དང་ཁམས་གསུམ་འདི་དག་ཐམས་ཅད་དང་། སྣ་ཚོགས་སུ་སྣང་ [312a.6]བ་དེ་དག་གཞན་མ་ཡིན་ཏེ། གཉིས་མེད་ཀྱི་འཁོར་ལོར་རྟོགས་ན་ཇི་ལྟར་ཡང་གཞན་མེད་པའི་ཕྱིར་འཁྲུལ་པར་བྱེད་པ་མེད་ཅིང་འཁྲུལ་བར་ཡང་མ་འགྱུར་ན། འཁྲུལ་པ་ལས་གཞན་མ་ཡིན་ཞིང་འཁྲུལ་བར་མི་འགྱུར་བར་ཡང་ཕྱག་རྒྱ་ཆེན་པོ་ལ་སྙེགས་ལ། མར་ལས་ཀྱི་ཕྱག་རྒྱ་ལ་སྙེགས་ཏེ། [312a.7]དེ་ཡང་ཇི་ལྟར་སྙེགས་ཏེ། ཕྱག་རྒྱ་ཆེན་པོ་མ་བཅོས་པ་བཞིན་ཆོས་རྒྱ་ཡང་མ་བཅོས་པས་ཡར་སྙེགས་ལ་ལས་རྒྱ་ལ་དགའ་བ་བཞི་ཡོད་པ་བཞིན་དུ་ཆོས་རྒྱ་ལ་ཡང་དགའ་བ་བཞི་ཡོད་པར་མར་སྙེགས་སོ། །གཞན་ཡང་གསང་སྔགས་ཀྱི་ལུས་ཀྱིས་བླ་མའི་ངག་སྔོན་དུ་སོང་བས་ [312b] [312b.1]དངོས་གྲུབ་རྣམ་པ་གཉིས་འབྱུང་བ་ཡིན་པས་བླ་མའི་གདམས་ངག་སྔོན་དུ་འགྲོ་དགོས་པས་ཆོས་རྒྱ་གཏན་ལ་དབབ་པར་རིགས་ཏེ། །དེ་ཡང་། །ལས་ཀྱི་ཕྱག་རྒྱ་ལུས་ལ་སྟེ། །ཆོས་ཀྱི་ཕྱག་རྒྱ་ངག་ལའོ། །ཕྱག་རྒྱ་ཆེན་པོ་ཡིད་ལ་སྟེ། །དམ་ཚིག་ཕྱག་རྒྱ་ཀུན་ལ་འགྲོ། །ཞེས་ [312b.2]བྱ་བས་ཀྱང་ཤེས་པར་བྱའོ། །དེ་ལ་འདི་ལྟར་སྟེ། བརྗོད་པར་བྱ་བ་དང་། སྐབས་སུ་བབ་པའི་ཚིག་དང་། ངོ་བོ་དང་མཚན་ཉིད་དང་། ཕན་ཡོན་ནོ། །དེ་ལ་བརྗོད་པར་བྱ་བ་ནི། །བདེ་སྟོང་སྤྱིའི་རྣམ་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ལ་ལྟོས་པས་སྤྱིའི་རྣམ་པས་ཆེན་པོ་ནི་རང་ [312b.3]གི་མཚན་ཉིད་དོ། །སྐབས་སུ་བབ་པའི་ཚིག་ནི་ཨེ་བཾ་སྟེ། དབྱངས་ཀྱི་ཡི་གེ་དང་གསལ་བྱེད་ཀྱི་ཡི་གེའོ། །དེ་ཡང་རབ་ཏུ་མི་གནས་པ་ལ། །བྱིན་རླབས་བླ་མའི་ངག་ཆེན་པོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གྲགས་ཀྱི་རྩ་བ་དང་། །ཡི་གེ་ཕ་མ་གཉིས་ཡིན་ [312b.4]ཏེ། །ཀུན་གྱི་ཡང་ནི་གཞིར་གྱུར་པའོ། །ཞེས་པས་རྒྱུད་སྡེ་ལྔ་ལ་སོགས་པ་ཇི་ལྟར་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་དབྱངས་དང་གསལ་བྱེད་གཉིས་སུ་འདུས་དེ་ཡང་ཨེ་བཾ་གཉིས་སུ་འདུས་སོ། །ངོ་བོ་ནི་བླ་མའི་གདམས་ངག་སྒྲའི་རང་བཞིན་བརྗོད་པས། སློབ་མའི་བློ་ལ་ [312b.5]བརྗོད་བྱ་དོན་སྤྱིའི་རྣམ་པར་བདེ་སྟོང་དུ་ཤར་པའོ། །མཚན་ཉིད་ནི་སྣང་སྟོང་གཉིས་སུ་མེད་པ་སྟེ། དེ་ཡང་སྣང་བ་ཤར་བའི་མཚན་ཉིད་དུ་སྟོང་བ་བྱུང་ལ། སྟོང་པ་རྟོགས་པར་བྱེད་པའི་མཚན་ཉིད་དུ་སྣང་བ་བྱུང་སྟེ་དེ་ཡང་། སྟོང་པ་བཅོམ་ལྡན་འདས་སུ་བཤད། །ཅེས་པ་དང་། ཡང་། སྣ་ [312b.6]ཚོགས་སྣང་བའི་ཆོས་རྣམས་ལ། །སྐྱེ་བ་མེད་པ་ཉིད་གནས་པ། །སྟོང་པ་སྣང་བ་མཚན་ཉིད་གཅིག །ཅེས་པས་སོ། །ཕན་ཡོན་ལ་གཉིས་ཏེ་དོན་ཆེ་བ་དང་། ཕན་ཡོན་ཆེ་བའོ། །དོན་ཆེ་བ་ནི་བླ་མའི་གདམས་ངག་སྒྲའི་སྟོབས་ལས་སློབ་མའི་བློ་ལ་རྟོགས་པ་ཤར་བ་ནི་སྐད་ཅིག་མས་བསྡུས་ [312b.7]པའི་དགའ་བ་བཞི་སྐྱེ་སྟེ། དེ་ཡང་སྣང་བ་སྣ་ཚོགས་སུ་ཤར་བ་དགའ་བ་དེ་ལྟར་ཤར་བ་ཡང་ལྷན་ཅིག་སྐྱེས་པ་ཡིན་སྙམ་པ་མཆོག་དགའ་ལྷན་སྐྱེས་ཡིན་པར་ཡིད་ཆེས་པ་ལྷན་ཅིག་སྐྱེས་པའི་དགའ་བ། རྗེས་ལ་རགས་སྣང་དུ་ཤར་བ་དགའ་བྲལ་ལོ། །དེ་ལྟར་ཆོས་ [313a] [313a.1]ཐམས་ཅད་ལ་ལྷན་ཅིག་སྐྱེས་པས་རྒྱས་གདབ་ཀྱིན་བསྒོམ་པས་རང་གི་དོན་དུ་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི་དོན་ཆེ་བའོ། །དེ་ནས་སེམས་ཅན་གྱི་དོན་གྱི་སྨོན་ལམ་གྱི་དབང་གིས་གཟུགས་སྐུ་གཉིས་སེམས་ཅན་གྱི་སྣང་བ་བདག་པ་དང་མ་དག་པའི་བྱེ་བྲག་ [313a.2]གིས་ལོངས་སྐུ་དང་སྤྲུལ་སྐུ་སྣང་བ་ནི་ཕན་ཡོན་ཆེ་བའོ། །དེ་ལྟ་བུ་ལ་འཇུག་པར་མི་ནུས་པ་ལ། ལམ་གྱི་ཕྱག་རྒྱ་བསྟན་པ་ལ་བཞི་སྟེ། ཆོས་འབྱུང་དུ་གཞག་པའི་རྒྱུ་མཚན་དང་། དེ་ཉིད་དཔེའི་ཡེ་ཤེས་སུ་རིག་པ་དང་། དམན་དྲག་གཉིས་སུན་བཏོན་པ་ཡང་དག་པའི་ཡེ་ཤེས་ [313a.3]དཔེའི་ཡེ་ཤེས་སུ་རིག་པ་དང་། འཕེལ་བར་བྱེད་པ་འབྲེལ་པའི་ཚུལ་གྱིས་ཉམས་སུ་བླངས་པའོ། །དེ་ལ་ཆོས་འབྱུང་དུ་གཞག་པ་ནི་རྟོགས་ཤིང་བླ་མའི་གདམས་ངག་གིས་ཟིན་ན་མྱ་ངན་ལས་འདས་པ་འབྱུང་བ་སྟེ། ཨེ་ཡི་ཆ་བྱད་བཟང་པོ་ལ། །དབུས་སུ་བཾ་གྱིས་རྣམ་པར་ [313a.4]བརྒྱན། །བདེ་བ་ཐམས་ཅད་སྐྱེད་པའི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་པས་སོ། །མ་རྟོགས་ཤིང་བླ་མའི་གདམས་ངག་གིས་མ་ཟིན་ན་འཁོར་བ་འབྱུང་སྟེ། དེ་ཡང་། ཡི་གེ་ཨེ་ནི་མར་གྱུར་ལ། །བཾ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེ་ནི་བྱང་ཆུབ་ [313a.5]སེམས། །དེ་ལས་སྲིད་པ་ཐམས་ཅད་སྐྱེས། །ཞེས་འབྱུང་བའི་ཕྱིར་ཆོས་འབྱུང་དུ་རིགས་སོ། །དེ་ཉིད་དཔེའི་ཡེ་ཤེས་སུ་རིགས་ཏེ། ཆོས་ཀྱི་ཕྱག་རྒྱ་ལ་དགའ་བ་བཞི་ཡོད་པ་བཞིན་དུ་ལས་ཀྱི་ཕྱག་རྒྱ་ལ་ཡང་དགའ་བ་བཞི་ནཱ་ད་བས་སོ། །དེ་ཡང་དཔེར་ན་ཆུའི་ཟླ་བས་ནམ་མཁའི་ཟླ་བ་ [313a.6]མཚོན་ནུས་པ་བཞིན་དུ། མཚོན་བྱེད་དཔེའི་ལྷན་ཅིག་སྐྱེས་པ་ནི་ཉམས་སུ་མྱོང་ལ། མཚོན་བྱ་དོན་གྱི་ལྷན་ཅིག་སྐྱེས་པ་ནི་མཚོན་པར་ནུས་ལ་དངོས་ནི་མ་ཡིན་ཏེ། འདྲ་བའི་ཕྱིར་ན་དཔེར་རིགས་སོ། །དེ་ཡང་། དོན་གྱིས་འདྲ་བ་གང་ཡིན་པ། །དཔེ་དག་ལ་ནི་བརྟེན་པར་འགྱུར། ། [313a.7]ཞེས་པས་སོ། །དམན་དྲག་གཉིས་སུན་ཕྱུང་བ་ཡང་དག་པའི་དབང་བསྐུར་བ་དཔེར་གཞག་པར་བྱ་སྟེ། དེ་ཡང་དྲག་པོའི་དབང་ནི། གོ་རིམས་དང་གནས་དང་རྟོགས་པ་གསུམ་ལས་འཁྲུལ་ཏེ། དེ་ཡང་གོ་རིམས་ལ་འཁྲུལ་པ་ནི། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་དང་། ལྷན་ཅིག་ [313b] [313b.1]སྐྱེས་པའི་དགའ་བ་མཐར་འདོད་ལ་རྣམ་པར་ཉེད་པའི་སྐད་ཅིག་མ་དང་། དགའ་བྲལ་གྱི་ཡེ་ཤེས་གསུམ་པར་འདོད་དོ། །གནས་ལ་འཁྲུལ་པ་ནི་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པ་ལ་ལྷན་ཅིག་སྐྱེས་པ་ངོས་འཛིན་པས་འཁྲུལ་ལོ། །རྟོགས་པ་ལ་འཁྲུལ་པ་ནི་རྡོ་རྗེ་ནོར་བུ་ལ་ [313b.2]བྱང་ཆུབ་སེམས་ཀྱིས་ཁྱབ་པ་ནི་མཆོག་དགའི་ཡེ་ཤེས་ཏེ་རང་གི་བ་ཙམ་རྟོགས་པ་སྟེ་དེ་ལ་དངོས་པོའི་གཤིས་ཡིན་ཟེར་བས་འཁྲུལ་ལོ། །དབང་བསྐུར་ངེས་པ་ནི་གོ་རིམས་མི་འཁྲུལ་ཡང་གནས་དང་རྟོགས་པ་ལས་འཁྲུལ་ཏེ་རྟོགས་པ་ནི་ནོར་བུའི་ནང་དུ་བྱང་སེམས་ཀྱིས་ཁྱབ་པ་ལ་ [313b.3]དངོས་པོའི་གཤིས་རྟོགས་པར་འདོད་པའོ། །གནས་ནི་རྡོ་རྗེ་བུམ་པ་ལ་ཁྱབ་པ་ལ་ངོས་འཛིན་པས་སོ། །དེས་ན་དེ་གཉིས་ནི་དཔེར་མི་རིགས་སོ། །ཡང་དག་པའི་དབང་དཔེའི་ཡེ་ཤེས་སུ་གཞག་པ་ནི་བྱང་ཆུབ་ཀྱི་སེམས་མ་ནོར་བ་སྟེ། དང་པོའོ་བྱེད་འཁྱུད་པ་ནས་བརྩམས་ནས་རྡོ་ [313b.4]རྗེའི་མགྲིན་པ་མན་ཆད་དུ་ཁྱབ་པ་ལ་དགའ་བ་ནོར་བུའི་ནང་དུ་ཁྱབ་པ་ལ་མཆོག་དགའ། གཉིས་ཤོར་གཉིས་གནས་པར་དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། གཉིས་ཤོར་བས་འདོད་ཆགས་ཀྱི་དད་ཡལ། གཉིས་གནས་པ་དེ་ལ་རིགས་ཀྱི་བདག་པོའི་ཁ་ན་གནས་པ་དེ་ནི་རྡོ་རྗེ་འཆང་གི་ཐིག་ལེ་སྟོང་པ་མཛེས་པའི་སྤྱི་བོ་ན་ [313b.5]གནས་པ་དེ་ནི་མི་བསྐྱོད་པའི་ཐིག་ལེ་སྟེ་བདེ་བ། དེ་གཉིས་ཀྱང་རྒྱུ་འབྲས་སུ་བྱས་ནས་རྡོ་རྗེ་འཆང་གི་ཐིག་ལེ་དེས་ནི་རང་བཞིན་མེད་པར་བྱས་པས་རྟག་པའི་མཐའ་བསལ། མི་བསྐྱོད་པའི་ཐིག་ལེས་རྡོ་རྗེ་འཆང་གི་ཐིག་ལེ་རྒྱས་བཏབ་པས་རང་བཞིན་མེད་པ་ཉམས་སུ་མྱོང་བར་བྱ་སྟེ་ [313b.6]ཆད་པའི་མཐའ་བསལ་ལོ། །རྟག་ཆང་གཉིས་ལས་འདས་པ་སྟེ་ལྷན་ཅིག་སྐྱེས་པའོ། །དེ་ཡང་། རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །འདི་ནི་བདེ་ཆེན་རྒྱལ་པོ་ཡིན། །ཞེས་པ་དང་། གཞན་ཡང་རབ་ཏུ་མི་གནས་པ་ལས། །ལྷན་ [313b.7]ཅིག་སྐྱེས་དགའི་རང་བཞིན་ནི། །མཆོག་དགའི་མཐའ་དང་དགའ་བྲལ་གོང་། །འབྲས་བུ་གང་ཞིག་རིགས་འགྱུར་བ། །མི་བསྐྱོད་རྡོ་རྗེ་ལས་ལྟུང་ཞིང་། །རྡོ་རྗེ་འཆང་ཆེན་པདྨར་རེག །རྒྱུ་ལ་འབྲས་བུས་རྒྱས་བཏབ་པས། །རིག་བྱེད་མཐའ་ཡི་འདོད་པ་དགག །འབྲས་ [314a] [314a.1]བུ་ལ་ཡང་རྒྱུས་རྒྱས་བཏབ། །གསང་བར་སྨྲ་བའི་འདོད་པ་དགག །གཉིས་ལ་གཉིས་མེད་རྒྱས་བཏབ་པས། །ལ་བ་ཅན་གྱི་འདོད་པ་དགག །ཅེས་གསུངས་པས་སོ། །འཕེལ་བར་བྱེད་པ་འབྲེལ་པའི་ཚུལ་གྱིས་ཉམས་སུ་བླངས་པ་ནི། དགའ་ [314a.2]བྲལ་གྱིས་ལྷན་ཅིག་སྐྱེས་པ་ལ་སྤྱད་པས་དགའ་བ་གསུམ་ལྷན་ཅིག་སྐྱེས་པར་འགྱུར་ཏེ། དེ་ཡང་། ཆོས་རྣམས་ཀུན་གྱི་ངོ་བོ་ནི། །ལྷན་ཅིག་སྐྱེས་པར་བསྒོམ་པར་བྱ། །ཞེས་པས་སོ། །དེ་ལྟ་བུ་ལ་འཇུག་པར་མི་ནུས་པའི་གང་ཟག་གིས་དམ་ཚིག་གི་ཕྱག་རྒྱ་ལ་བསླབ་ [314a.3]པར་བྱ་སྟེ། དེ་ལ་ཡང་དགའ་བ་བཞི་བརྩི་སྟེ། དང་པོ་བསོད་ནམས་ཚོགས་བསགས་པ་ནས་བཟུང་ནས་བྱང་ཆུབ་པ་རྣམ་པ་ལྔས་ལྷ་བསྐྱེད་པ་ནི་དགའ་བའོ། །དཀྱིལ་འཁོར་གང་ཡིན་པ་སྤྱན་དྲངས་ནས་ཞལ་དུ་ཞུགས་ཏེ། ལྷ་ཞུ་བའི་ཁུ་བས་ལུས་གང་བ་ནི་མཆོག་ [314a.4]དགའོ། །རང་ཡང་ཞུ་ནས་ཐིག་ལེ་གཉིས་སུ་གནས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལྷ་མོ་བཞིས་གསོལ་བ་བཏབ་ནས་སྐུ་རུ་བཞེངས་པ་ནི་དགའ་བྲལ་ལོ། །དེ་ཡང་དགའ་བ་བཞིས་ཐ་མི་དད་དུ་ཁྱེར་བ་ནི་བཞི་པའི་མན་ངག་གོ། །དེ་ཡང་རབ་ཏུ་མི་གནས་ [314a.5]པ་ལས། །ཕྱག་རྒྱ་ཆེན་པོའི་བྱང་ཆུབ་ལྔ། །དགའ་བའི་ཡེ་ཤེས་ཉིད་ཡིན་ནོ། །ཆགས་པ་ཆེན་པོའི་འོད་ཟེར་གྱིས། །སངས་རྒྱས་རྣམས་ནི་བསྡུས་ནས་ཀྱང་། །ཁུ་བའི་ངོ་བོར་གྱུར་གཟུགས་པ། །ཁྱད་པར་གྱི་ནི་དགའ་བའོ། །ཐབས་དང་ཤེས་རབ་ཁ་སྦྱོར་བ། །ཐིག་ [314a.6]ལེ་དཀར་དམར་ཐོག་མཐའ་ཅན། །ཡི་གེ་གསུམ་གྱི་བདག་ཉིད་དོ། །ལྷ་ཡི་འཁོར་ལོ་སྣ་ཚོགས་པ། །བྲལ་བའི་དགའ་བར་རབ་ཤེས་བྱ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་དམ་ཚིག་གི་ཕྱག་རྒྱའི་ཐིག་ལེ་གཉིས་ཀྱི་དབྱིབས་དང་ཁ་དོག་ཏུ་ཉམས་སུ་མྱོང་ཡང་། [314a.7]ཐིག་ལེ་གཉིས་ཀྱི་མཚན་ཉིད་ཉམས་སུ་མ་མྱོང་ངོ་ཞེས་ཐེ་ཚོམ་བསྐྱེད་ནས་དེའི་མཚན་ཉིད་ཉམས་སུ་མྱོང་བར་བྱ་བའི་ཕྱིར་ལས་ཀྱི་ཕྱག་རྒྱ་བསྟན་ལ། ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བར་བྱའོ། །དེས་དཔེའི་ཡེ་ཤེས་ཉམས་སུ་མྱོང་ཡང་། དོན་བདེ་སྟོང་སྤྱིའི་རྣམ་ [314b] [314b.1]པར་རྟོག་པ་དང་བྲལ་ཞིང་ཉམས་སུ་མྱོང་བ་དག་ལ་ཆོས་ཀྱི་ཕྱག་རྒྱ་བསྟན་ཏེ། ཆོས་ཐམས་ཅད་སྐྱེས་པ་དང་ཐ་མི་དད་པར་བསྟན་པས། བདེ་སྟོང་གཉིས་མེད་དུ་ཉམས་སུ་མྱོང་བ་དེ་ནི་ཆོས་ཀྱི་ཕྱག་རྒྱའོ། །དེ་ལ་ཡང་དགའ་བ་བཞིས་ལམ་དུ་འགྱུར་ཏེ། སྣ་ཚོགས་སུ་ཤར་བ་ [314b.2]དགའ་བ་ལ་སོགས་པ་གོང་དུ་བསྟན་པ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་གཏན་ལ་དབབ་པ་གཉིས་ཏེ། རྟེན་གྱི་གང་ཟག་དང་དེ་ལ་གདམས་པའོ། །རྟེན་གྱི་གང་ཟག་ནི་སྔོན་སྨོན་ལམ་ཁྱད་པར་ཅན་བཏབ་པ། ཚོགས་ཁྱད་པར་ཅན་བསགས་པ། གཉུག་མ་ལ་ཡུན་རིང་ [314b.3]དུ་སྦྱངས་པ། བླ་མའི་དུས་ཐབས་བསྟེན་པ་ལ་མཁས་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ལ་འཇུག་ནུས་པའོ། །དེ་ཡང་། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །ཐབས་གཞན་གྱིས་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པའམ། །བསོད་ནམས་ཀྱི་ནི་ [314b.4]བདག་ཉིད་ཤེས། །ཞེས་པས་སོ། །དེ་ལ་གདམས་པ་ནི། ཕྱག་རྒྱ་ཆེན་པོ་བརྔས་བསྟན་པར་བྱ་སྟེ། དེ་ལ་གསུམ་སྟེ། ཆོས་ཐམས་ཅད་སྐྱེས་པའི་བརྡ་དང་། མ་སྐྱེས་པའི་བརྡ་དང་། སྐྱེས་མ་སྐྱེས་གཉིས་སུ་མེད་པར་ཉམས་སུ་མྱོང་བའི་བརྡའོ། །དེ་ལ་དང་པོ་ནི་ཆོས་ [314b.5]ཐམས་ཅད་རོལ་པ་སྣ་ཚོགས་སུ་ཤར་བ་ནི་སྐྱེས་པའི་བརྡའོ། །དེ་ཉིད་རང་བཞིན་མེད་པར་རྟོག་པ་ནི་མ་སྐྱེས་པའི་བརྡའོ། །རོལ་པ་འགག་མེད་དང་རང་བཞིན་མེད་པས་གཉིས་སུ་མེད་པར་མྱོང་བ་ཐ་མི་དད་ཀྱི་བརྡའོ། །དེ་ལམ་དུ་བྱེད་པའི་མན་ངག་ལ་ལྔ་སྟེ། རྒྱུ་མཚན་གྱི་ [314b.6]མན་ངག་དང་། དེ་ཉིད་རྗེས་སུ་འགྲོ་བའི་མན་ངག་དང་། ཐབས་ཁྱད་པར་ཅན་དང་། ཉམས་སུ་བླང་བའི་མན་ངག་དང་། གདམས་ངག་ལ་ངེས་ཤེས་སྐྱེས་པའི་མན་ངག་གོ། །དེ་ལ་རྒྱུ་མཚན་གྱི་མན་ངག་ནི། ཕྱག་རྒྱ་བཞི་པའི་ཁོ་ནར་བཞག་པའི་རྒྱུ་མཚན་ནི་གང་ཟག་བཞི་ལ་ [314b.7]དགོངས་པ་སྟེ། གང་ཟག་སྐལ་པ་ཐ་མ་བསྐྱེད་རིམ་ལ་མོས་པ་དང་། སྐལ་པ་འབྲིང་རྩ་རླུང་ཐིག་ལེ་ལ་མོས་པ་དང་། སྐལ་པ་རབ་བླ་མའི་མན་ངག་ལ་ངེས་ཤེས་སྐྱེས་པ་དང་། སྐལ་པ་ཡང་རབ་གནས་ལུགས་ཉམས་སུ་ལེན་ནུས་པའོ། །དེ་རྣམས་ལ་ཕྱག་རྒྱ་བཞི་ཉམས་ [315a] [315a.1]སུ་ལེན་ནུས་པའོ། །དེ་ལ་ཕྱག་རྒྱ་བཞི་བསྟན་ཏེ། དམ་ཚིག་གི་ཕྱག་རྒྱ་ཐབས་སྣ་ཚོགས་པ་རྟོག་པ་ཅན་གྱི་ཡུལ་དུ་གྱུར་པ་དང་། ལས་ཀྱི་ཕྱག་རྒྱ་བདེ་བ་ཉམས་སུ་མྱོང་བ་རྟོག་པའི་ཡུལ་དུ་གྱུར་པ་དང་། ཆོས་ཀྱི་ཕྱག་རྒྱ་སྟོང་པ་ཉམས་སུ་མྱོང་ [315a.2]བ་ཞེན་ཤེས་མེད་པའི་ཡུལ་དུ་གྱུར་པ་དང་། ཕྱག་རྒྱ་ཆེན་པོ་རྣལ་མ་ཉམས་སུ་མྱོང་བ་ཅི་ཡང་མ་ཡིན་པའི་ཡུལ་དུ་གྱུར་པ་བསྟན་པར་བྱའོ། །དེ་ཡང་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ། །དེ་ཡི་སྟེང་དུ་ཕྱག་རྒྱ་ཆེ། །དེ་ཉིད་ཕྱག་རྒྱ་རྣམ་བསྒོམ་བྱ། །དེ་ཡི་སྟེང་དུ་ཕྱག་ [315a.3]རྒྱ་ཆེ། །དེ་ཉིད་དམ་ཚིག་ཕྱག་རྒྱའོ། །ཞེས་པས་སོ། །དེ་ཡང་། དབང་བཞི་དང་འབྲེལ་ཏེ་བུམ་པ་དང་། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། མཐར་ཐུག་པ་མན་ངག་གི་དབང་ངོ་། །དེ་ཡང་། ཆུ་དང་འབྲེལ་ཕྱིར་བུམ་པའི་དབང་། །གསང་བ་ལས་བྱུང་གསང་བ་སྟེ། །ཤེས་ [315a.4]རབ་མ་ཡི་གཟུགས་དག་ལས། །ཡེ་ཤེས་སྐྱེད་ཕྱིར་དེ་ཉིད་དབང་། །ཀུན་གྱི་ངོ་བོར་མི་གནས་ཤིང་། མཐར་ཐུག་པ་ནི་བཞི་པའི་དབང་། །ཞེས་པས་སོ། །དབང་དེ་དག་ཀྱང་དཀྱིལ་འཁོར་བཞི་དང་འབྲེལ་ཏེ། རྔུལ་ཚོན་གྱི་དཀྱིལ་འཁོར་དང་། མཁའ་གསང་གི་དཀྱིལ་འཁོར་ [315a.5]དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། བདེན་པ་དབྱེར་མེད་ཀྱི་དཀྱིལ་འཁོར་རོ། །དེ་ཡང་། གསང་བའི་དཀྱིལ་འཁོར་བཟང་པོ་དག །ཐིག་ལེ་དོན་དམ་དབྱེར་མེད་དཀྱིལ། །སྙིང་པོ་ཡེ་ཤེས་རང་སྦྱིན་གནས། །ཞེས་སོ། །དབང་དེ་དག་ལ་ཡང་བསྐུར་བའི་གནས་བཞི་ [315a.6]སྟེ། བུམ་པའི་དབང་སྤྱི་བོར་བསྐུར་བ་དང་། བྱང་ཆུབ་ཀྱི་སེམས་ལྕེ་ལ་སྦྱིན་པ་དང་། །གསུམ་པ་སེམས་ལ་བསྐུར་བ་དང་། །བཞི་པ་ལུས་ངག་ཡིད་གསུམ་དབྱེར་མེད་པ་ལ་བསྐུར་བའོ། །དེ་ཡང་། ལུས་ཀྱི་རྩེ་མོར་ཆུ་བླུགས་ཤིང་། །ངག་གི་རྩེ་མོར་བསམ་མི་ཁྱབ། །ཅེས་པས་ [315a.7]སོ། །དེ་དག་གིས་ཀྱང་སྒྲིབ་པ་བཞི་དག་སྟེ། ལུས་ཀྱི་སྒྲིབ་པ་དང་། ངག་གི་སྒྲིབ་པ་དང་། ཡིད་ཀྱི་སྒྲིབ་པ་དང་། སྒྲོ་སྐུར་ཐམས་ཅད་གཅོད་པའོ། །དེ་ཡང་། སྲོག་གཅོད་པ་དང་མ་བྱིན་ལེན། །མི་ཚངས་སྤྱོད་དང་བརྫུན་སྨྲ་དང་། །ཕྲ་མ་ངག་འཁྱལ་ཚིག་རྩུབ་མོ། ། [315b] [315b.1]ཆགས་སྡང་གནོད་སེམས་ལོག་ལྟ་དང་། གཟུང་འཛིན་སྒྲོ་འདོགས་སྐུར་འདེབས་མཐའ། །མ་ལུས་སྤྱོད་པ་ནུས་པའི་མཆོག །ཅེས་སོ། །འོ་ན་དབང་བཞི་པ་ཁོ་ནས་ཆོག་མོད། །གསུམ་པ་མན་ཆད་ལ་དགོས་པ་མེད་དོ་ཞེ་ན་བཞི་པ་རྒྱུད་ལས་སྐྱེས་པའི་གང་ཟག་ [315b.2]ཅིག་ཅར་བ་དགའ་བ་དང་བཞི་པ་རྒྱུད་ལ་སྐྱ་བའི་ཐབས་ཡིན་པས་དགོས་པར་བསྟན་ཏོ། །དེ་ལ་གདམས་པ་བཞི་བསྟན་ཏེ་ཕྱི་བསྐྱེད་པའི་རིམ་པ་སྟེ། བསྐྱེད་རིམ་དང་། ཟབ་མོ་བསྐྱེད་པའི་རིམ་པ་སྟེ་རྩ་རླུང་བསྒོམ་པ་དང་། ཡོངས་སུ་རྫོགས་པའི་རིམ་པ་སྟེ། སྣང་གྲགས་སྟོང་ [315b.3]པ་ཉིད་དུ་རྟོགས་པ་དང་། ངོ་བོ་ཉིད་རྫོགས་པའི་རིམ་པ་སྟེ། རྒྱུ་རྐྱེན་ལས་རག་མ་ལུས་པར་ལྷུན་གྱིས་གྲུབ་པ་ལའོ། །དེ་ཡང་། བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་གཉིས། །ཕྱི་དང་ནང་གི་རྣམ་པ་ཅན། །ཡོངས་སུ་པ་དང་ངོ་བོ་ཉིད། །ཅེས་པས་སོ། ། [315b.4]དེ་ལས་འབྲས་བུ་བཞི་འབྱུང་སྟེ། །སྤྲུལ་པའི་སྐུ་དང་ལོངས་སྐུ་དང་། །ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུའོ། །དེ་ཡང་། སྣ་ཚོགས་པ་ལས་སྣ་ཚོགས་སྐྱེ། །བདེ་བ་ཅན་གྱི་གཞན་མོས་པ། །མཐའ་མེད་པ་ལས་ཡོན་ཏན་འབྱུང་། །དབྱེར་མེད་གཅིག་བུ་ངོ་བོ་ཉིད། །ཅེས་པས་སོ། ། [315b.5]དེ་ཉིད་རྗེས་སུ་འགྲོ་བའི་མན་ངག་ནི་བཞི་སྟེ། ལས་ཀྱི་ཕྱག་རྒྱ་དེ་ཉིད་རྗེས་སུ་འགྲོ་བའི་མན་ངག་དང་། ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་རྗེས་སུ་འགྲོ་བའི་མན་ངག་གོ། །དེ་ལ་ལས་ཀྱི་ཕྱག་རྒྱ་དེ་ཉིད་རྗེས་སུ་འགྲོ་བའི་མན་ངག་ལ་བདུན་ཏེ། ལས་དང་རྒྱས་གང་གིས་འདེབས་པ་དང་། གང་གིས་འགྲུབ་ [315b.6]བདག་གང་འགྲུབ་པ་དང་།། ངེས་པར་གང་གིས་བྱེད་པ་དང་མིང་གང་ཡིན་པ་དང་། འབྲས་བུ་གང་ཐོབ་པའོ། །དེ་ལ་ལས་ནི་ལུས་ངག་ཡིད་གསུམ་ལ་བསམ་པ་གཙོ་བས་ཏེ། དེ་ཡང་ལུས་ཀྱི་ལས་ཆགས་པ་སྟེ་བསྐྱེད་པའི་སྦྱོར་དྲུག་དང་། བསྲུབ་པ་དང་སྲུབས་པའི་སྦྱོར་བའོ། །གོང་མ་ནི་དྲུག་སྟེ། སེན་ [315b.7]མོས་གདབ་པ་དང་། ནུ་མ་མཉེ་བ་དང་། འཁྱུད་པ་དང་། ལྕེ་གཞིབ་པ་དང་། མ་མཆུ་སོས་གཟུང་བ་དང་། གཡལ་བསྒག་པའོ། །ངག་ལ་གཉིས་ཐུན་མོང་ངུ་ཆགས་པའི་གཏམ་གླེང་པ་དང་། ཁྱད་པར་དུ་རྡོ་རྗེའི་བཟླས་པ་བྱའོ། །ཡིད་ཀྱི་ལས་ལ་གསུམ་སྟེ། དགའ་བ་བཞི་ངོས་གཟུང་བ་དང་། རྡོ་རྗེ་པདྨ་པདྨ་བྱིན་གྱིས་བརླབ་པའོ། ། [316a] [316a.1]དེ་དག་ཀྱང་བསམ་པ་གཙོ་བོའོ། །རྒྱས་ནི་བླ་མའི་གདམས་དག་གིས་འདེབས་ཏེ། དེ་ཡང་གཉིས་སྦྱོར་དམ་པ་དང་། ཐབས་ཁྱད་པར་ཅན་ནོ། །གོང་མ་ལ་ལྔ་སྟ། ལུས་ངག་ཡིད་གསུམ་མཉམ་པ་འདོད་པ་མཉམ་པ། བྱིན་གྱིས་བརླབས་པ་མཉམ་པ། ཕྱག་རྒྱ་དག་པ། བླ་མའི་གདམས་ [316a.2]ངག་གིས་ཟིན་པའོ། །དང་པོ་ནི་ལུས་ལྷ་ངག་རྡོ་རྗེའི་བཟླས་པ། ཡིད་ལྷན་ཅིག་སྐྱེས་པ་ངོས་གཟུང་མཉམ་པར་མཉམ་པའོ། །གཉིས་པ་ནི་སྐྱེ་བ་འདི་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱའོ་སྙམ་པའི་འདོད་པ་མཉམ་པའོ། །གསུམ་པ་ནི་ཧཱུཾ་ལས་རྡོ་རྗེ་ཨ་ལས་པདྨར་བྱིན་གྱིས་བརླབས་པ་དང་ [316a.3]མཉམ་མོ། །ཕྱག་རྒྱ་དག་པ་ནི་སྐུའི་བཅུ་དྲུག། ངག་གི་ཉི་ཤུ། ཐུགས་ཀྱི་ཉེར་ལྔ་མའོ། །བླ་མའི་གདམས་ངག་ཟིན་པ་ནི། ཉོན་མོངས་པའི་རྗེས་སུ་གཞོལ་བ་མ་ཡིན་བ་དང་རང་བཟོས་ཞུགས་པ་ལྟ་བུམ་ཡིན་པའོ། །དེ་ཡང་རྒྱུད་ལས། ལུས་ངག་ཡིད་གསུམ་རྒྱལ་བར་མཉམ། །བསམ་པའི་སྟོབས་ནི་ [316a.4]རབ་བཟང་བྱ། །ཤེས་རབ་ཐབས་ཀྱི་རྣམ་པ་ལས། །དཔའ་བོ་དཔའ་མོས་བྱིན་གྱིས་བརླབས། །སྐུ་རིགས་གསུང་རིགས་ཐུགས་རིགས་པ། །སྟོང་དང་འཇིག་ཚོགས་ལོ་ཡི་གྲངས། །དེའི་སྟེང་མདའ་ཡི་གྲངས་ཅན་མཆོག །དབང་བསྐུར་བ་ནི་གང་ལ་ཡང་། །བླ་མ་གཅེས་སྤྲས་བྱ་བ་མཆོག །ཅེས་ [316a.5]པས་སོ། །ཐབས་ཁྱད་པར་ཅན་ལ་བཞི་སྟེ། དུས་ངེས་པར་བྱ་བའི་ཕྱིར་སྐད་ཅིག་མ་བཞི་དང་། ཡེ་ཤེས་ངེས་པར་བྱ་བའི་ཕྱིར་ན་དགའ་བའི་ཕྱིར་བཞི་དང་། རྟོགས་པ་ངེས་པར་བྱ་བའི་ཕྱིར་ན་གནས་བཞི་དང་། མཚན་ཉིད་ངེས་པར་བྱ་བའི་ཕྱིར་ན་ཆོས་བཞིའོ། །དེ་ལ་སྐད་ཅིག་མ་བཞི་ནི་རྣམ་པ་སྣ་ཚོགས་པའི་ [316a.6]སྐད་ཅིག་མ་དང་། རྣམ་པར་སྨིན་པའི་སྐད་ཅིག་མ་དང་། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་དང་། རྣམ་པ་མེད་པའི་སྐད་ཅིག་མའོ། །དེ་ཡང་། རྣམ་པ་སྣ་ཚོགས་རྣམ་པར་སྨིན། །རྣམ་པར་ཉེད་པའི་མཚན་ཉིད་བྲལ། །ཞེས་པས་སོ། །དགའ་བ་བཞི་ནི་དགའ་བ་དང་། །མཆོག་དགའ་དང་། ལྷན་ཅིག་ [316a.7]སྐྱེས་པའི་དགའ་བ་དང་། །དགའ་བྲལ་ལོ། །དེ་ཡང་། དགའ་བ་དང་ནི་མཆོག་ཏུ་དགའ། །དགའ་བྲལ་ལྷན་ཅིག་སྐྱེས་དགའ་བ། །ཞེས་པས་སོ། །གནས་བཞི་ནི་རྡོ་རྗེའི་མགྲིན་པ་དང་། རྡོ་རྗེའི་རྩེ་མོ་དང་གཉིས་ཤོར་གཉིས་མཉམ་པ་དང་། ཐམས་ཅད་ཤོར་བ་དང་། དེ་ཡང་། ཆགས་པ་ཆེན་པོ་སྙོམས་ [316b] [316b.1]འཇུག་གིས། །རབ་ཏུ་སྦྱོར་ཞིང་བསྲུབས་པ་ལས། །ནོར་བུའི་མགྲིན་དང་རྩེར་ཁྱབ་པའོ། །གཉིས་བཟླས་ནས་ནི་གཉིས་མཉམ་སྟེ། །ལྷག་མ་འདས་ནས་དགའ་བྲལ་ལོ། །ཞེས་པས་སོ། །ཆོས་བཞི་ནི་དགའ་བ་ལ་གཟུང་འཛིན་ཐམས་ཅད་ཀྱི་རྟོག་པ་ཡོད། མཆོག་དགའ་བ་ལ་གཟུང་བ་ [316b.2]ཡོད་ལ་འཛིན་པ་མེད། ལྷན་ཅིག་སྐྱེས་པའི་དགའ་བ་ལ་གཟུང་འཛིན་རྟག་ཆད་ཀྱི་མཐའ་ཐམས་ཅད་ལས་འདས་པའོ། །དགའ་བྲལ་ལ་ཡང་རགས་སྣང་གི་རྟོག་པ་སྣ་ཚོགས་དང་བཅས་པའོ། །ཡང་། དགའ་བ་འཛིན་པ་དང་བཅས་པ། །མཆོག་དགའ་དེ་ལས་ལྷག་འགྱུར་ཉིད། །རྣམ་ཉེད་གཟུང་ [316b.3]འཛིན་རྟོག་པ་ཅན། །ལྷན་ཅིག་སྐྱེས་གསུམ་མི་དམིགས་སོ། །ཞེས་སོ། །གང་གིས་འགྲུབ་ན་རིག་མ་མཚན་དང་ལྡན་པས་འགྲུབ་སྟེ། དེ་ཡང་རིག་མ་ཞེས་པས། །རིག་མ་ནི་ཡེ་ཤེས་ལྔ་རིག་པ་སྟེ། སྐད་ཅིག་མའི་ཡེ་ཤེས་དེ་སྒྲོ་སྐུར་ཐམས་ཅད་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་ [316b.4]གིས་རང་གསལ་བས་མེ་ལོང་ལྟ་བུ་ཕྱོགས་ཆ་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། ཅིར་ཡང་སྣང་བས་སོ་སོར་རྟོག་པའི་ཡེ་ཤེས། དེ་ཉིད་རྟོགས་པས་དོན་ཐམས་ཅད་འགྲུབ་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཡེ་ཤེས་ལྔ་དང་ལྡན་པས་སྐད་ཅིག་མའི་ཡེ་ཤེས་དེ་མཚན་དང་མཚན་ལྡན་གྱི་ [316b.5]ལུས་ལ་བརྟེན་ནས་སྐྱེ་བས་མ་ཞེས་བྱའོ། །འོ་ན་མཚན་ལྡན་གྱི་རིག་མ་དེ་རྒྱུ་གང་ལས་འགྲུབ་ཅེ་ན། དང་པོར་གནས་པའི་རྒྱུ་གསུམ་དང་ལྡན་ཏེ་སྔོན་སྨོན་ལམ་ཁྱད་པར་ཅན་བཏབ་པ་དེ་ཡང་ད་ལྟར་བླ་མ་ལ་གུས་པས་ཤེས་རིགས་བཟང་པོ་ནས་བཟང་པོར་བརྒྱུད་པ། བླ་མ་དང་ལྡན་ཞིང་བླ་མའི་ [316b.6]གདམས་པས་ཟིན་པའོ། །བཞིན་མཛེས་པ་དང་། ཟབ་མོ་ལ་མི་སྐྲག་པས་ཞེས་སོ། །རིམ་པ་བཞིན་དུ་སྦྱར་རོ། །དེ་ལས་ད་ལྟ་གནས་པའི་རྒྱུ་བདུན་དང་ལྡན་པར་འབྱུང་སྟེ། བཞིན་མཛེས་པ་དང་། སྐྲ་སེར་ལ་ལི་བ་ཁ་ནས་ཨུཏྤལའི་དྲི་བྲོ་བ། ནུ་མ་རྒྱས་པ་དང་། རྐེད་པ་ཕྲ་བ་དང་། བྷ་ག་ [316b.7]རུབ་པ་དང་། བྱང་ཆུབ་ཀྱིས་སེམས་ཀྱིས་གང་བའི་ངང་ཚུལ་ཅན། །དེ་ལྟ་བུས་འགྲུབ་པ་སྟེ། དེ་ཡང་། གནས་པ་མེད་པའི་ཡེ་ཤེས་ནི། །ཕྱག་རྒྱ་ལ་ནི་བརྟན་པས་འགྲུབ། །ཅེས་པའོ། །གང་འགྲུབ་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐད་ཅིག་མ་དེ་འགྲུབ་སྟེ། ལྷན་ཅིག་སྐྱེས་པ་ནི་སྣང་གྲག་གི་ཆོས་ [317a] [317a.1]ཐམས་ཅད་དང་ལྷན་ཅིག་སྐྱེས་པ་སྟེ། དེ་ཡང་སྣང་བ་ལྷན་ཅིག་སྐྱེས་པ་ནི་སྣང་སྟོང་དབྱེར་མེད། སེམས་ཉིད་ལྷན་ཅིག་སྐྱེས་པ་ནི་བདེ་སྟོང་དབྱེར་མེད། དེ་ཉིད་གཉིས་སུ་མེད་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ཡང་། གཟུགས་སོགས་བློ་ཡི་མྱོང་དུས་སུ། །སྐྱེ་ [317a.2]མེད་བཅས་མྱོང་མ་ཡིན་ནམ། །ཞེས་སོ། །ངེས་པར་གང་གིས་བྱེད་ན་རྒྱུད་ཀྱི་གཞུང་གིས་བྱེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞུགས་སོ་ཞེས་པས། སྐུ་བཞུགས་ཏེ་ལྷ་ཐམས་ཅད་དེ་ནས་བསྐྱེད། གསུང་བཞུགས་ཏེ་རྒྱུད་སྡེ་ [317a.3]ཐམས་ཅད་དེར་འདུས། ཐུགས་བཞུགས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེར་རྟོགས་པའོ། །མིང་ནི་དབྱིབས་ཀྱི་ཨེ་བཾ་སྟེ། ཨེ་ནི་ཀ་ཀོ་ལ་སྟེ་ཤེས་རབ་ཀྱི་བདག་ཉིད་སྟོང་པ་མཚོན་ལ། བཾ་ནི་བོ་ལ་སྟེ་ཐབས་ཀྱི་རང་བཞིན་བདེ་བ་མཚོན་པའོ། །བདེ་བ་སྟོང་པའི་རང་བཞིན་ཅན་དེ་ཐབས་དང་ [317a.4]ཤེས་རབ་དབྱེར་མེད་པ་དེ་ཐ་མི་དད་པའོ། །འབྲས་བུ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། དགའ་བཞི་ཐིག་ལེའུ་རྒྱུ་མཐུན་ཏེ་ཐིག་ལེ་བྱང་ཆུབ་སེམས་སུ་མཐུན་ནོ། །ཕྱག་རྒྱ་བཞི་སྐད་ཅིག་མར་རྒྱུ་མཐུན་ཏེ། མཚན་ཉིད་དང་བྲལ་བའི་སྐད་ཅིག་མར་མཐུན་ནོ། །སེམས་ཅན་དང་སངས་རྒྱས་སུ་ [317a.5]མཐུན་ཏེ། རྒྱུ་སེམས་ཅན་གྱི་རྒྱུ་དང་སངས་རྒྱས་ཀྱི་དགོངས་པ་གཉིས་ཐ་མི་དད་པས་སོ། །ཆོས་ཀྱི་ཕྱག་རྒྱ་དེ་ཉིད་རྗེས་སུ་འགྲོ་བའི་མན་ངག་ནི་བདུན་ཏེ། ཆོས་དང་རྒྱས་གང་གིས་འདེབས་པ་དང་། །གང་གིས་འགྲུབ་པ་དང་། གང་འགྲུབ་པ་དང་། ངེས་པར་གང་གིས་བྱེད་པ་དང་། མིང་གང་ཡིན་ [317a.6]པ་དང་། འབྲས་བུ་གང་ཡིན་པའོ། །དེ་ལ་ཆོས་ནི་གཉིས་ཏེ་ཤེས་པ་དང་ཤེས་བྱའོ། །ཤེས་བྱ་ལ་རྟོག་བཅས་དང་། རྟོག་མེད་དོ། །རྟོག་མེད་ལ་གཉིས་དག་པའི་དེ་བཞིན་ཉིད་དང་། མ་དག་པའི་དེ་བཞིན་ཉིད་དོ། །རྒྱ་ནི་ལྷན་ཅིག་སྐྱེས་པས་འདེབས་ཏེ། དེ་ལ་གསུམ། ཐབས་ལ་སྟོང་པའི་ [317a.7]རྒྱས་བཏབ་པ་དང་། སྟོང་པ་ལ་ཐབས་ཀྱི་རྒྱས་བཏབ་པ་དང་། ཐ་དད་ལ་གཉིས་མེད་ཀྱི་རྒྱས་བཏབ་པའོ། །ཐབས་ལ་སྟོང་པས་རྒྱས་གདབ་པ་ལ་གསུམ་སྟེ། སྣང་བ་ཐུག་ཕྲད་དུ་བྱ་བ་སྟེ། སྣང་བ་གང་ཕྲད་པ་ལྷན་ཅིག་སྐྱེས་པས་རྒྱས་འདེབས། སྣ་ཚོགས་དོན་མཐུན་དུ་བྱ་བ་ནི་ཅིར་སྣང་ཅིར་སྲེད་ [317b] [317b.1]ཀྱང་སེམས་སྐྱེ་མེད་དུ་དོན་གཅིག་པའོ། །དུ་མ་རོ་གཅིག་ཏུ་བྱ་བ་ནི་ཅིར་སྣང་ཐམས་ཅད་ལྷན་ཅིག་སྐྱེས་པའི་རོས་ཁྱབ་པར་བྱའོ། །དེ་ཡང་རྒྱལ་པོ་དང་ཕྲད་པ་ལྟ་བུ་དང་། ཆུ་སྣོད་དུ་མར་ཟླ་བ་ཤར་བ་ལྟ་བུ་དང་། བུ་རམ་གྱི་གཟུགས་ཀྱི་བྱེ་བྲག་ལྟར་དུ་ཤེས་པར་བྱ་སྟེ། དཔེ་རིམ་བཞིན་སྦྱར་རོ། །སྟོང་པ་ [317b.2]ལ་ཐབས་ཀྱི་རྒྱས་གདབ་པ་ལ་བཞི་སྟེ། ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པར་བསྒོམ་པ་དང་། དེ་ཉིད་ཉམས་སུ་མྱོང་བའི་ཞེན་པ་བཏང་བ་དང་། བྱུང་ཚོར་དྲན་པས་གཟུང་བ་དང་། གོམས་པའི་རྟགས་སོ། །ལྷན་ཅིག་སྐྱེས་པ་བསྒོམ་པ་ནི་ལྷན་ཅིག་སྐྱེས་པ་བསྒོམ་པའི་དུས་སུ་འཁོར་ [317b.3]འདས་ཀྱི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པ་གསལ་བཏབ་ལ་བསྒོམ་མོ། །དེ་ཡང་། ཆོས་རྣམས་ཀུན་གྱི་ངོ་བོ་ནི། །ལྷན་ཅིག་སྐྱེས་པར་བསྒོམ་པར་བྱ། །ཞེས་པས་སོ། །དེ་ཉིད་ཉམས་སུ་མྱོང་བའི་ཞེན་པ་བཏང་བ་ནི། དེ་ལྟར་བསྒོམ་པས་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པ་ལ་ཐིམ་པ་དང་། [317b.4]ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བར་འཛིན་པའི་ཞེན་པ་ཡང་བཏང་སྟེ་གང་ཡང་ཡིད་ལ་མི་བྱའོ། །དེ་ཡང་། ཉམས་སུ་མྱོང་བ་གང་དང་གང་། །ཡིད་ལ་མེད་པར་བྱ་བ་ཉིད། །ཅེས་པས་སོ། །བྱུང་ཚོར་དྲན་པས་གཟུང་བ་ནི། །དེ་ལྟར་ཡིད་ལ་མི་བྱེད་པའི་དང་ལས། ཡང་གློ་བུར་གྱི་རྟོག་པ་སྐྱེ་ [317b.5]སྲིད་ན། སྔར་གྱི་ཡིད་ལ་མི་བྱེད་པ་དང་། གློ་བུར་གྱི་རྟོག་པ་ཉིད་ཐ་མི་དད་པར་གཞག་སྟེ། ལྷན་ཅིག་སྐྱེས་པའི་ཉམས་དྲན་པས་གཟུང་བར་བྱའོ། །དེ་ཡང་། གློ་བུར་རྟོག་པ་གང་སྐྱེས་པ། །ཐམས་ཅད་དེ་ཡི་ངོ་བོར་བསྒོམ། །ཞེས་གསུངས་པས་སོ། །གོམས་པའི་རྟགས་ལ་གསུམ་སྟེ། ཐུན་ [317b.6]མོང་གི་རྟགས་དང་། ཐུན་མོང་མིན་པའི་རྟགས་དང་། ཁྱད་པར་གྱི་རྟགས་སོ། །ཐུན་མོང་གི་རྟགས་ནི་བཞི་སྟེ། ཟས་ལ་ཕྱོགས་མེད་དེ་མཉམ་པ་དང་། གོས་ལ་ཕྱོགས་མེད་དེ་མཉམ་པ་དང་། གནས་ལ་ཕྱོགས་མེད་དེ་མཉམ་པ་དང་། གྲོགས་ལ་ཕྱོགས་མེད་དེ་མཉམ་པའོ། །དེ་ཡང་། བགྲོད་པ་དང་ནི་ [317b.7]བགྲོད་མིན་དང་། །བཟའ་བ་དང་ནི་བཟའ་མིན་དང་། །བཏུང་དང་གོས་སོགས་དེ་བཞིན་ཉིད། །ཐམས་ཅད་མཉམ་པ་ཉིད་དུའོ། །ཐུན་མོང་མིན་པའི་རྟགས་ནི། མཉམ་གཞག་དང་། རྗེས་ཐོབ་དང་། གདབ་གསལ་བ་དང་། གཉིད་སད་པ་བཞིན་དུ་མཉམ་པའོ། །དེ་ཡང་། མཉམ་ [318a] [318a.1]གཞག་དང་ནི་རྗེས་ཐོབ་མིན། །རྒྱུད་འདི་ལ་ནི་རྒྱུན་ཆད་མེད། །འདི་སྒོམ་རྣལ་འབྱོར་ཆེན་པོ་ཡང་། །དུམ་བུར་གྱུར་པ་མ་ཡིན་ནོ། །ཞེས་པས་སོ། །ཁྱད་པར་གྱི་རྟགས་ནི། དེ་ལྟར་རྟོགས་པའི་རྣལ་འབྱོར་དེ་ལ་རེ་དོགས་མེད་དེ། བསོད་ནམས་བསགས་པས་སངས་རྒྱས་ཐོབ་ཏུ་རེ་བ་ [318a.2]མེད་ལ། སྡིག་པ་བྱས་པས་ངན་སོང་དུ་འགྲོ་རུ་དོགས་པ་མེད་པའོ། །གཉིས་མེད་ཀྱི་རྒྱས་བཏབ་པ་ནི། སྤྱོད་ལམ་བཞི་ལ་ཁྱད་མེད་དེ་རྣལ་མ་ལས་མ་ཡིན་པའོ། །དེ་ཡང་། འགྲོ་འཆགས་ཉལ་དང་འདུག་སོགས་ལ། །རྗེས་དྲན་བཟང་པོ་བསམ་པར་བྱ། །ཞེས་པས་སོ། །གང་གིས་འགྲུབ་ [318a.3]ན་གདམས་ངག་གིས་འགྲུབ་སྟེ། དེ་ལ་གསུམ་སྟེ་བཤད་བྱའི་དབང་དུ་བྱས་པ། གདམས་པར་རང་གི་ངོ་བོ་དང་། བཤད་ལུགས་ཀྱི་དབང་དུ་བྱས་པའོ། །བཤད་བྱ་ལ་གསུམ་སྟེ། ཚོགས་ལ་བཤད་པ་དང་། སློབ་མ་ལ་བཤད་པ་དང་། བུ་ལ་བྱིན་པ་དང་། གསུམ་ལས་བུ་ལ་སྦྱིན་པས་ [318a.4]འགྲུབ་པོ། །གདམས་པ་རང་གི་ངོ་བོའི་དབང་དུ་བྱས་ན་གསུམ་སྟེ། སྤྲོས་བཅས་དང་སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་གསུམ་ལས་ཤིན་ཏུ་སྤྲོས་མེད་ཀྱིས་འགྲུབ། དུས་ཀྱི་དབང་དུ་བྱས་ན་བཞི་སྟེ། ཡང་དང་ཡང་དུ་གསོལ་བ་བཏབ་པ་དང་། ཚོགས་ཀྱི་འཁོར་ལོའི་དུས་དང་། [318a.5]བསྙེན་བཀུར་བྱས་པའི་དུས་དང་། སྤྱོད་པའི་དུས་བཞི་ལས་སྤྱོད་པའི་དུས་སུ་གསུངས་པས་འགྲུབ་པོ། །གང་འགྲུབ་ན་སྣང་བ་སྐྱེ་མེད་དུ་འགྲུབ་སྟེ། སྐྱེ་མེད་ཀྱི་རྨི་ལམ་གྱི་དུས་ཚོད་ན་ཡང་སྐྱེ་མེད་དུ་རྟོག་པའོ། །ངེས་པར་གང་གིས་བྱེད་ན་སྣང་བ་རོ་སྙོམས་ཀྱིས་བྱེད་དེ། དེ་ལ་གཉིས་ཏེ་བདེ་ [318a.6]བར་རོ་མཉམ་པ་དང་། སྟོང་པར་རོ་མཉམ་པའོ། །གོང་མ་ལ་གཉིས་ཕྱིའི་བདེ་བ་རོ་མཉམ་པ་དང་། ནང་གི་བདེ་བར་རོ་མཉམ་པའོ། །ཕྱི་ནི་སྣང་བ་ལ་བརྟགས་པས་ཞེན་པ་མེད་པའོ། །ནང་གི་དབང་གསུམ་པའི་ཉམས་དྲན་པར་བྱེད་པའོ། །སྟོང་པ་རོ་མཉམ་པ་ལ་གཉིས། །མཉམ་པའི་ཚུལ་དུ་ [318a.7]མཉམ་པ་དང་། གདབ་པའི་ཚུལ་དུ་མཉམ་པའོ། །གོང་མ་ནི་གནས་ལུགས་སེམས་ཅི་ཡང་མ་ཡིན་པ་དེའི་ངང་དུ་ཐམས་ཅད་མཉམ་པས་སོ། །དེས་སྣང་བ་ལ་རྒྱས་འདེབས་པའི་ཚུལ་དུ་མཉམ་པའོ། །མིང་གི་སྒྲ་ནི་ཨེ་བཾ་སྟེ། དེ་ལ་བཞི་སྟེ། རྒྱུད་པ་དང་རྒྱུད་པར་འབྲེལ་རྒྱུད་པ་དང་སྒྲར་འབྲེལ་སྒྲ་ [318b] [318b.1]དང་ལུས་སུ་འབྲེལ། ལུས་དང་བྱིན་རླབས་སུ་འབྲེལ་པའོ། །འབྲས་བུ་ནི་རྣམ་པར་སྨིན་པའི་འབྲས་བུ་སྟེ། དེ་ལ་གསུམ། འདས་པ་རྣམ་པར་སྨིན་པ་དང་། ད་ལྟར་རྣམ་པར་སྨིན་པ་དང་། མ་འོངས་པ་རྣམ་པར་སྨིན་པ་དང་། དེ་ལ་འདས་པ་རྣམ་པར་སྨིན་པ་ནི། སྔོན་ཚོགས་བསགས་པ་ལས་ད་ལྟར་ [318b.2]ཆོས་རྒྱ་བསྒོམ་པའི་སྐལ་པ་དང་ལྡན་པའོ། །ད་ལྟར་རྣམ་པར་སྨིན་པ་ནི་ད་ལྟར་བླ་མ་བསྟེན་པ་ལས་གདམས་ངག་ད་ལྟར་རང་གནས་ནས་ཉམས་སུ་ལེན་པའོ། །མ་འོངས་པ་རྣམ་པར་སྨིན་པ་ནི་ཆོས་ཀྱི་ཕྱག་རྒྱ་ལམ་དུ་ཁྱེར་བ་ལས་འབྲས་བུ་ཕྱག་རྒྱ་ཆེན་པོ་འགྲུབ་པའོ། །ཕྱག་རྒྱ་ཆེན་པོ་དེ་ཉིད་རྗེས་ [318b.3]སུ་འགྲོ་བའི་གདམས་ངག་ནི་བདུན་ཏེ། ཕྱག་རྒྱ་དང་ཆེན་པོ་དང་། གང་གིས་འགྲུབ་པ་དང་། གང་འགྲུབ་པ་དང་། ངེས་པར་གང་གིས་བྱེད་པ་དང་། མིང་གང་ཡིན་པ་དང་། འབྲས་བུ་གནག་འགྲུབ་པའོ། །དེ་ལ་ཕྱག་ནི་མི་འདའ་བའི་དོན་གྱིས་ནི་ཕྱག་རྒྱའོ། །དེ་ལ་བཞི་སྟེ། དོན་གྱི་ཟུང་འཇུག་ལས་མི་འདའ། ། [318b.4]དཔེའི་ཟུང་འཇུག་ལས་མི་འདའ། གནས་པའི་ཟུང་འཇུག་ལས་མི་འདའ། ཡིན་པའི་ཟུང་འཇུག་མི་འདའོ། །དེ་ཡང་དོན་གྱི་ཟུང་འཇུག་ནི་འོད་གསལ་བ་དང་སྟོང་པ་གཉིས་སུ་མེད་པར་ཟུང་འཇུག་སྟེ། དེ་ཡང་འོད་གསལ་བ་ནི་གཉིས་སུ་མྱོང་བ་ལ་བྱའོ། །སྟོང་པ་ནི་དེ་ཉིད་རང་བཞིན་མེད་པར་རྟོགས་ [318b.5]པའོ། །འོ་ན་གཏན་མེད་དུ་སོང་ངོ་ཞེ་ན། དེ་ཉིད་ཉམས་སུ་མྱོང་བའོ། །འོ་ན་མྱོང་བའི་ཕྱིར་ན་དེ་ཉིད་མ་ཡིན་ནོ་ཞེ་ན། ཅི་ཡང་མ་ཡིན་པར་མྱོང་བའོ། །དེས་ན་འོད་གསལ་བ་དང་སྟོང་པ་ཉིད་དབྱེར་མེད་དུ་ཟུང་དུ་འཇུག་པའོ། །ཟུང་དུ་འཇུག་པ་དང་གཞན་གྱིས་གཉིས་སུ་སྣང་བའི་ཞེན་པ་དགག་པའི་ཕྱིར་གསུངས་ [318b.6]པ་ཡིན་ནོ། །རང་གི་གནས་ལུགས་ལ་ཟུང་དུ་འཇུག་པ་དང་གཉིས་སུ་མེད་པ་ཙམ་དུ་ཡང་མི་གནས་ཏེ། དེ་བས་ན་འདི་ལ་མིང་ངམ་ངོས་གཟུང་ངམ་འདི་ཞེས་བསྟན་དུ་མེད་དོ། །དཔེའི་ཟུང་འཇུག་ནི་དཔེ་ལས་ཕྱག་རྒྱས་མཚོན་པའི་བདེ་སྟོང་དབྱེར་མེད་ཀྱི་དོན་ཡིན་པས་དེ་ལས་མི་འདའ་བས་སོ། །གནས་པའི་ [318b.7]ཟུང་འཇུག་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁྱབ་ནས་གནས་པ་དེ་ལས་མི་འདའ་བས་སོ། །ཡིན་པའི་ཟུང་འཇུག་ནི། འཁོར་འདས་ཐམས་ཅད་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཉིད་ཡིན་པས་དེ་ལས་མི་འདའ་བའོ། །ཆེན་པོ་ནི་རྒྱུ་མངོན་སུམ་དང་ལྡན་པས་ཆེ་སྟེ། [319a] [319a.1]གསུམ་ལས་མཆོག་ཏུ་གྱུར་པ་ན། ཡང་ཆེན་པོ་ཕྱག་རྒྱ་ཆེན་པོ་དེ་རྟོག་པ་ཙམ་ལ་རག་ལས་པའི་ཕྱིར་ན་ཡང་ཆེན་པོ་ཕྱག་རྒྱ་ཆེན་པོ་དེ་རྟེན་གང་ལ་ཡང་མི་འཆའ་བས་ན་ཡང་ཆེན་པོའོ། །གང་གིས་འགྲུབ་ན་ཤེས་པ་སོ་མ་མ་བཅོས་པས་འགྲུབ་སྟེ། དེ་ལ་གཉིས་ཏེ། བརྟགས་པའི་ [319a.2]སོ་མ་དང་། བསྒོམ་པའི་སོ་མའོ། །བརྟགས་པའི་སོ་མ་ནི་ཆོས་ཐམས་ཅད་རྐྱེན་གཞན་ལས་སྐྱེས་པ་བརྟགས་པ་དང་། རྐྱེན་གཞན་ལས་སྐྱེས་པ་དེ་ཉིད་སྐྱེ་བ་མེད་པར་བརྟགས་པ་དང་། སྐྱེ་མེད་དེ་ཉིད་ཅི་ཡང་མ་ཡིན་པར་བརྟགས་པའོ། །དེ་ཡང་། བློ་ནི་ཐམས་ཅད་རྐྱེན་ལས་འབྱུང་། །དེ་ [319a.3]ཕྱིར་སྐྱེ་མེད་རབ་ཤེས་བྱ། །དབྱེར་མེད་སངས་རྒྱས་ཀུན་གྱི་སྡོམ། །ཞེས་སོ། །བསྒོམ་པའི་སོ་མ་ནི་དེ་ལ་གསུམ་སྟེ། དང་པོ་རྩོལ་གྲུབ་དང་བྲལ་ཏེ་ལུས་སེམས་ཁོང་གློད་དེ་རས་བལ་འདའ་བ་སྐུད་པར་གཞག་པ་ལྟ་བུ་དང་། བར་དུ་ཐེ་ཚོམ་དང་བྲལ་ཏེ་སེམས་མ་བཅོས་པར་གཞག་པ་དང་། མཐའ་ [319a.4]མའི་ངེས་པའི་ཤེས་པས་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་བསྟིམ་པའོ། །དེ་ཡང་། རས་བལ་ལྟ་བུའི་ཐབས་ལ་གནས། །འབད་པ་ཀུན་གྱིས་མ་གྲུབ་པ། །ཡིད་གཉིས་པས་ནི་ཕྱིར་སྤངས་ཏེ། །དཔལ་མཆོག་དང་པོའི་སྐྱེས་བུ་བསྒོམ། །སྣ་ཚོགས་མྱོང་བའི་ཆོ་འཕྲུལ་ནི། །རྩ་བ་དེས་པ་དེར་ཤེས་ [319a.5]བྱ། །ཞེས་བས་སོ། །གང་འགྲུབ་ན་དགག་སྒྲུབ་དང་བྲལ་བ་དེ་གྲུབ་སྟེ། དེ་ཡང་ལྟ་བ་མི་འགེགས་གྲུབ་མཐའ་ཐམས་ཅད་དེ་ཉིད། སྒོམ་པ་མི་འགེགས་བརྟགས་པ་ཐམས་ཅད་དེ་ཉིད་ཡིན་པས་སོ། །སྤྱོད་པ་མི་འགེགས་བཅོས་པ་ཐམས་ཅད་དེ་ཉིད་ཡིན་པས་སོ། །ལྟ་བ་མི་བསྒྲུབ་ [319a.6]ལྷུན་གྲུ་བྲང་ཆས། སྒོམ་པ་མི་སྒྲུབ་རང་བྱུང་རབ་ཆས་སུ་ཡོད་པས་སོ། །དེ་ཡང་། གཉིས་མེད་དགག་སྒྲུབ་བྲལ་བ་ཆེ། །འབྲས་བུ་ཕྱག་རྒྱ་ཆེན་པོའོ། །ཞེས་པས་སོ། །ངེས་པར་གང་གིས་བྱེད་ན་ཉམས་སུ་མྱོང་བ་ལ་ཅི་ཡང་མ་ཡིན་པས་བྱེད་དེ་དེ་ལ་གསུམ་སྟེ། ལྟ་བ་གང་ཡང་མ་ [319a.7]ཡིན་འདོད་པ་གཉིས་དང་བྲལ་བ། བསྒོམ་པ་ཅི་ཡང་མ་ཡིན་གོ་རིམས་གསུམ་དང་བྲལ་བ། སྤྱོད་པ་ཅི་ཡང་མ་ཡིན་དཔྱད་པ་གཉིས་དང་བྲལ་བའོ། །དེ་ཡང་། ཅི་ཡང་མ་ཡིན་ཡེ་ཤེས་ནི། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །ཞེས་པས་སོ། །མིང་གང་ཡིན་ན། དོན་ནི་ཨེ་བཾ་སྟེ། དེ་ལ་གསུམ་སྟེ། [319b] [319b.1]རེ་བ་གསུམ་དཔྱད་དེ། ཆོས་ལྔ་དང་ལྡན་པ། སྐུ་བཞི་དག་གིས་རྫོགས་པའོ། །དེ་ལ་རེ་བ་གསུམ་དཔྱད་པ་ནི་གཉེན་པོའི་རེ་བ་དང་། དེ་ཁོ་ན་ཉིད་ཀྱི་རེ་བ་དང་འབྲས་བུའི་རེ་བའོ། །དེ་ཡང་། གཉེན་པོ་ཡང་ནི་ཕྱོགས་ཀྱང་མིན། །དེ་ཉིད་བྲལ་ལ་གཞན་མི་སྐྱེ། །ཞེས་པས་སོ། །ཆོས་ལྔ་དང་ལྡན་ [319b.2]པ་ནི། །ལྔ་སྟེ་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དང་། རང་བཞིན་མེད་པ་དང་། ཀུན་ལ་ཁྱབ་པ་དང་། མི་འགྱུར་བ་དང་། དུས་ཐམས་ཅད་པའོ། །ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ལ་རྒྱུ་མཚན་གསུམ་སྟེ། ཆོས་ཐམས་ཅད་རྐྱེན་གཞན་ལས་སྐྱེས་པ་དང་། སྐྱེས་པའི་ངོ་བོ་ལ་འདི་ཞེས་བསྟན་དུ་མེད་པ་དང་། [319b.3]རྒྱུ་རྐྱེན་གཞན་ལ་རག་མ་ལུས་པའོ། །དེ་ཡང་། ཐོག་མཐའ་མེད་པའི་དང་པོ་ཉིད། །སྐྱེ་མེད་རྡོ་རྗེ་ཀུན་དུ་བཟང་། །ཞེས་པས་སོ། །རང་བཞིན་མེད་པ་ནི་ཡོད་པ་དང་མེད་པ་དང་གཉིས་ཀ་དང་། གཉིས་མེད་ཀྱི་རང་བཞིན་མེད་པའོ། །དེ་ཡང་། བདག་ཏུ་མི་བརྟག་གཞན་མི་བརྟག ། [319b.4]གཉིས་ཀ་དག་ཀྱང་བརྟག་མི་བྱ། །ཞེས་པ་དང་། ཡང་། རང་གཞན་ཀུན་ནས་ཀུན་དུ་མེད། །རང་ལས་བྱུང་ཞིང་རང་གིས་ཁྱབ། །ཅེས་པས་སོ། །ཀུན་ལ་ཁྱབ་པ་ནི་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོས་མ་ཁྱབ་པ་མེད་པས་ཀུན་ལ་ཁྱབ་པའོ། །དེ་ཡང་། མཁའ་ལྟར་ [319b.5]ཀུན་ལ་ཁྱབ་པའོ། །ཐམས་ཅད་རྒྱུད་ལ་རབ་ཏུ་རྫོགས། །ཀུན་ཀྱང་དེ་ཉིད་གཞན་མི་འགྱུར། །ཞེས་པས་སོ། །མི་འགྱུར་བ་ནི་འཁོར་བའི་དུས་དང་། སྦྱངས་བའི་དུས་དང་། ཁྱད་པར་དུ་སྦྱངས་པའི་དུས་དང་། མངོན་དུ་གྱུར་པའི་དུས་རྣམས་སུ་ཕྱག་རྒྱ་ཆེན་པོ་ཉིད་ལས་འགྱུར་བ་མེད་དོ། །དེ་ཡང་། [319b.6]དུས་རྣམས་ཀུན་དུ་དེ་ཉིད་འབྱུང་། །འཕོ་འགྱུར་མེད་པ་ཡེ་ཤེས་མཆོག །ཅེས་འབྱུང་བས་སོ། །སྐུ་བཞི་ངང་གིས་རྫོགས་པ་ནི། །གནས་ལུགས་དེ་སྒྲོ་སྐུར་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་དང་། དེ་ཉིད་ཉམས་སུ་མྱོང་བ་ལོངས་སྤྱོད་རྫོགས་པ་དང་། དེ་ཉིད་ལས་མིང་གཞན་ཡང་སྣ་ [319b.7]ཚོགས་སུ་སྣང་བ་སྤྲུལ་པའི་སྐུ་སྟེ་ཐ་སྙད་དེ་ལྟར་བརྟགས་སོ། །དོན་ལ་དེ་དག་ཐམས་ཅད་མ་བཅོས་པ་ཉིད་ཡིན་པས་ངོ་བོ་ཉིད་དོ། །དེ་ཡང་། གཉིས་སྤངས་པ་ནི་གཉིས་སུ་མེད། །མྱོང་བ་ཆེན་པོ་སྐུ་གཉིས་པ། །སྣ་ཚོགས་པས་ནི་གསུམ་པ་ཉིད། །ངོ་བོ་ཉིད་ནི་གཅིག་པ་ཅན། །ཞེས་པས་སོ། [320a] [320a.1]འབྲས་བུ་དང་དྲི་མ་དང་བྲལ་བའི་འབྲས་བུ་སྟེ། དེ་ལ་བརྒྱད་དེ། སྤྱད་པ་ལས་མ་འོངས་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་རང་གི་ངོ་བོ་མ་སྐྱེས་པ་ལམ་གྱི་ཡེ་ཤེས་གྲུབ་པ་དང་བཅས་པས་རྒྱུན་མི་འཆད་པས་རང་བཞིན་མེད་པ་ཤེས་པ་ལ་སོགས་པའི་སྒྲིབ་པ་སྤངས་པ་ཕུན་སུམ་ཚོགས་པ་ [320a.2]ཐམས་ཅད་ཀྱི་གཞིར་གྱུར་པ་འཁོར་བ་དང་མྱ་ངན་ལས་འདས་པ་ཉིད་ཀྱིས་གཅིག་པ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ལུས་ཅན་བདེ་བ་ཆེན་པོའི་སྐུ་གཅིག་པུས་སོ། །དེ་ལྟར་བརྒྱད་ཀྱི་དྲི་མ་དང་བྲལ་བར་རིགས་སོ། །གཞན་ཡང་སྐད་ཅིག་མ་གསུམ་ལས་དགའ་བ་ [320a.3]གསུམ་གྱི་དྲི་མ་དང་བྲལ་ཏེ་ཕྱག་རྒྱ་ཆེན་པོ་ནི་ལྷན་ཅིག་སྐྱེས་པ་དངོས་ཡིན་པའི་ཕྱིར་རོ། །དམ་ཚིག་གི་ཕྱག་རྒྱ་ཆེན་པོ་དེ་ཉིད་ཀྱིས་རྗེས་སུ་འགྲོ་བ་ནི། གཞན་དོན་གཙོ་བོར་བསྟན་པ་སྟེ། དེ་ཡང་ཟླ་བ་སྒྲོན་མ་ལས། །གཞན་དོན་ཕུན་ཚོགས་སངས་རྒྱས་ཉིད། །འབྲས་བུ་གཙོ་བོར་བསྟན་པ་ཡིན། ། [320a.4]སེམས་ཅན་རྣམས་ཀྱི་དོན་སྤངས་ནས། །ཆེན་པོའི་དོན་ནི་གཞན་མ་མཆིས་པས་སོ། །དེ་ལ་བདུན་ཏེ། དམ་ཚིག་དང་། ཕྱག་རྒྱ་དང་། གང་གིས་འགྲུབ་པ་དང་། གང་འགྲུབ་པ་དང་། ངེས་པར་གང་གིས་བྱེད་པ་དང་། མིང་གང་ཡིན་པ་དང་། འབྲས་བུ་གང་ཐོབ་པའོ། །དམ་ཚིག་ནི་རྒྱུ་དམ་ཚིག་གི་ཕྱག་རྒྱ་སྟེ། [320a.5]གཞན་དོན་ཕུན་སུམ་ཚོགས་པར་ཁས་འཆེས་པ་དམ་ཚིག་གི་ཕྱག་རྒྱ་ནི་དང་པོར་སེམས་བསྐྱེད་པའོ། །གཞན་དོན་ཕུན་སུམ་ཚོགས་པ་སྨིན་པ་དམ་ཚིག་གི་ཕྱག་རྒྱ་ནི་ཚོགས་གཉིས་བསགས་པའི་དགེ་བ་གཞན་དོན་དུ་འདོད་པའོ། །གཞན་དོན་ཕུན་སུམ་ཚོགས་པར་སྤྱོད་པ་དམ་ཚིག་གི་ཕྱག་རྒྱ་ནི། [320a.6]ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན་སྦྱོར་བའི་ལམ་ནས་ས་བཅུ་མན་ཆད་དོ། །གསང་སྔགས་ཀྱི་དབང་དུ་བྱས་ན། ཆོས་ཀྱི་ཕྱག་རྒྱ་ནས་ཕྱག་རྒྱ་ཆེན་པོ་བསྒོམ་པའི་དུས་སོ། །ཕྱག་རྒྱ་གང་གིས་འདེབས་ན་གཟུགས་སྐུ་གཉིས་ཀྱིས་འདེབས་ཏེ། དེ་ཡང་སྣང་བ་ཤིན་ཏུ་དག་པ་ལ་སྣང་བ་ནི། ས་བཅུའི་བྱང་ཆུབ་སེམས་ [320a.7]དཔའ་ལ་རྟན་གཞལ་ཡས་ཁང་གི་ནང་། བརྟེན་པ་ལྷའི་གཙོ་བོ་དང་། འཁོར་གྱི་ཚུལ་ཁྲོ་བོའམ་ཞི་བའི་བདག་ཉིད་དུ་སྣང་བ་དང་། སྤྲོས་བཅས་དང་སྤྲོས་མེད་ཀྱི་ལྷ་མང་ཉུང་གི་བྱེ་བྲག་སྣང་བ་ནི། ཤིན་ཏུ་དག་པ་ལ་སྣང་བའོ། །སྣང་བ་དག་པ་ལ་སྦྱོར་བའི་ལམ་ལ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལ་སོགས་པར་ [320b] [320b.1]སྣང་བའོ། །སྣང་བ་ཐུན་མོང་བ་ལ་སྨན་དང་སྨན་པའི་ཚུལ་ལམ། །མཁན་པོ་དང་སློབ་དཔོན་གྱི་ཚུལ་དུ་སྣང་ནས་དོན་བྱེད་པའོ། །གང་གིས་འགྲུབ་ན་གཉིས་ཏེ་ཐུན་མོང་དུ་བྱས་ན་དབང་པོ་རབ་འབྲིང་གསུམ་གྱིས་འགྲུབ། ཁྱད་པར་གྱི་དབང་དུ་བྱས་ན་སྐལ་པ་ཡང་རབ་དང་། རབ་དང་འབྲིང་དང་མཐའ་མ་བཞིས་ [320b.2]འགྲུབ། ཕྱག་རྒྱ་ཆེན་པོའོ། །ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་རྣམས་འགྲུབ་པོ། །གང་འགྲུབ་ན་ཐུན་མོང་དུ་སོ་སོའི་ལྟ་སྒོམ་སྤྱོད་འབྲས་འགྲུབ་པོ། །ཁྱད་པར་དུ་ཕྱག་རྒྱ་བཞི་དབང་པོ་རབ་འབྲིང་བཞིའི་རབ་ཀྱིས་འགྲུབ་པོ། །ངེས་པ་གང་གིས་བྱེད་ན་ཕ་རོལ་ཏུ་ཕྱིན་པའི་ [320b.3]དབང་དུ་བྱས་ན་ཐེག་པ་གསུམ་གྱི་བཀའམ་བསྟན་བཅོས་ཀྱིས་བྱེད་དོ། །སྔགས་ཀྱི་དབང་དུ་བྱས་ན་རྒྱུད་སྡེ་ལྔའམ། དེ་ལ་བརྟེན་པའི་མན་ངག་གིས་བྱེད་དོ། །མིང་མཚོན་པ་ནི་ཨེ་བཾ་སྟེ། རྒྱུ་དང་འབྲས་བུ་དང་། ཐབས་དང་ཤེས་རབ་བམ་དོན་དམ་དང་། ཀུན་རྫོབ་དང་བསྐྱེད་རིམ་དང་། རྫོགས་རིམ་ལ་ [320b.4]སོགས་པར་མཚོན་ནོ། །འབྲས་བུ་ནི་གོ་རིམས་གོང་ནས་གོང་དུ་འཕེལ་བའམ། སྐྱེས་བུ་བྱེད་པའི་འབྲས་བུའོ། །གོ་རིམས་འཕེལ་བ་ནི་ཕྱག་རྒྱ་བཞིའམ་སྦྱོར་བ་དགུ་མས་ཞར་རིམ་གྱིས་ཞུགས་པའོ། །སྐྱེས་བུ་བྱེད་པའི་འབྲས་ནི་གསུམ་སྟེ། སྐྱེས་བུ་བྱས་པའི་འབྲས་བུ་དང་། སྐྱེས་བུའི་འབྲས་བུ་དང་། [320b.5]སྐྱེས་བུ་བྱེད་པའི་འབྲས་བུའོ། །སྐྱེས་བུས་བྱས་པ་ནི་རྒྱལ་བུ་དོན་ཐམས་ཅད་འགྲུབ་པ་ལྟ་བུ་སྟེ། སྔོན་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ན། གཟུགས་སྐུ་རྣམ་པ་བཞི་གཞན་དོན་ལ་སྣང་ནས་དེ་ལ་ལོངས་སྤྱོད་པའོ། །སྐྱེས་བུའི་འབྲས་བུ་ནི་སྔོན་ཚོགས་བསགས་པས་ད་ལྟར་རྟེན་ཁྱད་པར་ཅན་ [320b.6]གྲུབ་ནས་རྒྱུད་དམ་ཚིག་གི་ཕྱག་རྒྱ་བསྒོམ་པའི་སྐལ་པ་དང་ལྡན་པའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལམ་རིམ་པ་ལ་ཞུགས་པས་ཕྱིས་དམ་ཚིག་གི་ཕྱག་རྒྱ་གཞན་དོན་ལ་སྣང་བར་འབྱུང་ངོ་། །ཡང་རྒྱུ་བསྐྱད་རིམ་བསྒོམས་པའི་འབྲས་བུའི་དུས་སུ་གཟུགས་སྐུ་གཉིས་གཞན་དོན་ལ་འབྱུང་ངོ་། །གསུངས་སོ། །ཉམས་ [320b.7]སུ་བླང་པ་བཞི་སྟེ། རྒྱུར་སྣང་བ་དམ་ཚིག་གི་ཕྱག་རྒྱ་དང་། དཔེ་ལས་ཀྱི་ཕྱག་རྒྱ་དང་། ལམ་ཆོས་ཀྱི་ཕྱག་རྒྱ་དང་། འབྲས་བུ་ཕྱག་རྒྱ་ཆེན་པོ་དང་། གཞན་དོན་དམ་ཚིག་གི་ཕྱག་རྒྱའོ། །རྒྱུ་དམ་ཚིག་གི་ཕྱག་རྒྱ་ནི། བསྐྱེད་རིམ་བསྒོམ་པ་ལ་བྱ་སྟེ། གཞན་དུ་ཤེས་པར་བྱའོ། །ལས་ཀྱི་ཕྱག་རྒྱ་ཉམས་སུ་བླང་བ་ལ་ལྔ་ [321a] [321a.1]སྟེ། རྟོགས་པར་བྱ་བ་དང་། བདག་བྱིན་གྱིས་བརླབ་པ་དང་། བདེ་བ་སྤྱང་པ་དང་། ཡི་གེའི་སྦྱོར་བ་དང་། གནས་པར་བྱ་བའོ། །དེ་ལ་རྟོགས་པར་བྱ་བ་ལ་གཉིས་ཏེ། གང་དུ་རྟོགས་པར་བྱ་བ་དང་། གང་རྟོགས་པར་བྱ་བའོ། །གང་དུ་ན་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་དུས་སུ་རྟོགས་པའོ། ། [321a.2]གང་རྟོགས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་དབྱེར་མེད་དེ་རྟོགས་པར་བྱའོ། །བདག་བྱིན་གྱིས་བརླབ་བཞི། བདུད་རྩི་ལྔའི་མཎྜལ་བྱས་ལ་བླ་མ་ཡབ་ཡུམ་སྤྱན་དྲངས་དེ་ལ་ཕུལ་ལ། དེ་ནས་བདག་གི་སྤྱི་བོར་ཉི་མའི་དཀྱིལ་འཁོར་བུག་པ་ལྔ་འབྲུ་ཙམ་ཡོད་པའི་སྟེང་དུ་སྤྱན་དྲངས་ལ་ [321a.3]གསོལ་བ་བཏབ་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་པ་བས་པས། བདག་གི་ཚངས་པའི་བུ་གར་ཞུགས་པས་ཕྱུར་གྱིས་ཁེངས་པར་བསྒོམ་ཞིང་། དབང་གསུམ་པའི་ཉམས་མྱོང་ཡིད་ལ་དྲན་པར་བྱས་ནས་བདེ་བ་ཁྱེད་པར་ཅན་བསྒོམ་པར་བྱའོ། །བདེ་བ་སྦྱང་བ་ལ་གཉིས་ཏེ། སྣང་ [321a.4]བ་ཡེ་ཤེས་བསྐུལ་བ་དང་། །ཡེ་ཤེས་ཀྱིས་སྣང་བ་ལ་རྒྱས་གདབ་པའོ། །སྣང་བས་ཡེ་ཤེས་བསྐུལ་བ་ནི། མིག་གིས་གཟུགས་མཐོང་བ་དང་། སྣས་དྲི་ཚོར་བ་ལ་སོགས་པ་དང་། དེ་བཞིན་དུ་ཡིད་ལ་རྟོག་པ་ཅི་སྐྱེས་ཚད་ཀྱི་དབང་གིས་ཉམས་མྱོང་བསྐུལ་ནས་དྲན་རྟོག་ཐམས་ཅད་བདེ་སྟོང་དབྱེར་ [321a.5]མེད་དུ་བསྒོམ་པར་བྱའོ། །ཡེ་ཤེས་ཀྱིས་སྣང་བ་ལ་རྒྱས་གདབ་པ་ནི། མིག་གིས་གཟུགས་མཐོང་ཡང་བདེ་སྟོང་གི་རྒྱས་གདབ། དེ་བཞིན་དུ་སྒྲ་དང་དྲི་དང་རོ་ལ་སོགས་པ་རྟོག་ཅིང་སྐྱེ་བ་ལ་བདེ་སྟོང་གི་རྒྱས་གདབ་པོ། །ཡི་གེའི་སྦྱོར་བ་ནི། དབང་གི་ཉམས་མྱོང་གར་སྐྱེས་པའི་སར། ཨེ་དམར་པོ་ [321a.6]ལག་པའི་རི་མོ་ཙམ་གྱི་དབུས་སུ་བཾ་གྱིས་བརྒྱན་པ་ཅིག་བསྒོམ་པར་བྱའོ། །དེར་བདེ་བ་སྐྱེས་པ་དང་ལྟེ་བར་བསྒོམ། །དེར་བདེ་བ་སྐྱེས་པ་དང་སྙིང་གར་བསྒོམ། །དེར་བདེ་པ་སྐྱེས་པ་དང་མགྲིན་པར་བསྒོམ། དེར་བདེ་བ་སྐྱེས་པ་དང་སྤྱི་པོར་བསྒོམ། དེ་ལྟར་བདེ་བས་གང་ཙམ་ན། ནཱ་ད་གནས་པར་བྱ་སྟེ། [321a.7]དེ་ལ་ཡང་གསུམ་སྟེ། འཚོར་བའི་རྐྱེན་དང་། དེ་སྲུང་ཐབས་དང་། གནས་པའི་ཐབས་སོ། །དེ་ལ་རྐྱེན་ནི་བརྒྱད་དེ། བདེ་བས་གང་བས་འཚོར་བ་དང་། རྐྱེན་དང་ཕྲད་ནས་འཆོར་བ་དང་། ནད་ཀྱིས་འཆོར་བ་དང་། སྤྱོད་ལམ་གྱིས་འཆོར་བ་དང་། མི་མ་ཡིན་གྱིས་འཆོར་པ་དང་། ཁ་ཟས་མ་མཐུན་པས་འཆོར་བ་དང་། དམ་ [321b] [321b.1]ཚིག་ཉམས་པས་འཆོར་བ་དང་། བྱིན་རླབས་ཡལ་བས་འཆོར་བའོ། །དེ་སྲུང་ཐབས་ལ་བརྒྱད་དེ། གང་བས་འཆོར་བ་ལ་འགི་ཝང་གི་ཐག་པས་བོ་ལའི་མགྲིན་པར་དཀྲིས་ནས་རྐེད་པ་ལ་བཅིངས་ཏེ། །བ་སྦྲུགས་པ་དང་། ཤེས་པ་ལྟེ་བར་གཏད་པ་དང་། ཧྲིའི་སྒྲས་གྱེན་དུ་དྲང་བ་དང་། མི་དྲག་པར་ [321b.2]བཅག་པའོ། །རྐྱེན་དང་ཕྲད་པས་འཆོར་བ་དང་། རྐང་བ་སྤྲུགས་པ་དང་། འོག་སྒོ་བསྡམས་པ་དང་། འགྱུར་བ་དྲུག་གིས་བཟློག་པའོ། །ནད་ཀྱིས་འཆོར་ན། སྐྱིལ་མོ་ཀྲུང་བཅས་ལ། གཡས་གཡོན་གྱི་གྲུ་མོའི་གར་སླེབས་པའི་སར་མེ་བཙའ་ཉི་ཤུ་ཙ་ལྔ་ལྔ་བསྲེགས་པ་དང་། གཅན་གཟན་གྱི་དྲི་ཆིངས་བྱ་ [321b.3]བ་དང་། ཟས་གསར་པ་བཅུད་ཆེ་བ་བཟའ་བ་དང་། ལྟོ་སྟོང་ལ་ཚ་བ་གསུམ་གྱི་གམ་ཕྱེ་འགམ་པ་དང་། གོས་དྲོ་བར་བསྒོ་བ་དང་། ཨ་རུ་རའོ་མས་བཙོས་བ་བཟའ་པའོ། །སྤྱོད་ལམ་གྱིས་འཆོར་བ་ནི། །འགྲོས་དལ་བར་བྱ་བ་དང་། །འོག་སྒོ་རས་ཀྱིས་བཅིངས་ལ། ཙོག་པོར་འདུག་ལ་ཉིན་མོ་གཉིད་མི་ [321b.4]ལོག། ནུབ་མོ་གཉིད་མི་དགག་པར་ཉལ་ལོ། །མི་མ་ཡིན་གྱིས་འཆོར་ན། ཚིལ་ཆེན་གུ་གུལ་ཡུངས་ཀར་གྱི་ཐལ་བ་མི་གླག་པདྨ་རཀྟ་དེ་ལྡ་སྦྱར་བས་བྱུག། སྲད་བུ་སྔོན་པོ་ཅིག་ལ་རྡོ་རྗེ་ཕག་མོའི་སྔགས་བཟླས་ལ་རྐེད་པ་ལ་དཀྲིས། ཅོང་ཞི་ལ་ཡི་དམ་གང་ཡང་རུང་བའི་སྔགས་བཟླས་ལ་རྡོ་རྗེའི་མགོ་ [321b.5]ལ་བྱུག་པ་བྱའོ། །ཁ་ཟས་མི་མཐུན་པས་འཆོར་ན། །བདུད་རྩི་ལྔའི་བདུད་བཟློག་བྱས་ལ། སྒོག་པ་བཟའ་བའི་འོ་མ་དུ་བར་གདུལ་ལ་བཏུང་། བྱིན་རླབས་ཉམས་བས་འཆོར་ན། ཚོགས་བསགས་ཤིང་ཚོགས་འཁོར་བསྐོར། བླ་མའི་བྱིན་རླབས་ཞུའོ། །དམ་ཚིག་ཉམས་པས་འཆོར་ན། བླ་མ་ལ་དབང་བཞི་ནོད་ [321b.6]བཤགས་པ་བྱའོ། །བདེ་བ་གནས་པར་བྱ་བ་ལ་བཅུ་སྟེ། ཉམས་ཀྱི་བདེ་ལ་གནས་པར་བྱ་བའི་ཕྱིར། དུས་ཀྱི་སྣ་ཚེ་དང་མི་འབྲལ་བར་བྱ་བ་དང་། སྨད་ཀྱི་བདེ་བ་གནས་པར་བྱ་བའི་ཕྱིར། སྤྱོད་ལ་མངལ་བར་བྱ་བ་དང་། སྟོད་ཀྱི་བདེ་བ་གནས་པར་བྱ་བའི་ཕྱིར་ལྐུགས་བའི་བརྟུལ་ཞུགས་ཀྱིས་གནས་པར་བྱ་ [321b.7]བ་དང་། ཁྱབ་པའི་བདེ་བ་གནས་པར་བྱ་བའི་ཕྱིར་ཏེ། རླུང་སྦྱང་པར་བྱ་བ་དང་། རྗེས་ཐོབ་ཀྱི་བདེ་བ་གནས་པར་བྱ་བའི་ཕྱིར་སྣང་བ་བདེ་བར་རོ་མཉམ་པ་དང་། མི་རྟོག་པའི་བདེ་བ་གནས་པར་བྱ་བའི་ཕྱིར། བདུད་རྩི་རྣམ་པ་ལྔ་ལ་སྤྱད་པར་བྱ་བ་དང་། བྱིན་རླབས་ཀྱི་བདེ་བ་གནས་པར་བྱ་བའི་ཕྱིར། ཚོགས་ཀྱི་ [322a] [322a.1]འཁོར་ལོ་བསྐོར་བ་དང་། ཟག་བཅས་ཀྱི་བདེ་བ་གནས་པར་བྱ་བའི་ཕྱིར། ལས་ཀྱི་ཕྱག་རྒྱ་བསྟན་པ་དང་། རྟོག་པའི་བདེ་བ་གནས་པར་བྱ་བའི་ཕྱིར། བླ་མ་བསྙེན་བཀུར་ཞིང་། བླ་མ་ལ་གདམས་ངག་ཞུ་བ་དང་། འབྲས་བུའི་བདེ་བ་གནས་པར་བྱ་བའི་ཕྱིར། མན་ངག་ལ་ནན་ཏན་ [322a.2]བྱ་བའོ། །ཆོས་ཀྱི་ཕྱག་རྒྱ་ཉམས་སུ་བླང་པ་ལ་ལྔ་སྟེ། རྟོགས་པར་བྱ་བ་དང་། སྒོམ་པ་དང་། གྲོགས་དང་། མཚན་ཉིད་དང་། རོ་མཉམ་པའོ། །དེ་ལ་རྟོགས་པར་བྱ་བ་ནི། བདེ་སྟོང་དབྱེར་མེད་དེ། དེ་ཡང་དགའ་བ་བཞིས་ལམ་དུ་འཁྱེར་ཏེ། དེ་ཡང་། སྣང་གྲགས་སྣ་ཚོགས་སུ་སྣང་བ་དེ་དགའ་ [322a.3]བ། དེ་ལས་བདེ་བར་འདུག་སྟོང་པར་འདུག་སྙམ་པ་དེ་ལ་མཆོག་དགའ། རྟོག་པ་ཐམས་ཅད་དང་བྲལ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ། མཉམ་གཞག་ལ་དེ་ལྟར་འདུག་ཀྱང་། རྗེས་ཐོབ་ལ་སྣ་ཚོགས་སུ་སྣང་བ་ནི་དགའ་བྲལ་ལོ། །ཆོས་རྒྱ་བསྒོམ་པ་ནི་དེ་ལྟར་རྟོགས་ནས་ཅི་བསྒོམ་ཞེ་ན། [322a.4]དང་པོར་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པར་བསྒོམ་པར་བྱའོ། །དེ་རྟོག་པ་ལྷན་ཅིག་སྐྱེས་པ་ལ་ཐིམ་པ་དང་། ལྷན་ཅིག་སྐྱེས་པ་ཙམ་དུ་ཡང་ཡིད་ལ་མི་བྱ་བར་བསྒོམ་མོ། །ཡིད་ལ་མི་བྱེད་པ་ལས་རྟོག་པ་ཅི་སྐྱེས་པ་དེ་ཡང་སྔར་གྱི་ཡིད་ལ་མི་བྱེད་པ་དང་། གཉིས་ཐ་མི་དད་པར་བསྒོམ་ [322a.5]མོ། །གྲོགས་ལ་ལྔ་སྟེ། ཆུ་ཤས་ཆེན་རླུང་དུ་རོ་མཉམ་པ་དང་། རླུང་ཤས་ཆེན་སར་རོ་མཉམ་པ་དང་། ས་ཤས་ཆེན་མེ་རུ་རོ་མཉམ་པ་དང་། མེ་ཤས་ཆེན་ནམ་མཁར་རོ་མཉམ་པ་དང་། དེ་ལ་ཆུ་ཤས་ཆེན་ཤེས་པ་ལྕི་ཞིང་འདར་ན། རླུང་དུ་རོ་མཉམ་སྟེ། སྣང་པ་ལ་དཔྱད་ཅིང་སྐྱེ་མེད་དུ་བཞག། [322a.6]ཤེས་པ་རླུང་ལ་བསྐྱོན་ནས་ཤེས་པ་བཟེག་བཀུར་རོ། །རླུང་ཤས་ཆེན་ས་རོ་མཉམ་པ་ནི་ལྷན་ཅིག་སྐྱེས་བ་སྐྱེ། འགྲོ་འོང་མེད་པར་བརྟན་པར་གཞག་སྟེ། བདེ་སྟོང་དབྱེར་མེད་དུ་གློད་ལ་གཞག་གོ། །ས་ཤས་ཆེ་སྟེ་ལུས་སེམས་ཐོགས་པ་ཆེན་མེ་རོ་མཉམ་སྟེ། དུས་ཀྱི་སྣ་རྩེ་དྲན་པར་བྱ་ [322a.7]ཞིང་ཕྱི་ནང་མེད་པར་བདེ་བར་རོ་མཉམ་མོ། །མེ་ཤས་ཆེ་ན་ཤེས་པ་དགའ་བ་དང་། བདེ་བ་གཙོ་བྱེད་ན། ནམ་མཁའ་རོ་མཉམ་པ་སྟེ། ཅི་ཡང་ཡིད་ལ་མི་བྱེད་པར་གཞག་ཅིང་། རང་འབྱུང་གི་སྤྱོད་པ་མི་དགག་པར་རང་ཡན་དུ་གཏང་ངོ་། །མཆན་ཉིད་ལ་བདུན་ཏེ། [322b] [322b.1]སྣང་བ་སྐྱེ་མེད་དུ་ལོངས་སྤྱོད་པས་ལོངས་སྤྱོད་ཀྱི་ཡན་ལག་དང་། སྣང་སྟོང་ཐ་མི་དད་དུ་རྟོགས་པས་ཁ་སྦྱོར་གྱི་ཡན་ལག་དང་། ཐ་མི་དད་དུ་ཉམས་སུ་མྱོང་བའི་བདེ་བའི་ཡན་ལག་དང་། བདེ་སྟོང་དེ་དང་པོ་ནས་རང་ལ་ཡོད། ནམ་འདོད་ན་འབྱུང་བས་ཅི་འདོད་སྐྱེ་བའི་སྙིད་རྗེའི་ཡན་ལག་ [322b.2]དང་བདེ་བ་རང་ལ་རང་ཆས་སུ་དངོས་སུ་ལོངས་སྤྱོད་དུ་ཡོད་པས་དངོས་པོའི་ཡན་ལག་དང་། དོན་དེ་ཆུ་བོ་བཞིན་རྒྱུན་མི་འཆད་པས་རྒྱུན་མི་འཆད་པའི་ཡན་ལག་དང་། སྣང་བ་མི་འགོག་པར་འགོག་པ་མེད་པའི་ཡན་ལག་གོ། །དོན་ལ་སྣང་བ་མི་འགེགས་ལ་བརྟག་པ་མི་འགེགས་ [322b.3]པའོ། །རོ་མཉམ་པ་ལ་གསུམ་སྟེ། ཉམས་སུ་མྱོང་བ་འགྲིབ་ས་ན་སྣང་བ་བདེ་བར་རོ་མཉམ། རྟོགས་པ་འགྲིབས་ན་སྣང་བ་སྐྱེ་མེད་དུ་རོ་མཉམ། སྤྱོད་པ་འགྲིབས་ན་སྣང་བ་ཡིད་ལ་མི་བྱེད་པར་རོ་མཉམ་མོ། །ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བ་ལྔ་སྟེ། གནས་ལུགས་ [322b.4]དང་། སྒོམ་བ་དང་། སྒྲུབ་པ་དང་། སྤྱོད་པ་དང་། བསམ་མི་ཁྱབ་པའོ། །གནས་ལུགས་ལ་གསུམ་སྟེ། རྒྱུ་མཚན་གྱི་གནས་ལུགས་དང་། ལྟ་པའི་གནས་ལུགས་དང་། ངོ་བོའི་གནས་ལུགས་སོ། །རྒྱུ་མཚན་ཉིད་ཀྱི་གནས་ལུགས་ལ་གསུམ་སྟེ། [322b.5]ཕྱག་རྒྱ་ཆེན་པོའི་རིགས་པ་དང་། དྲི་མ་དང་བྲལ་བའི་འབྲས་བུར་རིགས་པ་དང་། དགག་བསྒྲུབ་དང་བྲལ་བའི་རིགས་པའོ། །ཕྱག་རྒྱ་ཆེན་པོར་རིགས་པ་ཡིན་ཏེ། ཕྱག་རྒྱ་དང་ཆེན་པོའོ། །ཕྱག་རྒྱ་ནི་མི་འདའ་བའི་དོན་གྱིས་ནི་ཕྱག་རྒྱ་སྟེ། དེ་ཡང་གསུམ་སྟེ་གནས་པའི་ཟུང་འཇུག་ [322b.6]དང་། ཁྱབ་པའི་ཟུང་འཇུག་དང་། ཡིན་པའི་ཟུང་འཇུག་ལས་མི་འདའ་བས་སོ། །ཆེན་པོ་ནི་གསུམ་པོ་ལས་མཆོག་ཏུ་གྱུར་བས་ན་ཆེན་པོའོ། །དེ་ཡང་དྲི་མ་དང་བྲལ་བར་རིགས་པ་ནི་གཉིས་ཏེ། སྐད་ཅིག་མ་གསུམ་དང་། དགའ་བ་གསུམ་གྱི་དྲི་མ་དང་བྲལ་བའོ། །གོང་མ་ [322b.7]གསུམ་ནི། སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་ཉེད་དང་གསུམ་གྱི་དྲི་མ་དང་བྲལ་ལོ། །གཉིས་པ་ནི་དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་གྱི་དྲི་མ་དང་བྲལ་བའོ། །དགག་བསྒྲུབ་དང་བྲལ་བར་རིགས་པ་ནི། རང་གི་ལྟ་བ་མི་སྒྲུབ་ཅིང་། གཞན་གྱི་ལྟ་ [323a] [323a.1]བ་མི་འགེགས་པས་སོ། །ལྟ་བའི་གནས་ལུགས་ལ་གསུམ་སྟེ། རེ་བ་གསུམ་དཔྱད་པ་དང་། ཆོས་ལྔ་དང་ལྡན་པ་དང་། སྐུ་བཞི་ངང་གིས་རྫོགས་པའོ། །རེ་བ་གསུམ་དཔྱད་པ་ནི་གཉེན་པོའི་རེ་བ་དང་། དེ་ཁོ་ན་ཉིད་ཀྱི་རེ་བ་དང་། འབྲས་བུའི་རེ་བའོ། ། [323a.2]ཆོས་ལྔ་ནི་སྐྱེ་བ་མེད་པ་དང་། རང་བཞིན་མེད་པ་དང་། ཀུན་ལ་ཁྱབ་པ་དང་། དུས་ཐམས་ཅད་པ་དང་། མི་འགྱུར་བའོ། །སྐུ་བཞི་ངང་གིས་རྫོགས་པ་ནི་ཅི་ཡང་མ་ཡིན་པའི་ཤེས་པ་སྒྲོ་སྐུར་གྱིས་དབེན་པ་ནི་ཆོས་སྐུ། དེ་ཉིད་ཉམས་སུ་མྱོང་བ་ལོངས་སྐུ། དེ་ཉིད་སྣ་ཚོགས་སུ་སྣང་བ་སྤྲུལ་སྐུ། དེ་གསུམ་ [323a.3]དབྱེར་མེད་ངོ་བོ་ཉིད་ཀྱི་སྐུའོ། །ངོ་བོ་ཉིད་ཀྱི་གནས་ལུགས་ལ་གསུམ་སྟེ། ལྷུན་གྱིས་གྲུབ་པའི་དུས་དང་། ཟུང་དུ་འཇུག་པའི་དུས་དང་། བསམ་གྱིས་མི་ཁྱབ་པའི་དུས་སོ། །དེ་ཡང་ལྷུན་གྱིས་གྲུབ་པའི་དུས་ནི། གདོད་མ་ནས་གནས་པ་ནི་གདེང་རྙེད་པ་སྟེ། རེ་དོགས་དང་ [323a.4]བྲལ་བའོ། །བསམས་མི་ཁྱབ་པ་ནི་ལྷུན་གྱིས་གྲུབ་པ་དེ་ཉམས་སུ་བླངས་པས་མཉམ་རྗེས་གཉིས་རྒྱུན་འདྲེས་ནས་བསྒོམ་མི་དགོས་པ་ལ་བྱ་སྟེ། ཡེ་ཤེས་པའི་མུ་དང་བྲལ་བའོ། །ཟུང་དུ་འཇུག་པའི་དུས་ནི། སྣང་བ་སེམས་ལ་ཐིམ་པའི་དུས་དེ་གཟུགས་སྐུ་གཉིས་འཆར་ཀ་མ་ [323a.5]དེའོ། །བསྒོམས་པ་ལ་གཉིས་ཏེ། དང་པོར་དཔྱོད་པ་དང་ཉམས་སུ་བླངས་པའོ། །དཔྱོད་པ་ལ་གསུམ་སྟེ། རྟོགས་པ་ཐམས་ཅད་རྐྱེན་གཞན་ལ་བརྟེན་ནས་སྐྱེས་པར་དཔྱད་པ་དང་། རྐྱེན་ལས་སྐྱེས་པ་དེ་ཡང་སྐྱེ་བ་མེད་པར་དཔྱད་པ་དང་། སྐྱེ་མེད་དེ་ཡང་ཅི་ཡང་མ་ཡིན་པར་དཔྱད་ [323a.6]པའོ། །ཉམས་སུ་བླངས་པ་ལ་གསུམ་སྟེ། དང་པོ་རྩོལ་བསྒྲུབ་དང་བྲལ་ཏེ་ལུས་སེམས་ཁོང་གློད་པ་དང་། བར་དུ་ཐེ་ཚོམ་མེད་དེ་སེམས་མ་བཅོས་པར་གཞག་པ་དང་། ཐ་མ་བྱུང་ཚོར་ཐམས་ཅད་མེད་དུ་ཤེས་པར་བྱའོ། །བསྒྲུབ་པ་ལ་གཉིས་ཏེ། སྒྲུབ་པ་དང་། [323a.7]བསྒྲུབ་པའི་ཁྱད་པར་རོ། །བསྒྲུབ་ལ་གསུམ་སྟེ། རྟོགས་པ་ཅི་སྐྱེས་པ་ཐམས་ཅད་སྐྱེ་བ་མེད་པ་ཉིད་སྐྱེས་པས་ཤེས་པ་མི་དགག་པ་དང་། བདེ་སྟོང་དབྱེར་མེད་ཉམས་སུ་མྱོང་བས་ཉོན་མོངས་དང་གཉེན་པོར་མི་བསམ་ཞིང་འབྲས་བུ་ལ་རེ་བ་མེད་བར་གཞག་པ་དང་། ཅིར་ [323b] [323b.1]སྣང་ཕྱག་རྒྱ་ཆེན་པོ་ཡིན་པས་ཆུ་བོ་བཞིན་དུ་རྒྱུན་མི་འཆད་པར་སྒོམ་པའོ། །སྒྲུབ་པའི་ཁྱད་པར་ནི་གསུམ་སྟེ། བདེ་སྟོང་དབྱེར་མེད་ཉམས་སུ་མྱོང་བས་བཏང་སྙོམས་ཀྱི་རྙོག་པ་བཅད་པ་དང་། ལུང་དང་རིགས་པའི་སྟེང་དུ། བླ་མའི་གདམས་ངག་ཡོད་པས་མ་རྨོངས་པའི་ཁྱད་པར་ [323b.2]དང་། རྒྱུ་ཐ་མལ་གྱི་དུས་ན་འབྲས་བུ་ཡེ་ཤེས་ལ་སོགས་པ་རང་ཆས་སུ་ཡོད་པས་མ་རྨོངས་པའི་ཁྱད་པར་རོ། །རྟགས་ལ་གསུམ། སྣང་བ་སྟོང་པར་མྱང་བའི་རྟགས་ཆབ་རོམ་མཐོང་བ་ལྟ་བུ། དེ་ནས་བདེ་སྟོང་དབྱེར་མེད་དུ་མྱོང་བའི་རྟགས་ཆབ་རོམ་ཆུ་རུ་འདུག་པ་ [323b.3]ལྟ་བུ་དང་། གསུམ་པ་སྣང་བ་སེམས་ལ་ཐིམ་པའི་རྟགས་ཆབ་རོམ་ཆུ་ལ་ཞུབ་བཞིན་དུ། བདེ་ཆེན་དུ་རོ་གཅིག་གོ། །སྤྱོད་པ་ལ་ལྔ་སྟེ། འགྲས་འགྲིབ་མེད་པ་ལམ་པོ་ཆེ་ལྟ་བུ་དང་། ཕྱོགས་ཆ་མེད་པར་རྟེན་པས་གཞི་ལྟ་བུ་དང་། དགེ་སྡིག་མེད་པར་གླང་པོ་ཆེ་ [323b.4]སྨྱོན་པ་ལྟ་བུ་དང་། རེ་དོགས་མེད་པ་སེང་གེ་ལྟ་བུ་དང་། ཁྱབ་ལ་མ་ཞེན་པ་ཉི་མ་ལྟ་བུའོ། །བསམ་གྱིས་མི་ཁྱབ་པ་གཉིས་ཏེ། ཉམས་སུ་མྱོང་བ་བསམ་གྱིས་མི་ཁྱབ་པ་དང་། ཉམས་སུ་མྱོང་བའི་ཤེས་པ་བསམ་གྱིས་མི་ཁྱབ་པའོ། །དེ་ལ་གསུམ་ལྷུན་གྱིས་ [323b.5]གྲུབ་པའི་ངོས་མི་འཛིན་པ་ཉམ་མི་ང་བའོ། །བསམ་གྱིས་མི་ཁྱབ་པ་ལ་དངོས་སོ། །དངོས་ནི་རྒྱུ་བསམ་དུ་མེད་པ། ཐབས་བསམ་གྱིས་མི་ཁྱབ་པ། འབྲས་བུ་བསམ་ཤིང་རང་འབྱུང་བའོ། །ཉམས་སུ་མྱོང་བ་བསམ་གྱིས་མི་ཁྱབ་པ་ལ་དཔེ་ལྟ་བུའི་རྟོག་པ་ཉི་ཤུ་སྟེ་གང་ཞེ་ན། [323b.6]འདི་ལྟ་སྟེ། དཔེར་ན་ཐམས་ཅད་གསེར་གྱི་ས་གཞིར་གྱུར་ན། །ར་གན་དང་། གསེར་གཉིས་དབྱེར་མེད་པ་ལྟར། ཐམས་ཅད་བདེ་སྟོང་ཆེན་པོར་རྟོགས་ཙམ་ན། ཀུན་རྫོབ་དང་། དོན་དམ་དུ་མི་དབྱེ། འཇུར་དུ་གློད་ན་གྲོལ་བ་བཞིན། །རྣལ་འབྱོར་གྱི་སེམས་ [323b.7]གློད་ན་གྲོལ། ཁྲི་མོན་ནས་ཤོར་བའི་བཙོན་དེ་གར་དགར་འགྲོ་བ་བཞིན། རྣལ་འབྱོར་གྱི་སེམས་གར་དགར་གཏང་། གཟིངས་ལས་འཕུར་བའི་བྱ་རོག་བཞིན་དུ་ཡུལ་ལས་འཕྲོས་པའི་སེམས་མི་དགུག །གླང་པོ་སྨྱོན་པའི་སྣ་ལ་ལྕགས་ཀྱུས་བཏབ་པ་ལོངས་སྐྱང་དུ་བཏུབ་ [324a] [324a.1]པ་བཞིན་དུ་ཡུལ་སྣ་ཚོགས་ལ་སྐྱེ་མེད་ཀྱི་ལྕགས་ཀྱུས་བཏབ་ལ། འདོད་ཡོན་དུ་ལོངས་སྤྱད། གླང་པོ་ཆེ་སྨྱོན་པ་ལོབ་པའི་སེམས་དེ་བདེ་ཞིང་དལ་བ་བཞིན་དུ་རྣལ་འབྱོར་གྱི་སེམས་བདེ་ཞིང་དལ་བར་གཞག །སྤྲ་བ་ལ་མེ་མཆེད་པ་བཞིན་དུ། སྣང་བ་ [324a.2]སྐྱེ་མེད་དུ་མེ་སྦར། གཞོན་ནུ་མའི་བདེ་བ་བཞིན་དུ། ཉམས་སུ་མྱོང་བ་ལ་སྨྲར་མེད། ལན་ཚྭ་ལ་ཆུ་ཐིམ་པ་བཞིན་དུ། རྟོགས་པ་ཅི་སྐྱེས་པ་སྐྱེ་བ་མེད་དུ་བསྟིམ། མར་མེ་རང་གིས་རང་གསལ་བ་བཞིན་དུ། བདེ་བ་ཆེན་པོ་དེ་རང་གིས་རང་གསལ། བྱས་སྲི་ཀོ་ནི་དེ་རྟེན་གང་ལ་ [324a.3]ཡང་མི་འཆའ་བ་བཞིན་དུ། ཕྱག་རྒྱ་ཆེན་པོ་དེ་རྟེན་གང་ལ་ཡང་མི་འཆའ། སྲོག་ཆགས་པ་ཏ་ར་ལ་བླང་དོར་མེད་པ་བཞིན། རྣལ་འབྱོར་པ་ལ་བླང་དོར་མེད་པར་བྱ། སྨན་བྷ་ཏ་རི་བཞིན་རྒྱུའི་དུས་ན་འབྲས་བུ་རང་ཆས་སུ་ཡོད། ཁྱིམ་བདག་གི་མཚོན་ཆའི་འཁོར་ལོ་བཞིན་ [324a.4]དུ། ཉམས་སུ་མྱོང་བ་ལ་གཉིས་འཛིན་མེད། ཆུ་བོ་རྒྱུན་མི་ཆད་པ་བཞིན། ཉམས་སུ་མྱོང་ལ་རྒྱུན་མི་ཆད་པ་བསྒོམ། འདོད་ཡོན་ཟས་ཀྱི་སྣོད་བཞིན་དུ། འདོད་ཡོན་ལ་ཞེན་པ་མེད་པར་བྱ། བྱ་རྒོད་ཕུང་པོའི་རི་བོ་བཞིན། ཤེས་པ་ལ་འབྱུང་འཇུག་མེད་པར་གཞག ། [324a.5]ནམ་མཁའ་སྟོང་པའི་དཀྱིལ་བཞིན་དུ། གྲུབ་མཐའ་ལ་ཞེ་འདོད་མེད་པར་བྱ། རྒྱ་མཚོ་ཆེན་པོ་དེ་མི་གཡོ་བ་ལྟར། ཟབ་ཅིང་རྒྱ་ཆེ་བའི་དོན་དེ་མི་གཡོ་བར་བྱའོ། །ཆུའི་གཟུགས་བརྙན་ལྟར་དུ་རྣལ་འབྱོར་པས་གཟུགས་བརྙན་ལྟར་དུ་རྟོགས་པར་བྱའོ། །གདམས་པ་ལ་ངེས་ [324a.6]ཤེས་ཀྱེས་པའི་ཚུལ་ལ་བཞི་སྟེ། ཕྱག་རྒྱ་བཞིའི་ངོ་བོ་དང་། རྒྱུས་དགོས་པར་གོ་བ་དང་། དེ་ཉིད་བརྡར་ཤེས་པ་དང་། བདག་ཉིད་གཞུང་དུ་བསྟན་པའོ། །གསུམ་པ་བརྡར་ཤེས་པར་བྱ་བ་ལ་བཞི་སྟེ། ལས་ཀྱི་ཕྱག་རྒྱ་བྱང་ཆུབ་ཀྱི་ཤིང་ལྟར་བཤད་པ་དང་། [324a.7]ཆོས་ཀྱི་ཕྱག་རྒྱ་གསེར་གྱི་འཁོར་ལོ་ལྟར་བཤད་པ་དང་། ཕྱག་རྒྱ་ཆེན་པོ་ཤིང་ནྱ་གྲོ་དྷ་ལྟར་བཤད་པ་དང་། དམ་ཚིག་གི་ཕྱག་རྒྱ་ཨ་རུ་རའི་སྙིང་པོ་ལྟར་བཤད་པའོ། །དེ་ཡང་བྱང་ཆུབ་ཀྱི་ཤིང་དང་། ལས་ཀྱི་ཕྱག་རྒྱ་ལ་འབྲེལ་པ་ཅི་ཡོད་ཅེ་ན། ཧེ་རུ་ [324b] [324b.1]ཀ་བཟང་པོའི་རྒྱུད་ལས། རིག་མ་མཆན་དང་ལྡན་ཞིང་ལང་ཚོ་གཞོན། །བྱང་ཆུབ་སེམས་ཀྱིས་གང་བའི་དང་ཚུལ་ནི། །བྱང་ཆུབ་ཤིང་གི་སྡོང་པོ་ཡལ་འདབ་ལ། །ཤིན་ཏུ་འཇམ་ཞིང་མཉེན་ལའི་མས་གང་། །དཀར་པོ་ལྔ་ཚན་གསུམ་དུ་སྐྱེས་འགྱུར་ཏེ། ། [324b.2]ནག་པོའི་ངོས་གཉིས་དཀར་པོ་གཅིག་ཏུ་འབར། །བཅུ་ཚན་བཅུ་དང་ལྔ་ནི་འབྲས་བུར་གནས། །ནག་པོའི་ཕྱེ་མ་ཐིག་ལེ་གཅིག་འབབ་པ། །གང་གིས་འཐུངས་པས་ནད་ཀུན་རྣམ་པར་འཇོམས། །དེ་ལྟར་ལས་ཀྱི་ཕྱག་རྒྱ་རྟོགས་པ་ཅན། ། [324b.3]བསྟེན་ཞིང་ལྷན་ཅིག་སྐྱེས་པ་དྲན་པ་ཡིས། །ལས་ཀྱི་ཕྱག་རྒྱ་བདེ་བར་ཆེར་སྐྱེས་ཏེ། །སྦྱངས་ལ་གནས་པའི་འབྲས་བུ་སྨིན་པ་ནི། །རྟོགས་དང་ལྡན་པའི་ཧེ་རུ་ཀ་ཉིད་ཕྱིར། །རྣལ་འབྱོར་བརྡ་ལ་རབ་ཏུ་མཁས་རྣམས་ཀྱི། །སྤྱོད་ཡུལ་ཡིན་ཕྱིར་བྱང་ཆུབ་ཤིང་ [324b.4]གཟུང་བྱ། །ཞེས་འབྱུང་བའི་ཕྱིར་རོ། །འཁོར་ལོ་དང་། ཆོས་རྒྱལ་འབྲེལ་པ་ཅི་ཡོད་ཅེ་ན། སློབ་དཔོན་ཀཱ་མ་ལའི་ཞལ་ནས་གསུངས་ཏེ། རྒ་ཤི་རྣམ་རྟོག་གཟུང་འཛིན་རྣམ་རྟོག་གཅོད། །མུ་ཁྱུད་ལྟ་བུའི་རྟོགས་པ་ཉམས་སུ་བླངས། །རྩིབས་རྣམས་མཉམ་ [324b.5]པར་རྟོགས་པ་རོ་མཉམ་སྟེ། །མཚན་ཉིད་གསེར་གྱི་རང་བཞིན་དང་འདྲ་ལ། །བདེ་སྟོང་གཉིས་མེད་ཤེས་པ་ཆ་སྙོམས་པ། །འཁོར་ལོའི་ངོས་གཉིས་ཁོར་ཡུག་མཉམ་པ་བཞིན། །ཞེས་འབྱུང་བས་སོ། །ཕྱག་རྒྱ་ཆེན་པོ་དང་། ཤིང་ནྱ་གྲོ་དྷ་ལ་འབྲེལ་པ་ཅི་ [324b.6]ཡོད་ཅེན། འཇམ་དཔལ་ལུང་བསྟན་པ་ལས། ནྱ་གྲོ་རྩེ་མཐོན་ཤིང་རྣམས་ཡལ་ག་དང་། །སྡོང་པོ་དྲི་མ་དག་གིས་དབེན་པ་སྟེ། །ཐང་ཆུ་རྩི་འཐུངས་ཚ་གྲང་གཉིས་ཀ་སེལ། །རྩ་བཟངས་སྦོམ་དང་ཡན་ལག་དུ་མ་རྒྱས། །ས་ཕྱོགས་དུག་སེལ་དུས་རྣམས་ཀུན་དུ་ [324b.7]གསར། །ཆུ་ཞེང་གབ་པ་དབྱར་དགུན་མེད་པར་སྐྱེ། །ས་ཕྱོགས་ཁོར་ཡུག་དྲི་ཡིས་ཁྱབ་པར་སྐྱེ། །འབྲས་བུ་མེ་ཏོག་སིལ་མའི་ཆུ་འབབ་པ། །ཡལ་ག་གཅིག་ལས་གོམ་གསུམ་མཉམ་དུ་འཆར། །དེ་དག་རྒྱས་པར་སྐྱེ་ཞིང་མེ་ཏོག་འབྲས། །མཉམ་ [325a] [325a.1]དུ་འཆར་པའི་ཤིང་དེ་རོ་ཡིས་སྐྱེས། །རོ་དེ་སྐྱེད་བར་ནུས་བ་མ་ཡིན་ཏེ། །དེ་ཉིད་ཚོགས་པ་རྒྱུ་རྐྱེན་རྣལ་མ་སྟེ། །ལུད་དང་མ་འདྲེས་ཆུ་ཡིས་མ་བསྒྲུབས་པའོ། །དེ་དག་གང་ཡིན་ཞེ་ན། བསྟན་པར་བྱ་སྟེ། འཁྲུལ་དང་མ་འཁྲུལ་གཉིས་མེད་ [325a.2]ཅིར་ཡང་མིན་པའི་རྟོགས་པ་ལྷུན་གྱིས་གྲུབ་ན་བདེ། །འདི་ལ་བརྟག་མི་དགོས་པས་ལས་དང་བྱ་བ་མ་སེམས་ཐམས་ཅད་བཏང་ན་ཕྱག་རྒྱ་ཆེ་ཞེས་བྱ་བ་ལ། འཁྲུལ་དང་ཞེས་པ་ནི། ཉོན་མོངས་པ་སྟེ། སྤང་དུ་མེད་པའོ། །མ་འཁྲུལ་ཞེས་པ་ནི་ཡེ་ཤེས་ཏེ། [325a.3]བསྟན་དུ་མེད་པའོ། །གཉིས་མེད་ཉམས་སུ་མྱོང་བ་སྟེ། ཡིད་ལ་བྱར་མེད་པའོ། །ཅིར་ཡང་མིན་པའི་རྟོགས་པ་ནི་འབྲས་བུ་སྟེ་རེ་བ་དང་བྲལ་བའོ། །དེ་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་བའི་བདེ་བ་ཉིད་ཀྱིས་སོ། །མན་ངག་གི་ཕྱག་རྒྱ་ཆེན་པོ་འདི་ལ་གང་དུ་ཡང་ [325a.4]བརྟག་མི་དགོས་པའོ། །ཁྱད་པར་ནི་དགེ་པའི་ལས་དང་། སྡིག་པའི་ལས་ཀྱི་རྒྱུད་དང་། རྣམ་པར་སྨིན་པ་དང་བྲལ་བའོ། །ཐབས་ནི་བྱ་བ་དང་བྲལ་བ་སྟེ། མ་སེམས་ཤིག་པའོ། །འབྲས་བུའི་མངོན་པར་ཞེན་པ་དང་། གཉིས་པ་རྟགས་ཐམས་ཅད་བཏང་ན་ཕྱག་རྒྱ་ [325a.5]ཆེན་པོ་སྟེ། བཅུ་བཞི་པའི་སའོ། །གང་དེ་ཁོ་ན་ཉིད་བཅུ་པ་ལ་སོགས་པ་ལ་དོན་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བསྒྲུབ་བྱ་བསྒྲུབ་པའི་དུས་ནི་བཀག་པ་ཡང་མེད་དེ་ལམ་དུ་འགྱུར་བར་བཤད་དོ། །བསྒྲུབ་བྱ་གྲུབ་པའི་དུས་སུ་ནི། །དྲི་མ་ཡིན་པའི་ཕྱིར་ཆེད་དུ་མི་ [325a.6]བསྒྲུབ་ས་ལ་ཐམས་ཅད་དེ་ཁོ་ན་ཉིད་དུ་འདུས་པའི་ཕྱིར་རོ། །དེ་ཡང་བསྟན་པར་བྱ་སྟེ། གཞན་ཡང་། ལྷ་དང་སྔགས་མེད་དཀའ་ཐུབ་སྦྱིན་སྲེག་ཡོད་མ་ཡིན། །དཀྱིལ་འཁོར་མ་གྲུབ་དཀྱིལ་འཁོར་པ་ཡང་དེ་བཞིན་ཏེ། །ཞེས་བྱ་བ་ནི་གོང་དུ་བཤད་པར་ཟད་ལ་ [325a.7]ལྡན་པའི་དོན་ནོ། །ཕྱག་རྒྱ་ཆེན་པོ་དེ་དག་ལྷ་དང་སྔགས་དང་དཀའ་ཐུབ་སྟེ། །སྦྱིན་སྲེག་དཀྱིལ་འཁོར་དཀྱིལ་འཁོར་པ་ཡང་དེ་ཉིད་དོ། །མཉམ་པ་གཉིས་མེད་ཇི་བཞིན་པར་ནི་འདུས་པའི་བདག །གང་གིས་རྟོག་པ་གྲོལ་འགྱུར་གྲོལ་བར་རྡོ་རྗེ་འཆང་གིས་བཤད། ། [325b] [325b.1]ཅིས་བྱ་བ་ལ། རྒྱུད་ཀྱི་ཚོགས་གཞན་གྱིས་གཏན་ལ་དབབ་པར་བྱ་སྟེ། གསུང་རབ་ལས། སྐུ་བཞི་དབྱེར་མེད་ཕྱག་རྒྱ་ཆེ། །ཆོས་སྐུ་དེ་དག་ལྷན་ཅིག་སྐྱེས། །ཞེས་པ་དང་། གཞན་ཡང་། ཤེས་རབ་སྙིང་རྗེ་ཉེར་བཅས་དང་། ཟེ་བཾ་ཀཱ་ལི་ཨཱ་ལི་སྔགས། །ཞེས་པ་དང་། གཞན་ [325b.2]ཡང་། སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཨེ་བཾ་ལ་ནི་རབ་ཏུ་ཞུགས། །ཞེས་པ་དང་གཞན་ཡང་། །སེམས་ལ་བདེ་ཆེན་འབྱིན་པ་ཡིས། །འཁོར་བ་དེ་མ་ཐག་ཏུ་སྲེག །ཅེས་པ་དང་། གཞན་ཡང་། བདེ་སྟེང་གཉིས་མེད་སྙིང་པོ་ལ། །ཡིད་ལ་མི་བྱེད་དེ་ལེན་བྱེད། །ཅེས་པ་དང་། [325b.3]གཞན་ཡང་། གཉིས་སུ་མེད་པའི་དཀྱིལ་བཅས་པ། །རོ་སྙོམས་གསུམ་བྱས་སྒྲུབ་པ་པོ། །ཞེས་པ་དང་། གཞན་ཡང་། ཆུ་རྣམས་རྒྱ་མཚོར་ལན་ཚྭའི་རོ། །ཆོས་རྣམས་བདེ་ཆེན་མཉམ་པ་ཉིད། །ཅེས་པ་དང་། གཞན་ཡང་། ཆུ་དང་ཆུ་གཉིས་དབྱེར་མེད་ལྟར། །འཁོར་བ་ [325b.4]ཉིད་ནས་རྫོགས་སངས་རྒྱས། །ཞེས་པ་དང་། གཞན་ཡང་། བྱང་ཆུབ་སེམས་ཀྱི་ཆུ་བོ་ཉིད། །ཇི་བཞིན་པར་གཞན་རྒྱུ་མི་འཆད། །ཅེས་པ་དང་། གཞན་ཡང་། ལས་དང་ཆས་དང་དམ་ཚིག་རྣམས། །བཞི་པའི་དབང་ཐོབ་མྱོང་བར་འདུས། །གང་གིས་བདག་ཉིད་དེ་རྟོགས་པ། ། [325b.5]འདས་པ་གྲོལ་ཞིང་གཉིས་གྲོལ་འགྱུར། །རྡོ་རྗེ་འཆང་མཆོག་ཧེ་རུ་ཀ །ངེས་པའི་རྒྱུད་རྒྱལ་བཤད་པ་ཡིན། །ཞེས་བྱ་བས་གསལ་བའི་ཕྱིར་རྟོགས་པར་བྱའོ། །ཚོགས་ཐ་མའི་དང་པོ་གསལ་བར་བྱ་བ་ནི། །ཆོས་རྣམས་ཐམས་ཅད་བདེ་བ་ཆེན་པོར་གཅིག་པ་མཉམ་པ་གཉིས་སུ་མེད་པ་ཉིད་དོ། ། [325b.6]ཇི་བཞིན་པ་ནི་བྱང་ཆུབ་ཀྱི་སེམས་སོ། །འདུས་པའི་བདག་ཉིད་ཆོས་ཀྱི་ཕྱག་རྒྱ་དང་། །ཕྱག་རྒྱ་ཆེན་པོའི་དབང་བཞི་པའི་དུས་ཀྱི་ཡེ་ཤེས་གསུམ་འདུས་པས་སོ་ཞེས་བྱ་བ་ནི་བསྡུས་པ་དམ་ཚིག་གི་ཕྱག་རྒྱའོ། །དམ་ཚིག་གི་ཕྱག་རྒྱ་སྐྱེས་བུ་བྱེད་པའི་འབྲས་བུ་ནི། སྔོན་གྱི་སྐྱེས་བུ་རྣམས་ཀྱིས་བྱས་པ་ [325b.7]དང་། མ་འོངས་པའི་དུས་སྐྱེས་བུའི་འབྲས་བུར་བཅས་པ་དང་། ངེས་པར་སྦྱང་བའི་མཐུ་ལས་བྱུང་བའི་སྐྱེས་བུས་བྱེད་པ་སྟེ། འབྲས་བུ་ནི་གཞན་གྱི་དོན་ཏོ་ངེས་པྲ་བསྟན་པ་སྟེ་ཞེས་པ་ནི། རྒྱུ་འབྲས་ཀྱི་འབྲེལ་པ་མ་བསླུས་པའི་དོན་ཏོ། །བཞི་པ་ནི་གསུམ་པ་ལ་ལྟོས་པའོ། །བྱང་ཆུབ་མཆོག་རྒྱ་འཛིན་པ་དང་། [326a] [326a.1]ས་གནོན་མཆོག་སྦྱིན་ཏིང་འཛིན་སྐྱབས། །གཞན་དང་མཐུ་ལས་གྲུབ་པ་ཡི། །འགྲོན་མཆོག་ཏུ་འཛིན་པའོ། །ནྲེ་རོ་ཨེ་ཧྲཱི། སམ་དོ་ཀ་ཨེ་བོ་བྷྲ་བྷུ་ཧ། དེ་དག་ནི་དམ་ཚིག་གི་ཕྱག་རྒྱའི་བཤད་པའོ། །དེ་ལྟར་ཕྱག་རྒྱ་བཞིའི་བྱེ་བྲག་དེ་དག་སྐད་ཅིག་བཞི་དང་དགའ་བ་བཞི་དང་། [326a.2]དབང་བཞིར་སྦྱར་བར་བྱའོ། །ཕྱག་རྒྱ་ཆེན་པོ་མ་ཡིན་གསུམ་གྱི་རེ་རེ་ཞིང་། །སྐད་ཅིག་མ་བཞི་བཞིར་ཤེས་བར་བྱའོ། །དེ་སྐྱེད་པའི་རྒྱུ་འབྲས་ནི་མ་ཡིན་ལ་ལྟོས་པའི་རྒྱུ་འབྲས་སུ་ཤེས་པར་བྱའོ། །དེ་ནི་ཕྱག་རྒྱ་བཞི་ཤིན་ཏུ་བསྡུས་པའི་དོན་ཏོ། །དེ་ལྟར་གཞུང་གི་དོན་བཤད་ནས། །མཚན་འཇུག་གི་དོན་ [326a.3]དུ་བཤད་པ་ནི། །ཧཾ་ཕྱག་རྒྱ་བཞིར་རྗེས་སུ་འགྲོ་བ་དྲུག་པ་ཞེས་བྱ་བ་ལ། །ཧཾ་ནི་ལྷན་ཅིག་སྐྱེས་པའི་ནུས་པ་དང་བཅས་པ་སྟེ། ཨ་བ་དྷཱུ་ཏཱིའི་རྩེ་མོ་བདེ་ཆེན་གྱི་འཁོར་ལོའི་དཀྱིལ་ན་གནས་ཏེ། ལུས་ཐམས་ཅད་དེར་འདུས་ཤིང་དེའི་ནུས་པ་ལས་མི་འདའ་བ་བཞིན་དུ་ནོར་བུ་ལྟ་བུའི་ཕྱག་རྒྱ་བཞིར་རྒྱུད་སྡེ་རྣམ་པ་ལྡ་འདུས་ [326a.4]ཤིང་དེ་ཉིད་ལས་མི་འདའ་སྟེ། དེ་དག་ནི་མཆོག་ཏུ་གྱུར་བ་གཅེས་པར་བྱ་བའི་ཐ་ཚིག་གོ། །སངས་རྒྱས་གསུངས་ལས་རབ་ཏུ་ལུང་བསྟན་པའི། །ནཱ་གཱ་རྫུན་མཆོག་ལས་རྙེད་པའི་དོན། །སར་བ་དང་རྒྱལ་བ་མཆོག་ལས་འོངས། །རྗེ་བཙུན་མཆོག་གིས་འདི་སྐྱོན་བཟོད་པ་མཛོད། །ཕ་དང་མ་ཡི་རྒྱུད་ལས་འདི་ [326a.5]རྟོགས་ཤིང་། །ཤེས་རབ་སྙིང་རྗེ་བཅས་པས་དོན་འདི་བརྩམས། །རིན་ཆེན་སྙིང་པོ་ཞེས་བྱའི་འགྲེལ་པ་འདིས། །ཡིད་ཕམ་ངལ་སོས་མངོན་པར་རྒྱལ་གྱུར་ཅིག་ཆོས་འདི་བྱས་པའི་བསོད་ནམས་ཀྱིས། །འཁོར་གནས་འདི་ན་འཁྱམས་གྱུར་པའི། །འགྲོ་རྣམས་ལས་འདིས་སྦྱངས་གྱུར་ཏེ། བཅུ་བཞིའི་ས་ལ་ [326a.6]གནས་པར་ཤོག །ཕྱག་རྒྱ་བཞིའི་རྒྱ་ཆེར་འགྲེལ་བ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ། །རྒྱ་གར་གྱི་མཁན་པོ་མཁས་པར་གྲགས་པ་བླ་མ་བྷི་ཏ་ཀརྨས་མཛད་པ་རྫོགས་སོ།། །།རྣལ་འབྱོར་བ་བསོད་སྙོམས་པ་པྲཛྙཱ་ཤྲི་ཛྙཱན་ཀཱི་རྟིས་རང་འགྱུར་དུ་བྱས་པའོ།། །།རྗེ་བཙུན་བྷི་ཏ་ཀརྨ་དེ་ཉིད་མཚན་ཉིད་ [326a.7]མཛད་པའི་སྐབས་སུ་སློབ་དཔོན་ཆེན་པོ་ཀ་རོ་པ་ཞེས་ཀྱང་གྲགས་སོ། །རྣལ་འབྱོར་མཛད་པའི་སྐབས་སུ། །ད་ཀ་རོ་ཟན་ཞེས་བྱ་བར་གྲགས་སོ། །སྤྱོད་པ་མཛད་པའི་སྐབས་སུ། །ཕྱོགས་ཀྱི་གོས་ཅན་ཞེས་བྱ་བར་གྲགས་སོ།། །།