Derge Tengyur

- Annotations   ·   No Other Contributors   ·   Out of copyright

[1a] [1b] [1b.1]{T1903}༄༅༅། །རྒྱ་གར་སྐད་དུ། ཨརྒྷ་བི་དྷི། བོད་སྐད་དུ། ཨརྒྷའི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱལ་བ་རྣམ་འཕྲོ་ཤིན་ཏུ་རྣམ་རྒྱལ་བྱང་ཆུབ་པ། ། [1b.2]རིག་མའི་ལུས་སྦྱོར་ལས་སྐྱེས་བདེ་བས་ཤིན་ཏུ་ཁྱབ་པའི་སྐུ། །འཁྲུལ་པ་མ་ལུས་སྤངས་ཤིང་འགྲོ་བ་རྣམས་ཀྱི་དོན་མཛད་ལ། །ཕྱག་བྱས་ནས་ནི་འདུས་པའི་གཞུང་གི་ཨརྒྷའི་ཆོ་ག་བཤད། །གཙུག་ [1b.3]ལག་ཁང་དང་མཆོད་རྟེན་རས་རིས་གསུང་རབ་སྐུ་གཟུགས་དང་། །ཁང་བཟངས་གཞལ་མེད་ཁང་དང་ཁྱམས་དང་རྫིང་བུ་ཝ་ཆུ་རྣམས། །ཁྲོན་པ་ཆུ་མིག་ཤིང་བཟངས་ལྗོན་ཤིང་རྣམས་ཀྱི་ནགས། །རྩེད་མོའི་ [1b.4]དེའུ་སྐྱེད་མོས་ཚལ་ནི་སྦྱིན་པའི་ས་ལ་མདོར་བསྡུས་ནའོ། །དེ་ལ་ཐོག་མ་ཉིད་དུ་སློབ་དཔོན་གྱི་མཚན་ཉིད་དང་ལྡན་པའི་སློབ་དཔོན་གཞན་གྱིས་མཎྜལ་སྔོན་དུ་སོང་བས་ལན་གཉིས་སམ་གསུམ་གསོལ་བ་ [1b.5]བཏབ་པས་སམ། རང་ཉིད་བསོད་ནམས་འདོད་པ་ལ་སོགས་པས་གཙུག་ལག་ཁང་བརྩིག་པའི་ཕྱིར་བགྲོས་པས་ཉིན་ཞག་དགེ་བ་རྒྱུ་སྐར་བཟང་པོ་ལ་ཐོ་རངས་ཀྱི་དུས་སུ་ས་བརྟག་པར་བྱའོ། །ཙིཉྩ་སྐྱེར་པ་ [2a] [2a.1]བ་ཧུར་རམས་ཤིང་དང་། །ཀོ་པི་ད་ར་ཀ་རཉྫ་དང་ཡུངས་ཀར་དགོད། །རི་ཡི་ཟེའུ་འབྲས་བུར་བཅས་དང་རུས་སྦལ་རྒྱན་དང་ནི། །གླང་པོའི་བཤུལ་པ་ལྟ་བུའི་ས་ནི་རྣམ་པར་སྤང་། །ཤར་ཕྱོགས་སུ་ནི་པི་པ་ [2a.2]ལ་ཡི་ཤིང་རྣམས་དང་། །པཱག་ཤའི་ཤིང་དང་གཤིན་རྗེའི་ཕྱོགས་སུ་ཡང་དག་ལྡན། །ནྱ་གྲོ་དྷ་ཡི་ལྗོན་ཤིང་རྣམས་དང་ནུབ་ཕྱོགས་སུ། །ས་གཞིའི་བྱང་ཕྱོགས་སུ་ནི་བ་ཀུ་ལ་དང་བཅས། །མེ་ཡི་མཚམས་སུ་ཀ་ཀུ་བྷེ་དང་ཡང་ [2a.3]དག་ལྡན། །པ་ལ་ཤ་ཡི་ལྗོན་ཤིང་སྲིན་པོའི་ཕྱོགས་སུ་གྲགས། །ས་སྐྱེས་ཤལ་མ་ལི་ནི་རླུང་གི་ཕྱོགས་སུ་སྟེ། །དབང་ལྡན་ཨུ་དུམྺཱ་རར་བཅས་པའི་ས་གཞི་སྤང་། །མྱ་ངན་མེད་དང་པྲི་ཡང་ཀུ་དང་ཀུ་ཤ་ནིམ། །ཨ་ཤྭདྠ་ [2a.4]མལ་མོ་ཙ་ལ་ཀུ་ཙ་དང་ནི། །ཨ་མྲ་ད་དིམ་ས་ནི་བྱང་དང་ཤར་དུ་གཞོལ། །ས་ནི་དཀར་ལྡན་གྲུ་བཞི་ཡང་ནི་མཚན་ཉིད་བཟང་། །དེ་རུ་དོང་ནི་གྲུ་བཞིར་བརྐོས་ཏེ་དེ་ཉིད་ལས། །བྱུང་བའི་ས་ཡིས་དེ་ནི་དགང་བར་བྱ་བ་ཉིད། །དེ་ནི་ [2a.5]གལ་ཏེ་མ་ཁེངས་ན་ནི་མ་བསྔགས་སོ། །གལ་ཏེ་ས་ནི་དང་པོ་ལས་ལྷག་རབ་ཏུ་བསྔགས། །ས་ཡི་ཁུང་བུ་མཐོ་གང་ཙམ་དུ་བརྐོས་ནས་སུ། །དེ་ནི་ལྷག་མེད་ཆུ་ཡིས་རབ་ཏུ་དགང་བར་བྱ། །གོམ་པ་བརྒྱ་ནི་སོང་ནས་ལོག་སྟེ་བལྟ་ [2b] [2b.1]བར་བྱ། །ཆུ་ནི་གལ་ཏེ་མ་འགྲིབ་དགེ་བའོ་གཞན་དུ་གཞན། །ས་ལ་གནས་པའི་ཆུ་ནི་གཡས་སྐོར་གྱིས། །དབང་ལྡན་མཚམས་སུ་མྱུར་དུ་བབ་ན་ནི། །བརྟན་བྱེད་ས་གཞི་ཤིན་ཏུ་དག་པ་སྟེ། །འཇིགས་པའི་དུས་སུ་ཡང་ནི་ཉམས་པ་མེད། །དེ་ལ་དེ་ལྟར་སའི་མཚན་ཉིད་རིག་པའི་ [2b.2]སྔགས་པས་ལུས་བཀྲུ་ཞིང་དྲི་ཞིམ་པས་ཇི་ལྟར་རྙེད་པས་གོས་དང་རྒྱན་དང་ཅོད་པན་དང་བདེ་བའི་སྟན་མཐོན་པོ་ལ་འདུག་སྟེ། དགོས་པ་ཡོང་སུ་ཚང་བ་དང་བསྲུང་བའི་སྔགས་བཟླས་པ་འགྲུབ་པས་ལག་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་མཉམ་པར་གཞག་པར་བྱ་སྟེ། ལྷའི་རྣལ་འབྱོར་བྱས་ནས་ [2b.3]དགོངས་ཀ་ཞི་བའི་གཏོར་མ་བྱིན་ཏེ། དག་པའམ་སྦྱངས་པའི་ས་གཞིར་ལྕི་བ་དང་སས་བ་ལང་གི་ཀོ་བ་ཙམ་བྱུགས་པའི་དབུས་སུ་མཎྜལ་བྱ་བ་འམ་བྱེད་དུ་གཞུག་གོ། །དེ་ནས་དེ་རུ་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམས་ལ་མཆོད་པ་ལྔ་ཡིས་དེ་ལ་ཡང་དག་པར་མཆོད་དེ། གཏོར་མ་རྒྱ་ཆེན་ [2b.4]པོ་མན་ངག་ཇི་ལྟ་བ་བཞིན་དུ་སྦྱངས་ཏེ། ཕྱོགས་སྐྱོང་བ་ཐམས་ཅད་ལ་ཏུ་ཪྻའི་སྒྲ་དང་བཅས་པས་འབུལ་ལོ། །དེའི་རྗེས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ལུས་བཏུད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷ་རྣམས་ལས་བསླང་བར་བྱའོ། །ཁམས་གསུམ་གང་ན་ [2b.5]སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །ལྷ་ཀླུ་གནོད་སྦྱིན་ཆེན་པོ་དང་། །དྲི་ཟ་རྣམས་དང་ལྷ་མིན་སོགས། །ཐམས་ཅད་ལ་ནི་གསོལ་བར་འཚལ། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ས་ཡི་ཆ་ནི་མཛེས་པ་འདིར། །གཙུག་ལག་འབྱོར་པ་རྒྱས་ཕྱིར་དང་། །ཐོས་དང་ [2b.6]བསམ་སོགས་འཕེལ་བ་ཡི། །དམ་པའི་ཆེས་ནི་རྟོགས་ཕྱིར་དང་། །གྲགས་པ་མཐར་ཐུག་གཙུག་ལག་ཁང་། །ལུས་ཅན་ཀུན་གྱི་ཡང་དག་འཚོ། །བདག་མིང་འདི་ཞེས་བགྱི་བ་ཡིས། །བཟང་པོ་འདི་ནི་བདག་ཕྱིར་ཡང་། །ཁྱེད་ལ་གནོད་པ་མི་མངའ་བས། །གྲགས་པ་དམ་པ་བགྱིད་པར་ [2b.7]འཚལ། །ཁྱེད་ཀྱིས་བཟོད་ཅིང་གནང་བ་ནི། །བགྱིད་པར་འཚལ་གྱི་གཞན་དུ་མིན། །རྨི་ལམ་ལ་སོགས་མཚན་མ་ཡིས། །དགེ་བའི་ས་འདི་བདག་ལ་སྩོལ། །ཞེས་བྱ་བས་སོ། །དེ་ལྟར་ལན་གསུམ་བརྗོད་ནས་ཨོཾ་མུ་ཙུ་ལེ་སྭཱ་ཧཱ། ཨོཾ་མོ་ཧཱ་ནི་སྭཱ་ཧཱ། ཨོཾ་དཏྟ་ལི་སྭཱ་ཧཱ། ཞེས་བྱ་བ་རྨི་ལམ་ [3a] [3a.1]སྟོན་པའི་སྔགས་འདིས་ལག་པ་གཡོན་པ་ལན་ཉི་ཤུ་རྩ་གཅིག་ཏུ་མངོན་པར་བསྔགས་ཏེ། ས་ཕྱོགས་གཙང་མར་གོས་དང་རྒྱན་གཙང་མས་སྔས་ལྷོར་བསྟན་ཏེ། བ་ཤར་དུ་བལྟས་པས་སེང་གེའི་ཉལ་སྟབས་ཀྱིས་ཉལ་བར་བྱའོ། །ཡང་ན་རྗེ་བཙུན་འཇིག་རྟེན་དབང་ [3a.2]ཕྱུག་ཡང་དག་པར་མཆོད་དེ། དེ་དང་ཉེ་བར་སྔ་མ་བཞིན་ཉལ་བར་བྱའོ། །ཐོ་རངས་རྨི་ལམ་གྱི་མཚན་མ་དགེ་མི་དགེ་ཉེ་བར་གཟུང་བར་བྱ་སྟེ། རྨི་ལམ་སངས་རྒྱས་ཞལ་མཐོང་དང་། །མཆོད་རྟེན་སྐུ་གཟུགས་མཆོད་པ་དང་། །དམ་ཆོས་ཉན་དང་དེ་ཤེས་པའི། །དགེ་སློང་དགེ་འདུན་མཐོང་བ་ [3a.3]དང་། །གཙུག་ལག་ཁང་དང་སངས་རྒྱས་སྲས། །དགེ་སློང་མ་རྣམས་སྐྱེད་མོས་ཚལ། །ས་འཛིན་འཛེགས་དང་བསྟི་གནས་དང་། །ཆུ་བོ་རྫིང་བུ་རྒྱ་མཚོ་དང་། །རི་བོ་ཅན་དང་རི་དགས་དང་། །ཨེ་ན་ཡ་དང་བ་ལ་བསྔགས། །ངུར་པ་རྨ་བྱ་ལ་སོགས་ཁྱད་འཕགས་འདབ་གཤོག་ཅན། །ཏིང་ [3a.4]འཛིན་ལྡན་པས་རྨི་ལམ་དུ་ནི་ངེས་པར་མཐོང་། །བཞོན་པ་གླང་ཆེན་ཁྱུ་མཆོག་དང་ནི་ས་འཛིན་དང་། །གཞལ་མེད་གནས་མཆོག་དཔག་བསམ་གྱི་ནི་ཤིང་རྣམས་དང་། །དགེ་བསྙེན་དང་ནི་སྡོམ་ཅན་མི་ཡི་བདག་པོ་རྣམས། །གསང་སྔགས་དབང་ཕྱུག་རྣམས་དང་བུད་མེད་མཆོག། [3a.5]ཕ་དང་མ་དང་ལྷ་རྣམས་དང་ནི་བླ་མ་དང་། །ལྷ་ཡི་བཙུན་མོ་རྣམས་དང་མཆོག་གི་གསང་བ་པ། །སྒྲུབ་པོ་དམ་པ་དང་ནི་ཡོན་ཏན་ཅན་དང་གཉིས་སྐྱེས་རྣམས། །དགའ་སྟོན་ཆེན་པོ་དང་ནི་རྒྱལ་བའི་མཆོག་གི་དཀྱིལ་འཁོར་རྣམས། །རྒྱན་རྣམས་དང་ནི་གོས་དང་འབྲུ་དང་ནོར་དང་ [3a.6]མཆོག །སྦྱིན་སྲེག་ལས་དང་འབྲས་བུ་དང་ནི་མེ་ཏོག་རྣམས། །རྒྱལ་པོ་དབང་བསྐུར་ཐོབ་བྱེད་ཕུན་སུམ་ཚོགས་པའི་དངོས། །གཡུལ་ལས་རྒྱལ་དང་རྐུན་པོ་བཅིངས་དང་རང་གི་ཚོགས། །རྒྱ་མཚོ་དང་ནི་ཆུ་བོ་རྣམས་དང་འཕྲང་ལ་སོགས། །རྒལ་བར་དཀའ་བ་རྣམས་ལས་ངེས་ [3a.7]པར་ཐར་བ་ཡང་། །དེར་དེ་ལྟ་བུ་ལ་སོགས་པའི་རྨི་ལམ་ནི་བཟང་སྟེ། དེ་ལས་བཟློག་པ་ནི་ངན་པར་ཤེས་ནས་གལ་ཏེ་ངན་པ་མཐོང་ན་དེའི་ཚོ་བགེགས་མཐར་མཛད་ཀྱི་སྔགས་བཟླས་ཏེ། ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། རྨི་ལམ་ཉེ་བར་མི་དམིགས་པའི་ཉེ་བར་ལེན་པས་སོ་ཞེས་ལྷག་པར་ [3b] [3b.1]མོས་པས་སམ། ཡང་ན་རྨི་ལམ་སྟོན་པའི་སྔགས་བརྗོད་པས། རྨི་ལམ་ངན་པ་ཞི་བར་བྱའོ། །དེ་ནས་རྨི་ལམ་བཟང་པོ་འམ་བཟང་པོར་བསྒྱུར་ནས། ཨོཾ་བྷུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁའ་ལྟ་བུར་བསམས་ནས། ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་གྱིས་ [3b.2]གཞི་རྣམ་པར་བསྒོམས་ནས། ཨོཾ་མེ་དི་ནཱི་བཛྲ་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དེར་ལུས་ཕྱེད་འཐོན་པ་གསེར་གྱི་མདོག་ཅན་རིན་པོ་ཆེའི་བུམ་པ་ཕྱག་ན་བསྣམས་ཤིང་ན་བཟའ་དང་རྒྱན་མཆོག་དང་ལྡན་པའི་སའི་ལྷ་མོ་མདུན་དུ་རྣམ་པར་བལྟས་ཏེ། ཚིགས་སུ་ [3b.3]བཅད་པ་གཉིས་ཀྱིས་ལྷག་པར་གནས་པར་བྱའོ། །འབྱུང་པོ་ཀུན་གྱི་འདྲེན་པ་ཡིན། །སྤྱོད་པའི་ཚུལ་གྱི་བྱ་བ་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །བཅོམ་ནས་ [3b.4]གཙུག་ལག་ཁང་མཆོག་བྱེད། །ཅེས་བྱ་བས་སོ། །ལན་གསུམ་དུ་ནི་བསྐུལ་ནས་སུ། །ས་ལ་ཡོན་ཆབ་ལ་སོགས་པ། །ཉེ་བར་སྤྱོད་པ་ལེགས་མཆོད་དེ། །དེ་ཉིད་དུ་ནི་ཐིམ་པར་བསམ། །དེ་ནས་ཡོངས་སུ་དག་པ་ཐོབ་པའི་སའི་ཆར་སེམས་མགུ་བའི་སྔགས་པས་ཆོས་ཐམས་ཅད་ [3b.5]རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ལྷག་པར་མོས་པས་ཆོས་ཐམས་ཅད་ཀུན་དུ་སྤྱོད་དོ། །སྣ་ཚོགས་པདྨར་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ། །ཟླ་བར་བྷཱུཾ་ལས་དག་པའི་འཁོར་ལོ་རྩིབས་བརྒྱད་པ། །དེ་ཡི་ལྟིར་གནས་བྷྲཱུཾ་གྱི་འོད་ཀྱི་དྲ་བ་ལས། །ངེས་པར་འབྱུང་བའི་དེ་བཞིན་གཤེགས་པ་ཐམས་ [3b.6]ཅད་རྣམས། །ཀུན་ནས་བསྡུས་ཏེ་གྱུར་བ་ལས་ནི་ཁྱད་འཕགས་པའི། །རིག་མ་མཆོག་ནི་བཞི་པོ་ལས་བྱུང་མཛེས་པ་ཡི། །ཁང་པ་བརྩེགས་པ་ཐར་པའི་གྲོང་ཁྱེར་ངོ་མཚར་ཅན། །ནོར་བུ་ཆེན་པོ་འོད་འབར་བ་ཡི་རང་བཞིན་རབ་ཏུ་བལྟ། །དེར་ནི་དཀྱིལ་འཁོར་དྲི་བཟངས་སོགས་ཀྱིས་བྱས་ནས་ནི། ། [3b.7]འདི་ལ་དཀྱིལ་འཁོར་འཁོར་ལོ་རྣམ་པར་བསྒོམ་པར་བྱ། །དེ་ལ་སྣ་ཚོགས་ཉེར་སྤྱོད་རྣམས་ཀྱིས་ཡང་དག་མཆོད། །ཕྱོགས་རྣམས་སུ་ནི་རིམ་པ་བཞིན་དུ་གཏོར་མ་སྦྱིན། །དེ་ནས་དྲི་ཞིམ་པོའི་མེ་ཏོག་དང་བཅས་པའི་ཐལ་མོས་ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ། བི་ལཱ་སི་ནཱ་མི་ཏཻ་རྣཱ་མཱ་མི་བྷ་ག་བཱནྟི་ [4a] [4a.1]ཛཿཧཱུཾ་བཾ་ཧོཿ། པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོ། ཞེས་བརྗོད་བཞིན་དུ་སྟེང་དུ་བལྟས་ཏེ་སྙིམ་པས་མེ་ཏོག་གཏོར་བར་བྱའོ། །དེ་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ་ལག་པ་གཡས་པས་དྲི་ཞིམ་པོའི་བདུག་སྤོས་ཀྱི་རེང་བུ་བཟུང་ནས་སྔགས་ལྕེ་ལ་ཧཱུཾ་ཡིག་ལས་བྱུང་བའི་ [4a.2]རྡོ་རྗེ་དཀར་པོ་ཕྲ་མོ་རྣམ་པར་བསྒོམས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གཞན་དག་ཀྱང་སྙན་གསན་དབབ་པར་བྱའོ། །བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཕྱག་འཚལ་སྟོད། །མགོན་པོ་ཐུགས་རྗེའི་བདག་ཉིད་བདག །གཙུག་ལག་ཁང་ [4a.3]ནི་བགྱིད་པར་འཚལ། །སློབ་མ་རྣམས་ལ་ཕན་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་གུས་བྱེད་བདག་ལ་ནི། །རྗེས་སུ་གཟུང་བར་མཛད་པའི་རིགས། །འགྲོ་བའི་འཁོར་ལོའི་དོན་མཛད་པ། །སངས་རྒྱས་རྣམས་དང་དགྲ་བཅོམ་པ། །འཇིག་རྟེན་ [4a.4]སྐྱོང་དང་གསང་སྔགས་ལྷ། །གང་གཞན་རྣམས་དང་འཇིག་རྟེན་སྐྱོང་། །ལྷ་རྣམས་དང་ནི་རྫོགས་སངས་ཀྱི། །བསྟན་ལ་གནས་པའི་འབྱུང་པོ་དང་། །སེམས་ཅན་གང་ཞིག་བསྟན་དགའ་བ། །རྡོ་རྗེའི་མིག་ལྡན་དགོངས་སུ་གསོལ། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །གཙུག་ལག་ཁང་ [4a.5]ནི་ཆོ་ག་བཞིན། །འགྲོ་བ་རྣམས་ནི་དག་བྱའི་ཕྱིར། །ཅི་ནུས་བྱ་བ་བགྱིད་པར་འཚལ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །འདིར་ནི་འཁོར་བཅས་ཐམས་ཅད་ཀྱིས། །གདན་ནི་གནོད་པར་མཛད་པའི་རིགས། །དེ་ལྟར་ལན་གསུམ་བརྗོད་པས་ [4a.6]སྙན་གསན་ཕབ་ནས་ཡང་དག་པར་མཆོད་དེ་བསྟོད་པ་ཡང་བྱའོ། །དེ་ནས་ལེགས་པར་བརྟགས་ཤིང་ཤིན་ཏུ་མཉམ་པའི་སའི་ཆར་སྟན་བདེ་བ་ལ་འདུག་སྟེ། མདུན་དུ་ཆུ་གཙང་ཀུ་ཤའི་ཚོམ་བུ་དང་བཅས་པ་དང་། འོམ་དཱུར་བ་དང་བཅས་པ་དང་། དྲི་ཆུ་མེ་ཏོག་དཀར་པོ་དང་བཅས་པ་ཆུ་ལ་ [4a.7]སོགས་པའི་སྣོད་ཡོངས་སུ་བཟླས་པ་རྣམས་གཡོན་དུ་རིམ་པས་བཞག་ཅིང་། ཏིང་ངེ་འཛིན་གསུམ་དང་ལྡན་པའི་རྣལ་འབྱོར་པས་བུམ་པ་ལྷག་པར་གནས་པར་བྱའོ། །དེ་ལ་ནག་པོ་དང་རྩ་བ་མེད་པ། མཆུ་འཕྱང་བ། མགྲིན་པ་རིང་བ་ལྟོ་བ་ཆེ་བར་ནས་དང་གྲོ་དང་འབྲས་སོ་བ་དང་མ་ཤ་དར་ [4b] [4b.1]ཏིལ་རྣམས་ཏེ་འབྲུ་ལྔ་དང་། བྲྀ་ཧ་ཏི་དང་ཀ་ཎྜ་ཀ་རི་དང་ཨ་པར་ཛི་ཏ་དཀར་པོ་དང་། ཧ་ས་དང་ཧ་ས་དེ་བ་རྣམས་ཏེ་སྨན་ལྔ་དང་། གསེར་དང་དངུལ་དང་མུ་ཏིག་དང་བྱི་རུ་དང་། མུ་མེན་ཏེ་རིན་པོ་ཆེ་ལྔ་དང་ལྡན་པ། དྲིའི་ཆུས་གང་བཙུ་ཏ་ལ་སོགས་པའི་ཡལ་གས་ཁ་བརྒྱན་པ་གོས་ཟུང་གིས་མགྲིན་པ་དཀྲིས་ [4b.2]པ། དེ་ལ་ཆོས་འབྱུང་གི་ནང་དུ་གནས་པ་རང་གི་ལྷའི་མཚན་མས་མཚན་པ། ཡི་གེ་བཾ་ལས་རིན་པོ་ཆེའི་རང་བཞིན་ལས་བྱས་ནས་གདུགས་དང་བཅས་པར་འཁོར་དང་བཅས་པའི་བདག་པོར་ཀུན་དུ་བཏགས་ཏེ། མེ་ཏོག་གི་ཕྲེང་བས་དཀྲིས་པའི་རྡོ་རྗེ་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་བཞག་ [4b.3]སྟེ། ལག་པ་གཡོན་པའི་ཁུ་ཚུར་གྱིས་རྡོ་རྗེ་དང་འབྲེལ་པའི་མེ་ཏོག་གི་ཕྲེང་བའི་རྩེ་མོ་བཟུང་ནས། སྔགས་པས་ཡི་གེ་གསུམ་དང་སྤེལ་ཏེ་རང་གི་ལྷའི་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་བཞིན་དུ་གཞན་དཀྱིལ་འཁོར་བའི་བུམ་པ་རྣམས་ཀྱང་ཆོ་ག་དེ་བཞིན་དུ་ལྷ་རང་རང་གི་མཚན་མས་མཚན་པ་ [4b.4]བྱས་ནས་དཀྱིལ་འཁོར་བའི་ལྷས་བྱིན་གྱིས་བརླབས་པ་རྣམས་ལ་རང་རང་གི་སྔགས་ཡི་གེ་གསུམ་དང་སྤེལ་བ་ལན་བདུན་དུ་མངོན་པར་བཟླ་བར་བྱའོ། །དེ་བཞིན་དུ་གཞི་བདག་གི་བུམ་པ་ཡང་ཇི་ལྟ་བར་རང་གི་མཚན་མས་མཚན་པ་རྣམས་ལ་ཡི་གེ་གསུམ་དང་སྤེལ་བས་རང་རང་གི་སྔགས་བཟླས་པར་བྱའོ། ། [4b.5]ཐམས་ཅད་ཀྱང་སྲོག་ལྡན་ཉ་དང་བཅས་པ་རྣམས་ལ་རིམ་པ་བཞིན་ལྷག་པར་གནས་པར་བྱས་ནས། བསང་གཏོར་ལ་སོགས་པ་བྱས་ཏེ་མཆོད་པ་ལྔས་ཡང་དག་པར་མཆོད་དེ། དྲིལ་བུ་དཀྲོལ་བཞིན་པས་བསྟོད་པར་བྱའོ། །དེ་ནས་ལས་བྱེད་ཀྱི་སྐྱེས་བུ་བགེགས་མཐར་བྱེད་ཀྱི་རྣམ་པར་བསྒོམས་ཏེ། [4b.6]རྒྱ་དང་ཟབས་སུ་ཁྲུ་དོ་བའི་དོང་གྲུ་བཞི་པར་བརྐོས་ལ་དབང་ལྡན་དུ་དེའི་ཚད་དམ། དེའི་ཕྱེད་དུ་ཟླུམ་པོར་བརྐོས་ཏེ་སྲོལ་བཏོད་ནས་གཉིས་ཀ་ལྕི་བ་དང་ས་དང་ཆུ་རྣམས་ཀྱིས་བྱུག་གོ། །དེ་ནས་ཨརྒྷ་ལ་སོགས་པ་བྱིན་ནས་དོང་གྲུ་བཞི་པར་གོ་རིམས་བཞིན་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་ [4b.7]རྣམས་ཀྱིས་ཆུ་བླུགས་པར་བྱའོ། །དེར་ཤར་རམ་བྱང་དུ་བ་ལྟས་ཏེ་ཉ་རྣམས་འཕྱོ་བ་ན་གཙུག་ལག་ཁང་འཁོར་དང་བཅས་པ་མྱུར་དུ་འགྲུབ་པར་འདོད་པ་ཡིན་ནོ། །དེ་ནས་དེའི་སྦུབས་ཕྱེ་སྟེ་དོང་ཟླུམ་པོར་ཆུ་བཏང་ངོ་། །དེའི་ཆུའི་བསྐོར་ཕྱོགས་བརྟག་པར་བྱའོ། །གལ་ཏེ་ཆུ་གཡས་སྐོར་དུ་འབབ་ན་ [5a] [5a.1]དེར་དགེ་སློང་བརྟུལ་ཞུགས་དམ་པ་ཡོན་ཏན་རྣམས་ངེས་པར་འབྱུང་བར་འགྱུར་རོ། །དེའི་རྗེས་ལ་ཀླུ་མ་ལུས་པ་དབང་དུ་བྱ་བའི་ཕྱིར། དེར་འོ་མ་ཅན་གྱི་ཡལ་ག་རྣམས་ཀྱིས་གཡོགས་ཏེ་ཉི་མ་ལ་གནས་པའི་ཛཾ་ཡིག་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། ཛཾ་གུ་ [5a.2]ལི་སྐུ་མདོག་སེར་པོ་ཞལ་སེར་པོ་དང་ནག་པོ་དང་དཀར་པོ། གདེངས་ཀ་བདུན་གྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན། རྩ་བའི་ཕྱག་གཉིས་ཀྱིས་རང་སྣང་གི་ཐབས་ལ་འཁྱུད་པ། གཡས་གཉིས་ན་རྡོ་རྗེ་དང་མདའ་འཛིན་པ། གཡོན་གཉིས་ཀྱིས་གཞུ་དང་སྡིགས་མཛུབ་དང་ [5a.3]བཅས་པའི་ཞགས་པ་ཅན། སྣ་ཚོགས་པའི་ན་བཟའ་དང་བཅས་པའི་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ཉི་མའི་གདན་དང་འོད་ཅན་བསྒོམས་ནས་བདག་ཉིད་ཀྱང་ཛཾ་གུ་ལིའི་གཟུགས་སུ་རྣམ་པར་བསྒོམས་ཏེ། ས་འོག་ཏུ་དམིགས་ནས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་བསྒོམ་པར་ [5a.4]བྱའོ། །དེའི་ཚེ་ཡང་ལྟད་མོ་བའི་སྐྱེ་བོ་རྣམས་ཏམྦོ་ལ་དང་དྲི་ཞིམ་པོའི་མེ་ཏོག་དང་། ཙནྡན་ལ་སོགས་པ་བྱིན་པས་མགུ་བར་བྱའོ། །དེ་ནས་བསྲུང་བའི་དོན་དུ་མཆོད་སྦྱིན་གྱི་ཤིང་ངམ་སེང་ལྡེང་གི་རང་བཞིན་ལས་བདེ་བར་གཤེགས་པའི་སོར་གྱི་བརྒྱད་ཀྱི་ཚད་དུ་སྟེང་དང་འོག་རྩེ་ལྔ་བ་དང་ [5a.5]རྩེ་གཅིག་པའི་རྡོ་རྗེའི་རྣམ་པ་ཅན་ཙནྡན་དམར་པོས་བྱུགས་པ་མེ་ཏོག་དང་སྐུད་པ་དང་། ཡུངས་ཀར་དང་བཅས་པ་རྣམས་ལ་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་གདབ་པར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ལ། སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། [5a.6]བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་འདིས་ཕྱོགས་ཐམས་ཅད་དུ་བརྡེག་པར་བྱའོ། །སླར་ཡང་བགེགས་ཐམས་ཅད་རྣམ་པར་གཞིག་པའི་ཆེད་དུ་རང་རང་གི་ཕྱོགས་སུ་སོན་པའི་དཔུང་དང་བུ་དང་ཆུང་མར་བཅས་པའི་དབང་པོ་ལ་སོགས་ [5a.7]པ་རྣམས་བཞེངས་པར་འགྱུར་བའི་གཙུག་ལག་ཁང་གི་དབུས་སམ། དབང་ལྡན་དུ་གཅིག་ཏུ་གནས་པར་བལྟས་ལ། བདུད་རྩི་འཁྱིལ་བ་སྟོང་ཁྲོ་བོ་སྨད་མདུང་གི་རྣམ་པས་སྔགས་དེ་ཉིད་ཀྱི་བློས་ཕུར་བུ་གདབ་པར་བྱའོ། །དེ་ནས་ཕྱོགས་ཀྱི་དཀྱིལ་འཁོར་བགེགས་མེད་པར་རྣམ་ [5b] [5b.1]བར་བསྒོམས་ནས་སྒྲུབ་པའི་གྲོགས་དང་ལྷན་ཅིག་ཏུ་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བཟུང་ནས་གཡས་སྐོར་དུ་འཁོར་བས་ཐིག་གདབ་པ་བསྒྲུབ་པར་བྱའོ། །དེ་ནས་སློབ་དཔོན་མེའི་མཚམས་ནས་བྱང་དུ་ཁ་བལྟས་ཏེ། སྒྲུབ་པའི་གྲོགས་དབང་ལྡན་ནས་ལྷོ་རུ་མངོན་པར་ཕྱོགས་པས་ཤར་གྱི་ཐིག་ [5b.2]གདབ་པར་བྱའོ། །དེ་ནས་རླུང་གི་མཚམས་སུ་སོང་སྟེ་ལྷོ་རུ་མངོན་པར་ཕྱོགས་པ་དང་། སྲིན་པོའི་མཚམས་ནས་བྱང་དུ་བལྟས་པས་ནུབ་ཀྱི་ཆ་ཐིག་གདབ་པར་བྱའོ། །སླར་ཡང་གཡས་སྐོར་གྱིས་རླུང་གི་མཚམས་སུ་སོང་སྟེ་དབང་ལྡན་དུ་གནས་པ་དང་བྱང་གི་ཆ་ཐིག་གདབ་པར་བྱའོ། །དེ་ [5b.3]བཞིན་མེའི་མཚམས་སུ་སོང་ནས་སྲིན་པོར་འདུག་པ་དང་། ལྷོའི་ཆ་ཐིག་གདབ་པོ། །དེའི་ཚེ་ཡང་སྔགས་པས་དགེ་མི་དགེའི་མཚན་མ་བརྟག་པར་བྱ་སྟེ། དེ་ཚེ་གལ་ཏེ་དགེ་སློང་ངམ། །བྲམ་ཟེ་མཉམ་གཞག་འོངས་པ་ན། །སྦྱིན་བདག་ལ་ནི་དགེ་བ་སྟེ། །ཞི་དང་རྒྱས་པ་ [5b.4]ཆེན་པོ་བྱེད། །མཁས་པ་འོངས་པར་གྱུར་པ་ན། །རྒྱལ་པོའི་ཕུན་སུམ་ཚོགས་པ་སྟོན། །གལ་ཏེ་བ་ལང་འོངས་པ་ན། །བུ་དང་བུ་མོ་སོགས་འཐོབ། །བུམ་པ་གང་བ་འོངས་ན་ནི། །ནོར་དང་སོ་བ་ལ་སོགས་འཕེལ། །རྒྱལ་པོ་འམ་ནི་རྒྱལ་རིགས་འོངས། །བ་ལང་མ་ཧེ་ [5b.5]ལ་སོགས་རྙེད། །གལ་ཏེ་དགའ་བྱེད་གཟུགས་ལྡན་མ། །འོངས་ན་དཔལ་ནི་འཕེལ་བར་འགྱུར། །མེ་ཏོག་ལ་སོགས་འོངས་ན་ནི། །གྲགས་པ་ཡང་དག་འཕེལ་བར་འགྱུར། །སྒུར་པོ་མིའུ་ཐུང་རྡུམ་པོ་སོགས། །ཡན་ལག་དམན་དང་མཐའ་སྐྱེས་དག །དེ་ཚེ་དེར་ནི་འོངས་ [5b.6]པ་ན། །དགེ་ལེགས་བྱེད་འགྱུར་ཐེ་ཚོམ་མེད། །གཏོར་ཟན་བྱ་རྒོད་ཀང་ཀ་སོགས། །དུར་ཁྲོད་བྱ་ནི་གལ་ཏེ་ནི། །སྟེང་གི་ནམ་མཁར་རྒྱུ་བ་ན། །འཆི་བར་འགྱུར་བ་ཉིད་ཡིན་ནོ། །དོན་རིག་པ་ཡིས་ཐིག་འདེབས་ཚེ། །དེ་ཕྱིར་བརྟག་པར་བྱ་བ་སྟེ། །མི་དགེའི་རྟགས་ནི་བྱུང་བ་ན། ། [5b.7]མཁས་པས་ཐིག་ནི་བཤོལ་བར་བྱ། །གང་དུ་ལས་ཀྱིས་བསྐུལ་བ་ཡིས། །གལ་ཏེ་ཐིག་ནི་འགོམ་པ་ན། །འོག་ན་དེ་ཡི་རིགས་ཀྱི་ནི། །རུས་པ་ཡོད་པར་མཁས་པས་བཤད། །གཞན་ཡང་ཆོ་ག་ཇི་བཞིན་དུ། །བློ་ལྡན་རྡོ་དུ་མ་དེ་ནི་གདོན། །གལ་ཏེ་རྡོ་དེ་མ་བཏོན་ན། །ཉེས་པ་ [6a] [6a.1]སྐྱེད་པར་འགྱུར་བ་ཡིན། །རུས་པའི་ཟུག་རྔུས་ལུས་ནི་མཛེས་བྱེད་ཅིང་། །སོལ་བའི་ཟུག་རྔུས་མེ་ཡི་འཇིགས་པ་སྐྱེད། །ཐལ་བས་ནོར་བརླག་མི་ཡི་རུས་པས་འཆི། །སྦྲུལ་སོགས་ཟུག་རྔུས་སྣ་ཚོགས་ནད་ལ་སོགས། །རྡོ་བརྡུལ་དང་བྱེ་མ་སེན་མོ་སྐྲ་དང་ [6a.2]པགས་པ་དང་། །ཤིང་དང་ཕ་གུ་བཤང་བ་ཕུབ་མ་ལྕགས་དང་ཆོར་མ་སོགས། །ཟུག་རྔུ་རྣམས་ཀྱིས་བཅིང་དང་བརྡེག་སོགས་རྣམ་པ་མང་པོ་ཡི། །ཉོན་མོངས་རྣམས་སྐྱེད་དེ་ཕྱིར་ཟུག་རྔུ་ཆུང་ཡང་བརྟགས་ཏེ་གཞོམ། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །རྩིག་པའི་རྨང་ནི་རིམ་པ་བཞིན། ། [6a.3]གཞི་བདག་ཀླུ་ནི་ལེགས་བརྟགས་ཏེ། །ཐོ་རངས་བསོད་ནམས་འཕེལ་ཕྱིར་བརྐོ། །མོན་གྲེ་ཐ་སྐར་སྨིན་དྲུག་ཟླ་བ་དང་། །ཉི་མའི་འགྲོས་ཀྱིས་དབང་པོའི་ཕྱོགས་སུ་མགོ ། གཤིན་རྗེར་ཁ་བལྟས་ཀླུ་ནི་ཉལ་འགྱུར་ཏེ། །ཐམས་ཅད་དུ་ཡང་གཡོན་པ་ཕབ་ནས་སོ། །མགོ་དང་ [6a.4]རྒྱལ་མཆུ་རྣམས་ལ་མགོ་བོ་ནི། །གཤིན་རྗེའི་ཕྱོགས་སུ་སྟོན་པ་ཁོ་ན་སྟེ། ནུབ་ཏུ་ཁ་བལྟས་ལུས་ཀྱི་དང་པོ་ནི། །མི་ཡི་ཆ་བྱད་རོ་སྨད་སྦྲུལ་དང་འདྲ། །དབོ་དང་ནག་པ་ས་གའི་ཟླ་བ་ལ། །བྱང་གི་ཕྱོགས་སུ་ཁ་ནི་བལྟས་གྱུར་ཏེ། །སྟོབས་ཆེན་ས་གཞི་བཞི་ནི་བདག་པོའི་ཀླུ། །སྔས་ [6a.5]ནི་ནུབ་ཀྱི་ཕྱོགས་སུ་བསྟན་ཏེ་ཉལ། །སྣྲོན་དང་ཆུ་སྟོད་བྱི་བཞིན་རྣམས་ལ་ནི། །ཀླུ་ནི་གཞོགས་ཀྱིས་ཉལ་བར་བྱེད་པ་སྟེ། །ཆུར་ནི་མགོ་བོ་བསྟན་ཏེ་ཤར་ཕྱོགས་སུ། །ཁ་བལྟས་གཞི་ནི་ཐམས་ཅད་ནོན་པར་རོ། །ཀུན་དུ་གལ་ཏེ་ཀླུ་འདི་ཡིས། །སྙིང་གའི་མདུན་དུ་བརྐོས་པ་ན། །སྦྱིན་ [6a.6]བདག་གི་ནི་འདོད་པ་ཡི། །དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད། །གལ་ཏེ་མགོ་བོར་བརྐོས་ན་ནི། །ཕ་མ་སྙིང་གྲོགས་རྩ་ལག་དང་། །བུ་དང་བུ་མོ་ལ་སོགས་རྣམས། །ངེས་པར་བརླག་པར་འགྱུར་བ་ཡིན། །གལ་ཏེ་རྒྱབ་ཏུ་བརྐོས་ན་ནི། །གནས་ཉམས་དགའ་བའམ་ [6a.7]ཡང་ན་འཆི། །མཇུག་མའི་ཆ་ཡིས་མྱུར་དུ་ཡང་། །བ་ལང་མ་ཧེ་སོགས་བརླག་འགྱུར། །དེ་ལྟར་ཆོ་ག་བཞིན་གཡས་སྐོར་གྱིས་སྙིང་གའི་མདུན་དུ་བརྐོས་ནས། ཟུག་རྔུ་ཐམས་ཅད་ཀྱང་རྣམ་པར་སྐྱངས་ཏེ་སློབ་དཔོན་གྱིས་གཡས་སྐོར་དུ་རིམ་པ་བཞིན་དུ་ཀུན་ནས་གྲགས་པ་ [6b] [6b.1]དང་ལྡན་པའི་གནས་བརྟག་པར་བྱའོ། །དེ་ནས་ཡོན་བདག་དང་། ས་དང་གནས་ཀྱི་ལྷ་དང་ཕྱོགས་སྐྱོང་དང་འཇིག་རྟེན་སྐྱོང་བ་དང་། ཞིང་སྐྱོང་དང་། མིའི་བདག་པོ་ལ་སོགས་པའི་ཞི་བའི་དོན་དུ་དགོངས་མོ་ཞི་བའི་སྦྱིན་སྲེག་བྱས་ནས་གཏོར་མ་གཏང་བར་བྱའོ། །དེ་ནས་ཚེས་གྲངས་ [6b.2]བཟང་པོ་ལ་ཡོན་བདག་གི་རྗེས་སུ་མཐུན་པའི་གཟའ་དང་རྒྱུ་སྐར་དང་དུས་སྦྱོར་དང་ཡུད་ཙམ་ལ། ཤར་ལ་སོགས་པའི་ཕྱོགས་ཐམས་ཅད་དུ་བ་དན་དཀར་པོ་དང་དམར་པོ་དང་སེར་པོ་དང་སྔོན་པོ་དང་དུད་མདོག་དང་ཚོན་སྣ་ཚོགས་དང་སེར་པོ་དང་ལྗང་གུ་རྣམས་བཙུགས་ཏེ་ས་གཞིར་མེ་ཏོག་དྲི་ཞིམ་ [6b.3]པོ་གཅལ་བཀྲམ་ནས། དྲི་ཞིམ་པོའི་སྤོས་ཁང་མང་པོ་བཀོད་དེ། ཤིན་ཏུ་གསལ་བའི་མར་མེའི་ཕྲེང་བའི་ཚོགས་རྣམས་དང་། །དྲི་ཆུ་ཞིམ་པོས་བསངས་ཏེ་དམ་པའི་ཆོས་བཀླག་པ་དང་། བསྟོད་པ་དང་། བཀྲ་ཤིས་དང་གླུ་དང་ཏུཪྻའི་སྒྲ་དང་བུད་མེད་བཟང་མོ་རྣམས་ཀྱི་ཅ་ཅོ་དང་གཞའི་ [6b.4]སྒྲ་དང་བཅས་པས་ཕྱོགས་ཀྱི་ཚོགས་ནས་ས་གཞི་དེར་བྱེད་དུ་བཅུག་ནས་ལྟད་མོ་བའི་སྐྱེ་བོ་རྣམས་མགུ་བར་བྱའོ། །དེ་ནས་སྦྱིན་བདག་དང་གཞན་དག་གི་ཡང་རྒྱས་པའི་དོན་དུ་སྔགས་པ་གོས་བཟང་པོ་དང་རྒྱན་དང་ཅོད་པན་དང་། ཡོ་བྱད་ཡོངས་སུ་ཚང་བས་རྒྱས་པའི་སྦྱིན་སྲེག་བྱས་ནས་ཡོན་བདག་གིས་ [6b.5]ཀྱང་དེའི་ཚེ་གལ་ཏེ་ནུས་ན་རྒྱལ་པོ་དབང་པོར་བྱས་ནས་དེའི་བཀའ་ཡང་ཐོག་མར་བྱས་ཏེ། རྩིག་མཁན་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་གོས་ལ་སོགས་པའི་སྦྱིན་པས་ཡོངས་སུ་མགུ་བར་བྱས་ཏེ། ཕ་གུ་འཛེག་ཏུ་གཞུག་པར་བྱའོ། །དེའི་རྗེས་ལ་དགའ་བའི་ཡིད་ཀྱིས་རང་གི་འབྱོར་པ་དང་མཐུན་ [6b.6]པས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུ་མོ་དང་། གླང་པོ་དང་རྟ་དང་བ་ལང་དང་མ་ཧེ་ལ་སོགས་པའི་ནོར་དང་། གསེར་དང་དངུལ་དང་ཟངས་དང་ནོར་བུ་དང་མུ་ཏིག་ལ་སོགས་པའི་རྫས་རྣམས་དང་། རྒྱན་དང་གོས་བཟང་པོ་རྣམས་དང་། མེ་ཏོག་ཡོངས་སུ་རྒྱས་པའི་ཞིང་། ཁང་ཁྱིམ་ [6b.7]དང་། ཀུན་དགའ་ར་བ་ལ་སོགས་པའི་གནས་དང་། བྲན་ཕོ་དང་། བྲན་མོ་ལ་སོགས་པའི་འཁོར་རྣམས་མངོན་པར་འདོད་པའི་དགོས་པ་བསྒྲུབ་པའི་ཕྱིར་ཐམས་ཅད་ཀྱིས་སློབ་དཔོན་མཉེས་པར་བྱའོ། །དེའི་རྗེས་ལ་སློབ་དཔོན་གྱིས་བསང་གཏོར་ལ་སོགས་པ་ཕུལ་ནས་ཡང་དག་པར་ [7a] [7a.1]མཆོད་དེ་བསྟོད་པ་བྱས་ནས་བདུད་རྩི་མྱང་བ་བྱས་ཏེ་ཡི་གེ་བརྒྱ་པ་ལན་བདུན་བརྗོད་ནས་ཕྱག་བྱས་ཏེ། བཟོད་པ་གསོལ་ནས་སྦྱིན་སྲེག་རྫོགས་པ་དང་། སངས་རྒྱས་ལ་སོགས་པ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཡོན་བདག་སློབ་དཔོན་གྱི་མདུན་དུ་བྱས་ཏེ་རང་ [7a.2]གི་ཁྱིམ་དུ་སོང་ནས་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ལ་སོགས་པ་རྣམས་ལ་ཆོས་སྟོན་དྲངས་ཏེ་ཡོན་ཡང་ཕུལ་ནས་སླར་གཤེགས་པར་བྱའོ། །དེ་ནས་སློབ་དཔོན་འཁོར་དང་བཅས་པ་རྣམས་དང་། རྩིག་མཁན་དང་ལས་བྱེད་རྣམས་དང་། གཞན་དག་ [7a.3]ལ་ཡང་སྟོན་མོ་བྱིན་ནས་ནུས་པ་དང་མཐུན་པར་ཕུལ་ཏེ་བཟོད་པ་གསོལ་ནས་སླར་གཏང་ངོ་། །མཚན་མོ་ཚོགས་ཀྱི་འཁོར་ལོ་བྱས་ནས་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལ་གཏོར་མ་ཕུལ་ཏེ། ཐམས་ཅད་ཉེ་བར་བསྡུ་བར་བྱའོ། །གཙུག་ལག་ཁང་གི་ཨརྒྷའི་ཆོ་གའོ།། །།དེ་བཞིན་དུ་ [7a.4]མཆོད་རྟེན་དང་། གཞལ་མེད་ཁང་ཁྱམས་ཀྱི་ཨརྒྷ་ཡང་རིག་པར་བྱའོ། །གཙུག་ལག་ཁང་སོགས་ཞིག་རལ་རྙིང་། །འཆོས་པར་འདོད་ན་སྔགས་པ་ཡིས། །གཏོར་མ་ལ་སོགས་བྱིན་ནས་ནི། །དེར་གནས་ལྷ་ནི་སྤོ་བར་བྱ། །ཕྱི་ནས་སྙིང་རྗེའི་བདག་ཅན་གྱིས། །རིམ་པ་ [7a.5]བཞིན་དུ་བཅོས་ནས་ནི། །རྫོགས་པར་མཐོང་ནས་སྤྲོས་པ་དེ། །དེར་ནི་སྔ་མ་བཞིན་དུ་གཞག །ཅེས་བྱ་བ་ནི་གཙུག་ལག་ཁང་ལ་སོགས་པ་རྙིང་པ་དང་ཞིག་རལ་གྱི་ཨརྒྷའི་ཆོ་གའོ།། །།དེ་ནས་རས་རིས་ལ་སོགས་པ་བརྩམ་པར་འདོད་པའི་སྔགས་པས་སྟན་བདེ་བ་ལ་འདུག་སྟེ། ཞི་ [7a.6]བའི་གཏོར་མ་བཏང་ནས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་ལྷག་པར་མོས་པར་བྱས་ཏེ། བརྩམས་པའི་ལྷའམ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ནས་དེ་ནས་ནམ་མཁར་སངས་རྒྱས་ལ་སོགས་པ་མངོན་པར་བལྟས་ཏེ། སྙིམ་པའི་མེ་ཏོག་གཏོར་ནས་ཕྱག་བྱས་ཏེ་ཆོ་ག་བཞིན་ལྷག་ [7a.7]པར་གནས་པར་བྱའོ། །དེའི་རྗེས་ལ་གོས་གཙང་མ་འམ། །ཤིང་ལ་སོགས་པ་རྣམས་ལ་ཇི་ལྟ་བར་རང་གི་ལྷའི་ས་བོན་ཡོངས་སུ་གྱུར་པ་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཞལ་གསུམ་ཕྱག་དྲུག་པ། རྗེས་སུ་མཐུན་པའི་གཟུགས་སྐུ་མདོག་དང་ཕྱག་མཚན་དང་ [7b] [7b.1]གདན་དང་འོད་ཅན་ཐུགས་ཀར་མཚན་མ་དང་ས་བོན་གྱིས་བྱིན་གྱིས་བརླབས་པ། སྙིང་ག་དང་སྤྱི་བོ་དང་ལྐོག་མར་ཡི་གེ་ཧཱུཾ་དང་ཨོཾ་དང་ཨཱཿ། ཞེས་བྱ་བས་བྱིན་གྱིས་བརླབས་པ་ལ་རིགས་དང་མཐུན་པའི་ཅོད་པན་ཅན་སྙོམས་པར་ཞུགས་པ་སྐད་ཅིག་མས་གྲུབ་པའི་ལྷ་རྣམ་པར་བསྒོམས་ནས་ [7b.2]མཆོད་པ་ལྔ་ཡིས་མཆོད་དེ་བསྟོད་པ་བྱ་བའོ། །དེ་ནས་བཟོ་བྱེད་རྣམས་བགེགས་མཐར་བྱེད་ཀྱི་གཟུགས་ཅན་ལ་ལུས་དང་ངག་དང་ཡིད་ལ་ཕྱག་མཚན་དང་ས་བོན་གྱིས་བྱིན་གྱིས་བརླབས་པ་རྣམ་པར་བསམས་ནས་དེའི་ལག་པ་གཡོན་དང་གཡས་དག་ཟླ་བ་རྡོ་རྗེར་བྱིན་གྱིས་བརླབས་ [7b.3]ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་དུ་པིར་དང་ཚོན་ལ་སོགས་པ་བསྔགས་ཏེ་ཤེས་རབ་ཀྱི་ཡེ་ཤེས་ཀྱི་བདུད་རྩིར་རྣམ་པར་བསྒོམས་ནས་སླར་ཡང་ཡི་གེ་བརྒྱ་པའི་སྔགས་ཀྱིས་བརྟན་པར་བྱས་ཏེ་གཏད་ནས་རྩོམ་དུ་གཞུག་པར་བྱའོ། །དེ་ནས་བསང་གཏོར་ལ་ [7b.4]སོགས་པ་ཕུལ་ཏེ་ལེགས་པར་མཆོད་དེ་བསྟོད་པ་བྱས་ནས་བདུད་རྩི་མྱང་བ་བྱས་ཏེ། སངས་རྒྱས་ལ་སོགས་པ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཕྱོགས་སྐྱོང་བ་རྣམས་ལ་གཏོར་མ་བཏང་ནས་སློབ་དཔོན་དང་ལས་བྱེད་དང་གཞན་དག་ཀྱང་སྟོན་མོ་བྱིན་ཏེ་ནུས་པ་བཞིན་ཡོན་ [7b.5]ཕུལ་ནས་གཏང་བར་བྱའོ། །རས་རིས་ལ་སོགས་པའི་ཨརྒྷའི་ཆོ་གའོ།། །།དམ་ཆོས་གླེགས་བམ་རྩོམ་པ་ཡིས། །ཆོ་ག་དེ་བཞིན་བྱས་ནས་ནི། །ཤོག་བུ་ལ་ནི་དྷི་ལས་བྱུང་། །ཤེས་རབ་ཕ་རོལ་ཕྱིན་བལྟས་ནས། །དེ་ཡོངས་གྱུར་ལས་བྱུང་བ་ཡི། །ཡི་གེའི་ [7b.6]ཕྲེང་ནི་བལྟ་བར་བྱ། །སྣག་ཚ་སྨྱུ་གུ་ཡོངས་བཟླས་ཏེ། །བརྩམ་པར་བྱ་བ་ཉིད་ཡིན་ནོ། །དེ་དག་ལ་བཟླས་པའི་སྔགས་ནི། །ཨོཾ་དྷི་སུ་ཏི་སྨྲྀ་ཏི་མ་ཏི་བི་ཛ་ཡེ་སརྠ་ཨཛྙཱ་ན་པ་ཊ་ལཱ་པ་ཧ་རི་ཎི་ཧྲི་སྭཱ་ཧཱ། སློབ་དཔོན་དང་ནི་འདྲི་མཁན་ལ་འང་། །སྟོན་མོ་དྲངས་ནས་ནན་ཏན་གྱིས། །ཡོན་ [7b.7]ཕུལ་ནས་ནི་གཏང་བྱ་སྟེ། །ལྷག་པ་སྔར་བཞིན་རིག་པར་བྱ། །གསང་སྔགས་ཀྱི་གླེགས་བམ་རྩོམ་པ་ན་ཡང་སྔ་མ་བཞིན་ཐམས་ཅད་བྱ་སྟེ། ཤོག་བུ་ལ་ས་བོན་དང་ཕྱག་མཚན་གྱི་ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི་འོད་དཔག་མེད་ཡོངས་སུ་གྱུར་པ་བྲིས་པའི་ཡི་གེའི་ཚོགས་ [8a] [8a.1]ཀྱིས་དཀྲིགས་པར་རྣམ་པར་བསྒོམ་མོ། །ལྷག་མ་ནི་ཐང་ཀ་རྩོམ་པའི་ཆོ་ག་བཞིན་བསྒྲུབ་པར་བྱའོ། །ཡང་ན་ནི་དམ་པའི་ཆོས་ཀྱི་གླེགས་བམ་ཡང་ཆོ་ག་འདི་ཉིད་ཀྱིས་བྱའོ། །གསུང་རབ་ཀྱི་ཨརྒྷའི་ཆོ་གའོ།། །།དེ་ནས་གཏོར་མ་གཏོང་བ་ཡི། །ཡོ་བྱད་ཆོ་གས་ཕུལ་ [8a.2]ནས་ནི། །སྔགས་པས་ལྷག་གནས་བྱས་ནས་སུ། །བསང་གཏོར་ལ་སོགས་བྱིན་ནས་ནི། །དེར་ནི་ཆུ་ལྷའི་གཟུགས་ཅན་དུ། །རྣམ་པར་སྣང་མཛད་བལྟ་བར་བྱ། །སྦྲུལ་ཞགས་རལ་གྲི་རིན་ཆེན་དང་། །ཆུ་སྐྱེས་ཤེས་རབ་སྙོམས་འཇུག་དཀར། །ཡི་གེ་ཨོཾ་ལ་སོགས་པ་དང་། ། [8a.3]བཛྲ་བ་རུ་ཎ་ཧཱུཾ་ཞེས་བརྗོད། །དེ་ཡོངས་གྱུར་ལས་བྱུང་བ་ཡི། །རིགས་བརྒྱད་ཀླུ་ཡི་ཕོ་བྲང་ནི། །ཡེ་ཤེས་བདུད་རྩིའི་ཆུས་གང་བ། །ཞི་བའི་ཀླུ་ཡིས་བྱིན་གྱིས་བརླབས། །དངོས་ཀུན་གྱིས་ནི་རྣམ་བསམས་ནས། །སླར་ཡང་གསང་སྔགས་བརྗོད་པར་བྱ། །ཨོཾ་བཛྲ་ས་མ་ཡ་སྟྭཾ་ཞེས་བྱའོ། ། [8a.4]ས་འོག་མཐར་ཐུག་ཡན་ལག་ནི། །བརྒྱད་ལྡན་ཆུ་ཡིས་ཡོངས་གང་བ། །ཆུ་ཡི་རྒྱུན་ནི་བལྟ་བྱ་སྟེ། །གཞན་ནི་ཐམས་ཅད་སྔ་མ་བཞིན། །ཞེས་བྱ་བ་ནི་རྫིང་བུ་དང་ཝ་ཆུ་དང་ཁྲོན་པ་ལ་སོགས་པའི་ཨརྒྷའི་ཆོ་གའོ།། །།ཆོ་ག་བཞིན་དུ་མཆོད་པ་དང་། །ལྷག་གནས་སྔར་བཞིན་ [8a.5]བྱས་ནས་ནི། །ནང་གི་ས་ཡི་སྦྱང་བ་ནི། །རིམ་བཞིན་དག་པར་བྱ་བ་སྟེ། །བློ་ལྡན་མཉམ་པར་བཞག་པ་ཡིས། །གསང་སྔགས་བརྗོད་དེ་བྱིན་གྱིས་བརླབ། །རོལ་མོའི་གནས་ནི་ཉམས་དགའ་བར། །སངས་རྒྱས་ལ་སོགས་བསྒོམ་བྱ་སྟེ། །དེ་ནས་སྦྱིན་སྲེག་ཀྱང་ནི་བཏབ། ། [8a.6]སངས་རྒྱས་སངས་རྒྱས་སྲས་དེ་བཞིན། །གཞན་ཡང་ལྷ་རྣམས་ཐམས་ཅད་ལ། །མཁྱེན་བྱ་དེ་ནས་བཟོད་པར་གསོལ། །རྫོགས་སངས་ལྷ་མོ་དེ་སྲས་དང་། །ཚངས་སོགས་ལྷ་ཡི་ཚོགས་ཀྱིས་གང་། །ཆོ་ག་མ་ཚང་བཟོད་མཛད་རིགས། །ཐམས་ཅད་དུ་ཡང་སྦྱིན་བདག་ནི། ། [8a.7]ཞི་དང་རྒྱས་ཆེན་མཛད་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་སླད་དུ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །ཐམས་ཅད་དུ་བཟོད་པ་གསོལ་བ་དང་གཤེགས་སུ་གསོལ་བའི་སྔགས་སོ། །ཡང་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་ [8b] [8b.1]གྲུབ་སྩོལ། །སླར་ཡང་འབྱོན་པར་མཛད་པའི་ཕྱིར། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །ཨོཾ་བཛྲ་མུཿ །ཞེས་བྱ་བ་འདིས་གཤེགས་སུ་གསོལ་བར་བྱའོ། །ཀུན་དགའ་ར་བ་དང་རོལ་མོའི་དེའུ་དང་ལྡུམ་རའི་སྦྱིན་པའི་ས་གཞིའི་ཨརྒྷའི་ཆོ་གའོ།། །།དཔལ་ལྡན་གསང་ [8b.2]འདུས་གསུང་བ་ཡི། །ཆོ་ག་གང་ཞིག་མ་ཚང་བ། །སྤྱི་རྒྱུད་གསུངས་པའི་ཆོ་ག་ལ། །བརྟེན་ནས་དེ་ནི་བསྐངས་པ་ཡིན། །དཔལ་ལྡན་ཞི་བ་བཟང་པོའི་ཞབས་ཀྱི་སྤྲིན་ལས་བྱུང་། །མན་ངག་ཆུ་རྒྱུན་དྲི་མེད་ཕུན་ཚོགས་ཐོབ་པ་ཡིས། །སྣང་བྱེད་ཟླ་བའི་ས་གཞི་ལ་ནི་གང་ [8b.3]སྐྱེས་པའི། །འདུས་པའི་ཨརྒྷའི་ཆོ་གའི་ལོ་ཏོག་འགྲོ་ལ་བསྔོ། །ཉོན་མོངས་འཕྲོག་བྱེད་ཨརྒྷའི་ཆོ་ག་བྱས་པ་ལས། །བདག་ལ་རྣམ་དག་བསོད་ནམས་སྐྱེས་པ་གང་གྱུར་པ། །དེ་ཡིས་འགྲོ་བ་མ་ལུས་རྡོ་རྗེ་སེམས་དཔའ་ནི། །སེམས་ཅན་གྱི་ནི་དགོངས་པ་མཛད་པ་ཉིད་དུ་ཤོག། ། [8b.4]ཨརྒྷའི་ཆོ་ག་སྙིང་པོ་བསྡུས་པ་ཞེས་བྱ་བ་སློབ་དཔོན་སྣང་བྱེད་ཟླ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་བ་རེནྡྲ་བའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིས་བསྒྱུར་བའོ། ། {T1904}༄༅༅། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི། བོད་སྐད་དུ། [8b.5]རབ་ཏུ་གནས་པའི་ཆོ་ག། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཉེས་པའི་དྲ་བ་མཐའ་དག་རྣམ་པར་བསལ་ཞིང་དྲི་མེད་ཡེ་ཤེས་སྣང་བས་མཛེས། །སངས་རྒྱས་སྐུ་ཡི་ཚོགས་ནི་རྟག་ཏུ་སྤྲུལ་པས་འགྲོ་བའི་དོན་ནི་ཕུན་ཚོགས་མཛད། །ཀུན་དགའ་དེ་བཞིན་གཤེགས་པའི་སྐུ་གསལ་ [8b.6]རིག་མ་དམ་པ་དང་ནི་ཡང་དག་ལྡན། །རྡོ་རྗེ་འཛིན་དེ་བཏུད་ནས་འདུས་པའི་གཞུང་དུ་རབ་གནས་ཆོ་ག་བདག་གིས་རབ་ཏུ་བཤད། །རབ་གནས་མཁའ་དབྱིངས་མཉམ་ཉིད་རྗེས་འབྲེལ་བ། །བདེ་གཤེགས་གླེགས་བམ་རྡོ་དྲིལ་ཆོས་དེ་བཞིན། །འཇིག་རྟེན་དོན་དམ་མ་རྟོགས་དེ་ཡི་ཕྱིར། ། [8b.7]འཇིག་རྟེན་ཕན་ཕྱིར་མགོན་པོས་རབ་གནས་མཛད། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་སྔགས། །སྟང་སྟབས་སྟན་དང་སྦྱིན་སྲེག་བཟླས། །མཆོད་པའི་ལས་ཀྱི་སྦྱོར་བ་དང་། །བསྡུ་བ་ཞེས་བྱ་དེ་ཉིད་བཅུ། །སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། ། [9a] [9a.1]མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །བསྟན་བཅོས་ཀུན་གྱི་དོན་ལ་མཁས། །བླ་མ་ལས་ནི་དབང་ཀུན་ཐོབ། །རྗེས་སུ་གནང་བའི་ཡོན་ཏན་ཅན། །བརྟན་པོ་དམ་ཚིག་སྡོམ་པར་ལྡན། །ཐེག་པ་གསུམ་གྱི་དགོངས་པ་ཤེས། །སྐུ་གཟུགས་མཆོད་རྟེན་གཙུག་ལག་ [9a.2]ཁང་། །དམ་ཆོས་རས་རིས་གླེགས་བམ་རྣམས། །བཟང་པོ་ཚད་ཀྱིས་མཛེས་པ་དང་། རྫོགས་པ་བདེ་བའི་རྒྱུ་རྣམས་ལ། །དེ་ཤེས་མཚན་ཉིད་རྟོགས་པ་ཡིས། །རབ་གནས་བྱ་བར་འོས་པ་སྟེ། །རྗེས་སུ་ཡི་རང་བྱེད་པ་དང་། །ཡོན་བདག་བསོད་ནམས་སྤེལ་ཕྱིར་རོ། །ནམ་ [9a.3]ཡང་རབ་གནས་དམན་པ་ནི། །ཆོ་ག་ཉམས་པས་མི་བྱ་སྟེ། །འཇིག་རྟེན་འདི་རུ་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་ཕྱིར་དངོས་གྲུབ་འདོད་པ་ཡིས། །ཐམས་ཅད་ལ་ཡང་ནན་ཏན་བྱ། །རྟོག་པ་ལས་བྱུང་དེ་བཞིན་དུ། །རང་ཉིད་ཀྱི་ནི་ནུས་པས་བསྒྲུབ། ། [9a.4]དེ་ལྟར་བྱས་ན་བསོད་ནམས་ཆེ། །མཐོང་དང་མ་མཐོང་སྐྱེ་བར་འགྱུར། །གསང་སྔགས་བཟང་པོས་ལྷ་རྣམས་ནི། །བཞུགས་པར་འགྱུར་བ་ཉིད་ཡིན་ནོ། །གང་དུ་སྐུ་གཟུགས་ཟིན་པ་ནི། །ཡུན་རིང་མཆོད་པ་མ་བྱས་བཞུགས། །ཡོན་བདག་ལ་ནི་མི་ཤིས་འབྱུང་། ། [9a.5]ཇི་སྲིད་རབ་གནས་མ་བྱས་པར། །དཔེར་ན་སྐྱེས་བུ་ལ་ལ་ཞིག །རིགས་དང་མཚན་ཉིད་བྲལ་བ་ལ། །འཇིག་རྟེན་ཀུན་གྱིས་མཆོད་བྱ་མིན། །དེ་བཞིན་དུ་ཡང་གཟུགས་བརྙན་ནོ། །གང་ཞིག་རབ་གནས་མ་བྱས་ལ། །ཕྱག་དང་མཆོད་པ་གང་ཞིག་དང་། །གསང་སྔགས་ [9a.6]དམན་པས་བསྲེག་རྫས་བཞིན། །འབྲས་མེད་སྦྱིན་སྲེག་ཐལ་བར་ཟད། །དེ་བཞིན་གསང་སྔགས་མེད་པར་ནི། །ཆོས་གནས་མཆོད་པ་བྱེད་པ་ཡང་། །ལས་དེ་ཡི་ནི་རྣམ་སྨིན་གྱིས། །སྐྱེ་བ་ཀུན་དུ་མི་མཆོད་འགྱུར། །དེ་ལ་ཐོག་མ་ཉིད་དུ་རང་ཉིད་བསོད་ནམས་འདོད་ [9a.7]པས་སམ། །སློབ་མས་གསོལ་བ་བཏབ་པས་རབ་གནས་རྩོལ་བ་ན། རེ་ཞིག་སྔོན་དུ་བསྙེན་པ་བྱ་སྟེ། དེ་ལ་ཏིང་ངེ་འཛིན་གསུམ་དང་ལྡན་པས་འཁོར་ལོས་སྒྱུར་བའི་སྔགས་དང་རང་གི་ལྷག་པའི་ལྷའི་སྔགས་འབུམ་དུ་བཟླས་པར་བྱའོ། །གཞན་དག་གི་སྔགས་ཁྲི་བཟླ་ [9b] [9b.1]བར་བྱའོ། །ཡང་ན་བདག་པོའི་བཀས་སམ་ལྷག་པར་མོས་པས་རབ་ཏུ་གནས་པར་བྱའོ། །གང་གི་ཚེ་སློབ་མས་མཎྜལ་སྔོན་དུ་སོང་བས་ལན་གཉིས་སམ་གསུམ་མཆོག་ཏུ་གསོལ་བ་བཏབ་པ་དེའི་ཚེ། །སློབ་དཔོན་གྱིས་ཡོ་བྱད་འཚོགས་སམ་ཞེས་དྲི་བར་བྱའོ། །དེ་ན་རེ་ཅུང་ཟད་ [9b.2]ནི་འཚོགས་ལ་ཅུང་ཟད་ནི་མ་འཚོགས་སོ་ཞེས་ཟེར་ན། དེའི་ཚེ་ཡང་སློབ་མའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་སྙིང་གར་གནས་པ་ཀཾ་ཡིག་ཡོངས་སུ་གྱུར་པ་ལས་བྱུང་བ་ནག་པོའི་རྣམ་པར་གྱུར་བའི་རླིག་པ་འཕྱང་བ་ཤ་ཟ་ལྟ་བུའི་སྡིག་པ་སྣའི་རྩེ་མོར་འཐོན་པ་ [9b.3]དང་། ཡི་གེ་ཧཱུཾ་དེ་ཡང་སྙིང་གར་འཐོན་པས་གཡོན་བརྐྱང་བ་མཆེ་བ་གཙིགས་པ་གསུས་པ་འཕྱང་བ་སྐུ་མདོག་ནག་པོ་ཕྱག་གཡོན་སྙིང་གར་སྡིགས་མཛུབ་དང་མཆེ་བ་ཅན། ཕྱག་གཡས་མཆེ་བ་གདེངས་པའི་རྡོ་རྗེ་གནོད་སྦྱིན་ཁྲོ་བའི་གཟུགས་ཅན་དུ་བྱས་ནས་འཐོན་པས། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ད་ [9b.4]ཁཱ་ད་པཱ་པ་ནྱ་སྱ་ཧཱུཾ་ཕཊ་ཅེས་བྱ་བས་སྡིག་པ་འདི་ཟར་བཅུག་ནས་སློབ་མ་དེ་ཡང་སཾ་ཡིག་ལས་ཀུན་དུ་བཟང་པོའི་གཟུགས་སུ་རྣམ་པར་བསམས་ཏེ། དེའི་སེམས་ཀྱི་བགེགས་རྣམས་བདུད་རྩི་འཁྱིལ་པས་ཕུར་བུས་བཏབ་སྟེ་ཕུར་བུའི་འོད་ཟེར་ཤིན་ཏུ་དྲག་པ་འཇིགས་པ་རྣམས་ཀྱིས་གདུག་ [9b.5]པ་ཐམས་ཅད་ངེས་པར་བསྲེགས་ནས། སློབ་མའི་སྙིང་གར་བསྲུང་བའི་དོན་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་དབྱངས་ཐ་མ་པ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེས་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །དེ་ནས་སྔགས་པས་སྟེགས་བུ་རྙིང་པའམ། མཆོད་རྟེན་ [9b.6]གྱི་གཞི་འམ་ལྷའི་རིགས་ཀྱི་ཁང་པ་ལ་སོགས་པ་ཡོངས་སུ་བརྟགས་པའི་ས་གཞི་ཡོད་པར་ཕྱི་དང་ནང་གི་བདག་ཉིད་ཅན་གྱིས་སྦྱང་བ་དང་གཟུང་བ་དང་། ཕུར་བུས་གདབ་པ་དང་། རྡོ་རྗེ་གུར་དང་ར་བ་དང་། ཕྱོགས་བཅིང་བ་དང་། མཚམས་བཅིང་བ་དང་། ལྷག་པར་གནས་ [9b.7]བ་དང་ཐིག་གདབ་པ་དང་རྡུལ་ཚོན་དགྱེ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་ལས་བསྒྲུབ་པར་བྱའོ། །དེ་ནས་སྔགས་པས་ཡོངས་སུ་བརྟགས་ཤིང་ཤིན་ཏུ་འཇམ་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། མདུན་དུ་བསང་གཏོར་ལ་སོགས་པའི་སྣོད་བཞག་ནས་ [10a] [10a.1]དཀྱིལ་འཁོར་ལ་མཆོད་པ་བྱས་ཏེ། ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པས་བུམ་པ་རྣམས་ལྷག་པར་གནས་པར་བྱའོ། །དེ་ལ་རྩ་བ་དང་ནག་པོ་མེད་པ་མཆུ་འཕྱང་བ་མགྲིན་པ་རིང་བ་ལྟོ་བ་ཆེ་བ་ནས་དང་གྲོ་དང་མ་ཤ་དང་འབྲས་སོ་བ་དང་ཏིལ་རྣམས་ [10a.2]ཏེ་འབྲུ་ལྔ་དང་། བྲྀ་ཧ་སྟི་དང་ཀཎྜ་ཀ་རི་དང་ཨ་པ་ར་ཛི་ཏ་དཀར་པོ་དང་ཧ་ས་དང་ཧ་ས་དེ་བ་རྣམས་ཏེ་སྨན་ལྔ་དང་། གསེར་དང་དངུལ་དང་མུ་ཏིག་དང་བྱི་རུ་དང་མུ་མེན་རྣམས་ཏེ་རིན་པོ་ཆེ་ལྔ་དང་། གུར་གུམ་དང་གླ་རྩི་དང་སི་ཧླ་དང་ཙནྡན་དང་ག་བུར་རྣམས་ཏེ་དྲི་ལྔ་དང་ལྡན་པ། བསྟི་ [10a.3]གནས་ཀྱི་ཆུས་གང་བ། འཛམ་བུ་དང་ཀ་པིདྠ་དང་མ་དུ་ལུང་ག་དང་ཤྲཱི་ཕ་ལ་སྟེ་ཡལ་ག་ལྔས་ཁ་བརྒྱན་པ། གོས་སར་པ་ཟུང་གིས་མགུལ་པ་དཀྲིས་པ། ཆོས་འབྱུང་ལ་གནས་པའི་རང་གི་ལྷའི་མཚན་མས་མཚན་པ་ལ་ཡི་གེ་བཾ་ལས་རིན་པོ་ཆེའི་རང་བཞིན་ལས་བྱས་པར་ [10a.4]བསམས་ནས་གདུགས་དང་བཅས་པ་རྗེས་སུ་མཐུན་པའི་གདན་ལ་བཞག་པའི་རྣམ་པར་རྒྱལ་བའི་བུམ་པར་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་གཙོ་བོ་བསྒོམས་ནས་མེ་ཏོག་གི་ཕྲེང་བས་དཀྲིས་པའི་རྡོ་རྗེ་བུམ་པའི་སྟེང་དུ་བཞག་སྟེ། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དང་ [10a.5]འབྲེལ་བའི་ཕྲེང་བའི་རྩེ་མོ་ནས་བཟུང་སྟེ། ཡི་གེ་གསུམ་དང་སྤེལ་བའི་རང་གི་ལྷའི་སྔགས་ཀྱིས་ཨ་དྷི་ཏིཥྛ་ཞེས་བྱ་བ་དེས་བརྒྱ་རྩ་བརྒྱད་དུ་དེ་ལ་མངོན་པར་བཟླས་པར་བྱའོ། །དེ་ནས་ཨརྒྷ་ལ་སོགས་པ་ཕུལ་ཏེ་མཆོད་པ་ལྔས་མཆོད་ནས། དྲིལ་བུ་དཀྲོལ་བཞིན་པས་མངོན་པར་བསྟོད་ [10a.6]པར་བྱའོ། །དེ་ནས་གཞན་ཡང་དཀྱིལ་འཁོར་པའི་བུམ་པ་རྣམས་ནི་ཅུང་ཟད་ཆུང་བ་རྗེས་སུ་མཐུན་པའི་གདན་ལ་བཞག་པ་རྣམས་ལ་དྲིའི་ཆུ་ཡིས་བཀང་སྟེ། འཛམ་བུ་དང་ཙུ་ཏ་ལ་སོགས་པའི་ཡལ་གས་ཁ་བརྒྱན་པ་སྨན་ལྔ་ལ་སོགས་པ་དང་ལྡན་པ་མགྲིན་པ་གོས་ཀྱིས་དཀྲིས་པ་རང་ [10a.7]གི་ལྷའི་མཚན་མ་གདུགས་དང་བཅས་པ། དཀྱིལ་འཁོར་པའི་ལྷ་བསྒོམས་པས་བྱིན་གྱིས་བརླབས་པ། དཀྱིལ་འཁོར་བའི་སྔགས་ཡི་གེ་གསུམ་དང་སྤེལ་བས་ཐ་མར་ཨ་དྷི་ཏིཥྛ་ཞེས་བྱ་བ་དང་། ལན་བདུན་བདུན་བཟླ་བར་བྱའོ། །འགྲོ་བ་ཀུན་བསང་བའི་དོན་དུ་བུམ་པ་ [10b] [10b.1]གཞན་དུ་བདུད་རྩི་འཁྱིལ་པ་བསྒོམས་ནས། ཨོཾ་ཨ་བིགྷྣཱཾ་ཏ་ཀྲྀཏ་ཧཱུཾ་ཨ་དྷི་ཏིཥྛ་ཞེས་བྱ་བའི་སྔགས་བརྒྱ་རྩ་བརྒྱད་དུ་བཟླ་བར་བྱའོ། །དེ་བཞིན་དུ་ཨརྒྷ་ལ་སོགས་པ་ཕུལ་ནས་ཡང་དག་པར་མཆོད་དེ། བསྟོད་པ་བྱའོ། །བགེགས་ཉེ་བར་ཞི་བར་བྱ་བའི་དོན་དུ་ཕྱོགས་སྐྱོང་རྣམས་ལ་དེའི་ [10b.2]སྔགས་ཀྱིས་གཏོར་མ་སྦྱིན་པར་བྱའོ། །དེ་ལ་འདི་ལྟར་བུམ་པ་ལྷག་པར་གནས་པ་ཉི་མ་རེ་རེ་ཞིང་ཐུན་གསུམ་གསུམ་དུ་བྱའོ། །བུམ་པ་མདོར་བསྡུ་བའི་ཕྱོགས་ལ་ནི་རིགས་ཀྱི་ཡུམ་བཞི་དང་། དེ་བཞིན་གཤེགས་པ་རྣམས་རང་རང་གི་རིགས་དང་བཅས་པ་ལྔ་དང་། ལས་ཐམས་ཅད་ [10b.3]པའི་བུམ་པ་དང་བཅུར་བརྟག་པར་བྱའོ། །རྡུལ་ཚོན་དགྱེ་བ་བུམ་པ་དགོད་པར་བྱའོ། །དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ནི་གཙོ་བོའི་གཡས་ཕྱོགས་སུའམ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གཞག་པར་བྱའོ། །དཀྱིལ་འཁོར་བའི་བུམ་པ་རྣམས་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཟུར་བཞིར་ [10b.4]དགོད་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ནི་དཀྱིལ་འཁོར་གྱི་ཁང་པའི་རྩ་བའི་སྒོའི་གཡས་ཕྱོགས་སུ་གཞག་པར་བྱའོ། །དེ་ནས་བུམ་པ་དེ་རྣམས་ལས་ཆུ་ཉུང་ཟད་ཉུང་ཟད་བླངས་ཏེ་བདུད་རྩི་ལྔའི་སྣོད་དུ་བླུགས་ནས་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་གཞག་པར་བྱའོ། ། [10b.5]དེ་ལྟར་བྱས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱིས་གཞི་ཉེ་བར་བྱུགས་པར་གྱེན་དུ་བསྒྲེང་བའི་གདུགས་དང་རྒྱལ་མཚན་དང་བ་དན་དང་། བླ་རེ་ཕུབ་པའི་མཐའ་མ་རྣམས་ནས་རྔ་ཡབ་དཀར་པོ་དབྱངས་ཏེ། དྲི་ཞིམ་པོའི་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་ནས་དུམ་བུ་དང་བསྡུས་པ་ལ་སོགས་ [10b.6]པའི་སྤོས་དུད་གཏུལ་ཏེ། སི་ཧླ་དང་། ག་པུར་དང་། གུར་གུམ་དང་། གླ་རྩི་དང་། ཙནྡན་དང་འདྲེས་པའི་བདུད་རྩི་འཁྱིལ་པའི་སྔགས་བཟླས་པས་ཆག་ཆག་བཏབ་པའི་སའི་ཆར་པི་ཝང་དང་། གླིང་བུ་དང་རྔ་ཟླུམ་དལ་བ་དང་། གླུ་དང་གར་གྱི་དགའ་སྟོན་དང་། གྲུ་བཞི་སྒོ་ [10b.7]བཞི་རྟ་བབས་བཞིས་བརྒྱན་ཅིང་བུམ་པ་གང་བས་བརྒྱན་པའི་གནས་སུ་གཟའ་དང་རྒྱུ་སྐར་དང་། དུས་སྦྱོར་བཟང་པོ་འཛོམ་པའི་ཉིན་ཞག་བཟང་པོ་ལ་ཁྲུས་དང་གཙང་སྦྲ་བྱས་ཏེ་གོས་དང་རྒྱན་བཟང་པོ་དབུ་རྒྱན་མེ་ཏོག་དང་བཅས་པས་གྲོགས་བཟང་པོ་དང་ལག་པ་རྡོ་རྗེ་དང་དྲིལ་བུ་ [11a] [11a.1]འཛིན་པས་སྟན་ཐོག་མཐོན་པོ་འཇམ་པ་ལ་འདུག་སྟེ། མདུན་དུ་བསང་གཏོར་ལ་སོགས་པའི་སྣོད་བཞག་ནས་དཀྱིལ་འཁོར་མཆོད་དེ་ཏིང་འཛིན་གསུམ་དང་ལྡན་པའི་སྔགས་པས་དཀྱིལ་འཁོར་སྒྲུབ་པའི་ཐབས་ལས་གསུངས་པ་བཞིན་དཀྱིལ་འཁོར་བསྒྲུབ་པར་བྱའོ། ། [11a.2]དེ་ནས་མངོན་དུ་ཕྱོགས་པའི་ལྷ་རྣམས་ཀུན་གྱི་མཆོག་དང་ལྡན་པ་ཞལ་གསུམ་པ་ཕྱག་དྲུག་པ། རྗེས་སུ་མཐུན་པའི་སྐུ་མདོག་དང་ཕྱག་མཚན་དང་གདན་ལ་སྙོམས་པར་ཞུགས་པ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ས་བོན་དང་ཕྱག་མཚན་གྱིས་ཐུགས་ཀར་བྱིན་གྱིས་བརླབས་པ། [11a.3]རིགས་དང་མཐུན་པའི་ཅོད་པན་གྱི་ལྷ་རྣམས་སྐད་ཅིག་མས་བལྟས་ལ། ནམ་མཁའ་ལ་ཡང་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མདོར་བསྡུས་པའི་གཟུགས་དཀྱིལ་འཁོར་བས་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་གྱི་བདག་པོ་མངོན་པར་བལྟས་ལ་ [11a.4]བསང་གཏོར་ལ་སོགས་པ་ཕུལ་ཏེ། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་སྣ་ཚོགས་པའི་མཆོད་པས་མཆོད་ནས་བསྟོད་པ་བྱས་ཏེ་བདུད་རྩི་མྱང་བར་བྱའོ། །དེ་ནས་དྲི་ཞིམ་པོའི་མེ་ཏོག་གི་སྙིམ་པས་ལུས་བཏུད་དེ། ཨོཾ་སརྦ་ [11a.5]ཏ་ཐཱ་ག་ཏ་པ་ར་མ་སུ་ཁཱ་ཤ་ཡ་སུ་ལ་ལི་ཏ། བི་ལཱ་སེནཱ་མི་ཏཻརྣཱ་མཱ་མི་བྷ་ག་ཝཱནྟཾ་ཛཿཧཱུཾ་བཾ་ཧོཿཔྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོ་ས་མ་ཡ་སྟྭཾ། ཞེས་བརྗོད་པས་སྙིམ་པའི་མེ་ཏོག་དོར་བར་བྱའོ། །དེ་ནས་པུས་མོ་གཡས་པ་ས་ལ་བཙུགས་ཏེ། ལག་པ་གཡས་པས་སྤོས་དུད་བསྐྱོད་པས་ [11a.6]བདག་པོ་དེ་དག་གཞན་དག་ཀྱང་སྙན་གསན་དབབ་པར་བྱའོ། །བཅོམ་ལྡན་རྡོ་རྗེ་ཆེ་གེ་མཆོག །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །མགོན་པོ་བདག་ནི་རབ་གནས་དག །དགྱིད་པར་འཚལ་གྱི་ཐུགས་རྗེ་ཅན། །སློབ་མ་རྣམས་ལ་ཕན་པ་དང་། །ཁྱེད་རྣམས་ལ་ [11a.7]ཡང་མཆོད་པའི་ཕྱིར། །བཅོམ་ལྡན་གུས་པ་བདག་ལ་ནི། །རྗེས་སུ་གཟུང་བར་མཛད་པའི་རིགས། །ཇི་ལྟར་སངས་རྒྱས་ཐམས་ཅད་དག །དགའ་ལྡན་གནས་ན་བཞུགས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམ་གཤེགས་ལྟར། །དེ་བཞིན་གནས་འདིར་བཞུགས་སུ་ [11b] [11b.1]གསོལ། །འདིར་ནི་རྟག་ཏུ་བཞུགས་ནས་ཀྱང་། །མེ་ཏོག་ལ་སོགས་མཆོད་པ་རྣམས། །བྱང་ཆུབ་སེམས་ནི་འཕེལ་བའི་ཕྱིར། །ཆེ་གེའི་དོན་དུ་བཞེས་སུ་གསོལ། །འགྲོ་བའི་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ [11b.2]ཆུབ་སེམས་དཔའ་དང་། །གང་གཞན་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །འབྱུང་པོ་སངས་རྒྱས་བསྟན་གནས་དང་། །བསྟན་ལ་མངོན་དགའི་སེམས་ཅན་རྣམས། །གང་ཞིག་རྡོ་རྗེའི་མིག་ཅན་ཡང་། །རྡོ་རྗེ་ཅན་བདག་ཆེ་གེ་མོ། ། [11b.3]རབ་ཏུ་གནས་པའི་ཆོ་ག་བཞིན། །ཉེ་བར་སྤྱོད་པ་ཅི་ནུས་ཀྱིས། །འགྲོ་བ་དག་ཕྱིར་བགྱིད་པར་འཚལ། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །སློབ་མ་དང་བཅས་བདག་ལ་ནི། །འདི་དག་ལྷན་ཅིག་ཐམས་ཅད་ཀྱིས། །ཉེ་བ་ཉིད་དུ་མཛད་པའི་རིགས། །དེ་ལྟར་ལན་གསུམ་ [11b.4]དུ་སྙན་གསན་ཕབ་ནས་སྔ་མ་བཞིན་ཡང་དག་པར་མཆོད་དེ་བསྟོད་ནས་བདུད་རྩི་མྱང་བར་བྱའོ། །དེ་ལྟར་ལྷ་སྙན་གསན་དབབ་པ་བྱས་ནས་བདག་ཉིད་གཟེངས་བསྟོད་པར་བྱ་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པ་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་ [11b.5]མཉམ་པར། །གྱུར་པར་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེས་པར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། ། [11b.6]སངས་རྒྱས་ཐམས་ཅད་སྙན་མནན་པས། །དི་རིང་བདག་ནི་ཉེ་བར་གྱུར། །དེའི་རྗེས་ལ་སློབ་དཔོན་གྱིས་སྒྲུབ་གྲོགས་ཡོད་ན་དཀྱིལ་འཁོར་གྱི་སར་བཞག་ལ་ཕྱི་རོལ་དུ་བྱུང་སྟེ། །བདག་པོ་འམ་ཁྲོ་བོའི་རྣལ་འབྱོར་གྱིས་བཟའ་བཏུང་དང་ཉ་ཤ་དང་འབྲས་མར་གྱི་སྤོད་དང་ཏིལ་དང་སྣུམ་ [11b.7]ཁུར་ཟླུམ་པོ་ལ་སོགས་པའི་གཏོར་མ་མན་ངག་ཇི་ལྟ་བ་བཞིན་སྦྱངས་ཏེ། གནས་ཇི་ལྟ་བ་བཞིན་དུ་དབང་པོ་ལ་སོགས་པ་བཀུག་ནས་སོ་སོའི་ཕྱོགས་ཀྱི་སྒོ་ཉིད་དུ་བསང་གཏོར་དང་ཞབས་བསིལ་ལ་སོགས་པ་བྱིན་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་དེ་ཁུར་གྱིས་སམ། [12a] [12a.1]སྙིམ་པས་ལན་གསུམ་དུ་སྦྱིན་པར་བྱའོ། །དེ་ནས་ཞལ་བསིལ་ལ་སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ནས་སླར་གཏང་བར་བྱའོ། །དེ་ནས་ནང་དུ་ཞུགས་ཏེ་བདུད་རྩི་འཁྱིལ་པའི་བཟླས་པའི་སྐུད་པ་སུམ་དཀྲིས་སུ་མདུད་པ་གསུམ་གྱིས་དཔུང་པ་གཡས་པར་ [12a.2]བཅིངས་ཏེ། ལས་ཐམས་ཅད་པའི་ཆུས་གཡས་གཡོན་དུ་བསངས་ཏེ་སློབ་མ་བསྲུང་བའོ། །ཕྲིན་ལས་འདི་དག་ཐམས་ཅད་ལེགས་པར་བསྐུལ་བ་བྱས་པའི་སློབ་མ་དང་ལྷན་ཅིག་སྤྱད་པར་བྱའོ། །དེ་དག་ལ་ཡང་འདི་བསྒོ་བར་བྱ་སྟེ། གསང་སྔགས་གང་ཅུང་ཟད་ཅིག་སྨྲ། ། [12a.3]མཆོད་སོགས་ཆོ་ག་དེ་བྱ་སྟེ། །མཆོད་སྦྱིན་འབྲས་བུ་ཆེ་འབྱུང་ལ། །སྒྱུ་ཡིས་བྱ་བ་མ་ཡིན་ཉིད། །དེ་ནས་བགེགས་ཞི་བར་བྱ་བའི་ཕྱིར་བདུད་རྩི་འཁྱིལ་པའི་སྔགས་ཇི་སྲིད་འདོད་པར་བཟླས་ཏེ་ཉལ་བར་བྱའོ། །འདི་ནི་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ཕྱི་དེ་ཉིན་པར་ཐོ་རངས་ཀྱི་ [12a.4]དུས་སུ་ཇི་སྐད་བསྟན་པའི་ཆོས་ཀྱི་མཚན་ཉིད་དང་། ཡོ་བྱད་ཐམས་ཅད་འཚོགས་པའི་སྔགས་པས་ཞི་བའི་གཏོར་མ་བཏང་ནས་ལྷ་ལ་མངོན་དུ་ཕྱོགས་ཏེ་ལྷའི་རྣལ་འབྱོར་བྱས་པས་སྐུ་གཟུགས་ཞལ་ཤར་དུ་གཟིགས་པ་ན་བཟའ་སེར་པོས་དཀྲིས་པ་ལ་སྔར་བསྟན་པའི་མཚན་ཉིད་ཅན་དུ་ [12a.5]རྣལ་འབྱོར་གྱིས་བསྐྱེད་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྙིང་ག་དང་། སྤྱི་བོ་དང་། ལྐོག་མར་ཧཱུཾ་ཨོཾ་ཨཱཿ། །ཞེས་བྱ་བས་བྱིན་གྱིས་བརླབས་པ་སྟེགས་བུའི་སྟེང་དུ་འདུག་སྟན་གཙང་མ་ལ་བཞག་ནས་དྲི་མ་སེལ་བ་རྣམས་ཀྱིས་དྲི་མ་བསལ་བར་བྱའོ། །དེ་ལ་ཁུ་ [12a.6]ཚུར་གཡས་གཡོན་གྱིས་བཟུང་བའི་ཡུངས་ཀར་དང་ཆུ་དང་ཟན་ལུགས་སུ་འབྱུང་བ་དང་། ལུགས་ལས་བཟློག་པས་བསྐོར་ཞིང་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་མེར་བླུགས་པར་བྱའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་ [12a.7]བྱ་བ་ལན་བདུན་དུ་བཟླས་པའི་དྲི་ཞིམ་པོའི་མར་ཁུས་ཀུ་ཤའི་ཚོམ་བུ་བཟང་པོ་བྱུགས་ནས་ཁར་བའི་སྣོད་དུ་བཞག་པའི་བ་ཊ་དང་ཨུ་དུམྺཱ་ར་དང་། ཨ་ཤྭདྠ་དང་། ཤྲི་ཥ་དང་། བླག་ཤའི་ཤུན་པ་བརྡུངས་པས་བྲུད་ནས་ས་བོན་ལྔས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔ་དང་འདྲེས་ [12b] [12b.1]པའི་བའི་རྣམ་ལྔས་བཀྲུ་བར་བྱའོ། །ཕྱི་ནས་རྒྱལ་པོ་དབང་བསྐུར་བའི་གདུགས་དཀར་པོ་འཛིན་པའི་མི་དང་བཅས་པས་རྒྱལ་བ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་བ་རྣམས་ཀྱིས་བསྟོད་བཞིན་པ་དང་། ཏུཪྻའི་སྒྲ་དང་བུད་མེད་རྣམས་ཀྱི་ཅ་ཅོའི་སྒྲ་རྣམས་དང་། ཉེ་བར་མཚོན་པའི་དབང་བསྐུར་ [12b.2]བའི་ཆོ་གས་སྤྱན་ལ་སོགས་པའི་ཕྱག་གིས་བཟུང་བའི་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བ་རྣམས་ཀྱིས་དབང་བསྐུར་བར་ལྷག་པར་མོས་པས་ཁྲུས་ཀྱི་ཚིགས་སུ་བཅད་པ་བརྗོད་བཞིན་པས་བུམ་པའི་ཆུས་ཁྲུས་གསོལ་བར་བྱའོ། །དེ་ལ་ཁྲུས་ཀྱི་ཚིགས་སུ་བཅད་པ་ནི། །ཇི་ལྟར་བལྟམས་པ་ཙམ་ [12b.3]གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་པ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡེ་ཤྲཱི་ཧཱུཾ། པོ་ཏི་དང་ཐང་སྐུ་ལ་སོགས་པ་རྣམས་ལ་ནི་ལྷག་པར་མོས་པས་མེ་ལོང་ལ་ཁྲུས་གསོལ་བར་བྱའོ། །དེ་ལ་དབང་བསྐུར་ [12b.4]བའི་རིམ་པ་ནི་འདི་ཡིན་ཏེ། དང་པོ་ནི་རྣམ་པར་རྒྱལ་བའི་བུམ་པས་སོ། །དེ་ནས་རྣམ་སྣང་ལ་སོགས་པའི་བུམ་པས་སོ། །དེ་ནས་ནི་སྤྱན་ལ་སོགས་པའི་བུམ་པས་སོ། །དེ་ནས་ནི་གཟུགས་རྡོ་རྗེ་ལ་སོགས་པའི་བུམ་པས་སོ། །དེ་ནས་ནི་སའི་སྙིང་པོ་ལ་སོགས་པའི་བུམ་པས་སོ། །དེ་ [12b.5]ནས་ནི་གཤིན་རྗེ་གཤེད་ལ་སོགས་པའི་བུམ་པས་སོ། །དེའི་ཚེ་ཡང་བཀྲ་ཤིས་ཀྱི་གླུ་བླང་བར་བྱའོ། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ནི། །བཀྲ་ཤིས་གང་ཞིག་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། །གཅིག་ཉིད་དང་ནི་དུ་མ་ཉིད་ཀྱང་རྣམ་སྤངས་པའི། །མ་གོས་གཟུགས་མེད་རྡུལ་དང་ [12b.6]བྲལ་བ་གང་ཡིན་པའི། །བཀྲ་ཤིས་དེ་ཡིས་ཁྱེད་ལ་རྟག་ཏུ་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་སངས་རྒྱས་སྲས་ཀྱིས་ཡོངས་བསྐོར་ཞིང་། །ལོངས་སྤྱོད་རྫོགས་སྐུ་དམ་ཆོས་ཀྱི་ནི་གསུངས་དང་བཅས། །མཚན་དང་དཔེ་བྱད་བཟང་པོས་ཡོངས་སུ་བརྒྱན་གྱུར་པ། །བཀྲ་ཤིས་ [12b.7]དེ་ཡིས་ཁྱེད་ལ་རྟག་ཏུ་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་ནགས་ཀྱི་མེ་ནི་མཆེད་པ་ལྟར། །འཇུག་དང་འབར་དང་ཡོངས་སུ་མྱ་ངན་འདས་པ་ཡིས། །སྤྲུལ་པའི་སྐུ་མཆོག་གཞན་གྱི་དོན་ནི་མཛད་པའོ། །བཀྲ་ཤིས་དེ་ཡིས་ཁྱེད་ལ་རྟག་ཏུ་བདེ་ལེགས་ཤོག །བཀྲ་ཤིས་ [13a] [13a.1]གང་ཞིག་སེམས་ཅན་ཀུན་ལ་ཕན་བྱེད་པའི། །སངས་རྒྱས་རྣམ་དག་བློ་ལྡན་ཉེས་པའི་ཚོགས་དང་བྲལ། །ཤེས་རབ་ཡན་ལག་འདུས་པས་མཛེས་པའི་བདེ་བའི་བདག །བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར། །བཀྲ་ཤིས་གང་ཞིག་ལྷ་དང་ལྷ་མིན་ [13a.2]མིས་མཆོད་པ། །དེ་ཡིས་བསྟན་པའི་དམ་ཆོས་བླ་ན་མེད་པ་ནི། །བདག་མེད་འཇིག་རྟེན་གསུམ་ལས་རབ་ཏུ་གྲགས་པ་ཡི། །བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ཡང་དབང་མཆོག་བསྐུར། །བཀྲ་ཤིས་གང་ཞིག་རབ་མཆོག་དམ་ཆོས་རྟག་ཏུ་འཛིན། །བཟང་པོའི་སར་བཞུགས་སངས་རྒྱས་ [13a.3]སྲས་པོའི་ཚོགས་ཀྱི་མཆོག །རྣམ་པ་ཀུན་དུ་སེམས་ཅན་དོན་མཛད་བཀྲ་ཤིས་བཟང་། །བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར། །དེ་ལྟར་རིམ་པ་བཞིན་དུ་ཁྲུས་གསོལ་ནས། དེ་ནས་གོས་དཀར་པོ་སྲབ་མོས་ཕྱིས་ཏེ་གུར་ཀུམ་གྱི་ལྡེ་གུས་བྱུགས་པ་ལ་ན་བཟའ་ [13a.4]དཀར་པོ་ཟུང་གཅིག །ཨོཾ་དི་བྱ་བཱ་ས་སེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ཡོངས་སུ་གསོལ་བར་བྱའོ། །ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་ག་བུར་དང་གླ་རྩི་དང་གུར་གུམ་ལ་སོགས་པའི་དྲི་རྣམས་ཀྱིས་མཉམ་པར་བྱུགས་ནས་གལ་ཏེ་ཡོད་ན། ཨོཾ་བཛྲ་ཨཱ་བ་ར་ཎ་ [13a.5]བི་བྷུ་ཥ་ཎེ་སྭ་ཧཱ། ཞེས་བྱ་བས་སྤྱན་དབྱེ་བར་བྱའོ། །དེ་ནས་གོ་རོ་ཙ་ནའི་ཐིག་ལེ་བྱས་ཏེ་མེ་ཏོག་དང་བདུག་སྤོས་དང་། མར་མེ་ཏམྦོ་ལ་ཡང་ཕུལ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཀུན་དུ་བསྲུངས་ཏེ། དཀྱིལ་འཁོར་ལ་ཡང་ཧཱུཾ་ཡིག་གིས་བཏེག་ནས་ཊཀྐིའི་སྔགས་ལ་ཨ་ [13a.6]ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ཏེ་དབུས་སུ་གཞག་པར་བྱའོ། །དེ་ནས་ཡོད་ན་ཕྱི་རོལ་གྱི་རིག་མ་དེ་མེད་ན་བསྒོམ་པ་དང་ལྷན་ཅིག་བསམ་གཏན་གྱིས་གནས་ཏེ། པདྨ་དང་རྡོ་རྗེའི་སྒྲས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་རང་གི་སྙིང་གར་བཅུག་ནས་ [13a.7]ཞུ་བར་བྱས་ཏེ་རང་གི་རྡོ་རྗེ་གོ་ཆའི་ལམ་ནས་ཤེས་རབ་ཀྱི་པདྨའི་ནང་དུ་ལྷུང་བར་གྱུར་པ་དང་། ཤེས་རབ་ཀྱི་བ་སྤུའི་བུ་ག་རྣམས་ནས་འོད་ཟེར་དུ་གྱུར་ནས་འཐོན་པ་དང་། ནམ་མཁའ་ཁྱབ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བློས་ཉེ་བར་བཞག་སྟེ། བསང་གཏོར་ [13b] [13b.1]དང་ཞལ་བསིལ་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་རང་གི་སྙིང་ག་ནས་སྤྲོས་པའི་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་དེ་དང་ལྷན་ཅིག་གནས་པའི་བགེགས་ཀྱི་རིགས་བཀུག་བསྐྲད་ནས་དེ་རྣམས་ཉིད་ཛཿཧཱུཾ་བཾ་ཧོཿཞེས་བྱ་བས་དགུག་པ་ [13b.2]དང་། ཤིན་ཏུ་ངེས་པར་རྫོགས་པ་དེ་ལ་རབ་ཏུ་གཞུག་ཅིང་བཅིངས་ཏེ་དབང་དུ་བྱས་ཏེ་སྤྱན་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ནས། དབང་བསྐུར་བ་ཡང་བྱས་ནས་བསང་གཏོར་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་དབུལ་བར་བྱ་སྟེ། ཆུ་ [13b.3]དང་དེ་བཞིན་ཐང་ལས་སྐྱེས། །མེ་ཏོག་དམ་པ་འདི་དག་ནི། །བདག་གིས་གུས་པས་ཕུལ་བས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་དབུལ་བར་བྱའོ། །ལྷན་སྐྱེས་དེ་བཞིན་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། ། [13b.4]མཆོག་ཏུ་གུས་པས་རབ་ཏུ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སྤོས་སོ། །ལྷན་སྐྱེས་དེ་བཞིན་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ཉིད། །མཆོག་ཏུ་གུས་པས་བདག་འབུལ་གྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། ། [13b.5]ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་དྲིའོ། །ལྷ་རྫས་འབར་བ་མུན་པ་འཇོམས། །སྣུམ་ལྡན་སྒྲོན་མ་འདི་དག་ནི། །རབ་ཏུ་དང་བས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་དཱི་པེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སྒྲོན་མའོ། །ཞལ་ཟས་རྣམ་ [13b.6]ཀུན་ཡང་དག་ལྡན། །བཟའ་དང་སྟོན་མོར་བཅས་པ་འདི། །ཁ་དོག་རོ་དང་དྲིར་ལྡན་པ། །དབུལ་ལོ་ཡང་དག་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་ནཻ་བི་ཏྱ་ཧཱུཾ་ཞེས་བྱ་བས་ལྷ་བཤོས་སོ། །དེ་ནས་ཞལ་བསིལ་ཕུལ་ཏེ། མེ་ཏོག་གིས་མཆོད་ནས། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ [13b.7]ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་ནས་བདུད་རྩི་མྱང་བར་བྱའོ། །དེ་ནས་ཐལ་མོ་སྦྱར་ཏེ་ལུས་བཏུད་ནས་སྔགས་པ་མཉམ་པར་གཞག་པས་དེ་ཁོ་ན་ཉིད་ཀྱི་བདེན་པ་བདར་བར་བྱའོ། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག ། [14a] [14a.1]སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་ཆེ་གེར་བདག་གྲུབ་མཛོད། །དཀོན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། ། [14a.2]འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དཀོན་ [14a.3]མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེ་མཆོག་ཕྱག་རྒྱ་ཡིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་སྙིང་པོ་བདག་པོར་བདག །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་ཀྱང་། །དམ་ཚིག་རྩེ་མོ་འདོད་ [14a.4]པའི་མཆོག །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ན། །བདེན་པ་དེ་ཡིས་མགོན་བདག་པོ། །འདོད་པ་ཡོངས་སུ་གྲུབ་པར་ཤོག །ཅེས་བྱ་བའོ། །དེ་ནས་ཡི་གེ་བརྒྱ་པ་ལན་བདུན་དུ་བཟླས་པ་བྱ་སྟེ། །ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ [14a.5]ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛི་དྲྀ་ཌྷོ་མེབྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ་བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿ ཞེས་བྱ་བའོ། །དེ་ལྟར་བརྟན་པར་བྱས་ [14a.6]ནས་སེམས་ཅན་དོན་དུ་གསོལ་བ་གདབ་པར་བྱའོ། །མགོན་པོ་སྐལ་བ་དེ་བཞིན་དུ། །དེས་ནི་འགྲོ་དོན་ཀུན་དུ་མཛོད། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །ཞེས་སོ། །དེ་ནས་ཕྱི་རོལ་དུ་བྱུང་སྟེ་གཏོར་མ་བཏང་ནས་པདྨའི་སྣོད་ [14a.7]ཀྱི་བདུད་རྩིས་ཚིམ་པར་བྱས་ནས་ཡང་དག་པར་མཆོད་དེ། ཕྱོགས་སྐྱོང་གཤེགས་སུ་གསོལ་བར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་ནང་དུ་ཞུགས་ནས་དཀྱིལ་འཁོར་གྱི་ལྷ་ལ་བསྐོར་བ་ལན་གསུམ་བྱས་ནས་ཕྱག་འཚལ་ཏེ། ཆོ་ག་མ་ཚང་བ་བསྐང་ [14b] [14b.1]བའི་ཕྱིར་སྦྱིན་སྲེག་བྱ་སྟེ། དེ་ལ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་འདུག་སྟེ་བྱང་དུ་མངོན་པར་ཕྱོགས་པའི་སྔགས་པ་ཏིང་ངེ་འཛིན་གསུམ་དང་ལྡན་པས་སྦྱིན་སྲེག་གི་རབ་ཏུ་བྱེད་པ་ནས་བཤད་པའི་ཆོ་ག་ལས་ཐམས་ཅད་པའི་ཐབ་ཁུང་དུ་རྒྱས་པའི་སྦྱིན་སྲེག་བྱའོ། །སྦྱིན་སྲེག་གི་ཐ་མར་སློབ་ [14b.2]མའི་ཞི་རྒྱས་འཕེལ་བར་བྱ་བའི་དོན་དུ་མཐེ་བོང་ལག་པ་གཡས་པ་གཡོན་པས་བཟུང་སྟེ། བསྲེག་རྫས་རེ་རེ་ཞིང་ལན་གསུམ་མམ་བདུན་བདུན་བསྲེག་གམ་བསྲེག་ཏུ་གཞུག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལས་ཡོན་བླང་བར་བྱ་སྟེ། སློབ་མས་ཀྱང་དགའ་བའི་ཡིད་ [14b.3]ཀྱིས་རང་གི་འབྱོར་པ་དང་མཐུན་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུ་མོ་དང་། རྟ་དང་གླང་པོ་དང་ཤིང་རྟ་དང་བ་ལང་དང་མ་ཧེ་ལ་སོགས་པ་རྣམས་དང་གསེར་དང་དངུལ་དང་ཟངས་དང་ནོར་བུ་དང་མུ་ཏིག་ལ་སོགས་པའི་ནོར་རྫས་དང་། ལོ་ཏོག་ཡོངས་སུ་རྒྱས་པའི་ཞིང་ས་དང་། ཁྱིམ་ [14b.4]དང་ཀུན་དགའ་ར་བ་དང་། ལྡུམ་ར་ལ་སོགས་པའི་གནས་དང་། བྲན་ཕོ་དང་། བྲན་མོ་ལ་སོགས་པའི་འཁོར་རྣམས་མངོན་པར་འདོད་པའི་དགོས་པ་འགྲུབ་པའི་ཕྱིར་རོ། །སློབ་དཔོན་མཉེས་པས་ལྷ་རྣམས་མཉེས། །མཉེས་པས་དངོས་གྲུབ་རབ་སྩོལ་འགྱུར། །ཞེས་ཤེས་ [14b.5]པར་བྱས་ལ། རྣམ་པ་ཐམས་ཅད་དུ་བླ་མ་མཉེས་པར་བྱའོ། །གལ་ཏེ་ཡོད་ན་རྒྱལ་པོ་དང་ས་བདག་དང་། དགེ་འདུན་དང་། ཕྱོགས་སྐྱོང་དང་། བདག་ཉིད་ཀྱིའང་ཞི་རྒྱས་འཕེལ་བར་བྱ་བའི་དོན་དེ་བཞིན་སྲེག་བླུགས་དབུལ་བར་བྱའོ། །ཐ་མར་དགང་བླུགས་ཕུལ་ནས་ཞལ་བསིལ་ [14b.6]ལ་སོགས་པ་དྲངས་ཏེ་མཁྱེན་པར་གསོལ་ཏེ། བཟོད་པ་གསོལ་བ་བྱས་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཟངས་སུ་ལེགས་པར་བཀྲུས་པ་སྦྱིན་སྲེག་གི་ལྷག་མའི་སྦྲང་རྩི་དང་། འོ་མ་དང་བུ་རམ་དང་ཀ་ར་ལ་སོགས་པ་བསྲེས་པའི་ཐུག་པ་རང་གི་འདོད་པའི་ལྷའི་ [14b.7]སྔགས་ཀྱིས་ལེགས་པར་བསྒྲུབས་ནས། གསེར་ལ་སོགས་པའི་སྣོད་དུ་བླུགས་ཏེ། ཨོཾ་དཱི་བེ་ཨནྣེ་ས་མཱ་དྷི་དྷྱཱ་ན་པྲཱི་ན་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ཡོངས་སུ་བཟླས་ཏེ། ལྷ་རྣམས་ལ་དབུལ་བར་བྱའོ། །དེ་ནས་དྲི་གཙང་ཁང་ལ་སོགས་པའི་གནས་སུ་ལེགས་པར་ [15a] [15a.1]བསླབས་པའི་བཟོ་བོས་བྱས་པ་སྐུ་སུམ་ཆའི་ཚད་ཀྱི་གདན་ཁྲི་ལ་སྟེང་དང་འོག་ཏུ་གཟིགས་པ་མ་ཡིན་པར་དྲང་བོར་ལེགས་པར་བརྟན་པར་བྱས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བཞུགས་སུ་གསོལ་བར་བྱའོ། །མ་ཡིན་ན་ཉེས་པ་འབྱུང་ [15a.2]བར་འགྱུར་རོ། །སྔ་མ་བསང་གཏོར་ལ་སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ནས་བསྟོད་དེ་བདུད་རྩི་མྱང་བ་བྱས་ལ་ཡི་གེ་བརྒྱ་བའི་སྔགས་ལན་བདུན་བཟླས་ཏེ་མཁྱེན་པར་གསོལ་ཏེ་བཟོད་གསོལ་བྱའོ། །རྫོགས་སངས་རྒྱས་དང་དེ་སྲས་ལྷ། །གང་ཞིག་ཚངས་སོགས་ལྷ་ཡི་ནི། ། [15a.3]ཚོགས་རྣམས་ལྷ་ཡི་བྱ་བ་ལ། །མ་ཚང་བ་ནི་བཟོད་མཛད་རིགས། །ཀུན་དུ་ཞི་དང་བདེ་ལེགས་དང་། །ཡོན་བདག་དོན་ཆེད་མཛད་ནས་ནི། །སླར་ཡང་འབྱོན་པར་མཛད་པའི་ཕྱིར། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །བསྐལ་པ་བརྒྱ་ནི་བརྒྱ་ཡི་བར། །གང་གི་ [15a.4]སྐུ་གཟུགས་འདི་བཞུགས་པ། །ས་ཆུ་མེ་དང་རླུང་གི་ལྷ། །ཐམས་ཅད་ཀྱིས་ནི་སྲུང་བར་མཛོད། །རང་གནས་བདེ་བར་གཤེགས་ནས་ནི། །ཤིན་ཏུ་དགའ་གཅུགས་ཡིད་ཀྱིས་ནི། །སློབ་དཔོན་སློབ་མར་ཡང་དག་ལྡན། །བུ་དང་བུ་མོར་བཅས་པ་སྲུངས། །ཁྱད་པར་བརྗོད་པར་བྱ་སྟེ། [15a.5]བྲིས་པ་དང་བརྩིགས་པ་རྣམས་ལ་ཡང་ཇི་སྐད་བཤད་པའི་ཚོགས་རབ་ཏུ་གནས་པར་བྱའོ། །དེ་ལ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་རམ། རབ་ཏུ་གནས་པར་བྱ་བའི་ལྷའི་རྣལ་འབྱོར་གྱིས་སོ། །རྗེ་བཙུན་གྱི་མཆོད་རྟེན་ལ་ནི་དྲི་གཙང་ཁང་བསྐྱེད་པའི་ཆོ་གས་བསྐྱེད་ནས། སངས་རྒྱས་ [15a.6]དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕོ་བྲང་དུ་བསྒོམས་ནས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་རིག་པ་དང་གསང་སྔགས་ཀྱི་ལྷ་མ་ལུས་པ་བཀུག་ནས་མཆོད་རྟེན་གྱི་ནང་དུ་རབ་ཏུ་གཞུག་ཅིང་། བཅིངས་ཏེ་དབང་དུ་བྱས་ནས་བསང་གཏོར་དང་། ཨརྒྷ་དང་ཞབས་ [15a.7]བསིལ་དང་དབང་བསྐུར་དང་མཆོད་པ་དང་བསྟོད་པ་བྱས་ནས་བདུད་རྩི་མྱང་བ་བྱས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲི་བྷྲུཾ་ཏྲེ་ཊསྠ་ཞེས་པའི་སྔགས་ཀྱིས་རབ་ཏུ་གནས་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དམ་པའི་ཆོས་ཀྱི་གླེགས་བམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ [15b] [15b.1]སོགས་པ་ནི་འདི་ལྟར་རབ་ཏུ་གནས་པར་བྱ་སྟེ། ཡི་གེ་དྷི་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གསེར་གྱི་མདོག་ཅན། རྩ་བའི་ཕྱག་གཉིས་ཀྱིས་རང་སྣང་གི་ཐབས་ལ་འཁྱུད་པ་ཕྱག་བར་མ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་པ། ཕྱག་ཐ་མ་གཉིས་ནི་ [15b.2]མཆོག་སྦྱིན་དང་པོ་ཏི་བསྣམས་པར་བསྒོམས་ནས། དེ་ཡོངས་སུ་གྱུར་པའི་ཡི་གེའི་ཚོགས་རྣམས་ཀྱིས་དཀྲིགས་པར་གླེགས་བམ་རྣམ་པར་བསྒོམས་ནས། ཨོཾ་པྲཛྙཱ་ཤྲུ་ཏི་སྨྲྀ་ཏི་མ་ཏི་བི་ཛཱ་ཡ་སྭཱ་ཧཱ། དྷཾ་ཞེས་བྱ་བས་རབ་ཏུ་གནས་པར་བྱའོ། །གསང་སྔགས་ཀྱི་གླེགས་བམ་ལ་ནི་འོད་ [15b.3]དཔག་མེད་ཡི་གེའི་གཟུགས་སུ་གྱུར་པར་བལྟ་སྟེ་རབ་ཏུ་གནས་པར་བྱའོ། །ཡང་ན་གསང་སྔགས་ཀྱི་པོ་ཏི་བཞིན་དུ་དམ་ཆོས་ཀྱི་གླེགས་བམ་རབ་ཏུ་གནས་པར་བྱས་ཏེ། འོད་དཔག་མེད་ཀྱི་རྣལ་འབྱོར་དང་སྔར་བསྟན་པའི་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་ [15b.4]འཆང་རྣམས་ཀྱིས་བྱིན་གྱིས་བརླབས་པར་རྣམ་པར་བསྒོམས་ཏེ་འདི་ཐམས་ཅད་དུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གཙུག་ལག་ཁང་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཕོ་བྲང་ཏིང་ངེ་འཛིན་གྱི་གནས་ཆོས་ཀྱི་དབྱིངས་ [15b.5]རྒྱ་ཆེ་བར་ཡིད་ཀྱིས་བསྐྱེད་པར་བྱའོ། །དེ་ནས་ཨོཾ་ཧཱུཾ་ཧྲཱི་ཞེས་བྱ་བའི་སྔགས་ཀྱིས་རབ་ཏུ་གནས་པ་ལ་སོགས་པ་བྱས་ཏེ་གཏོར་མ་མཆོད་པའི་ཉེ་བར་སྤྱོད་པ་ལ་སོགས་པ་ཕུལ་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲཱིཿབྷྲཱུཾ་ཁཾ་བིཛྲཱ་བྷ་བ་དྲྀ་ཌྷོ་ཏིཥྛ་བྷྲཱུཾ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ [15b.6]རབ་ཏུ་གནས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཆང་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་རྡོ་རྗེ་ལྟར་མི་ཕྱེད་པ་ཤིན་ཏུ་བརྟན་པར་བསྒོམས་ནས་བུམ་པ་ཐམས་ཅད་ཀྱི་ཆུས་གཙུག་ལག་ཁང་ཐམས་ཅད་དུ་བསང་གཏོར་བྱས་ཏེ། ཨོཾ་བཛྲ་ཨ་བྷིཥིཉྩ་ཞེས་བྱ་ [15b.7]བའི་སྔགས་ཀྱིས་སོ། །དེ་ནས་གཙུག་ལག་ཁང་གི་སྲུང་མ་ནག་པོ་ཆེན་པོ་སྒྲུབ་པའི་ཐབས་ནས་བཤད་པ་ལྟ་བུའི་མཚན་ཉིད་ཅན་ཡིད་ཀྱིས་བཀུག་སྟེ། རོ་གཅིག་ཏུ་གཞུག་ཅིང་བཅིངས་ཏེ་དབང་དུ་བྱས་ནས་སློབ་དཔོན་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་བཀའ་བསྒོ་བར་བྱ་སྟེ་ [16a] [16a.1]གཙུག་ལག་ཁང་འདི་ཇི་སྲིད་གནས་པར་ཁྱོད་ཀྱིས་བསྲུང་བར་བྱ་སྟེ། སྡིག་པ་མེད་པའི་ལས་རྣམས་བྱ་ཞིང་སློབ་དཔོན་དང་དགེ་འདུན་གྱི་བྱ་བ་ཐམས་ཅད་ལ་མཆོག་ཏུ་བརྩོན་པར་བྱའོ། །དེ་ལྟར་བྱས་ནས་བླ་མས་སློབ་མ་བོས་ཏེ། གུས་པ་དང་བཅས་པས་ཡང་དག་ [16a.2]པར་སྨྲ་བར་བྱ་སྟེ། གང་ཁྱོད་ཀྱིས་གསོལ་བ་བཏབ་པའི་རབ་གནས་སྡིག་པ་འཇོམས་པ་དེ་ཁོ་བོས་བྱས་ཀྱི། ཇི་ལྟར་བདེ་བར་ནན་ཏན་གྱིས་མཆོད་པ་བྱའོ། །དེ་ནས་སྔགས་ཀྱིས་སྦྱངས་པའི་ཙཱ་རུ་དེ་ལ་བྱིན་ནས་འདི་ནི་དེ་བཞིན་གཤེགས་པའི་ལྷག་མ་སྡིག་པ་འཇོམས་པ་སྟེ་ཟོ་ཅིག་ [16a.3]ཅེས་སོ། །གཞན་དག་ལ་ཡང་ཇི་ལྟར་ཐོབ་པར་ཉུང་ངུ་ཉུང་ངུ་སྦྱིན་པར་བྱའོ། །དེ་ནས་ཡང་ཡོན་བླང་སྟེ། སློབ་མས་ཀྱང་ཡོན་དབུལ་བས་བླ་མ་མཉེས་པར་བྱས་ནས། མཆོད་པ་སྣ་ཚོགས་པ་རྣམས་ཀྱིས་ལྷ་རྣམས་མཆོད་དེ་བསྐོར་བ་ལན་གསུམ་བྱས་ཏེ་ཕྱག་བྱའོ། །དེ་ནས་རང་གི་ [16a.4]གནས་སུ་སོང་སྟེ་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མའི་འཁོར་དང་བཅས་པ་རྣམས་ལ་སྟོན་མོ་དྲངས་ནས་ཡོན་ཕུལ་ཏེ་བཟོད་པ་གསོལ་ནས་སླར་གཤེགས་པར་བྱའོ། །དེ་ནས་བཟོ་བོ་རྣམས་ལ་སྟོན་མོ་བྱིན་ཏེ་གོས་དང་རྒྱན་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་མགུ་ [16a.5]བར་བྱས་ནས་སློབ་དཔོན་གྱི་རྗེས་སུ་འབྲངས་པ་རྣམས་དང་། གཞན་གྱི་ཡང་འཁོར་རྣམས་གོས་ལ་སོགས་པ་སྦྱིན་པས་ཡོངས་སུ་མགུ་བར་བྱའོ། །གཞན་ཡང་ནད་པ་དང་མགོན་མེད་པ་རྣམས་ཀྱང་ནུས་པ་ཇི་ལྟ་བ་བཞིན་དུ་མགུ་བར་བྱའོ། །མཚན་མོ་ཉེ་དུ་དང་འཁོར་རྣམས་ལ་དགའ་སྟོན་ [16a.6]ཆེན་པོ་སྦྱིན་པར་བྱ་སྟེ། པི་ཝང་དང་གླིང་བུ་དང་། རྔ་ཟླུམ་དང་རྔ་ཟླུམ་དལ་བ་ལ་སོགས་པའི་སྒྲའི་རྗེས་སུ་འཇུག་པའི་གླུ་དང་། གླུ་དང་རྗེས་སུ་མཐུན་པའི་གར་གྱིས་སྐྱེ་བོ་མངོན་པར་དགའ་བའི་བཀྲ་ཤིས་དང་བསྟོད་པ་རྣམས་ཀྱིས་བཟའ་བ་དང་སྟོན་མོ་དང་བལྡག་པ་དང་། བཏུང་བ་དང་། [16a.7]གཞིབ་པ་རྣམས་དང་། གོས་ཀྱི་གཏམ་གྱིས་ཀྱང་སྟེ་ནུས་པ་བཞིན་བྱའོ། །དེ་ནས་སློབ་དཔོན་དགའ་སྟོན་བསྡུ་བ་དང་། དཀྱིལ་འཁོར་གྱི་སར་བཞུགས་ཏེ་ཡང་དག་པར་མཆོད་ནས་བསྟོད་དེ། ཡི་གེ་གསུམ་དང་མུཿའི་མཐའ་ཅན་གྱིས་བསྡུས་ནས་རྡུལ་ཚོན་སྣོད་གསར་པར་བླུགས་ [16b] [16b.1]ཏེ། དོན་དུ་གཉེར་བ་ལ་ཉུང་ངུ་བྱིན་ནས་ཆུ་བོར་དོར་བར་བྱའོ། །དཀྱིལ་འཁོར་གྱི་ས་གཞི་ཡང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱད་མུཿཞེས་བྱ་བའི་སྔགས་ཀྱིས་བའི་ལྕི་བ་བྱུག་པར་བྱའོ། །དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་སྦྱིན་ནོ། །རབ་གནས་འདི་འདྲ་བྱས་ན་ནི། ། [16b.2]སྐྱེ་བ་འདི་དང་གཞན་དུ་ཡང་། །མངོན་པར་འདོད་པའི་དངོས་གྲུབ་ཐོབ། །དེ་བས་རྟག་ཏུ་འདི་ཉིད་བྱ། །ས་དོང་འགེངས་དང་རབ་གནས་དང་། །སྦྱིན་སྲེག་འཁོར་ལོའི་ཡོ་བྱད་གང་། །དེ་ཀུན་སློབ་དཔོན་ཉིད་དབང་ཞེས། །རྡོ་རྗེ་འཛིན་པ་མཆོག་གིས་གསུངས། །རབ་ཏུ་གནས་པའི་ [16b.3]ཆོ་ག་མཆོག །འདུས་པའི་ཚུལ་དུ་བྱས་པ་ལས། །བསོད་ནམས་བདག་སྐྱེས་གང་ཅུང་ཟད། །དེས་ནི་འགྲོ་ཀུན་རྡོར་འཛིན་ཤོག །རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་སྣང་བ་ཞེས་བྱ་བ་སློབ་དཔོན་སྣང་བྱེད་ཟླ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་ [16b.4]བ་རེནྡྲ་པའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱི་རྟིས་བསྒྱུར་བའོ།། །།{T1905}༄༅༅། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི་ནཱ་མ། བོད་སྐད་དུ། །རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །བདེ་བ་ཆེ་ལ་རབ་ [16b.5]བཏུད་ནས། །བདག་འདྲའི་བློ་དམན་ཉིད་ལ་ནི། །རབ་གནས་ཆོ་ག་བཤད་པར་བྱ། །རྩ་བའི་ཡན་ལག་རབ་གནས་ལ། །ཕལ་ཆེར་ཁྲུས་སུ་འདོད་པས་ན། །བུམ་པའི་ནང་དུ་ཆོ་ག་ཡིས། །བློ་དང་ལྡན་པས་ཆུ་བསྐྱེད་བྱ། །མི་ནག་ཞབས་མེད་མཆུ་འཕྱང་བ། །ལྔ་དང་བཅུ་དང་བཅུ་ [16b.6]དགུའོ། །ལྔ་པོའི་རིམ་པ་འདི་ཡིན་ཏེ། །གསང་བ་འདུས་པར་མངོན་གསུངས་པ། །སངས་རྒྱས་སངས་རྒྱས་སྲས་སོགས་རྣམས། །དེ་རྣམས་ཕྱག་མཚན་ཤེས་པར་བྱ། །དེ་ལས་གཞན་པའི་རིགས་འདི་ཡིན། །ས་གནོན་དང་ནི་བྱང་ཆུབ་མཆོག །མཆོག་སྦྱིན་བསམ་གཏན་ [16b.7]སྐྱབས་སྦྱིན་རྣམས། །མི་བསྐྱོད་རྟག་པ་རིན་ཆེན་དང་། དཔག་མེད་དོན་ཡོད་གྲུབ་རྣམས་ཀྱིའོ། །སངས་རྒྱས་རྣམས་ཀྱི་ཆོས་བཤད་རྒྱ། །བྱང་ཆུབ་མཆོག་གིས་བསྡུས་གྱུར་པའོ། །དེས་ན་རྡོ་རྗེ་གདན་སོགས་ཀྱིས། །མི་བསྐྱོད་སོགས་ཀྱི་རང་བཞིན་ནོ། །ཐམས་ཅད་ [17a] [17a.1]ཀྱིས་ནི་པོ་ཏི་བསྣམས། །གསུང་གི་རྡོ་རྗེའི་བདག་ཉིད་གསལ། །རྡོ་རྗེ་ཆོས་སུ་རྟག་ཏུ་བྱ། །དེ་ལ་སོགས་པའི་ཚིག་གིས་ཀྱང་། །མཆོད་རྟེན་གཙང་ཁང་བྱུར་བུ་དང་། །མཆོད་རྟེན་གྱི་ནི་བྱེ་བྲག་རྣམས། །རྟག་པ་ཡི་ནི་བདག་ཉིད་དོ། །བྱང་ཆུབ་སེམས་དཔའ་ལ་ [17a.2]སོགས་གང་། །བྱ་བའི་རྒྱུད་ལ་སོགས་དང་མཐུན། །འདུས་པ་ལས་གསུངས་དེ་ཉིད་ཀྱི། །རྒྱལ་སྲས་རྣམས་ཀྱིས་ཡང་དག་བཟུང་། །སྒྱུ་འཕྲུལ་དྲ་སོགས་བལྟས་ནས་ནི། །དེ་བཞིན་གཞན་གྱི་རིགས་ཀྱི་རིམ། །འདུས་པའི་ཆོ་གར་བྱ་བ་སྟེ། །སླར་ཡང་མི་ཤེས་པ་ཡི་རིགས། ། [17a.3]རྡོ་རྗེ་ཐུགས་ཀྱིས་བཟུང་ནས་ནི། །ཕྱག་མཚན་ཉིད་ནི་ཡང་དག་བྲི། །གཙོ་བོའི་མགྲིན་པར་བྲི་བར་བྱ། །ལོགས་སུ་བདེ་གཤེགས་བཞི་ཕྱག་མཚན། །གཅིག་ལ་ཆོ་གའི་རིམ་པས་སོ། །རྡོ་རྗེ་གཟུགས་སོགས་ཕྱག་མཚན་ནི། །དྲུག་པོ་ཅིག་ཅར་དེ་བཞིན་གཅིག །ཁྲོ་བོ་ [17a.4]གསུམ་བརྟགས་བགེགས་དགྲ་གཅིག །བཅུ་ཡི་ཕྱོགས་ལ་ལྷ་མོ་བཞི། །དེ་བཞིན་ཕྱག་མཚན་རེ་རེ་ལའོ། །ཁྲོ་བོ་རྣམས་ཀྱང་སོ་སོར་རོ། །ལྷག་མ་རྣམས་ནི་སྔར་བཞིན་བྲི། །སླར་ཡང་བཅུ་དགུའི་ཕྱོགས་ལ་ནི། །གྲངས་ནི་ཇི་བཞིན་བྲི་བར་བྱ། །སླར་ཡང་ཁ་ཅིག་ཉི་ཤུར་ [17a.5]འདོད། །ལས་ཀུན་བྱེད་པ་བསྣན་པས་སོ། །མེ་ཏོག་དྲི་ཞིམ་ལྡན་པ་དང་། །མགྲིན་པ་གོས་ཀྱིས་དཀྲིས་པ་དང་། །ཅུང་ཟད་ཆུ་ལྡན་ཨ་མྲར་ལྡན། །གོ་རིམས་ཇི་བཞིན་རྣམ་པར་གཞག །གཡོན་དུ་ཨ་མྲ་ལ་སོགས་དགོད། །འདུག་ནས་གཏོར་མ་ཡང་དག་སྦྱིན། །མུ་ཏིག་ [17a.6]དངུལ་དང་གསེར་ཞེས་གྲགས། །མུ་མེན་དང་ནི་བྱི་རུ་རྣམས། །ཀཎྜ་ཀ་རི་དཎྜོད་ཉིད། །བྲྀ་ཧ་སྟི་དང་ཀ་རྞི་ཀ ། ནས་དང་གྲོ་དང་སོ་བ་དང་། ཏིལ་དང་སྲན་གྲེའུ་མངོན་པར་བརྗོད། །འབྲུ་ལྔ་དང་ནི་སྨན་ལྔ་དང་། །རིན་ཆེན་འདི་རྣམས་ཀྱིས་ཁེངས་པ། །རང་གི་ལྷ་ཡི་གཟུགས་ [17a.7]ཀྱིས་ནི། །ཆུ་དང་ལྡན་པར་བསྐྱེད་ནས་ནི། །ཀུན་དུ་ཉུང་བའི་ཆུ་བླུགས་ནས། །ཁམ་ཕོར་རྣམ་རྒྱལ་ཞེས་བརྗོད་ལ། །དེ་ནི་བཾ་ལས་བྱུང་བ་ཡི། །རིན་ཆེན་རང་བཞིན་བུམ་སྟེང་གཞག །རྩ་བའི་ཕྱག་མཚན་གྱིས་བསྐྱེད་པའི། །དམ་ཚིག་དཀྱིལ་འཁོར་བདག་ཉིད་ལ། །ཡེ་ཤེས་ [17b] [17b.1]དཀྱིལ་འཁོར་བཀུག་ནས་ནི། །ཞབས་བསིལ་ལ་སོགས་རིམ་བཞིན་ནོ། །དམ་ཚིག་དང་ནི་ལྷན་ཅིག་ཏུ། །བྱས་ནས་མཉེས་བྱ་མཆོད་པའོ། །མེ་ཏོག་སྤོས་སོགས་ཕྱི་ཡིས་ཀྱང་། །རབ་ཏུ་འབད་དེ་ཡང་དག་མཆོད། །དྲིལ་བུ་དཀྲོལ་བྱ་དེ་ཡི་ནི། །བསྟོད་པ་བྱས་ཏེ་བཟླས་བ་བྱ། ། [17b.2]གཅིག་ཏུ་གཡོན་པའི་ཁུ་ཚུར་བཅིངས། །རྡོ་རྗེ་མེ་ཏོག་གིས་བཅིངས་ནས། །བུམ་པ་ཆུ་ཡིས་གང་བ་ནི། །ཁམ་ཕོར་སྟེང་དུ་བརྟན་པར་གཞག །དེ་ནས་མཆོད་ཅིང་ཕྱག་བྱས་ནས། །དཀྱིལ་འཁོར་འཁོར་ལོའི་རང་བཞིན་ཉིད། །ཆུ་ཡི་རང་བཞིན་ཉིད་ཀྱིས་གཞག །ཡང་ན་ [17b.3]བུམ་པ་ལ་གཞུག་བྱ། །དེ་ལྟར་འདི་དང་གཞན་རྣམས་ཀྱི། །ཐམས་ཅད་སོ་སོར་བྱས་ནས་ནི། །མེ་ཏོག་སྤོས་སོགས་སྦྱིན་བྱས་ནས། །གཏོར་མ་སྔོན་འགྲོ་ཡང་དག་བསྲུང་། །འདི་ནི་བུམ་པ་སྟ་གོན་ལ་གནས་པའི་ཆོ་གའོ། །ལྷག་པའི་ལྷ་ཡི་སྦྱོར་བ་ལས། །དོན་གྲུབ་ [17b.4]ཆུ་དང་ཟན་རྣམས་ཀྱིས། །ལྷ་རྣམས་རྡུལ་ནི་བྲལ་བར་བྱ། །བ་ཡི་རྣམ་ལྔ་ཤིང་ཤུན་ལྔས། །བྱུགས་ཏེ་ཁྲུས་བྱ་མངོན་བཟླས་ལ། །དྲི་ཞིམ་གཙང་མའི་ཆུ་ཡིས་ནི། །བཀྲུ་བར་རུང་བ་རང་གཟུགས་ཀྱིས། །རི་མོ་ལ་སོགས་མེ་ལོང་ལ། །གང་དུ་ལས་ལ་སྔགས་མེད་པ། ། [17b.5]བགེགས་དགྲ་དེ་རུ་སྦྱར་བར་བྱ། །མར་ནག་དྲི་ཞིམ་གྱིས་བྱུགས་ལ། །སྐྱུ་རུ་ར་ཡིས་བཀྲུ་བར་བྱ། །བ་ཡི་རྣམ་ལྔ་སོགས་ཀྱིས་བྱུག །མར་ནག་གིས་ནི་བྱུགས་པ་གང་། །བཀྲུ་བྱ་སྐྱུ་རུ་ར་ཡིས་ཀྱང་། །དཱུར་བའི་ཆུན་པོ་དེ་འདོད་དོ། །ཆུ་ཡིས་བཀྲུ་བར་བྱ་བ་སྟེ། །ཡང་ན་ [17b.6]བསྒྲུབས་པའི་ཆུ་ཡིས་ཀྱང་། །དེ་ལ་འདི་ནི་མར་ནག་གི་སྔགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། །རས་འཇམ་པོ་ཡིས་དབྱི་བར་བྱ། །ཇི་ལྟར་ནུས་པས་གོས་སོགས་སྦྱིན། །ཡེ་ཤེས་སེམས་དཔའི་སྙིང་འོད་ཀྱིས། །ལྷ་རྣམས་བཀུག་ནས་བཞུགས་པར་ [17b.7]བྱ། །སངས་རྒྱས་དང་གཞན་དེ་ཡི་སྲས། །བསྟན་པ་ལ་ནི་དགའ་རྣམས་ལའང་། །ཀུ་ཤའི་ཆུན་པོས་བསང་གཏོར་བྱ། །ཞབས་བསིལ་སོགས་ཀྱིས་དེ་རྣམས་མཆོད། །མཆོད་སོགས་བྱས་ནས་དེ་རྣམས་ལ། །པུས་མོ་བཙུགས་ཏེ་ཡང་དག་གནས། །རྡོ་རྗེ་ [18a] [18a.1]དྲིལ་བུ་གཡོན་དུ་འཛིན། །སྤོས་ཕོར་གཡས་སུ་གཟུང་བར་བྱ། །བཅོམ་ལྡན་འཇམ་པའི་རྡོ་རྗེ་ཁྱོད། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །བཅོམ་ལྡན་སྙིང་རྗེའི་བདག་ཉིད་ཅན། །བདག་ནི་རབ་གནས་བགྱི་བར་འཚལ། །སློབ་མ་ལ་ནི་བརྩེ་དོན་དང་། ། [18a.2]ཁྱེད་རྣམས་ལ་ཡང་མཆོད་པའི་ཆེད། །སེམས་ཅན་བསོད་ནམས་འཕེལ་དོན་དང་། །བྱང་ཆུབ་སེམས་ནི་སྤེལ་དོན་དུ། །བཅོམ་ལྡན་བདག་ལ་ཐུགས་བརྩེ་བས། །བཀའ་དྲིན་གྱིས་ནི་བསྐྱབ་པའི་རིགས། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བྱང་ཆུབ་སེམས་ [18a.3]སོགས་རང་བཞིན་རྣམས། །བསྟན་ལ་མངོན་པར་དགའ་བ་གཞན། །གང་དག་རྡོ་རྗེའི་མིག་ཅན་རྣམས། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག །རབ་གནས་ཆེ་གེ་མོ་འདི་ཡང་། །བདག་གིས་བགྱི་བས་ཁྱེད་རྣམས་ཀྱིས། །བྱིན་གྱིས་བརླབ་ནི་བགྱི་བར་རིགས། །ཏིང་འཛིན་ [18a.4]གསུམ་དང་ལྡན་པ་ཡིས། །ལུགས་སྐུ་ལ་སོགས་བསྐྱེད་པར་བྱ། །འདབ་མ་དང་བཅས་ཆུ་ཡིས་ནི། །མཉམ་པར་བཞག་པས་ཁྲུས་བྱས་ནས། །མཆོད་པ་སྔོན་འགྲོ་དེ་ཡིས་ནི། །སྔགས་ཀྱིས་མངོན་པར་བསྔགས་པར་བྱ། །ཕྱག་བྱས་མཆོད་པ་སོགས་བྱས་ནས། ། [18a.5]སླར་ཡང་ཉེ་བར་སྤྱོད་པ་ལྔ། །ནད་པར་བྱོན་པར་བཞེད་པ་ཡིས། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། །འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ། །ནང་པར་སྟ་གོན་བྱ་བ་ལ། །རྡུལ་བྲལ་ལ་སོགས་བྱས་ནས་ནི། །སངས་རྒྱས་ལ་སོགས་སྔར་བཀུག་ནས། །ཞབས་ [18a.6]བསིལ་བྱས་ཏེ་མཆོད་པར་བྱ། །སྤོས་ཕོར་བཟུང་ནས་པུས་བཙུགས་ཏེ། །ཚིགས་བཅད་སྔོན་གསུངས་བརྗོད་པར་བྱ། །བགྱི་བའི་ཚིག་ནི་བོར་ནས་ནི། །བགྱིད་པར་འཚལ་ཞེས་བརྗོད་པར་བྱ། །ཏིང་འཛིན་གསུམ་ལ་སྦྱར་བྱས་ནས། །མཉམ་པར་གཞག་པས་བསམ་ [18a.7]པར་བྱ། །བུམ་པས་ཁྲུས་བྱ་མང་པོ་ཡིས། །བཀྲ་ཤིས་སྒྲ་ནི་སྔོན་འགྲོ་བས། །དེ་ལ་འདི་ནི་ཁྲུས་ཀྱི་སྔགས་ཏེ། ཇི་ལྟར་བལྟམས་མ་ཐག་ཏུ་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་རྫས་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་ [18b] [18b.1]གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། གོས་སོགས་རང་རང་སྔགས་ཀྱིས་ནི། །མཉམ་པར་བཞག་པས་བརྟན་པར་བྱ། །ཡང་ན་རང་གི་སྔགས་ཀྱིས་སྦྱིན། །ལྷག་པར་བཟླས་ནས་གཙོ་ལ་འདུད། །དེ་ལ་འདི་རྣམས་ནི་རང་རང་གི་སྔགས་ཏེ། ཨོཾ་བཛྲ་ [18b.2]བཱས་སེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ། ཨོཾ་བཛྲ་གནྦྷེ་ཧཱུཾ། ཨོཾ་བཛྲ་སརྦ་ཨཱ་བ་ར་ཎ་བི་ཤོདྷ་ནེ་སྭཱ་ཧཱ། སྣོད་ནི་གསེར་གྱི་རང་བཞིན་ནམ། །དངུལ་གྱི་རང་བཞིན་མཉམ་བཞག་པས། །བགེགས་དགྲའི་སྔགས་ཀྱིས་ཡང་དག་བསྒྲུབ། །མར་དང་ [18b.3]སྦྲང་རྩིས་བྱུགས་པ་ཡི། །གསེར་གྱི་ཐུར་མས་མིག་དབྱེ་སྟེ། །ཡང་ན་བསམ་གཏན་དག་གིས་བྱ། །སྦྱིན་སྲེག་མེས་བསྒྲུབས་ཟས་ཀྱིས་ནི། །དེ་མ་ཐག་ཏུ་གསོལ་བར་བྱ། །དེ་ལ་འདི་ནི་མིག་གཉིས་དབྱེ་བའི་སྔགས་ཏེ། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙུཀྵུ་བི་ཤོ་དྷ་སྭཱ་ཧཱ། ཨོཾ་ [18b.4]དཱི་བེ་ཨནྣེ་ས་མཱ་དྷི་དྷྱཱ་ན་པྲཱི་ན་ནི་སྭཱ་ཧཱ། འདི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་གནས་སུ་རབ་བཞུགས་ནས། ལྷ་མོ་སྒྱུ་མའི་ལྷུམས་ཞུགས་ལྟར། །དེ་བཞིན་འདིར་ཡང་བཞུགས་སུ་གསོལ། །མགོན་པོ་རྟག་ཏུ་འདིར་བཞུགས་ལ། །མེ་ཏོག་ལ་སོགས་ [18b.5]འདི་བཞེས་མཛོད། །ཆེ་གེ་མོ་ཡི་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་འཕེལ་བར་མཛོད། །ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། །སྨད་དང་སྙིང་ག་མགྲིན་པ་རུ། །རྡོ་རྗེ་གསོར་བས་དེ་རྣམས་ལ། །ལན་གསུམ་བསྐོར་ནས་གཞག་པར་བྱ། །ལྷ་རྣམས་བརྟན་པར་འདོད་པ་ཡིས། ། [18b.6]འཆད་པར་འདོད་པས་ཚིགས་བཅད་གདོན། །བློ་གྲོས་བརྟན་པས་བསམ་པར་བྱ། །མ་ཚང་ལྷག་པའི་ཆོ་ག་རྣམས། །པུས་མོ་བཙུགས་ནས་བཟོད་པར་གསོལ། །འདི་ནི་རབ་གནས་ཀྱི་ཆོ་གའོ།། །།དེ་ལ་འདི་ནི་སྦྱིན་སྲེག་གི་ཆོ་ག་སྟེ། གཡོན་དུ་མེ་ཏོག་དཀར་པོ་དང་། །ལྡན་པའི་ [18b.7]དུང་སོགས་ཆུ་དང་ལྡན། །རང་གི་ལྷག་པའི་ལྷ་ཡི་བཟླས། །ཡང་ན་བགེགས་ཀྱི་དགྲ་ཡི་སྔགས། །ལས་ཀུན་བྱེད་པ་བཟླས་ནས་ཀྱང་། །ཀུ་ཤའི་ཆུན་པོ་ལྡན་པ་ཡིས། །སྣོད་ནི་དེ་རུ་གཞག་པར་བྱ། །བསང་གཏོར་ལ་སོགས་དགོས་དོན་དུ། །ཡོན་ཆབ་ལ་སོགས་སྦྱིན་པའི་ [19a] [19a.1]ཕྱིར། །མནྫི་ལ་སོགས་གཞན་རྣམས་ལ། །གཡས་ཕྱོགས་སུ་ནི་པ་ན་ཤ །བླག་ཤ་དང་ནི་ཨུ་དུམྺཱ་ར། །ཙནྡན་ཨརྐ་བྷ་ཏཱ་རྣམས། །ཡལ་ག་བེ་ཡི་ཀངྐ་དང་། །ཨ་བྷ་ས་མི་གཾ་བྷ་རི། །ཨ་བ་མརྒ་ཨ་ཤྭདྠ། །བྱང་ཆུབ་ཤིང་ལས་བྱུང་བ་རྣམས། །རློན་པ་དྲང་ [19a.2]ཞིང་རྩེ་གཅིག་པ། །སྲིན་བུ་སོགས་ཀྱིས་མ་ཟོས་པ། །མཐེ་ཆུང་གི་ནི་མཐོ་གང་ལ། །དྲི་ཞིམ་ཆུ་ཡིས་ཁྲུས་བྱས་ལ། །མར་བྱུགས་ཏིལ་དང་དཱུར་བ་བཟང་། །མ་ཆག་པ་ཡི་འབྲས་རྣམས་ཀྱང་། །ཞོ་ཟན་ཀུ་ཤ་སོ་བ་དང་། །ནས་དང་གྲོ་དང་མོན་སྲེན་གྲེ། །སྲན་གྲེའུ་འབྲས་ [19a.3]ཡོས་དེ་བཞིན་གཞན། །སྦྲང་རྩི་འོ་མ་ལ་སོགས་སྲིད། །རིམ་པ་བཞིན་དུ་བཞག་ནས་ནི། །ཏིང་འཛིན་གསུམ་དག་རྣལ་འབྱོར་པས། །ཞི་བའི་གཏོར་མ་བྱིན་ནས་ནི། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །མཐོ་གང་གཏིང་དུ་བརྐོས་བྱས་ནས། །ཁྲུ་གང་འཁོར་ལོ་ [19a.4]ཟླུམ་པོ་ལ། །བདེ་གཤེགས་བཞི་ཡི་ཕྱག་མཚན་དང་། །བདག་པོའི་ཕྱག་མཚན་དབུས་སུའོ། །དེ་བཞིན་དབུས་སུ་བགེགས་ཀྱི་དགྲ། །ལས་ཀུན་བྱེད་པའི་ཕྱག་མཚན་ནོ། །པདྨ་རབ་ཏུ་རྒྱས་འདྲ་བ། །ངོས་བཞི་སོར་བཞི་བོར་ནས་ནི། །དེ་ཡི་ཚད་ཀྱང་ [19a.5]ཁ་ཁྱེར་ལ། །པདྨའི་ཕྲེང་བས་བསྐོར་བར་བྱ། །རྡོ་རྗེ་ཕྲེང་བ་ཡོངས་བརྩིགས་པས། །ཕྱི་རོལ་ཁ་ཁྱེར་ཀུན་དུ་བསྐོར། །འོག་གི་ཕྱག་མཚན་ཕྱི་རོལ་དུ། །རྡོ་རྗེ་ཕྲེང་བ་གང་སྨྲ་བ། །དེ་རྣམས་ཕྱག་མཚན་གཞན་དག་གི། །རྩ་བའི་ཕྱག་མཚན་ལས་ཅུང་ཟད། །དེ་བཞིན་ [19a.6]དུ་ཡང་བཟང་ཞབས་ཀྱིས། །སོར་ནི་བརྒྱད་དང་གཅིག་གི་ཚད། །མཆུ་དང་རྔམས་སུ་རྩ་བ་ཡི། །ཕྱག་མཚན་ཤིན་ཏུ་བརྟན་པས་ན། །དེ་བཞིན་དུ་ནི་གཞན་དག་ཀྱང་། །འདི་ནི་རིག་པས་བརྟག་པར་འདོད། །ཡང་ན་བདག་པོའི་འབྲས་བུ་ནི། །ཆེ་ལ་གཞན་ནི་དམན་པ་ [19a.7]ཡི། །ཕྱག་མཚན་ཞེས་སུ་བརྗོད་པ་ནི། །རི་མོའི་དཀྱིལ་འཁོར་ཇི་ལྟར་མཉམ། །ཕྱག་མཚན་རྣམས་ཀྱི་བརྒལ་བ་འདི། །ལན་ནི་ཇི་ལྟར་འདེབས་པར་བྱེད། །དེར་ཡང་མཁས་པས་མི་མཉམ་པར། །སྐྱེས་བུ་དམ་པས་འདོད་མ་ཡིན། །ཕྱི་རོལ་རྡོ་རྗེ་འཕྲོ་བ་ཡིས། ། [19b] [19b.1]བསྐོར་བ་འདི་ནི་མི་འགལ་ཏེ། །དེ་རྣམས་ཕྱག་མཚན་ལ་ལྟོས་ནས། །དེ་བཞིན་ཕྱི་རོལ་བསྒྲལ་འདོད་ན། །འབྲས་བུ་མེད་ཅིང་དཀའ་བ་སྐྱེ། །བློ་ལྡན་ཇི་ལྟར་ཉེ་བར་བརྟེན། །ལུང་དང་རིགས་པས་སྒྲུབ་བྱེད་པ། །ཕྱོགས་འདི་ལ་ནི་ཡོད་མ་ཡིན། །སྐྱོན་ཡང་ཅུང་ཟད་བྱིན་པ་སྟེ། །རྒྱ་ [19b.2]ཆེ་མང་པོས་ཅི་ཞིག་བྱ། །དེ་ལྟར་བསྟན་པའི་ཐབ་ཁུང་དུ། །སྔགས་ཀྱིས་སྦར་བའི་མེ་ལ་ནི། །འབར་བའི་ཆེད་དུ་མར་ནི་བླུགས། །དེ་ལ་འདིར་ནི་མེ་སྦར་བའི་སྔགས་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ། ཤར་ཕྱོགས་ཁ་བསྟན་ཀུ་ཤ་རྣམས། །གཡས་སྐོར་གྱིས་ནི་སྦྱིན་པར་ [19b.3]བྱ། །རེ་རེ་ནས་ནི་ཤར་ཕྱོགས་རྩེ། །ཐབ་ཁུང་ཀུ་ཤས་དགབ་པར་བྱ། །ཐབ་ཁུང་བདག་མེད་པར་དམིགས་ནས། །རཾ་ལས་བྱུང་བའི་སེར་སྐྱ་སེར། །གཡས་གཡོན་ཞལ་ནི་གནག་དང་དཀར། །ལུས་ཐུང་ཞལ་ནི་སེར་པོ་སྟེ། །ཤེས་རབ་ལས་འཁྱུད་རལ་པ་ [19b.4]འགྲེང་། །རིལ་པ་དབྱུག་པ་གཡོན་པ་ན། །གཡས་པ་སྐྱབས་སྦྱིན་ཕྲེང་བ་སྟེ། །པདྨར་རཾ་སྐྱེས་མེ་དཀྱིལ་འཁོར། །ཞི་བ་ལ་སོགས་ཆ་བྱད་ཅན། །རྫས་ཀྱི་རྗེས་མཐུན་མེ་རུ་བསམ། །མེ་མཚམས་ནས་ནི་ཡེ་ཤེས་མེ། །མིག་གསུམ་ཊ་ཀྐིས་དགུག་པར་བྱ། །ཡང་ན་དེ་ [19b.5]ཡི་རང་སྔགས་ཀྱིས། །བསང་གཏོར་ལ་སོགས་བརྩམ་པར་བྱ། །དེ་ལ་འདི་ནི་མེའི་སྔགས་ཏེ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷུ་ཏ་དེ་བ་རྀ་ཥི་དྭི་ཇ་སད་ཏ་མ་གྲྀ་ཧི་ཏྭ་ཨ་ཧུ་ཏི་སྭཱ་ཧཱ་རཾ། ཨ་སྨིན་སནྣི་ཧི་ཏོ་བྷ་བ། ཀུ་ཤའི་ཆུན་པོས་བསང་གཏོར་རོ། །ལན་གསུམ་བར་དུ་ཆུ་རུ་གཞུག །དེ་བཞིན་ཆོ་ [19b.6]གའི་རིམ་པ་ཡིས། །སླར་ཡང་ཞབས་བསིལ་སྦྱིན་པར་བྱ། །དེ་བཞིན་ཆུ་ཡི་མཆོད་ཡོན་སྦྱིན། །མེ་ཏོག་དང་བཅས་ལན་གསུམ་དུ། །མཛུབ་མོ་མཐེ་བོང་ཁ་གཉིས་ནི། །དང་པོ་མཐའ་རུ་མོས་པ་ཡིས། །རྣལ་འབྱོར་ཇི་ལྟར་ཞབས་སོགས་ལ། །བློ་ཡིས་ཞབས་བསིལ་ [19b.7]སོགས་བརྟག་བྱ། །ཀུན་དུ་ལུས་ལ་བསང་གཏོར་སྦྱིན། །ཞབས་བསིལ་ཞབས་ནི་གཉིས་ལ་ཡང་། །བློ་ཡིས་ཞབས་བསིལ་ཞལ་དུ་སྟེ། །སྤྱི་བོར་ཡོན་ཆབ་དབུལ་བར་བྱ། །དེ་ལ་འདི་ནི་མཆོད་པའི་རིམ། །མེ་ཏོག་སྤྱི་བོར་མར་མེ་སོགས། །མདུན་དུ་དྲི་ཞིམ་བྲང་དུའོ། །དམ་ [20a] [20a.1]ཚིག་དང་ནི་ཡེ་ཤེས་མེ། །འོ་མ་ཆུ་སྦྱིན་སླར་ཡང་གཅིག །བསང་གཏོར་ལ་སོགས་ཆོ་ག་ཡིས། །ཆོ་ག་འདིས་ནི་སྦྱིན་སྲེག་བྱ། ཆང་གཟུངས་འཚམ་པར་སྦོམ་པ་སྟེ། །རིང་དུ་ཁྲུ་གང་སོར་དྲུག་པ། །རིན་ཆེན་རྡོ་རྗེ་ཡུ་བར་བཅས། །སོར་མོ་བཞི་ནི་ཁ་ [20a.2]ཁྱེར་ལ། །སོར་གཉིས་བརྐོས་ལ་རྡོ་རྗེ་སྟེ། །རྡོ་རྗེ་ཅན་གྱི་སོར་མོ་བཞི། །བརྐོས་ཏེ་ཆུ་སྐྱེས་འདབ་མ་ལ། །མཐའ་རུ་ཇི་ལྟར་མཛེས་པས་མཛེས། །དགང་གཟར་ལས་ནི་མཐེ་ཆུང་ཚད། །རོ་ནི་རྒྱུ་བའི་བུ་གར་ལྡན། །རྡོ་རྗེ་དཔངས་སུ་ཇི་ལྟར་ཐོས། །རིམ་པ་རྩེ་ལྔ་རྩེ་གསུམ་ [20a.3]པ། །བླུགས་གཟར་པདྨའི་འདབ་རྣམས་ལ། །སོར་གཅིག་བརྐོས་པས་རྡོ་རྗེ་འཛིན། །སོར་གཉིས་སྔར་བཞིན་ཡུ་བ་ལ། །རིན་ཆེན་རྡོ་རྗེ་རྩེ་རྡོ་རྗེ། །དགང་གཟར་སྦྱིན་སྲེག་ཤིང་རང་བཞིན། །བླུགས་གཟར་དེ་བཞིན་ནི་མ་རང་བཞིན། །ཟངས་སོགས་རྫས་ལས་ཡང་ [20a.4]དག་བྱུང་། །རང་ཉིད་སྔགས་ལས་བསྐྱེད་པའོ། །པུས་མོ་གཉིས་ཀྱི་ནང་ངོས་སུ། །ལག་གཡོན་སྟེང་བསྟན་དགང་གཟར་དུ། །མར་གྱིས་གང་བ་ཡང་དག་བླུགས། །གཡས་པའི་འོག་ཏུ་ཁ་བསྟན་པས། །བླུགས་གཟར་དགང་གཟར་ལ་བསྐྱོན་ལ། །སྟེང་དུ་བལྟས་པ་མར་གྱིས་ [20a.5]དགང་། །ལྷ་ཡི་གཟུགས་སུ་བསྐྱེད་པ་ཡིས། །རཾ་ཡིག་ཚངས་ཞལ་དགོད་པར་བྱ། །ཡོན་བདག་ནུས་པས་ལན་བདུན་ནམ། །ལན་གསུམ་དག་ཏུ་མཁས་པ་ཡིས། །དགང་གཟར་ལ་ནི་བསྐོར་བྱས་ནས། །དགང་བླུགས་རབ་ཏུ་སྦྱིན་པར་བྱ། །དེ་ལ་འདི་ནི་སྔགས་ཏེ། [20a.6]ཨོཾ་ཨ་གྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨ་བི་ཥ་ཨ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་ཨཱ་བཱ་ན་ཡེ་སྭཱ་ཧཱ། དགེ་དང་མི་དགེའི་མཚན་མ་རྣམས། །བློ་དང་ལྡན་པས་བརྟག་པར་བྱ། །དགེ་བའི་འོད་ཟེར་བསྒྲིལ་འབར་བ། །བརྒྱ་སྦྱིན་གཞུ་ལྟར་ཡོངས་སྟོན་པ། །མདོག་སོགས་དེ་དང་དེ་སྦྱོར་ [20a.7]བ། །ལས་ཀྱི་རྗེས་སུ་མཐུན་པས་སྟོན། །གང་ཚེ་མཚན་མ་མ་མཐོང་ན། །ཡང་ནི་བགེགས་དགྲའི་བཟླས་པ་བྱ། །རབ་ཏུ་ལེགས་པར་ཞབས་བསིལ་སོགས། །བྱས་ནས་མེ་ཏོག་སོགས་ཀྱིས་མཆོད། །དགང་བླུགས་སྦྱིན་བྱ་དེ་བཞིན་དུ། །ཡམ་ཤིང་སོགས་ཀྱིས་ [20b] [20b.1]སྦྱིན་སྲེག་བྱ། །སླར་ཡང་འཐོར་འཐུད་ལ་སོགས་པ། །མེ་ཡི་ཕུང་པོ་ལ་བྱས་ནས། རང་གི་ལྷག་པའི་ལྷར་དམིགས་ཏེ། །འདི་ཡི་སྔགས་ནི་བཟླས་པར་བྱ། །མཆོད་ཡོན་ཞབས་བསིལ་སོགས་བྱས་ནས། །མཆོད་ཡོན་དམ་པ་སྔོན་འགྲོ་བས། །དེ་ལ་དགང་བླུགས་ [20b.2]སྦྱིན་པར་བྱ། །བདུད་རྩིར་བྱས་པའི་མར་གྱིས་ནི། སྔོན་དུ་བསམས་ཤིང་བསྲེག་པར་བྱ། །རེ་མོས་གཉིས་ནི་སྦྱིན་བྱས་ལ། །མཐེ་བོང་སྲིན་ལག་ཁ་ཡིས་ནི། །བླངས་པ་མར་གྱི་རྩི་བླུགས་པ། །བླུགས་གཟར་གྱིས་ནི་མར་བསྲེག་བྱ། །འབྲུ་ཡང་དེ་ཉིད་ཀྱིས་དབུལ་བྱ། ། [20b.3]མེད་ན་ལག་པ་ཉིད་ཀྱིས་བྱ། །དགང་བླུགས་དག་ནི་སྦྱིན་པར་བྱ། །བསྲེག་བྱ་འབྲུ་རྣམས་རང་གི་ནི། །སྔགས་ཀྱིས་བུད་ཤིང་དེ་བཞིན་དུ། །ཁ་ཅིག་གཞན་གྱི་སྔགས་ཀྱིས་ཀྱང་། །གཞན་ནི་རང་གིས་དབུལ་བར་བྱ། །དེ་ལ་འདི་རྣམས་ནི་གཞན་གྱི་སྔགས་ཏེ། ཨོཾ་བཛྲ་ཨགྣ་ [20b.4]ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་བཛྲ་ཨ་ཛཱ་ལཱ་ཡ་སྭཱ་ཧཱ། ཨུ་དུམྺཱ་རིའི་འོ། །ཨོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། བྱང་ཆུབ་ཀྱི་ཤིང་གིའོ། །ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། །པ་ལ་ཤའི་འོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའི་འོ། །ཨོཾ་བཛྲ་སཱ་ཧ་ཀ་རཱ་ཡ་སྭཱ་ཧཱ། །ཨ་མྲའིའོ། །ཨོཾ་ཨ་པྲ་ཏི་ [20b.5]ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་རྣམས་ཀྱིའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བའིའོ། །ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོའིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མོན་སྲན་གྲེའུའིའོ། ། [20b.6]ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་འོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་ཆག་པའི་འོ། །ཨོཾ་བཛྲ་སཾ་པ་དེ་སྭཱ་ཧཱ། ཞོ་ཟན་གྱིའོ། །བསང་གཏོར་འཐོར་འཐུང་ལ་སོགས་པ། །བྱས་ནས་སྔར་བཞིན་མཐའ་རུ་ནི། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ལས་ནི་ཇི་ [20b.7]ལྟར་ནང་བཅུག་ལ། །ངལ་བསོ་ནས་ནི་སླར་སྦྱིན་བྱ། །དགང་བླུགས་ཇི་ལྟར་ཡོད་ཀྱི་བར། །མེད་ན་ཡང་དག་རྫོགས་པ་ཡི། །མཐའ་རུ་ཡང་དག་དགང་བླུགས་དབུལ། །འཐོར་འཐུང་དྲི་ཞིམ་མེ་སོ་རྩི། །མེ་ཏོག་སྤོས་དང་གོས་གསར་པ། །ཕུལ་ནས་བདུག་ [21a] [21a.1]སྤོས་དྲིལ་བུ་དཀྲོལ། །སྒྲ་ཡིས་མཆོད་པ་བྱས་ནས་ནི། །ཡོན་ཕུལ་ནས་ནི་སློབ་མ་ཡི། །གཡས་ཀྱི་མཐེ་བོ་གཡོན་པ་ཡི། །མཐེ་ཆུང་ནས་ནི་བཟུང་བྱས་ནས། །རང་གི་དགང་བླུགས་སྦྱིན་པར་བྱ། །གལ་ཏེ་གྲུབ་ནས་རྒྱལ་པོ་སོགས། །དགེ་བའི་ [21a.2]ཆེད་དུ་བསྔོ་བར་བྱ། །ཡོངས་རྫོགས་དགང་བླུགས་སྔོན་ལྟ་བུར། །འཐོར་འཐུང་ལ་སོགས་བྱས་ནས་ནི། །ཡོན་ཕུལ་ནས་ནི་སློབ་མ་ཡི། །སེམས་ནི་མཉམ་པར་བཞག་ནས་སུ། །སྙིང་གར་མེ་ཏོག་ཐལ་མོ་སྦྱར། །ཉུང་སོགས་ཉེས་པ་ཞི་དོན་དུ། །བཟོད་པར་གསོལ་ [21a.3]ཞེས་བརྗོད་པར་བྱ། །ཇི་སྲིད་མ་ཚང་ལྷག་པ་རྣམས། །བདག་གིས་རྨོངས་པ་བློ་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །མགོན་པོ་ཁྱེད་ཀྱིས་དེ་བཟོད་མཛོད། །མ་ཚོགས་པ་དང་མི་ཤེས་པ། །ནུས་པ་མེད་ལ་སོགས་རང་བཞིན། །མ་ཚང་བ་དང་གཞན་ [21a.4]བྱས་གང་། །དེ་དག་ཐམས་ཅད་བཟོད་པར་རིགས། །བཟོད་གསོལ་ཕྱག་འཚལ་བྱས་རྗེས་ལ། །རང་གི་མངོན་པར་འདོད་པ་བླང་། །རྡོ་རྗེ་སེམས་ཞེས་བཟླས་པ་བྱ། །མང་པོ་ཡང་ནི་ཡི་གེ་བརྒྱ་པའི་སྔགས་ཏེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ [21a.5]ནོ་བ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ་བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿ ཨི་ཏོ་བ་སརྦ་ས་ཏྭཱརྠ། སིདྡྷི་དང་ཐཱ་ཡ་བཏ་སུ་ཁ། [21a.6]གཙྪ་དྷྭ་བུདྡྷ་བི་ཥ་ཡཾ་པུ་ན་རཱ་ག་མ་ན་ཡ་ཏུ། བརྗོད་ནས་རང་གི་སྔགས་ཀྱིས་ནི། །ཡི་གེའི་ནང་དུ་བཅུག་ནས་སུ། །སྔགས་ཀྱིས་རང་བདག་མགོན་པོ་ནི། །སྔགས་པས་བློ་ཡིས་གཤེགས་སུ་གསོལ། །དེ་ལྟར་མེ་ཡི་དེ་བཞིན་ཀུན། །བསང་གཏོར་ལ་སོགས་བྱས་ནས་ནི། །དེ་ལ་དགང་ [21a.7]བླུགས་སྦྱིན་བྱས་ནས། །ཡམ་ཤིང་དེ་བཞིན་སྦྱིན་སྲེག་བྱ། །དེ་བཞིན་འདི་ཡིས་ཞབས་བསིལ་སོགས། །ཇི་སྲིད་ནམ་བཟའ་དབུལ་བྱས་ནས། །བཟོད་གསོལ་གསོལ་བ་གདབ་བྱས་ནས། །སྔ་མ་བཞིན་དུ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཉིད་མཉམ་བཞག་བས། །མེ་ལ་ [21b] [21b.1]འོ་མ་བསྒྲུབས་བྱས་ནས། །ལྷ་རྣམས་ལ་ཕུལ་ལྷག་མ་ནི། །ཕྲུ་བ་འདོད་པས་བགོ་བར་བྱ། །དི་རིང་ཕལ་ཆེར་རིགས་དམ་པ། །རན་པར་འདོད་པ་ཡོད་པ་ནི། །དེས་ན་འདི་བརྩམས་མགོན་པོ་རྣམས། །ཐུབ་པའི་རྩེ་མོ་དེ་བཟོད་མཛོད། །རྒྱུད་རྣམས་མང་པོ་གང་རིག་པ། །རབ་གནས་བློ་ནི་ཕ་ [21b.2]རོལ་སོན། །འདི་དག་བྱིས་པས་བསྟན་པས་ན། །ཉེས་ལྡན་བདག་ལ་བཟོད་པར་མཛོད། །རབ་གནས་ཆོ་ག་བཟང་པོ་འདི། །རབ་ཏུ་རྒྱས་པར་ཡོད་མོད་ཀྱང་། །དམན་པས་དེ་ཉིད་མི་རྟོགས་པས། །དེས་ན་བདག་གིས་འདི་རུ་བརྩམས། །འདི་ནི་མདོར་བསྡུས་ཡང་དག་རྫོགས། ། [21b.3]རབ་གནས་ཆོ་ག་གོ་རིམས་མཛེས། །འདི་བྱས་བསོད་ནམས་གང་ཐོབ་པས། །འགྲོ་བ་བྱང་ཆུབ་ལ་གནས་གྱུར། །རྨོངས་པ་རྗེས་བཟུང་ལས་བྱུང་བའི། །བསོད་ནམས་ཅུང་ཟད་བསྒོམས་པས་ན། །དཔལ་ལྡན་མཁས་པ་མི་འཇིགས་པའི། །ཕྱག་གིས་ཆོ་ག་སྡེབ་སྤྱོར་བྱས། །པཎྜི་ཏ་མི་ [21b.4]འཇིགས་པའི་ཕྱག་གིས་མཛད་པ། །རབ་གནས་ཀྱི་ཆོ་ག་མདོར་བསྡུས་པ་རྫོགས་སོ།། {T1906}༄༅༅། །རྒྱ་གར་སྐད་དུ། བི་ཥ་ད་པ་ད་སཾ་གྲ་ཧོ་ནཱ་མ་པྲ་ཏིཥྛཱ་བི་དྷི། བོད་སྐད་དུ། རྒྱ་ཆེ་བའི་ཚིག་བསྡུས་པ་ཞེས་བྱ་བ་རབ་ཏུ་གནས་པའི་ཆོ་ག །དཔལ་འཇམ་པའི་རྡོ་རྗེ་ལ་ [21b.5]ཕྱག་འཚལ་ལོ། །དབང་པོའི་མཚོན་གྱི་རྣམ་པ་མཚུངས། །མཆོག་ཏུ་དགའ་བས་མཛེས་པ་ཡི། །ཤེས་རབ་ཟབ་མོ་དང་ལྡན་པ། །འཇམ་པའི་རྡོ་རྗེ་འཁོར་ལོར་བཅས། །བཏུད་ནས་ཀཱ་ཙར་མངོན་བརྗོད་པས། །སྣ་ཚོགས་སློབ་དཔོན་བཞེད་རིག་ཅིང་། །སྣ་ཚོགས་རྒྱུད་ཀྱི་རྗེས་འབྲངས་ནས། །རྒྱས་ཤིང་གསལ་བས་ [21b.6]འཇིགས་རྣམས་ལ། །ཉུང་ཞིང་གསལ་བའི་རྗེས་འབྲངས་པ། །དེ་ལ་ཤེས་རབ་ལྡན་པ་དག། །བདེ་བླག་འཇུག་པར་བྱ་བའི་ཕྱིར། །རབ་གནས་ཆོ་ག་བརྗོད་པར་བྱ། །སྐུ་གཟུགས་རབ་གནས་མ་བྱས་ལ། །མཆོད་དང་ཕྱག་འཚལ་གསོལ་བ་ནི། །སྔགས་ཀྱིས་དམན་པའི་སྦྱིན་ [21b.7]སྲེག་གི། །ཐལ་བ་འབྲས་མེད་ཇི་བཞིན་ནོ། །རབ་ཏུ་མི་གནས་ཆོས་རྣམས་ལ། །འདིར་ནི་གང་དུ་རབ་གནས་ནི། །འཇིག་རྟེན་རྗེས་འཇུག་ལ་བསྟན་ནས། །རྒྱལ་བ་རྣམས་ཀྱིས་རབ་གནས་གསུངས། །གང་དུ་སྐུ་གཟུགས་གྲུབ་ནས་ནི། །ཡུན་རིང་གནས་ཤིང་མ་མཆོད་པ། །ཇི་ [22a] [22a.1]སྲིད་མཆོད་པའི་འོས་མ་གྱུར། །དེར་ནི་ལེགས་པ་མ་ཡིན་འབྱུང་། །རྟག་ཏུ་ཆོ་ག་མ་ཚང་བའི། །རབ་གནས་བྱ་བ་སྨད་པ་ཉིད། །ཚེ་འདིར་སྡུག་བསྔལ་ཆེ་འབྱུང་ཞིང་། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་ཕྱིར་དངོས་གྲུབ་འདོད་པ་ཡིས། །བདག་ཉིད་ནུས་པས་ [22a.2]འཆད་འགྱུར་གྱི། །ཆོ་གའི་བྱ་བའི་རིམ་པ་ཡིས། །རབ་ཏུ་འབད་དེ་བྱ་བ་ཉིད། །ཟླ་བ་དྲུག་དང་གཟའ་བཞི་དང་། །ཚེས་ནི་བདུན་དུ་བསྟན་པ་ཉིད། །རབ་གནས་ལས་ལ་ངེས་བསྟན་པ། །རྒྱུད་སྐར་རྣམས་ནི་བཅུ་བཞིའོ། །དགུན་ཐ་དཔྱིད་ར་དཔྱིད་ཐ་དང་། །དབྱར་ཟླ་ར་ [22a.3]འབྲིང་དགུན་ཟླར། །གཟའ་ནི་ཕུར་བུ་ལྷག་པ་དང་། །པ་སངས་བཞི་པ་ཟླ་བའོ། །ཚེས་ནི་ལྔ་དང་བདུན་ཉིད་དང་། །དེ་བཞིན་གཉིས་དང་བཅུ་པ་དང་། །གསུམ་པ་དང་ནི་ཟླ་བ་ཉ། །བཅུ་གསུམ་རྣམས་ཏེ་བདུན་པོ་བཟང་། །རྒྱལ་དང་མེ་བཞི་ལྷ་མཚམས་དང་། །སྣར་མ་དང་ནི་གྲོ་ [22a.4]བཞིན་མགོ ། སྨད་དང་སྣྲོན་དང་སྣུབས་དང་ལག། །ཁྲུམས་དང་དེ་བཞིན་ཆུ་སྟོད་དོ། །སྐར་མ་སྨད་ལ་རབ་གནས་བྱ། །དེར་ནི་ཤེས་རབ་འཕེལ་བར་འགྱུར། །ནམ་ཡང་ཡིད་ལ་གནས་པ་ཡི། །དངོས་གྲུབ་ཏུ་ནི་མེ་བཞིས་འགྱུར། །ལུང་རྣམས་ཡོངས་སུ་ཤེས་པ་ནི། །སྣྲུབས་དང་གྲོ་ [22a.5]བཞིན་གྱིས་ཡིན་ནོ། །ལག་ལ་སྐལ་བ་བཟང་པོར་འགྱུར། །སྣར་མ་ཡིས་ནི་ནོར་འབྱུང་འགྱུར། །རི་དགས་མགོ་ཡིས་ཞི་བར་བསྟན། །ཆུ་སྟོད་ཀྱིས་ནི་བུ་རྣམས་འཚོ། །ཁྲུམས་ཀྱིས་ཡང་དག་འཕེལ་བར་བཤད། །རྒྱལ་གྱིས་རྟག་ཏུ་རྒྱལ་བའོ། །སྣྲོན་ལ་དགེ་དང་སྐལ་བ་བཟང་། ། [22a.6]ལྷ་མཚམས་ཀྱིས་ནི་མཆོག་རབ་སྟེར། །ཡང་དག་སྐར་མ་དང་མཐུན་པས། །ཇི་སྐད་བཤད་པ་ཐམས་ཅད་བྱ། །གསུམ་པ་བདུན་པ་དྲུག་པ་དང་། །བཅུ་དང་བཅུ་གཅིག་ཟླ་བ་རྣམས། །དང་པོ་ལྔ་པ་གསུམ་པ་དང་། །ཐ་མ་ཡང་ནི་རྣམ་པར་སྤང་། །དགུ་དང་བརྒྱད་དང་བཅུ་གཉིས་ཉིད། །བཞི་ [22a.7]དང་ལྔ་དང་བཪྵཾ་ཉིད། །རྣམ་པ་གཞན་དུ་བྱེད་པ་ལ། །བཟློག་པའི་འབྲས་བུ་འབྱུང་བར་འགྱུར། །སེམས་ཅན་དམན་པའི་དབང་མཛད་ནས། །ཟླ་བ་ལ་སོགས་བཟང་བ་འདིའོ། །མཆོག་གི་དབང་དུ་མཛད་ནས་ནི། །ངེས་པ་ཉིད་ནི་རིགས་མ་ཡིན། །དེ་ལྟར་ཡང་། །དབྱར་ནི་དངོས་ [22b] [22b.1]གྲུབ་གནས་སུ་འགྱུར། །སྟོན་ཀ་རྣལ་འབྱོར་སྦྱིན་པ་ཉིད། །དགུན་སྟོད་སངས་རྒྱས་ཡེ་ཤེས་སྟེར། །དགུན་སྨད་འབྱོར་བ་ཀུན་སྦྱིན་བྱེད། །དཔྱིད་ནི་ཕུན་སུམ་ཚོགས་རབ་སྟེར། །སོས་ཀ་རྒྱལ་དང་ཞི་བ་སྟེར། །དུས་རྣམས་ཀུན་དུ་སངས་རྒྱས་ནི། །རབ་ཏུ་གནས་ལ་བཞུགས་པར་འདོད། ། [22b.2]དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་། །རྟག་ཏུ་གཙུག་ཏོར་བཅིང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། །རྟག་ཏུ་སངས་རྒྱས་རབ་གནས་བྱ། །གྲུབ་པར་གྱུར་པ་དེའི་མོད་ལ། །རབ་ཏུ་གནས་བ་མཆོག་ཏུ་འགྱུར། །མི་བདག་དབང་ཕྱུག་ [22b.3]འཁོར་ལོས་སྒྱུར། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །འདི་ལ་གཟའ་དང་རྒྱུ་སྐར་མེད། །བགེགས་དང་ལོག་འདྲེན་དག་ཀྱང་མེད། །གང་ཞིག་ཡིད་ལ་ཅི་འདོད་པ། །སྐྱེ་ཞིང་སྐྱེ་བར་གྲུབ་པར་འགྱུར། །བསྲུང་དང་དབང་བསྐུར་གཏོར་མ་བཟླས་དང་དབྱེ་བ་དང་། །ཕྱིར་བཟློག་པ་དང་ [22b.4]དཀྱིལ་འཁོར་དང་ནི་སྒྲུབ་ཐབས་དང་། །བཙན་ཐབས་སྦྱོར་བ་དང་ནི་གཤེགས་སུ་གསོལ་བ་རྣམས། །སངས་རྒྱས་རྣམས་ཀྱིས་དེ་ཉིད་བཅུ་ཞེས་རབ་ཏུ་གསུངས། །སློབ་དཔོན་དེ་ཉིད་འདི་དག་རིག། །དཀྱིལ་འཁོར་འཁོར་ལོའི་རྣལ་འབྱོར་ལྡན། །སྔགས་དང་ཕྱག་རྒྱའི་ཆོ་ག་ཤེས། ། [22b.5]རབ་ཏུ་གནས་པ་བྱ་བར་འོས། །དེ་ནས་ཁྲུས་དང་གཙང་སྦྲའི་བདག །རབ་ཏུ་གནས་པ་བྱེད་བརྩོན་པའི། །སློབ་མས་མཎྜལ་མེ་ཏོག་བཅས། །ཐལ་མོས་བླ་མར་གསོལ་བ་གདབ། །བདག་ནི་གཞན་རྣམས་ཐམས་ཅད་ཀུན། །རབ་ཏུ་བསྒྲལ་བར་འདོད་པ་ཡིས། །བགྱིས་པ་དང་ནི་ [22b.6]བྲིས་པ་ཡི། །སྐུ་གཟུགས་རས་རིས་གླེགས་བམ་དག །ཇི་ལྟར་ནུས་དང་རྗེས་མཐུན་པས། །འདི་དག་རབ་གནས་བགྱི་བར་འཚལ། །དགྱེས་པའི་ཐུགས་ནི་ཀུན་བསྐྱེད་ནས། །བདག་གི་རབ་གནས་མཛད་དུ་གསོལ། །དེ་ལྟར་དོན་དུ་གཉེར་ནས་ནི། །ཤེས་རབ་ཕ་རོལ་ཕྱིན་ལེགས་བལྟས། ། [22b.7]བདག་གིས་དད་པས་ཤེས་རབ་ཀྱི། །ཕ་རོལ་ཕྱིན་པ་འབུམ་པ་བྲིས། །གང་ཡང་དགེ་ལ་རབ་འབད་པས། །སྲུང་བ་ལྔ་ལ་སོགས་པ་བྲིས། །འབུམ་བུ་གླེང་བའི་ཆོ་ག་བཞིན། །རས་རིས་འབད་པས་བྲིས་བྱས་ཤིང་། །རྒྱལ་བའི་བཞུགས་གནས་མཆོག་གྱུར་པ། །གཙུག་ལག་ཁང་ནི་ [23a] [23a.1]ཡོངས་རྫོགས་བགྱིས། །རྒྱལ་བའི་སྐུ་གདུང་དག་གི་ནི། །མཆོད་རྟེན་བདག་གིས་ལེགས་པར་བསྒྲུབས། །སངས་རྒྱས་གནས་ཀྱི་ཚུལ་དུ་ནི། །དྲི་ཡི་གཙང་ཁང་འབད་པས་བགྱིས། །ཁྲོན་པ་ཀུན་དགའ་ར་བ་དང་། །བྱུག་པའི་སྐུ་གཟུགས་ལ་སོགས་དང་། ། [23a.2]སངས་རྒྱས་ཀྱིས་ནི་མང་གསུངས་པའི། །ལུགས་མ་སོགས་ལ་རབ་ཏུ་འབད། །སེམས་ཅན་རྣམས་ནི་ཚིམ་བྱེད་པའི། །རྫིང་བུ་ཡིད་དུ་འོང་བ་བགྱིས། །སེམས་ཅན་རྣམས་ནི་བདེ་བྱེད་པའི། །ཛཾ་གྷཱ་ལི་ནི་ཡོངས་རྫོགས་བགྱིས། །དར་བའི་བློ་ལྡན་སློབ་མ་ཡི། །དང་པོར་གུས་པས་ལན་ [23a.3]གསུམ་གསོལ། །སློབ་མ་དག་པར་ཤེས་ནས་ནི། །སྟེགས་བུ་ཡང་དག་བརྩམ་པར་བྱ། །གྲུ་བཞི་པ་ལ་ཁྲུ་བཞི་པ། །དཔངས་ཀྱི་ཚད་ནི་ཁྲུ་གཉིས་པ། །ཆུ་ཤིང་ཀ་བ་སོགས་ལྡན་པ། །ཉམས་དགའ་ཆོ་ག་བཞིན་བྱས་ནས། །དེར་ནི་སྟན་འཇམ་བདེ་བ་ལ། །བློ་བཟང་རྡོ་རྗེ་དྲིལ་བུ་འཛིན། ། [23a.4]གཙུག་ཏོར་བཅིངས་ཤིང་ལུས་ཆས་བཟང་། །ཆོ་ག་བཞིན་དུ་གཏོར་མ་སྦྱིན། །དབང་པོ་རྡོ་རྗེ་ཅན་ནི་འབྱུང་པོའི་ཚོགས་དང་བཅས། །གཏོར་མ་ཕུལ་དུ་བྱུང་བ་འདི་བཞེས་ཤིག །མེ་དང་གཤིན་རྗེ་བདེན་བྲལ་འབྱུང་པོའི་བདག །ཆུ་བདག་རླུང་དང་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་ [23a.5]པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་གླུ། །རི་ཡི་ལྷ་དང་གཙང་བའི་ཚོགས་བཅས་ལ། །སོ་སོ་སོ་སོར་ཕུལ་བ་འདི་བཞེས་ལ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་བཅས། །ནང་ [23a.6]མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །གཏོར་མ་མེ་ཏོག་བདུག་པ་ཕུལ་བ་འདི། །དགྱེས་པར་གསོལ་ཞིང་བསྣམས་ཏེ་བཞེས་ནས་ཀྱང་། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །རབ་གནས་རྩ་བ་བཀྲ་ཤིས་དང་། །དག་པའི་ཆུ་ཡི་ཁྲུས་ཉིད་དེ། །བུམ་པ་ལྷག་པར་ [23a.7]གནས་པ་ནི། །མཚན་ཉིད་ལྡན་པ་ཉིད་དུ་བཤད། །དེ་དག་གྲངས་ནི་བཅུ་དགུ་རུ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད། །དེ་དག་ཉིད་དང་མཉམ་བཤད་པ། །ལས་ཀུན་ཕྱེད་དང་ཉི་ཤུའོ། །ཡང་ན་ཇི་ལྟར་འབྱོར་བ་དང་། །མཐུན་པར་བཅུ་འམ་ལྔ་འམ་གཅིག། །བུམ་པ་རྣམས་ཀྱི་ནང་ [23b] [23b.1]ན་ནི། །རྣམ་པར་རྒྱལ་བའི་མཚན་ཉིད་ལྡན། །སོར་མོ་བདུན་གྱི་ཚད་ཀྱིས་ནི། །མགུལ་བ་མཐོ་ཞིང་རྣམ་པར་མཛེས། །མཆུ་འཕྱང་བ་ནི་སོར་གཉིས་སོ། །ལྟོ་ལྡིར་མཐོ་ནི་ལྔ་པ་ཅན། །གལ་ཏེ་ཚད་འདིས་དམན་གྱུར་ན། །སྦྱིན་བདག་ལ་ནི་ཤིས་པ་མིན། །བཾ་གྱི་ཡི་གེ་ལས་བྱུང་བའི། །རིན་ [23b.2]ཆེན་འབྱུང་གནས་ཆེར་འབར་བའོ། །གཞན་ལ་ངེས་པ་ཡོད་མིན་ཏེ། །མེད་ན་ཇི་ལྟར་མཛེས་པའོ། །འབྲུ་དང་རིན་ཆེན་སྨན་སྙིང་པོ། །རིགས་ཀྱི་མཚན་མས་རྣམ་པར་མཛེས། །ནས་དང་གྲོ་དང་སོ་བ་མཆོག། །ཏིལ་དང་སྲན་མར་མངོན་བརྗོད་པའོ། །མུ་ཏིག་དངུལ་དང་གསེར་ཞེས་བྱ། ། [23b.3]མུ་མེན་དང་ནི་བྱི་རུ་རྣམས། །ཀཎྜ་ཀ་རི་བྲྀ་ཧ་སྟི། །དེ་བཞིན་ས་ཧ་དེ་བ་དང་། །གཞན་གྱིས་མི་ཐུབ་དཀར་པོ་དང་། །ལྔ་བ་དབྱུག་པའི་ཨུཏྤ་ལ། །རྡོ་རྗེ་སེམས་དཔའི་མཚན་མ་ནི། །སྣ་ཚོགས་རྡོ་རྗེར་རབ་ཏུ་བསྒྲགས། །བློ་དང་ལྡན་པས་ཁ་དོག་ལྔ། །ཡང་དག་ལྡན་པར་ཤེས་པར་བྱ། ། [23b.4]མི་བསྐྱོད་པ་ཡི་རྡོ་རྗེ་ནི། །ནག་པོ་རྩེ་མོ་ལྔ་དང་ལྡན། །འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། །རྣམ་པར་སྣང་མཛད་མཚན་མའོ། །རིན་ཆེན་འབྱུང་ལྡན་མཚན་མ་ནི། །རིན་ཆེན་མརྒད་ཆ་དགུ་པ། །འོད་དཔག་མེད་ཀྱི་མཚན་མ་ནི། །འདམ་སྐྱེས་དམར་པོ་ཡང་དག་འབྱུང་། །དེ་ [23b.5]བཞིན་དོན་ཡོད་རལ་གྲི་ནི། །ཁ་དོག་སྔོ་བསངས་འོད་ཟེར་བཅས། །སྤྱན་མ་ཡི་ནི་སྤྱན་ཟུར་དག །མདོག་སྔོན་མིག་འབྲས་བཟང་པོ་ཅན། །མཱ་མ་ཀཱི་ནི་རྡོ་རྗེ་སྔོ། །དཀར་མོའི་འདམ་སྐྱེས་དམར་པོའོ། །གསེར་གྱི་ཨུཏྤ་ལའི་མཚན་མ། །སྒྲོལ་མའི་ཡིན་པར་རབ་ཏུ་བསྒྲགས། །དེ་བཞིན་ [23b.6]གཟུགས་ཀྱི་རྡོ་རྗེ་མའི། །མཚན་མ་མེ་ལོང་དྲི་མེད་དཀར། །རབ་མཛེས་པི་ཝང་སྔོན་པོ་ནི། །དེ་བཞིན་སྒྲ་ཡི་རྡོ་རྗེ་མ། །དེ་བཞིན་དྲི་ཡི་རྡོ་རྗེ་མའི། །བཙོ་མ་གསེར་གྱི་འོད་ཅན་དུང་། །རོ་ཡི་རྡོ་རྗེ་མའི་མཚན་མ། །བཅུད་ཀྱི་སྣོད་ནི་དམར་པོའོ། །དེ་བཞིན་རེག་བྱ་རྡོ་རྗེ་མའི། །མཚན་མ་ཁ་དོག་གིས་ [23b.7]བརྒྱན་གོས། །ཆོས་ཀྱི་དབྱིངས་མའི་མཚན་མ་ནི། །དེ་བཞིན་མདོག་དཀར་གྲུ་གསུམ་པའོ། །གཤིན་རྗེའི་དགྲ་ཡི་མཚན་མ་ནི། །རྡོ་རྗེ་ཐོ་བ་མདོག་ནག་པོ། །ཤེས་རབ་མཐར་བྱེད་ཀྱི་མཚན་མ། །རྡོ་རྗེས་མཚན་པའི་དབྱུག་པ་དཀར། །པདྨ་མཐར་བྱེད་ཀྱི་པདྨ། །མདོག་དམར་དུ་ནི་རབ་ཏུ་བསྒྲགས། ། [24a] [24a.1]བགེགས་ཀྱི་དགྲ་ཡི་རྡོ་རྗེ་ནི། །ཁ་གདེངས་ཡང་དག་བསྟན་ཇི་བཞིན། །སྣ་ཚོགས་ཆུ་སྐྱེས་ཟླ་དཀྱིལ་ལ། །གཙོ་བོའི་མཚན་མ་བྲི་བར་བྱ། །ཤར་སོགས་ཕྱོགས་སུ་གནས་པའི་འདབ་མ་དམར་འོད་ཅན། །རླུང་དང་མེ་ཡི་འདབ་མ་སེར་པོའི་ངོ་བོ་སྟེ། །ཡི་དགས་བདག་དང་ [24a.2]དབང་ལྡན་ཕྱོགས་ཀྱི་ཆུ་སྐྱེས་མདོག །དཱུར་བ་དང་ནི་སྔོ་བསངས་སྣ་ཚོགས་པདྨའོ། །རྣམ་སྣང་མཛད་དང་ལྷ་མོ་བཅུའི། །དཀྱིལ་འཁོར་སྔར་བཞིན་སྤྲོ་བར་བྱ། །གཞན་ནི་ཇི་ལྟར་རིགས་པ་བཞིན། །གཏུམ་འོད་དཀྱིལ་འཁོར་ལ་བྲི་བྱ། །ལྔ་ཡི་ཕྱོགས་ལ་མཚན་མ་བཞི། །ངོས་ [24a.3]སུ་བདག་པོའི་གདོང་ལ་བྲི། །སྤྱན་མ་ལ་སོགས་ལྷ་མོ་བཞི། །མཚན་མ་བུམ་པ་གཅིག་ལ་བྲི། །གཟུགས་ཀྱི་རྡོ་རྗེ་མ་སོགས་ཀྱི། །མཚན་མ་དྲུག་ནི་གཅིག་ལའོ། །ཁྲོ་བོ་གསུམ་གྱི་མཚན་མ་ནི། །གཅིག་ལའོ་གཅིག་ནི་དེ་བཞིན་གཅིག། །བཅུ་ཡི་ཕྱོགས་ལ་ལྷ་མོ་བཞིའི། ། [24a.4]མཚན་མ་དེ་བཞིན་རེ་རེ་དང་། །ཁྲོ་བོ་རྣམས་ཀྱི་སོ་སོ་སྟེ། །ལྷག་མ་སྔ་མ་བཞིན་དུ་བྲི། །དཀར་པོ་དྲི་ཡི་ཆུ་ཡིས་གང་། །མགྲིན་པ་དཀར་སེར་གོས་དང་ལྡན། །ཨ་མྲའི་ལྕུག་མས་མཛེས་པ་ནི། །དཀྱིལ་འཁོར་དུ་ནི་གཞག་པར་བྱ། །དེ་ནས་དཀྱིལ་འཁོར་འཁོར་ལོ་ནི། ། [24a.5]བསམས་བྱས་ནམ་མཁའི་དཀྱིལ་འཁོར་དུ། །ཞུ་བའི་རྣམ་པར་ཡང་གྱུར་པ། །རྣམ་རྒྱལ་སོགས་ལ་རབ་ཏུ་གཞུག །ཐོད་པའི་སྟེང་དུ་ཕྲེང་བའི་རྩེར། །རྡོ་རྗེ་བཏགས་པ་དེར་བཞག་ནས། །དེ་ནས་སྔགས་པས་མཚན་མ་རྣམས། །བདག་པོའི་སྔགས་བརྒྱ་རྩ་བརྒྱད་བཟླ། །ཨོཾ་ཨཱཿ [24a.6]བཛྲ་སཏྭ་ཧཱུཾ། རྡོ་རྗེ་སེམས་དཔའིའོ། །ཨོཾ་ཨཱཿབཛྲ་དྷྲྀ་ཀ་ཧཱུཾ། མི་བསྐྱོད་པའིའོ། །ཨོཾ་ཨཱཿཛི་ན་ཛིཀ་ཧཱུཾ། རྣམ་པར་སྣང་མཛད་ཀྱིའོ། །ཨོཾ་ཨཱཿརཏྣ་དྷྲྀ་ཀ་ཧཱུཾ། རིན་ཆེན་འབྱུང་ལྡན་གྱིའོ། །ཨོཾ་ཨཱཿཨཱ་རོ་ལྀ་ཀ་ཧཱུཾ། འོད་དཔག་མེད་ཀྱིའོ། །ཨོཾ་ཨཱཿཔྲཛྙཱ་དྷྲྀ་ཀ་ཧཱུཾ། དོན་ཡོད་གྲུབ་པའིའོ། ། [24a.7]ཨོཾ་ཨཱཿ མོ་ཧ་ར་ཏི་ཧཱུཾ། སྤྱན་མའིའོ། །ཨོཾ་ཨཱཿདྭེ་ཥ་ར་ཏི་ཧཱུཾ། མཱ་མ་ཀཱིའིའོ། །ཨོཾ་ཨཱཿརཱ་ག་ར་ཏི་ཧཱུཾ། །དཀར་མོའིའོ། །ཨོཾ་ཨཱཿབཛྲ་ར་ཏི་ཧཱུཾ། སྒྲོལ་མའིའོ། །ཨོཾ་ཨཱཿརཱུ་པ་བཛྲཱ་ཧཱུཾ། ཨོཾ་ཨཱཿ ཤཔྡ་བཛྲཱ་ཧཱུཾ། ཨོཾ་ཨཱཿགནྡྷ་བཛྲཱ་ཧཱུཾ། ཨོཾ་ཨཱཿར་ས་བཛྲཱ་ཧཱུཾ། ཨོཾ་ཨཱཿསྤཪྴ་བཛཱ་ཧཱུཾ། ཨོཾ་ཨཱཿ [24b] [24b.1]དྷརྨ་བཛཱ་ཧཱུཾ། ཨོཾ་ཨཱཿཡ་མཱནྟ་ཀྲྀ་ཏ་ཧཱུཾ། ཨོཾ་ཨཱཿཔྲ་ཛྙཱནྟ་ཀྲྀཏ་ཧཱུཾ། ཨོཾ་ཨཱཿཔདྨཱནྟ་ཀྲྀཏ་ཧཱུཾ། །ཨོཾ་ཨཱཿ་བིགྷྣཱ་ནྟ་ཀྲྀ་ཏ་ཧཱུཾ། །ལས་ཐམས་ཅད་པའི་བུམ་པ་ནི། །རྡོ་རྗེ་སེམས་དཔའི་མཚན་མས་མཚན། །ཡང་ན་བདུད་རྩི་འཁྱིལ་པ་ཡི། །མཚན་མས་མཚན་ལ་དེ་ཉིད་ཀྱི། །སྔགས་ཀྱིས་ [24b.2]ལྷག་པར་གནས་པར་བྱ། །བསྟོད་པ་ལྔ་ནི་སྔོན་འགྲོ་བའི། །མཆོད་པ་ཀུན་གྱིས་ཡང་དག་མཆོད། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱངས་ཁྱོད་ལ་ཕྱག་འཚལ། །རྣམ་པར་སྣང་མཛད་དག་ [24b.3]པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་ཆོས། །རྡོ་རྗེ་དབྱངས་ཁྱོད་ལ་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །གསང་བའི་དབྱངས་ཁྱོད་ལ་ཕྱག་འཚལ། །རྡོ་རྗེ་དཔག་མེད་ [24b.4]རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །རྡོ་རྗེ་དབྱངས་ཁྱོད་ལ་ཕྱག་འཚལ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །བྱ་བ་རྩོམ་ [24b.5]པ་ཐམས་ཅད་ལ། །བློ་བཟང་རྡོ་རྗེ་དྲིལ་བུ་འཛིན། །བགེགས་ཀུན་ཉེ་བར་ཞི་ཆེད་དུ། །དང་པོ་ཐ་མར་གཏོར་མ་སྦྱིན། །དེ་ནས་ལག་པ་གཡས་བརྐྱང་ལ། །ཉི་མར་ཧཱུཾ་ཡིག་རྣམ་པར་བསྒོམ། །ཨོཾ་མ་ཧཱ་བཛྲ་ཧཱུཾ་སྭཱ་ཧཱ། །ཅིག་ཤོས་ལ་ཡང་ཟླ་བར་ནི། །ཨ་ཡིག་རྣམ་པར་བསྒོམ་པར་ [24b.6]བྱ། །ཨོཾ་ཨཱཿབཛྲ་གྷཎྚེ་ཨཱཿསྭཱ་ཧཱ། ཞེས་པས་བྱིན་བརླབས་གཏོར་མ་སྦྱིན། །ཡི་གེ་བརྒྱ་བ་ལན་བདུན་བཟླ། །དེ་ལ་འདི་ནི་ཡི་གེ་བརྒྱ་པའི་སྔགས་སོ། །ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ [24b.7]ནུ་རཀྟོ་མེ་བྷ་བ། སརྦྦ་སེདྷིམྨེ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཿ། དེ་ལྟར་བྱས་ནས་ཉེ་བར་བསྡུ་བར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །།སྐུ་གཟུགས་ལ་ [25a] [25a.1]སོགས་མཚན་ཉིད་བཟང་། །མཚན་མོ་ལྷག་པར་གནས་པར་བྱ། །དེ་ནས་ཤར་དུ་ཞལ་ཕྱོགས་པའི། །ཡང་ན་གཞན་དུ་ཕྱོགས་ཏེ་གཞག །རྡོ་རྗེ་ཁུ་ཚུར་ཡུངས་ཀར་བཅས། །གཡས་དང་གཡོན་པའི་སྦྱོར་པ་ཡིས། །ལན་གསུམ་ངེས་པར་བསྐོར་བྱ་ཞིང་། ། [25a.2]དེ་ནས་མེ་དང་ཆུ་ལ་དོར། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། སྦྱང་བའི་སྔགས་སོ། །གསེར་སྣོད་ལ་སོགས་རྣམས་དང་ནི། །གོས་གཞན་ཀངྐ་ཎཱ་སོགས་དང་། །ཤཱི་ཏ་ལི་ཀཱ་ལ་སོགས་དང་། །ཁམ་ཕོར་སོགས་ཀྱིས་ངེས་པར་བྱ། །མཆོད་ཡོན་ལ་སོགས་བསང་གཏོར་བར། ། [25a.3]སྣོད་ནི་མནྗིའི་སྟེང་དུའོ། །ཟངས་ཀྱི་སྣོད་ནི་ཤིན་ཏུ་ཡང་། །ལས་ཀུན་པ་ལ་རབ་ཏུ་ཤིས། །ཨོཾ་པྲ་བ་ར་སཏྐཱ་རཱརྒྷུ་མྤྲ་ཏཱིཙྪ་སྭཱ་ཧཱ། ལག་པ་དག་ཁ་སྦྱར་བས་དུང་གི་མཆོད་ཡོན་ནོ། །ཨོཾ་པྲ་བར་སཏྐཱ་རཱ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། །ཞེས་པས་མཐེ་བོང་མཛུབ་མོ་དང་བཅས་པ་དག་གིས་མེ་ [25a.4]ཏོག་གཅིག་བླངས་ནས་འགྱིད་བ་དང་བཅས་པས་མཐེ་ཆུང་དང་མཐེ་བོང་དག་བཀྲོལ་བས་ཞབས་བསིལ་ལོ། །ཨོཾ་པྲ་བ་ར་སཏྐཱ་རཱ་ཙ་མ་ནི་པྲ་ཏཱིཙྪ་སྭཱ་ཧཱ། །མཛུབ་མོ་དང་མཐེ་བོང་དག་གིས་ཆུ་བླངས་ཏེ་དབུལ་བར་བྱའོ། །ཨོཾ་པྲ་བ་ར་སཏྐཱ་ར་པྲོཀྵ་ཎཾ་པྲ་ཏཱི་ཙྪ་སྭཱ་ཧཱ། །ལག་པས་ཀུ་ཤའི་ཆུན་པོས་ [25a.5]བསང་གཏོར་རོ། །མཆོད་ཡོན་ལ་སོགས་པ་འདི་ཐམས་ཅད་རྣམ་པ་གསུམ་དུ་བྱའོ། །བགེགས་དགྲའི་སྔགས་ཀྱི་སྦྱོར་ལྡན་པའི། །བ་བྱུང་ལྔ་དང་བདུད་རྩི་ལྔ། །དཱུར་བའི་པིར་ལ་སོགས་པ་ཡིས། །མི་བསྐོར་བར་ནི་བཀྲུ་བར་བྱ། །བ་ལང་ལྕི་བ་ཆུ་དང་ནི། །མར་དང་ཞོ་དང་འོ་མར་བཅས། ། [25a.6]ལྷ་ཡི་ཁྲུས་ནི་སྒྲུབ་པ་ལ། །བ་བྱུང་ལྔ་རུ་ཤེས་པར་བྱ། །ལྕི་བ་དང་ནི་ཆུ་བོར་ནས། །འོ་མ་ཞོ་དང་མར་ལྡན་པ། །ཀ་ར་སྦྲང་རྩིར་བཅས་པ་ནི། །བདུད་རྩི་ལྔ་ཞེས་འདིར་བརྗོད་བྱ། །ཨུ་དུམྦཱ་ར་ཤི་རཱི་ཥ། །ཨ་ཤྭཏྠ་དང་པརྐ་ཏི། །པ་ཏ་རྣམས་ནི་མདངས་འགུགས་ཕྱིར། །དེ་དག་ཤིང་ཤུན་ལྔ་ [25a.7]ཞེས་བྱ། །དེ་ནས་བློ་དང་ལྡན་པ་ཡིས། །དྲི་བཟང་ཏིལ་མར་སྔགས་ཀྱིས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེེ་སྭཱ་ཧཱ། ཤིང་ཤུན་ལྔ་དང་དྲི་ཡིས་ཀྱང་། །དེ་བཞིན་བྱུགས་ཤིང་ངེས་པར་བཀྲུ། །ཙནྡན་གཉིས་དང་གྲནྠི་ལཱ། །དེ་བཞིན་ཁ་ཆེ་ཨ་ཀ་རུ། །དྲི་ལྔ་ཞེས་ནི་རབ་བརྗོད་དེ། ། [25b] [25b.1]ལྷ་ཡི་ཁྲུས་ལ་བརྟེན་པ་ཡིན། །རྒྱལ་པོ་དབང་བསྐུར་ཚུལ་དུ་ནི། །གླུ་དང་གར་དང་དགའ་སྟོན་ཆེ། །བློ་ལྡན་སྤྱན་སོགས་ཕྱག་བཟུང་པའི། །བུམ་པ་རྣམས་ཀྱིས་སྐུ་ཁྲུས་གསོལ། །དང་པོར་རྣམ་རྒྱལ་བུམ་པས་ཏེ། །དེ་ནས་རྣམ་སྣང་མཛད་སོགས་ཀྱིས། །སྤྱན་མ་སོགས་ [25b.2]ཀྱིས་དེ་མ་ཐག །གཤིན་རྗེའི་གཤེད་སོགས་བུམ་པ་ཡིས། །སྔགས་པས་ཚིགས་བཅད་འདོན་ཞིང་བྱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ [25b.3]ག་ཏཱ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། རི་མོར་བྲིས་པ་ལ་སོགས་པ། །ཐམས་ཅད་མེ་ལོང་ལ་ཆུས་བཀྲུ། །རྫས་ལ་སོགས་པའི་རང་བཞིན་གྱིས། །རྫིང་བུ་དང་ནི་གཙུག་ལག་ཁང་། །ཛཾ་གྷ་ལི་དང་དྲི་གཙང་ཁང་། །ལ་སོགས་མེ་ལོང་ངོས་ལ་བཀྲུ། །རས་རིས་ལ་ནི་ཆུ་མེད་པའི། །གུར་ [25b.4]གུམ་བྱུགས་ཤིང་པཉྩ་ར། །མདངས་གསལ་ཤིས་ཤིང་བཀྲ་བ་ཡི། །གོས་སར་གྱིས་ནི་ཡང་དག་དཀྲི། །ཨོཾ་བཛྲ་བཱ་ས་སེ་སྭཱ་ཧཱ། །ཨོཾ་བཛྲཱ་བྷ་ར་ཎ་བྷཱུ་ཥ་ཎེ་སྭཱ་ཧཱ། ཆུ་སྐྱེས་དེ་བཞིན་ཐང་ལས་སྐྱེས། །མེ་ཏོག་དམ་པ་འདི་དག་ནི། །བདག་གིས་དད་པས་དབུལ་ལགས་ཀྱི། །ཅི་བདེ་ [25b.5]བར་ནི་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་པུཥེ་ཧཱུཾ། ལྷན་སྐྱེས་དེ་བཞིན་སྦྱར་ལས་བྱུང་། །བདུག་སྤོས་དམ་པ་འདི་དག་ནི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨཱཿབཛྲ་དྷུ་བེ་ཧུཾ། ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་། །ཤངས་ [25b.6]ནི་ཚིམ་བྱེད་དྲི་འདི་དག །མཆོག་ཏུ་དད་པས་འབུལ་ལགས་ཀྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ། མུན་སེལ་འབྲུ་མར་རྩི་མར་སྐྱེས། །ལྷ་རྫས་འབར་བའི་མར་མེ་འདི། །མི་ཤེས་ཐམས་ཅད་རབ་ཞིའི་སླད། །བདག་ཉིད་དད་པས་དབུལ་ [25b.7]བར་བགྱི། །ཨོཾ་ཨཱཿབཛྲ་དཱིབྤེ་ཧཱུཾ། ཁ་དོག་དྲི་དང་རོ་ལྡན་ཞིང་། །བཟའ་དད་བཅའ་བར་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་ཞལ་ཟས་དག །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་ནཻ་བི་དྱེ་ཧཱུཾ། རྫིང་བུ་ཁྲོན་པའི་མཐིལ་སོན་སྐྱེས། །སེམས་ཅན་ཐམས་ [26a] [26a.1]ཅད་ཚིམ་པར་བྱེད། །ཀུན་ནས་དག་པའི་ཆབ་འདི་དག །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ནཱ་ག་པརྞིའི་འདབ་ལྡན་ཞིང་། །པཱུ་ག་ཛཱ་ཏི་ཡང་དག་ལྡན། །ག་པུར་དང་བཅས་ཚེམས་རྩི་དག །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཨོཾ་ཨཱཿ [26a.2]བཛྲ་ཏཱམྦུ་ལེ་ཧཱུཾ། དེ་ལྟར་མཆོད་པ་བྱས་ཏེ། །དེ་ནས་སྔར་བཤད་པའི་མི་བསྐྱོད་རྡོ་རྗེ་ལ་སོགས་པའི་ཚིགས་བཅད་ཀྱིས་བསྟོད་ཅིང་། །བཀྲ་ཤིས་གང་ཞིག་ལ་སོགས་པའི་ཚིགས་བཅད་རྣམས་ཀྱིས་ཡང་ཡང་བསྟོད་པར་བྱའོ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་ [26a.3]གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །དེ་ཡིས་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་པ། །དབང་བཅས་ [26a.4]ལྷ་རྣམས་ཀྱིས་ནི་བསྐོར་བའི་བཀྲ་ཤིས་གང་། །དེ་ཡིས་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕན་མཛད་དམ་པ་གཙང་མའི་མཆོག །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཐུབ་པ་ཤཱཀྱ་སེང་གེས་གང་གསུངས་པ། ། [26a.5]དེ་ཡིས་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་ [26a.6]དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་ནམ་ [26a.7]མཁར་དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་ཐམས་ཅད་སྤྱན་དྲངས་ཏེ་ཇི་ལྟར་རིགས་པར་མེ་ཏོག་ལ་སོགས་པ་རྣམས་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བསྟོད་པ་བྱས་ནས་མཁས་པས་བདུད་རྩི་མྱངས་ཏེ། ཞལ་བསིལ་དང་ཏཱམྦུལ་ཕུལ་ནས་ཐལ་མོ་ [26b] [26b.1]སྦྱར་བས་ཕྱག་འཚལ་ཏེ་མེ་ཏོག་འཐོར་ཞིང་འདི་སྐད་བརྗོད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་བི་ལཱ་ས་ན་མི་ཏཻ་རྣཱ་མཱ་མི་བྷ་ག་བཱནྟཾ་ཤྲཱི་མཉྫུ་བཛཱ་བྱེ་ཛཿཧཱུཾ་བཾ་ཧོཿབྲ་ཏིཙྪེ་མཾ་ཀུ་སུ་མཱཉྫ་ལིནྡྲ་ཐ་ཧོཿསམ་ཡ་སྟྭཾ་སམ་ཡ་སཏྭ་ཧཾ་ཞེས་སོ། །དེ་ནས་བདུག་སྤོས་ཐོགས་བྱས་ནས། །པུས་མོ་ས་གཞི་ལ་བཀོད་དེ། ། [26b.2]འབྱོན་འགྱུར་མགོན་པོ་སྤྱན་འདྲེན་པའི། །ཚིག་འདི་ཆེད་དུ་བརྗོད་པར་བྱ། །བཅོམ་ལྡན་འཇམ་པའི་རྡོ་རྗེ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་བརྩེའི་བདག་ཉིད་ཅན། །རབ་ཏུ་གནས་པ་བགྱིད་པར་འཚལ། །སེམས་ཅན་བསོད་ནམས་སྤེལ་ཕྱིར་ [26b.3]དང་། །བྱང་ཆུབ་སེམས་ནི་བསྐྱེད་པའི་ཕྱིར། །བཅོམ་ལྡན་བདག་ནི་དེར་གུས་ལ། །བཀའ་དྲིན་དག་ནི་མཛད་པར་འོས། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་དུ་ནི་བཞུགས་བ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་པ། །དེ་བཞིན་འདིར་ནི་བཞུགས་སུ་གསོལ། ། [26b.4]ཁྱིམ་གནས་རྣམས་ཀྱི་དོན་སླད་དང་། །བྱང་ཆུབ་སེམས་ནི་འཕེལ་སླད་དུ། །མེ་ཏོག་ལ་སོགས་འདི་བཞེས་ལ། །འདི་རུ་མགོན་པོ་རྟག་བཞུགས་གསོལ། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །དགྲ་བཅོམ་བྱང་ཆུབ་སེམས་རྣམས་དང་། །གང་གཞན་གསང་སྔགས་ལྷ་ [26b.5]རྣམས་དང་། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །འབྱུང་བོ་བྱང་ཆུབ་བསྟན་གནས་དང་། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་སངས་རྒྱས་སྤྱན་མངའ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཆེ། །རིག་པའི་རྒྱལ་པོ་འདི་ཡིས་ནི། ། [26b.6]ཅི་ནུས་པ་ཡི་ཉེར་སྤྱོད་ཀྱིས། །རབ་ཏུ་གནས་པ་བགྱི་བར་འཚལ། །སྐུ་གཟུགས་རབ་ཏུ་གནས་པའི་ཕྱོགས་ལ་ནི། །བསྙེན་པ་ལ་སོགས་བགྱི་བར་འཚལ། །ཞེས་སོ། །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བ་ཉེར་བཟུང་ནས། །དམ་ཚིག་དང་བཅས་ཐམས་ཅད་ནི། ། [26b.7]ཉེ་བར་གནས་པར་མཛད་པར་འོས། །ཞེས་སོ། །ལུགས་མ་ལ་སོགས་པའི་སྐུ་གཟུགས་ལ་དང་པོར་གསོལ་བ་གདབ་པ་གསུམ་བྱས་ནས་སྒྲུབ་པ་ཆེན་པོའི་མཐར། ལུགས་མ་ལ་སོགས་པ་སྐད་ཅིག་གིས་སམ། ཁང་པ་བརྩེགས་པ་ལ་སོགས་པའི་དབུས་སུ་བཞུགས་ [27a] [27a.1]པའི་དཀྱིལ་འཁོར་བའི་བདག་ཉིད་འཆད་པར་འགྱུར་བའི་རིམ་པས་མིག་ལ་སོགས་པ་བྱིན་གྱིས་བརླབས་ཏེ་དམ་ཚིག་སེམས་དཔའ་རྣམ་པར་བསམས་ཏེ་དེའི་ཐུགས་ཀའི་སྔགས་ཀྱིས་སྔར་བཤད་པའི་དེ་བཞིན་གཤེགས་པ་འཇམ་པའི་རྡོ་རྗེ་ལ་སོགས་པའི་དཀྱིལ་ [27a.2]འཁོར་གྱི་འཁོར་ལོའི་རྣམ་པ་ཡོངས་སུ་གྱུར་པའི་ཡེ་ཤེས་སེམས་དཔའི་རང་བཞིན་རྣམས་ཛཿཧཱུཾ་བཾ་ཧོཿཞེས་པས་གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བགེགས་མཐར་བྱེད་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱའོ། གླེགས་བམ་དང་རིག་སྔགས་ [27a.3]དང་བཟླས་པའི་ཕྲེང་བ་རྣམས་ལ་ནི་གསུང་རྡོ་རྗེ་ཡི་གེའི་རྣམ་པ་ཡོངས་སུ་གྱུར་པའི་ཡེ་ཤེས་སེམས་དཔའ་གཞུག་གོ། །གཙུག་ལག་ཁང་ལ་སོགས་པ་ལ་ནི་རྣམ་པར་མཛད་དེའི་རྣམ་པ་ཡོངས་སུ་གྱུར་པ་བཅུག་སྟེ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་སྔ་མ་བཞིན་དུ་ཡི་གེ་བརྒྱ་པ་ [27a.4]ཡོངས་སུ་བཟླ་བར་བྱའོ། །དེ་ནས། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿཞེས་བརྗོད་དེ་ཇི་ལྟར་རིགས་པར་གཤེགས་སུ་གསོལ་ [27a.5]བར་བྱའོ་ཞེས་པ་ལྷ་ལྷག་པར་གནས་པ་དང་། གཤེགས་སུ་གསོལ་བའི་ཆོ་གའོ།། །།དེ་ནས་ཉི་མ་གཞན་ལ་སྔ་དྲོའི་དུས་སུ་གཤེགས་སུ་གསོལ་བ་མ་གཏོགས་པ་ཇི་སྐད་བཤད་པ་ཐམས་ཅད་བྱའོ། །དེ་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི། །ཟླ་བའི་དཀྱིལ་ [27a.6]འཁོར་དབུས་གནས་པའི། །ཀྵིཾ་ཡིག་དཀར་དང་འཁོར་ལོ་སྐྱེས། །ཞལ་དང་སྐུ་མདོག་ཕྱག་མཚན་རྣམས། །རྣམ་པར་སྣང་མཛད་རང་བཞིན་ཅན། །མིག་ལ་ས་ཡི་སྙིང་པོར་བཤད། །རྣ་བ་ལ་གནས་ཕྱག་རྡོ་རྗེ། །ཟླ་བར་ཛཾ་ཡིག་རྡོ་རྗེ་གནས། །མི་བསྐྱོད་པ་ཡི་གཟུགས་འདྲའོ། །ཟླ་ [27a.7]བར་ཁཾ་དང་རིན་ཆེན་སྐྱེས། །ནམ་མཁའི་སྙིང་པོ་སྣ་ཡི་ནང་། །འདི་ཡི་ཞལ་མདོག་མཚན་མ་ནི། །རིན་ཆེན་འབྱུང་ལྡན་འདྲ་བའོ། །སྒྲོལ་མའི་བདག་པོར་ཡང་དག་གནས། །ཏཾ་དང་མཚོ་སྐྱེས་ལས་བྱུང་བ། །འཇིག་རྟེན་དབང་ཕྱུག་ལྕེ་ལ་སྟེ། །ཟླ་སོགས་འོད་དཔག་མེད་བཞིན་ནོ། སྤྱི་ [27b] [27b.1]བོར་རི་བོང་མཚན་གཟུགས་གནས། །སྐེ་སྐྱེས་རལ་གྲི་བཟང་པོ་ལས། །ཞལ་སོགས་དོན་ཡོད་དང་མཚུངས་པའི། །འདྲེན་པ་རྣམ་སེལ་སྤྱི་བོ་ལའོ། །ཟླ་བར་སཾ་དང་རྡོ་རྗེ་ལས། །རྡོ་རྗེ་འཛིན་པའི་གཟུགས་བརྙན་ཅན། །སྙིང་གར་ཀུན་དུ་བཟང་པོར་བཤད། །བྱང་ཆུབ་སེམས་སུ་རྣམ་པར་ [27b.2]བསྒོམ། །སྤྱི་བོའི་ཟླ་བར་ཨོཾ་ལས་བྱུང་། །འཁོར་ལོ་རྩིབས་བརྒྱད་ལས་སྐྱེས་པ། །ས་ཡི་སྙིང་པོ་དང་འདྲ་བའི། །སྐུ་ཡི་རྡོ་རྗེ་རྣམ་པར་བསྒོམ། །མགྲིན་པར་ཨ་ཡིག་ལས་པདྨ། །དེར་ནི་ཨ་ཡིག་ལས་སྤྲུལ་པ། །འཇིག་རྟེན་དབང་ཕྱུག་ལྟ་བུ་ཡི། །གསུང་གི་རྡོ་རྗེ་རྣམ་པར་ [27b.3]བསམ། །སྙིང་གའི་ཟླ་བར་ཧཱུཾ་ཡིག་ལས། །སྐྱེས་པའི་རྡོ་རྗེའི་དབུས་སུ་ནི། །སྔགས་པས་ཐུགས་ཀྱི་དབང་པོ་བསྒོམ། །ཕྱག་ན་རྡོ་རྗེ་ལྟ་བུ་གཞན། །ཐམས་ཅད་རྡོ་རྗེ་སྐྱིལ་ཀྲུང་ཅན། །ཅོད་པན་རིན་ཆེན་འོད་འཕྲོ་བ། །མགོན་པོ་ཞལ་གསུམ་ཕྱག་དྲུག་པ། །རང་འོད་ཤེས་ [27b.4]རབ་ལུས་ཆགས་ལྡན། །དེ་ནས་ལག་པ་གཡས་པས་རྡོ་རྗེ་བཟུང་སྟེ་གནས་གསུམ་དུ་བསྐོར་བ་གསུམ་བྱས་ནས་དེ་ཉིད་གསུམ་ལན་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། དངུལ་གྱི་སྣོད་མལླི་ཀཱ་ར་མིག་སྨན་མར་དང་སྦྲང་རྩིར་བཅས་པ་བཞག་ནས་གསེར་གྱི་ཐུར་མས་ [27b.5]སྤྱན་དབྱེ་བར་བྱའོ། །ཨོཾ་བཛྲ་ནེེ་ཏྲེ་ཧཱུཾ། ཨོཾ་ཙཀྵུཿ ཨོཾ་ཙཀྵུཿས་མནྟ་ཙཀྵུ་ཤྩཀྵུ་རྦི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ཨཱཿཞེས་པས་མེ་ལོང་བསྟན་པར་བྱའོ། །མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་ཕྱོགས་སྐྱོང་བ་རྣམས་ཀྱང་འབད་པས་མཆོད་པར་བྱ་སྟེ། །ཨོཾ་ཨིནྡྲ་ཡ་ [27b.6]སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཡ་མཱ་ཡ་སྭཱ་ཧཱ། ཨོཾ་ནཻ་རྲྀ་ཏེ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་བཱ་ཡ་བེ་སྭཱ་ཧཱ། ཨོཾ་ཀུ་བེེ་རཱ་ཡ་སྭཱ་ཧཱ། ཨོཾ་ཨི་ཤཱ་ནཱ་ཡ་སྭཱ་ཧཱ། ཨོཾ་ཨུརྡྷཾ་བྲ་ཧྨ་ཎེ་སྭཱ་ཧཱ། ཨོཾ་ཨཱ་དྷོཿཔྲྀ་ཐི་བྱཻ་སྭཱ་ཧཱ། ཨོཾ་བེ་མ་ཙི་ཏྲི་བྷྱཿསྭཱ་ཧཱ། ཞེས་པས་སོ། །དེ་ནས་གླུ་དབྱངས་སིལ་ [27b.7]སྙན་སོགས། །ལེགས་དཀྲོལ་འདི་ཡིས་བཟོད་གསོལ་བྱ། །གང་ཡང་རྫོགས་པའི་སངས་རྒྱས་དང་། །ལྷ་དང་དེ་ཡི་སྲས་རྣམས་དང་། །ཚངས་སོགས་ལྷ་ཡི་ཚོགས་རྣམས་དང་། །འབྱུང་པོ་ཀུན་གྱིས་བཟོད་མཛད་དེ། །སྦྱིན་པའི་བདག་པོ་ཆེན་པོ་ལ། །ཀུན་དུ་ཞི་དང་བདེ་ [28a] [28a.1]ལེགས་མཛོད། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །གང་འདིར་རབ་ཏུ་ངས་གྱུར་ལ། །བསྐལ་པའམ་བསྐལ་པ་བརྒྱ་རུ་ཡང་། ས་ཆུ་མེ་དང་རླུང་རྣམས་ལས། །ལྷ་རྣམས་ཀུན་གྱིས་བསྲུང་དུ་ [28a.2]གསོལ། །སློབ་དཔོན་སློབ་མར་བཅས་པ་ཡི། །བུ་དང་ཚ་བོའང་སྲུང་མཛད་དེ། །རབ་ཏུ་དགྱེས་པའི་ཐུགས་ཀྱིས་ནི། །རང་གནས་བཟང་པོར་གཤེགས་སུ་གསོལ། །དེ་ནས་བརྩེ་ལྡན་བླ་མ་ཡིས། །སློབ་མ་བོས་ནས་འདི་སྐད་སྨྲ། །ཁྱོད་ཀྱིས་སྔོན་དུ་གང་གསོལ་པ། ། [28a.3]རབ་གནས་མཆོད་ཡོན་མཆོད་པ་དག །དེ་ནི་ང་ཡིས་བྱས་ཟིན་གྱི། །དེ་ནི་ཅི་བདེར་མཆོད་པ་གྱིས། །དྲི་གཙང་ཁང་སོགས་བཞུགས་ནས་ནི། །རབ་སྦྱིན་ཉེས་པར་འགྱུར་མ་ཡིན། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། །ཞེས་བརྗོད་དེ་ཁྲི་ལ་སོགས་པར་བཞག་ནས་མཉེས་པར་བྱའོ། ། [28a.4]དེ་ནས་བཟོ་བོ་ལ་སོགས་དང་། །གཞན་རྣམས་ལ་ཡང་མཆོད་པར་བྱ། །དེ་བཞིན་མགོན་མེད་རྣམས་ལ་ཡང་། །སྦྱིན་པ་ཇི་ལྟར་ནུས་པ་སྦྱིན། །དོང་དགང་རབ་ཏུ་གནས་པ་ལ། །འཁོར་ལོར་སྦྱིན་སྲེག་གང་ནུས་པ། །དེ་ཀུན་སློབ་དཔོན་ཉིད་ཀྱིས་ཞེས། །རྡོ་རྗེ་མཆོག་ནི་འཛིན་པས་ [28a.5]གསུངས། །སྔར་བཞིན་སེང་གེ་འཕྲོག་བྱེད་ལ་སོགས་པའི། །ལུགས་མ་ལ་སོགས་ཀུན་ཀྱང་རབ་གནས་བྱ། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་དབང་བསྐུར་བ། །ལྷ་རྣམས་ཀུན་ལ་ཀུན་དུ་དབང་བྱེད་འགྱུར། །རྣམ་པར་སྣང་མཛད་རྣལ་འབྱོར་མཆོག །སྔགས་པས་ཆོ་ག་བཞིན་ [28a.6]བསམས་ནས། །རྫིང་བུ་ལ་སོགས་དེ་དག་རྣམས། །སྐུའི་དབང་པོ་སྟེ་ཆུ་ལྷའི་གཟུགས། །ཨོཾ་བཛྲ་བ་རུ་ན་ཧཱུཾ་ཞེས་པ་འདི་ཡོངས་སུ་གྱུར་པ་ལས་ཀླུ་བརྒྱད་དུ་བྱས་ཏེ། ཀླུའི་གནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུའི་བདག་ཉིད་རྡོ་རྗེའི་ཆུ་ལྷར་བལྟས་ཏེ། ཨོཾ་བཛྲ་སཏྭ་ས་མ་ཡ་སྟྭཾ་ཞེས་བརྗོད་དོ། ། [28a.7]རྒྱལ་བོའི་དཀྱིལ་འཁོར་ཡེ་ཤེས་ཀྱི་བདུད་རྩིའི་ཚུལ་གྱིས་སྤྱན་དྲངས་པ་དེ་ཉིད་དུ་བཅུག་པས་དེ་ཉིད་ཀྱིས་ཡོངས་སུ་གང་སྟེ་ཆུའི་རྒྱུན་གྱིས་འོག་གཞིའི་བར་ཁྱབ་པར་བསམ་མོ། །དེའི་དབུས་སུ་གནས་པ་དེའི་གཟུགས་བརྙན་གྱི་ཀླུ་ལུས་གདེངས་ཀ་ཅན་སྤྱི་བོར་འཁོར་ལོ་འཛིན་པ་ཤར་ལ་ [28b] [28b.1]སོགས་པའི་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་གསེར་ལ་སོགས་པ་ལས་ཡོངས་སུ་བསྒྲུབས་པའི་ཀླུའི་དབང་པོ་རྣམས་དངོས་སུ་གཞག་པར་བྱའོ། །འདི་ལྟ་སྟེ། མཐའ་ཡས་གསེར་ལས་བྱས་པ་སྟེ། །དེ་བཞིན་ནོར་རྒྱས་བུ་དངུལ་ལས། །འཇོག་པོ་ཟངས་ལས་བྱས་རིག་བྱ། ། [28b.2]ཁར་བ་ལས་ཀྱང་ཀརྐོ་ཊ། །དེ་བཞིན་ར་གན་གྱིས་པདྨ། །ཞ་ཉེ་དཀར་པོས་པདྨ་ཆེ། །དེ་བཞིན་ཞ་ཉེས་དུང་སྐྱོང་ངོ་། །ལྕགས་ལས་དེ་བཞིན་རིགས་ལྡན་ཡིན། །དེ་བཞིན་དུ་ཀུན་དགའ་རབ་ལ་སོགས་པ་རྣམས་ཀྱང་རྡོ་རྗེ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་ཇི་ལྟ་བ་ [28b.3]བཞིན་དུ་དེའི་རྣམ་པས་རབ་ཏུ་གནས་པར་བྱའོ་ཞེས་པ་རབ་ཏུ་གནས་པའི་ཆོ་གའོ།། །།མ་དྲན་པ་དང་མ་ནུས་པས། །གལ་ཏེ་ཆོ་ག་ཆད་གྱུར་པ། །རབ་གནས་བྱས་པའི་དེ་མ་ཐག །སྦྱིན་སྲེག་གིས་ནི་བསྐང་བར་བྱ། །ཞི་དང་རྒྱས་སོགས་དབྱེ་བ་ཡིས། །ཐབས་ནི་རྣམ་པ་མང་ [28b.4]དུ་བཞེད། །གཞུང་རྒྱས་པ་ཡི་འཇིགས་པ་ཡིས། །ལས་ཀུན་བྱེད་པ་བྲི་བར་བྱ། །སྔགས་དང་ཕྱག་རྒྱ་རྣམས་ཀྱིས་ནི། །སྔོན་དུ་ས་གཞི་སྦྱང་བྱ་སྟེ། །ལག་པ་གཡས་ནི་བརྐྱང་བྱས་པ། །རྡོ་རྗེར་བཅས་པས་ས་ལ་བསྣུན། །ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ས་སྤྱད་བའི་ཕྱག་རྒྱ་དང་སྔགས་སོ། ། [28b.5]ཐབ་ཟླུམ་པོ་རྒྱར་ཁྲུ་གང་བ་ཟབས་སུ་བརྐོས་པ་སོར་བཅུ་གཉིས་ལ་ཐབ་ཀྱི་སྟེང་ནས་སོར་བཞི་ནང་དུ་དོར་ནས་དེའི་ཚད་ཀྱིས་གེ་སར་པདྨ་རྒྱས་པའི་རྣམ་པ་ཅན་ནོ། །དེའི་ཕྱིའི་ཐད་ཀར་དཔངས་སུ་སོར་བཞི་པའི་སྟེགས་བུ་ཕྱོགས་མཚམས་རྣམས་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །ཐབ་ [28b.6]ཏུ་རང་གི་ལྷའི་ས་བོན་ལས་བྱུང་བ་བ་བྱུང་གིས་ཉེ་བར་བྱུགས་པའི་ཟླུམ་པོ་དཀར་པོའོ། །དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྡོ་རྗེ་དཔངས་སུ་སོར་གཅིག་གི་ཚད་ཅན་དང་སྲིད་དུ་ཡང་སོར་བརྒྱད་པའི་འཁོར་ལོ་དང་རིན་པོ་ཆེ་དང་ཆུ་སྐྱེས་དང་རལ་གྲི་རྣམས་བྲི་བར་བྱའོ། ། [28b.7]པདྨའི་སྟེང་ཕྱི་རོལ་དུ་རྡོ་རྗེ་ཕྲེང་བ་བྱས་ཏེ་སྔགས་པ་ཤར་དུ་ཕྱོགས་པར་གྱུར་པས། །ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །ཚངས་པ་ཡི་ནི་དག་བྱེད་དེ། །དཀོན་མཆོག་གསུམ་པོ་མཉེས་པར་བྱེད། །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཆེ་གེ་མོ་ལ་ཞི་ [29a] [29a.1]བར་མཛོད། །ཧཱུཾ་ཞེས་པ་འདིས་བསྔགས་པའི་ཀུ་ཤ་རྣམས་བ་ལང་གི་རྣ་བའི་ཆད་ཙམ་བྱས་ནས་རྩེ་མོ་མདུན་དུ་གུག་པ་གཡས་སྐོར་གྱིས་ཐབ་ལ་དགབ་པར་བྱའོ། །ཡང་སོར་བཅུ་གཉིས་པའི་རྩྭ་སྐམ་པོའི་ཆུན་པོ་ཐབ་ཀྱི་དབུས་སུ་བཞག་སྟེ། དེ་ནས་མཆོད་སྦྱིན་གྱི་ཤིང་དང་ [29a.2]བུད་ཤིང་སྲོག་ཆགས་མེད་པ་ཐབ་ལས་ཅུང་ཟད་དམའ་བར་བྱས་ནས་ཤིང་བུ་རམ་གྱི་སྒྲོན་མེ་ལ་སྦར་ཏེ་ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་འདོན་ཞིང་ཐབ་ཀྱི་དབུས་སུ་གཞུག་གོ། །ཨོཾ་བཛྲཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སྭ་སརྦ་པཱ་པ་བྷིསྨཾ་ཀུ་རུ་སརྦ་དུཥྚཱཾ་ཧཱུཾ་ཕཊ། འདིས་བསྔགས་ཏེ་བླུགས་གཟར་གྱིས་མར་གྱི་སྲེག་བླུགས་ [29a.3]ཕུལ་ཏེ་སྦར་བར་བྱའོ། །མ་སྦར་ན་རླུང་ཡབ་བརྡབས་པས་སྦར་བར་བྱའོ། །དེའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་རྡོ་རྗེ་སེམས་དཔའ་དཀར་པོ་དཀར་སྔོན་དམར་བའི་ཞལ་གསུམ་པ། ཕྱག་དྲུག་གིས་རྡོ་རྗེ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་ཞིང་རང་ [29a.4]འོད་ཀྱི་ཤེས་རབ་ལ་འཁྱུད་པ་རིན་པོ་ཆེའི་ཅོད་པན་དང་ཟླ་བ་རྡོ་རྗེ་ཅན་ནོ། །རཾ་ལས་བྱུང་བ་སྦོམ་ཞིང་དཀར་བ་དེ་ལྟ་བུའི་ཞལ་གསུམ་པ། རང་འོད་ཀྱི་ཤེས་རབ་དང་འགྲོགས་ཤིང་ཕྱག་དྲུག་གིས་མི་འཇིགས་པ་དང་བགྲང་ཕྲེང་དང་དབྱུ་གུ་དང་རིལ་བ་འཛིན་པ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ [29a.5]ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་རལ་པའི་ཅོད་པན་བརྟན་པར་བྱས་ནས། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །སྲེག་བླུགས་ཞལ་ཟས་བཞེས་ནས་ནི། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཅེས་པས་གཤིན་རྗེའི་གཤེད་ལ་སོགས་ [29a.6]པས་དགུག་པ་དང་གཞུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཐབ་ཏུ་ཀུ་ཤའི་གདན་ལ་བསྙེན་པར་བྱས་ཏེ། དེ་ནས་ལས་ཐམས་ཅད་པའི་བུམ་པའི་ཆུ་ལས་ཀུ་ཤའི་རྩེ་མོས་བསང་གཏོར་བྱ་བ་སྔར་བཞིན་དང་ཞབས་བསིལ་དང་ཞལ་བསིལ་མ་གཏོགས་པའི་མཆོད་པ་ལ་སོགས་པ་ཕུལ་ནས་ཕྱེ་མ་ [29a.7]དང་བྲལ་བའི་སོ་རྩི་དབུལ་བར་བྱའོ། །ཨོཾ་ཤྲིཾ་ཤྲིཾ་སྭཱ་ཧཱ། འདིས་ཡམ་ཤིང་ལ་སོགས་པ་ལ་ལག་པ་གཉིས་ཁ་སྦྱར་བའི་གུང་མོ་གཉིས་བརྐྱང་བར་བྱའོ། །ཨོཾ་ཨཱཿསྭཱ་ཧཱ། ཐམས་ཅད་སྦྱང་བའི་ཕྱག་རྒྱ་དང་སྔགས་སོ། །ཨོཾ་སྭཱ་ཧཱ། མར་སྦྱང་བའི་སྔགས་སོ། །དེ་ནས་ལྕེ་ལ་རྡོ་རྗེ་ [29b] [29b.1]དཀར་པོ་ནས་འབྲས་ཙམ་བསམས་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་ཅུང་ཟད་བྱེ་བའི་ཞལ་དུ་དབུལ་བར་བྱའོ། །ཅིག་ཤོས་ཀྱིས་སྲེག་བླུགས་ཏེ། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱ་རྩྪིཥེ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡཱ་མུ་ཀ་ས་པ་རི་བཱ་ར་སྱ་ཤཱིནྟཱཾ་ཀུ་རུ་པུཥྚི་ཀུ་རུ་རཀྵཾ་ཀུ་རུ་སྭཱ་ཧཱ། དེ་ནས་ [29b.2]དགང་གཟར་དང་བླུགས་གཟར་དག་ཁ་སྦྱར་བའི་ཁར་མེ་ལ་རང་གི་ལྷའི་ས་བོན་བསམ་ཞིང་མེ་ལྷའི་ཁར་ཡང་རཾ་ཡིག་རྣམ་པར་བཀོད་དེ་པུས་མོ་གཉིས་ཀྱི་ནང་དུ་ལག་པ་དག་བཞག་ནས་སྲེག་བླུགས་ཆེན་པོ་དབུལ་བར་བྱའོ། །དེ་ནས་བགེགས་དང་བགེགས་མེད་པའི་མེའི་མཚན་མ་བརྟག་པར་ [29b.3]བྱ་སྟེ། དབང་པོའི་གཞུ་འདྲ་དཀར་བ་དང་། །བྱི་རུ་བཅད་པ་ལྟ་བུ་དང་། །རྩེ་མོ་གཅིག་པ་མཆོག་ཡིན་ཏེ། །རྩེ་མོ་གཉིས་པ་འབྲིང་དུ་འགྱུར། །མདོར་ན་སྒྲུབ་པ་པོ་ཡིས་ནི། །རྩེ་གསུམ་ཐ་མར་ཤེས་པར་བྱ། །དེ་ལྟར་བགེགས་དང་བཅས་ཤེས་ནས། །བདུད་རྩི་འཁྱིལ་པའི་ [29b.4]སྔགས་ཀྱིས་ནི། །བསངས་ཤིང་ཡང་དག་བསྲུང་བྱས་ནས། །དགང་བླུགས་གསུམ་ནི་དབུལ་བར་བྱ། །ཞེས་སོ། །སེང་ལྡེང་པླ་ཀྵ་པ་ལ་ཤ།། ཨུ་དུམྺཱ་ར་ནྱ་གྲོ་དྷ། །ཨརྐ་ཨ་མྲ་བཻ་ཀངྐ། །ཨ་བ་མཱརྒ་ཀཱཤྨ་རི། །ཤ་མཱི་ཨ་ཤྭདྠ་ལས་བྱུང་། །རྩེ་མོའི་ཆ་ལས་སྐྱེས་གྱུར་ [29b.5]ཅིང་། །མཉམ་པར་བཅད་པ་མཐོ་གང་ཙམ། །བརླན་བཅས་ལོ་མ་གཉིས་ལྡན་པའོ། །དྲི་ཡི་ཆུ་དཀར་གྱིས་བཀྲུས་ཤིང་། །མར་དང་མངར་གསུམ་སྨྱུགས་པ་ཉིད། །རྩེ་མོའི་ཆར་སྐྱེས་ཡམ་ཤིང་དག །གསུམ་བདུན་ཟུང་དུ་མ་གྱུར་པས། །རྩེ་གཅིག་ཏུ་ནི་སྦྱིན་སྲེག་བྱ། །རྙིང་ [29b.6]དང་འདབ་བྲལ་ཁོང་སྟོང་དང་། །གས་དང་ཆག་དང་ཤུན་པ་བྲལ། །རིང་དང་ཐུང་དང་རྩེ་གཉིས་དང་། །ཕྲ་དང་སྦོམ་དང་འབུས་ཟོས་དང་། །སྲོག་ཆགས་བཅས་པ་སྤང་བར་བྱ། །ཨོཾ་བཛྲ་བྲདྷ་ཎེ་སྭཱ་ཧཱ། པ་ལ་ཤའིའོ། །ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། ལ་ཏཱ་པཱརྐ་ཊཱིའིའོ། །ཨོཾ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ། ཨུ་ [29b.7]དུམྺཱ་རའིའོ། །ཨོཾ་བཛྲ་གཱ་ཏྲཱ་ཡ་སྭཱ་ཧཱ། སེང་ལྡེང་གིའོ། །ཨོཾ་བཛྲཱ་རྐྐཱ་ཡ་སྭཱཧཱ། ཨརྐའིའོ། །ཨོཾ་བཛྲ་ཀུ་བཻ་རཱ་ཡ་སྭཱ་ཧཱ། བ་ཊའིའོ། །ཨོཾ་བཛྲ་ཤྲཱུ་པཱ་ཡ་སྭཱཧཱ། བཻ་ཀདྐའིའོ། །ཨོཾ་ས་ཧ་ཀཱ་རཱ་ཡ་སྭཱ་ཧཱ། ཨ་མྲའིའོ། །ཨོཾ་བཛྲ་ཤི་བཱ་ཡ་སྭཱ་ཧཱ། ཡམ་ཤིང་གིའོ། །ཨོཾ་སརྦ་ཏོ་བྷ་དྲཱ་ཡ་སྭཱ་ཧཱ། གམྦྷཱ་རཱིའིའོ། །ཨོཾ་བཛྲ་ [30a] [30a.1]ཤི་ཁ་རཱ་ཡ་སྭཱ་ཧཱ། ཨ་པ་མཱརྒའིའོ། །ཨོཾ་བོ་དྷི་བྲྀ་ཀྵ་ཡ་སྭཱ་ཧཱ། ཨ་ཤྭདྠའིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་ཨ་མུ་ཀ་སྱ་སརྦ་པཱ་པཾ་ད་ཧཱ་སྭཱཧཱ། ཏིལ་རྣམས་ཀྱིའོ། །ཨོཾ་བཛྲ་ཡུ་ཥེ་སྭཱཧཱ། དཱུརྦིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པའིའོ། །ཨོཾ་སརྦ་ [30a.2]སམྦ་དེ་སྭཱ་ཧཱ། ཞོ་ཟན་གྱིའོ། །ཨོཾ་ཨ་པྲ་ཏི་ཏཏ་བཛྲཱ་ཡ་སྭཱ་ཧཱ། ཏིལ་གྱི་སྣུམ་དང་ཀུ་ཤ་རྣམས་ཀྱིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། གྲ་མ་མེད་པའི་འབྲས་ཀྱི་སོ་བའིའོ། །ཨོཾ་བཛྲ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མའིའོ། །ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། གྲོའིའོ། །ཡང་ན། [30a.3]ཨུདུ་མྺཱ་ར་ཨ་ཤྭདྠ། །པླཀྵ་ནྱ་གྲོ་དྷ་སྐྱེས་བཟང་། །ཨ་མྲ་དང་ནི་སེང་ལྡེང་སོགས། །ཡམ་ཤིང་རིམ་པས་སྦྱིན་སྲེག་བྱ། །འབྲས་བུ་སོགས་ཀྱང་དེའི་ཐུགས་ཀར། །ཡི་གེ་གསུམ་སྦལ་སྦྱིན་སྲེག་བྱ། །དེ་ལ་ཞུ་བའི་རྫས་ཐམས་ཅད་ཞལ་དུའོ། །ཡམ་ཤིང་འོད་ཀྱི་དཀྱིལ་འཁོར་ལའོ། ། [30a.4]ཞོ་ཟན་དང་བཅའ་བ་དང་ཞལ་བསིལ་ལ་སོགས་པ་ཕྱག་ཏུའོ། །དྲི་ཐུགས་ཀར་རོ། །མེ་ཏོག་དབུ་ལའོ། །བདུག་སྤོས་འབར་བ་ལའོ། །ཞབས་བསིལ་ཞབས་དག་ལའོ། །མར་མེ་དང་མཆོད་ཡོན་མདུན་དུ་དབུལ་བར་བྱའོ། །སྔ་མ་བཞིན་དུ་མཆོད་པ་ལ་སོགས་པ་བྱས་ནས་ཞལ་བསིལ་ [30a.5]དང་ཕྱེ་མ་དང་བྲལ་བའི་སོ་རྩི་ཕུལ་ཏེ་མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ་ཞེས་སོ། །དེའི་སྙིང་གར་འཁོར་ལོ་ལ་ས་བོན་ལ་སོགས་པ་ལས་བྱུང་བའི་འཇམ་པའི་རྡོ་རྗེའི་འཁོར་ལོའི་བདག་ཉིད་དཀར་པོ་རྣམ་པར་བསམས་ཏེ། ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱནྣི་ཧ་བྷ་སྦྱ་ས་མ་ཡེ་ན་ཙཱརྒྷཾ་པྲ་ [30a.6]ཏཱི་ཙྪེ་དཾ་པཱུ་ཛཱ་ཙཱ་ཧ་ནཾ་པྲ་སཱིདྡ་མེ། ཞེས་པས་ཕྱི་རོལ་ནས་དེའི་ལུས་ལ་བཅུག་སྟེ་མཆོད་ཡོན་ལ་སོགས་པ་འཆད་པར་འགྱུར་པའི་མཆོད་པ་ལ་སོགས་པ་བརྩམ་པར་བྱའོ། །ཡི་གེ་གསུམ་དང་སྤེལ་བའི་སྔགས་ཀྱིས་ཡམ་ཤིང་ལ་སོགས་པ་རྣམས་སྦྱིན་སྲེག་བྱའོ། །སྲེག་བླུགས་ [30a.7]ཅིག་ཤོས་ཀྱང་དབུལ་བར་བྱ་ཞིང་། ཞལ་བསིལ་དང་ཕྱེ་མ་དང་བྲལ་བའི་སོ་རྩི་དང་མེ་ཏོག་དང་བདུག་པ་དང་མཆོད་ཡོན་ལ་སོགས་པ་ཕུལ་ནས་སྔར་བཤད་པའི་གཤེགས་སུ་གསོལ་བའི་སྔགས་ཀྱིས་ཡེ་ཤེས་སེམས་དཔའ་ནམ་མཁའ་ལ་གཤེགས་སུ་གསོལ་བར་ [30b] [30b.1]བྱ་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱ་མཱ་དྱ་ནུཏྤནྣ་ཏྭཱཏ། ཨོ་བཛྲ་མུཿཞེས་པས་སོ། །དམ་ཚིག་སེམས་དཔའ་བདག་ཉིད་ལ་བཅུག་ནས་བསྲེག་རྫས་ལྷག་མ་མེ་ཆེན་པོར་གྱུར་པ་ལ་ཐམས་ཅད་དེ་བཞིན་དུ་སྤྱད་པར་བྱའོ། །དེར་མེའི་མཚམས་སུ་མེ་ལྷ་མནྗིའི་སྟེང་གི་སྣོད་ [30b.2]དུ་བཞག་ནས་སྦྱིན་སྲེག་གི་མེ་ལྷག་ལ་མར་དང་འོ་མ་དང་སྦྲང་རྩི་དང་ཀ་ར་དང་ལྡན་པའི་ཙཱ་རུའི་བཟའ་བ་ཐབ་དེ་ཉིད་དུ་རང་གི་བདག་པོའི་སྔགས་བཟླ་ཞིང་བསྒྲུབ་སྟེ། ཨོཾ་དཱི་བེ་ཨིནྣ་ས་མཱ་དྷེ་དྷྱ་ན་པྲཱིན་ཎ་ནེེ་སྭཱ་ཧཱ། ཞེས་པས་གསེར་ལ་སོགས་པའི་སྣོད་དུ་བཞག་ནས་ལྷ་ལ་དབུལ་བར་ [30b.3]བྱའོ། །དེ་ནས་སླར་ཡང་མནྗི་བསལ་ནས་ཐབ་ཀྱི་ནང་དུ་མེ་ལྷ་བཅུག་ནས་སློབ་མ་རྣམས་ཀྱི་ཞི་བ་དང་རྒྱས་པའི་ཆེད་དུ། ཨོཾ་བཛྲཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཞེས་པ་སྦྱིན་སྲེག་བྱས་ནས། དེ་བཞིན་གཤེགས་པས་གསོལ་བ་ཡི། །ལྷག་འདི་ཟོས་པས་སྡིག་པ་ [30b.4]འཇིག །ཅེས་སོ། །དེ་ནས་བླུགས་གཟར་མར་གྱིས་གང་བ་ལག་པ་གཡོན་དང་གཡས་པའི་མཐེ་བོང་གིས་བླངས་ནས་སྦྱིན་བདག་དང་ལྷན་ཅིག་བསྐོར་བ་གསུམ་བྱས་ནས་སྔ་མ་བཞིན་དུ་དགང་བླུགས་དབུལ་བར་བྱའོ། །ཞལ་བསིལ་དང་ཕྱེ་མ་དང་བྲལ་བའི་སོ་རྩི་ཕུལ་ནས་ [30b.5]མཆོད་ཡོན་ལ་སོགས་པ་ཕུལ་ཏེ། ཡོན་གྱི་མཆོག་རྟ་དང་གླང་པོ་ལ་སོགས་པ་དབུལ་ཏེ། དེ་ནས་དེ་ལ་རབ་འབད་པས། །ཚིག་ནི་སྔོན་དུ་འགྲོ་བས་སྦྱིན། །ཨོཾ་དང་བསོད་ནམས་ཀྱི་ཉི་མ་སྟེ་ཟླ་བ་ཆེ་གེ་མོ་དང་ཕྱོགས་ཆེ་གེ་མོ་དང་ཚེས་ཆེ་གེ་མོ་ལ་བདག་དང་སེམས་ཅན་ཐམས་ཅད་འཁོར་ [30b.6]བའི་རྒྱ་མཚོ་ལས་བསྒྲལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་པར་འདོད་པས་རྗེ་བཙུན་ཆེ་གེ་མོ་དང་རྗེ་བཙུན་མ་ཆེ་གེ་མོ་ལྷག་པར་གནས་པ་དང་རབ་ཏུ་གནས་པ་བགྱིས་པ་དང་སྦྱིན་སྲེག་གི་ལས་རྣམས་ཀྱི་ཡོན་དུ་བ་ལང་དང་འབྲུ་དང་རྟ་དང་མ་ཧེ་དང་གསེར་དང་དངུལ་དང་ [30b.7]ས་གཞི་ལ་སོགས་པ་དང་གསེར་གྱི་རིན་གང་ཡིན་པ་ཁྱོད་ལ་བདག་གིས་ཡང་དག་པར་རབ་ཏུ་དབུལ་པོ་ཞེས་སོ། །དེ་ནས་དྲིལ་བུ་གསིལ་ཞིང་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ཡང་དག་པར་བསྟོད་དེ། མེ་ཏོག་གི་ཕུར་མ་སྙིམ་པར་བཟུང་ནས་གསོལ་བ་གདབ་ [31a] [31a.1]པར་བྱ་སྟེ། གང་ཡང་བདག་བློ་གཏི་མུག་པས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །མགོན་པོ་ཁྱོད་ཀྱིས་ད་བཟོད་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང་། །མ་ནུས་གྱུར་པས་གང་བགྱིས་དང་། །བགྱིད་ [31a.2]དུ་སྩལ་བ་དེ་ཀུན་འདིར། །ཐུགས་བརྩེའི་རང་བཞིན་བཟོད་པར་འོས། །ཞེས་པས་བཟོད་པར་གསོལ་ཏེ། །ཡང་མེ་ཏོག་སྙིམ་པར་བཅུག་ནས། །བདག་གི་དོན་དང་གཞན་གྱི་དོན། །བསྒྲུབས་ཀྱིས་བསྲེག་བྱ་ཟ་བ་གཤེགས། །ཇི་ལྟའི་དུས་སུ་འབྱོན་ནས་ཀྱང་། །བདག་ལས་ [31a.3]ཐམས་ཅད་གྲུབ་པར་མཛོད།། །།འདི་ཡིས་རྡོ་རྗེ་ཅན་མཉེས་ཤིང་། །ཡེ་ཤེས་མེ་ཡང་རབ་མཉེས་སོ། །རྒྱལ་བ་རྟག་པ་མཉེས་པ་དང་། །གསེར་གྱི་འོད་ཀྱང་མཉེས་འགྱུར་ཞིང་། །པདྨ་གར་དབང་མཉེས་པར་འགྱུར། །རྟ་མཆོག་བདག་པོ་མཉེས་འགྱུར་ཞིང་། །དེ་བཞིན་ [31a.4]ཚོགས་ཀྱི་དཀྱིལ་འཁོར་དུ། །ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེ། །སྟོབས་ཆེན་རླུང་དང་ཁྱབ་འཇུག་དང་། །འདོད་པའི་ལྷ་དང་གཤོལ་ལྡན་དང་། །ཟླ་བ་ཉི་མ་འཇིགས་པའི་གཟའ། །ས་དང་ཞགས་པ་འཛིན་པ་དང་། །ལུས་ངན་དེ་བཞིན་སྲིན་པོ་དང་། །ཆོས་ཀྱི་རྒྱལ་པོ་དང་ [31a.5]ནི་ཀླུ། །དྲི་ཟ་ལྷ་མིན་མི་འམ་ཅི། །སུམ་ཅུ་རྩ་གསུམ་གནས་པའི་ལྷ། །འོག་མིན་དུ་ནི་གནས་པ་དང་། །གང་ཡང་རྒྱལ་པོ་ཆེན་པོར་གནས། །གཞན་འཕྲུལ་དབང་བྱེད་གནས་པ་དང་། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང་། །གང་ཡང་གནས་གཙང་ཉེར་སོན་དང་། །འོད་ [31a.6]ཟེར་ཅན་གྱི་ཞིང་ཁམས་གནས། །མི་མཇེད་ཁམས་སུ་གནས་པ་དང་། །གླིང་བཞི་པར་གནས་སེམས་ཅན་དང་། །གང་ཡང་ཁམས་གསུམ་གནས་པ་དང་། །རྩྭ་ལྕུག་འཁྲི་ཤིང་ལ་སོགས་པ། །སྣོད་ཀྱི་འཇིག་རྟེན་སེམས་ཅན་དང་། །གང་ཡང་རབ་དགའི་སར་གནས་དང་། ། [31a.7]གང་ཡང་དྲི་མེད་ཕ་རོལ་སོན། །འོད་འཕྲོ་བ་ལ་གནས་པ་དང་། །མི་གཡོའི་གོ་འཕང་ལ་གནས་དང་། །ཆོས་སྤྲིན་རྗེས་སོང་གང་དག་དང་། །གང་དག་སྦྱང་དཀའ་ལ་གནས་དང་། །རིང་དུ་སོང་བར་གནས་པ་དང་། །འོད་བྱེད་པ་ལ་གནས་པ་དང་། །གང་དག་མངོན་གྱུར་གནས་པ་ [31b] [31b.1]དང་། །ལེགས་པའི་བློ་གྲོས་གང་གནས་དང་། །ས་བཅུའི་དབང་ཕྱུག་མགོན་པོ་དང་། །གང་ཡང་འཕགས་པའི་གང་ཟག་བརྒྱད། །རྫོགས་སངས་རྒྱས་དང་ཉན་ཐོས་དང་། །བསེ་རུ་ལྟ་བུ་རྣམས་དང་ནི། །ཡི་དགས་དམྱལ་བ་དུད་འགྲོ་དང་། །ལྷ་དང་ལྷ་མིན་མི་རྣམས་ཀུན། །སྦྱིན་ [31b.2]སྲེག་ཆོ་གས་མཉེས་པར་འགྱུར། །ཞེས་སོ། །ཉུང་ཞིང་གསལ་བའི་ཚུལ་གྱིས་ནི། །རབ་གནས་ཆོ་ག་བགྱིས་པ་ལས། །བདག་གིས་བསོད་ནམས་གང་བསྒྲུབས་དེས། །འགྲོ་བས་རྡོ་རྗེ་འཛིན་ཐོབ་ཤོག །ཅེས་པ་རྒྱ་ཆེ་བའི་ཚིག་བསྡུས་པ་ཞེས་བྱ་བ་རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ [31b.3]དཔལ་ཀཱ་ཙ་ཞབས་ཀྱིས་མཛད་པ་འདི་རྫོགས་སོ།། །།འདི་བོད་ཀྱི་སྐད་དུ། དྲི་མ་མེད་པའི་མཁྱེན་བརྩེའི་དབང་ཕྱུག །ཆོས་ཀྱི་རྗེ་ཆེན་པོ་རྒྱལ་དབང་སྤྲུལ་སྐུ་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་བཀའ་བཞིན། ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲས། །ས་སྐྱོང་དམ་པ་དཔོན་ཆེན་ཀུན་དགའ་བསོད་ [31b.4]ནམས་རིན་ཆེན་དབང་གི་རྒྱལ་པོའི་བདག་རྐྱེན་ལས། །བདེན་གནས་དཔལ་ཨེ་ཝཾ་ཆོས་འཁོར་དུ་བསྒྱུར་བའོ། །{T1907}༄༅༅། །རྒྱ་གར་སྐད་དུ། ཤྲཱི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ཏནྟྲཱ་ཏ་ཨུད་ཌྷིཏྱ་ལོ་ཙ་ནཱ་ཡཱ་དུརྒ་ཏི་ཤོ་དྷ་ན་བི་དྷིཿ། བོད་སྐད་དུ། དཔལ་ངན་སོང་ཐམས་ཅད་ [31b.5]ཡོངས་སུ་སྤྱང་བའི་རྒྱུད་ལས་ཕྱུང་བ་སྤྱན་མའི་ངན་སོང་སྦྱོང་པའི་ཆོ་ག །བཅོམ་ལྡན་འདས་མ་འཕགས་པ་དཔལ་ལྡན་སྤྱན་མ་ལ་ཕྱག་འཚལ་ལོ། །ལྷ་མོ་སྤྱན་མ་ཞེས་བྱ་གཞན་དོན་ལ། །དགྱེས་པ་ཤི་བ་སོས་བྱེད་ལ་བཏུད་ནས། །ཤི་བ་འཚོ་བར་བྱེད་པའི་སྦྱོར་བ་ལས། །ཤི་བ་ [31b.6]མཐོ་རིས་སྦྱར་བ་བཤད་པར་བྱ། །ཤི་བའི་བདག་ཉིད་རབ་དབེན་པར། །དལ་འབྱོར་ཉེར་སྤྱོད་ཀུན་ལྡན་པ། །མེ་ཏོག་དཀར་པོའི་དབུ་རྒྱན་འཆང་། །དྲི་ཡང་དཀར་པོས་བྱུགས་ཤིང་ཞི། །གོས་དང་རྒྱན་ཡང་དཀར་བ་དང་། །དང་པོར་ཡང་ན་དེར་མོས་པས། །རྡོ་རྗེ་རྡོ་རྗེ་དྲིལ་བཟུང་སྟེ། ། [31b.7]འཇམ་ཞིང་མཐོ་བའི་སྟན་འདུག་ལ། །ཙནྡན་དཀར་སོགས་དྲི་དང་ནི། །བདུད་རྩི་ལྔ་ནི་ཆུར་ལྡན་པས། །ཀུན་དུ་དཀྱིལ་འཁོར་ཉེར་བྱུགས་ལ། །མེ་ཏོག་དཀར་པོས་མཛེས་པར་བྱ། །ཡོན་ཆབ་སོགས་སྔགས་སྭཱཿཧཱ་མཐའ། །ཡང་དག་སྐུལ་བྱེད་བཟླ་བར་བྱ། །སྙིང་གའི་ཟླ་བར་ས་ [32a] [32a.1]བོན་ནི། །གཉུག་མ་བལྟས་ནས་གནས་སོགས་བསྲུང་། །དེ་ལ་གནས་དང་བདག་དང་རྣལ་འབྱོར་བསྲུང་བའི་སྔགས་ནི། ཨོཾ་ཨཱཿབིགྷཱནྟ་ཀྲྀཏ་ཧཱུཾ་ཞེས་པའོ། །ཡང་ན་ན་མཿས་མནྟ་ཞེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་ཆོ་ག་རིག་པས་ཆོ་ག་བཞིན། ། [32a.2]སྤྱན་མའི་རྣལ་འབྱོར་རབ་ཏུ་བྱས་ནས་ནི། །སྙིང་གའི་ས་བོན་གཉུག་མ་དེ་ལས་ནི། །གྲུབ་པ་ཡང་ནི་ཡང་དག་སྤྲོ་བར་བྱ། །དེ་ཡིས་འཇིག་རྟེན་ཕ་རོལ་སོང་བ་ཡི། །ཤེས་པ་དང་ཞིང་ཆགས་པ་དགུག་པར་བྱ། །ཡང་ན་ཆོས་ཀྱི་སྒོ་ཡི་རྣམ་པ་ནི། །མར་མེ་རླུང་གིས་གཡོ་བ་མེད་པ་བཞིན། །བཀུག་ [32a.3]ནས་དེ་ཡི་ཤེས་པ་རོ་ཡི་ནི། །སྤྱི་བོ་ནས་ནི་སྙིང་གར་གཞུག་པར་བྱ། །དེ་རྗེས་འདུག་པ་ལངས་ནས་ནི། །དེ་ནི་ཤེས་པ་ལྡན་པར་བལྟ། །དེ་ཡི་འོད་ཕྲེང་འབར་བ་ཡིས། །དེ་སྙིང་གཏི་མུག་དགའ་མ་གཞུག །དེ་ལུས་སྟོང་པར་བྱས་ནས་ནི། །རྣམ་པར་ཤེས་པ་ལྷག་མར་བལྟ། །དེ་ [32a.4]རྗེས་མོ་ཧ་ར་ཏི་བརྗོད། །དེ་ནི་སྤྱན་མ་རྣམ་པར་བསྒོམ། །དེ་ཡི་མིག་སོགས་ལུས་སོགས་ལ། །རྣམ་པ་ཀུན་དུ་བྱིན་བརླབ་བྱ། །སྙིང་གའི་ཡེ་ཤེས་ལྷ་ཡི་ནི། །སྙིང་གར་ཟླ་གནས་རྩ་སྔགས་རྒྱལ། །ལྷ་སྤྲིན་བདུད་རྩིའི་འོད་ཟེར་གྱིས། །ལག་པ་དང་བཅས་བཀྲུ་བར་བྱ། ། [32a.5]རང་གི་ལུས་ལས་སྤྲོས་པའི་ནམ་མཁའི་དཀྱིལ་འཁོར་མ་ལུས་པ་ཁྱབ་པའི་འོད་སྤྲོས་པས་བསྡུས་ནས་འོད་ཀྱི་གོང་བུ་ལྟ་བུ་ལས་སྤྱན་མའི་སྤྲིན་དང་དེའི་སྔགས་བཟླས་པའི་ཆུས་གང་བ་དང་དབང་བསྐུར་བའི་ཚུལ་གྱིས་བཀྲུས་ནས་ཀྱང་དེ་བཞིན་དུ་དབང་བསྐུར་བར་བྱ་སྟེ། མགོ་ལ་དབུ་རྒྱན་ [32a.6]བྱིན། ལག་པ་གཉིས་ལ་རྡོ་རྗེ་དང་དྲིལ་བུའོ། །དེའི་རྗེས་ལ་སྔགས་པས་ཀུ་ཤའི་རྩེ་མོ་རྡོ་རྗེ་རྩེ་གཅིག་པ་རྣོན་པོར་བསྒོམས་ལ། དེར་བཅུག་པ་ལྟ་བུར་རྡོ་རྗེའི་བུག་པར་བཅུག་ནས་དེའི་རྗེས་ལ་སེམས་མཉམ་པར་བཞག་པས་དེའི་སྙིང་གར་བཀོད་པའི་ཤེས་པ་རྣམ་པར་གསལ་བ་ [32a.7]ཡང་དག་པར་བསྐུལ་ཞིང་རྡོ་རྗེའི་འོད་ཟེར་རླུང་གིས་ཕྱུང་བ་འབར་བ། འོད་ཟེར་སྙིང་ག་ནས་ཕྱུང་བས་རེག་པས་དངུལ་ཆུ་ལྟ་བུར་གྱུར་པར་བསམ་མོ། །སྟེང་གི་ལམ་ནས་བྱུང་སྟེ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་གྲོལ་བའོ། །གལ་ཏེ་ཤེས་པ་ལམ་གཞན་དུ་འགྲོ་ན་འཁོར་བའི་རྒྱ་མཚོར་ [32b] [32b.1]ལྟུང་ངོ་། །དེའི་ཕྱིར་སྟེང་གི་ལམ་དུ་དེ་འཕོ་བར་བྱའོ། །མགོ་པོ་ལས་ནི་གཟུགས་མེད་དུ་འགྲོའོ། །མཛོད་སྤུ་ནས་གཟུགས་ཁམས་ཞེས་བྱ་བར་རོ། །མིག་གཉིས་ལས་ནི་མི་ཉིད་དུའོ། །རྣ་བ་གཉིས་ལས་ནི་གྲུབ་པའི་ལྷའི་འགྲོ་བར་རོ། །སྣ་བུག་གཉིས་ནས་ནི་གནོད་སྦྱིན་ཉིད་དུའོ། །ཁ་ལས་ [32b.2]ནི་དྲི་ཟར་འགྲོའོ། །ལྟེ་བ་ལས་ནི་འདོད་པའི་ལྷར་རོ། །ཁུ་བའི་རྩ་ལས་ནི་ཡི་དགས་ཀྱི་འགྲོ་བར་རོ། །གཅི་བ་ལས་ནི་ལྷ་མ་ཡིན་ནམ་བྱོལ་སོང་གི་སྐྱེ་གནས་སོ། །བཤང་ལམ་ལས་ནི་དམྱལ་བའི་འགྲོ་བར་རོ། །ཡེ་ཤེས་དམན་པས་འགྲོ་བས་ན་དེའི་ཕྱིར་ལམ་ལ་དགའ་བས་སྤང་བར་བྱའོ། ། [32b.3]དེའི་ཕྱིར་དེ་ཐར་པའི་གྲོང་ཁྱེར་དུ་གཞག་པར་བྱ་བའི་ཕྱིར་ཞི་བའི་སྦྱིན་སྲེག་གསུངས་པའི་ཆོ་ག་ཡོངས་སུ་རྫོགས་པས་སམ། རྫས་གཅིག་བསྲེག་པའི་ཕྱོགས་སུ་གསུངས་པའི་ཆོ་གས་མཆོད་སྦྱིན་པས་བྱིན་པ་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེས་ཀྱི་མེ་ལ་ཞི་བའི་སྦྱིན་སྲེག་བྱའོ། །ཡང་ [32b.4]དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་ལྔ་བཀླག་པར་བྱའོ། །དེའི་རྗེས་ལ་ཐམས་ཅད་བསྡུས་ནས་མཆོད་སྦྱིན་བྱེད་པ་ལས་ཡོན་བླང་ངོ་། །མཆོད་སྦྱིན་བྱེད་པས་ཀྱང་རང་གི་འབྱོར་བ་དང་རྗེས་སུ་འཚམ་པའི་གོས་དང་རྒྱན་དང་མལ་སྟན་དང་ཁྱིམ་དང་ [32b.5]ཞིང་དང་ཁོལ་པོ་དང་ཁོལ་མོ་ལ་སོགས་པའི་ཡོན་སློབ་དཔོན་ལ་གུས་པ་དང་བཅས་པས་དབུལ་ལོ། །དེ་ནས་ཤི་བ་འདུ་བྱེད་པའི་སྐྱེ་བོ་རྣམས་ཀྱིས་ཡི་གེ་གསུམ་བརྗོད་ཅིང་མཆོད་ཕྱིར་ཐོགས་བཅིང་ངོ་། །དེ་ནས་རོ་ཁྱེར་བ་རྣམས་འཇིག་རྟེན་སྐྱོང་བ་རྣམས་སུ་མོས་ཏེ། གདུགས་འཛིན་ [32b.6]པ་ནི་ལྷའི་རྒྱལ་པོ་དང་། རྡ་ཡབ་འཛིན་པ་ནི་ཚངས་པ་དང་། རལ་གྲི་འཛིན་པ་ནི་ཁྱབ་འཇུག་དང་། བསྟོད་པ་འདོན་པ་བདེ་བྱེད་དང་། དབུ་རྒྱན་འཛིན་པའི་བྱ་བ་བྱེད་པ་གཤིན་རྗེ་དང་། བུམ་པ་འཛིན་པ་ཆུ་ལྷ་དང་། དགང་གཟར་དང་བླུགས་གཟར་འཛིན་པ་མེ་ལྷ་དང་། བཟའ་བ་ [32b.7]དང་སྟོན་མོ་འཛིན་པ་བདེན་བྲལ་དང་། བ་དན་འཛིན་པ་རླུང་ལྷ་དང་། གཞན་རྣམས་ནི་ལྷ་དང་ལྷ་མ་ཡིན་ལ་སོགས་པར་མོས་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པ་ལན་བདུན་བརྗོད་ནས་རང་གི་དགེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ལ་ལྡང་བར་བྱའོ། །ལངས་ [33a] [33a.1]ནས་ཀྱང་རྡོ་རྗེ་སློབ་དཔོན་རྡོ་རྗེ་འཆང་གི་རང་བཞིན་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་པས་སྤྱན་མའི་སྔགས་སམ། ངན་སོང་ཡོངས་སུ་སྦྱོང་བའི་རྒྱུད་ལས་གསུངས་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྔགས་བཟླ་ཞིང་མདུན་ནས་འགྲོའོ། །རོ་ཡང་ [33a.2]འཇིག་རྟེན་སྐྱོང་བ་རྣམས་ཀྱིས་དྲང་པོར་ཁྱེར་བཞིན་པས་ཉེ་བར་དགའ་བས་བསྟོད་པ་བྱེད་བཞིན་པ་དང་ལྷ་དང་མི་རྣམས་ཀྱིས་མཆོད་པར་བལྟའོ། །བརྡུང་དཀྲོལ་སྣ་ཚོགས་པའི་སྒྲ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་དང་། རྡོ་རྗེའི་གླུ་ལ་སོགས་པ་དྲིལ་བུ་དང་འཁར་རྔ་དང་ཏིང་ཏིང་ཤག་ [33a.3]དང་། གླིང་བུ་དང་པི་ཝང་གི་སྒྲའི་རྗེས་སུ་འབྲང་བས་ཉེ་བར་སྤྱོད་པ་ལྔའི་མཆོད་པ་དང་། བ་དན་དང་གོས་ནམ་མཁར་ལྡིང་བ་དང་། ཀུན་དུ་བགོ་བ་མང་ལྡན་པ། །དལ་གྱིས་ཕ་ཡི་གནས་ཐོབ་བྱ། །དེར་ནི་བུད་ཤིང་འོ་ཅན་སྐམ། །དགེ་བའི་སེམས་ཀྱིས་བཀོད་ནས་ནི། །དེ་སྟེང་ལེགས་ [33a.4]པར་བཞག་ནས་སུ། །བུམ་པ་འཛིན་པས་བཀྲུ་བར་བྱ། །དེ་ནས་ཆོ་ག་དང་ལྡན་པས། །མེ་ཡིས་ཡོངས་སུ་བསལ་བར་བྱ། །ཇི་སྲིད་ཐལ་བར་འགྱུར་བར་དུ། །དེ་སྦྱིན་བྱེད་པས་མཉམ་གཞག་པས། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །མདོ་འདི་སྔོན་བཞིན་ལེགས་པར་བཀླག ། [33a.5]འཁར་གསིལ་ཌ་མ་རུའི་རྗེས་འགྲོ་བའི། །རྡོ་རྗེའི་གླུ་ནི་ལེན་དུ་གཞུག །ཡང་ན་སྐྱེ་བོ་འགའ་ཞིག་གིས་གྲོལ་བའི་ལམ་མ་ཡིན་པ་ལ་སྦྱར་བས་མི་དགེ་བའི་ཕྱིར་དང་། །ཅིག་ཤོས་སྟོབས་དང་ལྡན་པས་ལམ་ངན་པར་འགྲོ་བར་འགྱུར་རོ། །དེའི་ཕྱིར་རང་ཡང་ལམ་ལོག་པར་འགྲོ་བ་སྤངས་ [33a.6]ལ། །ཉི་མ་དེ་ནས་བརྩམས་ཏེ་ཉི་མ་བརྒྱད་ལ་ངན་སོང་ཡོངས་སུ་སྦྱོང་བའི་རྒྱུད་ལས་གསུངས་པའི་ཆོ་གས་ངན་སོང་སྦྱོང་བ་ལ་སོགས་པའི་བྱ་བའི་རིམ་པས་བྱ་བའོ། །དེར་ཇི་སྲིད་དེའི་རུས་པ་བླང་བ་དེ་སྲིད་དུ་དེའི་གོས་ལ་དེའི་མིང་བརྗོད་པ་སྔོན་དུ་འགྲོ་བའི་བྱ་བས་བྱའོ། །བླངས་ནས་ཇི་སྲིད་ [33a.7]ཉི་མ་བརྒྱད་ཀྱི་བར་དུ་གོས་དེར་རུས་པ་བྱའོ། །དེ་ཡང་ལྷོའི་ཆར་སྟེགས་གྲུ་བཞི་པ་ཁྲུ་གང་ཙམ་ལ་བའི་ལྕི་པས་ལ་མ་ལྷུང་བས་བྱུག་བ་བྱས་པ་ལས་བྱུང་བས་བངས་པར་བྱའོ། །དེར་ཉེ་བར་བྱུགས་ནས་དཀྱིལ་འཁོར་བྱུགས་པའི་དྲི་མ་མེ་ཏོག་ལ་གནས་བར་བྱའོ། །དེའི་སྟེང་དུ་བུམ་པ་མཚན་ཉིད་དང་ [33b] [33b.1]ལྡན་པ་དགོད་དེ། སྨན་དང་ཡལ་ག་དང་ནོར་བུ་དང་དྲི་དང་། འབྲུ་ལྔ་དང་ཡང་དག་པར་ལྡན་པ་གདུགས་དང་བ་དན་གྱིས་བརྒྱན་པ། མགྲིན་པར་གོས་སྔོན་པོ་དང་ལྡན་པ། ཉེ་བར་སྐྱོད་པ་ལྔ་དང་བཅས་པ། ལེགས་པར་སྡུག་པ། འབབ་སྟེགས་ཀྱི་ཆུ་དང་ལྡན་པ། ཀུ་ཤ་འཁྱིལ་པ་ [33b.2]བྱས་པའི་གདན་ལ་གནས་པ། རིགས་ཀྱི་བདག་པོའི་རྟགས་ཀྱིས་མཚན་པ་རྒྱ་ཆེན་པོ་ལྷག་པར་གནས་པར་བྱས། ཡི་གེ་གསུམ་དང་ལྡན་པའི་རྩ་བའི་ས་བོན་གྱི་སྔགས་ལན་བརྒྱ་རྩ་བརྒྱད་ཀྱིས་བཀྲུའོ། །དེ་ནས་ཡང་མདུན་དུ་འབྲས་དཀར་བཏགས་པས་ལྟེ་བ་དང་བཅས་པ་མུ་ཁྱུད་ [33b.3]ལེགས་པར་འབར་བ་དང་བཅས་པའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་མེ་ཏོག་དཀར་པོ་དགོད་པར་བྱས་ནས། དེའི་དབུས་སུ་བུམ་པ་སྟོང་པའི་སྟེང་དུ་ཁམ་ཕོར་བུམ་པ་ཅན་གཞག །དེའི་རྗེས་ལ་ཁམ་ཕོར་དེར་དེའི་རུས་པ་མ་ལུས་པ་གཞག་གོ། །ཏིང་ངེ་འཛིན་གསུམ་བསྒོམས་པས་ [33b.4]ཕྱིར་བཟློག་ཀྱང་བྱའོ། །དོན་གྲུབ་མེ་ཏོག་དང་བཅས་པས་རིམ་པས་རིགས་རྣམས་ཤིས་པའི་ཚིག་བརྗོད་པ་དང་བཅས་པས་དེའི་མིང་ངམ་རུས་པ་ལ་དེས་བརྡེག་པར་བྱའོ། །དེ་ནས་སྔགས་ཀྱི་ཚིག་རྣམས་སུ་འགྱུར་བ་ནི། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོདྷ་ན་ཧཱུཾ་ཕཊ། [33b.5]ཨོཾ་སརྦ་ཀརྨཱ་ཨ་བ་ར་ཎཱ་ནི་བྷ་སྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བྷྲཱུཾ་བི་ནཱ་ཤཱ་ཡ་ཨཱ་བ་ར་ཎཱ་ནི་ཛཾ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་བ་ [33b.6]ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་སརྦ་ཨཱ་བ་ར་ཎཱ་ནི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བྷྲྀ་ཏ་བྷྲྀ་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲཱ་ཊཏྲཱ་ཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཙྪནྡི་ཙྪནྡི། སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཅེ་པ་ཙ་སརྦ་པྲེ་ཏ་ཀ་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ [33b.7]ཐ་སརྦ་ཏཱིརྱ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་པ་ནི་རུས་པ་ལ་སོགས་པ་ལ་མེ་ཏོག་བརྡེག་པའི་སྔགས་སོ། །དེ་ནས་ལྷག་པར་གནས་པར་བྱས་པའི་བུམ་པའི་ཆུས་དེའི་རུས་པ་ལ་སོགས་པར་བརྗོད་ཅིང་བཀྲུའོ། །སྔགས་ནི། ཨོཾ་ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། [34a] [34a.1]ཨ་རྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎཱ་ནི་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བ་ནི་རུས་པ་ལ་སོགས་པ་བཀྲུ་བའི་སྔགས་སོ། །དེ་ནས་མེ་ཏོག་གཏོར་ཞིང་སྔགས་བཟླས་ལ་ལམ་བསྟན་པར་བྱའོ། ། [34a.2]སྔགས་ནི། ཨོཾ་རཏྣེ་རཏྣེ་རཏྣ་སམྦྷ་བེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ། སརྦ་པཱ་པཾ་ཧཱུཾ་ཏྲཱ་ཊ། ལམ་བསྟན་པའི་སྔགས་སོ། །དེ་ནས་མེ་ཏོག་དང་ཆུ་གཏོར་ཞིང་ལམ་རྣམ་པར་སྦྱང་བར་བྱའོ། །སྔགས་ནི། ཨོཾ་པདྨེ་པདྨེ་པདྨོད་བྷ་བེ་སུ་ཁཱ་བ་དྱཾ་ག་ཙྪཾ་ཏུ་སྭཱ་ཧཱ། ཞེས་བྱ་བ་ནི་ལམ་ [34a.3]རྣམ་པར་སྦྱང་བའི་སྔགས་སོ། །སྔགས་ཀྱི་ཚིག་དེ་དང་དེ་ལ་བསྐུལ་ཚིག་སྦྱར་བར་བྱའོ། །ལམ་སྦྱང་བའི་སྔགས་ཀྱིས་མེ་ཏོག་གི་ཆར་དབབ་པར་བྱའོ། །གླུ་མཁན་བཀྲ་ཤིས་ཚིགས་བཅད་ནི། །མཉམ་པར་གཞག་པས་གླུར་བླང་བྱ། །ཐུན་གསུམ་མམ་ནི་ཐུན་གཅིག་ཏུ། །དེ་ [34a.4]བཞིན་ཉིན་རེ་བཞིན་དུ་བྱ། །ཇི་སྐད་གསུངས་པའི་ཆོ་ག་བཞིན། །མཆོད་ནས་ཐམས་ཅད་བསྡུ་བར་བྱ། །དེ་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ནི། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ལ་གཅིག་ཏུ་ཕན་མཛད་ཅིང་། །སངས་རྒྱས་སྐྱོན་རྣམས་སྤངས་པ་རྣམ་པར་དག་པ་རྟོགས་ [34a.5]གྱུར་པ། །ཤེས་རབ་ཡན་ལག་ལ་འཁྱུད་བདེ་བ་མཛེས་པའི་བདག་ཉིད་ཅན། །དེ་ཡིས་ཁྱོད་ལ་དབང་བསྐུར་མཆོག་གི་བཀྲ་ཤིས་འབྱུང་བར་ཤོག །བཀྲ་ཤིས་གང་ཞིག་དེ་ཡིས་གསུངས་བ་དམ་པ་ཆོས་ཀྱི་མཆོག །བླ་ན་མེད་པ་ལྷ་དང་མི་དང་ལྷ་མིན་གྱིས་མཆོད་ཅིང་། །འཇིག་རྟེན་གསུམ་ [34a.6]དུ་བདག་མེད་རབ་ཏུ་རྟོགས་འགྱུར་གང་ཡིན་པ། །དེ་ཡིས་ཁྱོད་ལ་དབང་བསྐུར་མཆོག་གི་བཀྲ་ཤིས་འབྱུང་བར་ཤོག །བཀྲ་ཤིས་གང་ཞིག་དམ་ཆོས་རབ་མཆོག་རྟག་ཏུ་འཛིན་མཛད་པ། །ས་ཡི་དམ་པར་སོན་པ་རྒྱལ་བའི་སྲས་ཚོགས་ལེགས་པ་རྣམས། །སེམས་ཅན་ཕན་བར་མཛད་ལ་ [34a.7]མཁས་པ་ཤིན་ཏུ་བཀྲ་ཤིས་པ། །དེ་ཡིས་ཁྱོད་ལ་དབང་བསྐུར་མཆོག་གི་བཀྲ་ཤིས་འབྱུང་བར་ཤོག །ཅེས་བྱ་བའོ། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དེ་དག་རུས་པ་བཀྲུ་པའི་དུས་སུ་ཡང་གླུར་བླང་པའམ་བླང་དུ་གཞུག་གོ། །དེ་ལ་གཤེགས་སུ་གསོལ་བའི་སྔགས་ནི། ཨོཾ་ [34b] [34b.1]ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སླར་ཡང་འབྱོན་པར་མཛད་སླད་དུ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །མུཿཞེས་པའོ། །དེ་ནས་མཚན་མོའི་ཚོགས་ཀྱི་འཁོར་ལོ་བྱས་ནས་ཐམས་ཅད་བསྡུའོ། །འབྱོར་པ་ཅི་ཡོད་པས་ངན་ [34b.2]སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆོ་ག་ཇི་ལྟ་བས་བྲིས་ནས་ཇི་སྐད་གསུངས་པའི་ཆོ་ག་རྣམས་བྱའོ། །སླར་ཡང་རྡོ་རྗེ་སློབ་དཔོན་གྱིས་སྦྱིན་བདག་ལ་ཡོན་བསླང་བར་བྱའོ། །དེས་ཀྱང་འབྱོར་པ་དང་རྗེས་སུ་འཚམ་པ་རབ་ཏུ་དབུལ་ལོ། །བཀྲུས་ནས་གོས་སློབ་དཔོན་ལ་ [34b.3]དབུལ་ལོ། །ཇི་སྐད་དུ། རོ་ལ་དམིགས་ནས་གཉེན་རྣམས་ཀྱིས། །སློབ་དཔོན་ལ་ནི་གང་བྱིན་པ། །དེ་ནི་མཐོ་རིས་ལ་བཞག་པས། །དེ་ལ་སྦྱིན་པར་ཤེས་པར་བྱ། །ཉི་མ་བདུན་ནས་རབ་བཤད་པའི། །དེ་ཡིས་ཅི་འདོད་ནོར་དབུལ་བྱ། །དེ་ལ་བྱིན་པས་ངེས་པར་ནི། ། [34b.4]བདེ་བ་ཅན་དུ་མཆོད་པར་འགྱུར། །གང་ཕྱིར་བསམ་གཏན་བྱ་བ་ཀུན། །ཆོ་གས་ལུས་ནི་སྟོང་བྱས་ནས། །སྡིག་པ་མ་ལུས་སྤངས་ནས་ནི། །བདེ་བ་ཅན་དུ་ངེས་པར་གནས། །དེ་རྗེས་དེ་ཡི་རུས་པ་རྣམ་དག་པ། །ཕྱེ་མ་ཤིན་ཏུ་ཞིབ་པར་བྱས་ནས་ནི། །མཆོད་པས་ཡང་དག་ [34b.5]མཆོད་ནས་འབབ་ཆུ་ནི། །ཤིན་ཏུ་རྒྱ་ཆེར་རབ་ཏུ་དོར་བར་བྱ། །ཡང་ན་ས་འཛིན་ཆེན་པོ་མཐོ་བ་ཡི། །སྟེང་གི་རྩེ་མོ་ལ་ནི་བསྡད་ནས་སུ། །རླུང་གི་ཤུགས་ནི་ཡོངས་སུ་རྒྱུ་བ་ན། །དེ་དད་རྗེས་སུ་མཐུན་པར་འཕྱར་བར་བྱ། །ཤིན་ཏུ་དྲག་པོའི་ལས་ཀྱི་དབང་གིས་ནི། །གལ་ཏེ་ [34b.6]བདེ་བ་ཅན་ནི་མ་ཐོབ་ཀྱང་། །འདི་ཡིས་ངན་སོང་རྣམས་ནི་ཡོངས་སྤངས་ཏེ། །སུམ་ཅུ་རྩ་གསུམ་གནས་སུ་འགྲོ་བར་ངེས། །དཔལ་ལྡན་བཟང་པོའི་ཞབས་ཀྱི་པདྨོ་ལས། །ཐོབ་པའི་མན་ངག་ཤིན་ཏུ་འདོད་པ་ནི། །དཔལ་ལྡན་གསང་བ་འདུས་པ་ལས་བྱུང་བ། །ཤིན་ཏུ་ཡིད་ [34b.7]འོང་ཆོ་ག་བྱས་པ་ནི། །གང་ཞིག་དཔལ་ལྡན་གསང་འདུས་མ་རྫོགས་པ། །དཔལ་ལྡན་ངན་སོང་ཡོངས་སུ་སྦྱོང་བ་ཡི། །རྒྱུད་ལས་གསུངས་པའི་ལས་གང་ཡོད་པ་ཡི། །ལས་དེ་ཡོངས་སུ་རྫོགས་པར་བྱས་པ་ཡིན། །ཤི་བ་བདེ་འགྲོར་སྦྱར་བའི་ཆོ་ག་ཤིན་ཏུ་འདོད་པ་མཆོག་ཏུ་གྱུར་ [35a] [35a.1]པ་ཞེས་བྱ་བའི་མིང་ཅན་དཔལ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་གྱི་མཁན་པོ་ཨ་བདྷཱུ་ཏཱི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་ཁམས་བ་ལྡི་རི་ཆོས་ཀྱི་གྲགས་པས་བསྒྱུར་བའོ། །{T1908}༄༅༅། །རྒྱ་གར་སྐད་དུ། [35a.2]ཨནྟ་མ་ཧ་བི་དྷི། བོད་སྐད་དུ། ཐ་མའི་མཆོད་པའི་ཆོ་ག །བཅོམ་ལྡན་འདས་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་ལ་ཕྱག་འཚལ་ལོ། །གཞན་དོན་ལ་དགའ་ཤི་བ་སློང་བྱེད་མ། །སྤྱན་ཞེས་གྲགས་པའི་ལྷ་མོ་ཕྱག་བྱས་ནས། །ཤི་བ་ཀུན་ནས་སློང་བའི་སྦྱོར་བ་ཡིས། ། [35a.3]གཤིན་པོ་བདེ་གཤེགས་སུ་ནི་ངེས་སྦྱོར་བཤད། །གཤིན་པོའི་ཁང་བ་ཤིན་ཏུ་དབེན་པར་ནི། །ཉེ་སྦྱོར་ཀུན་དང་ལྡན་པས་རྣལ་འབྱོར་པ། །ཅོད་པན་མེ་ཏོག་དཀར་པོའི་ཕྲེང་བས་བཅིངས། །ཞི་བ་ཙནྡན་དཀར་པོས་རྣམ་པར་བྱུགས། །གོས་དང་རྒྱན་ནི་དཀར་པོ་ཤར་ཕྱོགས་སུ། །ཁ་ [35a.4]བལྟས་ཡང་ནི་དེ་རུ་མོས་པས་སམ། རྡོ་རྗེ་དང་ནི་རྡོ་རྗེ་དྲིལ་འཛིན་པས། །རྒྱ་ཆེན་མཐོན་པོ་བདེ་བའི་སྟན་ལ་འདུག །ཙནྡན་དཀར་པོ་དང་ནི་བདུད་རྩི་ལྔ། །ཡང་དག་སྦྱར་བའི་ཆུ་ཡིས་མདུན་དུ་ནི། །མཎྜལ་ཉེ་བར་བྱུགས་ཏེ་མེ་ཏོག་གདིང་། །དཀར་པོ་རྣམས་ཀྱིས་ཉེ་བར་ [35a.5]མཛེས་པར་བྱ། །ཨརྒ་ལ་སོགས་རང་གི་གསང་སྔགས་ཀྱིས། །ལེགས་པར་ཀུན་དུ་བཟླས་ཤིང་བསྐུལ་ཚིག་དང་། །རང་གི་སྙིང་གར་གཉུག་མའི་ས་བོན་ནི། །བལྟས་ནས་གནས་ལ་སོགས་པ་བསྲུང་བར་བྱ། །དེ་ལ་གནས་བདག་རྣལ་འབྱོར་བསྲུང་བའི་སྔགས། [35a.6]ཨོཾ་ཨ་བིགྷྣཱནྟ་ཀྲྀ་ཏ་ཧཱུཾ་ཞེས་བྱའོ། །ན་མཿས་མནྟ་ལ་སོགས་པས་སམ། །ཆོ་ག་བཞིན་དུ་སྒྲུབ་ཤེས་རྣལ་འབྱོར་པས། །སྤྱན་གྱི་རྣལ་འབྱོར་རྣམ་པར་བསྒོམས་ནས་ནི། །སྙིང་གའི་ས་བོན་ལས་ནི་གྲུབ་པ་བཟང་། །འཁོར་ལོས་མཚན་པའི་ལྕགས་ཀྱུ་སྤྲོ་བར་བྱ། །དེ་ཡིས་ [35a.7]གཤིན་པོའི་འཇིག་རྟེན་ཕ་རོལ་སོང་། །སེམས་ནི་མདོག་དམར་གསལ་བ་དགུག་བྱ་སྟེ། །ཆོས་ཀྱི་སྒོ་མོའི་གཟུགས་སམ་ཡང་ན་ནི། །རླུང་མེད་མར་མེ་མི་གཡོ་ལྟ་བུའོ། །འོངས་ནས་དེ་ཡི་ཤེས་པ་སྙིང་གར་ནི། །རོ་ཡི་སྤྱི་བོ་ནས་ནི་གཞུག་པར་བྱ། །དེ་ནི་ཤེས་པ་དང་ནི་ཡང་དག་ལྡན། ། [35b] [35b.1]དེ་རྗེས་ལངས་ནས་འདུག་པ་བལྟ་བར་བྱ། །དེའི་སྙིང་མོ་ཧ་ར་ཏི་བཀོད་ནས་ནི། །དེ་ཡི་འོད་ཟེར་འབར་བའི་ཕྲེང་བ་ཡི། །དེ་ཡི་ལུས་ནི་སྟོང་བར་བྱས་ནས་སུ། །ལྷག་མ་རྣམ་པར་རིག་བྱེད་ཙམ་ཉིད་ནི། །དེ་ཡི་རྗེས་ལ་མོ་ཧ་ར་ཏི་ཞེས། །བརྗོད་པས་སྤྱན་གྱི་གཟུགས་སུ་བསྒོམས་ནས་ [35b.2]ནི། །དེ་ཡི་མིག་དང་སྐུ་ལ་སོགས་པ་དག །ཐམས་ཅད་དུ་ནི་བྱིན་གྱིས་བརླབ་པར་བྱ། །དེ་རྗེས་ཡེ་ཤེས་ལྔ་ཡི་ཐུགས་ཀ་ཡི། །ཟླ་གནས་རྩ་བའི་སྔགས་ཀྱི་འོད་ཟེར་གྱིས། །དེའི་ལྷ་མོའི་སྤྲིན་གྱི་བདུད་རྩི་ཡི། །ཤེལ་གྱི་བུམ་པའི་ཚོགས་ཀྱིས་དབང་བསྐུར་བྱ། །རང་གི་ལུས་ [35b.3]ལས་འོད་ཟེར་སྤྲོས་པ་ལས། །འོད་ཟེར་རང་གི་སྤྱན་གྱི་ཚོགས་རྣམས་ནི། །ནམ་མཁའི་དཀྱིལ་འཁོར་ཁྱབ་པ་རྣམས་ཀྱིས་ནི། །དེ་རྗེས་སྤྲོས་ཏེ་དབང་བསྐུར་བྱ་བ་ཡིན། །དེ་ཡི་སྔགས་བཟླས་བུམ་པའི་ཆུ་ཡིས་ནི། །དེ་བཞིན་དུ་ཡང་བསང་བ་རབ་ཏུ་བྱ། །མགོ་བོ་ལ་ནི་ [35b.4]ཅོད་པན་སྦྱིན་བྱ་སྟེ། །ལག་པ་གཉིས་སུ་ཡང་ནི་རྡོར་དྲིལ་ལོ། །དེ་རྗེས་སྔགས་པས་ཀུ་ཤའི་རྩེ་མོ་ལ། །རྡོ་རྗེ་རྩེ་གཅིག་རྣམ་པར་བསྒོམས་ནས་ནི། །རྡོ་རྗེའི་སྦུབས་སུ་ངེས་བར་བཅུག་ནས་ནི། །དེ་ནི་མེ་དང་འདྲ་བར་བསྒོམ་པར་བྱ། །དེ་རྗེས་མཉམ་གཞག་སེམས་ [35b.5]ཀྱིས་དེ་ཡི་ནི། །སྙིང་གར་བཞག་པའི་ཤེས་པ་རབ་འབར་བ། །རྡོ་རྗེ་རྩེ་ནས་རླུང་གིས་བསྐྱོད་པ་ཡི། །འབར་བ་རྣམས་ཀྱིས་ཀུན་དུ་བསྐྱོད་པར་བྱ། །མེ་ཡི་འོད་ཟེར་གྱིས་ནི་རེག་པ་ཡི། །དངུལ་གྱི་བཞིན་དུ་དེ་ནི་འཕར་བར་བསྒོམ། །སྟེང་གི་སྒོ་ནས་རྣམ་པར་གྲོལ་བའམ། །ཡང་ན་ [35b.6]རྣམ་དག་སངས་རྒྱས་ཞིང་དུའོ། །གལ་ཏེ་ཤེས་པ་འམ་གཞན་དག་མཐོང་ན་ནི། །འཁོར་བའི་རྒྱ་མཚོ་རུ་ནི་ལྟུང་བར་འགྱུར། །དེ་ཕྱིར་སྟེང་སྒོ་ཡི་ནི་ལམ་ནས་སུ། །དེ་ཡི་སྟེང་དུ་འཕོ་བར་བྱ་བ་ཡིན། །སྤྱི་བོ་ནས་ནི་གཟུགས་མེད་འགྲོ་བ་སྟེ། །མཛོད་སྤྱ་ནས་ནི་གཟུགས་ཀྱི་ཁམས་སུ་ [35b.7]གྲགས། །མིག་གཉིས་ནས་ནི་མི་ཡི་འགྲོ་བ་ཉིད། །རྣ་བ་དག་ནས་གྲུབ་པའི་ལྷ་རུ་སྐྱེ། །སྣ་བུག་དག་ནས་གནོད་སྦྱིན་ཉིད་དུ་སྟེ། །ཁ་ནི་དྲི་ཟ་རུ་ནི་ངེས་པར་འགྲོ། །ལྟེ་བ་ནས་ནི་འདོད་པའི་ཁམས་ཀྱི་ལྷ། །ཁུ་བའི་སྦུབས་ནས་ཡི་དགས་འགྲོ་བར་རོ། །ཆུ་ཡི་ལམ་ནས་དུད་འགྲོའི་སྐྱེ་གནས་སུ། ། [36a] [36a.1]བཤང་བའི་ལམ་ནས་དམྱལ་བའི་འགྲོ་བར་ནི། །ཐེ་ཚོམ་མེད་པར་འགྲོའོ་དེ་ཡི་ཕྱིར། །ལམ་ངན་དག་ནི་རྣམ་པར་སྦང་བར་བྱ། །དེ་ནས་དེ་ཐར་པའི་གྲོང་ཁྱེར་དུ་གཞག་པའི་ཕྱིར། དེའི་མདུན་དུ་ཞི་བའི་སྦྱིན་སྲེག་ཏུ་གསུངས་པའི་ཆོ་ག་ཡོངས་སུ་ཚང་བས་སམ། །རྫས་གཅིག་པའི་ [36a.2]སྦྱིན་སྲེག་བཤད་པའི་ཆོ་གས་ཤི་འབྲེལ་གྱིས་བྱིན་པའི་ཡོ་བྱད་རྣམས་རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེས་ཀྱི་མེ་ལ་སྦྱིན་སྲེག་བྱའོ། །དེའི་རྗེས་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་བཀླག་པར་བྱའོ། །དེའི་རྗེས་ལ་ཐམས་ཅད་བསྡུས་ཏེ་ཤི་བདག་ལ་ཡོན་བླང་ [36a.3]བར་བྱའོ། །ཤི་བདག་གིས་ཀྱང་གང་གི་འབྱོར་བ་དང་རྗེས་སུ་མཐུན་པར་གོས་དང་རྒྱན་དང་མལ་སྟན་དང་ཞིང་དང་ཁྱིམ་དང་བྲན་དང་བྲན་མོ་ལ་སོགས་པའི་ཡོན་གུས་པས་སློབ་དཔོན་ལ་དབུལ་བར་བྱའོ། །དེ་ནས་རོ་སྲེག་པའི་མི་རྣམས་བོས་ཏེ་ཡི་གེ་གསུམ་བཟླས་པའི་ཚངས་ [36a.4]སྐུད་གདགས་པར་བྱའོ། །དེ་རོ་ཁྱེར་བ་རྣམས་འཇིག་རྟེན་སྐྱོང་བ་རྣམས་སུ་ལྷག་པར་མོས་བར་བྱ་སྟེ། གདུགས་ཁྱེར་བ་ནི་ལྷ་རྒྱལ་ལོ། །རྔ་ཡབ་ཐོགས་པ་ནི་ཚངས་པའོ། །རལ་གྲི་ཐོགས་པ་ནི་ཁྱབ་འཇུག་གོ། །བསྟོད་པ་འདོན་པ་ནི་བདེ་བྱེད་དོ། །རོའི་ལས་བྱེད་པ་ནི་ [36a.5]གཤིན་རྗེའོ། །བུམ་པ་ཐོགས་པ་ནི་ཆུ་ལྷའོ། །དགང་གཟར་བླུགས་གཟར་ཐོགས་པ་ནི་མེ་ལྷའོ། །བཟའ་བ་དང་སྟོན་མོ་ཐོགས་པ་ནི་བདེན་བྲལ་ལོ། །བ་དན་ཐོགས་པ་ནི་རླུང་ལྷ་སྟེ། །གཞན་ཡང་ལྷ་དང་མི་རྣམས་ཀྱང་ལྷག་པར་མོས་པའོ། །དེ་ནས་ཡི་གེ་བརྒྱ་པའི་ [36a.6]སྔགས་ལན་བདུན་བཟླས་ཏེ། རང་གི་དགེ་བ་ཡང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ་ལྡང་བར་བྱའོ། །ལངས་ནས་ཀྱང་རྡོ་རྗེ་སློབ་དཔོན་རྡོ་རྗེ་འཛིན་པའི་རང་བཞིན་སངས་རྒྱས་ཐམས་ཅད་བསྐྱེད་ལ་སྤྱན་གྱི་སྔགས་དང་། ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་པའི་ངན་ [36a.7]སོང་ཐམས་ཅད་རྣམ་པར་སྦྱོང་བའི་སྔགས་བཟླས་བཞིན་དུ་སྔོན་དུ་འགྲོ་བར་བྱའོ། །ལམ་དུ་ཡང་ནི་འཇིག་རྟེན་སྐྱོང་རྣམས་ཀྱིས། །རོ་ནི་ཁུར་གྱིས་བཏེག་སྟེ་ཁྱེར་བ་དང་། །ཀུན་ནས་བསྟོད་པ་བྱེད་བཞིན་ལྷ་རྣམས་ཀྱིས། །མཆོད་པ་ཡང་ནི་རྒྱུན་དུ་བྱེད་པར་བལྟ། །སྣ་ཚོགས་ [36b] [36b.1]ཏུ་ཪྻའི་སྒྲ་དང་བཀྲ་ཤིས་ཀྱི། །ཚིགས་བཅད་དང་ནི་རྡོ་རྗེའི་གླུ་རྣམས་ཀྱིས། །དྲིལ་བུ་དང་ནི་ཆ་ལང་ཏིང་ཏིང་ཤག །གླིང་བུ་པི་ཝང་སྒྲ་དང་རྗེས་མཐུན་པར། །ཉེ་བར་སྤྱོད་པ་ལྔ་ཡི་མཆོད་པ་དང་། བླ་རེ་གོས་དང་བ་དན་གདུགས་དད་ནི། །འཁོར་མང་ལྡན་པས་ཕ་ཡི་གནས་སུ་ནི། ། [36b.2]དལ་གྱིས་ཁྱེར་ཏེ་ཕྱི་ནས་དེ་རུ་ནི། །འོ་མ་ཅན་གྱི་ཤིང་ནི་སྐམ་པོ་ཡིས། །ལེགས་པར་རྣམ་པར་སྤྲས་ཏེ་བརྩིག་པར་བྱ། །དེ་ཡི་སྟེང་དུ་དེ་ནི་བཞག་ནས་སུ། །བུམ་པའི་ཆུ་ཡིས་བསང་བར་བྱ་བ་ཡིན། །དེ་ནས་སྦྱིན་སྲེག་མེ་ཡིས་ནི། །ཡོངས་སུ་སྦྱང་བར་བྱ་བ་སྟེ། །ཇི་ལྟར་ཐལ་བར་ [36b.3]གྱུར་གྱི་བར། །ཤི་འབྲེལ་མཉམ་པར་བཞག་པས་བསྲུང་། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །མདོ་སྡེ་སྔ་མ་བཞིན་དུ་བཀླག །ཏིང་ཏིང་ཤག་དང་ཅང་ཏེའུ་ཡི། །རྗེས་འགྲོ་རྡོ་རྗེའི་གླུ་ཡང་བླང་། །དེ་ནས་འགྲོ་བ་ལ་ལ་དག་གྲོལ་བའི་ལམ་ལ་སྦྱར་ཡང་མི་དགེ་བ་ཤིན་ཏུ་མང་ [36b.4]བ་སྟོབས་ཆེ་བས་ལམ་ངན་པ་ནས་སོང་ནས། །དེ་ནས་དེ་ཡང་ལམ་ངན་པའི་འགྲོ་བ་ཡོངས་སུ་སྦྱོང་བའི་ཕྱིར་ཉི་མ་དེ་ཉིད་ནས་བརྩམས་ཏེ་ཉི་མ་བརྒྱད་དུ་ངན་སོང་སྦྱོང་བའི་རྒྱུད་ནས་གསུངས་པའི་ཆོ་གས་ངན་སོང་ཡོངས་སུ་སྦྱོང་བ་ལ་རིམ་པས་བྱའོ། །དེ་ལ་ཇི་སྲིད་རུས་པ་མ་ [36b.5]འོངས་པ་དེ་སྲིད་གོས་ལ་དེའི་མིང་སྨོས་པ་སྔོན་དུ་འགྲོ་བས་ཆོ་གའོ། །འོངས་པ་ནི་དེའི་ལུས་ལའམ་གོས་ལ་ཉིན་ཞག་བརྒྱད་པའི་བར་དུ་བྱ་སྟེ། །དེ་ཡང་ལྷོའི་ཆར་ཁྲུ་གང་བའི་སྟེགས་བུ་གྲུ་བཞི་པ་བྱས་ཏེ། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་བྱུགས་ཏེ་བའི་རྣམ་ལྔས་ [36b.6]ཀྱང་ཀུན་དུ་བསང་བར་བྱའོ། །དེ་ཡང་དཀྱིལ་འཁོར་ཙནྡན་དཀར་པོས་ནི། །ཉེ་བར་བྱུགས་ཏེ་མེ་ཏོག་རྣམས་ཀྱིས་ནི། །མཛེས་བར་བྱས་ནས་དེ་སྟེང་བུམ་པ་ནི། །མཚན་ཉིད་ལྡན་པ་རྣམ་པར་དགོད་བྱ་སྟེ། སྨན་དང་ཡལ་ག་ནོར་བུ་དྲི་བཟང་དང་། །འབྲུ་རྣམ་ལྔ་དང་ཡང་ [36b.7]དག་ལྡན་པར་ནི། །མགྲིན་པ་སྔོན་པོའི་གོས་ཀྱིས་དཀྲིས་ནས་ནི། །གདུགས་དང་བ་དན་བཙུགས་ཏེ་ཉེར་སྤྱོད་ནི། །ལྔ་དང་བཅས་པས་དྲི་བཟང་གིས་བདུགས་ཤིང་། །བསྟི་གནས་ཀྱི་ནི་ཆུ་ཡིས་དགང་བྱ་ཞིང་། །ཀུ་ཤ་ཡི་ནི་སྟན་ལ་གཞག་བྱ་སྟེ། །ལྟོ་འཕྱེ་རིགས་ཀྱི་བདག་པོའི་ [37a] [37a.1]མཚན་མས་ནི། །དེ་ནི་ཡིག་གསུམ་དང་སྤེལ་རྩ་བ་ཡི། །ས་བོན་གྱིས་ནི་ལྷག་གནས་བྱ་བ་སྟེ། །སྔགས་པས་ཡང་ན་ཁྲུས་ཀྱི་སྔགས་ཀྱིས་ནི། །ལན་གྲངས་བརྒྱ་དང་རྩ་བརྒྱད་བཟླས་ནས་སུ། །དེ་ནས་མདུན་དུ་རྡུལ་ཚོན་དཀར་པོ་ཡིས། །ལྟེ་བར་བཅས་ཤིང་ [37a.2]མུ་ཁྱུད་འོད་དང་བཅས། །འཁོར་ལོ་རྩིབས་བརྒྱད་བྲིས་ནས་མེ་ཏོག་ནི། །དཀར་པོས་མཛེས་པར་རྣམ་པར་སྤྲས་ནས་ནི། །དེ་ཡི་དབུས་གཞག་སྣོད་ནི་སྟོང་པ་ཡི། །སྟེང་དུ་བུག་པ་དང་བཅས་ཁམ་སྐྱོང་གཞག །དེ་རྗེས་དེ་ཡི་རུས་པ་ཁམ་སྐྱོད་དེར། །ལྷག་མ་མེད་པར་ཡང་ [37a.3]ནི་གཞག་པར་བྱ། །ཏིང་འཛིན་གསུམ་དང་ལྡན་པས་འདི་ལ་ནི། །ཕྱིར་བཟློག་ཆོ་ག་ཡང་ནི་བྱ་བ་ཡིན། །ཡུངས་ཀར་མེ་ཏོག་ཡང་དག་ལྡན་པ་ཡིས། །རིམ་བཞིན་གསང་སྔགས་རྡོ་རྗེའི་ཚིག་བརྗོད་པས། །དེ་ཡི་རུས་པ་འམ་ཡང་ན་གོས་སམ་ནི། །དེ་ཡི་མིང་ལ་ཡང་ནི་བརྡེག་པར་བྱ། །དེ་ནས་ [37a.4]སྔགས་ཀྱི་ཚིག་རྣམས་བསྟན་པ་ནི། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ན་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎི་བྷ་སྨིཾ་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་ས་ར་ས་ར། ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ [37a.5]ཧ་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ་སརྦ་ཨཱ་བ་ར་ཎཱ་ནི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བྷྲྀ་ཏ་བྷྲྀ་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲཱ་ཊ་ཏྲཱ་ཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་ཕྲེ་ཏ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། [37a.6]ཨོཾ་མ་ཐ་མ་ཐ་སརྦ་ཏཱི་ཪྻ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བྱ་བ་ནི་རུས་པ་ལ་སོགས་པ་ལ་བརྡེག་པའི་སྔགས་སོ། །དེ་ནས་ལྷག་གནས་བྱས་པའི་བུམ་པའི་ཆུས་དེའི་རུས་པ་ལ་སོགས་པ་བརྗོད་བཞིན་དུ་བཀྲུ་བའི་སྔགས་ནི་ཨོཾ་ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། [37a.7]ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་པི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བ་ནི་རུས་པ་ལ་སོགས་པ་ལ་བཀྲུ་བའི་སྔགས་སོ། །མེ་ཏོག་གཏོར་ཏེ་སྔགས་བརྗོད་པས་ལམ་བསྟན་པར་བྱའོ། །སྔགས་ནི་ཨོཾ་རཏྣེ་རཏྣེ་རཏྣ་སཾ་བྷ་བེ། [37b] [37b.1]རཏྣ་ཀི་ར་ཎེ་རཏྣ་མཱ་ལི་བི་ཤུདྡྷེ་ཤོདྷ་ཡ། སརྦ་པཱ་པཾ་ཧཱུཾ་ཏྲ་ཏ། ཞེས་བྱ་བ་ནི་ལམ་བསྟན་པའི་སྔགས་སོ། །དེ་ནས་མེ་ཏོག་ཆུ་ནང་དུ་དོར་ཏེ་ལམ་སྦྱར་བར་བྱའོ། །སྔགས་ནི་ཨོཾ་པདྨེ་པདྨེ་མ་ཧཱ་པདྨེ་པདྨ་སཾ་བྷ་བེ་སུ་ཁ་བ་ཏི་གཙྪཾ་ཏུ་སྭཱ་ཧཱ། ཞེས་བྱ་བ་ནི་ལམ་བསྟན་པའི་སྔགས་སོ། ། [37b.2]སྔགས་ཀྱི་ཚིག་དེ་དང་དེ་ལ་བསྐུལ་བའི་ཚིག་སྤེལ་བར་བྱའོ། །ལམ་སྦྱང་བའི་སྔགས་ཀྱིས་མེ་ཏོག་གི་ཆར་དབབ་པར་བྱའོ། །མཉམ་པར་གཞག་པར་བྱའོ། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལེན་ནམ་ལེན་དུ་གཞུག་པར་བྱའོ། །དེ་ལྟར་ཉིན་རེ་བཞིན་དུ་ཐུན་གསུམ་མམ་ [37b.3]གཅིག་ཏུ་བྱའོ། །དེ་བཞིན་དུ་ཡང་དག་པར་མཆོད་དེ། ཇི་ལྟར་བསྟན་པའི་ཆོ་ག་ཐམས་ཅད་བསྡུ་བར་བྱའོ། །དེ་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ནི། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ལ་ཕན་བཞེད་པའི། །སངས་རྒྱས་རྣམ་དག་བློ་ལྡན་ཉེས་པའི་ཚོགས་དང་བྲལ། ། [37b.4]ཤེས་རབ་ཡན་ལག་འདུས་པས་མཛེས་པ་བདེན་པའི་བདག །བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར། །བཀྲ་ཤིས་གང་ཞིག་ལྷ་དང་ལྷ་མིན་མིས་མཆོད་པ། །དེ་ཡིས་བསྟན་པའི་དམ་ཆོས་བླ་ན་མེད་པ་ནི། །བདག་མེད་འཇིག་རྟེན་གསུམ་ལས་རབ་ཏུ་གྲགས་པ་ཡི། ། [37b.5]བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར། །བཀྲ་ཤིས་གང་ཞིག་རབ་མཆོག་དམ་ཆོས་རྟག་ཏུ་འཛིན། །བཟང་པོའི་སར་ཞུགས་སངས་རྒྱས་སྲས་པོ་ཚོགས་ཀྱི་མཆོག །རྣམ་པ་ཀུན་དུ་སེམས་ཅན་དོན་མཛད་བཀྲ་ཤིས་གང་། །བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་ [37b.6]དབང་མཆོག་བསྐུར། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དེ་དག་རུས་པ་འཁྲུད་པའི་དུས་སུ་ཡང་གདོན་ནམ་འདོན་དུ་གཞུག་གོ། །དེ་ལ་གཤེགས་སུ་གསོལ་བའི་ཚིག་ནི། །ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སླར་ཡང་འབྱོན་པར་མཛད་ [37b.7]པའི་ཕྱིར། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །མུཿཞེས་བྱ་བས་སོ། །དེ་ནས་མཚན་མོ་ཚོགས་ཀྱི་འཁོར་ལོ་བྱས་ཏེ་ཐམས་ཅད་བསྡུའོ། །འབྱོར་པ་ཡོད་ན་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཆོ་ག་བཞིན་དུ་བཞེངས་ཏེ། ཇི་ལྟར་བཤད་པའི་ཆོ་ག་བསྒྲུབ་པར་བྱའོ། །སླར་ [38a] [38a.1]ཡང་རྡོ་རྗེ་སློབ་དཔོན་གྱིས་ཤི་བདག་ལ་ཡོན་བླང་བར་བྱའོ། །དེས་ཀྱང་འབྱོར་བ་དང་མཐུན་པར་དབུལ་ཏེ། བཀྲུས་པའི་གོས་ཀྱང་སློབ་དཔོན་ཉིད་ལ་དབུལ་བར་བྱའོ། །འདིར་གསུངས་པ། གཤིན་པོ་ལ་དམིགས་གང་ཅུང་ཟད། །རྩ་ལག་རྣམས་ཀྱིས་ [38a.2]སློབ་དཔོན་སྦྱིན། །དེ་ཡིས་མཐོ་རིས་ལམ་འགྲོ་བའི། །རྒྱགས་སུ་དེ་ལ་བྱིན་ཞེས་བྱ། །སྦྱིན་པ་དེ་ཡིས་དེ་ངེས་བར། །བདེ་བ་ཅན་གྱི་ས་རུ་འགྲོ། །སྟེང་གི་ལུས་ལྷན་བྱེད་པ་ནི། །དེ་ལ་དེ་ལྟར་ཀུན་བྱས་ན། །ངན་སོང་ཐམས་ཅད་སྤངས་ནས་ནི། །ངེས་པར་བདེ་བ་ཅན་དུ་འགྲོ། ། [38a.3]དེ་རྗེས་དེ་རུས་རྣམས་སྦྱང་བ། །ཞིབ་མོར་རྡོ་ལ་བཏགས་ནས་ནི། །ཤིན་ཏུ་རྒྱ་ཆེའི་ཆུ་བོ་ལ། །མཆོད་པ་བྱས་ཏེ་བཀུར་བར་བྱ། །ཡང་ན་ས་འཛིན་ཆེན་པོ་ནི། །མཐོན་པོའི་རྩེ་ལ་འཛེགས་ནས་སུ། །ཤིན་ཏུ་ཤུགས་དག་མཐུན་པ་ཡི། །རླུང་ལ་དེ་ནི་བསྐུར་བར་བྱ། [38a.4]གལ་ཏེ་བདེ་སྟེར་བདེ་ལྡན་བཞིན་དུ་ཤིན་ཏུ་ཡང་། །དྲག་པོའི་ལས་ཀྱི་དབང་གིས་མ་སོང་ནའང་། །ངེས་པར་འདི་ནི་ངན་པའི་འགྲོ་བ་སྤངས་ནས་སུ། །སུམ་ཅུ་པ་ཡི་གནས་སུ་ཡང་ནི་འགྲོ་བར་འགྱུར། །དཔལ་ལྡན་བཟང་པོའི་ཞབས་ཀྱི་པདྨ་ལས་ཐོབ་ཐ་མའི་ཆོ་གའི་མན་ [38a.5]ངག་གིས། །ཐ་མའི་ཆོ་གའི་སྒྲུབ་པ་འདི་ནི་དཔལ་ལྡན་གསང་བ་འདུས་པའི་གཞུང་དུ་བྱས། །གང་ཞིག་དཔལ་ལྡན་གསང་བ་འདུས་པར་མ་བསྟན་ཕྲིན་ལས་དེ་ཡི་ཁ་བསྐོང་ནི། །གང་ཞིག་དཔལ་ལྡན་ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་པའི་ཆོ་ག་ལ་ནི་བརྟེན། །ཐ་མའི་ཆོ་གའི་ [38a.6]མིང་གི་རྣམ་གྲངས་གཤིན་པོ་བདེ་བར་གཤེགས་པའི་གནས་ལ་འགོད་པ་ཞེས་བྱ་བ་པཎྜི་ཏ་དཔལ་ཏིང་ངེ་འཛིན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་ཕྱོགས་དབང་དགའ་བྱེད་ཀྱི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིས་བསྒྱུར་བའོ། ། [38a.7]{T1909}༄༅༅། །རྒྱ་གར་སྐད་དུ། ཏནྟྲ་རཱ་ཇེ་ཤྲཱི་གུ་ཧྱ་ས་མཱ་ཛ་ཊཱི་ཀཱ ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྣམ་པར་བཤད་པ། །སྙིང་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཐམས་ཅད་མ་ལུས་རྒྱལ་བའི་གཙོ། །སྐུ་གསུང་ཐུགས་དང་རབ་ལྡན་ཞིང་། ། [38b] [38b.1]ལྷ་མོའི་ཚོགས་བཅས་བདེ་ཆེན་ལ། །དད་པས་རྟག་ཏུ་ཕྱག་འཚལ་ཏེ། །གང་ཞིག་རིགས་ལམ་དག་པ་དང་། །གསང་འདུས་དག་ལ་དད་པ་རྣམས། །ད་ལྟར་དད་པའི་ལམ་དུ་ནི། །བདེ་བར་གཤེགས་པས་རྩ་བ་གསུངས། །དེ་ལ་བརྟེན་ཏེ་མགོན་པོ་ཡི། །སྐུ་གསུང་ཐུགས་ཀྱི་ [38b.2]གསང་བ་རྣམས། །རྣལ་འབྱོར་རྣམས་ཀྱིས་རྟོགས་བྱའི་ཕྱིར། །མ་ནོར་ཙམ་དུ་བཤད་པར་བྱ། །དེ་ལ་འདི་མགོ་མཇུག་ཏུ་ཕུན་སུམ་ཚོགས་པ་ལྔས་བསྟན་ཏེ། ལྔ་གང་ཞེ་ན། སྟོན་པ་དང་། སྡུད་པ་དང་། གནས་དང་། འཁོར་དང་། རྒྱུད་ཕུན་སུམ་ཚོགས་པའོ། །དེ་ལ་ [38b.3]སྟོན་པ་ནི། །བཅོམ་ལྡན་འདས་ཞེས་པ་ལ་མངོན་ནོ། །བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བས་ནི་སྡུད་པ་བསྟན་ཏོ། །གནས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནས། པདྨ་ལ་བཞུགས་སོ་ཞེས་པའི་བར་རོ། །བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་བ་ནས། གང་ [38b.4]བར་སྣང་ངོ་བའི་བར་གྱིས་འཁོར་བསྟན་ཏོ། །དེ་ཡང་དང་ལ་འདི་སྐད་ཅེས་བྱ་བས་ནི་རྒྱུད་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་སྐད་ཅེས་སྨོས་པས་འོག་ནས་འབྱུང་བའི་རྒྱུད་ཀྱི་དོན་མགོ་མཇུག་རྫོགས་པར་འདྲེན་པའི་ཕྱིར་རོ། །བདག་གིས་ཞེས་བྱ་བ་ནི་གཞན་དང་གཞན་ [38b.5]ནས་བརྒྱུད་པ་ལྟ་བུ་མ་ཡིན་པའི་དོན་ཏེ། རྡོ་རྗེ་ཆོས་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཀྱིས་གཞན་དང་གཞན་ནས་བརྒྱུད་པ་ལས་ཐོས་སོ་ཞེས་མི་སྦྱར་བའི་ཕྱིར་རོ།།དེས་ན་འདི་སྐད་ཅེས་བྱ་བ་ནས། །མངོན་པར་བསྟོད་དོ་བའི་བར་དག་གིས་མངོན་སུམ་དུ་ཐོས་སོ་ཞེས་སྟོན་ [38b.6]ཏོ། །དེ་ཡང་བདག་ཁོ་ནར་འཛིན་པ་ནི་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། །བརྗོད་ཀྱིས་མི་ལང་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚིག་དང་མི་མཐུན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐོས་པ་ནི་སྒྲར་སྣང་བའི་གསུང་གི་རྣམ་པས་སོ། །དེ་ལ་གཞན་དག་གིས་བརྒལ་བ། མངོན་པར་ [38b.7]རྫོགས་པར་སངས་རྒྱས་ཏེ་གཉིས་མེད་པ་ཉིད་པས། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་བྱ་བས་ཆོག་མོད། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་དགོས་ཆེད་མེད་དེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་དེ་བརྗོད་པར་རིགས་པའི་ཕྱིར་རོ། །དེ་ལྟར་མངོན་ [39a] [39a.1]སུམ་ན་བཞུགས་པའི་དུས་ན། འདི་སྐད་བདག་གིས་ཐོས་པ་ཞེས་བརྗོད་པ་འདི་དག་རིགས་པ་མ་ཡིན་ནོ་ཞེ་ན། ལན་དུ་རིགས་པ་ཡིན་ཏེ། རྒྱུད་ཐམས་ཅད་ཀྱང་འདི་སྐད་བདག་གིས་ཐོས་པ་ཞེས་གྲགས་ལ། སྟོན་པ་མྱ་ངན་ལས་འདས་སོ་ཞེས་ནི་རྒྱུད་གཞན་ [39a.2]གང་ལས་ཀྱང་མ་གསུངས་སོ། །ཡང་དེ་ལ་དགོས་ཆེད་ཅི་ཡོད་ཅེ་ན། རྒྱུད་འདི་ལས་ཕྱིར་གྱུར་པ་གཞན་དག་ཅི་སྟེ། འདྲི་བ་པོ་ཅིག་མེད་ན་རྒྱུད་འདི་དག་ཇི་ལྟར་འབྱུང་བར་འགྱུར་ཞེས་རྣམ་པར་རྟོག་སྟེ། དེ་དག་བསལ་བའི་ཕྱིར་ཞེས་སྐབས་དང་སྦྱར་རོ། །དེའི་ཕྱིར་འདུལ་བའི་ [39a.3]ཐབས་ཀྱིས་གཅིག་དང་དུ་མའི་ངོ་བོར་སྟོན་ཏེ། ཇི་སྐད་དུ། རྣམ་དག་སྐུ་སྟོན་མ་ཡིན་ཏེ། །ལོག་འགྲོ་རྟོག་པ་ཐམས་ཅད་ལ། །སོ་སོར་འདུལ་བའི་སྐུར་ཡང་སྟོན། །ཞེས་གསུངས་པ་ལྟ་བུའོ། །དེ་དག་གིས་ཕྱོགས་རྣམས་སུ་འདུལ་བ་རྣམ་པ་བཞིས་འགྲོ་བའི་དོན་མཛད་པ་ནི་འདི་ [39a.4]སྐད་དུ། །བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་བསྟན་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པར་གསུངས་པ་དང་། རྫུ་འཕྲུལ་གྱི་སྤྱན་ལ་སོགས་པ་ [39a.5]དྲུག་དང་། ཀུན་དུ་སྐུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་བཞི་དང་། དེ་དག་ལ་སོགས་པར་སྣང་ངོ་། །དེ་ཡང་ཆུ་སྣོད་ཀྱི་གཟུགས་བརྙན་བཞིན་ནོ། །དེ་ཡང་གདུལ་བྱའི་དབང་གིས་ལྷ་དང་མིའི་ཐེག་པ་ལ་སོགས་པ་ལྔ་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ་ཞེས་ [39a.6]གྲགས་པ་བཞིན་ནོ། །དུས་གཅིག་ན་ཞེས་བྱ་བ་ནི་དེའི་ཚེ་ན་ཞེས་བྱ་བར་སྦྱར་ཏེ། འདི་ནི་འདིའི་དུས་གཅིག་ན་གཞན་ནི་གཞན་གྱི་དུས་གཅིག་ན་བྱ་བ་ལྟ་བུ་མ་ཡིན་ཏེ། འདི་ལྟར་དུས་མཚོན་པ་ཡང་དུས་གསུམ་ལ་སོགས་པ་དུས་ངེས་པར་བསྟན་པ་ནི་མ་ཡིན་པའི་ཕྱིར་རོ། ། [39a.7]བཅོམ་ལྡན་འདས་ཞེས་བྱ་བ་ནི་ཤེས་རབ་ཀྱིས་བདུད་བཞི་བཅོམ་པ་དང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཞེས་ཏེ་བྱང་ཆུབ་སེམས་རྡོ་རྗེའོ། །ཡང་འདིར་དགྱེས་པའི་གནས་ན་བཞུགས་པའི་ཕྱིར་ཡང་དེ་སྐད་ཅེས་བྱ་ལ། ཡེ་ཤེས་ཀྱི་རང་བཞིན་ལ་ [39b] [39b.1]བཅོམ་ཞེས་གསུངས་ཏེ། དེ་རྣམས་དང་གང་ལྡན་པ་དེ་དེ་ལྟར་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལ་སོགས་པས་བླ་ན་མེད་པའི་ཆོས་བསྟན་པ་དང་རྗེས་སུ་མཐུན་པའི་རྟེན་གྱི་ཁྱད་པར་གསུངས་སོ། །བཤད་པ་དེ་བཞིན་གཤེགས་པ་ནི་ཇི་ལྟར་སྐྱེས་པ་བཞིན་སྐྱེས་ [39b.2]པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ཇི་ལྟར་ཞེ་ན། ཕ་དང་མ་གཉིས་ཐོག་མ་མེད་པའི་དུས་ནས་འདོད་ཆགས་དང་ལྡན་པའི་དབང་གིས་ཕོ་མོ་ཕྲད་པར་གྱུར་ནས། དེ་ཉིད་རྣམ་པར་སྦྱངས་ནས་ཡང་དག་པའི་ལམ་དུ་འགྲོ་བའི་ཕྱིར་ན་དེ་དེ་བཞིན་གཤེགས་པ་ཞེས་བྱའོ། །ཡང་ཇི་ལྟར་ [39b.3]འོངས་པ་བཞིན་འགྲོ་བའི་ཕྱིར་དེ་བཞིན་གཤེགས་པ་སྟེ། དཔེར་ན་ཟངས་དང་གསེར་ལ་སོགས་པ་རྫས་ཀྱི་དངོས་པོ་གཅིག་ལ། ངན་སྣོད་དུ་བྱས་པའི་ཚེ་ན་མི་གཙང་བར་འཛིན་ཅིང་འདོར་བར་བྱེད། དེ་གཞོང་པ་ལ་སོགས་པར་བྱས་པའི་ཚེ་ན་གཙང་བར་བྱེད་ཅིང་བླང་བར་བྱེད། དེ་སྐུ་གཟུགས་ལ་སོགས་ [39b.4]པར་བྱས་པའི་ཚེ། ཕྱག་འཚལ་ཞིང་མཆོད་པར་བྱེད་དོ། །དེ་བཞིན་དུ་འཁོར་བའི་རྒྱུ་ལ་དང་པོ་བརྒྱད་དང་དགུ་པ་དང་བཅས་པར་སྤྱད་པའི་དུས་ན་ནི་སྨད་ཅིང་སྤང་བར་བྱ་བ་ཡིན་ལ། དེ་ཉིད་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་རྣམ་པར་སྦྱངས་པའི་དུས་ན་ནི་སྐུ་འགྲུབ་པར་བྱེད་པའི་ལོངས་ [39b.5]སྤྱོད་ཀྱི་གནས་ཀྱང་ཡིན་ལ། དེ་ལྟར་ཟུང་དུ་འབྲེལ་པའི་གོམས་པའི་དབང་གིས་འབྲས་བུ་ཉིད་མངོན་པར་འགྲུབ་པར་བྱེད་དོ། །འདོད་ཆགས་ལ་སོགས་པ་ཆོས་ལྔ་པོ་འདི་དག་ཀྱང་། དང་པོའི་ཚུལ་ལྟར་སྤྱད་ན་ངན་སོང་གི་རྒྱུ་ཡང་ཡིན། དེ་ཉིད་རྣམ་པར་དག་པར་བསྒོམས་ན་ཐམས་ [39b.6]ཅད་མཁྱེན་པའི་ཡེ་ཤེས་སྐྱེ་བའི་རྒྱུ་ཡང་པས་ཉེས་པར་མི་འགྱུར་ཏེ། དེའི་ཕྱིར་དེ་སྐབས་དང་སྦྱར་རོ། །དེ་ལ་སྒྲ་མང་དུ་ཅི་དགོས་ཤེ་ན། དོན་ངེས་པར་བསྟན་པ་འདི་ཡིན་པའི་ཕྱིར་རོ། །དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་གསང་བ་སྟེ། གཞན་གྱི་སྤྱོད་ཡུལ་མ་ཡིན་པས་སོ། །དེ་ [39b.7]རྣམས་ཁོ་ན་སྙིང་པོའི་ས་བོན་ཡིན་ནོ། །རྡོ་རྗེ་ནི་མི་ཕྱེད་པའི་མཚན་ཉིད་དོ། །དེའི་བཙུན་མོ་ནི་ཕྱག་རྒྱའི་དོན་ཏོ། །བྷ་ག་ལ་ཞེས་པ་ནི་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་དེའི་པདྨའི་གནས་ན་བཞུགས་པར་སྟོན་ཏོ། །སོ་སོར་སྣང་བའི་འབྱུང་བ་ངེས་པར་འབྲེལ་པ་ཉིད་ཀྱི་ཕྱིར་ན། གཅིག་ལ་ཡང་ [40a] [40a.1]ཆོས་ཀྱི་འབྱུང་གནས་ལ་སོགས་པ་མང་པོའི་ཚིག་ཡིན་ནོ། །དེ་བཞུགས་ཞེས་པ་དང་འབྲེལ་ཏོ། །བཞུགས་པའི་སྒྲ་ནི་རྣམ་པར་གནས་སོ་པའི་དོན་ཏོ། །འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ། འདོད་ཆགས་ལ་སོགས་པའི་ཐབས་ཀྱིས་ [40a.2]འདོད་ཆགས་ལ་སོགས་པ་མངོན་པར་བྱང་ཆུབ་པའི་རང་བཞིན་རྣམས་བྱ་བ་དེ་ཁོ་ན་དེའི་བཞུགས་པ་རང་གི་ལས་ཡིན་ནོ། །འབྱུང་བ་གཙོ་བོར་གྱུར་པ་ནི་མ་ཡིན་ཏེ། འདས་པ་ལ་སོགས་པ་ཡང་དེ་ལྟར་ཉིད་དུ་དེས་ཡང་དག་པར་རིག་པའི་ཕྱིར་རོ། །གང་དག་དང་བཞུགས་པ་ནི་བརྗོད་ [40a.3]དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་སོགས་པ་དང་སྟེ། བཤད་པ་གྲངས་དང་གྲངས་ལས་འདས་པའི་དོན་དུ་བསྟན་པ་ཡིན་ཏེ། དེའི་ཕྱིར་གཟུགས་དང་ཡོན་ཏན་བརྗོད་དུ་མེད་པར་བསྟན་པ་དེས་ནི་དེ་རྣམས་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་མོ་ [40a.4]སྙེད་ཅེས་པ་ནི། རབ་ཏུ་མང་པོའི་དོན་ཏེ་གྲངས་མེད་པའི་ཕྱིར་རོ། །བྱང་ཆུབ་ནི་ཕྱག་རྒྱ། སེམས་དཔའ་ནི་འདོད་པ། །ཆེན་པོ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ལ་གནས་སོ་བའི་ཐ་ཚིག་གོ། །སེམས་ཅན་གྱི་དོན་ལ་འཇུག་པའི་ཕྱིར་དེ་རྣམས་དང་ཐབས་ [40a.5]ཅིག་ཏུ་བདག་གིས་ཐོས་སོ་ཞེས་པའི་དོན་ཏོ། །དེ་སྐད་ཅེས་བསྡུས་པའི་དོན་དུ་བསྟན་མོད་ཀྱི། དེ་ལ་གང་གང་བཞུགས་པ་བསྟན་པའི་ཕྱིར། འདིར་སོ་སོའི་མཚན་ཡང་གསུངས་སོ། །འདི་ལྟ་སྟེ་ཞེས་པ་ལ་སོགས་པས་ནི། ཉེ་བར་མཚོན་པའི་ [40a.6]ཚིག་སྟེ། དེ་རྣམས་ཀྱི་ནང་ནས་རྒྱུའི་སྒོ་ནས་ཉེ་བར་ཤེས་པའི་རྣལ་འབྱོར་པ་རྣམས་ལ་འགའ་ཞིག་བརྗོད་པ་ཡིན་ནོ། །རྒྱུད་ལས་མིག་རྣམ་པར་དག་པ་དང་རྣ་བ་རྣམ་པར་དག་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ནི་དཀྱིལ་འཁོར་གྱི་ལྷ་ཁོ་ན་མ་ཡིན་ཏེ། འདིར་རང་གི་ཕྱག་མཚན་ [40a.7]དང་། ཏིང་ངེ་འཛིན་གྱི་ངོ་བོ་དང་། སྤྱན་དྲང་བའི་སྔགས་ལ་སོགས་པ་གསུངས་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་དེ་བརྗོད་ཀྱིས་མི་ལ་རབ་ཡིན་ཞེ་ན། བདེན་ཏེ་དེ་ལྟར་ཡིན་ཡང་དེ་རྣམས་རེ་རེ་ཡང་གྲངས་མེད་པ་ཉིད་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རང་རང་གི་དཀྱིལ་འཁོར་གྱི་ལྷའི་དབང་དུ་ [40b] [40b.1]བྱས་ནས་གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེས་མངོན་དུ་བྱས་པ་དེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་ན། དེ་དག་ལ་སོགས་པའི་ཞེས་པ་ནི། རྡུལ་ཕྲ་མོ་སྙེད་ཀྱི་གྲངས་ཏེ། ངེ་རྣམས་ནི་གཙོར་བརྗོད་པར་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་རྡུལ་སྙེད་པའི་འཁོར་ལོ་སྨོས་ན་ཡོད་པ་ཉིད་པས་ [40b.2]འདིར་མ་སྨོས་ཀྱང་། སྐུ་མདོག་དང་ཕྱག་མཚན་དང་སྔགས་དང་སྤྱན་དྲང་བ་ལ་སོགས་པ་རྒྱུད་གཞན་ནས་འབྱུང་དགོས་ཏེ། དེ་འཁོར་ལོ་མཐུན་པའི་རིགས་སུ་བསྐོར་དགོས་པས། སེམས་ཅན་གྱི་ཐབས་ཀྱི་དོན་མི་འགྲུབ་པར་མི་འགྱུར་ཞེ་ན། འགྱུར་ཏེ་གཙོ་བོ་ནི་གཅིག་ཁོ་ན་ཡང་ [40b.3]ཀུན་དང་ལྡན་ཞེའོ། །ད་ནི་གཙོར་བརྗོད་པ་རྣམས་བསྟན་ཏེ། དེ་ལ་དམ་ཚིག་རྡོ་རྗེ་ཞེས་ཐོག་མར་སྨོས་ཅི་དགོས་ཤེ་ན། ལྷ་རྣམས་མཉེས་པའི་རྒྱུ་དམ་ཚིག་གིས་བྱེད་པའི་ཕྱིར་རོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། དོན་རྣམ་པ་གཉིས་ཏེ། ཕྱི་དང་ནང་ངོ་། །ཕྱི་ནི་འཇིག་རྟེན་པའི་བསྲུང་བ་རྣམས་སོ། ། [40b.4]ནང་གི་ནི་རྟག་ཏུ་དག་པའི་སེམས་ལ་སོགས་པ་ལྔ་དང་། ཤ་ལྔ་བཟའ་བ་དང་། གཞན་ལས་དབྲོག་པ་དང་། རྨང་དུ་བྱུང་བས་གསོད་པ་ལ་སོགས་པ་ནི་དམ་ཚིག་སྡོམ་པ་ཡིན་ནོ། །བཤད་པ་དམ་ཚིག་ནི་ཡུལ་ལ་ཡུལ་ཅན་གཉིས་སུ་མེད་བའི་རྡོ་རྗེ་ནི་དམ་ཚིག་སྟེ་མིག་སའི་ [40b.5]སྙིང་པོའོ། །ཆོས་འདིའི་རྟགས་ཀྱིས་ཀྱང་གོང་དུ་བྱུང་བའི་སྒྲས། སེམས་དཔའ་དང་པོའི་རྣམ་པ་ཁོ་ནར་ཏིང་ངེ་འཛིན་འདི་རྣམ་པར་བཤད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ནི་མངོན་དུ་བྱས་ནས། ད་ནི་དེ་ལྟར་དམ་ཚིག་བསྲུངས་ནས་སྐུ་འགྲུབ་པར་བྱ་བའི་ [40b.6]ཕྱིར། སྐུ་རྡོ་རྗེ་སྨོས་སོ། །སྐུ་གྲུབ་དང་ཚིག་ཀྱང་དགོས་ཏེ། སྐུ་གསུང་ཐ་མི་དང་པར་བསྟན་པའི་ཕྱིར། །གསུང་རྡོ་རྗེ་སྨོས་སོ། །དེ་ལྟར་ཚིག་གྲུབ་ནས་སེམས་དཔྱོད་པར་བྱེད་དེ། སེམས་ནི་རང་བཞིན་དང་བྲལ་བར་ཡང་མཁྱེན་ལ། མི་གཉིས་པར་རིག་སྟེ། དེའི་ཕྱིར་ཐུགས་ [40b.7]རྡོ་རྗེ་སྨོས་སོ། །སྐུ་གསུང་ཐུགས་དེ་ཉིད་ཏིང་ངེ་འཛིན་མེད་པར། སངས་རྒྱས་ཀྱི་སྐུ་དང་གཉིས་སུ་མེད་པ་མི་འགྲུབ་པས། དེའི་ཕྱིར་ཏིང་ངེ་འཛིན་རྡོ་རྗེ་སྨོས་སོ། །དེ་ལྟར་ཏིང་ངེ་འཛིན་ཐོབ་ནས། གང་གིས་སེམས་མངོན་པར་དགའ་བར་བྱ་བ་དེ་རྒྱལ་བར་བསྟན་པའི་ཕྱིར། [41a] [41a.1]རྒྱལ་བ་རྡོ་རྗེ་སྨོས་སོ། །དེ་བཤད་པ། ལུས་རྡོ་རྗེ་ལ་སོགས་པ་རྣམ་པ་ལྔའི་སྒྲས་ཕྱག་ན་རྡོ་རྗེ་ལ་སོགས་པ་ལྔའི་རྣམ་པ་ཁོ་ནར་འབྱུང་བས། ཏིང་ངེ་འཛིན་འདི་རྣམས་བཤད་པ་ཡིན་ཏེ། དེ་སྒྲ་རྣམས་ཀྱི་རྟགས་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ཕྱག་ན་རྡོ་རྗེ་ [41a.2]དང་ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། རྡོ་རྗེ་སེམས་དཔའ་རྣམས་གོ་རིམས་བཞིན་དུ་གསུངས་པ་ཡིན་ཏེ། དེ་རྣམས་ནི་ནང་གི་སྐྱེ་མཆེད་ཀྱི་བདག་ཉིད་གནས་པ་དང་། གཅོད་པའི་རིམ་པ་བཞིན་དུ་རྣམ་པར་དག་ [41a.3]པ་ཉིད་ཀྱི་ཕྱིར་ན་ཉེ་བར་བསྒྲུབ་པ་ལ་རྣལ་འབྱོར་པའི་དེ་རྣམས་བྱིན་གྱིས་བརླབས་པ་ཁོ་ན་ཡིན་ནོ། །དེ་ལྟར་བསྒོམས་པའི་འབྲས་བུ་ནི། འཕྲུལ་གྱི་མིག་ལ་སོགས་པ་མངོན་པར་ཤེས་པ་དྲུག་སྐྱེད་པར་བྱེད་དོ། །གལ་ཏེ་ཐོག་མར་བྱུང་བའི་སྒྲས་དོན་ཡོད་གྲུབ་པ་ལ་སོགས་པ་ [41a.4]ཡིན་ནོ་ཞེ་ན། མ་ཡིན་ཏེ་རིགས་ཀྱི་མཚན་འོག་ནས་མངོན་དུ་བརྗོད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའི་ལེའུ་ལ་དེ་བཞིན་གཤེགས་པར་མི་རུང་བའི་ཕྱིར་རོ། །ད་ནི་རིགས་ཀྱི་ཡུམ་རྣམས་གསུངས་པ། ས་རྡོ་རྗེ་ལ་སོགས་པ་ལྔའི་སྒྲས་བྱང་ཆུབ་སེམས་ལྷུན་གྱིས་གྲུབ་ [41a.5]པ་ལས་ཆོས་ལྔ་པོ་འདི་དག་སྐྱེད་པར་བྱེད་དེ་ལྔ་ནི་ས་ལ་སོགས་པ་ལྔའོ། །ཇི་ལྟར་སྐྱེད་པར་བྱེད་ཅེ་ན། དེ་ཡང་གོ་རིམས་བཞིན་བཤད་ན་སའི་ཁམས་ནི་སངས་རྒྱས་སྤྱན། ཆུའི་ཁམས་ནི་རྒྱལ་བའི་ཡུམ། མེའི་ཁམས་ནི་ན་བཟའ་དཀར་མོ། རླུང་གི་ཁམས་ནི་ [41a.6]འཕགས་མ་སྒྲོལ་མ། ནམ་མཁའི་ཁམས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ལ་ནམ་མཁའ་རྡོ་རྗེ་ནི་དེ་བཞིན་ཉིད་དང་གཞལ་ཡས་ཁང་བརྩེགས་པ་ལ་སོགས་པ་རྟེན་དང་རྟེན་ཅན་གྱི་ངོ་བོ་ཉིད་རྣམས་ལ། རྣམ་པར་དག་པའི་དོན་བསྟན་པ་ཡིན་ཏེ། རང་བཞིན་ [41a.7]གྱིས་ཡིན་པའི་ཕྱིར་རོ། །དེ་ནམ་མཁའ་བཞིན་ནོ། །ནམ་མཁའི་དངོས་པོའི་རྐྱེན་དང་ལྡན་པའི་རྡོ་རྗེ་ནི་སྒྲིབ་པ་མེད་པར་སྣང་བའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་རྣམ་པར་དག་པའི་དོན་ཏེ། དེའི་ཕྱིར་ཡང་རྡོ་རྗེ་འཛིན་པ་ཡོངས་སུ་འདོད་པ་ནི་མ་ཡིན་ཏེ། བཞུགས་ [41b] [41b.1]སོ་ཞེས་འབྱུང་བས། རྡོ་རྗེ་སེམས་དཔའ་ཁོ་ནར་གསུངས་པའི་ཕྱིར་དང་། དེའི་ཕྱིར་བདག་ཉིད་དང་ཐབས་ཅིག་ཏུ་བཞུགས་པ་མི་འབྱོར་བའི་ཕྱིར་རོ། །འདིར་རྣམ་པར་བསྒྱུར་བར་བྱས་ཀྱང་མི་དགག་སྟེ། འདུས་བྱས་ཀྱི་མཚན་ཉིད་གནས་པ་ལ་སོགས་པ་བཞིན་ནོ། །གང་དུ་ [41b.2]ཡང་ནང་གི་ནམ་མཁའ་ཉིད་རྡོ་རྗེ་འཛིན་པ་ཞེས་བརྗོད་དོ། །མངོན་དུ་སེམས་དཔའ་རྣམས་བརྗོད་ནས་དེའི་དོན་གྱིས་གསུངས་པ་ནི་གཟུགས་རྡོ་རྗེ་ལ་སོགས་པ་སྟེ་ཡུལ་དུ་གྱུར་པའི་གཟུགས་དང་སྒྲ་དང་དྲི་དང་། རོ་དང་རེག་དང་ཆོས་ཀྱི་རང་བཞིན་གྱི་གོ་རིམས་བཞིན་དུ། གཟུགས་ཀྱི་རྡོ་རྗེ་མ་ [41b.3]ལ་སོགས་པའི་ལྷ་མོ་དྲུག་ཀྱང་གསུངས་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་དྲུག་ཀྱང་དེ་ལྟར་རོ། །དེ་དག་གི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་སྔོན་དུ་ཡང་བཏང་སྟེ་གོ་སླ་བས་མ་བཤད་དོ། །དེ་དག་ལ་སོགས་པའི་སྒྲས་གཙོ་བོར་བརྗོད་པར་མངོན་ཏེ། གཙོ་བོ་ཉིད་ཀྱིས་ཐམས་ཅད་བརྗོད་དུ་མི་ལང་ [41b.4]བ་ཞེས་པའི་དོན་གསུངས་སོ། །དེ་ལྟར་རྡུལ་ཕྲ་མོ་སྙེད་ཅེས་བྱ་བ་ནི་གྲངས་མེད་པའི་ཉེ་བའི་དཔེ་བསྟན་ཏོ། །དེ་དག་ནི་འཁོར་གྱི་རང་བཞིན་ཏེ། དང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །ད་ནི་དེ་བཞིན་གཤེགས་པ་རྣམས་བསྟན་ཏེ། དེ་ལ་དེ་བཞིན་གཤེགས་པ་ནི་སྔོན་དུ་བྱས་པ་སྟེ་གོ་སླ་བས་སོ། ། [41b.5]དེ་ཡང་ཚད་ཇི་ཙམ་ཞེ་ན། ནམ་མཁའི་དབྱིངས་དང་མཉམ་པ་ཞེས་འབྱུང་མོད་ཀྱི། རེ་ཞིག་མི་བསྐྱོད་པ་ལ་སོགས་པ་རང་རང་གི་དབང་དུ་བྱས་ནས་གཙོ་བོ་ཙམ་ཞིག་བསྟན་པ་ཡིན་ནོ། །འདིར་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ལྔའི་སྒྲས་ནི་བདག་གི་ཞེ་སྡང་ལ་སོགས་པ་དང་། རྣམ་ [41b.6]པར་ཤེས་པའི་ཕུང་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་བསྟན་ཏེ། འདི་སྐད་དུ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པས་དེ་དག་རྣམ་པར་དག་པས་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། དཀོན་མཆོག་དཔལ་དང་། ཚེ་དཔག་ཏུ་མེད་པ་དང་། གདོན་མི་ཟ་བ་སྟེ། གཉིས་སུ་མེད་པ་ [41b.7]དང་ལྡན་པའི་ལྷ་རྣམས་གོ་རིམས་བཞིན་དུ་བཤད་དོ། །རྡོ་རྗེ་མི་བསྐྱོད་པ་ནི་གང་དག་ཞེ་སྡང་དང་རྣམ་ཤེས་ལྡན་པའི་སེམས་དེའི་ངོ་བོར་གནས་པར་བསྟན་ཏོ། །གང་དག་གཏི་མུག་དང་དེའི་ཟླར་བྱས་པ་རྣམས་ལ། རྡོ་རྗེ་རྣམ་པར་སྣང་མཛད་དེའི་ངོ་བོར་གནས་པར་བསྟན་ཏོ། །དཀོན་མཆོག་ [42a] [42a.1]82 དཔལ་ནི། གང་དག་ང་རྒྱལ་དང་དེའི་ཟླར་བྱས་པ་ལྡན་པ་རྣམས་ལ། རིན་ཆེན་དཔལ་དེའི་ངོ་བོར་གནས་པར་བསྟན་ཏོ། །རྡོ་རྗེ་འོད་དཔག་ཏུ་མེད་པ་ནི་གང་དག་འདོད་ཆགས་དང་དེའི་ཟླར་བྱས་པ་ལྡན་པ་རྣམས་ལ་དེའི་ངོ་བོར་གནས་པར་བསྟན་ཏོ། །གང་དག་ཕྲག་དོག་ [42a.2]དང་དེའི་ཟླར་བྱས་པ་ལྡན་པ་རྣམས་ལ། རྡོ་རྗེ་གདོན་མི་ཟ་བར་གྲུབ་པ་དེའི་ངོ་བོར་གནས་པར་བསྟན་ཏོ། །འདིར་ཡང་སོགས་པའི་སྒྲས་གཙོར་བརྗོད་པར་བསྟན་པ་ཡིན་ནོ། །དེ་ལ་ནམ་མཁའི་དབྱིངས་ཐམས་ཅད་ཅེས་བྱ་བ་ནི་དེ་རྣམས་ཀྱིས་བརྗོད་ཀྱིས་མི་ལང་བའི་དོན་གསུངས་པ་ [42a.3]ཡིན་ཏེ། ཉེ་བར་མཚོན་པའི་ཕྱིར་རོ། །ཏིལ་འབྲུ་ཇི་ཙམ་པ་བཞིན་དུ་ཏིལ་མར་གྱིས་ཁྱབ་སྟེ། དེ་དང་འདྲ་བར་ནམ་མཁའི་དབྱིངས་ཇི་ཙམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱབ་པར་སྣང་བར་གྱུར་ཏོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཐམས་ཅད་སྤྲུལ་ནས་ [42a.4]བཞུགས་སོ་བའི་ཐ་ཚིག་གོ། །དེ་ལྟར་གཞིར་གནས་ཀྱི་དངོས་པོ་ནམ་མཁའ་རྡོ་རྗེ་མ་གཏོགས་པར་སྔོན་དུ་བྱས་པའི་རྩ་གཅིག་དང་། དང་བོ་བཞིའི་དང་། བཞི་པ་ལས་གསུངས་པའི་སྔགས་དང་། དམ་ཚིག་གི་ཕྱག་རྒྱ་རྣམས་འབྱུང་བའི་ཕྱིར་ན་ཁྲོ་བོ་བཞི་ཡིན་ཏེ། དེ་ལྟར་རྩ་ལྔར་ [42a.5]མངོན་ནོ། །གཞན་དག་མ་ཡིན་ཏེ། གདོན་མི་ཟ་བར་འགྲུབ་པ་ཉིད་ཀྱི་ཕྱིར་དང་། རྒྱུ་ཉེ་བར་མི་སྦྱོར་བའི་ཕྱིར་རོ། །དེ་དག་གི་དོན་ནི་འདི་སྐད་དུ་སྔོན་དུ་རིམ་བཞིན་དུ་གསུངས་ནས། དེའི་རྗེས་སུ་མངོན་པར་རྟོགས་པ་རབ་ཏུ་དཀྲུགས་ནས་བསྟན་པ་མ་བྱས་ན། ཤེས་པས་རྒྱགས་པ་ [42a.6]རྣམས་ཀྱིས་ང་རྒྱལ་གསལ་བར་བྱེད་པ་དང་། བླ་མ་དང་སོ་སོར་འབྲེལ་པས་འགྲུབ་པོ་ཞེས་སྟོན་པས། མངོན་པར་རྟོགས་པ་དཀྲུགས་ནས་བཤད་པ་ཡིན་ནོ། །ད་ནི་བསྐྱེད་པའི་རིམ་པ་ལས་འོངས་པ་མ་ཡིན་ཏེ། འགྲོ་བ་རྣམས་སྐལ་བ་ཐོབ་པའི་མཚན་མ་གསང་བའི་དཀྱིལ་ [42a.7]འཁོར་དུ་དབང་བསྐུར་བའི་སྤྲུལ་པའི་ཆེད་དུ་ཐབས་དང་ཤེས་རབ་དགའ་བར་བྱ་བ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་ཚིག་བཞི་བས་སོ། །དེ་ལ་ཚིག་རྣམས་སྔོན་དུ་བྱས་ཏེ་རྣམ་པར་སྣང་མཛད་ནི་རྣམ་པར་སྣང་བར་མཛད་པས་ན་དེ་སྐད་ཅེས་བྱ་སྟེ་དོན་དུ་ན་བྱང་ཆུབ་ཀྱི་ [42b] [42b.1]སེམས་རྡོ་རྗེའོ། །ཆགས་པར་བྱེད་པ་དང་། ཆགས་པར་བྱས་པ་གཉིས་སོ་སོར་ཆགས་པ་ལ་འདོད་ཆགས་ཆེན་པོ་སྟེ། དེ་ལ་གནས་པའི་ཡོན་ཏན་གྱི་རྣམ་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་ལྡན་པའི་སེམས་ལ་ཡང་འཁྲིལ་བའི་ཚུལ་གྱིས་ཏིང་ངེ་འཛིན་དང་གང་ལྡན་པ་དེ་རྡོ་རྗེ་ [42b.2]འཛིན་པའི་རྣམ་པ་ཁོ་ནར་བཞུགས་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་སེམས་ཀྱང་ཐབས་དང་ཤེས་རབ་ཀྱི་རང་ཉིད་དུ་འཁྲིལ་བའི་དོན་ཏོ། །དེ་ལྟ་བུའི་དོན་ལ་སྙོམས་པར་ཞུགས་ནས་ཤེས་རབ་མ་དགའ་བར་མཛད་པའི་དོན་དུ་འཁོར་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་ [42b.3]དེ་ཞེས་པ་ནི་རྡོ་རྗེ་འཛིན་པས་ཀྱང་གསང་སྔགས་ཀྱི་འདུལ་བའི་ཐབས་ཀྱིས་བསྒྲུབ་པ་ཤེས་པ་ཉིད་ཀྱིས་ཤེས་རབ་མ་དགའ་བར་མཛད་དོ། །བུད་མེད་ལ་ནི་སྐྱེ་བོ་ཕལ་པོ་ཆེ་འདོད་ཆགས་ཕལ་པ་དང་ལྡན་པས་ཀྱང་དགའ་བར་བྱས་སོ། །དེས་ཀྱང་འདིར་དེ་དག་མངོན་ནོ། །གཞན་དག་ནི་གཞན་དུ་ [42b.4]འཆད་དེ་འདི་སྐད་དུ་རྩ་བ་ལས་གསུངས་པའི་ཚིག་དང་པོ་ཡིས་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་བསྐྱེད་པའི་ཕྱིར་ཞེས་འཆད་དོ། །དེ་དག་ནི་རྡོ་རྗེ་འཛིན་པ་དེ་གཟུགས་ལ་སོགས་པ་ནི་སྐྱེ་བ་མེད་ཅིང་། ཕྱི་ནང་གི་གཟུགས་དང་མི་འབྲལ་བའི་ཕྱིར་རིགས་པ་མ་ཡིན་ནོ། །སེམས་ཅན་རྣམས་གཟུང་ [42b.5]པའི་དོན་དུ་ཡང་ཉིད་ཀྱི་སྐུ་བུད་མེད་དུ་སྤྲུལ་ནས་གཙོ་བོ་མཉེས་པར་བྱ་བའི་ཕྱིར་སྐུ་ལས་བྱུང་བ་ནི་དེ་ནས་ཞེས་པ་ལ་སོགས་པས་གསུངས་སོ། །དེ་དག་ནི་གོ་སླ་བས་སོ། །དེ་ལ་ལ་ལ་ནི་སངས་རྒྱས་སྤྱན་ལྟ་བུ་ཞེས་བྱ་བ་ནི་དེ་ལ་སངས་རྒྱས་ནི་རྣམ་པར་སྣང་མཛད་ཅེས་པའི་དོན་དུ་ཤེས་པར་ [42b.6]བྱའོ། །དེ་ཡང་རང་རང་གི་མདོག་དང་ལྡན་པ་རྣམས་ཏེ། ལ་ལ་སྤྱན་ལྟ་བུ་ལ་སོགས་པ་རྣམས་སོ། །ལ་ལ་ནི་མཱ་མ་ཀཱི་ལ་སོགས་པ་རང་རང་གི་རིགས་དང་རྗེས་སུ་མཐུན་པའི་གཟུགས་དང་། ལ་ལ་ནི་གོས་དཀར་མོ་ལྟ་བུ་མདོག་དམར་མོ་དང་ལྡན་པ་དང་། ལ་ལ་སྒྲོལ་མ་ལྟ་བུ་ [42b.7]མདོག་སེར་མོ་དང་ལྡན་པ་དང་། ལ་ལ་ནི་རེག་གི་ངོ་བོ་ལྟ་བུ་རང་གི་མདོག་ལྗང་གུ་དང་ལྡན་པ་དང་། དེ་དག་ལ་སོགས་པ་རང་རང་གི་གཟུགས་དང་མདོག་ལ་སོགས་པ་ཇི་ལྟར་སྦྱོར་བ་ལྟ་བུར་ཕྱུང་སྟེ་གནས་པ་དང་འཇུག་པར་བྱའོ་ཞེས་འགྲུབ་པོ། །དེ་ཡང་འདི་སྐད་དུ་ལེའུ་བཅོ་བརྒྱད་ [43a] [43a.1]པ་ལས། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །ཡེ་ཤེས་འཁོར་ལོའི་ཀུན་བསྡུས་ནས། །བུད་མེད་རྣམ་དགུ་སྤྲུལ་ནས་ཀྱང་། །བསྒྲུབ་བྱའི་ལུས་ལ་དགོད་པར་བྱ། །ཞེས་གསུངས་སོ། །ད་ནི་རྣམ་པར་དག་པ་བསྟན་པའི་ཕྱིར་གདུལ་བྱ་རྣམས་ཀྱི་དོན་དུ་དེ་ནས་ [43a.2]དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་སྨོས་ཏེ། དེ་ལ་བྷ་ག་ནི་ས་བོན་གྱི་གནས་ཡིན་པའི་ཕྱིར་ན། དེ་དག་གི་བཞུགས་གནས་ཏེ་བུད་མེད་ཀྱི་བྷ་ག་ཉིད་དོ། །གང་དང་ཡང་འབྲེལ་པའི་ཕྱིར། གཅིག་ལ་དུ་མར་མངོན་ནོ། །གོང་དུ་རྒྱལ་བ་རྣམས་བཞུགས་བ་རང་གི་སྒོ་རྣམ་བྱས་ [43a.3]ནས་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུ་གནས་ནས་ཕྱུང་བ་ནི་དམ་ཚིག་ཆེན་པོ་སྟེ་དཀྱིལ་འཁོར་ནི་དེ་ལས་གྱུར་པའོ། །མཉམ་པ་དང་ཁྱབ་པ་དང་རྒྱས་པའི་ཕྱིར་ན་གྲུ་བཞི་སྟེ་གསལ་བ་ཡང་དེའི་ངོ་བོ་ཉིད་ཀྱང་དེ་བས་གསལ་བའི་ངོ་བོ་སྟེ། རྟེན་ཉིད་སྒྲིབ་པ་མེད་ཅིང་ཡེ་ཤེས་ཀྱིས་ཐོགས་པ་མེད་ [43a.4]པའི་ཕྱིར་རོ། །མཛེས་པའི་ཁ་དོག་ལ་སོགས་པ་དང་ལྡན་པ་ནི་ཁོ་ན་ཉིད་ཐོབ་པའི་ཕྱིར་ན། སྣ་ཚོགས་གཟུགས་ཀྱིས་ཀུན་དུ་ཁྱབ། །ཅེས་པ་སྟེ་ཏིལ་འབྲུ་བཞིན་དུའོ། །དེ་བཞིན་དུ་འོག་ཏུ་ཡང་སྦྱར་རོ། །དེ་ཁོ་ནའི་འོད་ཟེར་དགག་པ་དང་གཏོང་བ་དང་གཉི་ག་མ་ཡིན་པ་རྒྱུན་འབབ་ཆུ་ [43a.5]བོ་བཞིན་དུ་གནས་པ་ཉིད་ཀྱི་ཕྱིར་འོད་ཟེར་འཕྲོ་བ་མང་པོ་འཁྲུག་པ་སྟེ་གསལ་བ་ནི་ཟླ་བ་སྟེ། ཉི་མ་དང་ལྡན་པ་ཉིད་ཀྱི་ཕྱིར་ན་སོགས་པ་སྨོས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ནི་ཆོས་ཀྱི་དབྱིངས་ཏེ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཛིན་པ་གནས་སོ། །ཏིང་ངེ་འཛིན་ [43a.6]ལས་བྱུང་བའི་དཀྱིལ་འཁོར་འདི་བསྐྱེད་པའི་རིམ་པ་ལས་འོངས་པ་ནི་མ་ཡིན་ཏེ། ཕྱག་རྒྱ་བཞི་དང་ལྡན་པ་ལས་བསྐྱེད་པ་ལྟར་སྣང་བ་དང་པོའི་རྡོ་རྗེ་འཛིན་པའི་སྦྱོར་བའི་མོས་པའི་དབང་ལས་གྲུབ་པ་བསྟན་ཏོ། །ལས་དང་པོ་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་། [43a.7]རང་གི་ཉེ་བར་ལེན་པའི་རྐྱེན་ས་བོན་འབྱུང་བའི་དཀྱིལ་འཁོར་འདི་བསམ་པར་བྱའོ། །དེའི་དོན་ནི་བཞི་སྟེ། ལས་དང་པོ་བའི་རྣལ་འབྱོར་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དང་པོར་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་དམ་པའི་མཆོད་པ་བརྩམས་ནས། དེ་ལ་རྒྱལ་བ་རྣམས་ [43b] [43b.1]རྗེས་སུ་ཆགས་པར་བྱ་བའི་རང་བཞིན་ནོ། །མ་འོངས་པ་རྒྱུ་ནས་གྲོལ་བར་བྱ་བའི་དོན་དུ་དབྱིངས་ཀྱི་ནང་གི་གཞལ་ཡས་ཁང་བརྩེགས་པའི་དབུས་ན། ལྷའི་ངོ་བོ་ཉིད་ཙམ་སྣང་བའི་ས་བོན་དེ་ནི་ཉེ་བར་ལེན་པའི་རྐྱེན་ཡིན་པས་བསྒོམ་པར་བྱའོ། །ཡེ་ཤེས་འགའ་ཞིག་དབང་དུ་བྱས་པའི་རྣལ་ [43b.2]འབྱོར་པས་ནི་རྒྱུའི་མཚམས་ཀྱི་ངེས་པའི་དབང་གིས་ཉེ་བར་ལེན་པའི་རྐྱེན་དེ་ཉིད་སྔོན་དུ་བྱས་པར་རྟོགས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་གོང་དང་འབྲེལ་ཏོ། །ཡེ་ཤེས་རྣམས་དབང་ཐོབ་པའི་རྣལ་འབྱོར་པས་ནི་ས་བོན་དེའི་མཐུ་ལས་རྒྱུ་དང་རྒྱུ་ཅན་དུ་སྣང་བ་ཤིན་ཏུ་ཆགས་པ་གོམས་པའི་དབང་ [43b.3]དུ་བྱས་ནས། ས་བོན་ལས་ཡིག་འབྲུ་གསུམ་སྦྱར་ནས། དོན་དང་སེམས་ལ་དགག་པ་དང་གཏོང་བ་བྱས་ཏེ། སྐུར་བསྒོམ་བ་ལ་བརྟེན་པ་ཡིན་ནོ། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་པས་ནི་ས་བོན་དེའི་མཐུ་ལས་ཨཱ་ལི་ཀཱ་ལི་གོམས་པའི་དབང་དུ་བྱས་ནས། འཁོར་ལོའི་ [43b.4]རྒྱུན་ཤིན་ཏུ་ཕྲ་བ་ལས་མ་གཏོགས་པ་སྤངས་ཏེ་བསྒོམས་ནས་དོན་བྱ་བ་ཡིན་ཏེ། སྐད་ཅིག་མ་རེ་རེའི་སྦྱོར་བ་ལ་བརྟེན་པ་བརྟགས་པ་སྟེ། དེ་བཞི་ནི་མཚམས་སྦྲེལ་བའོ། །ཧ་ཅང་སྤྲོས་པ་མི་དགོས་ཀྱི་གཏང་ངོ་། །ད་ནི་སློབ་མ་རྣམས་གསང་བའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ [43b.5]བསྐུར་བའི་དོན་ཙམ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་རྣམས་ཀྱིས་བསྟན་ཏོ། །བདག་པོ་དེ་ཞེས་པ་ནི་རིག་མ་དང་བཅས་པའི་དཀྱིལ་འཁོར་དུ་དམ་ཚིག་ཆེན་པོ་ཉིད་རྣམ་པར་གནས་སོ་བའི་ཐ་ཚིག་གོ། །དེས་ནི་སློབ་མ་རྣམས་ཀྱང་གཞུག་པའི་ལས་སུ་རིག་པར་བྱའོ། ། [43b.6]འབྲས་བུ་ཡོངས་སུ་རྫོགས་པའི་སྒོ་ནས་ཞུས་པའང་དེ་ཉིད་དོ། །དེ་ནས་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིས་ནི་དབང་བསྐུར་བའི་དོན་བསྟན་ཏོ། །དེ་ལ་དེ་དག་གི་དོན་ནི་གོ་སླ་བས་སོ། །ཞུགས་པ་ནི་དེ་མ་ཐག་པའི་རིམ་པས་ཧཱུཾ་དང་རྡོ་རྗེ་ལ་སོགས་པ་ནི་ཐུགས་ཏེ་དེ་ཁོ་ན་ལའོ། །དབང་ [43b.7]བསྐུར་བ་ནི་ཐ་མའི་དོན་ལ་ཤེས་པར་བྱའོ། །ད་ནི་སྐུ་གསལ་བར་བསྟན་པའི་འབྲས་བུའི་ངོ་བོ་ཐམས་ཅད་ཀྱི་བདག་ཉིད་དུ་དེ་རྣམས་གཅིག་པར་གྱུར་པ་ནི་ཚིག་གི་དོན་ནི་གཉིས་ཀྱིས་སྟོན་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་སྟོང་པ་ཉིད་དང་སྙིང་རྗེ་དང་དབང་ཕྱུག་ལ་སོགས་པ་དང་ལྡན་པའི་ [44a] [44a.1]ཕྱིར་རོ། །མི་རྟོགས་པའི་ངོ་བོ་ཉིད་བརྡ་འམ་ཐ་སྙད་དང་བྲལ་བའི་དོན་ལ་རྩེ་གཅིག་པ་གང་གིས་བྱེད་པ་དེའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ནི་དེ་དང་ལྡན་པའི་དོན་ཏེ་དེ་ལ་ཞུགས་སོ། །ཞུགས་མ་ཐག་ཏུ་དེའི་སྟོབས་ཀྱིས་ཇི་ལྟ་བུ་ཞེ་ན། ཐམས་ཅད་ཀྱི་བདག་ཉིད་དང་། ནམ་ [44a.2]མཁའི་དབྱིངས་འདི་མཉམ་པར་གྱུར་པའི་དོན་ཏོ། །དེའི་ཡོན་ཏན་ནི་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དེ་ནས་ནི་བྱིན་གྱིས་བརླབ་ཅིང་དབང་བསྐུར་བའི་དེ་མ་ཐག་གོ། །བུད་མེད་ཀྱི་ཆོས་དབྱིངས་ཀྱི་ནང་ན་གཞལ་མེད་ཁང་བརྩེགས་པའི་དབུས་ན་གནས་པའི་ཕྱིར། [44a.3]ནམ་མཁའི་དབྱིངས་ན་གནས་པ་སྨོས་སོ། །བྱིན་གྱིས་བརླབས་ནི་གློ་བུར་གྱི་དབང་གིས་ནི་མ་ཡིན་གྱི་དེ་ཁོ་ན་ཉིད་ཀྱི་རྗེས་སུ་ཞུགས་པའི་དབང་སྔོན་དུ་ཐོབ་པས་ལུས་ངག་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ་ཞེས་སོ། དེ་ལྟ་མ་ཡིན་ན་ཐར་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ [44a.4]རོ། །དེ་དག་གི་དོན་ནི། བཅུ་དྲུག་ཆ་ཤས་སྡེ་པ་ལས་བྱུང་གང་བའི་ཟླ་བའི་དཀྱིལ་འཁོར་དབུས། །ཞེས་པའི་ངེས་པ་གསུངས་སོ། །སྒྲ་ཡི་གེ་དང་ཡིག་འབྲུ་ལས་གྱུར་པའི་ཟླ་བ་རྣམ་པ་གཉིས་ཞུ་བའི་ངོ་བོ་འདིར་བསྟན་པ་མེད་ཀྱང་སྟོང་པ་ཉིད་དང་སྙིང་རྗེས་ཕྱེ་བའི་བྱང་ཆུབ་སེམས་ [44a.5]ཀྱི་ངོ་བོ་རྡོ་རྗེ་འཛིན་པའོ། །དེ་དག་གི་དོན་བརྟགས་པའི་སྐབས་དབྱེའོ། །ཨཱཿལ་སོགས་པ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ཆེ་བ་བསྟན་པ་ཡིན་ནོ། །དེ་དངོས་པོ་རྣམས་སོ་སོར་འགོག་པའི་ཕྱིར་རོ། །དེས་ན་བརྒྱུད་པའི་རིམ་པས་རྒྱུའི་དངོས་པོ་བསྟན་པ་ལ་གཞན་དག་ནི་ཟློག་ [44a.6]པའི་སྒོ་ནས་སྟོན་ཏེ། ཨ་ཡིག་ལ་སོགས་པའི་སྔོན་དུ་རང་བཞིན་སྟོང་པ་ཉིད་ཀྱིས་དེ་རྣམས་གསལ་བ་ནི་དེས་དངོས་པོ་རྣམས་རབ་ཏུ་འགོག་པའི་ཐབས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་རྒྱུ་ཡིན་ཏེ། གཞན་དག་གི་ཟླ་བ་བརྩིགས་པར་བྱས་པ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་རྐྱེན་དུ་མི་ནུས་པས་ན་ [44a.7]ཀ་ལ་སོགས་པར་སྣང་བ་ནི་དེ་ལས་གྱུར་པའི་ཟླ་བ་གཉིས་པའི་རྒྱུ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་སྙིང་རྗེའི་བདག་ཉིད་དེ་ལྟར་རོ། །དེ་ལྟར་ན་དེའི་སྟོབས་ཀྱིས་འཁོར་ལོར་གསང་བའི་བདག་ཉིད་ཀྱིས་སེམས་ཅན་གྱི་དོན་བྱ་བ་ཡིན་ཏེ། དོན་གཞན་མཐོང་བ་མེད་པའི་ཕྱིར་ན་འདི་ཉིད་མཐོང་ [44b] [44b.1]པར་མངོན་ནོ། །ཨ་དང་ཀ་ལ་སོགས་པ་གསལ་བ་ལས་བྱུང་བ་ཟླ་བ་གཉིས་ལས་གཞན་དུ་གྱུར་པའི་རྣམ་པ་ནི་ཚིག་གསུམ་གྱིས་བསྟན་ཏེ། དེ་ནས་བཅོམ་ལྡན་འདས་ལ་སོགས་པའོ། །དེ་ནས་ནི་ཟླ་བ་གཉིས་ཀྱི་དེ་མ་ཐག་གོ། །སྐུ་གསུང་ཐུགས་རྡོ་རྗེ་ནི། ཡེ་ཤེས་ཀྱི་ངོ་བོར་མི་ཕྱེད་པའི་ [44b.2]ཕྱིར་ནའོ། །རྡོ་རྗེ་འཛིན་པ་ཉིད་དེ་ཀུན་གྱིས་འདའ་བར་དཀའ་བའི་མཉམ་པ་ཉིད་དེ་ལས་འབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་པ་སྟེ། བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ། །དེས་ནི་གོང་གི་དོན་རིག་པའི་ཕྱིར་རོ། །སྐྱེས་བུའི་གཟུགས་ཀྱང་དེ་ཆེན་པོ་ཡང་དེ་ཉིད་པས་དེ་སྐད་ཅེས་བྱ་སྟེ། [44b.3]རིག་པ་ནི་རྒྱུད་དང་ལས་དང་ལྟ་བའི་རིག་པ་སྟེ། དེ་དེ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་ན་སྔགས་ཀྱི་བདག་པོའང་དེ་ཁོ་ནའོ། །དེས་ན་བྱིན་གྱིས་བརླབས་སོ་ཞེས་ཏེ། དེ་དེ་རྣམས་ཀྱི་རྐྱེན་ནོ། །བྱིན་གྱིས་བརླབས་མ་ཐག་ཏུ་བཅོམ་ལྡན་འདས་གོང་དུ་སྙོམས་པར་ཞུགས་པ་དེ་ཉིད་རྡོ་རྗེ་གསུམ་ [44b.4]དང་ལྡན་པའི་ཕྱིར་ཞལ་གསུམ་པ་ལྟ་བུ་ནི་དབུས་དང་གཡས་གཡོན་ནག་པོ་དང་དཀར་པོ་དང་དམར་པོ་རྣམས་རིམ་བཞིན་ནོ། །དེ་ལྟ་བུར་ཀུན་གྱིས་གཟིགས་པར་གྱུར་ཏོ་ཞེས་སོ། །ལས་དང་པོ་པས་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྡོ་རྗེ་ལྟ་བུའི་ཡེ་ཤེས་བརྙེས་ཀྱི་བར་དུ་ཐབས་ [44b.5]ཀྱི་རིམ་པ་གྲངས་མེད་པས་ངོ་བོ་ཉིད་ཀྱི་སྐུ་གྲུབ་ནས། དེའི་བྱིན་རླབས་ལས་ཐུན་མོང་དུ་ཐུན་མོང་བ་དེས་གཟུགས་སྐུ་རྣམ་པ་གཉིས་འོད་ཀྱི་འདུ་འཕྲོ་ལྟར་བྱུང་སྟེ། ཐམས་ཅད་དུ་བསམ་པའི་དབང་གིས་སྣང་བར་གྱུར་ཏོ། །ཁྱད་པར་དུ་མངོན་པར་བྱང་ཆུབ་པའི་སྐུ་ལྟ་བུ་ཐུན་ [44b.6]མོང་མ་ཡིན་པའི་ངོ་བོ་ཉིད་ཀྱི་སྐུ་དེ་ཆོས་ཀྱི་འབྱུང་གནས་ཀྱི་དཀྱིལ་ན་ས་བོན་གྱི་ཚུལ་དུ་བཞུགས་པ་ཡིན་ཏེ། དེས་སྣོད་དུ་རུང་ཞིང་དབང་བསྐུར་བ་དང་རྒྱུ་ནས་སངས་རྒྱས་པར་བྱ་བའི་ཕྱིར་རོ། །དེ་ཉིད་འོག་མིན་དུ་ལོངས་སྤྱོད་ཆེན་པོའི་སྐུས་འཁོར་རྣམས་ཐུགས་ཀ་ནས་བྱུང་སྟེ་ཆེད་དུ་ [44b.7]བརྗོད་པ་གསུངས་པའོ། །དེ་རྣམས་ནི་མཚམས་འབྲེལ་བའོ། །དེ་ཡན་ཆད་དུ་དང་པོའི་ལས་ཀྱི་རིམ་པ་གསུངས་ནས། ད་ནི་གླེང་བསླང་བ་གསུངས་ཏེ། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་སྨོས་སོ། །དེ་ལ་དེ་ནས་ནི་གཟིགས་པར་གྱུར་པའི་དེ་མ་ཐག་གོ། ། [45a] [45a.1]སེམས་ཅན་མི་བསྐྱོད་པའི་རྒྱུ་ཅན་ཏེ། དེས་ས་བོན་གྱིས་བསྐྱེད་པས་འདིར་མི་བསྐྱོད་པ་གཟུང་ངོ་། །གཞན་དག་ལ་ཡང་བརྗོད་པར་བྱ་སྟེ། དེ་རྣམས་གཞན་གྱི་མཐུ་ལས་བྱུང་བ་ནི་མ་ཡིན་ནོ། །སོགས་པ་སྨོས་པ་ནི་གཙོ་བོ་ལ་གང་ལྡན་པ་དེ་ཐམས་ཅད་ལ་དེ་ [45a.2]དང་དེ་ལྟར་རོ། །འོག་གི་དོན་བརྗོད་པ་ནི་ཕྱུང་བས་སོ། །གང་ལས་ཤེ་ན། རིག་པའི་དབྱིངས་ལས་སོ། །དེས་ནི་ཨེ་མ་ཧོ་ཞེས་པ་ནི་དམ་ཞིང་ངོ་མཚར་ཏེ། གང་ལ་ཞེ་ན། འོག་གི་དོན་ཏོ། །བསམ་པའི་དབང་གིས་གཟུགས་སྣ་ཚོགས་པར་རབ་ཏུ་བྱུང་བའོ། །ཐུན་མོང་མ་ [45a.3]ཡིན་པའི་ཕྱིར་སྦས་ཏེ་གསང་བའོ། །མི་རྟོགས་གནས་མེད་པའོ། །མི་རྟོགས་གནས་མེད་པའོ་ཞེས་པ། རིགས་པ་མ་ཡིན་པའི་དཔག་པ་དང་། མངོན་སུམ་པས་རྟོགས་པར་དཀའ་བས་སོ། །དེ་དག་ནི་སྐལ་བ་དང་ལྡན་པ་མ་ཡིན་པས་སོ། །དེ་ནི་སྐལ་བ་དང་ལྡན་པའི་དབང་དུ་བྱས་ཏེ་ཞུ་བ་སྔོན་དུ་གཏོང་ [45a.4]བའི་དོན་ཏོ། །དེ་ལའང་གཉིས་ཏེ། སྦྱོར་བ་དང་། ཚིག་གོ། །དེ་དག་ནི་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་རྣམས་ཀྱིས་བསྟན་ཏོ། །གཅིག་ཏུ་འདུས་ནས་ཞེས་པ་ཚུལ་དང་དགོངས་པ་གཅིག་ཏུ་གྱུར་པ་རྣམས་སོ། །ནང་གི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་ [45a.5]རྣམས་ནི་ཆགས་པར་བྱ་བ་སྟེ། དེ་ཉིད་ཐམས་ཅད་ཁྱབ་པ་ནི་མཆོད་པ་རྒྱས་པ་དེ་ཁོ་ན་ཉིད་ཡིན་ལ། དམ་ཚིག་ནི་རྡོ་རྗེ་འཛིན་པ་སྟེ། དེའི་སྤྲིན་གྱིས་མཆོད་དེ་ཕྱག་འཚལ་ནས་གསོལ་ཏོ་ཞེས་པ་དང་འབྲེལ་ཏོ། །ད་ནི་སྐྱེ་བའི་རིམ་པ་དང་། སྙིང་པོ་དབྱུང་བ་དང་། འབྲས་བུ་ཡོངས་ [45a.6]སུ་རྫོགས་པའི་སྒོ་ནས་ཞུས་པ་དག་ནི། ཚིགས་བཅད་གཅིག་གིས་བསྟན་པའི་ཕྱིར། འདུས་པ་གསང་བ་ལས་བྱུང་བ། །ཞེས་པ་ལ་སོགས་པ་སྨོས་སོ། །དེ་ལ་འདུས་པ་ནི་འདུ་བ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་ས་བོན་ཏེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ལས་བྱུང་ [45a.7]བའི་ཕྱིར་ན། གསང་བ་ལས་ཞེས་ཏེ། བྱུང་བ་ནི་གོང་གི་ས་བོན་ནོ། །དེ་ནི་ཞུས་པ་དང་པོའོ། །ས་བོན་ལས་སྔགས་འབྱིན་པ་དེའི་དོན་དེ་བཞིན་གཤེགས་པ་རྣམས་ཀྱི་རྡོ་རྗེ་སྙིང་པོ་བསྡུས་པའོ། །གསང་བ་ནི་ཐུན་མོང་མ་ཡིན་པ་སྟེ་ལྟག་འོག་ཏུ་སྦྱར་རོ། །ཉིད་བཅོམ་ལྡན་འདས་ཞེས་པ་ [45b] [45b.1]ནི་འདིར་སྐུ་ལྔའི་བདག་ཉིད་ས་བོན་ལས་རིམ་གྱིས་གྱུར་པ་སྟེ་ཞུས་པ་ཐ་མའོ། །དེ་ལྟར་ཞུས་པ་ལ་དོར་བའི་ཚུལ་དུ་བཤད་པ་གནང་བའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་སོ། །འདི་ནི་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན་ཞེས་བྱ་བ་གསུངས་ཏེ། ཡང་དག་ [45b.2]པའི་དེ་ཁོ་ན་ཉིད་ས་འོག་མ་པ་རྣམས་ཀྱིས་མི་རྟོགས་པའི་ཕྱིར་ཏེ། གོང་མ་གོང་མའི་བློའི་ཁྱད་པར་གྱིས་ས་འོག་མ་རྣམས་སུ་འབྱིན་ཞེའོ། །གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ལ། དེ་ཁོ་ན་ཉིད་ཟབ་པའི་ཕྱིར་གཞན་རྣམས་ཏེ། བྱམས་པ་ལ་སོགས་པའི་ [45b.3]བྱང་ཆུབ་སེམས་དཔའ་རྣམས་དང་། བསྐལ་པ་བཟང་པོ་དང་། དཔེ་མེད་པ་རྣམས་ཐེ་ཚོམ་སྐྱེ་བའི་རྒྱུ་འདི་ཡིན་ནོ། །དེས་ནི་འདི་སྐད་དུ། དེ་བཞིན་གཤེགས་པ་རྣམས་ཀྱང་རེ་ཞིག་ཆོས་ཉིད་ཟབ་མོ་མེད་པར་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན། སྒྲུབ་པ་པོ་གཞན་ལྟ་ཅི་སྨོས་ཞེས་ [45b.4]བཤད་པར་འགྱུར་རོ། །དེ་ཁོ་ན་ཉིད་ཉན་པའི་སྐལ་བ་དང་ལྡན་པར་མཛོད་ཅིག་ཅེས་བསྐུལ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ངོ་མཚར་དུ་གྱུར་པ་དང་རྨད་དུ་གྱུར་པ་ནི་ཡ་མཚན་ཆེ་བ་དང་། སྔོན་མེད་པ་མྱོང་བ་དང་། རྒྱུ་དང་འབྲས་བུ་ལས་ཏེ། དེ་རྣམས་ [45b.5]ནི་རིམ་བཞིན་དུ་སྦྱར་རོ། །དེ་ནི་འདི་སྐད་ཅེས་གསོལ་ཏོ་ཞེས་པ་དང་འབྲེལ་ཏོ། ཁྱད་པར་དུ་གྱུར་པ་ནི་དེ་ཁོ་ན་ཉིད་རིག་པའི་ཕྱིར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་ལ་དོར་བའི་དོན་ཏེ། སྐལ་བ་དང་ལྡན་པར་མ་བྱས་ནས། མངོན་པར་ཤེས་པ་མི་འཐོབ་པའི་ཐ་ཚིག་གོ། །རྡོ་རྗེའི་དམ་ཚིག་ [45b.6]ཅེས་བྱ་བ་ནི་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྡོ་རྗེ་ལམ་ནས་ཕྱུང་བ་ས་བོན་ཏེ། བུད་མེད་ཀྱི་བྷ་གའི་ནང་ན་གནས་པའི་དཀྱིལ་འཁོར་ལ་མཆོད་པ་དང་། དབང་བསྐུར་བ་ལ་སོགས་པའི་ཚིག་རྣམས་ཀྱི་ཉན་པ་པོ་རྣམས་ཐོག་མར་བདེ་བ་དང་། ཡིད་བདེ་བ་མྱོང་བར་བགྱི་བ་ནས་ཐ་མར་མངོན་པར་ [45b.7]ཤེས་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་དུ་བསྟན་དུ་གསོལ་ཞེས་ཞུས་པའོ། །འདིར་རྣམ་པར་བཀོད་པ་རྣམས་ནི་དོན་ངེས་པ་མེད་པའི་ཕྱིར་དང་པོ་ཁོ་ནར་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་གཅིག་པུ་ཡིན་ཏེ་གཞན་མ་གྲགས་པ་ཡིན་ནོ། །དེའི་ཕྱིར་གླེང་གཞི་སྔོན་དུ་བྱས་པའི་ [46a] [46a.1]དེ་ནས་ཞེས་པ་ལ་སོགས་པ་ནས། བཞུགས་སོ་ཞེས་པའི་མཐར་ཐུག་པའི་བར་ཚིག་བཞི་པས་ནི་ཞུས་པའི་ཚིག་གཉིས་པ་ལ་གཏོགས་པས། སློབ་མ་རྣམས་སྐལ་བ་ཐོབ་པའི་མཚན་མ། གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྤྲུལ་པའི་དོན་དུ། [46a.2]ཐབས་དང་ཤེས་རབ་དགའ་བར་བྱ་བ་གསུངས་སོ། །དེའི་འོག་ཏུ་དེ་ནས་ཞེས་པ་ནས་གནས་པར་གྱུར་ཏོ་ཞེས་པའི་བར་ཚིག་གཉིས་ཀྱིས་ནི་ཞུ་བ་གཉིས་བ་དང་འགྲོགས་པ། བྱང་ཆུབ་པ་རྣམ་པ་ལྔ་དང་འབྲེལ་པ་གསུངས་སོ། །བཅོམ་ལྡན་འདས་ཞེས་པ་ལ་སོགས་པའི་ཚིག་གཅིག་གིས་ནི་ཚིག་ [46a.3]བཞིའི་དང་པོ་དང་འབྲེལ་པའོ། །བཞི་པ་ཉིད་དང་འབྲེལ་བ་ནི་ཚིག་གཅིག་གིས་སྟོན་ཏེ། ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། གནས་མེད་པའོ་ཞེས་པའི་བར་ཚིག་གསུམ་གྱིས་ནི་ཨཱཿཡིག་ལ་སོགས་པ་ལས་གྱུར་བ་ཟླ་ [46a.4]བ་གཉིས་པ་ལས་གཞན་དུ་གྱུར་པའི་རྣམ་པ་གསུངས་སོ། །དེ་ནས་མི་བསྐྱོད་པ་ལ་སོགས་པ་ནས། བསྟན་དུ་གསོལ་ཞེས་པའི་བར་ས་བོན་དང་ཕྱག་མཚན་གྱི་རིམ་པས་འཁོར་ལོར་གྱུར་པ་ལ་སོགས་པ་གསུངས་སོ། །དྲུག་པ་དེའི་འོག་ཏུ་བདུན་པ་གསུངས་པ་ནི་དཀྱིལ་འཁོར་རྣམས་དབྱུང་ [46a.5]བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་མཐའི་བར་དུ་གསུངས་སོ། །དེ་རྣམས་ནི་བསྡུས་པའི་དོན་ཏེ། རིམ་པར་སྦྱར་བའོ། །དེ་ལ་དཀྱིལ་འཁོར་གྱི་དོན་འདི་ཉིད་རྣམས་ཏེ། གོང་གིས་གསོལ་བ་བཏབ་པ་མཁྱེན་ནས། ཡེ་ཤེས་སྒྲོལ་མ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ [46a.6]ཉིད་གསལ་ཞིང་དབྱེར་མེད་པའི་ཕྱིར་རྡོ་རྗེ་སྟེ། དཔེ་དེ་ཉིད་ཀྱིས་བཤད་དོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེའོ། །ཞེ་སྡང་ཞེས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། དེ་ལ་འཇིག་རྟེན་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཞེ་སྡང་བ་སྟེ། ཀུན་ནས་མནར་ [46a.7]སེམས་པའོ། །འཇིག་རྟེན་ལས་འདས་པ་ནི་དེའི་མི་མཐུན་པའི་ཕྱོགས་ཏེ། ཀུན་བརྟགས་ཀྱི་མཚན་ཉིད་ལ་ཞེ་སྡང་བའོ། །དེ་ནི་རྡོ་རྗེ་འཛིན་པའི་རྒྱུའོ། །རིགས་ནི་རྒྱུན་མ་ཆད་པ་ཡིན་ཏེ། བསྟན་པའི་བདག་ཉིད་དུ་གནས་པའི་ཕྱིར་རོ། །གི་ནི་འབྲེལ་པའོ། །མཆོག་གི་སྙིང་པོ་ཞེས་པ་ [46b] [46b.1]ཐམས་ཅད་ཀྱི་དམ་པ་ཡིན་པ་དང་། མི་གཡོ་བའི་ཕྱིར་ན་ཞེས་སོ། །འབྲས་བུ་རབ་ཏུ་འབྱིན་པའི་ཕྱིར་སྙིང་པོ་སྟེ། འདི་ཞེས་པ་འོག་མ་ལ་སྙེགས་པའོ། །རིགས་ལ་སོགས་པ་དེ་དག་ནི་གཞན་དུ་ཡང་སྦྱར་བར་བྱའོ། །འདུལ་བའི་དབང་གིས་རྡོ་རྗེ་ལྟར་ཡིན་གྱིས་ཀྱང་། རྣམ་པར་བསྒྱུར་བའི་ [46b.2]དོན་དུ་རྡོ་རྗེ་ལས་ཞེས་ཏེ། ཕྱུང་བ་དེ་ཉིད། བཛྲ་དྷྲྀཀ་ཅེས་པ་ལེའུ་བཅོ་བརྒྱད་པ་ལས། རྒྱུ་ལྔ་དག་གི་འབྲས་དག་ནི། །རྡོ་རྗེ་ཞེས་སུ་བསྟན་པ་ཡིན། །གཟུངས་ཞེས་བྱ་བ་འཛིན་པར་བཤད། །རྣམ་ཤེས་རྡོ་རྗེ་འཛིན་པར་བཟླས། །ཞེས་ཏེ། རྒྱུ་ཡེ་ཤེས་ལྔའོ། །འབྲས་བུ་རིགས་ [46b.3]ལྔའོ། །དེས་རྡོ་རྗེ་རྩེ་ལྔ་ནི་སངས་རྒྱས་ལྔའི་བདག་ཉིད་དང་། ཡེ་ཤེས་ལྔའི་བདག་ཉིད་གོང་འོག་གི་རྩེའི་ཚུལ་གྱིས་རྒྱུ་དང་འབྲས་བུ་རྣམ་པར་དག་པའི་ངོ་བོ་རྡོ་རྗེ་བཛྲ་ཞེས་གསུངས་སོ། །དེ་འཛིན་པས་ན་བཛྲ་དྷྲྀཀ་ཅེས་ཏེ། རྣམ་པར་དག་པའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་རྣམ་ཤེས་ [46b.4]ཞེའོ། །དེ་ནི་ཡིད་དུ་འདོད་དོ། །དེའི་འབྲས་བུ་བསྟན་པའི་ཕྱིར། དེ་ནས་ཕྱུང་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྨོས་སོ། །རིགས་པའི་ཤེས་པ་རིག་མ་ལས་བྱུང་བས་སོ། །མི་བསྐྱོད་པ་རང་གི་རིག་མ་དང་ལྡན་པས་ན། ཕྱག་རྒྱ་ཆེན་པོར་སྦྱོར་ཞེས་སོ། །ནག་པོ་ཞེས་པ་དབུས་ཀྱི་ཞལ་ [46b.5]དང་སྐུའོ། །དཀར་པོ་དམར་པོ་ནི་གཡས་དང་གཡོན་གྱི་ཞལ་ལོ། །དེ་ལྟ་བུའི་ཚུལ་དུ་རྡོ་རྗེ་འཛིན་པའི་སྐུ་གསུང་ཐུགས་ལ་ཞུགས་པ་སྟེ། ཐིམ་ཞེས་པའི་ཐ་ཚིག་གོ། །དམ་ཚིག་འབྱུང་བ་ཞེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེས་དོན་བསྐྱེད་པ་སྟེ། དེ་ལ་ཞུགས་ [46b.6]པའོ། །གཏི་མུག་ཅེས་བྱ་བ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་གྱི་ནི་མི་ཤེས་པའི་མཚན་ཉིད་དེ། ལྷན་ཅིག་སྐྱེས་པ་དང་། ཀུན་དུ་བརྟགས་པའོ། །འཇིག་རྟེན་ལས་འདས་པ་ནི་དེ་དང་མི་མཐུན་པའི་གྲོགས་ཏེ། འབྱེད་པ་མེད་པའི་གཏི་མུག་ [46b.7]ཆེན་པོ་སྟེ། དེ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུའོ། །རིགས་ལ་སོགས་པ་ནི་སྔོན་དུ་བྱས་སོ། །ཛི་ན་ཛིཀ་ཅེས་པ་དེ་ཉིད་ལས། ཡོད་མེད་དབུས་ལས་འདས་པའི་ལམ། །ཞེས་པ་ལ་སོགས་པ་ཚིག་བཞི་གསུངས་ཏེ། དེ་ལ་ཡོད་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པའོ། །འབྱུང་བ་དང་འབྱུང་བ་ལས་ [47a] [47a.1]གྱུར་བའི་རྣམ་པར་དག་པའི་ངོ་བོ་དེ་ཉིད་གཟུགས་ཞེས་བྱ་སྟེ། སེམས་ཅན་རྣམས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་དེ་འདིར་ཛི་ན་ཛིཀ་ཅེས་གསུངས་སོ། །ཛི་ནའི་སྒྲ་ཁོ་ནའི་དོན་ཡང་གསུངས་བའོ། །སྐྱེས་པ་ཞེས་པ་ཛི་ནའི་སྒྲ་སྟེ། སྐྱེ་བའི་དོན་གསུངས་པའོ། ། [47a.2]དེ་ལས་རྒྱལ་བར་བྱེད་པས་ན་ཛི་ན་ཛིཀ་ཅེས་ཏེ། ཀུན་བརྟགས་ཀྱི་བདག་ཉིད་ཀྱིས་མི་སྐྱེ་ཞེས་པའི་དོན་ཏོ། །དེའི་འབྲས་བུ་གསུངས་པ། ཕྱུང་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྟེ། བཞུགས་སོ་ཞེས་པ་དང་འབྲེལ་ཏོ། །དེ་ལ་དཀར་པོ་ནག་པོ་དམར་པོ་ནི་དབུས་དང་གཡས་གཡོན་གྱི་ཞལ་རིམ་པ་ [47a.3]བཞིན་ནོ། །གཞན་དག་ནི་སྔོན་དུ་བྱས་སོ། །རིན་པོ་ཆེ་འབྱུང་བ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དེས་ཀུན་འབྱུང་ཞིང་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ་ཀུན་ལ་སྙོམས་པར་ཞུགས་ཏེ་ཕྱུང་ངོ་ཞེས་པ་དང་འབྲེལ་ཏོ། །ལྟག་འོག་ཏུ་ཡང་སྦྱར་རོ། །ནོར་བུ་ཡིད་བཞིན་ཞེས་པ་ང་རྒྱལ་གྱིས་འགུགས་པ་སྟེ། [47a.4]དེ་ལ་ཡང་གཉིས་ཏེ། འདི་དང་ཕ་རོལ་ལོ། །དེ་ལ་འདིའི་ནི་སེམས་ཁེངས་པ་སྟེ། རྣམ་པ་བདུན་གྱི་རང་བཞིན་ནོ། །ཕ་རོལ་གྱི་ནི་དོན་ལ་སྲན་འཛུགས་པ་སྟེ། དོན་ཉིད་ལས་བྱུང་བའི་ཕྱིར་རོ། །དེ་ནི་དཀོན་མཆོག་དཔལ་གྱི་རྒྱུའོ། །རཏྣ་དྷྲིཀ་ནི་ལུང་ལས། ཐམས་ཅད་དོན་ཀུན་འབྱུང་བས་ [47a.5]ན། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་དོན་ཐམས་ཅད་ལ་གང་མཉམ་པ་ཉིད་དེ་ལས་བྱུང་བ་དེས་རྣམ་པར་དག་པས་ན་སེམས་ཉིད་རིན་ཆེན་ནོ། །དེ་ཡང་ཚོར་བས་རང་གི་ཡང་དག་པར་རིག་པས། ངེས་པར་ཚོར་བས་རྣམ་པར་དག་པའི་ཡིད་ནི་རཏྣ་དྷྲྀཀ་ཅེས་གསུངས་སོ། །དེའི་སྐུ་ [47a.6]དང་གཡས་གཡོན་གྱི་ཞལ་ནི་སེར་པོ་དང་དཀར་པོ་དང་ནག་པོའི་ཚུལ་དུ་རིམ་པ་བཞིན་དུ་སྦྱར་རོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ། རིས་མེད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །དོན་བསྐྱེད་པ་དང་དེ་ཉིད་མི་ཕྱེད་པའི་ཕྱིར་འབྱུང་བ་རྡོ་རྗེ་སྟེ། དེའི་བདག་ཉིད་དུ་ [47a.7]གྱུར་པའི་ངོ་བོ་དེ་ལ་སྙོམས་པར་ཞུགས་ཏེ་ཕྱུང་ངོ་ཞེས་པ་དང་འབྲེལ་ཏོ། །དེ་ལ་འདོད་ཆགས་ནི་གཉིས་ཏེ། དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་གྱི་ནི་ཉེ་བར་ལེན་པའི་ཕུང་པོ་ལ་ཞེན་པ་དང་ལྷག་པར་ཆགས་པའོ། །འཇིག་རྟེན་ལས་འདས་པ་ནི་དེ་དང་མི་ [47b] [47b.1]མཐུན་པའི་ཕྱོགས་ཏེ། ཆགས་ཙམ་ཉིད་ན་ཆགས་པ་མེད་པའི་འདོད་ཆགས་ཆེན་པོ་སྟེ། དེ་ནི་སྣང་བ་མཐའ་ཡས་ཀྱི་རྒྱུའོ། །རིགས་ལ་སོགས་པ་སྔོན་དུ་བྱས་སོ། །ཨ་རོ་ལྀཀ་ཅེས་པ་ལུང་ལས། །འདོད་པའི་མཚན་ཉིད་མཚན་པ་དང་། །ཞེས་པ་ལ་སོགས་པ་ཚིགས་བཅད་གསུངས་ཏེ། དེ་ལ་ [47b.2]མཚན་ཉིད་ནི་ནག་པོ་དང་སེར་པོ་ལ་སོགས་པའི་རྣམ་པའོ། །དེ་རྟོགས་པའི་ངོ་བོ་མིག་ལ་སོགས་པ་ལྔ་དང་། ཡིད་དང་དྲུག་རྣམ་པར་རྟོག་པའི་ཡིད་དོ། །དེས་ཐམས་ཅད་དུ་གང་བརྩེན་པ་ཐམས་ཅད་ཀྱི་དོན་སོ་སོར་ཀུན་དུ་རྣམ་པར་རྟོག་པ་དེ་རྣམ་པར་དག་པ་ཁོ་ན་གང་གོང་ནས་གསུངས་པའི་མཚན་ཉིད་ [47b.3]དང་། མཚོན་པ་དེའི་ཨ་རོ་ལྀཀ་བཤད་ཅེའོ། །དེ་ནས་ཞེས་པ་ལ་སོགས་པ་ནི་ཡོན་ཏན་གྱི་ངོ་བོར་བསྟན་ཏོ། །འཇིག་རྟེན་པའི་དོན་སོ་སོར་ཀུན་དུ་རྟོགས་ནས་སྤྱན་རས་ཀྱིས་འཚོ་བ་དེ་ལ་དབང་བསྒྱུར་བའི་ཕྱིར། དེ་སྐད་ཅེས་བྱ་སྟེ་རྡོ་རྗེ་ཆོས་སོ། །སྦྱོར་བ་ནི་གང་གི་རྣམ་པར་བཞུགས་པ་རིག་མ་དང་ལྡན་པས་ [47b.4]ནའོ། །སྐུ་དང་གཡས་གཡོན་གྱི་ཞལ་ནི་དམར་པོ་དཀར་པོ་ནག་པོའི་རིམ་པས་སོ། །དེ་ནི་ནུབ་ཏུ་བཞུགས་སོ། །ལས་ཀྱི་རིགས་བསྟན་པའི་ཕྱིར་གདོན་མི་ཟ་བ་ནི་ཐོགས་པ་མེད་པའོ། །དེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ཉིད་དབྱེར་མེད་པ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་གྱུར་པ་དེ་ལ་སྙོམས་བར་ [47b.5]ཞུགས་ཏེ་ཕྱུང་ངོ་ཞེས་པ་དང་གོང་བཞིན་འབྲེལ་ཏོ། །དེ་ལ་དམ་ཚིག་དགུག་པ་ནི་ཕྲག་དོག་གི་སྟེ། དེ་ལའང་གཉིས་ཏེ། འདི་དང་ཕ་རོལ་གྱིའོ། །དེ་ལ་འདིའི་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པའོ། །ཕ་རོལ་གྱི་ནི་དེ་དང་མི་མཐུན་པའི་ཕྱོགས་ཏེ། དེ་ནི་གཉིས་སུ་མེད་ [47b.6]པའི་དོན་ཡིན་ཏེ། སྙིང་རྗེ་ཆེན་པོ་ལས་བྱུང་བའི་ཕྱིར་རོ། །དེ་ནི་ཚེ་དཔག་མེད་ཀྱི་རྒྱུའོ། །རིགས་ལ་སོགས་པ་རྣམས་ནི་སྔོན་དུ་བརྗོད་པ་བཞིན་ནོ། །པྲཛྙཱ་དྷྲྀཀ་ཅེས་པ་རྣམ་ཤེས་རབ་ཏུ་གསལ་བྱེད་པ་ལ་སོགས་པའི་ཚིག་རྣམས་གསུངས་ཏེ། བྱམས་པ་དང་སྙིང་རྗེ་ལ་སོགས་པ་རྣམ་པར་གོམས་ [47b.7]པའི་རབ་ཏུ་གསལ་བས་བྱེད་པའི་རྣམ་པར་ཤེས་པ་གང་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་དེ་ཤེས་རབ་ཅེས་སུ་བཤད། དེ་འཛིན་པས་ན་འདུ་བྱེད་ཀྱི་སེམས་ཀྱི་རྣམ་པར་དག་པའི་སེམས་ནི་དེ་སྐད་ཅེས་གསུངས་སོ། །དེའི་ཡོན་ཏན་གསུངས་པ། དེ་ནས་འདི་ཕྱུང་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྟེ། [48a] [48a.1]བཞུགས་ཞེས་པ་དང་། གོང་བཞིན་འབྲེལ་ཏོ། །ཐབས་ཀྱི་ཞེས་པ་དང་། ཚུལ་དུ་ཞེས་པ་ཡང་དེ་དང་དེ་ལྟར་རོ། །གཞན་དག་ནི་གོང་བཞིན་ནོ། །དེ་ཉིད་ཁོ་ནའི་རིག་མ་དང་ལྡན་པས་ན་སྦྱོར་བའི་ཞེས་སོ། །ཞལ་དབུས་དང་གཡས་གཡོན་གྱི་ཞལ་ནི་ལྗང་གུ་དང་དཀར་པོ་དང་ནག་པོ་ནི་ [48a.2]གོང་མ་བཞིན་རིམ་པ་བཞིན་སྦྱར་རོ། །ད་ནི་མཇུག་བསྡུ་བ་གསུངས་པ་ནི་ཞེ་སྡང་ཞེས་པ་ལ་སོགས་པ་སྟེ། འདིར་ཉོན་མོངས་པ་ལྔའི་རིགས་ལ་སོགས་པ་འདོད་པ་ཡིན་ཏེ། གྲོལ་བ་ཞེས་པ་དེ་རྣམས་རྣམ་པར་དག་པའི་ཕྱིར་རོ། །འདོད་པ་ཡང་དེ་སྟེ་སྒྲུབ་པ་ནི་ཐབས་ཏེ་གཉི་ག་ལ་སྙེག་གོ། །དེ་དག་གི་ [48a.3]དོན་ནི་འདི་སྐད་དུ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་དང་། རིགས་ལྡན་མ་གཏོགས་པ་འདི་རྣམས་ཀྱིས། ཞེ་སྡང་ལ་སོགས་པའི་དངོས་པོ་དེ་དང་དེ་ལས་གྱུར་པ་དོན་ཉིད་ཀྱིས་འགྲུབ་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །ལྷ་མོ་རྣམས་དབྱུང་བ་བསྟན་པའི་ཕྱིར་དེ་ནས་ཡང་ཞེས་བྱ་བ་ལ་ [48a.4]སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་འཛིན་པ་ཉིད་མཉེས་པའི་དམ་ཚིག་ནི་མཱ་མ་ཀཱིས་སོ། །དེ་ལ་བཞུགས་ཏེ་ཕྱུང་ངོ་ཞེས་པ་དང་འབྲེལ་ཏོ། །དྭེ་ཥ་ར་ཏི་ནི་དེ་ལ་ཕན་ཚུན་ཐུག་པ་ནི། ཞེ་སྡང་ཞེས་ནི་བསྟན་པ་ཡིན། །ཞེས་ཏེ། གང་ཕན་ཚུན་ཐུག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར། དེ་ནི་ཞེ་སྡང་སྟེ། [48a.5]དྭེ་ཥའོ། །རྣམ་པ་གཅིག་ཏུ་ནི། དབང་བསྐུར་བའི་དུས་སུ་མཱ་མ་ཀཱི་བསྒོམས་ནས་རྡོ་རྗེ་དང་པདྨོར་ཐུག་པ་ནི་དྭེཥའོ། །དེ་ལས་གྱུར་པ་གསུངས་པ་ནི་དེ་ནས་དེ་ཞེས་པ་ལ་སོགས་པ་སྟེ། བུད་མེད་ཀྱི་གཟུགས་འཛིན་པ་ནི་མི་བསྐྱོད་པ་ཉིད་དེ། མཁའི་ནང་གི་གྲྭ་གང་ལ་མཱ་མ་ཀཱི་ལ་སོགས་ [48a.6]པ་གནས་པའི་གྲྭ་རྣམས་ཏེ། འདི་ནི་མེ་མཚམས་ཁོ་ན་སྟེ། དེ་ལ་གནས་སོ་བའི་ཐ་ཚིག་གོ། །སྤྱན་མ་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་མཉེས་པར་བྱེད་པ་ཞེས་པ་ནི་སྤྱན་མ་སྟེ། གང་ལ་ཞེ་ན། རྣམ་པར་སྣང་མཛད་དེ་ཉིད་ལའོ། །གཞན་དག་ནི་སྔོན་ [48a.7]དུ་བྱས་པ་སྟེ། གོ་སླ་བས་མ་བཤད་དོ། །མོ་ཧ་ར་ཏི་ཞེས་པ། གཉིས་མེད་ཆོས་ཀྱི་ཡེ་ཤེས་ལ། །ཕྱི་རོལ་ང་རྒྱལ་རྨོངས་ཞེས་པ། །ཞེས་ཏེ། ཆོས་ཉིད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྣམས་ལ་གང་ང་རྒྱལ་གྱི་ངོ་བོ་ཉིད་དུ་རྨོངས་པ་དེ་གཏི་མུག་ཕྱོགས་མེད་པ་ནི་མོ་ཧ་ཞེས་གསུངས་སོ། ། [48b] [48b.1]རྣམ་པ་གཅིག་ཏུ་དབང་བསྐུར་བའི་དུས་སུ། ཚིགས་སུ་བཅད་པ་དང་མཐུན་པར་སྤྱན་མ་བསྒོམས་ནས། རིག་མ་འཁྱུད་པ་ལ་སོགས་པ་བསྒོམས་ན་མོ་ཧ་ཞེའོ། །ལྷོའི་གྲྭ་ཞེས་པ་ནི་བདེན་བྲལ་གྱིའོ། །གོས་དཀར་མོ་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་ཆགས་ [48b.2]པར་བྱེད་པ་ནི་གོས་དཀར་མོ་སྟེ། སྣང་བ་མཐའ་ཡས་ཉིད་ལ་དེ་དེ་དང་འདྲ་བས་སོ། །གཞན་ལའང་དེ་བཞིན་སྦྱར་རོ། །རཱ་ག་ར་ཏི་ནི། མཚན་ཉིད་འདོད་ཆགས་ཀུན་ཞེན་པ། །ཞེས་ཏེ། གང་མཚན་ཉིད་འཛིན་པའི་རང་བཞིན་གཉིས་སུ་མེད་པའི་བདག་ཉིད་དེ་ཁོ་ན་འདོད་ཆགས་དེ་ནི་རཱ་ག་ཞེས་ [48b.3]སོ། །རྣམ་པ་གཅིག་ཏུ་ན་བདེ་བ་ཆེན་པོའི་མཚན་ཉིད་ལ་ཆགས་ནས་ཞལ་སྦྱོར་བ་ལ་སོགས་པ་འདོད་ཆགས་སོ། །ནུབ་ཀྱི་གྲྭར་ཞེས་པ་རླུང་གི་མཚམས་སོ། །སྒྲོལ་མ་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ནི་གདོན་མི་ཟ་བར་གྲུབ་པའོ། །སླུ་བ་ [48b.4]རྡོ་རྗེ་ཞེས་པ་བདག་པོ་དང་འདྲ་བས་དེ་ཉིད་ལ་ཆགས་པར་བྱེད་པའི་རང་བཞིན་ནོ། །མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་བྱུང་ངོ་ཞེས་འབྲེལ་ཏོ། །འདི་དག་ནི་གོང་དུ་སྙེགས་སོ། །བཛྲ་ར་ཏི་ནི། ཡེ་ཤེས་འདི་ནི་རྡོ་རྗེའོ། །ཞེས་ཏེ། དེ་ལ་གང་དེ་ཉིད་དབྱེར་མེད་ [48b.5]པའི་ངོ་བོ་ཡེ་ཤེས་དེ་ནི་བཛྲ་ཞེས་གསུངས་སོ། །དེ་བཞིན་ལ་མཐའ་ན་ར་ཏིའི་སྒྲ་སྦྱོར་བར་ཤེས་པར་བྱའོ། །རྣམ་པ་གཅིག་ཏུ་སྒྲོལ་མ་བསྒོམས་ནས། བྱང་ཆུབ་ཀྱི་བདེ་བ་རིག་པ་ནི་རྡོ་རྗེའོ། །དེ་ལས་གྱུར་པ་ནི་དེ་ཕྱུང་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྟེ། གྱུར་ཏེ་བཞུགས་སོ་ཤེས་པ་དང་འབྲེལ་ [48b.6]ཏོ། །བྱང་ཕྱོགས་ཀྱི་གྲྭ་ཞེས་པ་དབང་ལྡན་གྱི་མཚམས་སོ། །བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ནི། བུད་མེད་བདེ་མཆོག་ཕུན་སུམ་ཚོགས་པ་ཞེས་པ་སྟེ། མོ་ཧ་ར་ཏི་ལ་སོགས་པ་དེ་དག་ཁོ་ན་མཆོག་གི་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་ན་བདེ་བའི་མཆོག་སྟེ། དེ་ཉིད་ཕུན་སུམ་ཚོགས་པར་ [48b.7]གསུངས་པ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་དོན་བཤད་པ་ནི་མི་དགོས་ཀྱིས་བཏང་ངོ་། །དེ་དག་གི་སྔགས་རྣམས་ནི་སྤྱན་དྲང་བའི་དོན་ཏེ། དེའི་ཕྱིར་དཀྱིལ་འཁོར་གྱི་ལྷ་ཉིད་དུ་མངོན་ནོ། །དེ་དག་གི་ཁྲོ་བོ་རྣམས་དབྱུང་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་འཁོར་ [49a] [49a.1]ལོ་ཞེས་པ་ས་བོན་ལས་གྱུར་པ་སྟེ། དེ་ལྟར་གང་གྱུར་པའི་ཏིང་ངེ་འཛིན་ལ་ཞུགས་ནས་ཕྱུང་ངོ་ཞེས་སོ། །དེའི་དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་ཏེ། རྣམ་པར་སྣང་མཛད་དུ་མངོན་ནོ། །ཁྲོ་བོ་ཞེས་པ་ནི་ངང་གིས་དང་ཤུགས་ཀྱིས་ཁྲོ་བ་དང་ཁོ་བོར་བཅོས་བ་དང་ [49a.2]བཅས་པ་སྟེ། རིག་མ་དང་ལྡན་པ་ལས་གྱུར་པའི་ཕྱིར། དེ་ཉིད་བྱིན་གྱིས་རློབ་པའི་ཞེས་བྱ་བ་ཡིན་ནོ། །དེ་བཞིན་སྦྱར་ཏེ་གཞན་དག་ནི་གོ་སླ་བས་སོ། །ཡ་མཱནྟ་ཀྲྀཏ་ཅེས་པ། རྣམ་པར་མི་འཇིག་བདག་ཉིད་ཆོས། །ཞེས་པ་ལ་སོགས་པའི་ཚིག་བཞི་གསུངས་ཏེ། ལུས་ཚོར་བ་སེམས་ [49a.3]དང་ཆོས་རྣམས་ཀྱི་དུ་མ་མེད་པ་ལ་སོགས་པའི་ཡུལ་རང་གི་ངོ་བོ་ཉིད་ཀྱིས་མི་སྐྱེ་བའི་ངོ་བོ་ཉིད་ཀྱི་ཕྱིར་ན། རྣམ་པར་མི་འཇིག་བདག་ཉིད་ཆོས། །ཞེས་པ་སྟེ། ཀུན་བརྟགས་པའི་བདག་ཉིད་ཁོ་ན་འཇིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་དངོས་པོ་ཀུན་ཞེས་པ་ལུས་ལ་སོགས་པ་རྣམས་ཀྱི་འཇིག་པ་ [49a.4]མེད་པའི་དམ་ཚིག་སྟེ། ལུས་ལ་སོགས་པ་ལ་གཏོགས་པའི་དུ་མ་མེད་པ་ཉིད་ལས་ཇི་ལྟར་སྦྱར་བར་བྱ་བའི་ཡུལ་ལ་དད་པ་རྣམ་པར་དག་པའི་རང་བཞིན་དེ་ནི་ཡ་མཱནྟ་ཀྲྀཏ་དོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཕྱིན་ཅི་ལོག་པ་ནི་གཤིན་རྗེའོ། །དེའི་མཐར་ཕྱིན་པ་ནི་མེད་པ་ཞེས་པར་མངོན་ནོ། ། [49a.5]དེ་ལས་གྱུར་པ་ནི་ཕྱུང་མ་ཐག་ཏུ་ལ་སོགས་པ་སྟེ་བཞུགས་སོ་ཞེས་སོ། །བསྙེངས་པར་བྱེད་པ་ནི་དེ་ཁོ་ན་སྟེ། སེམས་ཅན་རྣམས་འདུལ་བའི་ཕྱིར་རོ། །དེ་ནི་ཤར་གྱི་སྒོར་ཞེས་སོ། །རྣམ་པར་རྒྱལ་བ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་མངོན་པར་བྱང་ཆུབ་ [49a.6]པ་ཞེས་པ་ནི་རང་གི་རིགས་ཀྱི་གཙོ་བོ་མི་བསྐྱོད་པ་སྟེ། དེ་ཉིད་དབྱེར་མེད་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལའོ། །དེའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ་མི་བསྐྱོད་པར་མངོན་ནོ། །གཞན་དག་ནི་གོང་མ་བཞིན་ནོ། །བྲཛྙཱནྟ་ཀྲྀཏ་ཅེས་པ། རྣམ་པར་མི་ཤེས་བདག་ཉིད་ཆོས། །ཞེས་པ་ [49a.7]ལ་སོགས་པ་བཞི་གསུངས་ཏེ། ཡི་གེ་དམ་པས་ངོ་བོས་རྣམ་པར་དག་པ་ཉིད་པས་ཆོས་ཤིན་ཏུ་རྒྱས་པའི་བདག་ཉིད་ཀྱི་འཛིན་པའི་རང་བཞིན་དུ་མི་འགྱུར་རོ། །དེ་འདྲ་བའི་ཐམས་ཅད་སེམས་ཀྱི་དམ་ཚིག་གང་ཡིན་པ་དེ་ནི་པྲཛྙཱནྟ་ཀྲྀཏ་གཙོ་ཞེས་གསུངས་སོ། །ཅིའི་ཕྱིར་འབྱུང་བའི་སྐྱོན་ [49b] [49b.1]མེད་པའི་ཕྱིར་དང་། མ་བྱུང་བའི་སྐྱོན་མི་སྐྱེད་པར་བྱེད་པ་དང་། དེ་ལྟར་ཕན་པའི་དོན་མ་སྐྱེས་པ་སྐྱེད་པར་བྱེད་པའི་དོན་དང་། སྐྱེས་པ་གནས་པ་རྣམས་ལ་དད་པ་དང་ལྡན་པ་གང་། བརྩོན་འགྲུས་རྣམ་པ་བཞི་པོ་དེས་རྣམ་པར་དག་པའི་ངོ་བོ་རྒྱལ་བ་ཁོ་ནས་ཤེས་རབ་མཐར་ཕྱིན་ཞེས་ཏེ། [49b.2]དེ་འདྲ་བའི་ཤེས་རབ་ཀྱི་སྐྱོན་ཁོ་ན་མཐར་ཕྱིན་པའི་ཐ་ཚིག་གི་ཕྱིར་རོ། །དེ་ནི་ལྷོའི་སྒོར་ཞེས་པའི་དོན་ཏོ། །རྟ་མགྲིན་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། ཆོས་ཞེས་པ་སྣང་བ་མཐའ་ཡས་ཀྱི་ཚུལ་གྱིས་ཞུགས་ཞེས་སོ། །གང་ལ་ཞེ་ན་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ [49b.3]ཏན་རྣམས་འབྱུང་བའི་ཕྱིར་རིན་པོ་ཆེ་འབྱུང་གནས་དེ་ལའོ། །དཀྱིལ་འཁོར་ནི་གསུང་གི་དཀྱིལ་འཁོར་རོ། །སྣང་བ་མཐའ་ཡས་ཡིན་པ་ཉིད་ཀྱི་ཕྱིར་ན་འདོད་ཆགས་འཆང་བའོ། །གཞན་ནི་སྔོན་དུ་བྱས་སོ། །པདྨཱནྟ་ཀྲྀཏ་ཅེས་པ་ནི། བརྗོད་དུ་མེད་པའི་བདག་ཉིད་ཆོས་ཞེས་པ་ལ་སོགས་པ་ [49b.4]རྣམས་གསུངས་ཏེ། དོན་དམ་པར་དེ་ཁོ་ན་ཉིད་ལ་གདགས་པར་མི་ནུས་པའི་ཕྱིར་ན་ཆོས་ཐམས་ཅད་བརྗོད་དུ་མེད་དོ། །དེ་ཉིད་ཀྱི་ཕྱིར་ན་མིང་དང་གཟུགས་བློ་ཞེས་ཏེ་མིང་ལ་སོགས་པར་སོ་སོར་སྣང་བའི་བློ་ཡི་ངོ་བོ་མེད་དེ་དོན་དམ་པར་ཡུལ་ལ་ངོ་བོ་མེད་དོ། །དེ་འདྲ་བའི་ཆོས་ཐམས་ཅད་ཀྱི་དམ་ [49b.5]ཚིག་གང་ཡིན་པ་པདྨཱནྟ་ཀྲྀཏ་གཙོ་ཞེས་སོ། །ཅིའི་ཕྱིར་བརྗོད་དུ་མེད་པའི་བདག་ཉིད་ཀྱི་ཕུང་པོའི་ཡུལ་ལ་འདུན་པ་དང་བྲོད་པ་ལ་སོགས་པ་དྲན་པ་བརྩོན་འགྲུས་དང་སྦྱོར་བའི་རྣལ་འབྱོར་པ་གང་ཡིན་པ་དེ་ཉིད་དོན་དམ་པའི་ཆོས་ལ་མོས་པ་བསྐྱེད་པར་བྱ་བའི་ཕྱིར་འདུན་པ་ལ་སོགས་པའི་ཡུལ་དྲན་པ་ [49b.6]འདི་པདྨའོ། །དེ་ཉིད་འདུན་པ་ལ་སོགས་པ་དེ་དག་གི་སྐྱོན་ཁོ་ན་མཐར་ཕྱིན་པར་བྱེད་པས་པདྨཱནྟ་ཀྲྀཏ་ཅེས་སོ། །དེ་ནི་ནུབ་ཀྱི་སྐོར་ཞེའོ། །ད་ནི་ལས་ཐམས་ཅད་པས་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་མི་བསྐྱོད་པའི་ཚུལ་གྱིས་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱིར། ཆོས་ཀྱི་ [49b.7]དབྱིངས་ཀྱི་ཡེ་ཤེས་དེ་ཉིད་དབྱེར་མེད་པའི་རྡོ་རྗེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་འབྲེལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དཀྱིལ་འཁོར་ནི་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱིའོ། །དེ་བྱིན་གྱིས་རློབ་པ་ནི་གོང་མ་ཉིད་ཀྱིས་ [50a] [50a.1]ཏེ། དེ་རྣམས་ཀྱིས་རྣལ་འབྱོར་པའི་དོན་དུ་རང་རང་གི་ལས་དགུག་པ་དང་། གཞུག་པ་དང་། བསྡམ་པ་དང་། བཅིང་བ་རྣམས་སོ་ཞེས་སོ། །བི་གྷནྟ་ཀྲྀཏ་ཅེས་པ་ནི། རྣམ་པར་མི་རྟོག་བདག་ཉིད་ཆོས། །ཞེས་པ་ལ་སོགས་པའི་ཤློ་ཀ་གཅིག་གསུངས་ཏེ། རྣམ་པར་མི་རྟོག་ [50a.2]པ་ནི་རང་བཞིན་ཁོ་ནས་ཞི་བ་ཉིད་ཀྱི་ཕྱིར་ན། གཟུང་བ་ལ་སོགས་པའི་རྟོག་པ་མེད་པ། ཕུང་པོ་ལྔ་ལ་སོགས་པའི་རྡོ་རྗེ་ཀུན་གྱི་དམ་ཚིག་མི་འདའ་བའི་རང་བཞིན་གང་ཡིན་པ་དེའི་ངོ་བོར་བགེགས་མཐར་ཕྱིན་ཞེས་སོ། །ཅིའི་ཕྱིར་གོང་དུ་གསུངས་པའི་རྣམ་པར་རྟོག་པའི་ཆོས་རྣམས་ལ། དྲན་ [50a.3]པ་དང་ལྡན་པའི་རྣལ་འབྱོར་པའི་རང་གི་སེམས་རྩེ་གཅིག་པའི་ངོ་བོའི་ཏིང་ངེ་འཛིན། ཡང་དག་པའི་དེ་ཁོ་ན་ཉིད་དམིགས་པའི་ཤེས་རབ་ཀྱི་རྒྱུར་གྱུར་པ་གང་ཡིན་པ་དེས་རྣམ་པར་དག་པ་ངོ་བོ་ཐ་མི་དད་པ་ལ་སོགས་པའི་བགེགས་མཐར་ཕྱིན་པར་བྱེད་པས་ན་བིགྷྣཱ་ནྟྲ་ཀྲིཏ་གཙོ་ཞེས་གསུངས་པའི་ཕྱིར་ [50a.4]རོ། །དོན་དེ་དག་གི་ཧ་ཅང་སྤྲོས་པ་གཞག་གོ། །གཞན་དག་ནི་གོང་མ་བཞིན་ནོ། །དེ་ནི་བྱང་གི་སྒོར་ཞེས་པ་ཡིན་ནོ། །དེ་དག་གི་དོན་ནི་འདི་སྐད་དུ་བརྩོན་འགྲུས་ལ་སོགས་པས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱས་ཏེ་དེ་དག་གིས་རང་གི་ལས་སུ་བྱེད་དོ། །དེས་རྣམ་པར་དག་པ་འདིར་བཤད་ [50a.5]པ་ཡིན་ནོ། །དེ་བཞི་ཀ་དམ་ཚིག་སེམས་དཔའོ་ཞེས་སོ། །སྐུ་གསུང་ཐུགས་ནི་གསང་བ་སྟེ་རྡོ་རྗེ་འཛིན་པའོ། །འདུས་པ་ཡང་དེ་ཉིད་དོ། །ཤིན་ཏུ་གྲུབ་པར་བྱེད་པའི་ཕྱིར་བྱིན་གྱིས་རློབ་པ་ལ་སོགས་པ་སྨོས་སོ། །ལེའུ་དང་པོའི་དོན་ཇི་སྙེད་པ་རྫོགས་སོ།། །།ད་ནི་སྦྱོར་བ་ [50a.6]དང་པོ་དང་དཀྱིལ་འཁོར་དབྱུང་བ་གསུངས་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཐུན་མོང་དང་ཁྱད་པར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ནི་དཀྱིལ་འཁོར་དབྱུང་བའི་དེ་མ་ཐག་གོ། །སྦྱོར་པ་ནི་མཆོད་པ་ལ་སོགས་པ་བྱ་སྟེ་གསོལ་ཏོ་ཞེའོ། །དེའི་དམ་ཚིག་ནི་སྐུ་གསུང་ [50a.7]ཐུགས་ཀྱི་མཆོག་ཅེས་པ་སྟེ་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ། གསུང་ནི་སྤྲུལ་པའི་སྐུ། ཐུགས་ནི་ཆོས་ཀྱི་སྐུའོ། །དེ་དག་གི་རང་བཞིན་ཡིན་པས་ཀུན་གྱི་གསང་བ་སྟེ། ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་དང་བླ་ན་མེད་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་བདག་ཉིད་ཀྱི་སྟེ། དེ་ཀུན་གྱི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་ [50b] [50b.1]ན་སྙིང་པོ་སྟེ་ས་བོན་ནོ། །དེ་ནས་ནི་ཞུས་པའི་དེ་མ་ཐག་གོ། །ཡོངས་སུ་རྟོག་པ་ནི་ཐེ་ཚོམ་མེད་པར་ཞུས་པ་རྣམས་མཁྱེན་པ་སྟེ། ཇི་ལྟར་ཞེ་ན། ཇི་ལྟ་བ་བཞིན་མཁྱེན་པ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ལ་ཐུགས་ཀྱིས་ཤེའོ། །ཁྱེད་ཀྱིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ་ [50b.2]སེམས་ལུས་ལྟ་བུ་དང་ཞེས་པ་ཡུལ་གྱི་རྣམ་པ་དང་རང་གི་མཚན་ཉིད་མེད་པར་གང་དུ་རྟོག་པའི་སེམས་དགག་པའོ། །ལུས་སེམས་དབྱེར་མེད་པར་བསྟན་པའི་ཕྱིར་རྟོག་པས་བསྐྱེད་པའི་ལུས་ཀྱང་དགག་པ་སྟེ། དེའི་ཕྱིར་ལུས་སེམས་ལྟ་བུ་ཞེས་སྨོས་སོ། །ངག་སེམས་ལྟ་བུ་དང་། [50b.3]སེམས་ཚིག་བརྗོད་པ་ལྟ་བུ་ནི་གོང་འོག་གི་ཚུལ་གྱིས་ངག་ཡིད་ཐ་མི་དད་པར་བྱ་བ་བསྟན་པ་སྟེ། རྟོག་པས་བསྐྱེད་པ་དགག་པའི་ཕྱིར་རོ། །དེས་ནི་འདི་སྐད་དུ། ལུས་ནི་གཟུགས་ཀྱི་ཁམས། ངག་དང་ཡིད་ནི་འདོད་པ་དང་གཟུགས་མེད་པའི་ཁམས་ཏེ་རྣམ་པ་དང་བཅས་པ་ཡིན་ལ། [50b.4]དེ་ནི་ལོངས་སྤྱོད་དང་སྤྲུལ་པ་དང་ཆོས་ཀྱི་རང་བཞིན་གཉིས་སུ་མེད་པར་སྦྱར་ནས་སྐྱེད་ཅིག་པ་སྟེ། དེ་ནི་རེ་རེ་ལ་ཡང་སྦྱར་བར་བསྟན་པ་ཡིན་ནོ། །ཞུ་བ་པོ་རྣམས་ཀྱིས་བཀའ་མཉན་ནས་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་གསུངས་པ་སྟེ། དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་དེ་བཞིན་ [50b.5]གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནམ་མཁའ་ལྟར་སྦྱར་ནས་སྨྲས་སོ་ཞེས་པ་སྟེ་བརྗོད་ཅེས་པའི་ཐ་ཚིག་གོ། །གཞན་གྱི་ཆེད་དུ་གླེང་བ་ནི་སྤྱན་སྔར་འདུག་ནས་བརྗོད་པ། ཨེ་མ་ཧོ་ཞེས་པ་ལ་སོགས་པ་སྟེ། དེ་ཡ་མཚན་ཆེ་བའི་དོན་ཏེ། གཟུང་འཛིན་གྱིས་སྐྱེ་བ་མེད་པའི་དོན་ཏེ། དེའི་ [50b.6]ཚུལ་གྱིས་དངོས་པོའི་ངོ་བོ་ནི་སྐྱེ་བ་སྟེ། འདི་ལྟར་རབ་ཏུ་བསྒྲགས་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཐུན་མོང་གི་བརྗོད་ནས་ཁྱད་པར་དུ་སངས་རྒྱས་དྲུག་རྣམས་ཀྱིས་གསུངས་ཏེ། ཁྱེད་ཀྱིས་སེམས་ཞེས་པ་ལ་བརྟེན་ནས་ཐུགས་ཀྱི་རང་བཞིན་རྡོ་རྗེ་འཛིན་པའི་བྱང་ཆུབ་ཀྱི་སེམས་ [50b.7]གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་འཛིན་པའི་ཚུལ་གྱིས་བྱང་ཆུབ་པའི་ཚུལ་ཞེས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སྙོམས་པར་ཞུགས་ནས་ཞེས་པ་དང་འབྲེལ་ཏོ། །མཚུངས་པར་ལྡན་པའི་གཟུགས་ལ་སོགས་པ་ལ། དངོས་པོ་མེད་པར་བསྒོམ་པ་ནི་དངོས་པོ་ཉིད་ [51a] [51a.1]ཡིན་ནོ། །གང་གཟུགས་ལ་སོགས་པའི་དངོས་པོ་ཉིད་བསྒོམ་པར་བྱའོ་ཞེ་ན། དེ་ཡང་ཀུན་དུ་བརྟགས་པ་ཉིད་ཀྱི་ཕྱིར་བསྒོམ་པ་མིན་ཞེས་སོ། །དེ་ལྟར་དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་གཉི་ག་མ་ཡིན་པས། བསྒོམ་པ་དམིགས་སུ་མེད་པའོ་ཞེས་སོ། །དེ་དག་གི་དོན་ནི་འདི་ [51a.2]སྐད་དུ། ཡོད་མེད་ཀྱི་དངོས་པོ་ཞི་བ་དངོས་པོ་ཉིད་ཀུན་རྫོབ་ཏུ་རྟེན་འབྲེལ་གྱི་ངོ་བོ་སྣང་བ་མི་འགོག་པ་ཡིན་ལ། དེ་ལྟར་ཡིན་པ་ཉིད་ཀྱིས་ཡང་དག་པར་ན་དངོས་པོ་གང་དུ་ཡང་མ་གྲུབ་པ་སྐྱོན་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ད་ནི་སེམས་ལུས་ལྟ་བུ་ཞེས་པའི་རིམ་པ་ལ་བརྟེན་ནས་ [51a.3]རྣམ་པར་སྣང་མཛད་ཀྱིས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཐུགས་ཀྱི་དེ་མ་ཐག་ཏུ་སྐུའི་རང་བཞིན་སྟོན་པས་དེ་ནས་ཞེས་སྨོས་སོ། །མེ་ལོང་ལྟ་བུའི་དོན་གང་གཉིས་སུ་མེད་པའི་བདག་ཉིད་དེ་ནི་མངོན་པར་རྟོགས་པ་ལ་སོགས་པ་སྟེ་དེ་ལའོ། །དངོས་པོ་ཐམས་ཅད་དང་ཞེས་ [51a.4]པ་གཟུགས་ལ་སོགས་པའོ། །ལོག་པར་རྟོགས་པས་གང་ཟག་ལ་བདག་ཏུ་འཛིན་པ་ལ་སོགས་པའི་ཀུན་བརྟགས་སོ། །དེ་དང་བྲལ་བ་ནི་ཕྱི་རོལ་པ་སྟེ་དེའི་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་སུ་འདོད་པ་ཡིན་ཏེ། དེ་ནི་གཟུང་འཛིན་ཉིད་པས། ཀུན་བརྟགས་ [51a.5]ཀྱི་མཚན་ཉིད་དེ། རྣམ་པར་སྤངས་པ་དེས་ནི་ཕུང་པོ་ལ་སོགས་པའི་ཆོས་ལ་ཡང་། བདག་མེད་པ་མཉམ་པ་ཉིད་ཡིན་པས། ཐེག་པ་ཆེན་པོའི་ཁྱད་པར་དུ་གསུངས་སོ། །དེ་ནི་དོན་དམ་པར་གཞ ན་དབང་གི་མཚན་ཉིད་དུ་རང་གི་སེམས་མི་དམིགས་པའི་ཚེ། །འདོད་པ་ཡིན་ཏེ་དེ་ [51a.6]རྣམ་རིག་གི་གཞུང་བཙུགས་པའོ། །ཡང་གཞན་མ་སྐྱེས་ཁྱད་པར་གསུངས་པ་ཐོག་མ་ནས་མ་སྐྱེས་ཞེས་པ་སྟེ། ལྟོས་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་མ་སྐྱེས་མ་ཞིག་པ་སྟེ། དངོས་པོ་ཉིད་ཡང་དག་པར་རིག་པའོ། །དེ་ཉིད་ཁྱད་པར་དུ་བརྟན་པོར་བྱ་བ་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་ [51a.7]ཏེ་དངོས་པོ་མེད་པའི་དེ་ཉིད་སྟོང་པ་ཉིད་དོ། །ད་ནི་མི་བསྐྱོད་པའི་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་མི་ཟད་པའི་རྡོ་རྗེ་ནི་འཕེལ་འགྲིབ་མེད་པའོ། །གང་དབྱེར་མེད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་འདི་ཉིད་ཀྱི་ཚུལ་གྱིས་སོ། །དངོས་པོ་ཞེས་པ་ [51b] [51b.1]གཟུགས་ལ་སོགས་པའོ། །དེ་སྒྱུ་མ་ལྟར་ཡིན་པ་ཉིད་ཀྱིས། དོན་དམ་པར་ངོ་བོ་ཉིད་ཀྱིས་མ་སྐྱེས་པས་དེའི་ཕྱིར་ཆོས་ཅན་སྣང་བའི་ངོ་བོ་དང་། ཆོས་ཉིད་མི་སྣང་བའི་ངོ་བོ་ཡང་རང་བཞིན་གྱིས་མིན་པ་སྟེ། དེ་ལྟ་ན་ནི་ཤིན་ཏུ་མེད་པའི་སྟོང་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། མི་འགྱུར་ཏེ་ [51b.2]དམིགས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཙམ་ཞེས་པའི་དོན་ཏོ། །དེས་ན་ནམ་མཁའ་ལྟ་བུར་བདག་མེད་པ་ཞེས་པ་སྨོས་སོ། །དེའི་བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་ཏེ། དེ་ཁོ་ན་ཉིད་ལས་མི་ཉམས་པའི་དོན་ཏོ། །འབྱུང་ལྡན་གྱིས་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ [51b.3]བདག་མེད་པ་རྡོ་རྗེ་ནི། མཉམ་པ་ཉིད་དུ་གང་གྱུར་པ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དཀོན་མཆོག་དཔལ་གྱི་ཚུལ་གྱིས་སོ། །ཆོས་རྣམས་ཞེས་བྱ་བའི་མཚན་ཉིད་འཛིན་པའི་ཕུང་པོ་དང་ཁམས་ལ་སོགས་པའོ། །དེ་ཉིད་སྤངས་པ་ནི་དབྱིག་པའི་འདུས་ཏེ་རེག་པ་དང་། གཟུགས་སུ་རུང་ [51b.4]བ་གཟུགས་ཞེས་བྱ་བ་དང་། གྲུབ་པ་དང་བདེ་བ་གཅིག་པའི་འཇིག་པའི་ངང་ཅན་ལ་སོགས་པ་དེས་རང་བཞིན་གྱིས་སོ། །མཉམ་པ་ཉིད་ནི་བདག་མེད་པའི་ཆོས་ཏེ་དེ་ལས་ཞེས་སོ། །ད་ནི་སྣང་བ་མཐའ་ཡས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་སོ་སོར་རྟོག་ [51b.5]པའི་ཡེ་ཤེས་ནི་ཀུན་གསལ་བས། འོད་ཟེར་འབར་བ་ཡང་ཡིན་ལ། གཉིས་སུ་མེད་པར་གང་གྱུར་པ་དེ་ནི་སྒྲོན་མ་དང་འདྲ་སྟེ། སྒྲོན་མས་ཀྱང་མུན་པ་བསལ་ལོ། །འབྲོས་སོ་སྙམ་དུ་མི་སེམས་མོད་ཀྱི། ངང་གིས་གསལ་བར་བྱེད་པ་དང་འདྲ་བར། ཡེ་ཤེས་ཀྱིས་ཀྱང་ [51b.6]སེམས་ཅན་གྱི་དོན་ལ་དེ་དག་དེ་ལྟར་རོ། །དེའི་ཏིང་ངེ་འཛིན་ལ་རིགས་གང་ཡིན་པའི་ཚུལ་གྱིས་སོ། །ངོ་བོ་ཉིད་ཀྱིས་ཐོག་མ་ནས་ཡང་དག་པར་མ་སྐྱེས་པའི་ཆོས་ཕུང་པོ་ལ་སོགས་པ་རྣམས་ལ་མཚན་མའི་ངོ་བོ་མེད་དེ། དམིགས་པའི་བསྒོམ་པའང་དེའི་ཕྱིར་མེད་དོ་ཞེས་སོ། །དེ་ལྟ་ན་ [51b.7]ནི་འོ་ན་ནི་ཐམས་ཅད་དུ་མེད་པར་མཚུངས་སོ་ཞེ་ན། མ་ཡིན་ཏེ། ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །ཞེས་པས་ཤེས་བྱ་ལ་དམིགས་པ་མེད་པ་ཉིད་ཀྱིས་དངོས་པོ་ནི་རྟེན་དང་བརྟེན་པའི་ངོ་བོ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་སོ། །དེ་ན་བསྒྲགས་ཞེས་པའི་དོན་ཏོ། །ད་ནི་དོན་ཡོད་གྲུབ་པའི་གསུངས་ [52a] [52a.1]པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཟིལ་གྱིས་གནོན་པ་ནི། གཉིས་སུ་མེད་པའི་ངོ་བོ་དོན་མཐར་ཕྱིན་པའི་བྱ་བ་བསྒྲུབ་པའི་རྣམ་པའོ། །དེ་ལ་རིགས་གང་ཡིན་པའི་ཚུལ་གྱིས་སོ། །གཞན་དག་ནི་གོ་སླ་བས་མ་བྲིས་སོ། །འདིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ [52a.2]རྣམས་རང་བཞིན་གྱིས་འོད་གསལ་བ་ནི་ད་ལྟར་མ་ཡིན་གདོད་མ་ནས་དག་པ་སྟེ། དེ་ལ་ཡུལ་གྱི་ངོ་བོ་བྱང་ཆུབ་ཀྱང་མེད་ཅིང་ཡུལ་ཅན་གྱི་རང་བཞིན་རྟོག་པ་ཡང་མེད་དོ། །དཔེར་ན་ནམ་མཁའ་བཞིན་ཞེས་ཏེ་ལྟག་འོག་ཏུ་སྙོམས་སོ། །དེ་དག་ནི་དངོས་པོ་ཉིད་ཀྱི་རང་བཞིན་མི་དམིགས་པས་ [52a.3]ཡུལ་དང་ཐབས་སུ་ཐ་མི་དད་དེ། ཨཱ་ལི་ཀཱ་ལི་དག་པར་བྱ། །ཞེས་གསུངས་སོ། །དེ་ནས་བྱམས་པ་ལ་སོགས་པ་ཆོས་ཉིད་ཐོས་ནས་ངོ་མཚར་དུ་གྱུར་ཞེས་པ་ནི་གོང་དུ་གསུངས་པའི་དོན་ངེས་པར་འགྲེལ་ཅིང་དེ་ལ་མཆོད་པ་བརྗོད་པའི་ཕྱིར་དེ་སྐད་དུ་གསུངས་པ་སྟེ། ངོ་མཚར་ཆེ་བ་དང་སྔོན་ [52a.4]མེད་པ་མྱོང་བ་མངོན་དུ་བྱས་ནས་ཆེད་དུ་གླེང་བ་ནི་དགོས་པའི་ཚིག་བརྗོད་པའོ། །འདི་དག་དབྱེར་མེད་ཡང་དག་དོན། །མཁའ་དབྱིངས་སེམས་དང་ཐ་མི་དད། །ཡེ་ཤེས་རྣམས་ཀྱིས་རིམ་བཞིན་བསྟོད། །རྡོ་རྗེ་གསུམ་དང་སྤྱིར་གསུངས་སོ། །ཞེས་པ་ཡིན་ནོ། །དེ་རྣམས་ཀྱི་ཚིག་གི་ [52a.5]དོན་ནི། ཨེ་མའོ་སངས་རྒྱས་ཞེས་པ་སྟེ་ཆེད་ཆེ་བའི་དོན་ཏེ་རངས་པའི་ཕྱིར་ཡང་དེ་སྐད་ཅེས་བྱའོ། །དེའི་ཡང་དག་དོན་ནི་ཡང་དག་ཀྱང་ཡིན་ལ་དོན་ཀྱང་ཡིན་པས་དེ་སྐད་ཅེས་ཏེ་དྲུག་གི་དོན་གྱིས་དེ་ལའོ། །ང་དང་བདག་མེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་ [52a.6]བྱང་ཆུབ་རྫོགས་པར་བྱེད་ཅེས་ཏེ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སོ། །དེ་གང་གི་སྟོབས་ཤེ་ན། རྣམ་པར་མི་རྟོག་ཅེས་ཏེ་དེ་ལ་འདུན་པའོ།།དེ་ཉིད་ཀྱི་དོན་དང་འདུ་བ་གསུངས་པ་ཀུན་དུ་བཟང་པོ་ཞེས་པ་ལ་སོགས་པའོ།།དག་པ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་དང་ཐ་མི་དད་པའི་དོན་ཏོ། ། [52a.7]ཡེ་ཤེས་དབང་དུ་གྱུར་པའི་བྱང་ཆུབ་སེམས་ཏེ། ལེའུ་གཉིས་པའི་དོན་རྫོགས་སོ།། །།དེ་ནས་ལེའུ་གསུམ་པས་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་བརྗོད་པར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་འདིར་འཕྲོ་བའི་སྤྲིན་བཀོད་པ་ཞེས་པ་ནི་ཁྱབ་པ་དང་འབྱུང་བ་དང་ [52b] [52b.1]མང་པོ་འདུས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ནང་ན་འདུས་པའོ། །དེ་ཉིད་རྡོ་རྗེ་སྟེ་རྡོ་རྗེ་འཛིན་པའོ། །དེའི་ཏིང་ངེ་འཛིན་ཞེས་པའི་དོན་ཏོ། །སྔོན་དུ་གནས་བྱིན་གྱིས་བརླབ་པའི་སྔགས་གསུངས་པ། ཨོཾ་ཞེས་པ་ལ་སོགས་པ་སྟེ། དེ་ནི་ལྷའི་ངོ་བོ་ཉིད་དེ་དེ་ཉིད་ཤཱུ་ནྱ་ཏཱ་ཞེས་སྟོང་པ་ཉིད་ [52b.2]ཀྱིའོ། །ཛྙཱ་ན་ཡེ་ཤེས་སོ། །དེ་ཉིད་བཛྲ་ནི་རྡོ་རྗེ་སྟེ། དེའི་སྭཱ་བྷཱ་བ་རྣམ་པར་དག་པ་དེ་ཨཱཏྨ་ཀོ྅ཧཾ་ཞེས་ངའམ་བདག་ཡིན་ནོ་ཞེས་སོ། །སྔགས་དེ་རྣམས་ནི་བཀྲ་ཤིས་པ་ཡིན་ཏེ་སྟོང་ཉིད་དོན་གྱིས་བཀྲ་ཤིས་པ་དང་། རྫོགས་པ་སྔགས་ཀྱི་བཀྲ་ཤིས་པའོ། འཕགས་པ་ཀླུ་གྲུབ་ [52b.3]ཞབས་ཀྱིས་ཀྱང་། །དངོས་ལ་སྟོང་ཞིང་གཞན་མ་ཡིན། །དེ་མ་རྟོགས་པའི་དངོས་ཀྱང་མེད། །ཅེས་གསུངས་སོ། །འདི་དག་གི་སྒྲུབ་ཐབས་ནི་ཐོག་མར་སྙིང་རྗེའི་མཐུ་ལས་སྐྱེས་པ། བྱང་ཆུབ་སེམས་དང་ལྡན་པ། སྦྱིན་པ་ལ་སོགས་པ་དང་བཅས་པ། ཐབས་ཤེས་རབ་ [52b.4]གཉིས་སུ་མེད་པ། ཟབ་མོའི་ཚུལ་ལ་མོས་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་ཆོ་ག་བཞིན་དུ་ཆུ་ལ་སོགས་པའི་དབང་རྣམས་ཐོབ་ཅིང་ཚུལ་དང་ལྡན་པས། རི་ལ་སོགས་པ་གང་ཡིད་དུ་འོང་བར་དྲི་མེད་ཆུ་ཚོགས་ལ་སོགས་པས་དཀྱིལ་འཁོར་བྱུགས་ཏེ། མེ་ [52b.5]ཏོག་སྣ་ཚོགས་དགྲམ་པར་བྱའོ། །དྲི་ཆབ་ཀྱིས་ཀྱང་ཕྱོགས་མཚམས་གཏོང་ནས། དེའི་དབུས་སུ་སྟན་པ་དེ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་བསྒོམ་པར་བྱའོ། །དེ་ཡང་རྣམ་པར་ཐར་པའི་སྒོས་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་མཐིང་ [52b.6]གས་ཏིལ་འབྲུ་བཞིན་དུ་ཁྱབ་པས་གཉིས་སུ་མེད་པའི་ལྷས་གང་བར་དམིགས་ཏེ། ཧཱུཾ་དེ་ལས་གདུགས་དང་རྒྱལ་མཚན་དང་། རིན་པོ་ཆེ་དང་། ལྷ་བཤོས་དང་། སྤྱན་མ་ལ་སོགས་པ་མཆོད་པ་རྣམས་སྤྲོས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་མཆོད་ནས་བདག་ཉིད་རེ་རེའི་ [52b.7]མདུན་དུ་འདུག་སྟེ། ཡན་ལག་ལྔས་གཏུགས་ཏེ་ཕྱག་བྱེད་པར་མངོན་དུ་བྱའོ། །དེས་ཐོག་མ་མེད་པའི་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དགེ་སློང་དང་། རྣལ་འབྱོར་པས་དགེ་བའི་རྩ་བ་ཅི་སྤྱོད་པ་ལ་ཕྲག་དོག་མི་སྐྱེ་སྟེ་དགེ་ [53a] [53a.1]བའི་རྩ་བ་བསྔོ་བར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བསྒོམ་པར་བྱའོ། །དེས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་ལམ་བརྟེན་པར་བྱའོ། །འགྲོ་བའི་དོན་དུ་འཇུག་པ་དང་བཅས་པའི་བྱང་ཆུབ་ཀྱི་སེམས་ཏེ། དོན་དམ་པའི་སེམས་བསྒོམ་ [53a.2]པར་བྱའོ། །སྟོང་པ་ཉིད་ནི་ཆོས་ཐམས་ཅད་གཟུང་འཛིན་དང་བྲལ་བའོ། །དེའི་རྣམ་པའི་ཡེ་ཤེས་གཞན་གྱིས་མི་སྐྱེ་བའི་ཕྱིར་ན་དེ་དེ་བཞིན་དུ་མཆན་མ་མེད་དོ། །ཡེ་ཤེས་ཙམ་མ་གཏོགས་པ་རྟོག་པ་མེད་པས་མོས་པ་མེད་དེ་གང་དུ་ཡང་སྨོན་པ་མེད་དོ། །དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་ [53a.3]དང་ལྡན་པ་རང་གི་སེམས་རང་གིས་རིག་པ་རྨོངས་པ་མེད་པ་མངོན་དུ་བྱས་ཏེ། གོང་དུ་གསུངས་པའི་སྔགས་བརྗོད་པས་སྟོང་པ་ཆེན་པོར་བྱིན་གྱིས་བརླབ་པོ། །དེས་གསུམ་གྱི་དང་པོ་དེ་བཞིན་ཉིད་བསྟན་ཏོ། །ད་ནི་གཞིའི་ཏིང་ངེ་འཛིན་བསྒོམ་སྟེ། དང་པོར་རཾ་དམར་པོ་ལས་མེའི་དཀྱིལ་ [53a.4]འཁོར་ཟུར་གསུམ་བསྒོམ་མོ། །དེ་ནས་ལམ་སེར་པོ་ལས་དབང་ཆེན་གྱི་དཀྱིལ་འཁོར་གྲྭ་བཞིར་རྩེ་གསུམ་པའི་རྡོ་རྗེས་མཚན་པ་བསྒོམ་སྟེ། དེ་ནས་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེ་འབར་བ་བརྟག་གོ། །རྡོ་རྗེ་འཕྲོས་པ་ལས་ས་གཞི་རྡོ་རྗེར་གྱུར་པ་དང་། དེ་ལས་འོད་དམར་པོ་འཕྲོས་པས་ [53a.5]ཕྱོགས་བཞིར་རྡོ་རྗེ་ར་བར་གྱུར་པར་བསྒོམ། དེ་ལས་འོད་སྟེང་དུ་འཕྲོས་པས་སྟེང་རྡོ་རྗེའི་དྲ་བས་གཡོགས་པར་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་གུར་ཐབས་དེའི་སྟེང་དུ་བཾ་དཀར་པོ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོས་གཡོགས་པར་བསྒོམ་པར་བྱའོ། །དེ་ཀུན་གྱི་ནང་དུ་སྐད་ཅིག་ [53a.6]མའི་ཏིང་ངེ་འཛིན་གྱིས་རྫོགས་པ་ཆེན་པོ་འམ། བསྐྱེད་པ་དང་རྫོགས་པ་སྟེ་ཡིག་འབྲུ་ཙམ་ལས་སྒོམ་ཡང་རུང་འཁོར་ལོ་སེར་པོ་རྩིབས་བཅུ་ལ་ཁྲོ་བོ་བཅུ་བསྒོམ་པ་དང་། ལྷ་རྣམས་ཀྱི་མདོག་དང་ཕྱག་མཚན་དང་གནས་ལ་སོགས་པ་རྒྱས་པར་ནི་འདི་ཉིད་ཀྱི་གཞུང་ལས་བལྟ་ [53a.7]བར་བྱའོ། །དེ་ལྟར་དེའི་རིམ་པས་ཡན་ལག་བཞིའི་ཆེ་འབྲིང་གི་རྣམ་པ་དང་སྦྱོར་བ་དང་པོ་ཉིད་དང་། དཀྱིལ་འཁོར་རྒྱལ་བ་མཆོག་གི་ཡིག་འབྲུ་ལས་སྤྱན་དྲང་བ་ལ་སོགས་པའི་རིམ་པ་རྒྱས་པར་མ་བཤད་དེ་གཞུང་ཉིད་བརྟག་གོ། །དེ་ཙམ་ནི་བླ་མའི་མན་ངག་གོ། །ད་ནི་རྟེན་གྱི་ [53b] [53b.1]དཀྱིལ་འཁོར་བསྟན་པའི་ཕྱིར་ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དབྱིངས་ནི་ཆོས་ཀྱི་དབྱིངས་སོ། །དེའི་ཞེས་སོ། །ཡི་གེ་བྷཱུཾ་དང་འཁོར་ལོ་ལས་གྱུར་པའི་རྣམ་པར་སྣང་མཛད་རིན་པོ་ཆེའི་དབུ་རྒྱན་ཅན་དེ་ལས་གྱུར་པའི་གཞལ་ཡས་ཁང་ནི་སངས་རྒྱས་དཀྱིལ་འཁོར་ [53b.2]ཏེ། དེའི་ཞེས་སོ། །སངས་རྒྱས་ཉིད་རྣམས་འབར་བ་སྟེ། དེ་དང་མཉམ་པའི་འོད་གང་ལས་བྱུང་བ་དེ་དེ་ལྟར་རོ། །དེའི་ཕྱིར། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཅེས་སོ། །ཀུན་ནས་ཡོངས་སུ་ཟླུམ་པོ་ཞེས་པ་ནི་སྤྲོས་པ་དང་བྲལ་བ་ཉིད་ཀྱིས་ཕྱི་རོལ་གྱི་མཐའ་ཞེས་པ་སྟེ། དབུས་ [53b.3]ནི་གྲུ་བཞི་ཁོ་ནའོ། །འདོད་པར་བྱ་བ་ཡིན་པས་ན་འདོད་པ་སྟེ། དེ་ཉིད་རྣམ་པར་དག་པ་ཉིད་ཀྱིས་གོམས་པས་ན་ཡོན་ཏན་ཞེས་ཏེ་གཟུགས་ལ་སོགས་པ་ལྔའི་སངས་རྒྱས་ཞེས་པའོ། །པོག་མེ་ལ་སོགས་པ་མཆོད་པ་རྣམ་པ་ལྔས་ཀྱང་བརྒྱན་པའོ། །དེ་ནི་རྟེན་གྱི་རང་བཞིན་ [53b.4]ནོ། །མདོར་ན་ཞེས་པ་གནས་ཀྱི་མཚན་ཉིད་བསྒོམས་ནས་ཤིའོ། །ད་ནི་སངས་རྒྱས་དྲུག་རྣམས་ཀྱི་རང་བཞིན་དང་སྐུ་མདོག་བསྟན་པའི་ཕྱིར་གཟུགས་ཞེས་པ་ལ་སོགས་པ་སྨོས་སོ། །དེ་ལ་གཟུགས་ནི་རྒྱལ་བའི་སྟེ་དེ་དབུས་ཀྱི་གདན་ལ་བསྒོམ་པར་བྱའོ་ཞེས་ཏེ། ཡིད་ཀྱིས་ [53b.5]སམ། རྡུལ་ཚོན་གྱིས་ཏེ་དེ་ནི་གཙོ་བོ་ཁོ་ནའི་གཟུགས་ལ་འཁོར་རྣམས་ནི་ཕྱག་མཚན་ལ་སོགས་པ་ཡང་འགལ་བ་མེད་ཅེས་གསུངས། འདིར་ནི་འདི་ལྟར་ཡིན་ཏེ། དངོས་སུ་བརྗོད་པ་ཉིད་ཀྱི་ཕྱིར་རོ། །སྐུར་གྱུར་པ་ཉིད་ཀྱི་ཕྱིར་ན་ཕྱག་རྒྱ་ཆེ་ཞེས་སོ། །སྐུ་གསུང་ཐུགས་ཀྱིས་མཚན་ [53b.6]ཞེས་སྣང་མཛད་དོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབ་པའོ། །དེ་ནི་ཕྱི་མ་ལ་ཡང་ཤེས་པར་བྱའོ། །འམ་ཞེས་པའི་སྒྲ་ནི་སྣང་མཛད་དང་རྡོ་རྗེ་འཛིན་གང་རུང་ཞེས་པའི་དོན་ཏོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཛིན་པའོ། །དེ་མདོག་ལ་སོགས་པ་དང་ལྡན་པར་བསྒོམ་ [53b.7]པར་བྱའོ། །གཅིག་ཏུ་སྦྱོར་བ་ནི་སྣང་མཛད་དང་རྡོ་རྗེ་འཛིན་དེ་དང་དེ་གཅིག་ཏུ་སྦྱོར་བ་གང་ཡིན་པ་དེས་སོ། །ཛྙཱ་ན་ཞེས་པ་ནི་ཚོགས་དག་པའི་རང་བཞིན་ལྷ་དང་ལྷ་མོ་སོ་སོར་སྣང་བར་སྦྱོར་བ་ཞེས་པའི་དོན་ཏོ། །དེ་ལྟག་འོག་ཏུ་སྦྱར་བར་རོ། །བར་སྐབས་དག་ནི་གོ་སླ་བས་སོ། ། [54a] [54a.1]ད་ནི་མི་བསྐྱོད་པའི་མདོག་ལ་སོགས་པ་གསུངས་པ། ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །ཞེས་པ་ལ་སོགས་པ་སྟེ། སྐུ་དང་དབུས་ཀྱི་ཞལ་སྔོན་པོར་བསྒོམ་པ་སྟེ། གཡས་དང་གཡོན་གྱི་ཞལ་ནི་གཞིའི་ལེའུ་ཉིད་དུ་བསྟན་ཏོ། །དེ་འདུལ་བའི་དབང་གིས་ཏེ་དེ་ནི་ཕྱི་ [54a.2]མ་ལ་ཡང་སྦྱར་རོ། །ཤེལ་དང་དུང་འདྲ་ཞེས་པ་ལ་སོགས་པས་ནི། །སྣང་མཛད་ཀྱི་སྐུ་མདོག་དང་ཕྱག་མཚན་བསྟན་ཏེ། དེ་ལ་ཐོར་ཚུགས་ཅོད་པན་ནི་ཀུན་ལ་སྦྱར་ཏེ། དེ་རྣམས་ཀྱང་འབར་བའི་རལ་པ་དབུ་རྒྱན་གྱི་མཆོག་ལ་རིན་པོ་ཆེ་སྣ་ཚོགས་འབར་བས་བརྒྱན་པའོ། ། [54a.3]རྡོ་རྗེ་འཛིན་ཉིད་ཀྱི་སྣང་མཛད་ཀྱི་མདོག་དང་མི་བསྐྱོད་པའི་ཕྱག་མཚན་དུ་འབྲེལ་བ་གསུངས་པ། འཛམ་བུ་ན་དའི་གསེར་འོད་འདྲ། །ཞེས་པ་ལ་སོགས་པའོ། །ཚུལ་ནི་གོང་མ་བཞིན་ནོ། །རིན་ཆེན་འབྱུང་ལྡན་གྱི་མདོག་ལ་སོགས་པ་མ་ར་ཀ་ཏ་ཞེས་པ་ལ་སོགས་པའོ། ། [54a.4]པདྨ་རཱ་གའི་ཞེས་པ་ལ་སོགས་པ་ནི་སྣང་བ་མཐའ་ཡས་ཀྱི་མདོག་ལ་སོགས་པ་གསུངས་སོ། །དོན་ཡོད་གྲུབ་པའི་སྐུ་མདོག་ལ་སོགས་པ་གསུངས་པ། འོད་ཟེར་སྣ་ལྔའི་ཞེས་པ་ལ་སོགས་པའོ། །ད་ནི་རང་གི་ལྷ་བྱིན་གྱིས་བརླབ་པའི་སྔགས་གསུངས་པ། དེ་ནས་ཞེས་ [54a.5]པ་ལ་སོགས་པའོ། །དེ་ལ་ཆོས་རྣམས་ཀྱི་དབྱིངས་ནི་ལུས་ཏེ། རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་དོ། །ངོ་བོ་ཉིད་ཅེས་འབྲེལ་ཏོ། །ད་ནི་བྱིང་རྒོད་ཀྱི་སྐྱོན་སྤང་བའི་ཕྱིར། ཕྲ་མོའི་དོན་གསུངས་པ་རིན་ཆེན་ལ་སོགས་པའོ། །དེ་ནི་ལྷ་རྣམས་ཀྱི་ཡིག་འབྲུ་ [54a.6]སྟེ་ཚད་ནི་ཡུངས་འབྲུ་ཙམ་མོ། །མཆོག་ཉིད་ཀྱི་ཕྱིར་ན་རིན་ཆེན་ཏེ། དེ་གང་དུ་ཞེ་ན་པདྨའི་སྣ་རྩེར་ཞེས་ཏེ་མཚན་མ་མཐོང་མ་ཐག་ཏུ་སྤྲོ་བས་ན་བརྟན་པར་ཞེས་སོ། །འཕྲོ་བའི་རྣམ་པ་ནི་སངས་རྒྱས་ཞེས་པ་ལ་སོགས་པ་སྟེ་མཆོག་རབ་ནི་སངས་རྒྱས་སོ། །དེའི་ཞེས་སོ། །ཡིག་ [54a.7]འབྲུ་ཁོ་ནར་མ་ཟད་དེ་ཕྱག་མཚན་ཡང་སྤྲོ་བའི་ཕྱིར་རྡོ་རྗེ་འཁོར་ལོ་ལ་སོགས་པའོ། །སྤྲིན་ཆེན་ནི་དབུགས་རང་གི་ཕྱག་མཚན་གྱི་གཟུགས་ལྷའི་དངོས་པོ་གོང་བུའི་ཚུལ་གྱིས་རང་རྡོ་རྗེ་ལས་ཕྱུང་སྟེ། ལྷ་མོའི་སྣ་རྩེ་ལ་ཞེས་སོ། །དེ་དག་སྲོག་དང་རྩོལ་བའི་སྒོ་ནས་སོ། །དེ་ [54b] [54b.1]དག་གི་གདན་ནི་ནམ་མཁའ་ཞེས་པ་ལ་སོགས་པ་སྟེ་ནམ་མཁའ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ནང་གི་གཞལ་ཡས་ཁང་བརྩེགས་པའི་དབུས་སུ་གནས་པར་ཞེས་སོ། །ཟླ་བའི་དཀྱིལ་འཁོར་ནི་ཟླ་བ་སྟེ་དབྱིངས་ཀྱི་དབུས་སུའོ། །དེ་ཉིད་གསལ་བ་སྟེ། དེ་ཡང་དབུས་སུ་རྣམ་པར་ [54b.2]སྣང་མཛད་ཉིད་བསྒོམ་པའི་ཕྱིར་འཁོར་ལོའི་དཀྱིལ་འཁོར་ཞེས་སོ། །འདིར་རྣམ་པར་སྣང་མཛད་ཀྱི་གདན་གསལ་བའི་དཀྱིལ་འཁོར་ཞེས་པའི་སྒྲས། ཟླ་བའི་དཀྱིལ་འཁོར་ཡིན་པར་འདོད་པའི་དབང་གིས་སྣང་བ་མཐའ་ཡས་ལ་སོགས་པ་བཞིའི་ནི་ཤུགས་ཀྱིས་གདན་ཉི་མའི་ [54b.3]དཀྱིལ་འཁོར་དུ་ཤེས་པར་བྱ་སྟེ། བཞིའི་ལེའུ་ལས་ཀྱང་། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་གསུངས་སོ། །གཞན་དག་ནི་མཚོན་པ་ཙམ་སྟེ་ཀུན་གྱིའོ། །ཞེས་སྨྲའོ། །ཉི་མའི་དཀྱིལ་འཁོར་ལ་པདྨའི་དཀྱིལ་འཁོར་ཞེས་ཏེ། སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་བསྒོམ་ [54b.4]པར་བྱའོ། །གདན་དེ་ཉིད་ལ་སྐུ་གསུང་ཐུགས་ཀྱི་རིམ་པས་མི་བསྐྱོད་པ་བསྒོམ་པ་ནི་རྡོ་རྗེ་བསྒོམ་པས་ཞེས་སོ། །རིན་ཆེན་དཀྱིལ་འཁོར་ཞེས་པ་ནི་རིན་ཆེན་འབྱུང་ལྡན་དེ་ཉི་མའི་གདན་ལ་ལྷའི་དངོས་པོ་ལ་བརྩོན་པའི་རྣལ་འབྱོར་པས་བསྒོམ་པར་བྱ་ཞེས་པའི་དོན་དེ་ལྟག་འོག་ཏུ་ཡང་ [54b.5]སྦྱར་རོ། །སྐུའི་སྣང་མཛད་ལ་སོགས་པ་བཞི་དང་འབྲེལ་པའི་སྐུ་མདོག་རྣམས་དང་སྦྱོར་བའི་དཀྱིལ་འཁོར་རང་གི་ལྗང་གུ་དང་འོད་ཟེར་སྣ་ལྔའོ། །དེ་ཡང་ཉི་མའི་དཀྱིལ་འཁོར་བསྒོམ་པ་སྟེ་གདོན་མི་བྲ་བ་ཞེས་སོ། །གང་ལྡན་པ་དེ་དང་དབྱེར་མེད་པ་གསུངས་པ་འདི་ [54b.6]དག་ཅེས་པ་ལ་སོགས་པ་སྟེ། སངས་རྒྱས་སུ་འགྱུར་བ་ནི་སྐུ་གསུང་ཐུགས་བསྒོམ་པའི་བདག་ཉིད་ཀྱིས་སོ། །གྲུབ་པ་ཉིད་གང་སྙམ་པ་ལ་ཐམས་ཅད་མཁྱེན་པ་ཞེས་ཏེ་ཚུལ་དོན་ལ་འཇུག་པས་དེ་ཉིད་ཐོབ་པའོ་ཞེས་པ་ཡིན་ནོ། །རྡོ་རྗེ་བསྐོར་བ་ནི་སྔོན་དུ་བྱས་སོ། ། [54b.7]ལེའུ་གསུམ་པའི་དོན་རྫོགས་སོ།། །།ད་ནི་ལེའུ་བཞི་པས། གཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཞུ་བའི་ཕྱིར་ཡང་འདུས་ཞེས་པ་ནི་ཆེད་ཆེ་བ་སྟེ་འདས་པ་བསྡུའོ། །བསྟོད་ [55a] [55a.1]པ་ནི་ཕྱག་འཚལ་བར་འོས་པ་དང་། དོན་ལ་རག་ལས་པ་དང་། བཤད་པར་གསོལ་བས་བསྟོད་པ་སྟེ། དཀྱིལ་འཁོར་བྲི་བ་ལ་འདིས་བསྟོད་ནས་གསོལ་བ་གདབ་ཅེས་པ་སྟེ། རྣལ་འབྱོར་པས་ཚུལ་དེ་ལྟར་ཤེས་སོ། །ཚིགས་བཅད་པ་ཞིས་ནི་སྤྱིར་ཞུས་པ་ [55a.2]དང་། སྐུ་གསུང་ཐུགས་རྣམས་ཀྱི་དཀྱིལ་འཁོར་ཞུས་པ་སྟེ་རིམ་པ་བཞིན་དུ་སྦྱར་རོ། །དེ་ལ་ཀུན་ཞི་བ་ཞེས་པ་དོན་ངོ་བོ་ཉིད་ཀྱིས་ཞི་བ་དང་། སྙིང་རྗེའི་དོན་གྱིས་ཞི་བའོ། །སངས་རྒྱས་སྲས་པོ་མཆོག་གི་གནས་ཉིད་ཀྱི་ཕྱིར་ཀུན་གྱི་གནས་སོ། །ཆོས་ཀུན་བདག་མེད་ཅེས་ [55a.3]པ་ནི་ཉན་ཐོས་ལ་སོགས་པས་གང་ཟག་དང་ཕྱོགས་གཅིག །ཆོས་ལ་བདག་མེད་མོད་ཀྱི་དེ་ལས་མཆོག་གོ། །དམ་པ་ནི་གྱ་ནོམ་པ་ལ་སོགས་པའི་རྣམ་པའོ། །དེ་དག་ནི་འོག་གི་དོན་ཏེ་ཅི་རིགས་སུ་སྦྱར་རོ། །གཞན་དག་ནི་གོ་སླའོ། །ཞུས་པའི་དེ་མ་ཐག་ཏུ་གསུངས་པ་ནི་ [55a.4]དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་གནས་ཞེས་པ་རིགས་ལྔ་ལ་སོགས་པ་ཀུན་གྱི་རྟེན་ཞེས་པའི་དོན་ཏོ། །དེ་ཉིད་ནི་ཐུགས་ཀྱི་དཀྱིལ་འཁོར་ཞེས་ཏེ། དེ་ནི་གསལ་བའི་ངོ་བོ་ཡིན་ཏེ། ཐུགས་ཀྱི་རིམ་པས་སྐུ་དང་གསུང་གི་རིམ་པ་ཤེས་པར་བྱའོ་ཞེས་དགོངས་སོ། །ད་ནི་ [55a.5]ཆོ་ག་དང་ལྡན་པ་ཉིད་ཀྱིས་སྐུ་ལ་སོགས་པའི་ངོ་བོ་གསུངས་པ། སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དཀྱིལ་འཁོར་ཞེས་པའོ། །དེ་ཉིད་སེམས་ཀྱི་རྡོ་རྗེ་ནི་དེ་ཁོ་ན་ཉིད་དང་འདྲ་བའི་རྡོ་རྗེ་ཉི་མའི་གདན་ལ་བྲི་བ་ཡིན་ཏེ། འདིར་ཐུགས་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ལུས་དང་ངག་སེམས་ཞེས་པ་ལ་ [55a.6]སོགས་པས་ནི་མ་མཐོང་ཞིང་རྨོངས་པའི་དོན་དུ། དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་གསུངས་སོ། །རབ་བསྒོམས་པའི་ཤེས་རབ་ཅན་གྱིས་ཞེས་པ་སྐུ་ལ་སོགས་པའི་ལྷའི་ཏིང་ངེ་འཛིན་ལ་བཞུགས་པའོ། །དེས་ཆོ་ག་དང་ལྡན་པར་ཐིག་གདབ་པ་ནི་མཚོན་པ་ཙམ་སྟེ་གཞན་དག་ [55a.7]ཀྱང་བྱ་བར་གསུངས་སོ། །དེ་ལ་སར་པ་རབ་ཏུ་གཙང་། །ཞེས་པ་གཞན་ལ་བཏབ་པ་ཡིན་ནོ། །དཀྱིལ་འཁོར་གྱི་ཉིས་འགྱུར་གྱིས་རིང་ཐུང་དང་སྒོའི་ཉི་ཤུའི་ཆས་སྦོམ་ཕྲར་བྱ་བའི་ཕྱིར་ཚང་མའོ། །མཛེས་པ་ནི་ཤེས་རབ་མས་ལེགས་པར་བཀལ་པས་མཉམ་པ་དང་འཇུར་མདུད་མེད་པའོ། [55b] [55b.1]དེ་ཡི་ཁྲུ་ནི་བཅུ་གཉིས་ཞེས་པ་རིག་མའི་ལོ་གྲངས་ཀྱི་ཚད་བསྟན་པ་ཙམ་སྟེ། མ་ངེས་པ་ཉིད་མ་ཡིན་ནོ། །ལུང་ལས་ཀྱང་། ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས། །བསམ་ཡས་དག་ལའང་དེ་བཞིན་བྱ། །རིག་པས་དཔག་པ་ཙམ་དུའོ། །ཞེས་གསུངས་སོ། །རྣམ་པར་ཐར་པ་བཞི་དང་། [55b.2]ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་ལ་སོགས་པ་དང་ལྡན་པའི་ཕྱིར་སྒོ་བཞི་ཞེས་པ་ལ་སོགས་པ་སྟེ། རྟ་བབས་དང་ཐེམ་སྐས་དང་ཏྭར་ཎ་བཞི་ལ་སོགས་པས་ཀྱང་མཛེས་པར་བྱ་བར་མངོན་ནོ། །འཁོར་ལོ་ནི་རབ་ཏུ་ཟླུམ་ཞེས་པ་མུ་ཁྱུད་ཟླུམ་པོར་བྱ་བའི་ཐ་ཚིག་གོ། །དེ་ཡང་ [55b.3]ཕྱག་རྒྱ་དགོད་པ་ནི་རང་རང་གི་དམ་ཚིག་གི་ཕྱག་རྒྱ་དགོད་པ་སྟེ། ཞལ་ལ་སོགས་པ་ནི་དགོད་པར་མི་བྱའོ། །དེའི་དབུས་རྡོ་རྗེ་ཞེས་པ་ཐུགས་ཀྱི་རྣམ་པར་དག་པའི་རྡོ་རྗེ་མི་བསྐྱོད་པའི་ཕྱག་མཚན་རང་གི་གདན་ལ་བྲི་བར་བྱའོ། །འདིར་བཙུན་མོ་རྣམས་ལྷན་ཅིག་ཏུ་སྐུའི་ངོ་བོར་དགོད་ [55b.4]པར་མི་བྱ་སྟེ་དེ་མཐོང་ན་དབྱེ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་སཾ་གྲ་ཧ་ལས། མུ་སྟེགས་རྣམས་ལ་ཕན་དོན་དུ། །སངས་རྒྱས་བཙུན་མོ་རབ་ཏུ་གསང་། །ཞེས་གསུངས། ད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་མཚན་རྣམས་ཀྱང་རང་རང་གི་ཚུལ་དང་མཐུན་པར་ཟླ་བ་དང་ཉི་ [55b.5]མའི་གདན་ལ་བྲི་བར་བྱ་བ་ནི། འཁོར་ལོ་ཆེན་པོའི་ཤར་ཕྱོགས་སུ། །ཞེས་བརྩམས་ནས། ནན་ཏན་དུ་ནི་མཆོད་པར་བྱ། །ཞེས་པའི་མཐར་ཐུག་པའི་ཚིག་རྣམས་ཀྱིས་བསྟན་ཏོ། །དེ་ལ་ལུས་དང་ངག་སེམས་མཆོད་པ་ཡིས། །ཞེས་པ་ནི་སྐུ་ལ་སོགས་པའི་རང་བཞིན་ཡི་ [55b.6]གེ་གསུམ་གྱིས་དབྱུང་བའི་བྱ་བའོ། །དེས་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ཕྱག་མཚན་མེ་ལོང་དང་། པི་ཝང་ལ་སོགས་པ་ཡང་རང་རང་གི་གནས་ཇི་ལྟ་བ་བཞིན་བྲི་བར་བྱའོ། །དེ་ནས་ནི་འདོད་པའི་རྒྱལ་པོ་ལ་སོགས་པ་དྲུག་དང་། སའི་སྙིང་པོ་ལ་སོགས་པ་ཕྱུང་བའི་སྔགས་ [55b.7]མེད་པའི་ཕྱིར་ན། དཀྱིལ་འཁོར་གྱི་ལྷ་མ་ཡིན་པར་མངོན་ནོ། །གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་འབྱུང་བ་ལས་གྱུར་པ་དེས་ནན་ཏན་དུ་མཆོད་པ་བྱ་བའོ། །ད་ནི་རི་མོའི་དཀྱིལ་འཁོར་ཡིད་ཀྱིས་སམ་རྡུལ་ཚོན་གྱིས་བྲིས་ཏེ། བསྒྲུབ་པའམ་དབང་བསྐུར་པ་གསུངས་ [56a] [56a.1]པ། བུད་མེད་ཅེས་པ་ལ་སོགས་པ་སྟེ། འདིར་དེ་དག་གི་དོན་ནི་འདི་སྐད་དུ། རིག་མ་གཟུགས་དང་ལང་ཚོ་དང་། ཡོན་ཏན་དང་ལྡན་པ་དེ་ལས་སྤྱད་ན། བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བརྟགས་ཏེ། རྡོ་རྗེས་པདྨ་ཕྱེ་བས་བདག་ལ་སངས་རྒྱས་ཐིམ་ནས། བརྟན་ [56a.2]པོར་བྱས་ཏེ་པདྨ་ལ་གནས་པའི་རང་བཞིན་སྦྱོར་བས་སྤྲོའོ། །དེ་ནས་རང་གི་མཚན་བརྗོད་ནས། བདག་གིས་འཁོར་ལོའི་སྦྱོར་བ་སྤྲོ་བར་བྱ་སྟེ། རྡོ་རྗེ་དང་པདྨའི་སྒྲས་སངས་རྒྱས་རྣམས་བསྐུལ་ནས་དཀྱིལ་འཁོར་དུ་སྤྱན་དྲངས་ཏེ། བགེགས་བསྐྲད་ཅིང་བསྲུངས་ཏེ། སོ་སོར་མཆོད་ [56a.3]ཡོན་ཕུལ་ཏེ་བསྟོད་ནས། སྒོ་བཞིའི་སྒོ་སྲུང་གིས་ལས་རྣམས་བྱས་ནས་ཉེ་བར་བསྒྲུབ་པར་བྱའོ། །བྱིན་གྱིས་བརླབ་ཅིང་མཆོད་པ་ལ་སོགས་པ་བརྟགས་ནས་སེམས་ཅན་རྣམས་ཀྱི་དོན་གྲུབ་པར་མཛོད་ཅེས་གསོལ་བ་གདབ་པོ་ཞེས་བཤད་པ་ཡིན་ནོ། །སྐུ་དང་གསུང་གཙོ་ [56a.4]བོར་གྱུར་པའི་དཀྱིལ་འཁོར་ནི་ལེའུ་བཅུ་དྲུག་པ་ལས་ཤེས་པར་བྱའོ། །དེ་དག་གི་དོན་ཞིབ་ཏུ་ནི་ལེའུ་བཅུ་གཉིས་པའི་ཡན་ལག་བཞིའི་སྐབས་ནས་ཤེས་པར་བྱའོ། །ལེའུ་བཞི་པའི་དོན་རྫོགས་སོ།། །།བསྒྲུབ་པའི་ཁྱད་པར་ལ་སོགས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་ [56a.5]པའོ། །དེ་ལ་དེ་ནས་ནི་རི་མོའི་དཀྱིལ་འཁོར་གྱི་དེ་མ་ཐག་གོ། །རྒྱལ་པོ་ཞེས་པ་རྡོ་རྗེ་འཛིན་པ་སྟེ། །དེ་སྐུ་གསུང་ཐུགས་དང་ལྡན་པའོ། །གནས་ཀྱི་དབང་ཕྱུག་ཀུན་མཆོག་གིས། །ཞེས་པའི་ཚིག་གཉིས་ནི་མི་གནས་པ་མཐའ་གཉིས་ལས་འདས་པའི་མཆོག་དང་། མཐའ་ [56a.6]གཉིས་ལ་དབང་སྒྱུར་བའི་དོན་དང་། ཚོགས་གཉིས་རྫོགས་པའི་མཆོག་དང་། སྤྱོད་བ་ཀུན་གྱི་མཆོག་དང་། ཆོས་དོན་རིག་པའི་མཆོག་སྟེ། དོན་དེ་ལྔ་དཀྱུས་དང་རིམ་པར་སྦྱར་རོ། །ཐམས་ཅད་ལ་སྤྱོད་པའི་ཕྱིར་སྤྱོད་པ་ཀུན་ཞེས་ཏེ། དེ་བས་ན་མཆོག་གི་ཆོས་ཀྱང་དེ། [56a.7]འོན་ཀྱང་དེ་ཉིད་པས་མཆོག་གི་ཆོས་དོན་ཞེས་བྱའོ། །དེ་ཁོ་ན་ཉིད་ལ་ཐེ་ཚོམ་མེད་པའི་ཕྱིར་རྣམ་པར་མི་རྟོག་དོན་ཞེས་ཏེ། དེ་ལས་བྱུང་བ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གི་རིགས་ཅན་རྣམས་དེ་ཁོ་ན་ཉིད་དང་ལྡན་པས་འགྲུབ་པར་བྱེད་ཅེས་པ་དང་སྦྱར་རོ། །རིགས་ཀྱི་ངེས་པ་སུན་ [56b] [56b.1]དབྱུང་བའི་ཕྱིར། རིགས་ངན་སྨེ་ཤ་ཅན་ལ་སོགས། །ཞེས་པ་རྣམས་ཏེ། དེ་ལ་རིགས་ངན་པ་ནི་བླང་དོར་མེད་པའི་དཀའ་ཐུབ་ཀྱི་བཟོད་པ་དང་། རེ་དོགས་མེད་པའི་དཀའ་ཐུབ་ཀྱི་བཟོད་པ་དང་། རིགས་ཀྱི་རློམ་སེམས་མེད་པའི་དཀའ་ཐུབ་ཀྱི་བཟོད་པའོ། །སྨེ་ཤ་ནི་ཕྱིན་ཅི་ [56b.2]ལོག་གི་རྟོག་པ་སྤང་བ་དང་། གསང་ཆེན་རྫས་ཀྱི་སྨེ་ཤ་དང་། མངོན་ཤེས་བསྒྲུབ་པའི་སྨེ་ཤ་ཅན་ནོ། །སོགས་ཞེས་པ་རྒྱལ་རིགས་ལ་སོགས་པ་གང་དང་ལྡན་པའོ། །དེ་དག་གི་དོན་ནི་འདི་སྐད་དུ། རིགས་ངན་པ་ཁ་ལོ་བདེ། སྨེ་ཤ་ཅན་རྟུལ་ཕོད་ཅེས་བསྟན་པ་ཡིན་ནོ། །གསོད་ [56b.3]པ་ཞེས་པ་ལ་སོགས་པའི་ཚིག་གསུམ་ནི་རྒྱུད་འདི་ལ་མཁས་པ་དང་། སྐལ་བ་འདིར་སྦྱངས་པ་དང་། ལས་ཀྱི་སྒྲུབ་པ་འདི་ལ་གོམས་པས་འགྲུབ་ཀྱི་ཕལ་གྱིས་མི་འགྲུབ་པར་མངོན་ནོ། །མཚམས་མེད་ཅེས་པ་འབྲས་བུའི་མིང་བཏགས་ཏེ། ཕ་མ་བསད་པ་ལ་སོགས་པ་ལྔ་དང་། [56b.4]སོགས་ཀྱིས་མི་དགེ་བ་བཅུའོ། །དེས་ཀྱང་འགྲུབ་ཅེའོ། །མི་འགྲུབ་པ་གང་ཞེ་ན། སྙིང་ནས་སློབ་དཔོན་སྨོད་པ་དག །ཅེས་པ་ལ་སོགས་པ་སྟེ། འདིར་སློབ་དཔོན་ནི་སྔགས་པ་སྟེ་འདི་ཉིད་ལས་ཕྱོགས་བཅུ་དུས་གསུམ་སངས་རྒྱས་པས། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་འཕགས་ [56b.5]སོ་ཞེས་སོ། །དེས་ནི་བླ་མ་ཁུར་བས་འགྲུབ་པོ་ཞེས་མངོན་ནོ། །སྲོག་གཅོད་པའི་ཞེས་པ་རྣམས། ཡང་དག་པར་བདག་དང་བདག་གི་ལ་སོགས་པ་ཡུལ་དང་ཡུལ་ཅན་རྣམས་མེད་དེ། དེ་རྣམས་ཀྱི་དོན་ནི་ལུང་ལས། སྲོག་མེད་སྲོག་བཅད་གཅད་དུ་མེད། །ཅེས་པ་ནས་བརྩམས་ནས། [56b.6]ཆགས་མཆོག་རྒྱལ་པོ་ཡིན་ཞེས་པའི་མཐའི་བར་དུ་རིག་པར་བྱའོ། །མ་དང་སྲིང་མོ་བུ་མོ་ལ། །ཞེས་པ། འདས་པ་དང་ད་ལྟར་དང་མ་འོངས་པའི་གཟུངས་མ་རིམ་བཞིན་ཏེ། ཡུམ་ལ་སྤྱོད་པའི་འདོད་པས་ནི། །གོང་མ་རྣམས་ནི་མཉེས་བྱས་ན། །ཞེའོ། །གཙོ་བོའི་ཡུམ་ཞེས་བ་ [56b.7]སྤྱན་མ་ལ་སོགས་པ་སྟེ། རང་གི་བུད་མེད་དེའི་བདག་ཉིད་ལ་སྤྱོད་པའི་ཆོ་ག་ཇི་ལྟ་བས་སོ། །དེ་གང་གིས་བྱ་བ་ནི། མི་རྟོག་བློ་ཅན་གྱིས་ཞེས་ཏེ། ཏིང་ངེ་འཛིན་གསུམ་གྱིས་རྣམ་པ་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་མཁས་པས་ཤེས་པ་ཡིན་ནོ། །དེ་ནི་གོང་དུ་ཡང་སྦྱར་ [57a] [57a.1]རོ། །ད་ནི་ཇི་ལྟར་འདོད་པའི་སྔོན་དུ་མ་གཏོགས་པའི་ཉན་པ་པོ་རྣམས་ངན་སོང་དུ་ལྷུང་ངོ་ཞེས་བསམས་ནས་གླན་ཀ་བཙལ་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་ངོ་མཚར་བ་ནི་མ་ཐོས་པའི་ཆོས་དང་། རྫས་ཀྱི་མཚན་ཉིད་དང་། བསྒྲུབ་ [57a.2]པའི་གཟུངས་དང་། ཕས་ཕམ་པའི་ཆོས་བཞི་ལ་ངོ་མཚར་བའོ། །ངོ་མཚར་ཆེ་བར་གླེང་བའི་གླན་ཀ་སྤང་བའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། མི་ཤེས་པའི་ཆོས་ཉིད་ཀྱིས་ཤིན་ཏུ་ཐོབ་པར་དཀའ་བ་ཉིད་ཀྱི་ཕྱིར་ན་མཐོང་ཞེས་སོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་ [57a.3]པའི་ཆོས་ཉིད་འདི་རྣམ་པར་མི་རྟོག་པའི་དོན་གང་ཡིན་པ་དེ་ལས་བྱུང་ཞེས་པའོ། །དེའི་ཕྱིར་གོང་གི་རྣམ་པར་མི་རྟོག་པ་ལས་བྱུང་བ་ཞེས་པ་གཞན་དུ་ཡང་སྦྱར་བར་བྱའོ། །ཟབ་མོའི་དོན་ལ་འཇིགས་པར་མཐོང་ནས། རྒྱལ་བ་ནི་དེ་ནས་ཡང་ཞེས་པ་ལ་སོགས་པའོ། །དེ་ལ་ནམ་ [57a.4]མཁའ་དང་མཉམ་པ་ནི་དེ་དང་འདྲ་པའི་དོན་ཏོ། །དེ་ཉིད་གཉིས་སུ་མེད་དེ། མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་འབྲེལ་ཏོ། །དེས་བསྟོད་ནས་རང་རང་གི་སྟན་ལ་གནས་པར་གསུངས་པ་ཞུགས་མ་ཐག་ཏུ་ཞེས་ཏེ། གནས་པར་གྱུར་ [57a.5]ཏོ་ཞེས་པ་དང་འབྲེལ་ཏོ། །དོན་དེ་ཉིད་ཀྱིས་རངས་པར་གྱུར་ཏེ་མཆོད་པར་བརྗོད་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། ཨེ་མ་ཧོ་ཆོས་ཨེ་མའོ་ཆོས་ཞེས་པ་ངོ་མཚར་བའི་དབང་གིས་སྔགས་ཚིག་གསུངས་པའོ། །དེ་ནས་འབྱུང་བ་ཞེས་པ། དཔེ་ཇི་བཞིན་པའི་ངོ་བོ་ཡིན་ [57a.6]ཡང་། མཚམས་མེད་པ་ལ་སོགས་པ་དང་། གཟུངས་དང་ཕས་ཕམ་པའི་ཆོས་དང་གསུམ་འབྱུང་བའི་ཞེས་ངོ་མཚར་ཏེ། དེའི་ཕྱིར་ཆོས་ཞེས་པ་གསུམ་བརྗོད་དོ། །དེས་ནི་སློབ་དཔོན་གྱི་ཕྱོགས་སྔ་མ་ལ་གནོད་པ་བྱས་སོ། །རྣམ་པར་མི་འགྱུར་ཞེས་པ། ཡེ་ཤེས་ [57a.7]གྱིས་ངང་ཅན་དེ་ལ་དངོས་པོའི་སྣང་བ་མེད་ཅེས་སོ། །དབྱིངས་ཞེས་པ་རྒྱུའི་དོན་ཏོ། །སྐུ་ལས་རབ་ཏུ་བྱུང་ཞེས་པའི་ཚིག་གསུམ་གྱིས་ནི་ངོ་བོ་ཉིད་ཀྱི་སྐུ་དང་། ཡི་གེ་མེད་པའི་གསུང་དང་། མི་རྟོག་པའི་ཐུགས་དེའི་བདག་ཉིད་ཅེས་སོ། །སྔགས་ཐམས་ཅད་ཀྱི་མཆོག་ཅེས་པ་ [57b] [57b.1]གཉིས་སུ་མེད་པའི་དོན་ཏེ། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ་ཞེས་གསུངས་སོ། །ལེའུ་ལྔ་པའི་དོན་རྫོགས་སོ།། །།ད་ནི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་སྔགས་དང་། བསྒྲུབ་པ་དང་། ཕྲ་མོའི་དོན་རྣམས་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། [57b.2]ད་ནི་མི་བསྐྱོད་པ་ཞེས་བྱ་བ་ནི་ཐུགས་ཉིད་ཀྱི་ཕྱིར་སྟོན་པ་པོར་གསུངས་སོ། །གསང་བ་ནི་རྡོ་རྗེ་གསུམ་ཉིད་དོ། །དེ་ནི་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། དེ་ལ་སྙོམས་པར་ཞུགས་ཏེ། ཕྱི་མ་དང་འབྲེལ་ཏོ། །ཐུགས་བྱིན་གྱིས་རློབ་པའི་ཞེས་པ་སྙིང་གའི་ཟླ་བ་ལས་རལ་པའི་དབུ་རྒྱན་ཅན་ཐུགས་ [57b.3]ཀྱི་རྡོ་རྗེ་སྟེ། དེའི་བྱིན་གྱིས་རློབ་པའི་སྔགས་ཞེས་སོ། །དེས་ཕྱི་མ་ལ་ཡང་ཚིག་རྣམ་པར་བསྒྱུར་ནས་སྦྱར་བར་བྱའོ། །རྡུལ་དང་བྲལ་བའི་དོན་ནི་མེ་ལོང་ལྟ་བུའི་རྣམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྣང་མཛད་ཀྱི་ཚུལ་གྱིས་སོ། །སོ་སོར་རྟོག་པའི་རྣམ་པ་ནི་མི་གཉིས་པའི་ [57b.4]རྡོ་རྗེ་ཞེས་པ་སྟེ། དེ་ལ་ཚེ་དཔག་ཏུ་མེད་པའི་ཚུལ་གྱིས་སོ། །དེ་དག་གི་ཐབས་ཀྱིས་ཐབས་སུ་ཤེས་པ། རང་གི་ལྷ་མོ་དང་འདྲ་བར་སྙིང་པོའི་རིག་མ་སྤྲུལ་ཏེ། དེའི་མགོ་དང་གསང་བ་ལ་སོགས་པར་དེ་ཁོ་ན་ཉིད་ཤེས་པས་ཨོཾ་ལ་སོགས་པ་ཟླ་བའི་དཀྱིལ་འཁོར་ལ་བཀོད་དེ། དེ་ལས་ [57b.5]གྱུར་པ་རྣམས་གནས་སུ་བསྒོམ་པར་བྱའོ། །དེའི་གསང་བར་ཧཱུཾ་ལས་གྱུར་པའི་པདྨ་འདབ་མ་བརྒྱད་པ་བསམས་ཏེ། དེ་དང་ལྷན་ཅིག་ཏུ་བདེ་བར་གཤེགས་པ་རྣམས་ཤིན་ཏུ་ཆགས་པར་བགྱི་ཞེས་སོ། །དེ་ཁོ་ན་རྗེས་སུ་ཆགས་པའི་རང་བཞིན་ནོ། །རྡོ་རྗེ་སྒྲོན་མ་ནི་མཉམ་པ་ཉིད་ཀྱིའོ། ། [57b.6]གདོན་མི་ཟ་བ་ཞེས་པ་ནི་བྱ་བ་ནན་ཏན་གྱིའོ། །གོང་དུ་རྗེས་སུ་ཆགས་པའི་མཐུ་ལས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དམིགས་ཏེ། ཕྱི་ནང་གི་མཆོད་པ་འཕྲོས་པས་མཆོད་པར་བྱའོ། །ཞེས་མདོར་བསྡུས་སོ། །ད་ནི་སྐུ་ལ་སོགས་པའི་བྱིན་གྱིས་ལུས་ངག་ཡིད་རློབ་པར་བྱེད་པ་བདེ་བར་ [57b.7]གཤེགས་པ་བསྐུལ་བ་ལ་སོགས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །སྔགས་ལ་དམིགས་པའི་ཞེས་པ་ལྷའི་དཀྱིལ་འཁོར་ལ་ཏིང་ངེ་འཛིན་དམིགས་པ་ནི་ངེས་པའི་བསམ་གཏན་ནོ། །དེའི་ལུས་ཞེས་པ་བསམ་གཏན་དེའི་ཚུལ་གྱིས་ས་བོན་ལས་བྱུང་བ་ལྷ་མོའི་འོད་ [58a] [58a.1]ཟེར་ཞེས་པའི་དོན་ཏོ། །ངག་གིས་ཞེས་པ་བཛྲ་དྷྲྀཀ་ལ་སོགས་པ་རྣམས་ཀྱིས་སོ། །སྔགས་རྣམས་ཀྱི་ཕྱག་རྒྱ་ཆེན་པོར་གསལ་བ་ནི་ཡིད་ཀྱིས་ཞེས་སོ། །དེ་ལྟ་ན་ཡང་བློས་དབྱེ་བར་མི་བྱ་སྟེ། དེའི་ཕྱིར་གསུངས་པ། སེམས་ལ་ཞེས་པ་ལ་སོགས་པའོ། ། [58a.2]སྦྱོར་བ་རྣམ་པ་གསུམ་ཞེས་པ་སྐུ་ལ་སོགས་པའི་རྣམ་པས་སོ། །ལུས་ལ་སོགས་པ་སྐུ་ལ་སོགས་པར་དམིགས་ན་དེའི་ངོ་བོ་ཉིད་ནི་དམིགས་སུ་མེད་དོ། །དེའི་ཕྱིར་ན་སྔགས་ཀྱི་ལུས་སུ་ཤེས་ཏེ། དབྱེར་མེད་པའི་ངོ་བོ་ཉིད་ཀྱིས། བྱང་ཆུབ་མེད་ཅིང་བསྒོམ་པའང་མེད། །ཅེས་ཏེ། སྔགས་ [58a.3]དེའི་ལུས་ཁོ་ནར་འགྱུར་བའི་ཐ་ཚིག་གོ། །དེའི་ཕྱིར། ལུས་དང་ངག་དང་སེམས་རྣམས་ནི། །ཞེས་པ་ལ་སོགས་པ་ནི་བསྡུ་བའི་དོན་ཏེ། དཔྱད་པ་ནི་ལུང་དང་རིགས་པ་དག་གིས་སོ། །དཔྱད་ནས་ཅི་བྱེད་ཅེ་ན། སྔགས་ཀྱིས་ཞེས་པ་ནི་གོང་ནས་གསུངས་པའི་ཚུལ་གྱིས་སྔགས་ཀྱིས་ [58a.4]ཞེས་པ་ཡིན་ནོ། །སྦྱོར་བའི་ཞེས་པ་སྐུ་ལ་སོགས་པའི་རྣམ་པས་ཆོ་ག་ཇི་ལྟ་བ་བཞིན་ནོ། །ད་ནི་ཕྲ་མོའི་དོན་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དཔལ་ལྡན་ཞེས་པ་བྱམས་པ་དང་ཡོན་ཏན་དང་ལྟུང་བ་མི་མངའ་བའི་དོན་ཏོ། །གསང་མཛོད་ཐུགས་ཀྱི་རྡོ་རྗེ་འཛིན་ [58a.5]པ་ནི་ཕྱག་རྒྱ་རྟགས་ཀྱི་ཕྱིར་དང་། གདུག་པ་འཇོམས་པའི་ཕྱིར་ནའོ། །དེ་ལ་མཆོད་པས་གང་གསུངས་ཤེ་ན། བསྒོམ་པའི་མཆོག་ཅེས་པ་ཕྲ་མོའི་སྦྱོར་བ་སྟེ་དེ་ཉིད་གསུངས་ཞེས་པ་དང་འབྲེལ་ཏོ། །དེ་ཉིད་ནམ་མཁའ་དབྱིངས་ཀྱི་ཞེས་པ་ཆོས་ཀྱི་དབྱིངས་ཀྱི་ནང་གི་གཞལ་ [58a.6]ཡས་ཁང་བརྩེགས་པའི་དབུས་སུ། ཟླ་བའི་དཀྱིལ་འཁོར་ཞེས་པའི་སེམས་གསལ་བ་དང་མདངས་བཟང་བ་དང་། ནད་ཞི་བ་དང་། ཚེ་རིང་བ་དང་། ཚོགས་རྫོགས་པ་དང་། བྱང་ཆུབ་ཀྱི་སེམས་རྟོགས་པའི་ཕྱིར་ན་ཞེས་སོ། །སངས་རྒྱས་གཟུགས་ནི་ཞེས་པ་སངས་རྒྱས་ [58a.7]དྲུག་པོ་གང་བསྒོམ་པ་ཆོ་ག་ལྔས་བསྒོམ་པ་ཐོག་མར་བསྒོམས་ནས་ཞེས་སོ། །དེ་སྔོན་དུ་བྱས་ནས་ཕྲ་མོའི་སྦྱོར་བའི་ཏིང་ངེ་འཛིན་བརྩམ་པར་བྱའོ། །དེ་ཁོ་ནའི་སྦྱོར་བ་ཆོ་ག་གསུངས་པ། སྣའི་རྩེ་མོར་ཞེས་པ་ལ་སོགས་པ་སྟེ། སྣའི་རྩེ་མོ་ནི་ཕྲ་མོའི་གནས་ཏེ་ལྷ་མོའི་པདྨའི་རྩེ་ [58b] [58b.1]མོའོ། །རྒྱུ་ནི་ཕྱག་མཚན་ཏེ་ཚད་ནི་ཡུངས་ཀར་ཞེས་སོ། །འགྲོ་དང་མི་འགྲོ་ནི་དྲོད་ཚད་དེ། ཇི་ཙམ་དུ་སེམས་རྩེ་གཅིག་ཏུ་མ་གྱུར་གྱི་བར་དུའོ། །དེ་ལ་གསང་བའི་སྔགས་ཀྱིས་ཞེས་པ་ཧཱུཾ་གིས་སོ། །ཧཱུཾ་དེ་སྟོང་པ་ཉིད་ཀྱིས་དེ་དང་ལྡན་པའི་གནས་སུ་བསྒོམ་མོ། །ནམ་མཁའ་ [58b.2]དབྱིངས་ཞེས་པ་གོང་དུ་བྱས་ཏེ་ཕྱི་མ་ལ་ཡང་སྦྱར་རོ། །ཉི་མ་ནི་གདུང་པའི་མུན་པ་སེལ་བ་དང་། བསོད་ནམས་རྒྱས་པ་དང་། ཤེས་རབ་ཀྱི་སྒྲོན་མེ་སྐྱེ་པའི་ཕྱིར་ནའོ། །དེ་ནི་ལྟག་འོག་ཏུ་ཡང་སྦྱར་རོ། །སངས་རྒྱས་སྐུ་ཞེས་པ་རྡོ་རྗེ་འཛིན་པ་རང་གི་ས་བོན་ཡི་གེ་ཧཱུཾ་བསྒོམ་པར་ [58b.3]བྱས་ནས་དེའི་སྟེང་དུ་ཞེས་པ། སྣ་རྩེར་ཧཱུཾ་དེ་ཞུ་བའི་སྟེང་དུ་མི་བསྐྱོད་པའི་ས་བོན་ཡི་གེ་ཧཱུཾ་ཕྱིན་ནས་ཧཱུཾ་གོང་མ་ལངས་པའི་གནས་གསང་བའི་སྣ་རྩེར་མི་བསྐྱོད་པའི་ས་བོན་ཡི་གེ་ཧཱུཾ་རིམ་པར་དགོད་དོ། །ཕྱི་མ་ལ་ཡང་ས་བོན་བཀོད་པ་ཇི་ལྟར་རང་རང་གིས་འབྲེལ་བར་བྱའོ། །གཞན་ [58b.4]དག་ནི་གོ་སླ་བས་སོ། །གོང་གི་ཚུལ་དུ་རང་རང་ས་བོན་ལས་སྣང་མཛད་དུ་བསྒོམས་ལ། རང་གི་རིག་མ་སྤྱན་གྱི་ཚུལ་དུ་སྦྱོར་བ་ལ་རྡོ་རྗེ་དང་པདྨོ་ནི་སྦྱོར་བའི་ཆོ་ག་སྟེ་ལྟག་འོག་ཏུ་སྦྱར་རོ། །རིན་ཆེན་དཀྱིལ་འཁོར་ནི་འབྱུང་ལྡན་གྱིའོ། །དང་པོ་སྟོང་པ་ཉིད་ནས་རྗེས་སུ་ཆགས་པའི་ [58b.5]བར་ན་སྦྱོར་བའི་ནན་ཏན་ཏེ། དེ་ཡང་གོང་འོག་ཏུ་སྦྱར་རོ། །དེའི་ཞེས་པ་འབྱུང་ལྡན་གྱི་ས་བོན་ཡི་གེ་སྭཱ་སྣ་རྩེར་ཞུ་བའི་སྟེང་དུ། སྣང་བ་མཐའ་ཡས་ཀྱི་ཨ་ཕྱིན་ནས། ས་བོན་གོང་མ་ལངས་པའི་གནས་སུ་ཨཾ་བསྒོམ་པར་བྱའོ། །དོན་ཡོད་གྲུབ་པའི་ས་བོན་གོང་གི་ཚུལ་དུ་ [58b.6]བསྒོམ་པའི་ཕྱིར། འོད་ཀྱི་དཀྱིལ་འཁོར་ཞེས་ཏེ། གང་སྒོམ་པའི་ཚུལ་གྱིས་སོ། །གོང་གི་ས་བོན་ལས་གྱུར་པའི་རང་གི་ལྷ་སྤྲོ་བ་དང་། དཀྱིལ་འཁོར་དབྱུང་བའི་རིམ་པས། འཁོར་ཀྱང་སྤྲོ་བར་བྱ་བ་ཡིན་ནོ། །དེ་ཁོ་ནའི་ཁྱད་པར་གསུངས་པ་ཨུཏྤལ་ཞེས་པ་ལ་སོགས་པ་སྟེ། [58b.7]གཙོ་བོའི་ཕྱག་མཚན་ལ་ཕྲ་མོའི་སྦྱོར་བའི་ཏིང་ངེ་འཛིན་བསྟན་པ་ཡིན་ནོ། །དེས་ནི་ཁ་དོག་དང་དབྱིབས་དང་ཚད་དང་། དྲོད་ཚད་དང་གནས་བསྟན་ཏེ། གཙོ་བོའི་ཕྱག་མཚན་ལས་སྤྲོའོ། །ད་ནི་གཞན་སྤྲོ་བའི་ཕྱིར་ཙ་ནའི་འབྲུ་ཙམ་ནི་སྲན་ཙ་ན་ཀའོ། །གེ་སར་ནི་སྡོང་བུ་སྟེ། རྩ་བ་དང་བཅས་པ་ [59a] [59a.1]སྣ་རྩེར་བསྒོམས་ན་ཞེའོ། །སྣང་མཛད་ཀྱི་ཕྱག་མཚན་ལ་སོགས་པ་བསྒོམ་པ་ནི་འཁོར་ལོ་ལ་སོགས་ཞེས་པའོ། །ཕྱག་མཚན་ནི་གནས་རྣམས་ཏེ་སྣ་རྩེ་དེ་རུ་སྤྲོ་བར་བྱའོ། །སྤྱོད་པ་ཀུན་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་དག་གི་དོན་ [59a.2]ནི་ཡང་དག་པ་ཉིད་ཀྱིས་རྣམ་པར་རྟོག་པ་སྤྱོད་པ་སྟེ། དབྱེར་མེད་པར་བསྟན་པ་ཡིན་ནོ། །དེ་ལ་ཟས་ཀྱི་ཕྱིར་ནི་ཞེས་པ། གཞན་དགག་པའི་ཕྱིར་ཟས་གཞན་མི་བཟའ་བའི་དོན་ཏེ་དེ་རྣམས་ཀྱི་ཡན་ལག་གི་དོན་ནི་གོ་སླ་བས་མ་བཤད་དོ། །རྨོངས་པའི་ལུས་ལ་སོགས་ [59a.3]པ་དགག་པའི་ཕྱིར། །ལུས་ངག་སེམས་ལས་འདའ་བའོ། །ཞེས་མདོར་བསྡུས་སོ། །ལེའུ་དྲུག་པའི་དོན་རྫོགས་སོ།། །།ད་ནི་ཚོགས་སྒྲུབ་པའི་མཆོད་པ་དང་། སྔགས་སྤྱད་པ་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཟླ་བ་ལྟ་བུ་ [59a.4]གནས་ནས་ཕྱུང་བ་ནི་དམ་ཚིག་ཆེན་པོ་སྟེ། དེ་ལས་གྱུར་པའི་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཁོ་ན་ཉིད་ཅེའོ། །སྔགས་སྤྱོད་པ་ནི་དེའི་བདག་ཉིད་ཀྱི་སྟེ། འོག་གི་དོན་ཏོ། །དེ་ཉིད་འགྲུབ་པར་བྱེད་པའི་ཆོ་ག་འདི་གསུངས་སོ་ཞེས་མདོར་བསྟན་ཏོ། །ཡན་ལག་གི་དོན་ནི་འདི་ལྟ་སྟེ། འདོད་ [59a.5]པའི་ལོངས་སྤྱོད་ནི་འདོད་པར་བྱས་པས་འདོད་པས་སོ། །དེ་ལ་རང་གི་ལྷའི་ཞེས་པ་རང་རང་གི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའོ། །མུ་སྟེགས་དང་ཕྱི་རོལ་པའི་དཀའ་ཐུབ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་མི་ཟད་པས་ཀྱང་། མི་འགྲུབ་ན་གཞན་རྣམས་ལྟ་ཅི་སྨོས་ [59a.6]ཏེ། སྔགས་བསྒྲུབ་པ་ལ་འཇུག་པས་འགྲུབ་པོ་ཞེས་མངོན་ནོ། །སློང་མོ་ཟ་ཞིང་ཞེས་པ་ནི་ཕྱི་རོལ་པའི་བསོད་སྙོམས་དགག་པ་སྟེ། ཐ་མི་དད་པའི་སྒོ་ནས་མ་བསླངས་པ་ལ་ཆགས་པར་མི་བྱ་སྟེ། དོན་གྱིས་འདོད་པ་ཀུན་ལ་སྤྱད་པའི་ཕྱིར་རོ། །ཡན་ལག་མ་ [59a.7]ཉམས་ཞེས་པ་བསྙེན་པ་ལ་རྫོགས་པ་སྟེ། དབང་བསྐུར་བ་ལ་སོགས་པ་དང་ཡང་ལྡན་པས་སོ། །བདེ་བར་གྱུར་ན་ཞེས་པ་དེ་ཉིད་དུ་མ་མཐོང་བའི་རྣམ་པའོ། །དེ་དག་གི་སྐྱོན་གསུངས་པ། གཞན་དུ་དུས་མིན་ཞེས་པའི་ཚིག་གཉིས་ཏེ། འདི་དང་ཕ་རོལ་གྱི་མི་འདོད་པ་དང་། [59b] [59b.1]ལྡན་ནོ། །སངས་རྒྱས་ཞེས་པ་ལ་སོགས་པའི་ཚིག་རྐང་བརྒྱད་ཀྱིས་ནི་གང་གིས་འདོད་པ་ལྔ་བསྟེན་པ་ཁོ་ནས་ཆོས་ཀྱི་སྐུ་འགྲུབ་ལ། གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་བྱང་ཆུབ་དཔའ་བོ་ཞེས་པ་སངས་རྒྱས་རྣམས་སོ། །དེ་ལ་མཆོད་པའི་དོན་ནི་ [59b.2]གཟུགས་ལ་རྣམ་གསུམ་ཞེས་པའི་རྣམས་ཏེ། གསུམ་ཉིད་གསུམ་མོ། །དམན་པ་དང་འབྲིང་དང་མཆོག་གསུམ་དུ་དབྱེའོ། །རིན་ཆེན་འབྱུང་གནས་ནི་དཀོན་མཆོག་དཔལ་ལོ། །འདོད་ཆགས་ཞེས་པ་ཚེ་དཔག་མེད་དོ། །ཐོགས་མེད་ཅེས་པ་གདོན་མི་ཟ་བའོ། ། [59b.3]གཟུགས་སྒྲ་ཞེས་པ་ནི་སྤྲོ་བའི་དོན་ཏེ། སེམས་ནི་རྡོ་རྗེ་སེམས་དཔའོ། །ལྷ་ཉིད་དུ་ནི་ཞེས་པ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའོ། །རིགས་ཚུལ་དུ་ཞེས་པ་དེ་ལ་རིགས་ལྔས་ཕྱེ་ནས་བསྒོམ་པ་ཡིན་ནོ། །གོང་དུ་ནི་གཅིག་ཏུ་སྤྲོས་པ་རྣམས་བསྡུས་པའི་ཕྱིར་སྙིང་པོ་ [59b.4]བསྡུས་པའོ་ཞེས་པ་ཡིན་ནོ། །དེ་དག་གི་དོན་ནི་འདི་སྐད་དུ། རྣལ་འབྱོར་པ་རྣམས་སྔགས་བསྒྲུབ་པ་ལ་རབ་ཏུ་འཇུག་པར་བསླབ་པའི་ཕྱིར་དང་། གཉིས་སུ་མེད་པའི་དོན་ལ་གནས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །ད་ནི་རྗེས་སུ་དྲན་པ་དྲུག་བསྒོམ་པའི་ཕྱིར། [59b.5]སངས་རྒྱས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སངས་རྒྱས་ནི་སྣང་མཛད་ཉིད་དོ། །ཆོས་ཞེས་པ་སྣང་བ་མཐའ་ཡས་སོ། །མི་བསྐྱོད་པ་ནི་རྡོ་རྗེ་ཞེས་ཏེ། དེ་དག་གི་རྗེས་སུ་དྲན་པ་ནི་འདྲིས་པའི་དངོས་པོ་མི་བརྗེད་པ་སྟེ། སེམས་ཀྱིས་མངོན་པར་བརྗོད་པའོ། །རིགས་ [59b.6]ནི་གཅིག་དང་གསུམ་དང་ལྔ་རྣམས་ཀྱི་དོན་བསྒོམ་པའི་ཐ་ཚིག་གོ། །ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པའི་རྣམ་པའོ། །ལྷའི་ཞེས་པ། རྣམ་པ་གཞན་བསྒོམས་ནས་ཐོབ་པའི་དོན་ཏོ། །བུད་མེད་ནི་བསྒྲུབ་པ་མི་མོའི་གཟུངས་མ་མཚན་དང་ལྡན་པ་ལ། སྐུ་གསུང་ [59b.7]ཐུགས་ཀྱིས་བྱིན་གྱིས་བརླབ་པའོ། །གང་དུ་ཞེ་ན་གནས་གསུམ་མོ། །མཆོད་པ་བརྩམས་པ་ནི་སྦྱོར་བའི་ཆོ་ག་གང་ཡིན་པས་སོ། །བཙུན་མོ་སྤྱན་ལ་སོགས་པ་ནི་རང་གི་རིག་མ་ལའོ། །དེའི་སྦྱོར་བའི་ཆོ་གས་འགྲུབ་པ་ནི་བསྙེན་པའོ། །རྡོ་རྗེ་དང་པདྨ་གཉིས་ཧཱུཾ་ལས་ [60a] [60a.1]ཡོངས་སུ་བསྐྱེད་པ་ལ། ཨོཾ་ནི་ས་བོན་གྱི་རྐྱེན་ནོ། །དེ་ལ་ཡི་གེ་ཕཊ་མདོག་སེར་པོས་བྱང་ཆུབ་སེམས་འབྱུང་བ་དགག་པའི་ལས་ཁྱད་པར་གྱི་ངོ་བོས་བསྐྱོད་པ་དེ་ནི་བདེ་བ་ཆེན་པོ་དེས་སྒྲུབ་པར་བྱེད་པས་ན་སྒྲུབ་པའོ། །རྡོ་རྗེ་པདྨོ་ཞེས་པ་གསང་བའི་ [60a.2]རྡོ་རྗེ་པདྨ་ལ་ལྷན་ཅིག་ཏུ་ཞུགས་པའི་དེ་མ་ཐག་གང་ཡང་དག་པར་རིག་པ་དེ་ནི་ཉེ་བའི་སྒྲུབ་པའོ། །འབར་བཅས་ཞེས་པ་གང་བདེ་བ་ཆེན་པོ་འབྱུང་བ་དེ་ནི་སྒྲུབ་པ་ཆེན་པོའོ། །དེ་དག་གི་ནི་ཚིག་གི་སྙན་དངགས་ལ་མཁས་པ་ཉིད་ཀྱི་ཕྱིར་ན། ཚིགས་བཅད་སྡེབས་པའི་ངོར་ཤུགས་ [60a.3]ཀྱིས་སྨྲས་པ་ནི་མ་ཡིན་གྱི་དོན་ཉིད་དེ་ལྟར་ཡིན་ནོ། །ད་ནི་གོང་དུ་གསུངས་པའི་རྗེས་སུ་དྲན་པ་རྣམ་པ་བཅུ་དྲུག་ཏུ་དབྱེ་བའི་མཚན་ཉིད་དུ་མ་བསྟན་པའི་ཕྱིར། དེ་ལ་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སངས་རྒྱས་ཞེས་པ་སྣང་མཛད་དེ། ཡུམ་གྱི་བྷ་ག་ [60a.4]ལ་ཡབ་རང་གི་ལིངྒ་གཞག་གོ། །དེའི་ཁྱད་པར་གསུངས་པ། གཟུགས་ནི་ཞེས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཐིམ་པ་ལ་སོགས་པ་རྣམས་སྔོན་དུ་བྱས་ཏེ་རང་གི་རིག་མའི་གསང་བའི་སྣ་རྩེ་ལ་ས་བོན་བསྐྱེད་པའི། ཨོཾ་ལས་གྱུར་པའི་འཁོར་ལོའི་ [60a.5]ལྟེ་བ་ལ་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའོ། །དེའི་བ་སྤུའི་བུ་ག་ནས་སྤྲོ་ཞེས་པ་མཚོན་པ་ཙམ་སྟེ་བསྡུ་བ་ཡང་བདག་གིས་ཤེས་པར་བྱའོ། །སླར་བསྡུ་བའི་དུས་སུ་མཆོད་པ་རྣམས་སྤྲོ་སྟེ། མཆོད་པ་ལ་སོགས་པ་རྣམས་བྱ་བ་ཡིན་ནོ། །དེ་དག་ནི་འོག་མ་ [60a.6]རྣམས་ལ་ཡང་སྦྱར་བར་བྱའོ། །དམ་ཚིག་རྗེས་སུ་དྲན་པ་ཞེས་པ་ལྷའི་རབ་ཏུ་དབྱེ་བ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་བསྒོམས་ནས་ལྷ་རྣམས་ཐིམ་པར་བྱའོ། །དེ་ཉིད་ལས་དབྱེ་བ་ནི། དཀྱིལ་འཁོར་རྗེས་སུ་དྲན་པ་སྟེ། བདག་གི་ཁུ་བ་བདག་ཅེས་པ་ [60a.7]ནི་དབྱུང་ཞེས་པ་དང་འབྲེལ་ཏོ། །དེས་བསྐྱེད་པའི་དཀྱིལ་འཁོར་ཡང་དབྱུང་བར་བྱ་ཞེས་དཀྱིལ་འཁོར་གཞན་དང་གཞན་དུ་སྤྲོ་བའི་བདག་ཉིད་རྣམས་ནི་ཟླུམ་པོའི་ཚུལ་ཞེས་པ་ཡིན་ནོ། །གོང་དུ་སྐུ་དང་གསུང་དང་ཐུགས་རྣམས་བསྒོམ་ཞེས་པ་ལས་དབྱེ་བ་ནི་སྐུ་རྗེས་སུ་ [60b] [60b.1]དྲན་པ་ལ་སོགས་པ་གསུམ་གྱི་རང་བཞིན་ནོ། །སྐུ་གང་ཡིན་པ་དེ་ནི་རྣམ་པར་དག་པའི་གཟུགས་ལ་སོགས་པས་རབ་ཏུ་རྒྱས་པའོ། །ཕྱི་མ་དང་ཡང་སྦྱར་རོ། །ཐུགས་ལས་རབ་ཏུ་དབྱེ་བ་ནི་སེམས་ཅན་རྗེས་སུ་དྲན་པ་ཡིན་ནོ། །སྐུ་ལ་སོགས་པའི་རྗེས་སུ་དྲན་པ་དབྱེ་ [60b.2]བར་གསུངས་པ། དེ་ལ་སྔགས་ཞེས་པ་ལ་སོགས་པ་སྟེ། གཟུགས་ཀྱི་རང་བཞིན་ནི་སྐུ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་རྗེས་སུ་དྲན་པ་བསྒོམ་པའོ། །སྔགས་ཀྱི་བདག་ཉིད་ཀྱི། རྡོ་རྗེ་ཅན་གྱི་སྐུ་གང་ཡིན་པ་དེ་ནི་བྱིན་གྱིས་བརླབ་པའི་ཚིགས་བཅད་དང་། སྔགས་ [60b.3]རྣམས་ཀྱིས་བསྒོམ་པ་ནི་གསུངས་ཞེས་ཏེ། དེ་ཡང་སྐུ་ཡིས་ཞེས་པ་རྣམ་པའི་སྟེ། དེས་བསྒོམ་པས་ཞེས་སོ། །དེ་འདྲར་ཞེས་པའི་སྐུ་འགྱུར་ཞེས་སྦྱར་རོ། །གོང་མ་རྣམས་ལ་ཡང་རྣམ་པར་བསྒྱུར་ནས་སྦྱར་བར་བྱའོ། །དེ་ལ་དམ་ཚིག་ཅེས་པ་སྨོས་པ་ནི་དམ་ཚིག་རྗེས་ [60b.4]སུ་དྲན་པ་ཉིད་འདིར་དབྱེའོ། །ཁུ་བ་ཕྱུང་སྟེ་ཆོ་ག་བཞིན། །ཞེས་པ་རང་རང་གི་རིག་མ་དང་ལྡན་པ་ལ་སྦྱོར་བའི་ཆོ་གས་བཏུང་བར་བྱའོ། །དེ་སུས་དགོས་ཤེ་ན། འབྲས་བུ་འདོད་པས་སོ། །ཐུགས་ལས་དབྱེ་བ་གསུངས་པ། དེ་ལ་ཤེས་རབ་ཀྱི་ཞེས་པ་ལ་སོགས་པ་སྟེ། [60b.5]མ་སྐྱེས་པ་ཞེས་པ་ནི་ངོ་བོ་ཉིད་ཀྱིས་ཏེ། ཡུལ་དང་ཡུལ་ཅན་གྱི་རང་བཞིན་ཀྱང་མེད་ལ། ཁམས་ཀྱང་མེད་ཅིང་འབྱུང་བ་ལྔ་ཡང་མེད་དོ། །དེ་ལ་མ་སྐྱེས་པ་ཞེས་པ་ཐུགས་ཀྱིས་དབྱེ་བ་སྟེ། གཉིས་མེད་ཅེས་པ་ཡང་དག་པར་གཉིས་སུ་སྣང་བའི་ཤེས་པ་རྣམ་པར་རྟོག་པ་ཅན་ [60b.6]མེད་དེ། ནམ་མཁའ་བཞིན་དུ་དབྱེར་མེད་པ་ཁོ་ན་ཉིད་ཀྱི་ཕྱིར་རོ། །ཞེ་སྡང་གི་རིགས་ཞེས་པ་ལ་སོགས་པ་ནི་རིགས་བསྒོམ་པ་སྟེ། བུད་མེད་སྔགས་ཀྱིས་མཚན་པ་ལ་རིགས་གང་ཡིན་པའི་སྦྱོར་བ་བྱ་སྟེ། དེའི་ཁུ་བས་མཆོད་པས་སྐུ་གསུང་ཐུགས་ཀྱི་འབྲས་བུ་ཚེ་འདི་ [60b.7]ལ་ཞེས་ཏེ། གཉིས་སུ་མེད་པའི་སྒོ་ནས་ལམ་ཉེ་བར་བསྟན་པ་ཡིན་ནོ། །དེ་རྣམས་ནི་རིགས་རྗེས་སུ་དྲན་པ་ལས་དབྱེ་བར་བསྟན་པ་ཡིན་ནོ། །དེའི་བྱིན་རླབས་གསུངས་པ། གང་གཞན་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕྲ་མོ་ནི་མི་སྣང་བ་དང་ཛཾ་བྷ་ལ་བསྒྲུབ་པ་དང་། [61a] [61a.1]ཨཉྫ་ལིས་མིག་མཐོང་བ་དང་། རིག་འཛིན་ལ་སོགས་པ་ཐུན་མོང་གི་བསྒྲུབ་པ་སྟེ། དེ་རྣམས་ཀྱང་མཆོག་གི་དངོས་གྲུབ་གྱི་དོན་གྱིས་འགྲུབ་བོ་ཞེས་མངོན་ནོ། །དེ་དག་རྣམས་ནི་སྤྲོས་པ་ལ་སོགས་པའི་ཆོ་ག་གང་ཡིན་པས་སོ། །ལེའུ་བདུན་པའི་ [61a.2]དོན་རྫོགས་སོ།། །།ད་ནི་བཤང་གཅི་དམ་ཚིག་གི་ལེའུ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ་དེ་ལ་དབང་ཕྱུག་དམ་པ་ཞེས་པ་སྟོང་པ་ཉིད་དང་ལྡན་པ་སྟེ་དེ་ལའོ། །དེ་ཉིད་རྡོ་རྗེ་རྒྱལ་པོ་ཞེས་པ་ནས། རྡོ་རྗེ་ཐེག་པ་ལའོ་ཞེས་པའི་བར་དུ་མཆོད་ [61a.3]པར་བརྗོད་པའི་དོན་བཞི་དང་སྦྱར་ཏེ། རྡོ་རྗེ་དབྱིངས་སུ་སངས་རྒྱས་པའི་རྒྱལ་མཆོག་མཆོད་པ་དང་། དག་པ་མཉམ་པའི་མཆོད་པ་དང་། ཐར་ལམ་རྟོགས་པའི་མཆོད་པ་དང་། ཤེས་རབ་སྤྱན་གྱི་ཚོགས་ཀྱི་འཁོར་ལོ་བསྐོར་བའི་མཆོད་པ་དང་བཞི་སྟེ། དེ་རྣམས་ [61a.4]ཚིགས་བཅད་བཞི་དང་། རིམ་བཞིན་དུ་སྦྱར་རོ། །ཞུས་པའི་དེ་མ་ཐག་ལེན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཀུན་དབང་ནི་དབང་བསྐུར་བའི་དོན་གྱིས་རྡོ་རྗེ་འཛིན་པ་ཉིད་རིན་ཆེན་འཛིན་པའོ། །དེའི་མཆོད་པའི་མཆོག་ནི་གསང་བའི་མཆོད་པ་ལ་སོགས་ [61a.5]པའོ། །སྐུ་གསུང་ཐུགས་རྡོ་རྗེ་ལྟར་མི་ཕྱེད་གསུམ་གནས་པའོ། །དེ་ཉིད་སྐལ་མཆོག་གོ། །གང་རིགས་དང་ལྡན་པས་དེའི་ན་ཆུང་གཞོན་ནུ་སྐལ་བ་འཚམ་པའི་གཟུངས་མ་མཚན་དང་ལྡན་པ་མངོན་དུ་བྱ་བ་སྟེ། དེ་ལ་རྙེད་ནས་བྱོལ་སོང་སྐྱེ་གནས་བརྟག་ཅེས་པ་ཇི་ [61a.6]ལྟར་ཞེ་ན། བྱོལ་སོང་འདུལ་བའི་ཁ་ལོ་བསླབ་པ་བཞིན་དུ། རིག་མ་ཡང་བུད་མེད་ཀྱི་སྒྱུ་རྩལ་རྟོག་པ་མེད་པའི་ལས་ལ་སོགས་པ་བསླབ་པ་སྟེ། དོན་གྱིས་མི་འབྱེད་པ་ཡིན་ནོ། །ཛྙཱ་ན་པ་ནི་དེ་ལྟར་མི་འཐད་དེ། ལོ་གྲངས་ཀྱི་ཚད་ལ་ཉུང་དང་ལྷག་ན་ཡང་གཟུང་བར་བྱའོ་ [61a.7]ཞེས་གསུང་ངོ་། །བསྒྲུབ་པ་བརྩམ་པའི་གནས་ནི་ས་ཕྱོགས་གཙང་ཞིང་ཞེས་པ་ལ་སོགས་པ་སྟེ། དེ་ལ་དབེན་པ་ནི་གཞན་དང་མ་འདྲེས་པའོ། །ཡང་ན་རྒྱལ་བ་ཞི་བའི་གནས་ཞེས་པ་ཞབས་ཀྱིས་བཅགས་པའི་མ་ཧཱ་བོ་དྷིའི་གནས་དང་། མཚན་མ་རྟགས་ཀྱི་གནས་དེའི་ [61b] [61b.1]བི་ལིངྒ་དང་། དྲག་ཤུལ་བསྒྲུབ་པའི་གནས་རུ་ཏྲ་བསྒྲལ་བའི་དུར་ཁྲོད་དུ། ཆུའམ་ཡང་ན་བཤང་གཅིས་བྱུག་པ་ནི་ཕྱི་ས་དང་གཅིན་སོགས་ཀྱིས་བྱུགས་ལ་བཞག་ཅེས་པའོ། །བདག་ཉིད་མོས་པའི་ལྷར་བསྒོམས་ཏེ། རིག་མའི་ནུ་མའི་བར་དང་། སྤྱི་གཙུག་དང་ལྟེ་བ་རྐེད་ [61b.2]པ་རྐང་པའི་བར་དུ་གསང་བ་ལས་བསྐྱེད་པ་རྣམས་དགོད་པ་ནི་སྙིང་ག་དང་རྐེད་པ་དང་ལྟེ་བའི་འོག་དང་། རྐང་པའི་དབུས་སུ་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེ་རྣམས་ཀྱི་དབུས་རྣམས་སུ་མི་བསྐྱོད་པ་དང་། དཀོན་མཆོག་དཔལ་དང་། རྡོ་རྗེ་ཆོས་དང་གདོན་མི་ཟ་བ་ [61b.3]རྣམས་ས་བོན་ལས་གྱུར་པ་སྟེ། དེའི་རིམ་བཞིན་ནོ། །སྤྱི་གཙུག་ཏུ་ཟླ་བ་ལ་ས་བོན་ལས་གྱུར་པའི་སྣང་མཛད་དོ། །དེ་དག་གི་དོན་ནི་རིགས་ལྔས་བྱིན་གྱིས་བརླབས་པ་དང་། སྐྱེ་མཆེད་ལ་གཟུགས་སོགས་དམིགས་ཏེ། ཧཱུཾ་ལ་སོགས་པ་བཏགས་ཏེ་ས་བོན་རང་གི་ལྷར་ [61b.4]བསྒོམས་ལ་རྗེས་སུ་ཆགས་པ་ལ་སོགས་པ་ཆོ་ག་ཚང་བ་ཡིན་ནོ། །གང་གིས་ཤེ་ན། ཡན་ལག་བཞི་ལ་སོགས་པའི་ཆོ་ག་ཤེས་པས་རང་གི་ལྷ་མོ་བྱ་བ་ཡིན་ནོ། །དེ་ནི་ལྟག་འོག་ཏུ་ཡང་སྦྱར་རོ། །དེ་ཉིད་ཀྱི་ཡང་གསུངས་པ། ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པའོ། ། [61b.5]དེ་ལ་ནམ་མཁའི་དབྱིངས་ནི་གཞལ་མེད་ཁང་བརྩེགས་པའི་དབུས་ན་ཞེས་ཏེ། རིག་མ་བསྒོམ་པ་ནི་ཡེ་ཤེས་རྒྱ་མཚོ་ཞེས་པ་སྟེ་དེ་བདག་ཉིད་ཟླ་བའི་དཀྱིལ་འཁོར་དུ་བྱས་ཏེ། ཡན་ལག་བཞི་ལ་མཁས་པས་ཕྱག་མཚན་གྱི་དབུས་སུ་ཟླ་བ་ལ་བསྒོམ་པར་བྱའོ། །དེ་ལྟར་སོ་སོར་ [61b.6]བསྐྱེད་ནས། ཐ་མི་དད་པར་བྱ་བ་ནི་རིག་མ་ཉིད་ཞི་བ་སྟེ། དེ་རྡོ་རྗེ་འཛིན་གང་ལྡན་པའི་རྣལ་འབྱོར་པ་དང་སྦྱོར་བར་འདོད་ན་བསྡུ་བ་སྟེ། དེ་བསྟེན་པར་བྱ་བའི་ཐ་ཚིག་གོ། །རིན་ཆེན་བཞིན་མཆོད་རྟེན་ཞེས་པ། གཞལ་ཡས་ཁང་བརྩེགས་པའི་མཆོད་རྟེན་ཞེས་པའི་ [61b.7]དོན་ཏེ། རིག་མའི་གནས་རྒྱན་གྱི་བྱེ་བྲག་དང་ལྡན་པར་སྟོན་པ་སྟེ། དེ་ཉིད་ཡེ་ཤེས་རྒྱ་མཚོ་ནི་ཤེས་རབ་མ་སྟེ། དེ་དུས་གསུམ་གྱི་སེམས་ཅན་རྣམས་ཀྱི་གནས་ཡིན་པར་བསམ་མོ། །དེ་དག་གི་མཆོད་པ་རྣམས་ནི་བདག་གི་བ་སྤུ་ནས་ཞེས་བརྩམས་ནས་མཐའི་བར་དུ་ [62a] [62a.1]རིག་པར་བྱའོ། །དེ་ལ་ཨུཏྤལ་དག་དང་པདྨོ་རྣམ་ལྔ་ཞེས་པ་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་དྲུག་གོ། །དེའི་ཛཱ་ཏི་རྣམས་གསུམ་ནི་ལྷ་མོ་དྲུག་པོ་དེར་རབ་འབྲིང་ཐ་མའི་རིགས་སུ་དབྱེ་བའི་རང་བཞིན་ནོ། །སྤྱན་མ་ལ་སོགས་པ་བཞི་གསུངས་ [62a.2]པ། ཀ་ནི་ཀ་ཞེས་པ་ལ་སོགས་པ་བཞིའོ། །དེས་ནི་ལྷ་མོ་བཅུ་མེ་ཏོག་གི་སྒྲར་གསུངས་སོ། །ད་ནི་མཆོད་པའི་ཁྱད་པར་ཁོ་ནར་གསུངས་པ་ནི། དཔག་ཚད་བརྒྱའི་ཞེས་པ་ལ་སོགས་པ་སྟེ། ཁྱོན་ཙམ་དུ་ཞེས་པ་གནས་ཀྱི་རང་བཞིན་ཏེ། དེ་རུ་མཆོད་པར་བྱ་བ་ [62a.3]དགོད་ཅེས་འབྲེལ་ཏོ། །གཞལ་ཡས་ཁང་བརྩེགས་པར་འཁོར་ལོ་བསྒོམ་པར་བྱས་ལ། དེ་ལ་སྣང་མཛད་ཀྱི་རིགས་བསྒོམ་པར་བྱའོ། །པདྨ་ལ་སོགས་པའི་གཞལ་ཡས་ཁང་དང་ལྡན་པར་བྱས་ལ་རང་རང་གི་དཀྱིལ་འཁོར་གོང་མ་བཞིན་བསྒོམ་པར་བྱ་སྟེ། [62a.4]གཟུགས་ཉིད་སྤྲོས་ནས་མཆོད་པར་བྱའོ། །དེ་དག་གི་གནས་བརྟན་པོར་བྱ་བ་གསུངས་པ། དཔག་ཚད་ཅེས་པ་ལ་སོགས་པ་སྟེ། དེས་ནི་ཚད་དང་དབྱིབས་དང་རྒྱུ་དང་ངོ་བོ་བསྟན་ཏོ། །འདོད་པའི་ཤེས་པའི་ཚིག་གཉིས་ནི་སྔོན་དུ་བྱས་སོ། །འདིར་རིན་ཆེན་མཆོད་པ་ [62a.5]ཞེས་པ་ལ་སོགས་པས་ཕྱིའི་མཆོད་པ་ཡང་བྱ་བར་གསུངས་སོ། །ལྔ་ཞེས་པ་ལྷ་བཤོས་ལ་སོགས་པའོ། །རིན་ཆེན་འབྱུང་གནས་ཉིད་གཟུངས་མ་སྟེ། དེའི་རྒྱན་ནི་སྣ་ཚོགས་ཞེས་ཏེ། བསྒྲུབ་ཚེ་ཞེས་པ་བསྐུལ་བའི་ཚེའོ། །དེའི་ཕྱིར་རིགས་ཀུན་ལ་དབུལ་བའོ། །དེ་ལྟར་ [62a.6]གསང་བ་དང་ནང་གི་མཆོད་པ་གསུངས་ནས། ཕྱིའི་མཆོད་པ་གཞན་མོས་པས་སྤྲུལ་ནས་མཆོད་པ་ནི། རྒྱལ་བའི་ཞིང་ཁམས་འདིར་བཀང་ལ། །ཞེས་སོ། །རེག་པར་སྦྱོར་བའི་མཆོད་པ་གསུངས་པ་བདག་པོའི་ཕྱག་རྒྱ་མཉམ་གཞག་ཅེས་པ་ལ་སོགས་པ་སྟེ། རྡོ་རྗེ་འཛིན་པར་བསྒོམས་ [62a.7]ལ་ཞེའོ། །དམ་ཚིག་ལྔས་མཆོད་པ་ནི་ནམ་མཁའི་ཞེས་པ་རྣམས་ཏེ་དཀྱིལ་འཁོར་ནི་སྣང་མཛད་ལས་གྱུར་པ་སྟེ། དེ་ཉིད་བདག་གི་ལུས་སོ། །དེ་ལ་བཤང་གཅི་ཉིད་དམ་ཚིག་གོ། །དེས་ཀྱང་སྦྱོར་བའི་ཆོ་ག་བྱ་བར་གསུངས་སོ། །དེའི་ཡོན་ཏན་ནི་འདི་ནི་ཞེས་པ་ལ་སོགས་པ་སྟེ། སྔགས་ [62b] [62b.1]རྣམས་དངོས་གྲུབ་ནི་ཡེ་ཤེས་བདུད་རྩི་ལ་སོགས་པའོ། །ལེའུ་བརྒྱད་པའི་དོན་རྫོགས་སོ།། །།ད་ནི་ཞུ་བ་སྔོན་དུ་བཏང་ནས་བདེ་བར་བྱེད་པའི་དོན་བསྟན་པའི་ཕྱིར་དེ་ནས་ཞེས་པ་སྨོས་ཏེ། དེ་ལ་ནམ་མཁའ་མི་འགྱུར་མཆོག །ཅེས་པ་ནི་དོན་མི་འགྱུར་བ་དང་། སྤྱོད་པ་མི་ [62b.2]འགྱུར་བས་ཐབས་ཀྱི་རྒྱལ་པོ་སྟེ། དེའི་ཕྱིར་ནམ་མཁའ་ཞེས་བརྗོད་དེ། རྡོ་རྗེ་འཛིན་པ་དེ་ལ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ་ནི་རྒྱལ་བ་རྟགས་ཀྱི་དབང་དང་མཁྱེན་རབ་ཐུགས་ཀྱི་དབང་དང་ལྡན་པ་སྟེ། ཀུན་མངའ་མཛད་པ་དང་ཀུན་གྱི་དོན་མཛད་པའི་ཕྱིར། དབང་ཕྱུག་དོན་ [62b.3]ཀུན་གྱིས་ཞེས་སྨོས་ཏེ། བཤད་དོ་ཞེས་པ་དང་འབྲེལ་ཏོ། །དེ་གང་ཞེ་ན། སྐུ་གསུང་ཐུགས་ཞེས་པ་རྣམས་ཏེ། དེའི་དོན་ནི་སེམས་ཅན་ཕས་ཕམ་པའི་ཆོས་རྣམས་ལ་སྤྱོད་པ་རྣམས་འབྲས་བུ་ངན་པར་སྐྱེ་བ་མཐོང་ནས། དེ་ལས་སྙིང་རྗེ་དང་སྦྱིན་པ་ལ་སོགས་པ་དང་ལྡན་པའི་ [62b.4]རྣལ་འབྱོར་པས། ཆོ་ག་ཁྱད་པར་ཅན་དང་ལྡན་པའི་སྒྲུབ་པ་པོས་རང་རང་གི་དོན་དང་ལྡན་པར་བྱ་སྟེ། གདོན་པར་བསྟན་ཏོ། །དེ་དག་གི་ཡན་ལག་གི་དོན་ནི་སོ་སོར་བསྟན་པའི་ཕྱིར། ནམ་མཁའི་ཞེས་པ་རྣམས་གསུངས་ཏེ། དེར་རྡོ་རྗེའི་དཀྱིལ་འཁོར་ཞེས་པ་ནི་རྡོ་རྗེ་རིགས་ཀྱི་ [62b.5]དཀྱིལ་འཁོར་ཏེ་དེའི་དབུས་སུ་རྡོ་རྗེ་མི་བསྐྱོད་པ་བསྒོམས་ནས་དེའི་ལག་ཏུ་རྡོ་རྗེ་བསྒོམ་པར་བྱ་སྟེ། འདིར་ལྷ་བཅུ་དགུ་དང་ལྡན་པར་བྱས་ནས། རང་རང་གི་བསྒྲུབ་བྱ་རྣམས་རྟེན་དང་བྲལ་བ་ལ་སོགས་པའི་ལས་ཀྱིས། བདག་བདེ་བར་བྱེད་པ་རྣམས་ཕྱེ་མར་བརླག་ཅེས་པ་ཡིན་ནོ། །འདི་ [62b.6]དག་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ལས་ཀྱི་རིམ་པ་སྟེ། ཙ་ར་ཀ་པ་འདོད་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ནི་འོག་ཏུ་ཡང་སྦྱར་རོ། །གསང་བ་འདི་ལྟ་བུ་ཞེས་པའི་སྙིང་རྗེ་ཆེན་པོ་ལ་ཞུགས་པའི་རྣལ་འབྱོར་བ་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པ་བཞི་དང་ལྡན་པ་ཆོ་ག་ཁྱད་པར་ [62b.7]ཅན་དང་ལྡན་པ་སྟེ། དེས་ཀུན་ནས་མནར་སེམས་པ་དང་ལྡན་པ་རྣམས་བསད་ན་ནི། དེའི་མཐུས་རྣལ་འབྱོར་བ་ཉིད་ཀྱང་ཞིང་དག་ཏུ་རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར་རོ། །དེའི་དོན་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་དེ་ཁོ་ན་ཞེས་པ་ཡིན་ནོ། །ད་ནི་སྦྱིན་པ་དང་མི་མཐུན་ [63a] [63a.1]པའི་སེམས་ཀྱིས་ཀུན་དུ་འཛིན་པས། རྣམ་སྨིན་གྱི་འབྲས་བུ་མྱོང་བ་དགག་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཐར་པ་རབ་ཏུ་བསྒྲུབ་པ་སྟེ། དེའི་ངོ་བོ་ཉིད་ནི་རང་བཞིན་གྱིས་གཙང་ཞིང་གཞན་གྱིས་གོས་པ་མེད་ [63a.2]པ་ཟབ་མོའི་དོན་ལ་རབ་ཏུ་འཇུག་པས་ཞེས་ཏེ། གང་དེ་རྣམས་དང་ལྡན་པ་དེ་ཡང་དེ་ལྟར་རོ། །དེ་ལ་ནམ་མཁའི་ཞེས་པ་ནི་གནས་ཏེ། དེ་འཁོར་ལོ་རིགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སྣང་མཛད་གཙོ་བོར་གྱུར་པའི་ལྷ་བཅོ་བརྒྱད་དང་ལྡན་པའི་དཀྱིལ་འཁོར་བསྐྱེད་ [63a.3]ནས་སེར་སྣ་ཅན་གྱི་དངོས་པོ་ཀུན་མཐོང་ནས་བཟླས་པ་དང་སྤྲོ་བ་ལ་སོགས་པ་བྱས་ཏེ། ནོར་དབྲོག་པ་ལ་སོགས་པ་བྱའོ། །རིན་ཆེན་ཀུན་གྱི་སྦྱོར་བ་ཞེས་པ་དེ་ཉིད་ཀྱིས་ལྷའི་གཟུགས་སུ་རབ་ཏུ་བརྟག་གོ། །དེའི་རང་བཞིན་སེར་སྣ་ཅན་རྣམས་ཀྱི་ནོར་རྣམས་འཁོར་ལོའི་ [63a.4]བདག་ཉིད་ཀྱིས་ཕྲོགས་ནས་སུ། སྐུ་ལ་སོགས་པའི་རྡོ་རྗེ་གསུམ་དུ་བསྒོམས་ནས། ཕྲོགས་མ་ཐག་པ་གང་དང་ལྡན་པ་དེ་རྣམས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ལ་སོགས་པར་འགྱུར་རོ། །རིགས་རྒྱ་མཚོ་ཞེས་པ་ནི་ཞེ་སྡང་ལ་སོགས་པའི་རིགས་ཀྱི་རྣལ་འབྱོར་པས་ [63a.5]ཀྱང་བྱ་བར་བསྟན་ནོ། །ད་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པའི་དོན་དུ། གཞན་བསྟན་པའི་ཕྱིར་འདོད་ཆགས་ཀྱི་རྣལ་འབྱོར་པའི་ལས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདོད་ཆགས་ཐར་པར་ཞེས་པ་ནི་སོ་སོར་རྟོག་པའི་ [63a.6]རྣམ་པས། པདྨའི་དཀྱིལ་འཁོར་ནི་དེའི་རིགས་ཀྱི་དཀྱིལ་འཁོར་ཏེ། དེའི་དབུས་སུ་མཐའ་ཡས་གཙོ་བོར་གྱུར་པའི་ལྷ་བཅོ་བརྒྱད་དང་ལྡན་པའི་དཀྱིལ་འཁོར་བསྐྱེད་ནས་འདོད་ཆགས་ཀྱི་དངོས་པོ་ཀུན་མཐོང་ནས་བཟླས་པ་ལ་སོགས་པ་ཀུན་བྱས་ཏེ། རྗེས་སུ་ [63a.7]ཆགས་པར་བུད་མེད་ལ་སྤྱད་པ་ལ་སོགས་པ་བྱའོ་ཞེས་པའི་དོན་ཏོ། །ཡུམ་རྣམས་བུད་མེད་ལྟ་བུར་སྦྱར་བ་བྱས་ནས་དེ་ལ་དམ་ཚིག་བཞིའི་སྦྱོར་བས་ཏེ། ཕྱག་རྒྱ་བཞི་དང་ལྡན་པས་དུས་བཞི་ལ་སྦྱོར་བ་སྟེ། ཡུལ་དུ་སྣང་བ་ཐམས་ཅད་རིག་མ་དེ་རུ་བསྒོམ་པར་བྱ་སྟེ། [63b] [63b.1]དེ་ཡང་ནམ་མཁའ་ཁམས་ཀྱི་བུད་མེད་དོ། །ཞེས་སོ། །དེ་དག་གི་གསང་བའི་དབང་པོ་གཉིས་སྦྱར་ནས་བུད་མེད་ལ་ཉེ་བར་སྤྱད་པ་ཡིན་ནོ། །འདོད་ཆགས་ཀྱི་རིགས་ཉིད་གཞན་གྱིས་ཀྱང་བྱ་བར་བསྟན་ཏོ། །དེ་ལྟར་ལུས་ཀྱི་དོན་གསུམ་བསྟན་ནས། ངག་གི་བརྫུན་ [63b.2]དུ་སྨྲ་བའི་རྣམ་པར་དག་པའི་དོན་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་སྔགས་ཞེས་པ་ནི་རྣམ་པར་དག་པའི་གསུང་དང་ལྡན་པ་དེས་སངས་རྒྱས་ཞེས་པ་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། དེའི་དབུས་སུ་དོན་ཡོད་གྲུབ་པ་གཙོ་བོར་གྱུར་པ་ལྷ་ [63b.3]བཅོ་བརྒྱད་དང་ལྡན་པའི་དཀྱིལ་འཁོར་བསྐྱེད་ནས་གང་བརྫུན་དུ་སྨྲ་བའི་དངོས་པོ་མཐོང་ནས། ཡང་བཟླས་པ་ལ་སོགས་པ་བྱ་སྟེ། རྡོ་རྗེ་ཚིག་གི་བརྫུན་བྱ་བར་བསྟན་ཏོ། །དེ་ལ་རྡོ་རྗེ་ཚིག་ནི་གཞན་གྱི་དོན་དུ་དཀྱིལ་འཁོར་གྱི་ངང་ཅན་གྱིས་གང་སྨྲས་པ་དེས་སོ། །བསྒྲུབ་ [63b.4]པར་བྱ་ཞེས་པ་ནི་བརྫུན་རྣམ་པར་དག་པ་གསུང་དམིགས་པའི་རང་བཞིན་གྱིས་དངོས་པོ་ཉིད་གང་ཡིན་པའི་དོན་བསྟན་ཏོ། །དམ་ཚིག་དགུག་པའི་རིགས་ཞེས་པ། དེ་ཉིད་གཞན་གྱིས་ཀྱང་ཤེས་པར་བྱའོ། །ད་ནི་ངག་རྩུབ་མོ་ལ་སོགས་པ་རྣམ་པར་དག་པ་བསྟན་པའི་ཕྱིར་ [63b.5]དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་མི་ཕྱེད་ཅེས་པ་ནི་སྐུ་ལ་སོགས་པའི་རྣམ་པའོ། དེ་དང་གང་ལྡན་པ་དེས་དམ་ཚིག་ཅེས་པ། མི་འདའ་བ་ཉིད་ཀྱི་ཕྱིར་རིན་པོ་ཆེ་རིགས་ཀྱི་དཀྱིལ་འཁོར་དེའི་དབུས་སུ་དཀོན་མཆོག་དཔལ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ [63b.6]གོང་བཞིན་བསྐྱེད་ནས། གང་ངག་རྩུབ་མོ་ལ་སོགས་པ་དང་ལྡན་པར་མཐོང་ནས་གོང་བཞིན་བཟླས་པ་ལ་སོགས་པ་བྱས་ཏེ། དེ་རྣམས་ལ་སྦྱར་བར་བྱའོ། །སོགས་པའི་སྒྲས་ནི་ཕྲ་མ་དང་ཚིག་ཀྱལ་བ་དག་གོ། །དེ་ལྟར་ལུས་ཀྱི་ཉེས་པ་གསུམ་དང་ངག་གི་ཉེས་པས་ [63b.7]རྣམ་པར་དག་པར་གསུངས་ནས། ཡིད་ཀྱི་ཉེས་པ་གསུམ་རྣམ་པར་དག་པ་ནི་ལུས་དག་པ་ཉིད་ཀྱིས་ཞེས་སོ། །དེ་ནས་ངོ་མཚར་ཆེ་བ་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲ་ནི་ཆེད་ཆེ་བ་སྟེ། མ་འོངས་པའི་སྐྱོ་བོས་དོན་ཉིད་ཤས་ [64a] [64a.1]པར་བྱ་བའི་ཕྱིར་རོ། །འདིར་དམ་ཚིག་རྡོ་རྗེ་ནི་སའི་སྙིང་པོ་གང་ཡིན་པ་དང་། དཔལ་ཞེས་པ་སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་པའོ། །དེ་རྣམས་ཀྱིས་སྨྲས་སོ་ཞེས་འབྲེལ་ཏོ། དེ་མ་ཐག་ཏུ་ལན་གསུངས་པ། དེ་ནས་ཞེས་པ་རྣམས་ཏེ་ [64a.2]རྒྱལ་བ་རྣམས་ཀྱིས་བཀའ་སྩལ་ཏོ་ཞེས་འབྲེལ་ཏོ། །དེའི་གདམས་ངག་གསུངས་པ་རིགས་ཀྱི་བུ་ཞེས་པ་ལ་སོགས་པའོ། །གདོད་ཆོས་འཆད་དོ་ཞེས་པ་ནི་དོན་དང་ལྡན་པ་ཉིད་ཀྱིས་དེ་ལའོ། །དེ་ནས་དགའ་བའི་མདངས་ཀྱིས་ངོ་མཚར་བ་ནི། དེ་ནས་བྱང་ཆུབ་ཅེས་ [64a.3]པ་ལ་སོགས་པའོ། །འདིར་མཉམ་པ་ཉིད་ཀྱི་དོན་དེ་ཡིན་ཡང་རྣམ་པར་ཤེས་པས་གཟུགས་ལ་སོགས་པ་སྣ་ཚོགས་པ་སྤྲོས་པ་ཀུན་རྫོབ་སྟེ། དོན་དམ་པ་དེ་དང་མི་མཐུན་པ་ཉིད་ཀྱི་ཕྱིར། བཤད་པ་མཚར་ཞེས་པ་ཡིན་ནོ། །ལེའུ་དགུ་བའི་དོན་རྫོགས་སོ།། །།ད་ནི་ [64a.4]དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དམ་ཚིག་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཛིན་པ་སྟེ། དེ་ལ་འདུན་པ་དང་བཅས་ཏེ་གསོལ་ཏོ་ཞེའོ། །དེའི་སྔགས་ཀྱི་སྙིང་པོ་ནི་ཧཱུཾ་ལ་སོགས་པ་སྟེ་ཞུས་པའོ། ། [64a.5]ཞུས་པའི་དེ་མ་ཐག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ལུས་དང་ངག་དང་སེམས་རྣམས་ནི་རྣམ་པར་མི་རྟོག་ཅེས་པ། གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་པ་ཡིན་ཏེ། མི་དམིགས་པ་དང་མི་གནས་པའི་ཕྱིར་རོ། །གལ་ཏེ་འོ་ན་ནི་ཅི་ཡང་མེད་པ་ཡིན་ནོ་ཞེ་ན་ནི་མ་ཡིན་ [64a.6]ཏེ། ཡེ་ཤེས་ཙམ་གནས་པའི་ཕྱིར་རྡོ་རྗེར་བསྒོམ་ཞེས་སོ། །ཡང་གསུངས་པ་ནི་དེ་ནས་ཞེས་པ་རྣམས་ཏེ། དེ་ལ་དག་པ་ནི་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་སྔགས་ཀྱི་ཚུལ་ནི་སྣང་མཛད་ཆེན་པོའི་རྣམ་པར་གང་གྱུར་པ་དེ་སྙོམས་པར་ཞུགས་ནས་ཞེས་ཏེ། [64a.7]སྣང་བ་ལས་འདས་པའི་སྔགས་ཚིག་རྣམས་ཏེ། དེ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་མངོན་ནོ། །གང་ཞི་བ་ལ་སོགས་པའི་སྒོ་ནས་བསྐུལ་བས། དེ་ནས་དེའི་ལས་བྱེད་པ་ནི་རིག་པ་སྟེ་དེ་རྣམས་དང་ལྷན་ཅིག་སྤྱོད་པ་ཡོད་ཀྱང་། སྔགས་ཀྱི་སྤྱོད་པ་མེད་ན་མི་འགྲུབ་པས་ [64b] [64b.1]སྤྱན་རས་ཀྱིས་བཙའ་བ་སྟེ། ཐུགས་རྗེས་གཟུང་བའི་ཕྱིར་སྔགས་བསྡུས་པ་གསུངས་པའོ། །སྔགས་ཀྱང་དེ་ཐམས་ཅད་ཀྱང་དེ་ཉིད་པ་སྟེ། མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་ཀྱི་སྙིང་པོ་སྐུལ་བར་བྱེད་པ་ནི་དྲག་ཤུལ་ལ་སོགས་པའི་སྒོ་ནས་སྐུ་དང་གསུང་དང་ཐུགས་ཀྱི་ [64b.2]སྔགས་རྣམ་པར་དག་པ་གསུངས་པ་ནི་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པའོ། །དེ་ལ་ཚིག་གི་ལམ་ནི་ལྗགས་ཏེ་དེས་གསུངས་སོ། །དེའི་མཐུ་གསུངས་པ་ནི་དེ་ནས་འདི་ནི་ཞེས་པ་སྟེ། གང་ལྡན་པ་དེ་བརྗོད་ན་དེར་འགྱུར་བ་ཡིན་ནོ། །དེ་ནས་ཧཱུཾ་ལས་གྱུར་པའི་ [64b.3]དཀྱིལ་འཁོར་གྱི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་ཞེས་པ་སྨོས་ཏེ། འདིར་དཀྱིལ་འཁོར་རྫོགས་པ་བཀོད་པ་དེའི་དབུས་ཀྱི་གདན་བརྩེགས་མ་ལ་ཡི་གེ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་འཛིན་རང་གི་གཟུགས་སུ་རབ་ཏུ་བརྟག་གོ། །སྐུ་གསུང་ཐུགས་ཞེས་པ་ནི་རྡོ་རྗེ་འཛིན་ཉིད་ཀྱི་ས་བོན་ཧཱུཾ་སྙིང་ལ་ [64b.4]རྣལ་འབྱོར་པ་དེ་ཡིས་བསྒོམས་ན་དེར་འགྱུར་རོ། །དེས་ནི་སྐུ་ཉིད་བསྒོམ་པ་ནི་མ་ཡིན་ནོ། །དེའི་རང་གི་དཀྱིལ་འཁོར་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་གཞལ་ཡས་ཁང་དུ་སྤྲུལ་པ་སྟེ། རང་སྔགས་ནི་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་རང་རང་གི་གཙོ་བོའི་སྙིང་ [64b.5]པོ་ཁོ་ནས་བསྐྱེད་པར་བྱའོ། །བསྐུལ་བའི་སྔགས་དང་འབྲེལ་པའི་སྐུ་མདོག་ལ་སོགས་པ་བསྟན་པ་ནི་རང་སྔགས་སྐྱེས་བུ་ཞེས་པ་སྟེ། གཙོ་བོ་རང་རང་གི་ས་བོན་ཁོ་ནས་རང་རང་གི་དཀྱིལ་འཁོར་དུ་བསྒོམས་ནས། དེ་དག་གི་སྙིང་ག་དང་མགོ་དང་ལྕེ་སྟེང་དང་གསང་བ་ [64b.6]ནི་གནས་བཞིའོ། །དེར་སྐུ་མདོག་ལ་སོགས་པ་དང་ལྡན་པ་ནི་གཟུགས་ཀྱི་ཚུལ་ཏེ། དེ་ཞལ་གསུམ་གྱི་ཚུལ་གྱིས་དཀར་པོ་ལ་སོགས་པ་ཁ་དོག་ཀྱང་གསུམ་དུ་བསྒོམ་པར་བྱའོ། །དེ་ལ་འདི་ནི་ཞེས་པ་གོང་གི་ཕྱག་རྒྱ་བཞི་དང་ལྡན་པའི་སྐུ་གསུང་ཐུགས་སོ། །སྙིང་གའི་ [64b.7]དབུས་སུ་ཞེས་པ། རང་རང་གི་གནས་སུ་ཟླ་བ་དང་རང་རང་གི་ཕྱག་མཚན་གྱི་དབུས་སུ། ས་བོན་ལས་གྱུར་པའི་ཕྲ་མོའི་དཀྱིལ་འཁོར་ནི་བདག་ཉིད་ཀྱི་དཀྱིལ་འཁོར་དང་། དེའི་མདུན་དུ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཡང་བསམ་པར་བྱའོ། །ཡི་གེའི་མཆོག་ཅེས་ [65a] [65a.1]པ། ས་བོན་ཐམས་ཅད་ཀྱི་མཆོག་ནི་ཧཱུཾ་སྟེ། དེའི་རྡོ་རྗེའི་དབུས་སུ་བསམ་པར་བྱའོ། །གཞན་ལ་ཡང་སྦྱར་རོ། །ཕྱག་མཚན་ཡང་གསུངས་པ། རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །ཞེས་པ་རྣམས་སོ། །དེ་ལ་རྟག་ཏུ་ཞེས་པ་ནི་དུས་བཞིའོ། །སྦྱོར་བས་ཞེས་ [65a.2]པ་ནི་ཏིང་ངེ་འཛིན་གསུམ་ལ་གང་སྦྱོར་བའོ། །ཀྱོ་བ་ནི་རྡོ་རྗེ་ལྕགས་ཀྱོའི་ཁྱད་པར་གྱིས་སོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའོ། །དེ་ནས་ཡེ་ཤེས་སེམས་དཔའ་དེའི་སྙིང་གར་ལྕགས་ཀྱོས་བརྡབ་སྟེ་ཛཱ་ལ་སོགས་པས་བསྐུལ་བར་བྱའོ། །གཞན་དག་ཀྱང་བསྐུལ་བ་ནི་ [65a.3]འཁོར་ལོ་ཞེས་པ་ལ་སོགས་པ་སྟེ། རིགས་ཞེས་པ་ནི་གཞན་ལ་ཡང་སྦྱར་རོ། །དེ་ཡང་འོད་ཟེར་གྱི་ངོ་བོའི་རྡོ་རྗེའི་ལྕགས་ཀྱོས་བསྐུལ་བར་བཤད་ཅེས་སོ། །སྔགས་ཀྱི་ཆེ་བ་གསུངས་པ་འདི་ནི་ཞེས་པ་ལ་སོགས་པའོ། །དེ་ལ་རོལ་མོ་ཞེས་པ་ནི་རྣལ་འབྱོར་པ་ [65a.4]བསྒྲུབ་པའི་ཡན་ལག་དང་ལྡན་པ་ལ་རྒྱལ་བ་རྣམས་ཀྱིས་གཟིགས་པ་དང་། སེམས་ཅན་གྱི་དོན་བྱེད་པའི་རོལ་མོ་དེ་ལས་འབྱུང་བའི་ཐ་ཚིག་གོ། །དེ་ཁོ་ན་གསལ་བར་བསྟན་པའི་ཕྱིར། དེ་ནས་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ། བཀའ་སྩལ་བ་དང་འབྲེལ་ཏོ། ། [65a.5]དེ་ལ་སྔགས་ཀྱི་སྐྱེས་བུ་ནི་ས་བོན་ལས་གྱུར་པའི་ལྷ་རྣམས་སོ། །དེ་ལ་རྡོ་རྗེ་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །དེའི་ཡེ་ཤེས་སེམས་དཔའོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་སྦྱར་བས། དངོས་པོ་ཐམས་ཅད་ནི་གཟུགས་ལ་སོགས་པའི་ལྷའི་རང་བཞིན་ [65a.6]དུའོ། །དེའི་རིག་མ་དབང་ཕྱུག་ཅེས་པ་ནི་ཤེས་རབ་མའོ། །ལྷ་མོའི་གཟུགས་བརྙན་ལ་ཞེས་ཏེ། དངོས་ལའོ། །རྡོ་རྗེ་དང་པདྨ་གཉིས་སྦྱོར་བར་བསྒོམ་ཞིང་ཡབ་ཀྱི་དགྱེས་པ་ཡུམ་ལ་སྟོབས་པ་ལ་སོགས་པ་བྱའོ། །དཀྱིལ་འཁོར་གྱི་དང་ཅན་གྱིས་བུད་མེད་ཇི་སྙེད་པ་ [65a.7]ལྷ་མོར་སྤྲུལ་ནས་མི་དབྱེ་བར་སྤྱད་པ་ནི་དེ་ནས་ཞེས་པ་ནས་མཐའི་བར་དུ་རིག་པར་བྱའོ། །རྡོ་རྗེ་གསུམ་པོ་ཞེས་པ་རྣམས་ཀྱིས་ནི་ཐེག་པ་ཆེ་བའི་ཚུལ་ཡང་བསྟན་ཏོ། །ལེའུ་བཅུ་པའི་དོན་རྫོགས་སོ།། །།ད་ནི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད། རིག་པའི་སྐྱེས་ [65b] [65b.1]བུར་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་སྐྱེས་བུ་ཞེས་པ་ནི་སྟོང་པ་ཉིད་དང་ལྡན་པའི་སྐུ་རྡོ་རྗེ་ལ་སོགས་པའི་ས་བོན་ལས་བྱུང་བས་སྐྱེས་བུ་མཆོག་ཅེས་ཏེ། དེ་ཉིད་ལ་ཞུགས་ཏེ་གསུངས་སོ་ཞེས་པ་དང་འབྲེལ་ཏོ། །དེ་ལ་རྡོ་རྗེ་ཡང་ཡིན་ [65b.2]ལ་སྔགས་ཀྱང་ཡིན་པས་དེ་སྐད་ཅེས་བྱ་སྟེ་ས་བོན་ནོ། །དེ་ལས་བྱུང་བ་ནི་རིག་པའི་སྐྱེས་བུ་སྟེ་དེ་བསྒྲུབ་པར་བྱ་བའི་ལེའུ་འདི་གསུངས་སོ་ཞེས་སོ། །དེ་ལ་རྡོ་རྗེ་མཆོག་གསུམ་ཞེས་པ། ཨོཾ་དང་ཨཱཿདང་ཧཱུཾ་ངོ་། །ཕྱག་རྒྱ་ཆེན་པོ་ཞེས་པ་ས་བོན་གྱི་སྔགས་རྣམས་ཀྱིས་ [65b.3]མངོན་པར་རྟོགས་པའི་ལྷ་བསྐྱེད་ནས་བསྒོམ་པར་བྱའོ། །དེའི་ཡེ་ཤེས་རྡོ་རྗེ་ཞེས་པ་ནི་རྒྱུ་ཡིས་དཀྱིལ་འཁོར་གྱི་ལྷ་བྱིན་གྱིས་བརླབས་ཟིན་པ་དང་། སེམས་ཅན་རྣམས་དཀྱིལ་འཁོར་ནས་ཕྱུང་ནས་སོ་སོའི་ཞིང་ཁམས་སུ་དགོད་དོ། །དེ་ནས་སྦྱོར་བའི་ཆོ་གས་ལྷག་པའི་ [65b.4]སེམས་ལས་འབྲུ་ལྔར་བསྐྱེད་དེ། ཧོ་ཨོཾ་ཨཾ་ཧཱུཾ་ཧོ་ཞེས་རིག་མའི་པདྨར། ཤེས་རབ་དང་སྙིང་རྗེའི་རང་བཞིན་ཧོ་གཉིས་ཀྱི་བར་དུའོ། །རྗེས་སུ་ཆགས་པས་ཡི་གེ་གསུམ་ཞུ་བར་མཐོང་སྟེ། དེའི་འོད་ཀྱིས་ཧོ་གཉིས་ཀྱང་ཟླ་བར་ཞུ་བར་མཐོང་ནས། དེའི་འོད་ཀྱི་གོང་བུར་ [65b.5]གྱུར་ཏེ། དེ་ལ་གཉིས་སུ་མེད་པའི་ཆོས་ཀྱི་སྐུར་ཞུགས་པ་ལས། དེར་མ་ཞུགས་པར་ལོངས་སྤྱོད་པའི་སྐུས་དོན་མཛོད་ཅིག་པར་ཚད་མེད་པ་བཞི་ལས་བྱུང་བའི་སྤྱན་མ་ལ་སོགས་པ་བཞིས་དབྱངས་ཀྱིས་བཞེངས་པར་བསྐུལ་བ་ལ་སོགས་པ་བྱའོ། །སྐུའི་ [65b.6]རྡོ་རྗེ་ལ་སོགས་པའི་རང་བཞིན་ནི་ཐབས་དང་ཤེས་རབ་ཀྱི་བར་གྱི་ས་བོན་གསུམ་སྟེ། ཨོཾ་ལ་སོགས་པའོ། །དེ་ལ་རྡོ་རྗེ་ཀུན་ལས་སྐྱེས། །ཞེས་པ་དང་པོ་རིམ་པ་དང་བཅས་ནས་མཚམས་བཅིང་བའི་ཕྱིར་དབང་ཆེན་གྱི་དཀྱིལ་འཁོར་པདྨའི་གྲྭ་བཞིར་རྩེ་གསུམ་པའི་རྡོ་རྗེས་ [65b.7]མཚན་པ་ལ་སོགས་པ་བྱའོ། །རྡོ་རྗེས་བརྒྱན་པ་དེ་རུ་ཡི་གེ་བྷྲཱུཾ་འཁོར་ལོ་ལས་བྱུང་བ་དང་དེ་ཉིད་བསྒོམ་པར་བྱའོ། །དེའི་དོན་ནི་གསུམ་སྟེ་དབང་ཆེན་ནས་བརྩམས་ནས་རྡོ་རྗེར་གྱུར་པ་དང་དེ་ནས་འཁོར་ལོར་གྱུར་པ་དང་། སྣང་མཛད་གཞལ་ཡས་ཁང་དུ་གྱུར་པའོ། ། [66a] [66a.1]དེ་ལྟར་དེ་དག་གི་ནང་དུ་ཧཱུཾ་དཀར་པོ་ལས་ཆོས་ཀྱི་འབྱུང་གནས་ཨེ་གྲུ་གསུམ་དུ་བསྒོམ། དེའི་ནང་དུ་པདྨ་སྣ་ཚོགས། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ། དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོའི་སྟེང་དུ་བྷྲཱུཾ། ཡང་བྷྲཱུཾ་དང་འཁོར་ལོ་གཉིས་ལས་སྣང་མཛད་ཀྱི་སྐུར་གྱུར་ཏེ་ཡབ་ཡུམ་ [66a.2]ཞུ་བ་ལས། གཞལ་ཡས་ཁང་གྲུ་བཞི་པ་ལ་སྒོ་བཞི་པ་མུག་ཏིག་ཧ་ར་ཆེ་ཆུང་དང་། དྲ་བ་དྲ་ཕྱེད་ལ་སོགས་པས་བརྒྱན་པའི་ནང་དུ་ལྷ་བཅུ་དགུ་གདན་སྣ་ཚོགས་པདྨོ་རེ་བསམ་པ་ལ་སོགས་པ་གཞུང་བཞིན་དུ་བྱའོ། །ད་ནི་ཟླ་བ་ལ་སོགས་པའི་གདན་ལ་ཡིག་འབྲུ་གསུམ་ [66a.3]བསམས་ནས་ཟླ་བར་བསྟན་པ་ནི་གསལ་བའི་དཀྱིལ་འཁོར་ཞེས་པ་རྣམས་ཏེ། དེ་ལ་གསལ་བ་ནི་ཟླ་བ་སྟེ་པདྨོ་དང་ལྡན་པའི་ཆོས་ཀྱི་དཀྱིལ་འཁོར་དང་། རྡོ་རྗེ་རྒྱ་གྲམ་རྣམས་ལ་ཡེ་ཤེས་ཀྱི་སྐུ་ལས་ཨོཾ་ལ་སོགས་པ་རྣམས་རིམ་བཞིན་སྤྲོ་སྟེ་བཟླ་བར་བྱའོ། །འོག་ནས་ [66a.4]ཀྱང་གསལ་བའི་དཀྱིལ་འཁོར་ཞེས་པ་རྣམས་ཀྱིས་ཟླ་བ་ལ་སོགས་པའི་གདན་གསལ་བར་བསྟན་ཏོ། །གལ་ཏེ་སྣང་མཛད་དང་ཚེ་དཔག་མེད་དང་། མི་བསྐྱོད་པ་རྣམས་རིམ་བཞིན་དུ་མི་ཕྱེད་པ་དང་། མི་རྨུགས་པ་དང་། ཆོས་བདག་མེད་པའི་ཕྱིར་ན། དེ་དག་གི་ [66a.5]གདན་ཁ་ཅིག་ཏུ་དཀྲུགས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཀུན་ལ་མཚུངས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་གལ་ཏེ་དབྱེར་མེད་པའི་ཕྱིར་མི་བསྐྱོད་པ་ལ་སོགས་པ་ལ་ཨོཾ་ལ་སོགས་པ་དཀྲུགས་ཏེ་བསྒོམས་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། ཐུག་པ་མེད་པར་འགྱུར་ [66a.6]བའི་ཕྱིར་རོ། །དེའི་གནས་བྷྲཱུཾ་གྱིས་ཞེས་པ་རྒྱུ་དང་པོ་སྟེ། བྷྲཱུཾ་ལས་གྱུར་པའོ། །ཐབས་དང་ཤེས་རབ་ཀྱི་ས་བོན་གསུམ་ནི་སྙིང་པོ་སྟེ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རང་བཞིན་དང་ལྡན་པ་ཨོཾ་ནི་ཞེས་པ་རྣམས་ཏེ། སྐུ་ལ་སོགས་པ་བསྐྱེད་པའི་ས་བོན་ཡིན་པས་ [66a.7]མཉེས་པར་བྱེད་པའོ། །དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆ་དང་གང་ལྡན་པ་རྡོ་རྗེ་སྟེ། དེ་ལས་རྒྱུ་དང་འབྲས་བུ་ནི་ས་བོན་དང་ས་བོན་ལས་གྱུར་པའོ། །རྡོ་རྗེ་གསུམ་བསྒོམ་པའི་དམ་ཚིག་སེམས་དཔས་ཡེ་ཤེས་སེམས་དཔའ་ཡང་རྫོགས་པར་འགྱུར་བའོ། །དེ་དག་གི་ [66b] [66b.1]གནས་གསུངས་པ། དབེན་ཞིང་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྦྱོར་བ་ནི་ཐབས་ཀྱི་ངོ་བོ་རྡོ་རྗེའི་སྐུ་དང་ཞེས་པ་ནི་འབྲས་བུའི་ངོ་བོའོ། །ཟླ་བ་ཕྱེད་ནི་དུས་ཀྱི་མཚན་ཉིད་དོ། །ཡང་བསྒྲུབ་པའི་ཡན་ལག་དང་ལྡན་པས་གསལ་བར་བྱེད་པའི་ཁྱད་པར་གྱི་ལས་བསྟན་ [66b.2]པའི་ཕྱིར། གསལ་བའི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་གསལ་བ་ནི་ཟླ་བའི་དཀྱིལ་འཁོར་ཏེ་དེ་ནམ་མཁའི་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་དེ་སྟེ་རྣམ་པར་དག་པའི་གཞལ་ཡས་ཁང་དེར་ཞེས་སོ། །ཟླ་བ་ལ་རང་སྔགས་ཞེས་པ་རང་གི་ས་ [66b.3]བོན་ཁོ་ནས་སྣང་མཛད་ཆོ་ག་བཞིན་དུ་བསྐྱེད་པར་བྱས་ནས། དེའི་སྙིང་གར་འཁོར་ལོའི་དབུས་སུ་ཨོཾ་ཆོ་ག་བཞིན་དུ་གཞག་པར་བྱའོ། །དེ་ཡང་སྣང་མཛད་བསྒོམས་ནས་ཤེའོ། །དེས་ནི་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་གསུངས་པ། འདིས་ཞེས་པ་ལ་ [66b.4]སོགས་པའོ། །ད་ནི་གསུང་གི་རྡོ་རྗེ་དང་འདྲ་བར་བསྒྲུབ་པ་བསྟན་པའི་ཕྱིར། ཆོས་ཀྱི་དཀྱིལ་འཁོར་ཞེས་པ་རྣམས་སྨོས་ཏེ། དེ་ལ་ཆོས་ནི་པདྨའི་དཀྱིལ་འཁོར་ཏེ། དེ་ལ་རང་གི་ས་བོན་ལས་གྱུར་པའི་མཐའ་ཡས་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། ཨོཾ་ངག་གི་ [66b.5]ལམ་མགྲིན་པའི་པདྨའི་དབུས་སུ་བསམ་པར་བྱའོ། །འདིར་འཇིག་རྟེན་དབང་མཆོག་ནི་སྣང་བ་མཐའ་ཡས་ཏེ་དེ་བསྒོམས་ནས་ཞེས་སོ། །ཡང་ཐུགས་ཀྱི་རྡོ་རྗེ་དང་འདྲ་བར་བསྒྲུབ་པ་བསྟན་པའི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་ནི་ [66b.6]རྒྱ་གྲམ་པའི་དཀྱིལ་འཁོར་ཏེ། དེ་ལ་རང་གི་ས་བོན་ཁོ་ནས་མི་བསྐྱོད་པ་ཆོ་ག་བཞིན་དུ་བསྐྱེད་ནས། དེའི་ཡང་སྙིང་གར་རྡོ་རྗེའི་དབུས་སུ་ཧཱུཾ་ཇི་ལྟ་བ་བཞིན་གནས་པར་བྱའོ། དེ་དག་གི་དོན་ནི་འདི་ལྟ་སྟེ་སྙིང་རྗེ་ལ་སོགས་པ་དང་ལྡན་པ་ཆུ་ལ་སོགས་པའི་དབང་ [66b.7]རྣམས་ཐོབ་པས་མི་སྣང་། གོང་མའི་རིམ་པས་ཏིང་ངེ་འཛིན་གསུམ་རྫོགས་པར་བྱས་ཏེ། གྲུབ་པའི་མཚན་མ་ཐོབ་ནས། དུ་མའི་ངོ་བོ་དང་བྲལ་བ་གང་བདག་ཉིད་ཀྱི་ཕྱག་རྒྱ་དང་ལྡན་པ་དེ་ཉིད་གཅིག་པུ་བསྒོམས་ནས། སྐུ་ལ་སོགས་པ་གཏོང་བ་དང་དགག་པའི་དབང་ [67a] [67a.1]དུ་བྱས་ནས་རིམ་གྱིས་སྤྲོ་བ་ལ་སོགས་པ་བྱ་བར་བསྟན་ཏོ། །ད་ནི་དམན་པའི་སྒྲུབ་པ་ལས་མི་སྣང་བ་སྒྲུབ་པ་བསྟན་པའི་ཕྱིར། ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཡེ་ཤེས་ནི་བདག་ཉིད་སྟོང་པ་ཉིད་དང་ལྡན་ [67a.2]པ་ལ་སོགས་པ་བསྒོམས་ནས་དེ་དང་འདྲ་བར་ཡང་བསྒོམ་པར་བྱའོ། །ནམ་མཁའི་སྙིང་པོའི་སྐུའི་ཕྱག་རྒྱ་ནི་རྡོ་རྗེ་ཆེན་པོ་སྟེ། དེར་གང་གྱུར་པའི་ལུས་ཀྱི་གནས་རྣམས་ལ་ཡི་གེ་ཨོཾ་དམིགས་ནས་རྡོ་རྗེ་ཡེ་ཤེས་ནི་རྣལ་འབྱོར་པ་སྟེ། དེ་ནམ་མཁའི་སྙིང་བོ་དང་ [67a.3]འདྲ་བར་འགྱུར་རོ། །ཕྱི་མ་ལ་ཡང་རིམ་པ་བཞིན་དུ་སྦྱར་བར་བྱའོ། །དེ་དག་གི་ཡོན་ཏན་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །ད་ནི་འཇམ་དཔལ་སྒྲུབ་པ་ཡོན་ཏན་དང་བཅས་པར་བསྟན་པའི་ཕྱིར། རྡོ་རྗེའི་དཀྱིལ་འཁོར་ཞེས་པ་རྣམས་སྨོས་ཏེ། དེ་ལ་ [67a.4]རང་སྔགས་ཞེས་པ་རང་གི་ས་བོན་གྱིས་འཇམ་དཔལ་ཆོ་ག་བཞིན་དུ་བསམས་ནས། དེའི་སྙིང་ཁར་ཨུཏྤལའི་དབུས་སུ་ཡི་གེ་ཧཾ་ཇི་ལྟ་བ་བཞིན་བཞག་སྟེ་བསྒོམ་པར་བྱའོ། །བསམ་གཏན་གྱི་ལས་གཞན་བསྟན་པའི་ཕྱིར་འོད་ཟེར་ཞེས་པ་རྣམས་སྨོས་ཏེ། [67a.5]གོང་གི་ཆོ་གས་ཡི་གེ་ཨོཾ་བསྒོམས་ནས། རྡུལ་ཕྲན་རྡོ་རྗེའི་ལུས་ཞེས་པ་རྣམས་ཐོབ་པར་བསྟན་ཏེ། དེས་ནི་གོང་གི་མི་སྣང་བའི་དོན་ཉིད་གསལ་བར་བྱས་པའོ། །ད་ནི་མི་བསྐྱོད་པ་ལ་སོགས་པ་སྒྲུབ་པ་བསྟན་པའི་ཕྱིར། ནམ་མཁའི་དབྱིངས་ཞེས་པ་ལ་ [67a.6]སོགས་པ་སྨོས་ཏེ། དེ་ལ་ནམ་མཁའི་དབྱིངས་ནི་ནང་གི་གཞལ་ཡས་ཁང་བརྩེགས་པར་རོ། །སངས་རྒྱས་དཀྱིལ་འཁོར་ཞེས་པ་ལྷ་བཅུ་དགུའི་བདག་ཉིད་དོ། །དེའི་དབུས་སུ་རྡོ་རྗེ་སེམས་དཔའ་ཆོ་ག་ཇི་ལྟ་བ་བཞིན་བསྒོམས་ལ་དེའི་སྙིང་གར་གདན་ལ་ཨོཾ་ [67a.7]བསྒོམ་པར་བྱའོ། །དེས་ནི་ཇི་སྐད་གསུངས་པའི་ཡོན་ཏན་དང་ལྡན་པར་འགྱུར་ཏེ། ཕྱི་མ་ལ་ཡང་སྦྱར་བར་བྱའོ། །ཡང་གསུངས་པ་ནམ་མཁའི་ཞེས་པ་རྣམས་ཏེ། དེ་ལ་ནམ་མཁའ་རྡོ་རྗེ་ཞེས་པ་འབྱུང་ལྡན་ཇི་ལྟ་བ་བཞིན་བསྒོམས་ལ། དེའི་སྙིང་ [67b] [67b.1]གར་རིན་པོ་ཆེའི་གདན་ལ་ཡང་། ཨོཾ་བསམས་ན་འདིར་གསུངས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །ཡང་རྡོ་རྗེ་ཆོས་ཀྱི་བསྒྲུབ་པ་བསྟན་པའི་ཕྱིར། ནམ་མཁའི་ཞེས་པ་སྨོས་ཏེ། དེ་ལ་འཇིག་རྟེན་དབང་པོ་ནི་སྣང་བ་མཐའ་ཡས་ཆོ་ག་བཞིན་དུ་ [67b.2]བསྒོམས་པའི་སྙིང་གར་ཆོས་ཀྱི་པདྨ་ཡང་ཨོཾ་བསྒོམས་ན་ཞེས་སོ། །གདོན་མི་ཟ་བའི་སྒྲུབ་པ་བསྟན་པའི་ཕྱིར། ཡང་ནམ་མཁའི་ཞེས་པ་སྨོས་ཏེ། དེ་ལ་ཨུཏྤལ་ལས་གྱུར་པའི་ཐོགས་མེད་ཇི་ལྟ་བ་བཞིན་བསྒོམས་ལ་དེའི་སྙིང་གར་ཡང་གོང་བཞིན་དུ་ཨོཾ་བསྒོམས་ [67b.3]ན་ཞེས་པ་ཡིན་ནོ། །ད་ནི་མཇུག་བསྡུ་བའི་ཕྱིར། རྣམ་སྣང་གི་སྒྲུབ་པ་ལ་སྐུ་གསུང་ཐུགས་རྣམས་ཀྱི་སྤྲོ་བ་དུས་གཅིག་བསྟན་པའི་ཕྱིར། ནམ་མཁའི་དབྱིངས་ཞེས་པ་རྣམས་སྨོས་ཏེ། དེ་ལ་རྡོ་རྗེ་སྣང་མཛད་ཆོ་ག་ཇི་ལྟ་བ་བཞིན་བསྒོམས་ལ་དེའི་སྙིང་གར་ [67b.4]ཟླ་བ་ལ་སྐུ་རྡོ་རྗེ་ལ་སོགས་པའི་ཨོཾ་བསྒོམས་ནས། ལུས་དང་ངག་དང་ཡིད་གསུམ་སྐུའི་རྡོ་རྗེ་ལ་སོགས་པ་འདིར་གསུངས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །འདིར་ཨོཾ་བསྒོམ་པ་ནི་སྐུའི་རིགས་ཀྱི་བདག་ཉིད་དང་ཡེ་ཤེས་ཀྱི་བདག་ཉིད་དེ་ཕན་ཚུན་དུ་དབྱེར་མེད་ [67b.5]པ་ཉིད་ཀྱི་ཕྱིར་རོ། །དེ་དག་གི་གནས་བསྟན་པའི་ཕྱིར། ཤིན་ཏུ་དབེན་པའི་རི་དགོན་དང་། །ཞེས་པའི་ཚིགས་བཅད་གསུངས་ཏེ། འོག་ཏུ་ཡང་སྙེགས་སོ། །དེར་ཙནྡན་དཀར་དམར་དང་ཆུ་དང་སྨན་དང་དྲི་རྣམས་ཀྱིས་བྱུགས་ཏེ་མེ་ཏོག་ཀར་ནི་ཀ་ལ་སོགས་པ་རྣམས་ [67b.6]དགྲམ་པར་བྱའོ། །འདིར་མི་བསྐྱོད་ཡེ་ཤེས་པ་རྣམས་ཀྱིས་ནི་མངོན་ཤེས་ལྔ་བསྒྲུབ་པའི་ཕྱིར་རང་གི་ཏིང་ངེ་འཛིན་ལས་འབྱུང་བའི་ཆོ་ག་རྣམས་བསྟན་པའོ། །དེ་ལ་འདིར་དང་ལ་མི་བསྐྱོད་པ་ཇི་ལྟ་བ་བཞིན་བསྒོམས་ནས། དེའི་གནས་ལྔ་མིག་དང་རྣ་བ་དང་སྙིང་ག་དང་ [67b.7]ནུ་མ་གཉིས་ཀྱི་བར་དང་ལྟེ་བར་རྡོ་རྗེ་ཆེན་པོ་རྩེ་ལྔ་ལྔ་བསམས་ན་ལྷའི་སྤྱན་ལ་སོགས་པ་ལྔ་དང་འདྲ་བར་འགྱུར་རོ། །མེ་སྟག་མང་པོ་འཁྲུག་པའི་རང་སྔགས་ཞེས་པ་རང་རང་གི་ས་བོན་ལས་གྱུར་པའི་སྣང་མཛད་བསྒོམས་ལ་འཁོར་ལོ་ལྔའི་སྦྱོར་བ་ཞེས་པ་དེའི་ཡང་ [68a] [68a.1]གནས་ལྔ་ལ་འཁོར་ལོ་བསྒོམས་ནས་ཞེས་པ་ཡིན་ནོ། །དེ་དག་ནི་མཚོན་པ་ཙམ་སྟེ་གཞན་དག་ཀྱང་བྱ་བར་མངོན་ནོ། །ནང་གི་གཞལ་ཡས་བརྩེགས་པའི་རྒྱུ་འཁོར་ལོ་དང་། སྣང་མཛད་ལས་གྱུར་པ་གཉིས་བསྟན་པའི་ཕྱིར། རྡོ་རྗེ་ནམ་ [68a.2]མཁའི་ཞེས་པའི་ཚིགས་བཅད་གཅིག་སྨོས་ཏེ། བར་མ་གཉིས་ལ་རིམ་བཞིན་མངོན་ནོ། །ད་ནི་རང་རང་གི་ས་བོན་ལས་མི་གཡོ་བའི་རང་བཞིན་དུ་བསམ་པ་ནི། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་རྣམས་ཏེ། བདག་ས་བོན་ལས་སྣང་མཛད་དུ་ [68a.3]བསྒོམས་པའི་སྙིང་གར་ཨོཾ་ཇི་ལྟ་བར་བསམས་ལ། སྔགས་ཨོཾ་རྣམ་པར་ཤེས་པ་མི་གཡོ་བར་བསྒོམ་པ་ནི་འགོག་པའི་རྡོ་རྗེ་སྟེ། གཞན་དུ་མི་འཕྲོ་བར་བསྒོམས་ན་ཞེས་པ་ཡིན་ནོ། །ཕྱི་མ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་དག་གི་དོན་ནི་སྐུ་ལ་སོགས་པའི་ཕྱག་ [68a.4]རྒྱ་ཆེན་པོར་བསྒོམ་པའི་གནས་སུ་ཨོཾ་ལ་སོགས་པ་བསྒོམས་ལ། དེ་ལ་ཐིག་ལེར་གྱུར་པའི་སེམས་འགོག་པའི་རྡོ་རྗེ་ཞེས་པས་འཇུག་པ་ལ་སྤྱད་དོ་ཞེས་བསྒོམ་པར་བྱ་བ་ཡིན་ནོ། །ད་ནི་སྣང་མཛད་དུ་གང་གྱུར་པས་གོང་གི་ཟླ་བ་ལ་ཨོཾ་བསམས་ན་མོས་པའི་ [68a.5]དབང་གིས་བསྐལ་པ་གཅིག་ལ་སོགས་པར་འགྱུར་བར་བསྟན་པའི་ཕྱིར། རྡོ་རྗེ་ནམ་མཁའི་ཞེས་པ་ལ་སོགས་པ་སྟེ། ཕྱི་མ་ལ་ཡང་སྦྱར་བར་བྱའོ། །སྤྱིའི་ཡོན་ཏན་དུ་མ་ཉིད་དུ་བསྟན་པ་ནི་སྐུ་དང་གསུང་ཐུགས་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཞེས་པ་ནི་བདག་ [68a.6]ཉིད་དང་ལྡན་པའི་གཞན་དག་གིས། ཤིན་ཏུ་ཡང་འགྲུབ་པར་བསྟན་པ་ཡིན་ནོ། །འདིར་ཧ་ཅང་སྤྲོས་པ་ནི་མི་དགོས་ཀྱིས་གཏང་བར་བྱའོ། །ལེའུ་བཅུ་གཅིག་པའི་དོན་རྫོགས་སོ།། །།ད་ནི་སྔགས་ལས་གྱུར་པའི་བསྒྲུབ་པ་དང་། ཡན་ལག་བཞིའི་ཐབས་ལ་སོགས་པ་ [68a.7]བསྟན་པའི་ཕྱིར། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པ་སྟེ། །དེ་ལ་བསྐྱེད་པའི་ཡེ་ཤེས་ཞེས་པའི་རྒྱུའི་ངོ་བོ་དང་། དེའི་ཕྱིར་བཀའ་སྩལ་པ་ཞེས་སོ། །དེའི་མི་རྟོག་ངོ་བོ་ཉིད་སྔོན་དང་ཕྱི་མའི་མཐའ་སྤངས་པའི་རང་བཞིན་གྱིས་དག་པ་ལས་འགྲོ་བ་སྒྱུ་མ་བཞིན་ [68b] [68b.1]དུ་སྣང་བའི་རོལ་མོ་བསྒོམ་པར་བྱའོ། །དེ་ཉིད་མི་སྣང་བ་ལ་སོགས་པའི་གནས་ནི་དགོན་པའི་ཞེས་པའི་ཚིགས་བཅད་གཅིག་སྟེ། ཡན་ལག་རྣམས་དང་ལྡན་པར་བྱའོ། །ཐོག་མར་ལུས་ལ་སོགས་པ་ལས་ས་བོན་ལས་གྱུར་པའི་འཇམ་པའི་དབྱངས་བསྒོམས་ནས། [68b.2]དེའི་སྙིང་གར་གདན་ལ་མུཾ་བསམས་ཏེ། སྤྲོ་བ་ལ་སོགས་པ་བྱས་ནས་འཇམ་དཔལ་དང་འདྲ་ཞིང་ཐམས་ཅད་འཇམ་དཔལ་ཉིད་སྣང་བར་འགྱུར་ལ་དངོས་ཉིད་ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་ཀྱང་མཐོང་བར་མི་ནུས་ཞེས་པ་ཡིན་ནོ། །རྡོ་རྗེ་མི་ཕྱེད་ཅེས་པ་ [68b.3]ལ་སོགས་པས། ད་ནི་རིལ་བུ་ལ་སོགས་པའི་རྫས་ལ་མི་སྣང་བ་བསྒྲུབ་པར་བསྟན་ཏོ། །སྔགས་ཀྱིས་མཚན་པའི་རྒྱུ་ནི་བཤང་གཅི་ལ་སོགས་པ་ལྔའོ། །རྡོ་རྗེ་གསུམ་གྱི་མཚན་མ་ལྕགས་གསུམ་གསེར་དང་ཟངས་དང་དངུལ་གསུམ་གྱིས་དཀྲིས་པ་ཨོཾ་ལ་ [68b.4]སོགས་པའི་ས་བོན་དང་ལྡན་པར་བྱས་ཏེ། ས་བོན་ལ་སོགས་གང་གྱུར་པའི་རྣལ་འབྱོར་པས་ཁར་བཅུག་ནས་བཟླས་ཤིང་བསྒོམ་པར་བྱའོ། །ཆོ་ག་དེ་ཁོས་རིལ་བུ་དེ་ལ་ཀུན་གྱི་ཐུགས་ནི་གཉིས་སུ་མེད་པའི་སྟོང་པ་ཉིད་དེ། དེ་དེར་བསྒོམས་ན་ཞེས་སོ། །འཁོར་ལོ་ [68b.5]འོད་འཕྲོ་ཞེས་པས་ནི་དེ་ཉིད་བསྒྲུབ་པར་བསྟན་པ་སྟེ། སྔོན་དུ་རང་གི་སྔགས་ས་བོན་ཁོ་ནས་སྣང་མཛད་དུ་བསྒོམས་ནས་དེའི་ལག་པར་གསེར་ལ་སོགས་པའི་རྫས་ལས་འཁོར་ལོ་འདོ་འཕྲོ་བྱས་ཏེ། དེ་གཙོ་བོ་ལ་སོགས་པའི་དཀྱིལ་འཁོར་བཞུགས་པའི་གནས་སུ་བསྒོམས་ [68b.6]ན་འདིར་གསུངས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །རྡོ་རྗེའི་སྒྲུབ་པ་ལ་སོགས་པ་བསྟན་པའི་ཕྱིར། རྡོ་རྗེ་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་རྣམས་ཀྱང་གོང་བཞིན་དུ་ས་བོན་གྱིས་རང་གི་ལྷར་བསྒོམས་ [68b.7]ནས། དེའི་ལག་ཏུ་རྫས་ལས་རང་རང་གི་ཕྱག་མཚན་བྱས་ཏེ། རང་རང་གཙོ་བོར་གྱུར་པའི་གནས་སུ་བསྒོམས་ན། སོ་སོའི་ཇི་སྐད་གསུངས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །ཨོཾ་གྱི་རིལ་བུ་ཙ་ན་ཀའི་འབྲུ་ཚད་ཅེས་པ་རྣམས་ཀྱིས་ནི་གོང་དུ་གསུངས་པའི་རིལ་ [69a] [69a.1]བུ་གསལ་བར་བྱ་བ་དང་། དེ་རྫོགས་པར་བྱ་བའི་ཕྱིར། དེའི་ཡི་གེ་འབྲུ་དང་ཚད་དང་རང་གི་ལྷ་དང་གནས་དང་ཡོན་ཏན་བསྟན་ཏོ། །འཁོར་ལོ་སྒྲུབ་པ་ལ་སོགས་པ་གོང་དུ་གསུངས་པའི་དོན་གསལ་བར་བྱེད་པ་དང་། དེ་རྫོགས་པར་བྱ་བའི་ཕྱིར་ [69a.2]གནས་དང་རང་རང་གི་གཙོ་བོ་བསྒོམ་པ་དང་། དེའི་ལག་ཏུ་རང་རང་གི་ཕྱག་མཚན་བསྒོམ་པ་དང་། རྣལ་འབྱོར་པའི་མཚན་ཉིད་ཀྱིས་བསྒྲུབ་པ་བསྟན་ཏོ། །དེ་ནི་མཁའ་དབྱིངས་གསལ་བའི་ཞེས་པའི་དོན་ལྔས་བསྟན་ཏོ། །གོང་མ་བཞིན་དུ་གཞན་ལ་ཡང་སྒྲུབ་ [69a.3]པར་གསུངས་པ་ནི་ཏྲི་ཤཱུ་ལ་ཀྱོ་བ་ཞེས་པ་ལ་སོགས་པ་སྟེ། སྐུ་ལ་སོགས་པའི་རིམ་པས་སོ། །ལམ་གྱི་བཞི་མདོ་ཞེས་པ་ལ་སོགས་པས་ནི་དགུག་པའི་ཆོ་ག་བསྟན་ཏོ། །དེ་ལ་མཚན་མ་གཅིག་ནི་བདེ་བའི་ལིངྒ་སྟེ། དེ་བཞིའི་གནས་སུ་ཡན་ལག་དང་ལྡན་པས་ [69a.4]སྔགས་ལས་གྱུར་པའི་སྐྱེས་བུ་བསམས་ནས་ཀྱོ་བ་དང་ལྕགས་ཀྱོ་ལ་སོགས་པས་སྐུ་ལ་སོགས་པའི་རྡོ་རྗེ་དགུག་པའི་ཕྱིར། དགུག་བྱ་དེ་ཉིད་རླུང་གི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། དེ་ཉིད་སངས་རྒྱས་དགུག་པར་སྦྱོར་བའི་དམ་ཚིག་ལས་བྱུང་བ་ཞེས་ [69a.5]སོ། །དེ་ཉིད་ཀྱིས། རྣམ་པར་སྣང་མཛད་འཁོར་ལོའི་མཆོག །ཅེས་པ་ལ་སོགས་པས་རིགས་གང་གཙོ་བོར་གྱུར་པའི་ཕྱག་མཚན་བསྒོམས་ནས། དེ་རྒྱལ་བ་དག་གི་གནས་སུ་བསམས་ན་ནི། འཁོར་ལོ་ལ་སོགས་པ་དེ་དག་ནི་དམ་ཚིག་སྟེ་དེ་དགུག་པ་ནི་ལྕགས་ [69a.6]ཀྱོ་ཁོ་ནས་བྱ་བའོ། །དེས་ནི་གོང་དུ་རླུང་ལ་གནས་པ་ནི་འཁོར་ལོ་ལ་སོགས་པས་ཀྱང་དགུག་པར་མངོན་ནོ། །འགུགས་བྱེད་ཉིད་ཇི་ལྟ་ཞེ་ན། རྣམ་པ་དང་ལྡན་པའི་སྐུ་གང་ཡིན་པ་བསྒོམས་ལ། དེའི་ལག་ཏུ་སྐུ་གསུང་ཐུགས་ཀྱི་རང་བཞིན་ཀྱོ་བ་ལ་སོགས་པ་ [69a.7]བསྒོམས་ནས་རླུང་ལ་གནས་པའི་བསྒྲུབ་བྱ་དགུག་པར་བྱས་ནས་ཞེས་སོ། །ད་ནི་རྣམ་པའི་མཆོག་ཅེས་པ་ལ་སོགས་པས་ནི་དབྱེར་མེད་པའི་རྣམ་པར་དག་པའི་ཕྱིར། བཟའ་བའི་སྦྱོར་བ་གསུངས་སོ། །བདག་རིགས་གང་ཡིན་པ་དེའི་སྐུར་བསྒོམས་ལ་དེའི་ལྕེ་ལ་རྡོ་རྗེའི་ [69b] [69b.1]སྦྱོར་བས་དེ་ཉིད་བསྒོམས་ན་ཞེས་སོ། །གསང་བ་གསུམ་ཞེས་པ་ནི་ཧཱུཾ་གིས་སྦྱང་བ་དང་། ཨཾ་གིས་རྟོགས་པར་བྱ་བ་དང་། ཨོཾ་གྱིས་འབར་བར་བསྒོམ་པའོ། །ཤ་ཆེན་ལ་སོགས་པ་ནི་གོ་སླ་བ་སྟེ། མེད་ན་ཡང་བསམ་པ་ནི་དོགས་པ་མེད་པའི་སེམས་ཀྱིས་ཤ་རྣམས་ [69b.2]མ་རྙེད་ན་ཁ་ཟས་ཀུན་ལ་དེ་ཉིད་བསྒོམ་ཞིང་བརྟག་གོ། །ཕྱག་རྒྱ་བཞི་སྐུ་ཉིད་ལ་ལྡན་པར་བསྟན་པའི་ཕྱིར། རྡོ་རྗེ་ཅན་གྱི་ཞེས་པ་ལ་སོགས་པ་སྟེ། རྣམ་པ་ཐམས་ཅད་མཆོག་ལྡན་པ། རང་ལུས་ངག་ཡིད་རྡོ་རྗེར་བརླབས་པའི། སྙིང་གར་ཡེ་ཤེས་དམ་ཚིག་ [69b.3]སྟེ། རྡོ་རྗེ་མཆོག་འཛིན་ཅོད་པན་དུའོ། །དེའི་ལྕེ་ལ་ཧཱུཾ་ལས་རྡོ་རྗེ་བསྒོམ་པར་བྱས་ནས། བདུད་རྩི་ལྔ་དག་པར་བྱེད་པའི་ཆོ་གས་ཟོས་ན་རྡོ་རྗེ་གསུམ་ཐོབ་པར་འགྱུར་རོ། དེའི་ཆོ་ག་ནི་གོང་གི་རྡོ་རྗེའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་རཾ་ལས་ [69b.4]མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿལས་བསྐྱེད་པའི་པདྨོའི་སྣོད་དུ་བཏགས་ཏེ་དེའི་ནང་གི་བདུད་རྩི་ལྔ་ལ་འབྲུ་ལྔས་མཚན་པར་བྱའོ། །ཤ་ལྔ་ཡང་དེ་སྟེ། རྡོ་རྗེའི་འོད་དང་མེ་འབར་པས། དེ་ཀུན་ཞུ་བ་ལ་སོགས་པར་བྱ་བ་དང་། རོ་མི་བཟད་པ་མྱང་སྟེ། [69b.5]དེའི་སྟེང་དུ་ཨོཾ་དཀར་པོ་བཀོད་པའི་འོད་ཀྱིས་རྒྱལ་བའི་གཟུགས་རྣམས་དེའི་ནང་དུ་ཐིམ་ནས། འབྲུ་གསུམ་གྱི་གཟུགས་ཀྱིས་མངོན་པར་དུ་མ་བཟླས་ནས་བདག་དང་དཀྱིལ་འཁོར་གྱི་ལྕེ་ལ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་བསྒོམས་ནས། སྙིང་གི་ཟླ་བའི་དཀྱིལ་ན་གནས་པའི་ [69b.6]འཁོར་ལོ་ཚིམ་པར་བྱའོ། །ལ་ལ་དག་ནི་ལྕེའི་རྡོ་རྗེའི་ཧཱུཾ་གི་སྟེང་འོག་ཏུ་ཨཾ་དང་ཨོཾ་བསམས་ཏེ། བཟླས་པས་སྐུ་ལ་སོགས་པའི་འོད་ཀྱིས་ཟས་ཀྱི་དངོས་པོ་རྣམས་ཞུ་སྟེ། མི་དམིགས་པ་ཁོ་ནར་བྱའོ་ཞེས་སོ། །ཆོ་ག་དེའི་ཡོན་ཏན་གསུངས་པ། རྡོ་རྗེ་དམ་ [69b.7]ཚིག་ལ་སོགས་པའོ། །འཁོར་ལོའི་དམ་ཚིག་ཅེས་པ་ལ་སོགས་པས་ནི་དེ་ཉིད་ཀྱི་རིགས་ལ་སོགས་པ་འགྲུབ་པའི་ཡོན་ཏན་བསྟན་ཏོ། །ད་ནི་གོང་དུ་གསུངས་པའི་མངོན་པར་ཤེས་པའི་ངོ་བོ་དང་ཡོན་ཏན་རིམ་བཞིན་བསྟན་པའི་ཕྱིར། གངྒཱའི་བྱེ་སྙེད་ [70a] [70a.1]སངས་རྒྱས་རྣམས། །ཞེས་པ་ནས། བགྲོད་པར་འགྱུར་ཞེས་པའི་བར་དུ་གསལ་བར་སྨོས་སོ། །འདིར་ལུས་རྣམ་པར་གཞག་པའི་ཕྱིར། ཡན་ལག་བཞི་འབྲས་བུ་དང་བཅས་པ་གསུངས་པ། བསྙེན་པའི་དམ་ཚིག་ཅེས་པ་ལ་སོགས་ [70a.2]པའོ། །བྱང་ཆུབ་མཆོག་གི་རང་བཞིན་ནི། །རྣམ་པ་གསུམ་གྱིས་ཡང་དག་བཤད། །གཞི་དང་ཐབས་དང་རང་བཞིན་གསུམ། །སོ་སོའི་བྱེ་བྲག་ཤེས་པར་བྱའོ། །སྤྱིའི་སྡོམ་གྱི་ཚིགས་སུ་བཅད་པའོ། །བྱང་ཆུབ་རྡོ་རྗེ་རྟོགས་པ་ཡི། །ཐབས་ནི་རྣམ་པ་བཞི་ [70a.3]དག་སྟེ། །རྡོ་རྗེ་བྱེ་བྲག་བཅུ་དྲུག་དབྱེ། །དེ་ནས་ལས་རྣམས་བརྩམ་པར་བྱ། །བར་གྱི་སྡོམ་གྱི་ཚིགས་སུ་བཅད་པའོ། །ཐོག་མར། སྙིང་རྗེ་སེམས་ལྡན་གཏོང་བ་ལ་སོགས་ཡོན་ཏན་བརྒྱན་པ་སྣོད་རུང་དང་། །དཔལ་ལྡན་འདུས་པའི་དོན་ཞུགས་ཆོ་ག་ [70a.4]བཞིན་དུ་དབང་བསྐུར་སྣོད་བཅས་པས། །རི་ལ་སོགས་པ་ཆུ་ཚོགས་ལྗོན་ཤིང་མཆོག་གི་ཕྲེང་པས་ཀླུབས་པའི་གནས། །དེ་རུ་སྤྲོ་བའི་སྒོ་ནས་ཕྱག་བཙལ་མཆོད་དང་བཤགས་དང་བསྔོ་བ་དང་། །སྐྱབས་སུ་འགྲོ་དང་སེམས་བསྐྱེད་སྦྱོར་བ་དང་པོ་དང་། །དཀྱིལ་ [70a.5]འཁོར་དོན་དང་ལས་ཀྱི་ཏིང་ངེ་འཛིན་རྣམས་ནི། །དགེ་བ་འཕེལ་དོན་བྱང་ཆུབ་ཕྱིར་བྱའོ། །དོན་གོང་འོག་ཏུ་བསྟན་པས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སངས་རྒྱས་གཙོ་བོའི་ཡུམ་དག་ལ། །མཉེས་པར་བྱས་ཀྱང་མི་འཆགས་ཏེ། །འདོད་པའི་ [70a.6]ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །དོན་གོང་དུ་བསྟན་པས་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་རྣམས་ཀྱི་ཧ་ཅང་སྤྲོས་པ་ནི་ཡི་གེ་མངས་སུ་དོགས་པས་མ་བྲིས་ཏེ། གཞུང་བསྙག་གོ། །འདིར་བར་གྱི་སྡོམ་བཤད་པ། །གོང་མའི་ [70a.7]རིམ་པས་འབྲུ་གསུམ་ཞུ་ནས་ཚད་མེད་པའི་རྒྱུ་མཐུན་གྱི་གཟུགས་ཀྱི་ལྷ་མོ་བཞིས་དབྱངས་ཀྱིས་བསྐུལ་ནས། ཡིག་འབྲུ་དང་ཕྱག་མཚན་ལས་སྐུར་བསྐྱེད་པ་ནི་ཆུང་ངུའི་བསྙེན་པ། འབྲས་བུ་བཞི་ལས་ནི་རྒྱུ་མཐུན་གྱི་འབྲས་བུའོ། །ལུང་ནས་ཕུང་པོ་ལ་སོགས་པ་བྱིན་ [70b] [70b.1]གྱིས་བརླབ་པའི་རྣམ་སྨིན་མེད་པ་ལ། ཐམས་ཅད་མཁྱེན་པ་མི་འགྲུབ་པའི་ཕྱིར། རྡོ་རྗེའི་སྐྱེ་མཆེད་རིམ་པ་འདིས་རྣམ་པར་སྤྱད་པའོ། །མིག་གཉིས་ལ་ཀྵིཾ་དང་འཁོར་ལོ་ལས་སྣང་མཛད་དང་འདྲ་བའི་སའི་སྙིང་པོ་བསྒོམ་པར་བྱའོ། །དེ་ལྟར་རྣ་བ་དང་སྣ་དང་ལྕེ་དང་ [70b.2]སྤྱི་བོ་དང་ལྟེ་བ་ལ་རིམ་བཞིན་དུ་ཛཾ་དང་ཁཾ་དང་གྷཱཾ་དང་ཀཾ་དང་སཾ་དང་རང་རང་གི་ཕྱག་མཚན་ལས་གྱུར་པའི་ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། ངག་གི་དབང་ཕྱུག་དང་། སྒྲིབ་པ་སེལ་བ་དང་། ཀུན་དུ་བཟང་པོ་དང་དེ་རྣམས་བསྒོམ་མོ། །གཟུགས་ལ་སོགས་ [70b.3]པའི་སྐྱེ་མཆེད་དྲུག་ལ་རིམ་བཞིན་དུ། ཛཿཧཱུཾ་བཾ་ཧོཿཁཾ་རཾ་དང་། རང་རང་གི་ཕྱག་མཚན་ལས་གྱུར་པའི། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་བསྒོམ་མོ། །ཕྱི་ནང་གི་སའི་ཁམས་ལ་སོགས་པ་ལ་རིམ་བཞིན་དུ་ལཾ་དང་། མཾ་དང་བཾ་དང་། ཏཱཾ་དང་། རང་རང་གི་གཙོ་ [70b.4]བོའི་ཕྱག་མཚན་ལས་གྱུར་པའི་སྤྱན་མ་ལ་སོགས་པ་བསྒོམ་མོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་རིམ་བཞིན་དུ་བྷྲཱུཾ་དང་ཨཱཾ་དང་ཛྲཱྀཾ་དང་ཁཾ་དང་ཧཱུཾ་དང་། རང་རང་གི་ཕྱག་མཚན་ལས་གྱུར་པའི་སྣང་མཛད་དང་། དཀོན་མཆོག་དཔལ་དང་། ཚེ་དཔག་ [70b.5]མེད་དང་། གདོན་མི་ཟ་བ་དང་། མི་བསྐྱོད་པ་བསྒོམ་པར་བྱའོ། །དེ་ནི་ཆུང་ངུའི་ཉེ་བར་བསྒྲུབ་པ་དང་། རྣམ་སྨིན་གྱི་འབྲས་བུའོ། །ལུང་ནས་སྐུ་གསུམ་གྱིས་རྣམ་པར་དག་པའི་དོན་དུ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་ཕྱིར། བདག་ [70b.6]རང་གི་གནས་སུ་ཧཱུཾ་དང་ཨཱ་དང་ཨོཾ་ལས་རང་རང་གི་ཕྱག་མཚན་དུ་གྱུར། དེ་གཉིས་ལས་སྐུར་བསམས་ཏེ། སྐུའི་ཐུགས་ཀའི་ཕྱག་མཚན་དང་ཡིག་འབྲུ་ལས་ལྷ་མོ་སྤྲོས་ནས་རང་རང་གི་རིགས་སུ་གཏོགས་པ་ལ་མཆོད་པར་བསམ་ཞིང་དབྱངས་ [70b.7]ཀྱིས་བསྐུལ་བས། ཐིམ་པ་དང་སོ་སོའི་སྔགས་བརྗོད་པ་ལ་སོགས་པ་ནི་ཆུང་ངུའི་སྒྲུབ་པ་སྐྱེས་བུས་བྱེད་པའི་འབྲས་བུའོ། །ལུང་ནས་ཐུགས་ཀའི་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་བསྒོམ། དེའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་རྒྱལ་བ་ [71a] [71a.1]རྣམས་བསྐུལ་ནས། ལུས་ལ་ཐིམ་ནས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་མང་པོར་སྤྲོས་པས་དབང་བསྐུར་བར་བསམ། སྤྱི་བོའི་དབུ་རྒྱན་ལ་མི་བསྐྱོད་བ་བསྒོམ་པར་བྱའོ། དེ་ལྟར་དབང་བསྐུར་བ་ནི་ཆུང་ངུའི་སྒྲུབ་པ་ཆེན་པོ་བྲལ་བའི་ [71a.2]འབྲས་བུའོ། །འབྲིང་གི་ཡན་ལག་བཞི་ནི་བདག་གཙོ་བོའི་སྐུར་བསྐྱེད་ཙམ་ན། ཡུམ་ཡང་མྱུ་གུ་དང་གྲིབ་མའི་ཚུལ་དུ་བསྐྱེད་པ་ནི་འབྲིང་གི་བསྙེན་པ། བདག་དང་འདྲ་བར་ཡུམ་གྱི་མིག་ལ་སོགས་པ་གོང་བཞིན་བྱིན་གྱིས་བརླབ་པ་ནི་འབྲིང་གི་ཉེ་བའི་སྒྲུབ་པ། དེ་ [71a.3]ཉིད་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་ནི་འབྲིང་གི་སྒྲུབ་པོ། །ཡུམ་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམས་ལ་དབུ་རྒྱན་ལ་བདག་པོས་དབང་བསྐུར་བ་ནི་འབྲིང་གི་སྒྲུབ་པ་ཆེན་པོའོ། །འབྲས་བུ་བཞི་ནི་གོང་མ་བཞིན་སྦྱར་རོ། །ལྷ་བཅུ་དགུའི་གདན་ [71a.4]དང་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྐྱེད་པ་ནི་ཆེན་པོའི་རྒྱུ་མཐུན་པའི་འབྲས་བུ་དང་ཆེན་པོའི་བསྙེན་པའོ། །ལྷ་དེ་རྣམས་རེ་རེ་ཞིང་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་ཆེན་པོའི་རྣམ་སྨིན་གྱི་འབྲས་བུ་ཆེན་པོའི་ཉེ་བའི་སྒྲུབ་པའོ། །གསོལ་བ་གདབ་པ་མེད་ [71a.5]པར་ཐམས་ཅད་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་ནི་ཆེན་པོའི་སྐྱེས་བུ་བྱེད་པའི་འབྲས་བུ་དང་ཆེན་པོའི་སྒྲུབ་པའོ། །ལྷ་བཅུ་དགུའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམས་ནས། དབུ་རྒྱན་ལ་རིགས་ཀྱི་བདག་པོས་དབང་བསྐུར་བ་ནི་ཆེན་པོའི་བྲལ་བའི་ [71a.6]འབྲས་བུ་དང་། ཆེན་པོའི་སྒྲུབ་པ་ཆེན་པོའོ། །སྦྱོར་བའི་བསྙེན་སྒྲུབ་བཞི་ནི་བསྒྲུབ་བྱ་དང་། སྒྲུབ་པ་པོ་གཉིས་ཀྱི་པདྨ་དང་རྡོ་རྗེའི་སྦྱོར་བ་ནི་བསྙེན་པའོ། །རྡོ་རྗེ་དང་པདྨ་ལྷན་ཅིག་ཞུགས་པའི་དེ་མ་ཐག་གང་རེག་པ་དེ་ནི་ཉེ་བའི་སྒྲུབ་པའོ། །རྡོ་རྗེ་དང་པདྨ་ཧཱུཾ་ལས་བསྐྱེད་ [71a.7]པ་ལ། ཕཊ་སེར་པོས་སེམས་བྱུང་བ་དགག་པའི་ལས་ཁྱད་པར་གྱི་ངོ་བོས་བསྐྱོད་པ་དེ་ནི་སྒྲུབ་པའོ། །དེའི་དེ་མ་ཐག་གཉིས་སུ་མེད་པ་དེ་ལས་བདེ་བ་ཆེན་པོ་འབྱུང་བ་ནི་སྒྲུབ་པ་ཆེན་པོའོ། །འདིར་དང་པོའི་རིམ་པས་དང་པོའི་སྟོང་པར་བསྒོམ་པ་ནས། ཨ་ནུ་རཱགས་ [71b] [71b.1]རྗེས་སུ་ཆགས་པ་མཐར་ཐུག་པ་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ། །དཀྱིལ་འཁོར་དབྱུང་བ་ནས། བདུད་རྩི་མྱང་བའི་མཐར་ཐུག་པ་ནི་རྒྱལ་བའི་མཆོག་གི་ཏིང་ངེ་འཛིན་ཏོ། །དེའི་དེ་མ་ཐག་ཐིག་ལེའི་སྦྱོར་བ་ནས། བསྡུས་པའི་མཐར་ཐུག་པ་ནི་ལས་ཀྱི་རྒྱལ་བའི་ [71b.2]མཆོག་གི་ཏིང་ངེ་འཛིན་ཏོ། །སྨོན་ལམ་དང་ཁྲུས་དང་དབང་བསྐུར་བ་དང་། སྡོམ་པ་བཟུང་བ་དང་། ཉལ་བ་དང་ལངས་པ་དང་། བཟའ་བའི་ཆོ་ག་དང་། སྤྲོ་བསྡུ་དང་དངོས་གྲུབ་བསྒྲུབ་པ་ལ་སོགས་པ་སྟེ་གོ་སླ་བས་གཞུང་བསྙེག་གོ། །ཧ་ཅང་སྤྲོས་པ་གཞག་ [71b.3]གོ། །ཐབས་ཤེས་རབ་ཀྱི་ཏིང་ངེ་འཛིན་ལ་སྦྱོར་བས། གཙོ་བོའི་བྱང་ཆུབ་ས་བོན་དང་ལྡན་པར་བསྒོམ་པར་བྱའོ། །བསྙེན་པའི་བྱེ་བྲག་ནི། ཐུན་མོང་མཆོག་གི་བྱེ་བྲག་གིས། །བསྙེན་པ་རྣམ་པ་བཞི་རུ་འགྱུར། །ཞེས་ཏེ། ཐུན་མོང་གི་བསྙེན་པ་རེ་ཞིག་གཅིག་ [71b.4]གསུངས་པ། འོག་ནས་ཡང་ན་རྡོ་རྗེ་བཞི། །ཞེས་པ་དང་། རྡོ་རྗེ་རྣམ་བཞི་ཐུན་མོང་སྟེ། །ཞེས་པའོ། །ཐུན་མོང་གི་བསྙེན་པ་གཉིས་པ་ནི་ཡན་ལག་དྲུག་ཏུ་ཞེས་པ་ལ་སོགས་པའོ། །མཆོག་གི་བསྙེན་པ་གཉིས་ནི་མཆོག་ནི་ཡེ་ཤེས་བདུད་རྩིའོ་ཞེས་པ་དང་། [71b.5]བསྒྲུབ་བྱ་བསྒྲུབ་པར་སྦྱོར་བ་ལ་འབྱུང་བ་ཞེས་པའི་ཚིག་གཉིས་ཡིན་ནོ། །ཉེ་བར་བསྒྲུབ་པ་ནི་རིགས་ཀྱི་མཆོག་ཏུ་གང་གྱུར་པའི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་རྡོ་རྗེའི་བདག་ཉིད་ཀྱི་རྣམ་པར་དཔྱད་པ་སྟེ། བྱིན་གྱིས་བརླབ་པའི་ཐ་ཚིག་གོ། །བདག་པོ་བསྒོམ་ [71b.6]པས་སྒྲུབ་པའི་ཚེ་ན་རྒྱལ་བ་རྣམས། འོད་ཟེར་དང་ཚིགས་བཅད་ཀྱིས་བསྐུལ་བ་དང་བདག་པོ་ཉིད་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ། །སྒྲུབ་པ་ཆེན་པོའི་ཚེ་ན་བདག་གང་གྱུར་པའི་དབུ་རྒྱན་ལ་ས་བོན་ལས་གྱུར་པའི་བདག་པོ་སྟེ། རྡོ་རྗེ་ཅན་ཉིད་ཀྱི་གཟུགས་ [71b.7]བསམ་པར་བྱའོ། །རྣལ་འབྱོར་པ་ཉིད་ཡེ་ཤེས་རྡོ་རྗེ་སྟེ་དེས་འགྲུབ་པར་འགྱུར་རོ། །སྐུ་གསུང་ཐུགས་གསུམ་ཀའི་ངོ་བོ་གསུངས་བ། བསྙེན་པའི་ཡེ་ཤེས་ཞེས་པ་སྟེ། གཙོ་བོའི་ས་བོན་ཞུ་བའི་ངོ་བོ་དེའི་གནས་ནི་དགོན་པ་ཞེས་པ་ལ་སོགས་པའོ། །ཡང་ན་ཞེས་ [72a] [72a.1]པ་ལ་སོགས་པས་ནི་ཆེན་པོའི་བསྙེན་པ་དང་དེའི་འབྲས་བུ་བསྟན་པ་ཡིན་ཏེ། ལྷ་ཅིག་གི་དེ་མ་ཐག་པའི་དགུའི་དོན་བསྟན་པའི་ཕྱིར་རོ། །བསྙེན་པ་ཁོ་ནས་གཞན་ཡང་ཤེས་པར་བྱ་སྟེ། འབྲིང་པོ་ཡང་ཤུགས་ཀྱིས་མངོན་ནོ། །འདིར་གོང་དུ་རིམ་ [72a.2]པར་བཀོད་པ་ནི་ཆུང་ངུའི་ཡན་ལག་ཏུ་ཤེས་པར་བྱའོ། །རྡོ་རྗེ་བཞི་ནི་དང་པོ་སྟོང་པ་བྱང་ཆུབ་སྟེ་ཞེས་པ་རྣམས་ཏེ། སྦྱོར་བའི་པདྨའི་ནང་དུ་དང་པོ་ས་བོན་ཞུ་བ་དང་། དེ་ནས་དེ་ལས་གྱུར་པའི་གཉིས་པ་གཙོ་བོའི་ས་བོན་སེམས་ཀྱི་ཡིག་འབྲུ་དང་། ཡང་དེ་ལས་གྱུར་ [72a.3]པའི་གསུམ་པ་འཁོར་ལོ་རྫོགས་པ་དང་། དེ་ནས་བཞི་པ་བཛྲ་དྷྲྀཀ་ཅེས་པ་ལ་སོགས་པའི་སྔགས་ཀྱིས་ཞེས་པའོ། །གནས་ལྔ་ཞེས་པ་རིག་མའི་གནས་སོ། །དེར་ཡེ་ཤེས་ཀྱི་རང་བཞིན་རིགས་ལྔའི་ས་བོན་ཨོཾ་བསྒོམས་ན་མི་འདའ་བའི་སྡོམ་པ་ཡིན་ནོ། །དེ་དག་གི་དུས་ [72a.4]ནི་ཞག་བདུན་ཞེས་པ་ལ་སོགས་པའོ། །དེ་ལ་འདི་ནི་ཞེས་པ་ལ་སོགས་པས་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཚིགས་བཅད་བརྗོད་པའོ། །བྱིན་གྱིས་བརླབ་པ་ནི་སངས་རྒྱས་སུ་སྒྲུབ་པའོ། །གལ་ཏེ་དེ་ལྟ་མ་ཡིན་ན། རྡོ་རྗེ་འཛིན་པ་ལ་སོགས་པ་ཡང་ན་ [72a.5]ཞེས་པ་ལ་སོགས་པའོ། །ལེའུ་བཅུ་གཉིས་པའི་དོན་རྫོགས་སོ།། །།ད་ནི་རྡོ་རྗེ་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཡེ་ཤེས་རྡོ་རྗེ་ཞེས་པ་ལ་སོགས་པས་ནི་གཙོ་བོ་ལ་དོན་ཞུ་ [72a.6]བའི་ཕྱིར་ཕྱག་འཚལ་ནས་མཆོད་པ་བརྗོད་པའོ། །བསྟོད་བའི་དེ་མ་ཐག་བཤད་པར་གསོལ་བ་བཏབ་པ་ནི་སྔགས་རྣམས་ཞེས་པ་ལ་སོགས་པ་སྟེ་བཤད་དུ་གསོལ་ཞེས་པ་དང་འབྲེལ་ཏོ། །དེ་ལ་སངས་རྒྱས་ཚུལ་རེ་བཟང་། །ཞེས་པ་ལ་སོགས་པ་ནི་སྐུ་ལ་སོགས་ [72a.7]པའི་རིམ་པའོ། །རིགས་རྣམས་ཀྱི་སྔགས་རྣམས་བསྡུས་པའི་མཆོག་ནི་རྡོ་རྗེ་བཟླས་པ་སྟེ། སྐུའི་རྡོ་རྗེ་ལ་སོགས་པའི་མཚན་ཉིད་དོ། །རིགས་དང་སྔགས་ཞེས་པ་ནི་རིག་མ་དང་ལྡན་པའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱིས་ཀྱང་མཚན་པའོ། །སྔགས་ཟློས་ཞེས་པ་ [72b] [72b.1]དང་། ཡེ་ཤེས་རྒྱ་མཚོ་ཞེས་པ་ལ་སོགས་པས་ནི་རིག་མ་དང་ལྡན་པ་གང་ཡིན་པས། ཨོཾ་ལ་སོགས་པའི་ས་བོན་སྲོག་དང་རྩོལ་བའི་སྒོ་ནས་སྤྲོ་བ་ལ་སོགས་པའི་ཆོ་ག་བྱ་བར་བསྟན་ཏོ། །ཞུས་པའི་དེ་མ་ཐག་གསུངས་པ་དེ་ནས་སྟོན་པ་ལ་སོགས་པ་སྟེ། གསུངས་སོ་ [72b.2]ཞེས་པ་དང་འབྲེལ་ཏོ། །དེ་ལ་བྱེད་པ་བསྐྱེད་པ་ནི་ཀུན་གྱི་བྱེད་པ་པོ་ལྟ་བུ་ཡང་ཡིན་ལ། སྤྲུལ་པ་རྣམས་བསྐྱེད་པའང་ཡིན་ནོ། །དེའི་རྡོ་རྗེ་མི་ཕྱེད་གསུམ་གྱིས་གང་མཚན་པ་དེ་དེ་ལྟར་ཡིན་ལ། རྡོ་རྗེ་དབྱེ་བ་གསུམ་ཞེས་པ་ཀུན་རྫོབ་ཏུ་སྐུ་ལ་སོགས་པའི་རྡོ་རྗེ་དབྱེ་བ་ [72b.3]གསུམ་གྱི་མཐར་ཕྱིན་པ་ནི་བཀོད་པ་རྡོ་རྗེ་གསུམ་ཞེས་བྱའོ། །གནས་རྣམས་སུ་ཞེས་པ་རང་རང་གི་གནས་སུ་སྐུ་ལ་སོགས་པའི་ས་བོན་གྱིས་རང་རང་གི་རིམ་པས་སྤྲོ་བ་བྱས་ན་ཞེས་སོ། །རྒྱལ་བ་རྣམས་དང་གཉིས་སུ་མེད་པར་བསྒོམས་ནས་མཆོད་པའི་མཆོག་ལྷ་མོ་ [72b.4]རྣམས་ཀྱིས་བརྟག་པར་བྱ་བ་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་པས་བྱས་ན་ཞེའོ། །གཟུགས་ཀྱི་མཆོག་བརྟག་པ་ཞེས་པ་སྤྲོ་བ་ལ་སོགས་པའི་སྒོ་ནས། ཕྱག་རྒྱ་ཆེན་པོས་དབྱིངས་ཁྱབ་པར་བྱའོ། །ད་ནི་དབྱེ་བ་རྣམ་གསུམ་གྱིས། །ཞེས་པ་ནི་སྣང་མཛད་ལ་སོགས་པར་ [72b.5]གནས་ཤིང་དེ་རྣམས་ཉིད་སོ་སོ་དག་ཏུ་སྤྲོ་བར་བྱའོ། །ཡང་གཞན་སྤྲོ་བའི་ཕྱིར་ལུས་དང་ཞེས་པ་རྣམས་སྨོས་ཏེ། ལུས་ལ་སོགས་པ་བདག་མེད་པར་ཤེས་པའི་སེམས་ཀྱིས་སྔགས་རྣམས་བརྗོད་ནས། སྐུ་ལ་སོགས་པའི་རྡོ་རྗེ་སྤྲོ་བ་ནི་སྔགས་བརྗོད་པ་རྫོགས་ནས་ [72b.6]རང་རང་གི་གནས་སུ་བསྡུ་བར་བྱའོ། །ད་ནི་སྤྱིའི་དེ་མ་ཐག་སྐུ་ལ་སོགས་པ་ཁྱད་པར་གྱི་བཟླས་པ་བསྟན་པའི་ཕྱིར། ཐམས་ཅད་ཀྱི་སྐུའི་རྡོ་རྗེ་བྱང་ཆུབ་པའི་ཞེས་སྨོས་ཏེ། དེ་ལ་དང་པོ་སྐུའི་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིར་དང་། དངོས་དང་དངོས་མིན་ཞེས་ [72b.7]པ་ལུས་ཀྱི་ཐ་སྙད་གང་དངོས་པོར་གནས་པ་དང་། དངོས་པོ་མེད་པ་རྣམས་གཉི་གར་མི་སྟོན་ཅིང་། གང་དུ་ཡང་མ་གྲུབ་པ་ནི་རྣམ་དཔྱད་པའོ། །དེ་ནི་སྐུ་ཞེས་བྱ་བར་བཤད་ཅེས་ཏེ། དེ་ནི་སྐུའི་བཟླས་པ་ཡིན་ནོ། །གསུང་གི་རྡོ་རྗེ་བྱང་ཆུབ་པའི། །ཞེས་པས་ནི་ [73a] [73a.1]གསུང་གི་བཟླས་པ་བསྟན་ཏོ། །སྒྲ་དང་སྒྲ་མིན་ཞེས་པ་ངག་གི་ཐ་སྙད་དང་ཐ་སྙད་མ་ཡིན་པ་གཉི་ག་མི་བསྟེན་པ་རྣམ་དཔྱད་པའོ། །དེ་ནི་གསུང་གི་བཟླས་པ་ཡིན་ནོ། །ཐུགས་ཀྱི་དམ་ཚིག་བྱང་ཆུབ་པའི། །ཞེས་པས་ནི་ཐུགས་ཀྱི་བཟླས་པ་ [73a.2]སྟོན་ཏེ། །གནས་པའི་རྡོ་རྗེ་ཞེས་པ་ཤེས་པའི་ཐ་སྙད་མི་བསྟེན་པ་རྣམ་དཔྱད་པའོ། །དེ་ནི་སེམས་ཀྱི་བཟླས་པར་བཤད་དོ། །ཡོན་ཏན་གྱི་བཟླས་པ་བསྟན་པའི་ཕྱིར་དོན་རྟོགས་ཞེས་སྨོས་ཏེ། དེ་ལ་དོན་ནི་མཉམ་པ་ཉིད་དོ། །དེ་རྟོགས་པའི་བཟླས་པ་ [73a.3]ནི་དངོས་པོའི་ངོ་བོ་ཉིད་མེད་པ་ནི་བཟང་པོ་སྟེ། དེས་ཡང་དག་པར་རིག་པའི་སྒོ་ནས་བརྟགས་པ་ནི་རིན་ཆེན་འབྱུང་ལྡན་གྱི་བཟླས་པ་ཡིན་ནོ། །ཕྲིན་ལས་ཀྱི་བཟླས་པ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ཞེས་པ་སྨོས་ཏེ། དེ་ལ་སྐུའི་སྤྲིན་ནི་དེ་ཉིད་མི་ [73a.4]དམིགས་པ་དང་ལྡན་པའོ། །དེ་ནི་སྤྲོ་བ་ཡང་ཡིན་ལ་བཞུད་པ་ཡང་དེ་ཉིད་པས་དེ་སྐད་ཅེས་བྱའོ། །བྱོན་པ་ནི་བསྡུ་བའོ། །དེ་ནི་ཐོགས་མེད་ཅེས་ཏེ་དོན་གྲུབ་ཀྱི་བཟླས་པ་ཡིན་ནོ་བཟླས་པ་གཞན་གསུངས་པ། ཁྲོ་བོའི་ཞེས་པ་རྣམས་ཏེ། དེ་ལ་དམ་ཚིག་ཡེ་ཤེས་ནི་ [73a.5]ཁྲོ་བའི་ཆ་ལུགས་སུ་བསྒོམ་པའོ། །དེ་རང་གི་དཀྱིལ་འཁོར་དུ་ཁྲོ་བོའི་སྔགས་ཀྱི་ཡི་གེ་བཟླས་པས་ཕ་རོལ་པོའི་རྣ་བར་སྒྲ་གྲགས་པ་དེ་ནི་ཞེས་སོ། །དང་ལ་གཏི་མུག་གི་བཟླས་པ་གསུངས་པ། འདོད་པའི་དོན་གྱིས་ཞེས་པ་ལ་སོགས་པའོ། །དེ་ལ་འདོད་པ་ནི་ལོག་པར་ [73a.6]འདོད་པའོ། །དེའི་དོན་གྱིས་མྱོས་པར་འགྱུར་བ་རྣམས་སྐྱོབ་ཅིང་ཕན་གདགས་པའི་ཕྱིར། སེམས་ཅན་མང་པོ་རྣམས་དེ་དག་ཉིད་དུ་ཞེས་ཏེ། གཏི་མུག་གི་རང་བཞིན་སྣང་མཛད་ལ་བཞག་ནས་དེ་ཉིད་སྤྲོ་བ་དང་བསྡུ་བ་དེ་ནི་གཏི་མུག་གི་བཟླས་པ་ཡིན་ནོ། །འདོད་ཆགས་ [73a.7]དང་ཞེ་སྡང་གི་དོན་ཡང་དེ་ལྟར་སྦྱར་རོ། །ཡང་གཞན་གསུངས་པ། དམ་ཚིག་ཡང་དག་ཅེས་པ་ལ་སོགས་པའོ། །དེ་ལ་དབུ་མ་ཞེས་པ་ཡུམ་གྱི་པདྨའོ། །རྡོ་རྗེ་ཅན་ཞེས་པ་གསང་བའི་རྡོ་རྗེ་དང་གང་ལྡན་པའོ། །དམ་ཚིག་ནི་གཉིས་སུ་མེད་དེ་གཅིག་པའོ། །དེ་ལྟར་ [73b] [73b.1]ཕོ་དང་མོའི་ཁྱད་པར་མེད་པར་གང་གྱུར་པ་ནི་མ་ནིང་གི་བཟླས་པ་ཞེས་བྱའོ། །དེ་ཡི་འདོད་ཆགས་དོན་བསྒོམས་པ། །ཞེས་པ། སྦྱོར་བའི་ཆོ་ག་དང་ལྡན་པར་བྱེད་པའོ། །རྡོ་རྗེ་བདག་པོ་ནི་ལྷ་མོ་དྲུག་གི་བདག་པོ་རྣམས་སོ། །དེ་ཉིད་ལྷ་མོ་རྣམས་ཀྱིས་འདོད་ཆགས་ [73b.2]སྐྱེས་པས་ཡབ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མཛད་པ་ཡིན་ནོ། །རིགས་རྣམས་ཀྱི་སྦྱོར་བ་གསུངས་པ། རིག་མ་ཆེན་མོའི་སྤྱན་ཞེས་པ་ལ་སོགས་པའོ། །དེ་ལ་འདོད་པ་ནི་འདོད་པར་བྱ་བའོ། །དེ་ལ་བརྩོན་པ་དང་ལོངས་སྤྱོད་པ་དང་གང་ལྡན་པས་ [73b.3]རིག་མ་འདོད་ན་ནི་བསྟེན་ན་འགྲུབ་པར་འགྱུར་རོ། །གཏི་མུག་ནི་སྐུའི་དམ་ཚིག་ལས་བྱུང་བ་ས་བོན་ཏེ་དེ་ཉིད་མ་ནིང་སྟེ། དེའི་གནས་ནི་སྤྱན་མ་ལ་སོགས་པ་སྟེ། དེ་བསྒྲུབས་ན་ཞེས་སོ། །འདིར་ཁྲོ་བོ་ནི་ཞེ་སྡང་གི་གནས་ལས་སྐྱེས་ཏེ། རྡོ་རྗེ་འཛིན་གྱི་ [73b.4]རིགས་ཀྱིས་སྐྱེ་བ་ཡིན་ནོ། དེ་དང་གང་ལྡན་པ་དེས་བསྒྲུབ་པར་བྱ་བའི་ཆོས་ཅན་དུག་གསུམ་ལ་གནས་པ་དེ་དག་ཐབས་ཀྱི་ཆོ་གས་འགྲུབ་པར་འགྱུར་རོ། །དེ་ནི་ཡེ་ཤེས་འཁོར་ལོ་ཅན། །ཞེས་པ་ལ་སོགས་པས་ནི་ཐིག་ལེ་སྦྱར་བའི་ཏིང་ངེ་འཛིན་བསྟན་ཏོ། ། [73b.5]འདིར་སྣང་མཛད་ཀྱི་རིགས་སུ་གང་གྱུར་པས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་སྙིང་གར་འཁོར་ལོ་བསྒོམ། དེའི་ཡང་དབུས་སུ་གསལ་བ་ཟླ་བ་ལ་འཁོར་ལོ་སྔགས་དོན་ཞེས་པ་རང་གི་ས་བོན་བྷྲཱུཾ་མི་སྤྲོ་བའི་བདག་ཉིད་དུ་བསྒོམ་པར་བྱའོ། །གཞན་ལ་ [73b.6]ཡང་རིམ་པ་བཞིན་དུ་སྦྱར་བར་བྱའོ། །སྤྲོ་བསྡུའི་དོན་བསྟན་པའི་ཕྱིར། དཀྱིལ་འཁོར་ཞེས་སྨོས་ཏེ། བདག་གཙོ་བོ་དབུས་སུ་བསམས་ནས། དེའི་ངོས་བཞིར་གཙོ་བོ་ཉིད་མ་གཏོགས་པའི་རིགས་བཞི་བཀོད་ནས་དེ་དག་གི་འོད་ཟེར་ལྔ་འཕྲོ་བར་བསྒོམས་ [73b.7]ན་ཞེའོ། །སྤྲོ་བ་ནི་བྱེ་བྲག་གཉིས་ཞེས་པ་སྐུ་གསུམ་དང་རྡོ་རྗེའི་བྱེ་བྲག་གཉིས་སོ། །སྤྲོ་བ་ནི་བསྡུ་བ་ཞེས་པ་སྐུ་ལ་སོགས་པའི་ས་བོན་ནི་རིགས་ཀྱིས་སམ་ཡང་ན་ཅིག་ཅར་དུ་སྤྲོ་བར་བྱའོ། །རྡོ་རྗེ་ཡེ་ཤེས་ཀྱི་ས་བོན་དུས་གཅིག་ཁོ་ནར་སྤྲོ་བར་བྱའོ། །ལུས་ཀྱིས་ [74a] [74a.1]ཞེས་པ་ལུས་ངག་ཡིད་གསུམ་རྣམ་པར་དག་པ་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱིས་སྐུ་ལ་སོགས་པ་རང་རང་གི་ས་བོན་སྤྲོ་ན་མཆོད་པའི་གནས་ཞེས་ཏེ། དེ་བཞིན་གཤེགས་པར་འགྱུར་རོ། །དེས་ནི་བྱེ་བྲག་གཉིས་ལས་སྐུ་ [74a.2]གསུམ་གྱི་ཚུལ་ལོ། །རྡོ་རྗེའི་ཚུལ་ནི་དཀྱིལ་འཁོར་ཞེས་པ་རྣམས་ཏེ། ཕྲིན་ལས་ཀྱི་དོན་ཡང་བསྟན་ཏེ། སྣང་མཛད་དུ་བསྒོམས་ལ་ཕྱོགས་བཞིར་རིགས་བཞི་བསྒོམས་ནས། དེ་ལ་དབུས་སུ་བདག་པོ་ནི་སྐུ་ལ་སོགས་པ་དང་ལྡན་པའི་གཟུགས་སུ་བསམས་ [74a.3]ནས་གཙོ་བོ་ལ་སོགས་པ་རང་སྔགས་ས་བོན་ལས་གྱུར་པའི་གཟུགས་དག་ནི་ཞི་བ་ལ་སོགས་པའི་དཀྱིལ་འཁོར་བཞི་དག་ཏུ་ཁ་དོག་དཀར་པོ་ལ་སོགས་པར་བརྟགས་ལ། དེ་རྣམས་ཀྱི་སྙིང་གར་ཡེ་ཤེས་ཀྱི་ས་བོན་བསྒོམས་ན་ཞི་བ་ལ་སོགས་པའི་རྡོ་རྗེ་བཞིའི་ལས་བྱེད་པར་འགྱུར་རོ། ། [74a.4]ད་ནི་བསམ་པའི་དབང་གིས་སོ་སོའི་ཚུལ་བསྟན་པའི་ཕྱིར་ན་ཞི་བ་ལ་ནི་ཞེས་སྨོས་ཏེ། སྣང་མཛད་འདིར་བསྒྱུར་ནས་སྤྱན་གྱི་ཚུལ་དུ་དཀར་པོར་བསྒོམ་པར་བྱའོ། །རྒྱས་པ་ལ་པདྨོ་ཅན་ཏེ། སེར་པོ་དང་ལྡན་པའི་རྡོ་རྗེ་ཆོས་བསྒོམ་པར་བྱ་སྟེ། དབང་ལ་བསྒྱུར་ [74a.5]ནས་དམར་པོ་དང་ལྡན་པའི་རིན་ཆེན་འབྱུང་ལྡན་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཁྲོ་བོའི་གཟུགས་ནག་པོ་མངོན་སྤྱོད་ལ་བསྒོམ་པར་བྱའོ། །སྤྱོད་པའི་རོལ་མོ་ནི་དེ་དང་འདྲ་བ་སྟེ། ཀུན་རྫོབ་པ་ལ་དགོངས་པའོ། །མངོན་སྤྱོད་ཁོ་ནའི་བསྒྲུབ་བྱ་ནི། མ་ [74a.6]ཆགས་པའི་ཞེས་པ་རྣམས་སོ། །ཡང་དེ་ཉིད་ཀྱི་ཆོ་ག་ནི་ཁམས་གསུམ་གནས་པའི་ཞེས་པ་རྣམས་ཀྱིས་བསྟན་ཏོ། །དེ་ལ་དེའི་སེམས་ཅན་རྙོག་པ་མེད་པར་བྱས་ཏེ། སྐུར་བསྒོམ་མོ། །བསད་པ་ནི་བསད་པའི་ཆོ་གས་སོ། །འཁོར་ལོ་རྩེ་ལྔ་ཁ་བཞི་པ་ལྟེ་བའི་རྩེ་ [74a.7]ལ་ཕྱོགས་བཞིར་རྩིབས་བཞིར་ཤར་བ་ནི་རྩེ་བཞི་སྟེ། དེས་ཁ་བཞིར་ཡང་མངོན་ནོ། །དེའི་ལྟེ་བ་ལ་རྡོ་རྗེ་སྟེ། དེ་ལས་གྱུར་པའི་རྡོ་རྗེ་སེམས་དཔའ་མངོན་སྤྱོད་ལ་བསྒོམས་ལ་རྡོ་རྗེ་དང་ལྡན་པའི་འཁོར་ལོ་འདི་དེའི་ལག་པས་གཟུང་བར་བྱ་སྟེ། ཕྱོགས་དུས་ཀྱི་སེམས་ [74b] [74b.1]ཅན་རྣམས་སངས་རྒྱས་སུ་བསམས་ནས། བདག་ཉིད་སྐུ་ལ་སོགས་པའི་བྱེ་བྲག་གིས་འོད་ཟེར་གྱི་ཚུལ་དུ་བསྡུས་ཏེ། བདག་ཉིད་ཀྱི་སྐུ་གསུམ་ལ་གཟུད་པ་བྱས་ནས་སྤྲོ་བ་ལ་སོགས་པ་བྱའོ། །གདུག་པ་ཅན་གཞིལ་བའི་ཕྱིར་ཁྲོ་བོ་ཞེས་སྨོས་ཏེ། དེའི་ངང་ཚུལ་ [74b.2]དང་མདོག་དང་ཚུལ་དང་ཕྱག་མཚན་དང་ལྡན་པར་སྤྲོས་ནས། རྡོ་རྗེ་སེམས་དཔའ་ཡང་ཞེས་པ་ནི་གཞན་ལྟ་ཅི་སྨོས་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཆོ་ག་བཞིན་བྱས་ནས་མ་གྲུབ་ན། སངས་རྒྱས་ཉིད་ཀྱང་ཉེན་ཆེ་བར་གསུངས་པ་རྨོངས་པས་ཞེས་པའི་ཚིག་གོ། །ད་ནི་ [74b.3]ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པས་ནི་སེམས་ཅན་རྣམས་བདག་གི་ལུས་ལ་བསྡུ་ཞིང་། གསད་པར་བྱ་བའི་ཆོ་ག་བསྟན་ཏོ། །དེ་ལ་འཁོར་ལོ་ཞེས་པ་ཡང་རྩེ་ལྔ་པ་སྟེ། དེའི་ཕྱི་རོལ་དུ་རྡོ་རྗེ་འབར་བས་བརྒྱན་པའོ། །དེ་ལ་སྣང་མཛད་དུ་བསྒོམས་ཏེ། འཁོར་ [74b.4]ལོ་དང་ལྡན་པའི་སྣང་མཛད་རྡོ་རྗེ་ནི་དེའི་ཕྱག་ན་བསྣམས་པར་བསྒོམས་ཏེ། དེའི་ལུས་ལ་བསྡུ་བ་དང་། སྤྲོ་བ་ལ་སོགས་པ་ནི་གོང་མ་བཞིན་བྱའོ། །བསད་བའི་སྦྱོར་བ་ནི་ཚུལ་དང་ལྡན་པས་ཁྲོ་བོ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པའི་ཚིག་གིས་བསྒོམ་པར་ [74b.5]བྱའོ། །ད་ནི་གཤིན་རྗེ་གཤེད་ཀྱི་ལས་བསྟན་པའི་ཕྱིར། སངས་རྒྱས་ཞེས་པ་སྨོས་ཏེ། དེ་ལ་འཁོར་ལོ་ཅན་ཞེས་པ་གཙོ་བོར་བྱས་པའི་གཤིན་རྗེ་གཤེད་དོ། །རང་གི་རྡོ་རྗེ་ཞེས་པ་རང་གི་ས་བོན་ཤྲཱི་ལས་བསྐྱེད་པ་དེའི་ཕྱག་ན་རྡོ་རྗེ་བསྣམས་པར་བརྟག་སྟེ། དེ་ཡིས་ [74b.6]གང་ལ་བྱ་བ་བསད་པར་བསྒོམ་པའི་དོན་ཏོ། །ཡང་སྐུ་གསུང་ཐུགས་ཞེས་པ་ལ་སོགས་པས་ནི་བཀའི་འཁོར་ལོས་བསྲུང་བར་བསྟན་ཏེ། དེ་ལ་གང་གིས་བསྲུང་བ་ནི་སྐུ་ཞེས་པ་རྣམས་དང་། དེ་ཉིད་ཀྱི་ཡོན་ཏན་ནམ་ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ་ཞེས་ཏེ། དེ་རྣམས་ [74b.7]ཀྱིས་འདིར་སྔགས་སྤྱོད་པའི་སེམས་ཅན་བསྲུང་བའི་ཕྱིར། བཀའ་ཡི་འཁོར་ལོས་བསྐུལ་བར་བྱ། །ཞེས་པ་ཡིན་ནོ། །སྐུ་ལ་སོགས་པ་ལ་སངས་རྒྱས་དང་འདྲ་བ་གཟུད་པ་དང་། ཐིམ་ནས་སྤྲོ་བ་ནི། ནམ་མཁའ་ཞེས་པ་རྣམས་ཏེ། ཆོས་ཞེས་པ་མཐའ་ཡས་སོ། །སྣང་མཛད་ཅེས་ [75a] [75a.1]པ་སྣང་མཛད་དོ། །སྐུ་མཆོག་ནི་མི་བསྐྱོད་པའོ། །དེ་རྣམས་ལས་བྱུང་བའི་སྐུ་གསུམ་གྱི་ས་བོན་དབྱིངས་ཉིད་དུ་བརྟག་པར་བྱའོ། །དེ་ལས་གྱུར་པས་མཁའ་དབྱིངས་གང་བར་བསྒོམ་མོ། །དེ་དག་གི་ཡང་སྙིང་གར་རང་སྔགས་ས་བོན་ལ་ཐུགས་ཀྱི་རྡོ་རྗེ [75a.2]བསམས་ནས་སྤྲོ་བ་ལ་སོགས་པ་བྱའོ། །ད་ནི་རྒྱ་མཚོ་མནན་པའི་ཆོ་ག་གསུངས་པ་རྣམ་པའི་ཞེས་པ་ལ་སོགས་པའོ། །དེ་ལ་རྡོ་རྗེ་སེམས་དཔར་གང་གྱུར་པ་དེའི་གནས་རྣམས་སུ། སྣང་མཛད་ལ་སོགས་པ་རིམ་པར་བཀོད་ནས། སངས་རྒྱས་ཕལ་པོར་ཆུའི་རང་བཞིན་ [75a.3]བསམས་ལ། དེའི་སྟེང་ན་དེ་དག་དང་འདྲ་བའི་རྐང་པས་བཅག་པར་བྱའོ། །ཚུལ་ཇི་ལྟར་ཞེ་ན། སྤྱི་བོའི་སྟེང་དུ་ཞེས་སོ། །ད་ནི་ཕས་ཀྱི་རྒོལ་བའི་ཆོ་ག་བསྟན་པ་ནི་དབང་ཆེན་ཞེས་པ་རྣམས་ཏེ། དེ་ལ་དབང་ཆེན་ཞེས་པ་ལཾ་སེར་པོ་ལས་གྱུར་པའི་གཞི་བསྒོམས་ལ་ [75a.4]དོན་གྲུབ་ཀྱི་སྐུར་བསམས་ནས། དེའི་ལག་པ་གཡས་པར་ཁྲོ་བོ་བཞག་ལ་ལས་ཀྱི་སྐུའི་རྡོ་རྗེ་རྒྱ་གྲམ་གྱི་རྐང་བས་རྒོལ་བ་ཐམས་ཅད་ཀྱི་སྤྱི་བོར་གནོན་པར་བསྒོམ་མོ། །ད་ནི་རྡོ་རྗེ་གསུམ་མཆོག་ཅེས་པ་ལ་སོགས་པས་ནི་དབང་དང་ལྡན་ཞིང་དཔུང་གནོན་པ་བསྟན་ཏེ། སྐུ་ལ་ [75a.5]སོགས་པའི་དཀྱིལ་འཁོར་ཁྲོ་བོའི་ཚུལ་དུ་བསམས་ནས། ཡིག་འབྲུ་ལས་བསྐྱེད་པའི་བསྒྲུབ་བྱ་རི་རབ་ཙམ་བསམས་པའི་སྤྱི་བོར་བསྒོམས་ན་ཞེའོ། །དགྲ་རྨོངས་པར་བྱེད་པ་ནི་དགྲའི་ཞེས་པ་ལ་སོགས་པ་སྟེ། ས་བོན་གྱིས་བསྐྱེད་པའི་སྙིང་གར་ཇི་སྐད་གསུངས་པའི་ཕུར་ [75a.6]བུས་གདབ་པར་བྱའོ། །ཡང་གྲོང་ལ་སོགས་པའི་ནད་རྣམས་ཞི་བར་བྱ་བ་ནི། གྲོང་ངམ་ཡང་ན་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྩེ་ལྔ་པ་བར་སྣང་དག་ལ་ཞེས་པ་ནི་སྤྲོ་བར་བྱ་བ་སྟེ། བསྐལ་པས་བསྲེགས་པ་བཞིན་དུ་རྡོ་རྗེས་ནད་ལ་སོགས་པ་ཡང་དེ་ལྟར་བསམ་ [75a.7]པར་བྱའོ། །རྒྱས་པར་བྱ་བ་ནི་ནོར་བུ་ཞེས་བ་ལ་སོགས་པའོ། །སྐྱེ་འགྲོ་འདུལ་བ་ནི་ཡི་དམ་ཞེས་པ་རྣམས་ཏེ། དང་ལ་རང་གི་ལྷ་རྫོགས་པར་བྱས་ནས། རྡོ་རྗེ་བདུད་རྩི་འཁྱིལ་པ་ཉིད་ཇི་སྐད་གསུངས་པའི་ཕུར་བུ་བྱས་ནས་ཕྱོགས་བཅུའི་བསྒྲུབ་བྱ་ལ་ན་མོ་རཏྣ་ཏྲ་ཡཱ་ཞེས་ [75b] [75b.1]པའི་སྔགས་ཀྱིས་གདབ་པར་བྱའོ། །དེ་རྣམས་ཀྱིས་མངོན་སྤྱོད་ཀྱི་ལས་ཀྱི་ཁྱད་པར་བསྟན་ཏོ། །ད་ནི་ཞི་བའི་ལས་བསྟན་པའི་ཕྱིར། མདངས་བཟང་ཞེས་པ་ལ་སོགས་པ་སྨོས་ཏེ། གནས་སུ་ཟླ་བའི་དཀྱིལ་འཁོར་ལ་རང་གི་ས་བོན་ལས་གྱུར་བའི་སྣང་མཛད་བསྒོམས་ནས། [75b.2]རང་ཅི་འདྲ་བའི་ཡེ་ཤེས་ཀྱི་སྙིང་གར་འདོད་པ་སྟེ། འདིར་སྤྱན་མ་ཉིད་བཞག་ལ་དེ་ལས་རང་གི་ས་བོན་གྱིས་ནམ་མཁའི་དབྱིངས་འཕྲོས་པས་གང་བར་བསྒོམ་མོ། །དེ་ནས་དེ་རྣམས་ལུས་ལ་བསྡུས་ནས་དེའི་གོང་བུས་བསྒྲུབ་བྱ་ལ་འོད་ཟེར་དབབ་པ་དང་། བ་སྤུའི་བུ་ [75b.3]ག་ནས་སངས་རྒྱས་སྤྲོས་པས་བསྒྲུབ་བྱ་གང་ཡིན་པ་དེ་ལ་དབང་བསྐུར་བ་སྩོལ་བར་མཛད་དོ། །དེ་བཞིན་དུ་ཕྱི་མ་ལ་ཡང་སྦྱར་བར་བྱའོ། །ད་ནི་རྒྱས་པའི་ལས་བསྟན་པའི་ཕྱིར་ནམ་མཁའི་དབྱིངས་ཞེས་པ་རྣམས་སྨོས་ཏེ། དེ་ལ་དབང་ཆེན་ཞེས་པ་ནི་གཞི་སྟེ། དེའི་ཟླ་བ་ [75b.4]ལ་ས་བོན་ལས་གྱུར་བའི་འོད་དཔག་མེད་བསམས་ནས་ཞེས་ཏེ། གཞན་དག་ནི་གོང་དུ་བྱས་སོ། །དབང་གི་ལས་བསྟན་པའི་ཕྱིར་ནམ་མཁའི་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དེའི་ཟླ་གམ་ལ་རྡོ་རྗེ་མཁའི་ཞེས་ཏེ། རང་གི་ས་བོན་ལས་གྱུར་པ་རིན་ཆེན་འབྱུང་ [75b.5]ལྡན་སྣང་མཛད་ཀྱི་མདོག་དང་ལྡན་པར་བསྒོམ་པར་བྱ་སྟེ་དབང་དུ་བྱའོ། །ད་ནི་དྲག་པོའི་ལས་གོང་དུ་བསྟན་པ་དང་འབྲེལ་པ་འདི་ཡང་བསྟན་པའི་ཕྱིར། ནམ་མཁའི་ཞེས་པ་ལ་སོགས་པ་སྨོས་ཏེ། འདིར་ཡང་གདན་ལ་རང་གི་ས་བོན་ལས་གྱུར་པ་བསྒོམས་ནས་ [75b.6]གོང་གི་ཆོ་ག་ཇི་ལྟ་བས་རྡོ་རྗེ་སྲིན་པོ་ལ་སོགས་པ་འཕྲོས་ནས། གང་བར་བསྒོམས་པས་མེའི་དཀྱིལ་འཁོར་དེ་ལ་གནས་པའི་དགྲ་རྣམས་བརླག་པར་བྱའོ། །ད་ནི་སྣང་མཛད་ལ་སོགས་པ་རིག་མ་དང་བཅས་པ་དང་། གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱི་ [75b.7]ཞལ་དང་མདོག་ལ་སོགས་པ་དཀྱིལ་འཁོར་གྱི་སྐབས་སུ་བླང་བའི་ཕྱིར། རྣམ་པར་སྣང་མཛད་ཞལ་གསུམ་པ་ཞེས་པ་ལ་སོགས་པ་རིམ་བཞིན་སྨོས་སོ། །དེ་ལ་འདམ་བུ་ཞེས་པ་ཁབ་ལོའི་རྒྱུའོ། །མཁའ་སྐྱེས་ཞེས་པ་མཱ་མ་ཀཱིའོ། །ཞལ་སྐྱེས་ཞེས་པ་གོས་དཀར་ [76a] [76a.1]མོའོ། །བཟང་མོ་ཞེས་པ་སྒྲོལ་མའོ། །ཊཀྐིའི་རྒྱལ་པོ་ཞེས་པ་ནི་འདོད་པའི་རྒྱལ་པོ་ལ་སོགས་པ་དྲུག་གོ། །ཡི་གེ་གཅིག་ཅེས་པ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ས་བོན་བྷྲཱུཾ་མོ། །ཁྲོ་བོ་གཞན་ཡང་གསུངས་པ། གཟི་བརྗིད་ཅེས་པ་ལ་སོགས་པའོ། ། [76a.2]དེ་ནས་གོང་དུ་བླང་བ་ཞེས་པ་སྨོས་པས་ཞལ་ལ་སོགས་པ་བསྟན་ནས་ད་ནི་གོང་གི་སྣང་མཛད་ལ་སོགས་པ་རྣམས་དཀྱིལ་འཁོར་ལ་སོགས་པ་དང་ལྡན་པར་བསྒོམ་པ་བསྟན་པའི་ཕྱིར། ནམ་མཁའི་དབྱིངས་ཞེས་པ་ནས་མཐའི་བར་དུ་སྨོས་སོ། །དེ་ལ་གསལ་བ་ནི་གཞལ་ཡས་ [76a.3]ཁང་བརྩེགས་པའི་ནང་དུ་ཟླ་བའི་གདན་ལ་སངས་རྒྱས་གཟུགས་ཞེས་ཏེ། མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་བསྒོམས་ལ། དེའི་དབུས་སུ་སྣང་མཛད་གཙོ་བོར་གྱུར་པ་བསམས་ཏེ། དེའི་ཚུལ་ནི་གསལ་ཞིང་ཞེས་པ་ལ་སོགས་པའོ། །ཆོ་ག་བཞིན་དུ་འདིའི་ [76a.4]དོན་བསྒོམས་ན་དེའི་ཞེས་པ་ལ་སོགས་པ་ཇི་སྐད་གསུངས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །དེ་ལྟར་ཕྱི་མ་ལ་ཡང་ཇི་ལྟར་སྦྱར་བ་བཞིན་དུ་སྦྱར་བར་བྱའོ། །ཡང་དཀྱིལ་འཁོར་དང་ལྡན་པའི་རྡོ་རྗེ་སེམས་དཔའ་བསྒོམ་པ་གསུངས་པ། ནམ་མཁའི་དབྱིངས་ཞེས་པ་ [76a.5]ལ་སོགས་པའོ། །དེ་ལ་རྡོ་རྗེའི་དཀྱིལ་འཁོར་ཞེས་པ་ཐུགས་ཀྱི་གདན་ནོ། །དེ་ལ་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སེམས་དཔའ་ཆོ་ག་ཇི་ལྟ་བས་བསྒོམས་ན་ཞེའོ། །མཐའ་ཡས་གཙོ་བོར་གྱུར་བ་ནི་ཆོས་ཀྱི་ཞེས་པ་རྣམས་ཏེ། དེ་ལ་ཆོས་ནི་ཞེས་པ་རང་གི་ [76a.6]གདན་ན། །དེ་ནམ་མཁའི་རྡོ་རྗེ་གཞལ་ཡས་ཁང་གི་དབུས་སུ་ཞེས་ཏེ། དེ་ལ་འཁོར་དང་ལྡན་པའི་ཆོས་མཐའ་ཡས་བསྒོམ་པར་བྱའོ། །ཕྱི་མ་ཉིད་ཀྱང་རྗེས་སུ་དཔག་པར་བྱའོ། །དེ་དག་གི་ཡུལ་རྣམས་བསྟན་པའི་ཕྱིར། ཟླ་བའི་ཞེས་པ་སྨོས་སོ། །དེ་ལ་ཟླ་བ་ཞེས་ [76a.7]པ་རང་རང་གི་གཙོ་བོ་དང་གཉིས་སུ་མེད་པའི་ཕྱིར་རང་གི་གདན་ནོ། །སངས་རྒྱས་གཟུགས་ཞེས་པ་རང་གི་གཙོ་བོའི་དཀྱིལ་འཁོར་རྣམས་སོ། །དེས་ནི་སྤྱན་མ་བསྒོམ་པར་བསྟན་ཏོ། །དེ་ལ་མཱ་མ་ཀཱིར་བསྒོམ་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་པ་རྣམས་སོ། །དེ་ལ་རྡོ་རྗེ་དང་ [76b] [76b.1]སངས་རྒྱས་གཟུགས་ཞེས་པ་གོང་མ་བཞིན་ནོ། །འདིའི་སྤྱན་དང་རྡོ་རྗེའི་མཆོག་ནི་མཱ་མ་ཀཱི་ཁོ་ནའོ། །ཡང་གོས་དཀར་མོ་དང་སྒྲོལ་མ་བསྟན་པའི་ཕྱིར་གསུངས་པ། ཆོས་ཀྱི་ཞེས་པ་དང་དངོས་གྲུབ་ཅེས་པ་ལ་སོགས་པའོ། །དེ་དག་གི་དོན་ནི་རང་རང་གི་གདན་ལ་གཙོ་བོ་དང་ [76b.2]ལྡན་པར་བསྒོམས་ན་ཇི་སྐད་བཤད་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །ད་ནི་གཤིན་རྗེ་གཤེད་ལ་སོགས་པ་བཞི་དང་འདོད་པའི་རྒྱལ་པོ་ལ་སོགས་པའི་ཁྲོ་བོ་དྲུག་བསྟན་པའི་ཕྱིར་ཉི་མའི་ཞེས་པ་ལ་སོགས་པ་སྨོས་སོ། །དེ་ལ་ཉི་མ་ནི་ཉི་མ་སྟེ་གདན་ནོ། །དེ་གཞལ་ [76b.3]ཡས་ཁང་གི་དབུས་སུ་བསམ་མོ། །སངས་རྒྱས་གཟུགས་ཞེས་པ་སྣང་མཛད་དང་ལོ་ཙ་ན་ལ་སོགས་པ་བསྒོམས་ལ་དེ་དག་གི་བྱང་ཆུབ་ཀྱི་སེམས་ལས་རང་གི་གཤིན་རྗེ་གཤེད་ལ་སོགས་པ་སྤྲུལ་ཏེ། ཤར་གྱི་རྩིབས་ལ་སོགས་པ་ལ་ཇི་སྐད་གསུངས་པའི་ཞལ་ལ་ [76b.4]སོགས་པ་དང་ལྡན་པར་བསྒོམ་མོ་ཞེས་མདོར་བསྡུས་སོ། །དེ་ལ་སྤྱན་དམར་མཆེ་བ་ཞེས་པ་གཤིན་རྗེ་གཤེད་ལ་སོགས་པ་མི་སྡུག་པའི་གཟུགས་དང་སྨིན་མཚམས་ཀྱི་ཁྲོ་གཉེར་དང་སྡང་མིག་དང་སྐྲ་གྱེན་དུ་འགྲེང་བ་དང་། སྨིན་མ་དང་སྨ་ར་དང་། ཨག་ཚོམ་འབར་བ་ [76b.5]སྤྱན་བགྲད་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་གཙིགས་ཤིང་གད་མོ་སྒྲོགས་པ་ཤིན་ཏུ་མི་བཟད་པའི་སྦྲུལ་ལ་སོགས་པས་བརྒྱན་པའོ། །སྣང་མཛད་དབུ་རྒྱན་ལ་ཞེས་པ་རང་རང་གི་རིགས་ཀྱིས་དབང་བསྐུར་བའོ། །དེ་དག་གི་གནས་ནི་འདི་ཉིད་ཀྱི་རིམ་པས་ [76b.6]ཕྱོགས་བཅུར་རོ། །ཕྱི་མ་ལ་ཡང་དེ་ལྟར་རོ། །ཁྲོ་བོ་རྣམས་ཀྱི་དེ་མ་ཐག་སངས་རྒྱས་འཁོར་ལོ་ཞེས་པ་སྨོས་ཏེ། ལྷའི་ཏིང་ངེ་འཛིན་ལས་གྱུར་བའི་ཁྲོ་བོས་དེ་ཉིད་འགྲུབ་པར་འགྱུར་རོ། །ལེའུ་བཅུ་གསུམ་པའི་དོན་རྫོགས་སོ།། །།ད་ནི་སྐུ་གསུང་ཐུགས་ཀྱི་ [76b.7]ཕྲིན་ལས་རྣམས་སྔགས་ཀྱིས་དགུག་པའི་རྣམ་པར་སྤྲུལ་པའི་དོན་བསྟན་པའི་ཕྱིར་བཅུ་བཞི་པའི་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ནས་ཞི་བའི་དམ་ཚིག་ཅེས་པ་ཞི་བར་བྱ་བ་ནི་སྤྱན་མའི་སྔགས་འདིས་བྱ་བའི་ཕྱིར་ཏེ། དེ་དང་ལྷན་ཅིག་པའི་ཡབ་རྣམས་ཀྱང་གསུངས་ [77a] [77a.1]པར་མངོན་ནོ། །དེ་ནི་འོག་ཏུ་ཡང་སྙེགས་སོ། །ལས་རྣམས་སྒྲུབ་པའི་ཕྱིར་དེ་ལ་སྙོམས་པར་ཞུགས་ནས་ཤེའོ། །ཨོཾ་རུ་རུ་ཞེས་པ་ལ་སོགས་པ་ལོ་ཙ་ན་ལ་སོགས་པ་རིམ་པའི་སྔགས་གསུངས་པ་རྗེས་སུ་དྲན་ཞེས་ཏེ། ཐབས་དང་ཤེས་རབ་འབྲེལ་པའོ། །ཞི་འབྱུང་བ་ཞེས་ [77a.2]པ་ནི་ཞི་བར་བྱེད་པ་སྟེ། དེར་མ་ཟད་དེ་ཉིད་རྣམ་པར་བསྒྱུར་བས་རྒྱས་པ་ལ་སོགས་པའི་ལས་རྣམས་སྒྲུབ་ཅིང་བསྐུལ་བར་མཛད་པ་སྟེ། གཞན་ལ་ཡང་སྦྱར་རོ། །རྒྱས་པར་ནི་གོང་དུ་བཤད་དོ། །ཤི་བ་སོས་པར་བྱེད་ཅེས་པ་ཡི་གེས་བསྐྱེད་པའི་བསྒྲུབ་བྱའི་གཟུགས་བརྙན་ [77a.3]བསམས་ལ་དེའི་སྙིང་གར་ཟླ་བ་ལ་སྣང་མཛད་ལ་སོགས་པའི་སྔགས་བཀོད་དེ། བདག་གཙོ་བོ་ཡབ་ཡུམ་གྱི་སྐུར་བསམས་ནས། དེའི་སྦྱོར་བའི་སྤྲིན་ལྕགས་ཀྱོར་གྱུར་ཏེ། དེས་ཤི་བ་ཉིད་མཚམས་སྦྱོར་བའི་ཤེས་པ་ནྲྀ་ཨཾ་གུ་ཤ་ཛས་བཀུག་ནས་རོ་གོང་མ་ལ་བསྟིམས་ [77a.4]པ་དེ་ལས་གཙོ་བོའི་སྐུར་གྱུར་ནས་གཉིས་སུ་མེད་པར་བྱས་ན་སོས་པར་འགྱུར་རོ། །ད་ནི་མཱ་མ་ཀཱིའི་སྔགས་བསྟན་པའི་ཕྱིར། ཡང་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། རྗེས་དྲན་ཞེས་པ་ལ་སོགས་པ་གོང་མ་བཞིན་ནོ། །རྡོ་རྗེ་སྲུང་བ་ནི་འདིས་དབང་དུ་བྱེད་པའོ། །དེས་ཀྱང་ [77a.5]ལས་རྣམས་བསྒྱུར་བའི་སྒོ་ནས་འགྲུབ་པར་བསྟན་ཏོ། །དེའི་འཇིགས་པ་ལས་བསྐྱབས་པ་ནི་རྡོ་རྗེ་འཛིན་པ་སྟེ། དེས་བསྲུངས་ན་མཐུ་དང་ལྡན་པར་བཤད་པ་ཡིན་ནོ། །འདིར་ཡང་གོས་དཀར་མོའི་སྔགས་བསྟན་པའི་ཕྱིར་དེ་ནས་ཞེས་པ་རྣམས་སྨོས་ཏེ། འདོད་ཆགས་ [77a.6]ཆེན་པོ་ནི་རྡོ་རྗེ་ཆོས་ཀྱི་སྟེ། དབྱེར་མེད་པའི་དོན་ཏོ། །ཆོས་ནི་རྒྱས་མཛད་པ་ཞེས་པ་ནི་ཆུད་པའི་དང་ལུང་གི་ཆོས་སོ། །དེ་ཉིད་ཟད་མི་ཤེས་པའི་ཕྱིར་མཛོད་ཅེས་སོ། །དམ་ཚིག་ཙམ་གྱིས་ཞེས་པ་རིགས་སུ་གང་གྱུར་པས་དེའི་སྔགས་སྨྲས་པ་ཙམ་གྱིས་ཀྱང་བྱེད་པར་ [77a.7]འགྱུར་རོ། །མཇུག་གི་སྒྲོལ་མའི་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་བསྟན་ཏེ། ཀུན་དུ་འབྱུང་བ་ནི་ལས་ཐམས་ཅད་འབྱུང་བས་ལྷ་མོ་ལས་ཀྱི་ཏིང་ངེ་འཛིན་ནོ། །དེ་དག་གི་ཆོ་ག་ནི་འདི་སྐད་དུ་སྣང་མཛད་ལ་སོགས་པར་གང་གྱུར་བའི་རྣལ་འབྱོར་པས་རང་རང་གི་ [77b] [77b.1]སྤྱན་མ་ལ་སོགས་པ་མདོག་ལ་སོགས་པ་དང་ལྡན་པར་སྦྱོར་བ་བྱས་ནས། དེ་རྣམས་དང་དེ་རྣམས་ཉིད་ཅི་འདྲ་བའི་སྙིང་གའི་གདན་ལ། སོ་སོའི་སྔགས་ཀྱི་ཕྲེང་བ་མགོ་ནང་དུ་བཅུག །རྐང་པ་ཕྱིར་བསྟན་པའི་འོད་ཟེར་རྣམས་ཀྱིས། རང་རང་གི་ཡི་གེས་བསྐྱེད་པའི་བསྒྲུབ་བྱའི་ [77b.2]གནས་ནས་བསྐུལ་ཏེ། སླར་གོང་གི་ཅི་འདྲ་བའི་ལྷ་མོའི་པདྨ་ནས་ཞུགས་ཏེ། བཟླས་པ་ལ་སོགས་པ་བྱས་ནས་གང་བྱ་བ་རྣམས་འགྲུབ་པར་བསྟན་ཏོ། །ད་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྔགས་བསྟན་པའི་ཕྱིར། དེ་ནས་ཞས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དྲི་ [77b.3]མ་མེད་པའི་ཞེས་པ་ནི་སྣང་མཛད་ཀྱི་གཉིས་སུ་མེད་པའི་སྤྲིན་ལས་སྤྲུལ་པ་སྟེ། ཐུགས་ཀྱི་རང་བཞིན་ནོ། །ཕྱུང་བའི་སྔགས་རྣམས་ནི་སྒྲ་བཤད་པར་མི་བྱའོ། །སྔགས་ཀྱི་ཆེ་བ་བསྟན་པ་འདི་ནི་གསུངས་མ་ཐག་ཅེས་པ་ལ་སོགས་པའོ། །དེ་ལ་ཐོད་པ་ཞེས་པ་ནི་བུད་མེད་ [77b.4]དེ་བྱི་མི་བྱུང་བའི་དཀར་དམར་མཚན་དང་ལྡན་པའི་ནང་དུ་རླུང་གི་གདན་ལ་བགེགས་ཀྱི་གཟུགས་བྲིས་ལ། སྙིང་པོ་རྣམས་བཀུག་ནས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས། རང་གི་སྔགས་བརྗོད་ཅིང་རྐང་པས་མནན་པའི་ཚུལ་དུ་བྱས་ན་བུད་མེད་འགུགས་པར་བྱེད་དོ། །ཕོ་དགུག་ [77b.5]པ་ནི་མོའི་ཐོད་པ་ལ་དགུག་པར་བྱའོ། །མཱ་མ་ཀཱི་འམ་ཞེས་པའི་ཚིག་གཉིས་ཀྱིས་ནི་བསྲུང་བ་དང་ཞི་བར་བྱའོ། །བདུད་རྩི་འཁྱིལ་པའི་སྔགས་བསྟན་པ་ནི་དེ་ནས་ཞེས་པ་རྣམས་ཏེ། དེ་ལ་ཚུལ་བཞིན་བྱས་ན་ཞེས་པ་ནི་ཆོ་ག་བཞིན་ཏེ། ལས་ཐམས་ཅད་པར་གང་གྱུར་པས་རས་མ་ལ་སོགས་ [77b.6]པ་བབ་མ་ལ། རླུང་ལ་ཕྱག་མཚན་རྣམས་བྲི་བ་དང་། དེའི་ལྟེ་བར་གང་བསྒྲུབ་པའི་གཟུགས་བྲི་བ་ནི་དུག་དང་ལྡོང་རོས་དང་རྡོ་རྒྱུས་དང་ཁྲག་རྣམས་ཀྱིས་བྱའོ། །དེའི་སྙིང་གར་སྔགས་རིང་འདི་བཀོད་ལ་རང་གིས་ཀྱང་བཟླས་པས། དངོས་པོ་ཉིད་ཞི་བར་བསམ་པ་ནི། བསྒྲོད་པའི་ [77b.7]ལས་སོ། །ཀུན་ད་ལི་དང་ཁ་ཧི་བར་དུ་མིང་གཞུག་པ་ནི་སྤྱིའི་ལས་སོ། །ཡང་གཞན་གྱིས་མི་ཐུབ་པ་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་དེ་ལ་ཆོ་ག་བཞིན་དུ་ཞེས་པ། འདིར་ཡང་གཞན་གྱིས་མི་ཐུབ་པར་གྱུར་པས། སྲིན་པོ་ལ་སོགས་པས་ཟིན་པའི་བསྒྲུབ་བྱ་ལ་ [78a] [78a.1]ཕན་གདགས་པའི་ཕྱིར་སྲིན་པོ་ལ་སོགས་པའི་གཟུགས་གྲོག་མཁར་དང་སྐེ་ཚེ་དང་ལན་ཚྭ་དང་དུར་ཁྲོད་ཀྱི་ཐལ་བ་དང་དུག་ལ་སོགས་པ་ལ་བྱས་ལ། བྱང་ཆུབ་ཀྱི་སེམས་དང་ལྡན་པས་མོའི་གཡོན་པ་དང་། ཕོའི་གཡས་པ་ནས་གཏུབས་ [78a.2]ཏེ། ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ཤེས་སུ་བྱིན་གྱིས་བརླབས་ནས། མིད་བར་དུ་བཅུག་ནས་བསྐུལ་ཚིག་དང་ལྡན་པའི་སྔགས་བརྗོད་པར་བྱའོ། །གཞན་པ་ནི་གོང་མ་བཞིན་དུ་བྱ་ཡང་སྐེ་ཚེས་ནྲྀ་བྲི། གཟུགས་དངོས་ནི་ཁྲག་གམ་གཅིན་གྱིས་སྦྲུས་ལ་དེ་ནས་ [78a.3]བསྲེག །དེ་ལྟར་བྱས་ན་གང་གིས་ཟིན་པ་ལས་ཀྱང་ཐར་བར་འགྱུར་རོ། །ད་ནི་རྟ་མགྲིན་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་མཁའ་དབྱིངས་ཞེས་པ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། འདིར་རྟ་མགྲིན་དུ་གང་གྱུར་པས་བསྒྲུབ་བྱའི་སྙིང་ [78a.4]གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་དཀར་པོ་བཞག་ནས། དེའི་འོད་ཀྱིས་ལུས་ཐམས་ཅད་ཀྱི་གནས་ལ་དུག་བསྲེགས་ཏེ་ལག་པ་གཡས་པ་ལས་འབྱུང་བ་པདྨ་དཀར་པོ་འདབ་བརྒྱད་ཀྱི་སྙིང་པོ་ལ་ཧཱུཾ་དཀར་པོའི་འོད་ཟེར་འཕྲོས་པའི་བདུད་རྩི་འཛག་པར་བསམ་མོ། །དེས་ཡི་ [78a.5]གེས་བསྐྱེད་པའི་བསྒྲུབ་བྱའི་ལུས་ལ་དུག་དྲངས་ནས། དྲངས་པ་ལ་གཞན་ལས་འཕྲོ་བས་གཟུང་བའི་བདུད་རྩི་དཀར་པོས་བསྡུས་པའི་བསྒྲུབ་བྱའི་ལུས་ལ་དུག་སོང་བར་བསམ་མོ། །དེའི་མིང་དང་ཕྲེང་བའི་སྔགས་བརྗོད་པས་ཆེར་སྤེལ་བར་བྱའོ། ། [78a.6]དེའི་སྦྱོར་བས་དུག་རྣམས་མེད་པར་བྱེད་པའོ། །ད་ནི་བེེ་ཅོན་སྔོན་པོ་ཅན་གྱི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་ཆོ་གའི་ཚུལ་བཞིན་ཞེས་པ་ནི་བེ་ཅོན་སྔོན་པོར་གང་གྱུར་པས་བསྒྲུབ་བྱའི་གཟུགས་ཁོ་ཉིད་ཀྱི་རྐང་རྗེས་ཀྱི་ས་དང་། གྲོག་མཁར་ [78a.7]གྱི་ས་དང་། ཕུབ་མ་དང་རོ་བསྲེགས་པའི་ཐལ་བ་དང་། དེ་རྣམས་ལ་ཁྲག་དང་གཅིན་གྱིས་སྦྲུས་པ་ལ་གཟུགས་བྱས་ཏེ། དེའི་སྙིང་གར་ཁོ་ཉིད་ཀྱི་སྙིང་པོ་བཀོད་ནས་ནམ་གྱི་གུང་ལ། ཡུགས་མོ་བསྲེགས་པའི་ཐལ་བས་མེའི་དཀྱིལ་འཁོར་ཟུར་གསུམ་པ་ [78b] [78b.1]བྱས་ནས། ཤིང་སྐྱེར་བའི་མེ་སྦར་ཏེ། དེའི་དབུས་སུ་ཛས་བཀུག་པ་ལ་ཁྲོ་བོའི་རྒྱལ་པོ་རང་གི་ཆ་ལུགས་དང་ལྡན་པར་གང་གྱུར་བས། །གཟུགས་བརྙན་གྱི་རྐང་པ་ནས་མཚོན་ཆ་བཟང་པོས་གཏུབས་ཤིང་། ཤིན་ཏུ་ཁྲོས་པས་མིང་བར་དུ་བཅུག་སྟེ། བསྐུལ་བ་དང་ [78b.2]བཅས་པའི་སྔགས་ཀྱི་ཕྲེང་བ་འདི་དུས་གསུམ་དུ་བརྒྱ་རྩ་བརྒྱད་བཟླས་ན་སངས་རྒྱས་ཉིད་ཀྱང་གསོད་པར་འགྱུར་ཞེས་བསྟན་པ་ཡིན་ནོ། །རྩ་བརྒྱད་བཟླས་ཞེས་པ་ལྟག་འོག་ཏུ་ཡང་སྙེགས་སོ། །ད་ནི་སྟོབས་པོ་ཆེའི་དོན་བསྟན་པའི་ཕྱིར་དེ་ནས་ཞེས་པ་རྣམས་སྨོས་ [78b.3]ཏེ། དེ་ལ་དེའི་ཆོ་ག་ནི་དཀྱིལ་འཁོར་གསུམ་དུ་ཞེས་ཏེ། འཇིག་རྟེན་གསུམ་དུ་ཆར་བ་དབབ་པ་ནི་སྟོབས་པོ་ཆེར་གང་གྱུར་པས་བསྙེན་པ་རྣམས་སྔོན་དུ་བྱས་ཏེ། རང་གི་གནས་གང་ཡིན་པར་ཀླུའི་དཀྱིལ་འཁོར་འདབ་བརྒྱད་པ་བྱས་ལ། ཀླུའི་རྒྱལ་པོ་ [78b.4]རྣམས་བཀོད་དེ། ཕྱོགས་དུས་ལ་སོགས་པ་རྣམས་སྤྱན་དྲངས་ནས། ཕྱག་བཙལ་བ་དང་། མཆོད་པ་རྣམ་ལྔ་དང་འོ་མས་མཆོད་དེ། སེམས་ཅན་གྱི་དོན་བྱ་བའི་ཕྱིར། ཀླུ་ཆེན་པོ་ཁྱེད་རྣམས་ཀྱིས་དུས་སུ་ཆར་ཕོབ་ཤིག་ཅེས་བསྒོ། དེས་ཀླུ་རྣམས་ཀྱིས་ཆར་ [78b.5]གྱི་རྒྱུན་འབེབས་པར་བསམས་ནས། སྔགས་ཀྱི་ཕྲེང་བ་འདི་བཟླ་བར་བྱའོ། །དེས་རྫས་གང་ལ་བྱ་བ་ནི་བུམ་པ་སོ་མ་བཏང་བ་ལ་ཨུཏྤལ་ལྟ་བུ་རལ་གྲི་རྩེ་བརྒྱད་པ་བྲིས། དེའི་སྟེང་དུ་དཀྱིལ་འཁོར་པདྨ་འདབ་བརྒྱད་རས་ལ་བྲིས། དེ་ལ་ཨོཾ་ཤུ་ལི་ནི་སྭཱ་ཧཱ། [78b.6]ཞེས་ཁ་དོག་སྔོན་པོས་བྲིས་ཏེ་དེའི་བར་དུ་སྙིང་བོ་ཡི་གེ་ན་གཞུག་པར་བྱའོ། །དེ་ཡང་བུམ་པ་སོ་མ་བཏང་བ་དང་ཁ་སྦྱར་ནས། སྐུད་པ་ཡང་སྔོན་པོས་དཀྲིས་ཏེ། ཀླུ་རྣམས་དང་ཤུ་ལི་ནི་སྤྱན་དྲངས་ནས་མཆོད་དེ། དྲང་བ་ནི་ཡི་གེ་ཛའི་བར་དུ་བཅུག་པས་ [78b.7]ནམ་ཕྱེད་ཀྱིས་དྲང་ངོ་། །དེ་ནས་རྫས་ཉིད་རྒྱ་མཚོའམ་ཆུ་མིག་ཏུ་སྦ་བར་བྱའོ། །དེ་ལྟ་བུའི་ཆོ་གས་འགྲུབ་པར་འགྱུར་རོ། །དེས་མ་གྲུབ་ན་བྱ་བ་ནི་འདི་ལྟ་སྟེ། བདག་གནོད་མཛེས་ཀྱི་རྣལ་འབྱོར་དུ་བྱས་ལ། གྲོག་མཁར་གྱིས་ལ་སོགས་པ་ལས་སྟོབས་པོ་ཆེའི་གཟུགས་བྱས་ [79a] [79a.1]ཏེ། མ་ཧཱ་བ་ལ་ཛ་ཞེས་པས་བཀུག་ནས་བསྟིམས་ཏེ། མངོན་སྤྱོད་ཀྱི་དཀྱིལ་འཁོར་དུ་ཁྲོ་བོ་གནོད་མཛེས་ཉིད་བསམས་ཏེ། དེ་ཉིད་ཞལ་གདངས་པ་ཁོ་ནར་གཟུགས་བརྙན་གྱི་རྐང་པ་གཡོན་པའི་མཐིལ་ནས་བརྩམས་ཏེ། གཏུབས་ཤིང་གཏུབས་ཤིང་མ་ཧཱ་བ་ལ་བཪྵ་ [79a.2]པ་ལ་ཤི་ཞེས་པའི་བསྐུལ་ཚིག་དང་ལྡན་པའི་གནོད་མཛེས་ཀྱི་སྔགས་ཁྲི་ཕྲག་གཅིག་བཟླས་ནས་སྦྱིན་སྲེག་བྱའོ། །དེར་ནི་སྟོབས་པོ་ཆེ་ཉིད་ཀྱིས་ཕབ་པ་ཡིན་ནོ། །ཀླུའི་གཟུགས་བརྙན་ལ། སྟོབས་པོ་ཆེ་ཆོ་གས་རྫོགས་པར་བྱས་ནས། ཀ་ར་བཱི་རའི་ཀླུ་ལྕག་གིས་བྲབ་ [79a.3]ཅིང་གཟིར་བར་བྱའོ། །དེས་ཀྱང་དབབ་པོ། །ད་ནི་འདོད་པའི་རྒྱལ་པོའི་སྔགས་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སྦྱོར་བ་ཡིས་ཞེས་པ་འདོད་པའི་རྒྱལ་པོར་གང་གྱུར་པས། བསྒྲུབ་བྱའི་གཟུགས་དུར་ཁྲོད་སོལ་བ་དང་། ཕུབ་མ་གྲོག་ [79a.4]མཁར་གྱི་ས་ལ་སོགས་པ་ལས་བྱ་སྟེ། མཚན་མ་དེ་རྐང་པ་གཡས་པས་མནན་ཅིང་སྔགས་འདིའི་བར་དུ་མིང་བཅུག་སྟེ། བཀུག་ཅིང་བཟླས་ན་ལྷ་མཐུ་བོ་ཆེ་ལ་སོགས་པ་ཀུན་འགུགས་པར་འགྱུར་བའི་དོན་ཏོ། །ད་ནི་མི་གཡོ་མགོན་གྱི་སྔགས་བསྟན་པའི་ཕྱིར། དེ་ནས་ཞེས་པ་ [79a.5]ལ་སོགས་པ་སྨོས་ཏེ། དེ་ལ་སྔགས་འདིས་ཞེས་པ་ནི་འདིར་མི་གཡོ་བར་གང་གྱུར་པས། གྲོག་མཁར་གྱི་ས་ལ་སོགས་པ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། དེ་ལ་ལྕགས་ཀྱོས་ཤེས་པ་བཀུག་ནས་དེ་ཉིད་གོང་མ་བཞིན་དུ་རྐང་པ་གཡས་པས་མནན་ཏེ། [79a.6]བསྐུལ་བ་དང་ལྡན་པའི་སྔགས་བཟླས་ན་མ་ཧཱ་དེ་བ་ལ་སོགས་པ་རང་རང་གི་ཆུང་མ་དང་བཅས་པ་ཀུན་འགས་ཤིང་འགུགས་པར་འགྱུར་བའི་དོན་ཏོ། །ད་ནི་གནོད་མཛེས་ཀྱི་སྔགས་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་འདིའི་ཆོ་ག་ནི་འདི་ [79a.7]ལྟ་སྟེ། བདག་གནོད་མཛེས་སུ་གང་གྱུར་པས། བུད་མེད་ཀྱི་ཐོད་པ་མཚན་དང་ལྡན་པ་ལ་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས། བསྒྲུབ་བྱའི་བུད་མེད་ཀྱི་གཟུགས་བྲིས་ཏེ། བཀུག་ནས་ཐོད་པ་དེ་ཞབས་ཀྱིས་མནན་ནས། ཞགས་པས་ཀྱང་བཅིངས་ [79b] [79b.1]ཏེ། བསྐུལ་བ་དང་ལྡན་པའི་སྔགས་འདི་བཟླ་བར་བྱའོ། །དེ་ནས་འཁོར་དང་བཅས་པའི་བུད་མེད་མཐུ་ཅན་དགུག་པའི་མཆོག་ཏུ་འགྱུར་བའི་དོན་ཏོ། །དེ་ལྟར་སྔགས་ཀྱི་རྒྱུ་དང་ལྡན་པའི་ལས་བསྟན་པ་ནི་དེ་རྣམས་ཏེ། མངོན་སྤྱོད་དུ་བསྡུའོ། །ད་ནི་དགུག་པ་གཞན་ [79b.2]ལྷའི་ཏིང་ངེ་འཛིན་གྱིས་འཁོར་ལོ་ལ་སོགས་པ་དང་། ལྕགས་ཀྱོའི་སྒོ་ནས་དགུག་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དམ་ཚིག་ཆེན་པོ་ཞེས་པ་རྡོ་རྗེ་འཛིན་པ་སྟེ། དེ་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་འབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་ནས་ [79b.3]བྱུང་ངོ་ཞེས་འབྲེལ་ཏོ། །གང་ཕྱུང་བ་ནི་དམ་ཚིག་ཆེན་པོ་ཞེས་པ་རྣམས་ཏེ། སྐུའི་རྡོ་རྗེ་ལ་སོགས་པ་གསུམ་གྱི་གསང་བ་ལས་འདིར་གསུང་ཉིད་མི་འདའ་བའི་ཚིག་འདི་ཞེས་སོ། །དེ་ལ་སངས་རྒྱས་རྡོ་རྗེ་སེམས་དཔའ་འདོད་པའི་རྡོ་རྗེ་སྐུ་གསུང་ཐུགས་གསུམ་ [79b.4]ལ་རྡོ་རྗེ་སེམས་དཔའ་བསྒོམས་ནས། དེས་ལྷ་རྣམས་ཞགས་པ་དང་ལྕགས་ཀྱི་འཛིན་པ་སོ་སོར་སྤྲོས་ནས་སངས་རྒྱས་ཉིད་ཀྱང་འགུགས་ནས་གཞན་རྣམས་ལྟ་ཅི་སྨོས་ཏེ་དགུག་པར་བྱའོ། །སྐུ་དང་གསུང་གིས་དགུག་པ་ནི་སངས་རྒྱས་གསུང་གི་ཞེས་པ་ [79b.5]མཐའ་ཡས་ཀྱི་སྦྱོར་བའོ། །སྣང་མཛད་ཀྱི་སྦྱོར་བ་ནི་འཁོར་ལོ་ཆེན་པོའི་ཞེས་པས་སོ། །དེ་གཉིས་ཀྱི་སྦྱོར་བ་ནི་རང་རང་གི་ཕྱག་མཚན་གྱི་ལྕགས་ཀྱོས་རྡོ་རྗེ་སེམས་དཔའ་འགུགས་པར་འགྱུར་བ་ཡིན་ནོ་ཞེས་སོ། །སྤྱིར་བསྟན་པ་ནི་ཆོ་ག་ཇི་ལྟ་བས་རྡོ་རྗེ་གསུམ་བསྒོམས་ [79b.6]པས་ལྷ་རྣམས་འཁོར་ལོ་དང་པདྨོ་དང་། རྡོ་རྗེའི་ལྕགས་ཀྱོ་སྤྲོས་ཏེ་བསྔགས་ཏེ་ལྷ་རྣམས་ཐམས་ཅད་འགུགས་པར་འགྱུར་བའི་དོན་ཏོ། །རྡོ་རྗེ་གསུམ་གྱི་དེ་མ་ཐག་གསུངས་པ་ནི་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། རྡོ་རྗེ་དངོས་གཞི་ཞེས་པ་རྡོ་རྗེ་སེམས་དཔའ་རང་གི་ [79b.7]ས་བོན་གྱིས་བསྐྱེད་པ་བསྒོམས་ནས། རླུང་གི་དཀྱིལ་འཁོར་ལ་དགུག་པར་བྱ་བ་ཀུན་སྦྱར་ན་ཞེས་ཏེ་གནས་པར་བསམ་མོ། །ལྟག་འོག་ཏུ་ཡང་སྦྱོར་རོ། །དེ་ནས་བདག་གི་ལུས་ལ་ལྕགས་ཀྱོ་ཐོགས་པ་རྣམས་སྤྲོས་ཏེ། དགུག་བྱའི་སྙིང་གར་སྦྱར་ནས་དྲངས་ན་འགུགས་པར་ [80a] [80a.1]འགྱུར་བ་ཡིན་ནོ། །ཟླ་བ་ལ་སྣང་མཛད་ཆོ་ག་ཇི་ལྟ་བ་བཞིན་བསྒོམས་ནས། དེའི་སྤྱན་སྔ་དེ་ནས་བརྒྱ་བྱིན་གྱི་བཙུན་མོ་ཤ་ཙི་རླུང་གི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། མི་འཆི་ཞེས་པ་བདུད་རྩི་འཁྱིལ་བ་གྲངས་མེད་པ་ལྕགས་ཀྱོ་འཛིན་པ་རྣམ་ [80a.2]སྣང་ཉིད་ཀྱི་བ་སྤུའི་བུ་ག་གནས་སྤྲོས་ཏེ། མི་འཆི་བའི་སྔགས་གོང་དུ་བསྟན་པ་ལན་གྲངས་ལྔ་བཅུ་བརྗོད་ན་དགུག་པར་འགྱུར་བས་ན་དགུག་པར་བྱའོ། །ཡང་རྡོ་རྗེ་ཀྱོ་བ་སྔོན་པོ་འདྲ་བའི་འོད་འཛིན་པའི་རྡོ་རྗེ་དཀྱིལ་འཁོར་བསྒོམས་ནས་སྤྲོ་བ་ལ་སོགས་པ་བྱས་ནས་ [80a.3]ནམ་མཁའི་བུ་མོ་ཞེས་པ་བར་སྣང་གི་བུ་མོ་སྟེ། དེ་འགུགས་པའི་མཆོག་གོ། །རང་གི་ཁྲོ་བོ་ཞེས་པ་གནོད་མཛེས་བསྒོམ་པ་སྟེ། རང་གི་ཕྱོགས་ཡིན་པ་ཉིད་ཀྱི་ཕྱིར། རླུང་ལ་ས་འོག་ན་གནས་པ་དག་དགུག་པར་བྱ་བ་ཡིན་ཏེ། འདི་ལྟར་རང་གི་སྙིང་ག་ནས་ལྷ་ [80a.4]རྣམས་ཏྲི་ཤཱུ་ལ་རྩེ་གཅིག་པ་དང་རྡོ་རྗེ་ཀྱོ་བ་འཛིན་པ་རྣམས་སྤྲོས་ཏེ། ས་འོག་ན་གནས་པའི་ལྷ་མ་ཡིན་གྱི་བུ་མོ་རྣམས་དགུག་པར་བྱ་བའི་དོན་ཏོ། །རིགས་གང་དུ་གྱུར་པའི་རྣལ་འབྱོར་པས་རྡོ་རྗེ་ཀྱོ་བའི་ཇི་ལྟ་བ་དང་ལྡན་པར་བྱའོ། །བཙག་གམ་རྡོ་རྒྱུས་གང་རུང་ཁར་བཅུག་ [80a.5]ནས་བསྙེན་པ་ལ་སོགས་པ་རྫོགས་ནས་དང་པོར་ཟླ་བ་གཟས་ཟིན་པ་ནས་མཐར་གྱི་བར་དུ་སྤྲོ་བ་ལ་སོགས་པའི་ཆོ་ག་བྱས་ན་ཚངས་པ་ལ་སོགས་པ་གང་དགུག་པའི་མིང་བྲིས་ནས། ཤོག་ཤིག་ཅེས་བརྗོད་ལ། སྔགས་བཟླས་པ་ལ་སོགས་པ་བྱས་ན་གདོན་མི་ཟ་བར་ [80a.6]འོང་བར་འགྱུར་རོ། །ཡང་ཐོག་མར་མཚན་དཔེའི་རྣམ་པ་དང་ལྡན་པའི་འཇམ་དཔལ་བསྒོམས་ནས་དེའི་སྦྱོར་བའི་སྤྲིན་ལས་ལྕགས་ཀྱོ་འཛིན་པའི་གཤིན་རྗེ་གཤེད་བསྐལ་བའི་སྲེག་པ་དང་འདྲ་བ་སྤྲོས་ནས་དེས་གནོད་སྦྱིན་མོའི་མིང་བར་དུ་བཅུག་ཅིང་། སྔགས་ [80a.7]བཟླས་པ་དང་ལྡན་པས་བཀུག་ལ་སྤྱད་པར་བྱའོ། །མདོར་བསྟན་པ་ནི། ཀུན་གྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་གྱི་ཕྱག་རྒྱ་ནི་གང་ཡིན་པའི་ཁྱད་པར་རོ། །དེ་སོ་སོའི་སྔགས་ཀྱི་ཁྱད་པར་གྱིས་སྤྲོ་བ་ལ་སོགས་པ་དང་། རྫས་ཀྱི་རྣམ་པ་དང་། དགུག་བྱའི་ [80b] [80b.1]ཚུལ་དང་། དེའི་གནས་ལ་སོགས་པ་དང་ལྡན་པར་བསྟན་པ་ནི་དགུག་པའི་ཐབས་སུ་གསུངས་པ་ཡིན་ཏེ། དེ་ལས་གཞན་པ་སྟེ་སྒྲུབ་པ་པོ་རྨོངས་པའི་ཕྱིར། སྟོབས་ཆུང་ཞིང་ཆོ་ག་དང་མི་ལྡན་བཞིན་དུ་བྱས་ན་སྦྱོར་བ་ཉིད་འཇིག་པར་འགྱུར་བས་དེའི་ཕྱིར་རྡོ་རྗེ་ [80b.2]རྒྱལ་པོ་བསྐུལ་བར་བྱ་བ་ནི་དེ་བསྒོམ་པ་སྔགས་བཟླ་བ་ལ་སོགས་པ་སྟེ། དེས་ནི་གཞན་དག་ཀྱང་བྱ་བར་མངོན་ནོ། །དེ་སྟོན་པ་རབ་ཏུ་རྟོག་པ་ནི་འདིར་ཐོག་མ་དང་ཐ་མ་མེད་པའི་བདག་ཉིད་པས་ཐམས་ཅད་ཀྱང་ཡིན་མོད་ཀྱི། ཐུགས་གཙོ་བོ་ཉིད་ཀྱི་ཕྱིར་དང་། མོས་པའི་ [80b.3]དབང་གིས་འདིར་རྡོ་རྗེ་ཉིད་ཁོ་ན་སྟོན་པར་མངོན་ནོ། །ད་ནི་ཨེ་ཀ་ཛ་ཊཱི་རལ་པ་གཅིག་མའི་སྔགས་དང་དོན་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཀུན་དུ་སྤྲུལ་བའི་ཡེ་ཤེས་སོ། །རྡོ་རྗེ་ནི་མི་ཕྱེད་པའི་མཚན་ཉིད་དོ། །ཏིང་ངེ་འཛིན་ནི་དེའི་དོན་ལ་ [80b.4]རྩེ་གཅིག་པའོ། །དེ་ལ་གདོན་མི་ཟ་བའི་ཚུལ་གྱིས་ཞུགས་ནས་ཕྱུང་ངོ་ཞེས་སོ། །གང་ཞེ་ན། དམ་ཚིག་ཆེན་མོ་ཞེས་པ་གཞན་གྱིས་མི་ཐུབ་མ་ལ་སོགས་པའོ། །དེའི་ཡང་རྒྱལ་མོ་ནི་འཕགས་མ་སྒྲོལ་མ་འདིའོ། །དེ་ཉིད་མཆོག་ནི་ཤུ་ལི་སྟེ་དེའོ། །སྔགས་ཀྱི་རིག་ [80b.5]པ་འདིས་ཞེས་པ་ཆོ་ག་འདི་སྟེ། གང་རྡོ་རྗེ་གཞོན་ནུ་ཆོ་ག་ཇི་ལྟ་བས་བསྒོམས་ལ། ཐོར་ཚུགས་གཅིག་མ་རང་གི་སྔགས་ལས་བསྐྱེད་པའི་སྐུ་དང་། གཡས་གཡོན་གྱི་ཞལ་ནི་ནག་པོ་དཀར་པོ་དམར་པོའི་རིམ་པ་བཞིན་སྦྱར་ནས་བསྒོམས་ནས་ཕྱག་དང་པོ་གཉིས་ཀྱིས་ [80b.6]ཡབ་ལ་འཁྱུད་པའོ། །བར་མ་གཉིས་ན་ཐོད་པ་དང་དགང་གཟར་བསྣམས་པ། ཐ་མ་གཉིས་ན་རིན་པོ་ཆེ་དང་རལ་གྲི་འཛིན་པ་དང་སྦྱོར་ཞིང་། ལྕགས་ཀྱོ་ཐོགས་པའི་ལྷ་རྣམས་སྤྲོས་ཏེ། ཤ་ཆེན་དང་དུར་ཁྲོད་ཀྱི་ཐལ་བ་ལ་སོགས་པ་ལས་དགུག་བྱའི་གཟུགས་བྱས་ [80b.7]ལ་གོང་མ་བཞིན་རླུང་ལ་གནས་པར་བསམས་ཏེ། མིང་བར་དུ་བཅུག་ནས་བཀུག་ནས། རྐང་པ་གཡོན་པས་མནན་ཏེ། གཟུགས་བརྙན་གྱི་དཔྲལ་བར་མིང་བྲིས། སྙིང་གར་སྔགས་རྡོ་རྒྱུས་ཀྱིས་བྲིས་ཏེ་གཞུག་ལ། བསྐུལ་བ་དང་ལྡན་པའི་སྔགས་བཟླ་བ་ལ་ [81a] [81a.1]སོགས་པ་བྱས་ཏེ་བཀུག་ནས་སྤྱད་པར་བྱའོ། །དེ་དང་འདྲ་བའི་ཁྲོ་གཉེར་མའི་སྔགས་དང་དོན་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སོ་སོར་རྟོག་པའི་རྣམ་པ་ནམ་མཁའི་དམ་ཚིག་འབྱུང་བ་ལ་ [81a.2]འོད་དཔག་མེད་ཀྱི་ཚུལ་གྱིས་ཞུགས་ནས་ཕྱུང་ངོ་ཞེས་སོ། །དམ་ཚིག་ཆེན་མོ་ཉིད་ཁྲོ་གཉེར་མ་སྟེ་དེའི་སྔགས་འདི་ཞེས་སོ། །རིག་པ་འདི་དང་དམ་ཚིག་ཅེས་པ་ཆོ་ག་འདི་སྟེ། གང་མཐའ་ཡས་ཀྱི་རྣམ་པར་གྱུར་བས་ཁྲོ་གཉེར་མ་དང་སྦྱོར་ཞིང་སྤྲུལ་པ་གོང་མ་ [81a.3]བཞིན་བྱས་ལ་དགུག་བྱ་རྣམས་བུད་མེད་ཀྱི་ཐོད་པ་ལ་རླུང་ལ་གནས་པའི་གཟུགས་ཀྱི་སྙིང་གར་སྔགས་བཅུག་ནས། རྡོ་རྒྱུས་ཀྱིས་བྲིས་ཏེ་བཀུག་ནས་རྐང་པས་མནན་ཏེ། བསྐུལ་ཚིག་དང་ལྡན་པའི་སྔགས་བཟླས་ན། རྒྱན་ཆ་དང་ལྡན་པ་རྣམས་འགུགས་པར་ [81a.4]འགྱུར་རོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཁོ་ནས་དགུག་པ་ནི། འགོག་པ་རྡོ་རྗེ་ཞེས་པ་རྣམས་ཏེ། གཉིས་སུ་མེད་པའི་རང་བཞིན་དུ་སྦྱོར་བ་དང་ལྡན་པས་འགུགས་པར་བསྟན་ཏོ། །ད་ནི་སྔགས་འབའ་ཞིག་ཁོ་ན་བཟླས་པས་འགྲུབ་པར་བསྟན་པ་ནི། ཡང་ན་ [81a.5]ཞེས་པ་རྣམས་ཏེ། གང་གི་སྐུར་བསྒོམས་ནས་གང་དེའི་སྔགས་བཟླས་ན་འགྲུབ་པར་བསྟན་ཏོ། །དྲག་པོའི་སྦྱོར་བའི་བསྒྲུབ་བྱའི་ཁྱད་པར་ནི་རྡོ་རྗེ་སློབ་དཔོན་སྨོད་པ་དང་ཞེས་པ་རྣམས་སོ། །ཕྱོགས་བཅུའི་ཞེས་པ་ལ་སོགས་པ་ནི་གསོད་ནུས་པར་བསྟན་པ་ [81a.6]སྟེ། བརྗོད་པར་བྱ་བའི་དངོས་པོ་རྣམས་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པར་བྱའོ། །རང་གི་གནས་སུ་བསྙེན་པ་ལ་སོགས་པ་བྱས་ནས་ཁྲོ་བོའི་དཀྱིལ་འཁོར་དུ་གང་གྱུར་པས། ཁྲག་དང་ཆུ་དང་བཤང་གཅིས་གཤེར་བའི་གོས་བགོས་ནས། གང་ཡིན་པའི་ལིངྒ་ [81a.7]རྐང་པས་མནན་ཏེ། ཁྲོ་བོའི་ངང་ཅན་གྱིས་དེའི་སྔགས་བརྒྱ་རྩ་བརྒྱད་བཟླས་ན་ངེས་པར་འཇིག་པར་འགྱུར་རོ། །ཕྱི་མ་ལ་ཡང་དེ་ལྟར་སྦྱར་རོ། །དེ་དག་གི་གནས་ནི་མ་མོའི་གནས་ཞེས་པ་ལ་སོགས་པའོ། །ད་ནི་ཕུར་བུའི་ཆོ་ག་བསྟན་པའི་ཕྱིར་མིའི་ཞེས་པ་ལ་སོགས་པ་སྨོས་ཏེ། [81b] [81b.1]གཤིན་རྗེ་གཤེད་ལ་སོགས་པར་གང་གྱུར་པས། དུར་ཁྲོད་ཀྱི་སོལ་བ་དང་། ཐལ་བ་དང་། ཁྲེ་དང་ཙུ་ཙིའི་ཕུབ་མ་དང་། རང་གི་རྐང་རྗེས་ཀྱི་རྡུལ་དང་། ཆུ་འགྲམ་གཉིས་ཀྱི་ས་ལ་དྲི་ཆེན་དང་དྲི་ཆུས་སྦྲུས་ཏེ། གཟུགས་བརྙན་བྱས་ལ། དེའི་སྙིང་གར་དུར་ཁྲོད་ཀྱི་རས་མ་ལ་ཁྲོ་བོའི་ [81b.2]རྡོ་རྗེ་རྣོན་པོ་བྲིས་ཏེ། དེའི་བུམ་པ་ན་སྔགས་ཀྱི་བར་དུ་བཅུག་པའི་བསྒྲུབ་བྱའི་མིང་དུ་དུག་དང་། ཡུངས་མར་དང་། ཚ་བའི་མར་རྣམས་ཀྱིས་བྲིས་པ་བཅུག་སྟེ། བཀུག་ནས་འདུག་པ་ལ་རྒྱུ་རུས་པ་ལས་བྱས་པ་ཚད་སོར་བརྒྱད་པ་ལ་རང་གི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་དུ་ [81b.3]བཟླས་ཤིང་ལིངྒ་དགྲའི་སྒོ་ཁར་ཁྱེར་ཏེ་གདབ་པར་བྱ། དེ་ནས་དེ་ཉིད་ཁོ་ནར་སྦ་བར་བྱའོ། །དེ་ཉིད་ནི་རྡོ་རྗེ་རྒྱ་གྲམ་གྱིས་ཀྱང་མནན་པར་བྱའོ། །ཤེས་དང་མི་ཤེས་སྤངས་པ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ཡང་ཞེས་སོ། །ད་ནི་བསྐྲད་པའི་ལས་བསྟན་པའི་ [81b.4]ཕྱིར། ཡང་ན་ཞེས་པ་ལ་སོགས་པ་སྨོས་ཏེ། དེའི་ཆོ་ག་ནི་ཡ་མཱནྟ་ཀ་ལ་སོགས་པར་གང་གྱུར་པས། ཐོད་པ་ཡོན་ཏན་དང་ལྡན་པ་ལ་སྔགས་ཀྱི་བར་དུ་བསྒྲུབ་བྱའི་མིང་བཅུག་ནས། རྡོ་རྒྱུས་དང་། སོལ་བ་དང་། ལྡོང་རོས་དང་། བ་བླས་བྲིས་ཏེ་བཀུག་ནས་གང་ [81b.5]ལྡན་པས་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་། དགྲའི་སྒོའམ་གྲོང་དུ་བཞག་ན་བསྐྲད་པར་འགྱུར་རོ། །ལས་གཞན་གསུངས་པ་ཏ་ལའི་ཞེས་པ་རྣམས་ཏེ། ཏ་ལའི་ལོ་མའམ་གཞན་གྲོ་གའམ། རས་སམ་ཤིང་ཤུན་ནམ། ཤོག་ཤོག་ལ་བསྒྲུབ་བྱའི་གཟུགས་ [81b.6]བྲིས་ཏེ། མིང་རུས་བར་དུ་བཅུག་པའི་སྔགས་བསྐུལ་ཚིག་དང་ལྡན་པ་བྲིས་ལ་བཟླས་པ་ལ་སོགས་པ་བྱ་ཞིང་། དེ་ཉིད་དགྲའི་ཁྱིམ་མམ་སྒོར་སྦས་ན། འཆིའམ་འོན་ཏེ་བསྐམས་པར་འགྱུར་བས། དེ་ལྟར་བྱ་ཞེས་པའི་དོན་ཏོ། །ད་ནི་རིགས་ཀྱི་བྱེ་བྲག་ [81b.7]ཚུལ་གྱིས་ནི། །རྡོ་རྗེ་ཕུར་བུས་གདབ་པར་བྱ། །ཞེས་པས་སྐུ་ལ་སོགས་པའི་ཕུར་བུས་མངོན་སྤྱོད་ཀྱི་ལས་ཀྱི་སྐུ་གསུང་ཐུགས་ཀྱི་ལྷ་འཇིག་རྟེན་ལས་འདས་པ་ལ་གདབ་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སྐུ་ལ་སོགས་པ་ངེས་པར་ [82a] [82a.1]འཆིང་བ་ནི་ངེས་པར་གཅིག་ཏུ་དབྱེར་མེད་པ་སྟེ། དེ་ལ་རྡོ་རྗེ་འཛིན་པའི་ཚུལ་གྱིས་ཞུགས་ནས་ཐམས་ཅད་གནོན་པ་རྡོ་རྗེ་ཁྲོ་བོ་རྣམས་ཏེ། དེའི་རྡོ་རྗེ་ཕུར་བུས་སྔགས་འདི་ཕྱུང་ངོ་ཞེས་སོ། །འདིའི་ཆོ་ག་ནི་གང་དུ་གང་གྱུར་པས་ཆོ་ག་བཞིན་དུ་ [82a.2]གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་མིང་རུས་སྔགས་ཀྱི་བར་དུ་བཅུག་པ་བཅུག་སྟེ་མིའི་རུས་པའམ། སེང་ལྡེང་ངམ། ལྕགས་ལས་བྱས་པའི་ཕུར་བུ་སྨད་གསལ་ཤིང་སྟོད་དགྲ་བགེགས་ལྟ་བུའི་གཟུགས་བསམས་ནས། གང་ལྡན་པས་ཨོཾ་གྷ་གྷ་གྷཱ་ཏ་ཡ་ཞེས་ [82a.3]པའི་སྔགས་བཟླས་ཤིང་གདབ་པར་བྱའོ། །གདབ་པའི་ཚུལ་ནི་འོད་འཕྲོ་འཁྲུག་ཅིང་ཞེས་པ་ལ་སོགས་པ་སྟེ། ཐབས་དང་ཤེས་རབ་ཏུ་ལྡན་པའི་རྡོ་རྗེ་སེམས་དཔའི་རིགས་དང་འབྲེལ་པའི་སྟོབས་པོ་ཆེའི་ཕུར་བུ་བཞག་ལ། དེས་ཐུགས་ཀྱི་རྡོ་རྗེ་ལ་ཆོ་ག་ [82a.4]ཇི་ལྟ་བ་བཞིན་གདབ་པར་བྱའོ། །ད་ནི་སྣང་མཛད་ཀྱི་རིགས་དང་འབྲེལ་པའི་གཤིན་རྗེ་གཤེད་ཀྱི་ཕུར་བུས་དེའི་སྐུའི་རྡོ་རྗེ་ལ་ཆོ་ག་ཇི་ལྟ་བ་བཞིན་གདབ་པར་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་ཅེས་པའི་ཚིག་སྨོས་སོ། །ཡང་ན་འདོད་ཆགས་ཞེས་པ་ནི་ཆོ་ག་ཇི་ལྟ་ [82a.5]བས་རྟ་མགྲིན་གྱི་ཕུར་བུས་རང་གི་གསུང་གི་རྡོ་རྗེ་ལ་གདབ་པར་བྱའོ། །གཤིན་རྗེ་གཤེད་ཅེས་པ་གོང་གི་སྣང་མཛད་ཀྱི་རིགས་དང་འབྲེལ་པ་ཉིད་དེ། དེས་ནི་ཚེ་དཔག་མེད་དང་འབྲེལ་པའི་རྟ་མགྲིན་ཀྱང་བསམས་ན་ཞེས་བྱ་བར་ཤུགས་ཀྱིས་མངོན་ནོ། །ཡང་འདིར་བདུད་རྩི་འཁྱིལ་པ་ [82a.6]ཡིས་ཞེས་པ། སྐུའི་རྡོ་རྗེ་ལ་སོགས་པ་གོང་དུ་གསུངས་པ་རྣམས་ལ་བདུད་རྩི་ཉིད་ཀྱི་ཕུར་བུས་ཆོ་ག་ཇི་ལྟ་བ་བཞིན་དུ་གདབ་པར་བསྟན་པ་ཡིན་ཏེ། དེ་ནི་ལས་ཐམས་ཅད་པའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་བདག་ཉིད་ཆེན་པོ་ཞེས་པ། ཐམས་ཅད་བདག་ཉིད་ [82a.7]གང་ཡིན་པའོ། །གདབ་པའི་ཚུལ་ནི་ཆོ་ག་ཇི་ལྟ་བས་དེའི་གནས་སྙིང་ག་ནས་རྐང་པའི་མཐར་རྡོ་རྗེ་ཕུར་བུས་གདབ་པར་བྱའོ། །དེ་ནི་གོང་དུའང་སྦྱར་བར་བྱའོ་ཞེས་སོ། །འདིར་གོང་འོག་གི་འང་ཞེས་པ་དང་། ཀྱང་ཞེས་པའི་སྒྲ་ནི་གདོན་མི་ཟ་བའི་ཚིག་སྟེ། གོང་ [82b] [82b.1]མའི་རིམ་པས་གདུག་ཅིང་ཁྲོ་བ་ལ་སོགས་པའི་བསྒྲུབ་བྱའི་མིང་འོག་ནས་འབྱུང་བའི་སྔགས་ཀྱི་བར་དུ་བཅུག་སྟེ། གཟུགས་བརྙན་བྱས་ལ་གང་ཡིན་པ་བཀུག་ནས། གཤིན་རྗེ་གཤེད་ལ་སོགས་པར་གང་གྱུར་པས་དེའི་ཕུར་བུས་ཇི་ལྟ་བ་བཞིན་གདབ་པར་བྱའོ་ཞེས་ [82b.2]པའི་དོན་ཏོ། །ད་ནི་ཆོ་ག་དེ་དག་གི་གདབ་པའི་སྔགས་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སྐུའི་རྣམ་པར་སྤྲུལ་པ་ཞེས་པ། མེ་ལོང་དང་ལྡན་པའི་རང་གི་ལས་སོ། །དེ་མི་ཕྱེད་པའི་ཕྱིར། རྡོ་རྗེའི་ཏིང་ངེ་འཛིན་ལ་སྣང་མཛད་ཉིད་ཀྱི་ཚུལ་གྱིས་ཞུགས་ [82b.3]ནས་ཕྱུང་ངོ་ཞེས་འབྲེལ་ཏོ། །དེ་ལྟར་གསུང་དང་ཐུགས་ཀྱི་དམ་ཚིག་ལ་ཡང་ཇི་ལྟ་བ་བཞིན་སྦྱར་བར་བྱའོ། །དེ་དག་གི་དམ་ཚིག་གི་གནོད་པ་ནི་ཏིང་ངེ་འཛིན་གང་དང་ལྡན་པས། སྔགས་འདི་དྲག་ཏུ་བཟླས་པ་ཙམ་གྱིས་ཤེས་སོ། །དེ་དག་གི་ཆོ་ག་ནི་རང་རང་གི་ཕྱག་མཚན་ [82b.4]དང་ལྡན་པས་བྱ་བ་སྟེ་སྔོན་དུ་བྱས་སོ། །དེའི་སྡང་བ་དང་འཆི་བ་ནི་བསམ་པའི་དབང་པོ་མྱོས་པ་ནི་མ་རིག་པའོ། །ཨེ་མའོ་ཞེས་པ་ལ་སོགས་པ་ནི། དེ་དག་གི་དོན་ལ་གཙོ་བོ་ཉིད་དགྱེས་ནས། དམ་པའི་དོན་གྱིས་འདི་སྐད་གསུངས་སོ་ཞེས་སོ། །ཨེ་ [82b.5]མའོ་ཞེས་པའི་ཚིག་བཞི་ནི་སྐུ་ལ་སོགས་པའི་གནས་དང་། རྒྱལ་བའི་ས་བོན་དང་། རིག་མའི་པདྨ་ལ་གསལ་བའི་ངོ་བོ་དང་། དེའི་སྤྲུལ་པའི་ཆོ་ག་ལ་སོགས་པ་རྣམས་བསྟན་ཏེ། གསང་བས་གསལ་བར་མ་བཤད་དོ། །ལེའུ་བཅུ་བཞི་པའི་དོན་རྫོགས་ [82b.6]སོ།། །།ད་ནི་སྐུ་གསུང་ཐུགས་ཀྱི་བསྒྲུབ་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དང་པོར་གསང་བའི་དབྱིངས་སུ་རྣམ་པར་སྣང་མཛད་དུ་བསྒོམས་ནས། རིགས་ངན་པ་མི་དབྱེ་སྟེ། སྨེ་ཤ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱས་ཏེ། སྦྱོར་བའི་ [82b.7]ཆོ་གས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཡང་གསང་བ་ལ་དཀྱིལ་འཁོར་རྣམས་བཀོད་དེ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་བསྒྲུབ་པ་ནི་རྡོ་རྗེ་ཞེས་པ་རྣམས་ཏེ། རྡོ་རྗེ་སེམས་དཔར་གང་གྱུར་པས་བཙོ་བླག་མཁན་ལ་སོགས་པའི་གཟུངས་བྱིན་གྱིས་བརླབ་ [83a] [83a.1]ཞེས་བསྒྲུབ་པར་བྱ་བ་ཡིན་ནོ། །སྦྱོར་བའི་ཆོ་ག་ལ་གནས་ནས་གསང་བའི་དོན་ལ་འཇུག་པར་བྱའོ། །དེ་ནས་རྡོ་རྗེ་ཆོས་ཀྱི་བསྒྲུབ་པ་ནི་རྡོ་རྗེ་ཆོས་ཞེས་པའི་ཚིག་རྣམས་ཏེ། སྣང་བ་མཐའ་ཡས་སུ་གང་གྱུར་པར་བྱས་པས། གསང་བ་དབྱིངས་ཀྱི་དབུས་དག་ཏུ་གར་མཁན་གྱི་བུ་མོ་ལ་ [83a.2]བྱིན་གྱིས་བརླབ་པར་བྱས་ཏེ། གསང་བའི་ཆོ་གས་བསྒྲུབ་པར་བྱ་བ་ལ། ཤིན་ཏུ་སྦྱོར་བ་ལྡན་པ་ཡིན་ནོ། །གཞན་ཡང་དེས་བསྒྲུབ་པ་སྟེ། བྲམ་ཟེ་ཞེས་པའི་ཚིག་གིས་མངོན་ནོ། །དེ་དག་གི་ཡོན་ཏན་ནི་སྐབས་སུ་གསུངས་པ་རྣམས་ཏེ། གོ་སླ་བས་སོ། །བསྒྲུབ་པའི་དུས་ནི་སྐྱ་རེངས་ཞེས་པ་ལ་བྱ་སྟེ། [83a.3]འདིའི་དོན་ནི་འདི་སྐད་དུ་གང་བསྒྲུབ་པའི་རྣལ་འབྱོར་པས། རང་གི་གཟུགས་ཀྱི་རྒྱན་གྱིས་བརྒྱན་ལ་བསྒྲུབ་པའི་དུས་སུ་གསང་བ་ལ་དཀྱིལ་འཁོར་བསྒོམས་ཏེ། སྤྲོ་བ་དང་བསྡུ་བས་སྦྱོར་བས། དབུགས་ཞི་བར་བྱ་བ་གང་ཡིན་པ་གསང་བའི་དོན་ནོ་ཞེས་བསྟན་པར་འགྱུར་རོ། །དབང་པོ་ [83a.4]གཉིས་ནི་ཞེས་པ་གང་གི་བསྒྲུབ་པ་ཉིད་སྦྱོར་བ་སྟེ། དེའི་ཆོ་ག་ཤེས་པ་ཉིད་ཀྱིས་སྐུ་ལ་སོགས་པའི་སྦྱོར་བ་གང་རྣམས་བསམ་པར་བྱའོ། །དེ་དག་གི་དུས་སུ་བཤང་གཅི་ལ་སོགས་པ་བཟའ་བར་བྱ་བ་ཁོ་ན་སྟེ་དེས་དངོས་གྲུབ་ཏུ་འགྱུར་རོ། །འདོད་དང་ཐར་པའི་ཞེས་གྲགས་པ་ནི་སྟོན་ [83a.5]པའི་མཚན་གྱི་ཁྱད་པར་ཏེ། ལྟག་འོག་ཏུ་ཡང་སྙེགས་སོ། །ཡ་མཱནྟ་ཀའི་སྔགས་དང་ཆོ་གས་དགུག་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། བསྐྱེད་པའམ་རྫོགས་པ་ལ་གནས་པས་དཀྱིལ་འཁོར་གྲུ་གསུམ་དུ། ཁྲོས་པའི་དཀྱིལ་འཁོར་རྣམས་བསྒོམས་ཏེ། [83a.6]དེ་ལ་མཆོད་པ་དང་དུག་ལ་སོགས་པ་བསྲེག་པར་བྱའོ། །བུ་མོ་ལ་སོགས་པ་གང་དགུག་པའི་གཟུགས་བརྙན་བྱས་ཏེ། མིང་རུས་སྙིང་གར་གླན་ཏེ། ཉིན་གུང་ལ་སོགས་པར་བཀུག་ནས། སྔགས་ཀྱི་བར་དུ་ཡང་མིང་བཅུག་ནས་སྟོང་བཟླས་ཏེ་བསྲེག་པར་བྱའོ། །དེའི་ཡོན་ཏན་ [83a.7]དང་སྐྱོན་གསུངས་པ། བསྐལ་པ་ཞེས་པ་རྣམས་སོ། །ཡང་ན་དུར་ཁྲོད་ཅེས་པ་རྣམས་ཏེ། བསྒྲུབ་པའི་དུས་སུ་སོལ་བ་ལས་མིང་རུས་བཅས་ཏེ། མ་མོའི་གནས་ལ་སོགས་པར་བདག་ལ་མི་སྙན་པར་སྨྲ་བ་རྣམས་ཆོ་ག་བཞིན་དུ་བསྒྲུབས་ན་འདུལ་བར་འགྱུར་རོ་ཞེས་ཏེ། [83b] [83b.1]འདི་དག་ལ་སོགས་པའི་ཆོ་ག་ཞིབ་ཏུ་ནི་མ་བཤད་དེ། བླ་མའི་གདམས་ངག་ལས་ཤེས་པར་བྱའོ། །སྔགས་ཤེས་པ་ཡིས་ཞེས་པ་རྣམས་ནི་རྣལ་འབྱོར་པ་ཕྱག་ན་རྡོ་རྗེར་བསྒོམས་པས། དགྲ་བགེགས་གང་ཡང་རུང་བའི་གཟུགས་བྲིས་ཏེ་དགུག་པ་བྱས་ལ། ལག་ཏུ་ཐོ་བ་ཐོགས་ཏེ་ [83b.2]བརྡུངས་པས་ཤི་བར་བསྒོམས་ན་དེ་ཉིད་གདོན་མི་ཟའོ། །ཧཱུཾ་ཞེས་པའི་རྣམས་ཕྱག་ན་རྡོ་རྗེ་བསྐྱེད་པའི་ཆོ་གའོ། །བསད་པའི་ཆོ་ག་གཞན་གསུངས་པ། རྡོ་རྒྱུས་ཞེས་པའི་རྣམས་ཏེ། བདག་བདུད་རྩི་འཁྱིལ་པ་ལ་སོགས་པར་བསྒོམས་ནས། རྡོ་རྒྱུས་ལ་སོགས་པས་སྐྱེས་པ་བུད་མེད་ [83b.3]གང་ཡིན་པའི་གཟུགས་བྲིས་ཏེ། རང་གི་ལག་ཏུ་སྟ་རེ་ཐོགས་ནས་ལིངྒ་གཏུབས་ཏེ། མིད་པ་བཅད་པར་བསྒོམས་ན་འགྲུབ་གསུངས་པའོ། །ཡང་ན་མནན་པའི་ལས་ཀྱིས་བསད་པ་གསུངས་པ། ལས་ཀྱི་ཞེས་པ་ལ་སོགས་པ་སྟེ་དེའི་དོན་གོང་གི་བསད་པའི་ལས་བྱས་པ་དེ་དོང་གྲུ་གསུམ་ [83b.4]པ་བརྐོས་ཏེ་ནང་དུ་གན་རྐྱལ་དུ་བཅུག་ལ། རི་རབ་དང་གླིང་བཞིས་མནན་ཏེ་དབུས་སུ་དོན་ཡོད་གྲུབ་པ་བསྒོམས་ཏེ། ས་ལ་གནོད་མཛེས་ཀྱི་བྲོ་བརྡུང་བར་བྱ་ཞེས་བསྟན་པ་ཡིན་ནོ། །ཡང་གཞན་གསུངས་པ་དཀྱིལ་འཁོར་ཞེས་པ་སྟེ། རླུང་ལ་སོགས་པའི་ཆོ་ག་ནི་བདག་སྟོབས་པོ་ཆེའི་ཕྱག་རྒྱ་ [83b.5]བཅས་ཏེ། དེའི་ཆོ་གས་བསྒྲུབས་ན་སངས་རྒྱས་ཀྱང་གདོན་མི་ཟ་ན་ཞེས་སོ། །ཕཊ་ཅེས་པ་གསང་བའི་དོན་གསུངས་པ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བས་ཕཊ་ཀྱིས་གསང་བའི་པདྨ་ཁ་ཕྱེ་ལ་སྦྱོར་བའི་ཆོ་གས་གསང་བའི་དབྱིངས་སུ་སྣང་མཛད་ལ་ལྷ་མོ་ [83b.6]བཞིས་བསྐོར་བར་བསྒོམ་པར་བྱའོ། །མི་བསྐྱོད་པའི་སྐུར་བསྒོམས་ནས་ཡུམ་གྱི་པདྨ་རྒྱས་པར་བྱས་ནས་གསང་བ་ལ་སྦྱོར་བའི་ཆོ་གས་ཧཱུཾ་བསྒོམས་ཏེ། སྐུ་ལ་སོགས་པ་ཕབ་ན་ཡོན་ཏན་ཐམས་ཅད་བསྐྱེད་པའོ། །ད་ནི་ཐུན་མོང་གི་བསྒྲུབ་པ་བསྟན་པའི་ཕྱིར། བཞིན་ [83b.7]བཟང་ཞེས་པ་ལ་སོགས་པ་སྨོས་ཏེ། གནས་ཡིད་དང་མཐུན་པར་བསྐྱེད་པའམ་རྫོགས་པས་རང་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ། གཟུགས་བྱིན་གྱིས་བརླབས་ནས་གསང་བ་ལ་སོགས་པ་ཤ་ལྔ་དང་སྦྱར་ཏེ་སྦྱོར་བའི་ཆོ་ག་ཇི་ལྟ་བས་ལྕགས་གསུམ་གྱིས་དཀྲིས་ཏེ། [84a] [84a.1]བསྒྲུབས་ན་མི་སྣང་བ་འགྲུབ་པ་ཁོ་ན་སྟེ། ལྕགས་གསུམ་ནི་གསེར་དང་དངུལ་དང་ཟངས་སོ། །གཞན་དག་ནི་གོ་སླ་བས་མ་བཤད་དོ། །སྐུ་ལ་སོགས་པའི་རིགས་ཀྱིས་ནི་དེ་ནས་ཞེས་པ་ལ་སོགས་པའོ། །ཨེ་མའོ་ཞེས་པ་བཞི་ནི་ངོ་མཚར་བ་སྟེ། [84a.2]དང་པོ་ནི་སྤྱི་ཡིན་ལ། གསུམ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དབང་པོ་ལས་གང་བྱེད་པ་ལ་རང་གི་རིགས་བསྒོམ་པ་ནི་སངས་རྒྱས་ཞེས་པ་རྣམས་ཏེ་རང་རང་གི་རིམ་པར་བྱ་བ་ཡིན་ནོ། །དེ་དག་གི་མཇུག་བསྡུ་བ་ནི་བསམ་གཏན་ཞེས་པ་རྣམས་ཏེ། གོང་དོན་ཉིད་ [84a.3]ཀྱིས་ཤིན་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་དམིགས་པའོ། །བསམ་གཏན་གྱི་ཆོ་ག་ཡང་གསུངས་པ། དེ་ནས་སྟོན་པ་ཞེས་པ་ལ་སོགས་པའོ། །དེ་ལ་སྔགས་བཟླས་ཞེས་པ་རྡོ་རྗེ་བཟླས་པ་དང་བཞི་སྟེ། གང་བསྒོམ་པས་བཟླས་པའི་སྦྱོར་བ་ལ་འཇུག་པ་ཡིན་ནོ། ། [84a.4]དབབ་པའི་ཆོ་ག་གསུངས་པ། དབབ་པའི་ཞེས་པ་ལ་སོགས་པ་སྟེ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་བསྐུལ་བ་དང་། བུ་མོ་དང་ཁྱེའུ་མཚན་དང་ལྡན་པ་དབབ་པ་སྟེ། དབབ་པའི་ཆོ་ག་དང་སྔགས་འོག་མས་བསྐུལ་བ་ཡིན་ལ། རྒྱས་པར་བླ་མ་ལས་ཤེས་ [84a.5]པར་བྱའོ། །ཕེབས་པའི་ཡོན་ཏན་ནི་འགུལ་བ་དང་ནི་ཞེས་རྒྱས་པར་སྨོས་སོ། །གསད་པའི་ལས་ཀྱི་རྒྱལ་བ་མཆོག་གཞན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། རྩེ་གཅིག་མ་གྱུར་ཞེས་པ་ནི་དམ་པའི་དོན་ལ་རྩེ་གཅིག་པར་མ་གྱུར་པའི་གེགས་བསལ་ [84a.6]བའི་ཕྱིར་ཡང་བསྒྲལ་བར་བྱ་ན་གཞན་ལྟ་ཅི་སྨོས་པའོ། །གདོན་མི་ཟ་བའི་བཀའ་བསྒོ་བ་ནི་ཐམས་ཅད་ལ་ཤེས་པར་བྱའོ། །དགྲའི་གཟུགས་བརྙན་བྱས་ནས་ནི་ཞེས་པ་རང་ལྷའི་ང་རྒྱལ་དུ་བྱས་ཏེ། དུར་ཁྲོད་རྣམས་སུ་དགྲ་བགེགས་ཀྱི་གཟུགས་བརྙན་བྱས་ [84a.7]ཏེ་དེ་ལ་དགུག་ཅིང་བསྟིམས་པ་བྱས་ནས། སྐྲ་བཤིག་གཅེར་བུར་བྱུང་ནས་བསད་པའི་ལས་བྱས་ཏེ། ནམ་ཕྱེད་ན་དུར་ཁྲོད་དུ་སོང་ལ་དྲག་པོའི་མེ་སྦར་ཏེ། ཁྲོ་བོ་གང་ཡིན་པའི་སྔགས་བཟླས་ཏེ་བར་དུ་མིང་བཅུག་ལ་སྦྱིན་སྲེག་གི་ཆོ་ག་བྱས་ན་འགྲུབ་པར་འགྱུར་ [84b] [84b.1]རོ། དེ་ལས་གཞན་ཡང་གསུངས་པ། དཀྱིལ་འཁོར་ཞེས་པ་རྣམས་ཏེ། བཀའ་སྩལ་ཏོ་ཞེས་པའི་བར་དུ་བསད་པའི་ལས་ཏེ། མ་མོའི་གནས་ལ་སོགས་པར་རང་གི་ལྷ་གང་ཡིན་པས་ཁྲེ་དང་ཅུ་ཚེ་ལ་སོགས་པ་ལས་དགྲའི་གཟུགས་བྱས་ཏེ་མིང་རུས་སྙིང་གར་གླན་ [84b.2]ཏེ། གང་དགུག་པའི་ཆོ་ག་བྱས་ལ། གཏུབ་པ་དང་གདབ་པ་དང་བསྲེག་པ་དང་། མནན་པ་དང་དབང་པོ་ཉམས་པར་བྱ་བ་ལ་སོགས་པ་གང་ཡིན་པའི་ཆོ་ག་སྟེ། ཏིང་འཛིན་གཙོར་སྨོས་པས་ཕྱག་མཚན་ལ་སོགས་པ་གང་གིས་བྱ་བ་བཞིན་འགྲུབ་པ་སྟེ། ཆོ་ག་ [84b.3]ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དེ་ལ་ལས་ཕྲན་ཚེགས་ཀྱི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། གང་ཀླུས་ཟིན་པ་རྣམས་རང་གི་ལྷར་བསྒོམས་པས་སྦྲུལ་ནག་པོ་ཆེན་པོའི་གཟུགས་དུར་ཁྲོད་ཀྱི་རས་མ་ལ་རྡོ་རྒྱུས་ཀྱིས་ [84b.4]བྲིས་ཏེ་བསམས་ལ་དེའི་ལྕེ་སྟེང་དུ་ཁཾ་བསམས་ཏེ། དེའི་ཡང་དབུས་ན་དུག་འདུག་པར་བསམས་ཏེ། ཁཾ་ལས་མེ་བྱུང་ནས་འོད་དུ་ཞུ་ན་ཀླུ་འགུལ་བར་གདོན་མི་ཟའོ། །ཡང་ན་རང་གི་ཁོང་དུ་ཧཾ་བསམས་ཏེ་དེ་ལས་མེ་བྱུང་ནས་དུག་བཞུ་ནས། ནུས་པ་བདུད་རྩིར་ [84b.5]གྱུར་པ་ལ་ཟོས་ན་ཀླུ་འབྱིན་ཏོ། །དུག་ཀླུས་ཁྱེར་བར་བསམས་ན་ཡང་འགྲུབ་བོ། །ཧཾ་གི་མེ་ལ་སོགས་པ་དེ་དག་ནི་ཀླུ་དུག་དང་སྦྱར་བ་ལ་སོགས་པ་འབྱིན་པར་བྱེད་པའོ། །ནད་ཞི་བར་བྱ་བའི་ཐབས་གསུངས་པ། འབྲས་དང་ཕོལ་མིག་ཅེས་པ་ལ་སོགས་ [84b.6]པ་སྟེ། པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ། ཨོཾ་ཨཱཿཧཱུཾ་གང་ཡང་རུང་བ་བསམས་ཏེ། དེ་ཟླ་བ་བཞིན་དུ་དྲི་མ་མེད་པ་འོད་ཟེར་ལྔ་ལྡན་པ་ལས་སྤྲོ་བསྡུའི་སྒོ་ནས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་རྣམས་བྱུང་སྟེ། ཁོང་དུ་འཐུངས་པས་ནད་རྣམས་སེལ་ཏེ་བྱང་བར་ [84b.7]བསམས་ན་དེ་བཞིན་དུ་འགྱུར་རོ། །གདོན་གྱིས་ཟིན་པ་ཡིན་ན་དེའི་སྟེང་དུ་དགུག་པའི་སྦྱོར་བ་བྱ་སྟེ། སྤྲེའུའམ་ཉ་ཁྱི་བ་དང་ཁྱི་གུ་ལ་སོགས་པ་བྱུང་ནས་འདུག་པ་དེ་བརླག་པར་བྱའོ། །ཆོས་ཐམས་ཅད་རྨི་ལམ་དང་མཚུངས་ཤིང་ངོ་བོ་ཉིད་དུ་གནས་པ་ནི། དེ་ནས་ [85a] [85a.1]ཞེས་པ་ནས་ལེའུ་རྫོགས་ཀྱི་བར་དུ་སྟེ། སྣང་བ་ཐམས་ཅད་འཁྲུལ་པ་ཡིན་ལ། དེའི་རང་བཞིན་ཆོས་ཀྱི་དབྱིངས་པས། དེ་སྒྲུབ་པའི་ཡེ་ཤེས་བསྐྱེད་པ་གང་ཡིན་པའོ། །ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་དང་ཆོས་ཅན་མ་ཡིན་པ་ནམ་མཁའ་དང་འདྲ་བ་ཉིད་ [85a.2]དེ། དེའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ནས་ནམ་མཁའ་ལ་ནམ་མཁའ་བསྒོམ་པར་བྱའོ། །ལེའུ་བཅོ་ལྔ་པའི་དོན་རྫོགས་སོ།། །།ད་ནི་ལེའུ་བཅུ་དྲུག་པ་གཟུགས་བརྙན་སྐུ་དང་གསུང་གི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། [85a.3]དེ་ལ་སྐུའི་དཀྱིལ་འཁོར་གསུངས་པ། ཁྲུ་ནི་ཞེས་པ་རྣམས་ཏེ། རེ་ཞིག་ཚད་མཆོག་ཏུ་གསུངས་པ་ཡིན་ལ། སྤྱིར་མེད་པ་ཁོ་ན་སྟེ། འདིའི་དབུས་སུ་རྣམ་པར་སྣང་མཛད་ཆོ་ག་ཇི་ལྟ་བས་བྲི་བར་བྱ་བ་ཡིན་ནོ། །རྡོ་རྗེ་མཆོག་ཅེས་པ། དཀྱིལ་འཁོར་གྱི་ལྷ་ [85a.4]རྫོགས་པའོ། །ཁྲོ་བོ་རྣམས་སྒོ་ཉིད་དུ་སྟེ། ལྷའི་རྣལ་འབྱོར་དུ་བྱས་ནས། ཐུན་མོང་མ་ཡིན་པའི་མཆོད་པ་རྣམ་ལྔ་དང་། བདུད་རྩི་དང་། བྱང་ཆུབ་སེམས་ཀྱི་མཆོད་པ་དང་ནང་གི་མཆོད་པ་རྣམས་དབུལ་བར་བྱའོ། །ཡང་གསུང་གི་དཀྱིལ་འཁོར་ [85a.5]གསུངས་པ། དེ་ནས་ཞེས་པ་རྣམས་ཏེ། སྐུ་དང་གསུང་གི་ཁྱད་པར་ནི་གཙོ་བོར་གང་གྱུར་པ་ཉིད་ཀྱིས་སོ། །དཀྱིལ་འཁོར་ཁྲུ་ནི་ཞེས་པ་རྣམས་ཏེ། དེའི་དབུས་སུ་རྡོ་རྗེ་ཆོས་བསྒོམ་པར་བྱའོ། །འདིར་ཡང་དཀྱིལ་འཁོར་རྫོགས་པར་བསྒོམས་ཏེ། མཆོད་པ་ [85a.6]ལ་སོགས་པ་གོང་མ་བཞིན་བྱའོ། །འོག་ནས་རྡོ་རྗེ་འཛིན་པ་ཞེས་པའི་ཚིགས་སུ་བཅད་པ་གཅིག་གསུངས་པ་ནི། གང་ཡང་རུང་བའི་དཀྱིལ་འཁོར་ཏེ། དེ་བསྒྲུབ་པར་བྱ་བའི་དོན་ཏོ། །བསྒྲུབ་པ་ནི་ལྷར་གྱུར་པས་དེའི་གསང་བ་ལ་འཇུག་པ་ཡིན་ནོ། །གོང་གི་ [85a.7]དཀྱིལ་འཁོར་དེ་དག་གི་ཐིག་དང་ཚོན་ལ་སོགས་པའི་རིམ་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ། །ཨོཾ་ཨཱཿཧཱུཾ་ཞེས་པས་བྱིན་གྱིས་བརླབ་པར་བྱ་སྟེ། བདག་ཉིད་བདག་པོའི་ཕྱག་རྒྱར་བསྒོམས་ཏེ། ཐིག་ཚོན་ལ་འོད་ཟེར་གྱི་ལྕགས་ཀྱོས་དྲངས་པའི་དཀྱིལ་ [85b] [85b.1]འཁོར་རྣམས་ཐིམ་ནས། ཡེ་ཤེས་སུ་གྱུར་པར་བྱ་བ་ཡིན་ནོ། །ཐིག་གི་ཆོ་ག་ལ་སོགས་པ་བསྒྲུབ་པ་ལ་བརྩོན་པར་བྱ་བ་ཁོ་ན་ཡིན་ནོ། །སྔགས་ཀྱི་སེམས་པས་མི་བྱ་བ་ནི་གང་གསང་བ་ལ་འཇུག་པས། དཀྱིལ་འཁོར་གྱི་རིམ་པ་སྤང་བར་བྱ་བ་ཡིན་ནོ། ། [85b.2]རྣམ་པར་བརྟག་ཅེས་པ་དང་། དབབ་པར་བྱ་ཞེས་པ་རྣམས་ནི་བྱིན་གྱིས་བརླབ་པ་སྟེ། ཡེ་ཤེས་ལྔའི་རང་བཞིན་ཐིག་ཚོན་ལ་ཡིག་འབྲུ་བསམས་ལ། དེའི་འོད་ཟེར་གྱིས་སྐུ་ལ་སོགས་པ་གང་ཡིན་པ་བཀུག་སྟེ་ཐིམ་པ་ནི་བྱིན་གྱིས་བརླབ་པའོ། །དེ་ལ་ [85b.3]ཙནྡན་ཞེས་པ། རཀྟ་ལ་སོགས་པའི་ཁུ་བ་ནི་ས་བོན་ཏེ་བྱུག་པར་བྱ་བ་ཡིན་ནོ། །སྣང་མཛད་བསྒོམས་ནས་ཞེས་པ། བདག་ཉིད་བདག་པོའི་ཕྱག་རྒྱར་བསྒོམས་ནས། སློབ་མ་ལས་ཀྱི་རྡོ་རྗེ་སྟེ་དེ་ལ་བྱིན་གྱིས་བརླབ་པ་བྱས་ཏེ་གཏད་པར་བྱའོ། །ཚོན་ [85b.4]རྩི་ནི་བརླབ་པར་བྱས་ཏེ། ཡང་ན་ཉི་ཤུ་རྩ་ལྔར་ཕྱེ་ལ་དགོད་པའི་རིམ་པ་ལ་འཇུག་པར་བྱའོ། སྦྱིན་སྲེག་བྱ་ཞེས་པ། ཕྱི་ནང་གསང་བ་གསུམ་སྟེ། གང་བྱ་བ་ལས་བཞི་དབྱིབས་དང་ཁ་དོག་ལ་སོགས་པ་མ་འདྲེས་པ་བྱས་ཏེ། དང་པོར་སྔོན་དུ་བཏང་བའི་ཆོ་ག་རྫོགས་ [85b.5]པར་བྱ་སྟེ། ལས་རླུང་ཡབ་ཀྱིས་མེ་བུས་ལ། སྐུ་གསུང་ཐུགས་ཀྱི་ཡི་གེས་སྦྱངས་ཏེ། བུད་ཤིང་དམ་ཚིག་གི་མེ་ལྷར་བསྐྱེད་ནས། ཞལ་དུ་གྱུར་པའི་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ཏེ། ལས་བཞིའི་མཆོད་པར་རབ་ཏུ་སྦྱིན་པའོ། །དེའི་གདམས་ངག་ནི་བླ་མ་ལས་ [85b.6]ཤེས་པར་བྱའོ། །ད་ནི་དབང་བསྐུར་བའི་ཆོ་ག་གསུངས་པ། དེ་ལ་འདི་ནི་ཞེས་པ་རྣམས་ཏེ། སངས་རྒྱས་ཀུན་གྱི་ཞེས་པ། རྟེན་གསང་བའི་དབུས་སུ་བསྐྱེད་པའི་རིམ་པས། དཀྱིལ་འཁོར་གསལ་བར་བྱས་ནས། སིལ་སྙན་སྤོས་སྤྲིན་རྣམས་ནི་ [85b.7]མཆོད་པ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཕུལ་ནས་གཉིས་སུ་མེད་པར་བྱས་ཏེ། དབང་བསྐུར་བར་བྱའོ། །བུམ་པ་ཞེས་པ་དང་པོར་བུམ་པའི་དབང་སྟེ། ཁྲུས་དག་པར་བྱས་ལ་སྣང་མཛད་དུ་གནས་པར་བྱས་པ་ནི་རྡོ་རྗེ་སྣང་མཛད་ཅེས་ཏེ། དེ་ལ་ཡེ་ཤེས་ [86a] [86a.1]ཀྱི་ཆུ་ཡིས་གང་བའི་བུམ་པ་དང་། སོགས་ཀྱི་སྒྲས་དབུ་རྒྱན་ལ་སོགས་པས་དབང་བསྐུར་བས། མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་ལ་སོགས་པར་གྱུར་པ་ལ་མཆོད་པ་རྫོགས་པར་བྱས་ཏེ། དོན་བྱེད་པར་བྱའོ། །གསོལ་བ་གདབ་པའི་ [86a.2]ཚིག་ནི། སངས་རྒྱས་བྱང་ཆུབ་རྡོ་རྗེ་ལ། །ཞེས་པ་རྣམས་ཏེ། སྒོ་གསལ་བས་མ་བྲིས་སོ། །གསང་བའི་དབང་གསུངས་པ། སྔགས་ཀྱིས་བསྐུལ་བ་ཞེས་པ་རྣམས་ཏེ། ཁུ་བས་ཞེས་པ་བྱང་ཆུབ་ཀྱི་སེམས་ཏེ། བཤང་བ་ལ་སོགས་པའི་ས་བོན་ཆོ་ག་ཇི་ལྟ་བས་ [86a.3]ཕབ་སྟེ། སློབ་མ་སྣང་མཛད་བསྒོམས་ནས་བཏུང་བར་བྱའོ། །དེའི་དུས་སུ་ཤ་ལྔ་ཡང་བཟའ་བ་ཁོ་ན་སྟེ། དེས་འགྲུབ་པར་གསུངས་སོ། །དངོས་གྲུབ་ནི་མཆོག་ཐུན་མོང་ཉིད་འགྲུབ་པ་སྟེ། གང་ལ་བྱ་བ་ཉིད་དེ་ལྟ་ཡིན་ནོ། །ད་ནི་ཤེས་རབ་ཡེ་ཤེས་ཀྱི་དོན་ [86a.4]གསུངས་པ། རྣམ་པ་འདི་བཞི་ཞེས་པ་རྣམས་ཏེ། སློབ་མ་ཉིད་སངས་རྒྱས་གཟུགས་སུ་བྱས་ཏེ། རིག་མ་བྱིན་གྱིས་བརླབས་ནས་རྡོ་རྗེ་ཅན་ལ་གཏད་དེ། གསང་བའི་དོན་སྨྲས་ལ། གཉིས་སུ་མེད་པར་བྱའོ། །བཞི་པའི་དོན་ནི་བླ་མའི་གདམས་ངག་ [86a.5]ལས་ཤེས་པར་བྱའོ། །ལྟ་བ་དང་སྤྱོད་པར་ལྡན་པས་གསང་བ་འཇུག་པ་ནི། གླང་པོ་ཤ་ཞེས་པ་ལ་སོགས་པའོ། །གྲུབ་པ་ཉིད་གང་ཞེ་ན། མི་སྣང་ཞེས་རྒྱས་པར་སྨོས་སོ། །བསྒྲུབ་པའི་རྫས་ནི། བཤང་གཅི་ལ་སོགས་པའོ། །ཧྲིཿནི་དེ་སྦྱང་བའི་ཆོ་ག་ [86a.6]ཇི་ལྟ་བས་སོ། །ཨཱ་ཁཾ་ཐཱ་ཞེས་པ་ནི་སྐུ་གསུང་ཐུགས་སུ་གང་གྱུར་པས་གསང་བའི་པདྨ་ལ་རིམ་པ་དང་རིམ་པ་མ་ཡིན་པས་གསང་བ་བཞག་པ་ཡིན་ནོ། གསང་བ་ཉིད་སྐུའི་རྡོ་རྗེ་ལ་སོགས་པ་ལ་ཡང་གཞག་པ་ཁོ་ན་སྟེ། སྡུད་པ་དང་གཏོང་བའི་དབང་གིས་ཞི་བར་ [86a.7]བྱ་བ་ཉིད་ཡིན་ནོ། །རང་རིགས་ཀྱི་ལྷར་གྱུར་པས་བསྐུལ་བ་ནི། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་རྣམས་ཏེ། སྙིང་པོ་དང་འོད་ཟེར་གྱི་ལྕགས་ཀྱོས་ཁམས་གསུམ་དང་སྲིད་གསུམ་གང་ཡིན་པ་དགུག་པའོ། །དེ་བསྒྲུབ་པའི་གསང་ [86b] [86b.1]བའི་གནས་ཀྱང་ཉམས་དགའི་ཞེས་པ་སྟེ། ཟླ་བས་ཞེས་པ་འགྲུབ་པའི་དུས་གསུངས་སོ། །རི་རབ་ཅེས་པ་ཡོན་ཏན་ཏེ། བརྗོད་ཀྱིས་མི་ལང་བའི་འཁོར་རྣམས་དང་ལྷན་ཅིག་པར་སྐྱེ་བ་འགྲུབ་བོ། །མངག་གཞུག་པས་ཞེས་པ་བསྐུལ་བ་སྟེ། འོད་ཟེར་གྱི་ [86b.2]ལྷ་མོས་གང་དགུག་པ་ཁུགས་པ་ཁོ་ན་སྟེ། རང་གི་སྐུ་ཉིད་ཀྱིས་ནི་མ་ཡིན་ནོ། །དམ་ཚིག་བསྐུལ་བ་ལ་སོགས་པ་བཞི་ནི་རིམ་པ་བཞིན་དུ་གནས་པ་ཡིན་ཏེ། རིགས་ཀྱི་དཀྱིལ་འཁོར་གང་ཡིན་པ་བསྒོམས་ཏེ། འོད་ཟེར་གྱིས་དཀྱིལ་འཁོར་བསྐུལ་བ་དང་། ཡེ་ [86b.3]ཤེས་དེ་གསང་བའི་གནས་སུ་འཕེན་པ་དང་། དེའི་སྒྲ་དང་། གསང་བ་ལ་དམིགས་པའོ། །དེའི་ཚེ་སྐུ་ལ་སོགས་པའི་འོད་ཟེར་གྱིས་འཇིག་རྟེན་དུ་དོན་བྱས་ཏེ་བསྡུ་བའི་རིམ་པས། གོང་བུ་ལ་ཐིམ་སྟེ་དེ་ཉིད་རྨད་དུ་བྱུང་བའི་གཟུགས་སོ། །དགུག་ཅིང་དབང་ [86b.4]དུ་བྱ་བ་ནི་སངས་རྒྱས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་འམ། སྟོབས་པོ་ཆེའི་སྐུར་བསྒོམས་ལ་དབུ་རྒྱན་ལ་སོགས་པའི་དོན་དང་ལྡན་པར་བྱས་ཏེ། དང་པོར་སྐྲག་པར་བྱས་ཏེ་དགུག་པའི་ཆོ་ག་གང་ཡིན་པས་སོ། །སངས་རྒྱས་ [86b.5]མཆོག་ཅེས་པ་ནི་རང་གི་ལྷར་གང་བྱས་པས་གནས་རྣམས་སུ། སྐུ་གསུང་ཐུགས་ཀྱི་ཡི་གེ་བཀོད་ནས། དེའི་སྤྲོ་བསྡུའི་སྦྱོར་བས་སྐུའི་རྡོ་རྗེ་ལ་སོགས་པ་བསྒྲུབ་པ་སྟེ། གང་ཡིན་པའི་ཆོ་གས་འགྲུབ་པ་ཁོ་ནའོ། །ཁ་ཟས་ཀྱི་ཏིང་ངེ་འཛིན་ནི་བཀྲེས་སྐོམ་ཞེས་པ་ [86b.6]རྣམས་ཏེ། ལྷའི་གཟུགས་སུ་གང་སྦྱོར་བས་ཁ་ཟས་བདུད་རྩིར་གང་གྱུར་པ། ཨོཾ་ལ་སོགས་པ་ཁ་དང་ལྕེ་དང་མགུལ་ལ་བསམས་ཏེ། བཟའ་བའི་སྦྱོར་བས་ཟོས་ན་རྡོ་རྗེ་གསུམ་དག་འཐོབ་པར་འགྱུར་རོ། །བཙུན་མོ་དམ་པའི་མཆོག་དགུག་པ་ནི་དེ་ནས་ཞེས་ [86b.7]པ་ལ་སོགས་པའོ། །དེ་ལ་སངས་རྒྱས་དཀྱིལ་འཁོར་ཉིད་རྡོ་རྗེ་འཛིན་པ་སྟེ། ནམ་མཁའི་དབུས་སུ་གཞལ་ཡས་ཁང་བརྩེགས་པ་ལ་བསྒོམ་པར་བྱའོ། །དེས་གང་དགུག་པ་རྒྱན་རྣམས་རྫོགས་ཤིང་སེར་ལ་འགྱིང་བག་ཏུ་འདུག་པ་རལ་པའི་དབུ་རྒྱན་ཅན་དགུག་ [87a] [87a.1]པའི་ཆོ་གས་སོ། །བཀུག་ལ་བརྩམ་པར་བྱ་བ་ནི་སྤྱད་པར་བྱ་བའི་ཐ་ཚིག་གོ། ཙུན་ད་དགུག་པ་གསུངས་པ་དེ་ནས་ཞེས་པ་རྣམས་ཏེ། གདན་ཉི་མའི་གཞལ་ཡས་ཁང་བརྩེགས་པ་ལ་བསམས་ཏེ། དེར་སངས་རྒྱས་ཀྱི་དཀྱིལ་འཁོར་ [87a.2]བསྒོམས་ཏེ། དགུག་པའི་ཆོ་གས་བུད་མེད་རྒྱན་དང་ལྡན་པ་ཁ་དོག་དཀར་མོ་བསམ་པར་བྱས་ཏེ་གསང་བ་ལ་འཇུག་གོ། །ཡང་ནོར་ལྷ་བསྒྲུབ་པ་གསུངས་པ། དེ་ནས་ཛཾ་ཞེས་པ་སྟེ། སངས་རྒྱས་ནམ་མཁའི་དབྱིངས་སུ་བསམ་པ་གོང་མ་བཞིན་བྱས་ལ་ [87a.3]གཟུགས་བརྙན་ལ་དགུག་པ་བྱས་ཏེ། མདུན་དུ་དམིགས་ཏེ། གནོད་སྦྱིན་གྱི་གཟུགས་འཛིན་པ་རལ་བའི་དབུ་རྒྱན་ཅན་རྒྱན་ཐམས་ཅད་རྫོགས་པ་དེ་སངས་རྒྱས་ལྔའི་ཆོ་གས་གནས་ལྔ་དག་ཏུ་བསྒོམ་པར་བྱའོ། །དབུ་ལ་བརྟག་པ་བྱས་ཏེ་མཆོད་པ་རྫོགས་ [87a.4]པར་བྱས་ནས་ཅི་འདོད་པ་ནོད་པར་བྱའོ། །འོན་ཀྱང་མཉེས་ཤིང་འགྲུབ་པར་གསུངས་སོ། །དེའི་གནོད་སྦྱིན་མོ་བསྒྲུབ་པ་ནི་དེ་ནས་ཞེས་པ་རྣམས་ཏེ། གསང་བའི་གནས་སུ་དཀྱིལ་འཁོར་བསྒོམས་ནས། གང་བསྒྲུབ་པ་དེ་གོང་མའི་ཆོ་གས་སོ། །རྒྱས་པར་ [87a.5]མ་བཤད་དེ་བླ་མའི་རིམ་པ་ལས་ཤེས་པར་བྱའོ། །གཞན་ཡང་དངོས་གྲུབ་ཕྲ་མོ་གསུངས་པ། དེ་ནས་ཞེས་པ་སྟེ། གཞལ་ཡས་ཁང་བརྩེགས་པ་ལ་སྣང་མཛད་ཀྱི་དཀྱིལ་འཁོར་བསྒོམས་ཏེ། མི་སྣང་བ་བསྒྲུབ་ན་གསེར་འོད་དང་འདྲ་བའམ་འཇམ་ [87a.6]དཔལ་འོད་དང་འདྲ་བར་འགྱུར་རོ་ཞེས་སོ། །བསྒྲུབ་པ་ཐམས་ཅད་ནི་སྔོན་དུ་བཏང་བ་རྫོགས་ནས་རྫས་དང་རི་མོ་དང་གཟུགས་བརྙན་ལ་བརྟེན་ཏེ་གང་བསྒྲུབ་པའི་ཆོ་གས་བརྟག་པ་བྱས་ན། འགྲུབ་པ་ལ་གདོན་མི་ཟ་བ་ཁོ་ན་ཡིན་ནོ།། །།ད་ནི་རིག་པའི་རྟུལ་ [87a.7]ཞུགས་ཀྱི་དབང་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་གོང་མའི་རིམ་པས་སངས་རྒྱས་གནས་ཁང་དང་དཀྱིལ་འཁོར་གསལ་བར་བྱས་ཏེ། དབང་གི་རིམ་པས་བསྒྲུབས་ལ། འདིར་ཐོར་ཚུགས་ཞེས་པ། གཟུངས་ཀྱི་དབུ་ [87b] [87b.1]རྒྱན་ལ་སོགས་པ་སྟེ། ལོ་གྲངས་ལ་སོགས་པའི་མཚན་དང་ལྡན་པ་དེ་རྒྱན་གྱིས་བརྒྱན་ལ། དེ་ལ་རིག་པའི་བརྟུལ་ཞུགས་བྱ་བ་སྟེ་གསལ་བར་ནི་མ་བྲིས་སོ། །དེའི་གསང་བའི་རོལ་བ་བྱ་བ་དང་། སྔགས་ཀྱི་རྒྱུད་ཅེས་ཏེ་དམ་ཚིག་ལ་སོགས་པ་བསྒྲགས་ [87b.2]པའོ། །དེ་གང་ལ་ཞེ་ན། བཙུན་མོ་དག་ལ་སྟེ། རིག་མ་བསྟེན་ནས་དབང་ནོད་པ་གང་ཡིན་པའོ། །དེའི་དུས་སུ་དོན་རིག་པས་བརྟུལ་ཞུགས་བྱེད་པ་ནི་རིག་པའི་བརྟུལ་ཞུགས་ཞེས་ཏེ། བཤང་གཅི་དང་བཟའ་བའི་སྦྱོར་བ་རྣམས་དང་། ནོར་རྣམས་རྐུ་བ་ལ་ [87b.3]སོགས་པ་བྱ་བ་ཁོ་ན་ཡིན་ཏེ། ལ་ལ་དག་དགོངས་པས་བཤད་པར་བྱའོ། །ལེའུ་བཅུ་དྲུག་པའི་དོན་རྫོགས་སོ།། །།དེ་ལྟར་བདག་དབང་གསུམ་དང་ལྡན་པའི་སྒོ་ནས། གཞན་གྱི་དོན་དུ་བཞི་པ་དང་བཅུ་དྲུག་པའི་རི་མོའི་དཀྱིལ་འཁོར་ལ་བརྟེན་ནས། [87b.4]འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་མཐར་ཕྱིན་པར་བྱ་བ་དང་། བསྐུལ་བའི་བདག་ཉིད་དང་། གདམས་པ་གནང་བ་ལ་སོགས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་མི་བསྐྱོད་ཅེས་པ་ལྔ་ནི་དཀྱིལ་འཁོར་གྱི་བདག་པོ་ལ་འཁོར་གྱི་ [87b.5]རིགས་ལྔ་ཡེ་ཤེས་ལྔའི་སྒོ་ནས་བསྟོད་པའོ། །བསྟོད་པའི་གསུང་ཉིད་ཀྱང་སྒྲ་མཐར་སྟོང་སྟེ། དེའི་དོན་གསུངས་པ། དེ་ནས་ཞེས་པ་དང་། ཨེ་མའོ་ཞེས་པའི་ཚིག་བཞིའོ། །དམ་ཚིག་བཞི་བསྲུང་བ་ནི། དེ་ནས་ཞེས་པ་རྣམས་ཏེ་རང་ལྷ་ཉེ་བར་གྱུར་པས་ [87b.6]དམ་ཚིག་བཞི་བསྲུང་བ་ནི། ཤ་ཆེན་ལ་སོགས་པ་སྟེ། ཤ་ཆེན་གྱི་དམ་ཚིག་དང་བཤང་གཅིའི་དམ་ཚིག་དང་། ཁྲག་དང་ཁུ་བའི་དམ་ཚིག་དང་། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ་སྐུ་གསུང་ཐུགས་སུ་གང་སྦྱོར་བས་གོང་གི་སྦྱོར་བ་ཀུན་སྤྱད་པར་བྱ་བ་ཡིན་ནོ། །གཞན་ [87b.7]རང་སངས་རྒྱས་ཀྱི་དམ་ཚིག་ནི་དེ་ནས་ཞེས་པ་དང་། རང་སངས་རྒྱས་ཀྱི་དམ་ཚིག་ཅེས་པ་སྟེ། དེ་དག་ལུས་ཀྱིས་སྟོན་པ་ནི་གསུང་ལ་མི་བརྟེན་པ་སྟེ། རང་གི་ལུས་ཀྱི་རྫུ་འཕྲུལ་དང་། སྤྱོད་པའི་ཁྱད་པར་དང་སྐུའི་དམ་ཚིག་ལ་གནས་པས་མཐར་ཕྱིན་པར་ [88a] [88a.1]བྱའོ། །ཉན་ཐོས་ཀྱི་དམ་ཚིག་ནི་དེ་ནས་ཞེས་པ་དང་། དགེ་བ་བཅུ་ཞེས་པ་སྟེ། དེ་ཡང་འདིར་དགག་པ་སྟེ། མོས་པ་ཆུང་ངུའི་དམ་ཚིག་མཐར་ཕྱིན་པའོ། །འཇིག་རྟེན་པའི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། [88a.2]དམ་ཚིག་འདི་དག་ནི་རང་རང་གི་སྤྱོད་པའི་ཁྱད་པར་ཏེ། རྣལ་འབྱོར་པ་རྣམས་ཀྱིས་གསང་བ་བསྒྲུབ་པ་ན། རང་རང་གི་དམ་ཚིག་སྦྱིན་པ་སྟེ། འོན་ཀྱང་ཕན་པ་སྒྲུབ་པ་ཉིད་དེ་ཅི་དགར་འགྲུབ་པོ། །སྔགས་ཀྱི་བདག་པོའི་དམ་ཚིག་ནི་འདི་ཡང་ཡིན་ཏེ། སངས་རྒྱས་ [88a.3]དང་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་བ་དང་། ཉན་ཐོས་ལ་གང་སྐུ་གསུང་ཐུགས་སུ་སྦྱོར་བས་ཕྱག་བྱ་བ་མ་ཡིན་ཏེ། དེ་ཉེས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ན་དེ་དག་གི་སྐྲ་མཚམས་སུ་རང་གི་ལྷ་གཞག་པ་ཡིན་ནོ། །སྔགས་པ་དེ་ཉིད་ཀྱང་བསམ་གཏན་ [88a.4]ཁོ་ན་ལ་འཇུག་པ་ཡིན་ཏེ། ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་རྣམས་ཐབས་དུ་མས་དགག་པ་ཡིན་ནོ། །གང་དཀྱིལ་འཁོར་དེ་ཉིད་ཤེས་ཤིང་བསྙེན་པ་ལ་སོགས་པ་དང་ལྡན་པས་དུས་གསུམ་གྱི་བདེ་བར་གཤེགས་པ་ལ་ཞིང་ཁམས་བཤང་གཅི་ལ་སོགས་པས་བཀང་ [88a.5]སྟེ། རྒྱས་པར་དབུལ་བ་ནི་དེ་ནས་ཕྱག་ན་རྡོ་རྗེ་ཞེས་པ་རྣམས་སོ། །དམ་ཚིག་འདི་དག་ནི་བདག་དང་གཞན་ལ་ཕན་པའི་ཕྱིར་བཤད་ཀྱི་གཅིག་ཁོ་ནའི་དོན་དུ་ནི་མ་ཡིན་ནོ། །དེ་ནས་རྒྱས་པར་ཞུས་པ་དང་། ལན་གསུངས་པ་ནི་དེ་ནས་ཡང་ཞེས་གསུངས་པའོ། ། [88a.6]དེ་ལ་དང་པོར་ཅང་མི་གསུང་བར་བཞུགས་པ་ཞུས་པ་སྟེ། ལན་འོག་ནས་གསུངས་སོ། །དེ་ནས་འཇམ་དཔལ་ཞེས་པ་ལ་སོགས་པ་ནི་རང་རང་གི་མཇལ་སྟངས་ཞུས་པ་སྟེ། སྐུ་གསུང་ཐུགས་ཀྱི་དོན་ཉིད་བརྟག་པར་དཀའ་བའི་ཕྱིར་རོ། །དེའི་ལན་ནི་དེ་ནས་ [88a.7]བཅོམ་ལྡན་འདས་ཞེས་པ་ལ་མངོན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་རྒྱས་པར་གསུངས་པ་ནི་སྙིང་པོ་དོན་བསྡུས་པའི་དཀྱིལ་འཁོར་ཞུས་པ་དང་། དེའི་ལན་གསུངས་པ་སྟེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་གང་གྱུར་པས། དེ་བཞིན་གཤེགས་ [88b] [88b.1]པའི་ཡེ་ཤེས་ཀྱི་གསང་བ་ལ་བརྟག་པར་བྱ་བ་ཡིན་ནོ། །སློབ་དཔོན་ལ་ཇི་ལྟར་བལྟ་བ་ནི། དེ་ནས་ཡང་བྱང་ཆུབ་སེམས་དཔའ་བྱམས་པས་ཞེས་པ་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱང་བདག་ཅག་གི་ཕའོ་མའོ་སྙམ་དུ་འཛིན་ཅིང་། དེ་བཞིན་གཤེགས་པའི་ [88b.2]བསོད་ནམས་ཀྱི་ཕུང་པོ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་འཕགས་སོ་ཞེས་ཏེ། དོན་གྱི་ངོ་བོ་ཉིད་དུ་ཐ་མི་དད་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླ་མ་དེ་ཉིད་ལ་གནས་པར་གསུངས་པ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཞེས་པ་རྣམས་ཏེ། [88b.3]སློབ་དཔོན་ལ་ནོད་པར་གསུངས་སོ། ལུས་ངག་སེམས་གང་ལ་གནས་པ་ཡང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ་ཞེས་པ་སྟེ། སློབ་དཔོན་ཉིད་བྱང་ཆུབ་སེམས་དཔའ་ཐ་མི་དད་ཅིང་གསང་བའི་བདག་ཉིད་ལྡན་པས་དེ་སྐད་ཅེས་བྱའོ། །དེ་ནས་ [88b.4]ཡང་ཞེས་པ་ལ་སོགས་པ་ནི་རྡོ་རྗེ་འཛིན་གྱི་དཀྱིལ་འཁོར་ཞུས་པ་སྟེ། རྟེན་གྱི་དཀྱིལ་འཁོར་ལ་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཆོ་ག་བཞིན་དུ་བསམས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་དམིགས་ལ་མཆོད་པ་རྣམས་རྫོགས་པར་བྱས་ཏེ། རང་གི་སྐུ་ལ་ [88b.5]སོགས་པའི་རྡོ་རྗེ་ལ་དབང་བསྐུར་བ་ནི་བདེ་བར་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ། དབབ་པར་བྱ་ཞེས་ཏེ་བསྐུར་བའི་ཐ་ཚིག་གོ། །དེའི་སྦྱོར་བ་ལ་དབབ་པ་དང་། ཁ་ཟས་ཀྱི་ཏིང་ངེ་འཛིན་དང་། མཆོད་པའི་བྱེ་བྲག་དང་། སྦྱོར་བའི་ཆོ་ག་དང་དྲག་ [88b.6]ཤུལ་གྱི་བྱ་བ་དང་། བདུད་རྩི་བཏུང་བ་དང་། དེའི་བསམ་གཏན་ལ་གནས་ན་བསོད་ནམས་ཀྱི་ཚོགས་མི་བྱ་བ་དང་། དུག་འབྱིན་ཅིང་གནོན་པ་དང་ལུས་ངག་སེམས་བསྲུང་བའི་ཆོ་ག་དང་། མ་མོ་ལ་སོགས་པའི་གནས་སུ་རྡོ་རྗེ་ཨ་ཛ་ན་སྒྲུབ་པའི་ཐབས་ [88b.7]དང་། འབྲས་བུ་རྣམས་གསུངས་པ་སྟེ། དེ་དག་གི་ཆོ་ག་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །གསང་བའི་ཡི་གེ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། ཅང་མི་སྨྲ་བར་གྱུར་ཏོ་ཞེས་པའི་བར་དུ་སྟེ། ཡི་གེ་ནི་སྐུ་གསུང་ཐུགས་ཀྱི་ཡི་གེ་ [89a] [89a.1]སྟེ། བྱང་ཆུབ་སེམས་དཔས་ནི་རྟོགས་པར་དཀའ་བར་མ་ཟད། དེ་བཞིན་གཤེགས་པས་ཀྱང་རྟོགས་པར་དཀའ་སྟེ། ཡི་གེ་དེ་ཉིད་མ་ཐོས་པར་མངོན་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་ནི་ཆོས་ཀྱི་དེ་བཞིན་ཉིད་དང་། གསང་བའི་དཀྱིལ་ [89a.2]འཁོར་རྣམས་ཏེ། ཆོས་དང་བསོད་ནམས་ཀྱི་རྒྱུ་འགྲུབ་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཞེས་གསུངས་པ་བཞི་ནི་ལྷ་མོ་བཞིའི་དབྱངས་ཀྱིས་བསྐུལ་བ་སྟེ། ཆོས་ཀྱི་སྐུ་གང་ཡིན་པས་འགྲོ་བ་ལ་སྣང་བ་མ་ཡིན་པས། དེའི་ཕྱིར་དགྱེས་པའི་བསྟོད་པས་གཟུགས་ཀྱི་སྐུར་བསྐུལ་ [89a.3]བར་མཛད་དེ། འདོད་ཆགས་ཀྱི་རྗེས་སུ་བྱང་ཆུབ་ཆུད་པ་ཉིད་དེ། དེའི་དོན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་པ་ནས། འདུག་གོ་ཞེས་པའི་བར་རྣམས་ནི་ཡོངས་སུ་གཏང་བ་སྟེ། དེ་ཡང་སངས་རྒྱས་ཀྱི་བཀའ་ཡུན་རིང་གནས་ཤིང་ཕན་ [89a.4]གདགས་པའི་ཕྱིར། སྐལ་བ་མཆིས་པའི་ཕྱིར་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ནས་སྤྱིར་གཏད་པ་དང་། སྡུད་པ་པོ་རྡོ་རྗེ་ཆོས་ལ་དམིགས་ཀྱིས་གཏད་པའོ། །དབང་བསྐུར་ནས་དེ་བཞིན་བགྱིའོ། །ཞེས་ཁས་བླངས་ [89a.5]ཏེ། ཤེས་པའི་རྒྱུད་ལ་གནས་ནས། ཡོངས་སུ་ཆུབ་པར་བྱས་སོ། །ཅང་མི་གསུང་བ་ནི་གོང་གི་བདག་ཉིད་རྣམས་དེའི་རང་བཞིན་ཏེ། དེ་དང་དེ་ཉིད་དུ་འབྲེལ་པས་དེ་སྐད་ཅེས་བྱ་སྟེ། ཅི་ཡང་མ་ཡིན་པ་ཉིད་དང་ལྡན་པས་གསང་བའི་དོན་ལ་ཞུགས་པ་སྟེ། མཉམ་ [89a.6]པ་ཉིད་དུ་ལྷུན་གྱིས་གྲུབ་པར་སྦྱོར་བའོ། །ལེའུ་བཅུ་བདུན་པའི་དོན་རྫོགས་སོ།། །།བརྗོད་པར་བྱ་བའི་རྒྱུད་འདི་ཡི། །དགོངས་པ་ཉེ་བར་ལེན་པའི་འགྲེལ། །རྡོ་རྗེ་བཞད་པའི་སློབ་དཔོན་གྱིས། །སེམས་ཅན་ཡེ་ཤེས་བསྐྱེད་ཕྱིར་ཏེ། །འདི་བརྩམས་པ་ལས་བྱུང་བ་ཡིས། །དགེ་བ་དྲི་མེད་གང་ཡིན་ [89a.7]པ། །ཡང་དག་སློབ་མ་དྲི་མེད་དང་། །སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དགོངས་པ་ཐམས་ཅད་ཉེ་བར་ལེན་པའི་འགྲེལ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་ཅིང་གཏན་ལ་ཕབ་པ། ། [89b] [89b.1]{T1910}༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་ནི་དཱ་ན་གུ་རཱུ་པ་དེ་ཤེ་ནཱ་ཁྱ་ཏ། བོད་སྐད་དུ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་གླེང་གཞི་བླ་མའི་མན་ངག་གིས་བཤད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་འདུས་པའི་རྒྱུད་ཀྱི་གླེང་གཞི་བླ་མའི་མན་ངག་གིས་བཤད་པར་བྱའོ། ། [89b.2]དེ་ལ་རྒྱུད་འདི་མགོ་མཇུག་ཏུ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང་ལྡན་པར་སྟོན་ཏོ། །ལྔ་གང་ཞེ་ན། སྟོན་པ་ཕུན་སུམ་ཚོགས་པ་དང་། སྡུད་པ་པོ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། རྒྱུད་ཕུན་སུམ་ཚོགས་པའོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བས་ནི་སྟོན་ [89b.3]པ་ཕུན་སུམ་ཚོགས་པ་སྟོན་ཏོ། །བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བས་ནི་སྡུད་པ་ཕུན་སུམ་ཚོགས་པ་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནས་བཙུན་མོའི་དཀྱིལ་ན་བཞུགས་སོ་ཞེས་བྱ་བའི་བར་གྱིས་ནི་གནས་ཕུན་སུམ་ཚོགས་ [89b.4]པ་སྟོན་ཏོ། །བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གང་བར་སྣང་ངོ་ཞེས་བྱ་བའི་བར་གྱིས་ནི་འཁོར་ཕུན་སུམ་ཚོགས་པ་སྟོན་ཏོ། །འདིས་ཅིའི་ཕྱིར་རྒྱུད་ཕུན་སུམ་ཚོགས་པ་སྟོན་ཞེ་ན། ཇི་སྐད་བརྗོད་ [89b.5]པས་རྒྱུད་མགོ་མཇུག་གི་དོན་རྫོགས་པར་འདྲེན་པའི་ཕྱིར་རྒྱུད་ཕུན་ཚོགས་པ་སྟོན་ཏོ། །དེ་ལ་ཡང་བཅོམ་ལྡན་འདས་ཞེས་གོང་དུ་བསྟན་པ་ནི་ཀུན་རྫོབ་ཏུ་འདོད་ཆགས་ནས་ཕྲག་དོག་གི་བར་གྱི་ཆོས་ལྔ་པོའི་རང་བཞིན་དང་། ས་བོན་གྱི་ངོ་བོར་གནས་པར་བསྟན་ཏེ། དེའི་ [89b.6]ངོ་བོ་ལྷུན་གྱིས་གྲུབ་པ་ནི་འདོད་ཆགས་སྣང་བ་མཐའ་ཡས། ཞེ་སྡང་མི་འཁྲུགས་པ། གཏི་མུག་རྣམ་པར་སྣང་མཛད། ང་རྒྱལ་རིན་ཆེན་འབྱུང་ལྡན། ཕྲག་དོག་གདོན་མི་ཟ་བར་གྲུབ་པ། ས་བོན་ནི་རྣམ་པར་སྣང་མཛད་ཆེན་པོའོ། །ཆོས་ལྔ་པོ་འདི་དག་ [89b.7]ལས་ཡེ་ཤེས་ལྔར་ཡང་སྦྱར་ཏེ། དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་འཁྲུགས་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རིན་ཆེན་འབྱུང་ལྡན། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ནི་སྣང་བ་མཐའ་ཡས། བྱ་བ་གྲུབ་པའི་ཡེ་ཤེས་ནི་གདོན་མི་ཟ་བར་གྲུབ་པའོ། །ཅིའི་ཕྱིར་ [90a] [90a.1]གདོན་མི་ཟ་བར་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོར་བསྟན་ཞེ་ན། ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་རྣམ་པར་སྣང་མཛད་དོ། །རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག་པའི་ཡེ་ཤེས་སོ། །ཡེ་ཤེས་འདི་དག་ [90a.2]ལས་གཟུགས་ལ་སོགས་པའི་ངོ་བོར་གནས་པ་ཐམས་ཅད་ཀྱང་འབྱུང་བར་འགྱུར་ཏེ། དེ་ལ་རིམ་པར་སྦྱར་ན་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་སྣང་བ་མཐའ་ཡས། འདུ་བྱེད་གདོན་མི་ཟ་བར་གྲུབ་པ། [90a.3]རྣམ་པར་ཤེས་པ་མི་འཁྲུགས་པའོ། །འདི་དག་ཐམས་ཅད་དམ་ཚིག་གི་ངོ་བོར་ཡང་ཤེས་པར་བྱ་སྟེ། དེ་ལ་ཡང་གཟུགས་རྣམ་གསུམ་ནི་རྣམ་པར་སྣང་མཛད། སྒྲ་རྣམ་གསུམ་ནི་རིན་ཆེན་འབྱུང་ལྡན། དྲི་རྣམ་གསུམ་ནི་སྣང་བ་མཐའ་ཡས། རོ་རྣམ་ [90a.4]གསུམ་ནི་གདོན་མི་ཟ་བར་གྲུབ་པ། རེག་རྣམ་གསུམ་ནི་མི་འཁྲུགས་པའོ། །གཞན་ཡང་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་གྲུབ་པ་ལས་ཆོས་ལྔ་པོ་འདི་དག་སྐྱེད་པར་བྱེད་དེ། ལྔ་གང་ཞེ་ན། ས་ཆུ་མེ་རླུང་ནམ་མཁའོ། །དེ་ཇི་ལྟར་སྐྱེད་པར་བྱེད་ཅེ་ན། དེ་ཡང་རིམ་ [90a.5]པར་དབྱེ་ན། སའི་ཁམས་ནི་སངས་རྒྱས་སྤྱན། ཆུའི་ཁམས་ནི་མཱ་མ་ཀཱི། མེའི་ཁམས་ནི་གོས་དཀར་མོ། རླུང་གི་ཁམས་ནི་འཕགས་མ་སྒྲོལ་མ། ནམ་མཁའི་ཁམས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ཡང་འབྲས་བུ་རྣམ་པ་ལྔ་སྐྱེད་པར་བྱེད་དེ། དེ་ [90a.6]གང་ཞེ་ན། ཟད་པར་སར་བསྒོམས་པས་ནི་ནམ་མཁའ་ལ་འཆག་པ་དང་གཞལ་མེད་ཁང་མངོན་པར་སྐྱེད་པར་བྱེད་དོ། །བྱང་ཆུབ་ཀྱི་སེམས་རླན་པ་ལྟ་བུའི་རང་བཞིན་དུ་བསྒོམས་པས་ནི་འཇིག་རྟེན་ཐམས་ཅད་ཆུས་ཡོངས་སུ་གང་བར་སྤྲོ་བ་དང་བསྡུ་བ་ནུས་ [90a.7]པར་འགྱུར་རོ། །མེར་བསྒོམས་པས་ནི་འབར་བའི་རྫུ་འཕྲུལ་སྐྱེད་པར་བྱེད་དོ། །རླུང་གི་ཁམས་སུ་བསྒོམས་པས་ནི་ཡིད་ཀྱི་འགྲོ་བ་སྐྱེད་པར་བྱེད་དོ། །ནམ་མཁའི་ཁམས་སུ་བསྒོམས་པས་ནི་སྒྲིབ་པ་མེད་པའི་ཡེ་ཤེས་སྐྱེད་པར་བྱེད་དོ། །འབྲས་བུ་མདོ་ [90b] [90b.1]ཙམ་ཞིག་བསྟན་པ་ཡིན་ནོ། །གཞན་ཡང་མིག་ལ་སོགས་པས་འཕྲུལ་གྱི་མིག་ལ་སོགས་པ་སྐྱེད་པའི་རྒྱུར་ཡང་སྟོན་ཏེ། དེ་ཡང་གང་ཞེ་ན། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དོ། །དེ་ལ་མིག་ནི་སའི་སྙིང་པོ། རྣ་བ་ནི་ཕྱག་ན་རྡོ་རྗེ། སྣ་ [90b.2]ནི་ནམ་མཁའི་སྙིང་པོ། ལྕེ་ནི་སྤྱན་རས་གཟིགས་དབང་ཕྱུག །ལུས་ནི་སྒྲིབ་པ་རྣམ་པར་སེལ་བ། ཡིད་ནི་རྡོ་རྗེ་སེམས་དཔའོ། །དེ་ལྟར་བསྒོམས་པའི་འབྲས་བུ་ནི་འདི་དག་སྐྱེད་པར་བྱེད་དེ། སའི་སྙིང་པོས་འཕྲུལ་གྱི་མིག །ཕྱག་ན་རྡོ་རྗེས་འཕྲུལ་གྱི་རྣ་བ། [90b.3]ནམ་མཁའི་སྙིང་པོས་འཕྲུལ་གྱི་སྣ། སྤྱན་རས་གཟིགས་ཀྱི་དབང་པོས་འཕྲུལ་གྱི་ལྕེ་སྟེ། སེམས་ཅན་སྣ་ཚོགས་ལ་སྒྲ་སྣ་ཚོགས་ཀྱིས་སོ་སོའི་མོས་བ་ཇི་ལྟ་བ་བཞིན་ཆོས་སྟོན་པའོ། །སྒྲིབ་པ་རྣམ་པར་སེལ་བས་ལུས་ཀྱི་རྫུ་འཕྲུལ་དང་ཡིད་ཀྱི་གཟུགས་དང་སྤྲུལ་པ་སྐྱེད་ [90b.4]པར་བྱེད་དོ། །གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྡོ་རྗེའི་རྫུ་འཕྲུལ་ཡང་སྐྱེད་པར་བྱེད་དོ། །ཡིད་རྡོ་རྗེ་སེམས་དཔས་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཐམས་ཅད་ཟད་པའི་ཡེ་ཤེས་སྐྱེད་པར་བྱེད་དོ། །མཉམ་པར་སྦྱོར་བའི་དུས་སུ་འཕགས་ [90b.5]པ་གཤིན་རྗེ་གཤེད་ལག་པ་གཉིས་ཏེ་ལྕགས་ཀྱུའི་དོན། འཕགས་པ་གཞན་གྱིས་མི་ཐུབ་པ་རྡོ་རྗེ་པདྨོར་ཞུགས་པ་སྟེ་ཞགས་པའི་ཚུལ། འཕགས་པ་རྟ་མགྲིན་ནི་ཕྱག་རྒྱ་ཆེན་པོ་དང་མུ་དྲ་གཉིས་ཞལ་སྦྱོར་བ་སྟེ་ལྕགས་སྒྲོག་གི་དོན་ཏོ། །འཕགས་པ་བདུད་རྩི་ [90b.6]འཁྱིལ་པ་ལས་ཀྱི་ཕྱིར་ལས་ཀྱི་དུས་སུ་བདེ་བ་ཆེན་པོའི་གནས་གཉིས་མཉེས་པར་བྱེད་པ་སྟེ་དྲིལ་བུའི་དོན་ཏོ། །དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་བྱུང་བར་སྟོན་ཏོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པར་འདོད་པའི་རྣལ་འབྱོར་པས། སྔར་བསྡུས་པའི་དོན་གསལ་ [90b.7]བར་བསྟན་ནས། ཕྱིས་སློབ་དཔོན་གྱི་རྒྱུད་བཤད་པར་བརྩམ་པར་བྱའོ། །དེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནས། བཙུན་མོའི་དཀྱིལ་ན་བཞུགས་སོ་ཞེས་པའི་བར་དག་གི་དོན་ནི་སློབ་དཔོན་གྱི་མན་ངག་གིས་བསྟན་པར་བྱ་སྟེ། ཨེ་ཞེས་པ་དམ་ཚིག་གི་ཕྱག་རྒྱ། ཝཾ་ཞེས་ [91a] [91a.1]པ་ནི་ཕྱག་རྒྱ་ཆེན་པོ། མ་ནི་ཆོས་ཀྱི་ཕྱག་རྒྱ། ཡཱ་ནི་ལས་ཀྱི་ཕྱག་རྒྱ། ཤྲུ་ཀྲ་ཞེས་པ་ནི་སྤྲོ་བའི་དོན་ཏོ། །ཨེ་ཞེས་པ་ནི་གཟུངས་མའོ། །ཝཾ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ། འདིའི་དུས་ན་ཞེས་པ་ནི་འདིའི་ཚེ་ན་ཞེས་བྱ་བར་སྦྱར། ཡང་ན་ས་མ་ [91a.2]ཡ་ཞེས་པ་ནི་དུས་དང་མི་སྦྱར་གྱི། འདིའི་ཕྱག་རྒྱ་ཉིད་ལ་གནས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་སྡེ་བཞི་བཅོམ་པ་དང་། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་ཡང་བཅོམ་ལྡན་འདས་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ན། ཡེ་ [91a.3]ཤེས་ཕུན་སུམ་ཚོགས་པ་མངའ་བའི་ཕྱིར་ཡང་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཞེས་པ་ནི་ཇི་ལྟར་སྐྱེ་བ་བཞིན་སྐྱེས་པའི་ཕྱིར་ཡང་དེ་བཞིན་གཤེགས་ཞེས་པའོ། །དེ་ལ་ཡང་ཇི་ལྟར་སྐྱེ་ཞེ་ན། ཕ་མ་གཉིས་ཐོག་མ་མེད་པའི་དུས་ནས་འདོད་ཆགས་དང་ལྡན་པའི་ [91a.4]དབང་གིས་ཕོ་མོ་ཕྲད་པར་གྱུར་ནས། དེ་ཉིད་རྣམ་པར་སྦྱངས་ནས་ཡང་དག་པའི་ལམ་དུ་འགྲོ་བའི་ཕྱིར་ན་དེ་བཞིན་གཤེགས་པའོ། །ཡང་ན་ཇི་ལྟར་འོངས་བཞིན་འགྲོ་བའི་ཕྱིར་ཡང་དེ་བཞིན་གཤེགས་པའོ། །དཔེར་ན་ཟངས་དང་འཁར་བ་ལ་སོགས་པ་རྫས་ [91a.5]ཀྱི་དངོས་པོ་གཅིག་ལ་ཆོལ་ཟངས་སུ་བྱས་པའི་དུས་ན་ནི་བཙོག་པར་འཛིན་ཅིང་མཆིལ་སྣབས་ལ་སོགས་པ་འདོར་བར་བྱེད། དེ་ལ་གཞོང་བ་ལ་སོགས་པར་བྱས་ན་ནི་གཙང་བར་འཛིན་ཅིང་། ཟས་སྐོམ་ལ་སོགས་པ་འཇོག་ཅིང་ཟ་བར་བྱེད། དེ་ལ་སྐུ་གཟུགས་ [91a.6]ལ་སོགས་པ་བྱས་པའི་དུས་ན་ནི་ཕྱག་འཚལ་ཞིང་མཆོད་པའི་ལས་སུ་བྱེད་དོ། །དེ་དང་འདྲ་བར་འཁོར་བའི་རྒྱུ་འདོད་ཆགས་ཀྱང་ཉོན་མོངས་པ་དང་བཅས་པའི་དུས་ན་ནི་སྨད་ཅིང་སྤང་བར་བྱ་བ་ཡིན་ལ་དེ་ཉིད་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་སྦྱོར་བའི་དུས་ན་རྡོ་རྗེ་སེམས་ [91a.7]དཔའི་སྐུར་གྲུབ་པར་བྱེད་པའི་དགའ་བའི་ལོངས་སྤྱོད་ཀྱི་གནས་ཀྱང་ཡིན་ལ། དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་གྱི་ལོངས་སྤྱོད་གོམས་པའི་དབང་གིས་འབྲས་བུ་དཔལ་རྡོ་རྗེ་སེམས་དཔའ་ཉིད་མངོན་པར་གྲུབ་པར་བྱེད་དོ། །དེ་བཞིན་དུ་འདོད་ཆགས་ [91b] [91b.1]ནས་ཕྲག་དོག་གི་བར་གྱི་ཆོས་ལྔ་པོ་འདི་དག་ཀྱང་དང་པོའི་ཚུལ་ལྟར་སྤྱད་ན་ངན་སོང་གི་རྒྱུ་ཡང་ཡིན། དེ་ཉིད་རང་བཞིན་རྣམ་པར་དག་པར་བསྒོམས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པའི་རྒྱུ་ཡང་ཡིན་པས་ཉེས་པར་མི་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། ། [91b.2]དེ་བཞིན་གཤེགས་པའི་སྒྲ་མང་དུ་སྦྱར་ཞིང་བཤད་ཅི་དགོས་ཏེ། རྒྱུད་ཀྱི་དོན་ངེས་པར་བསྟན་པ་འདི་ཡིན་ནོ།། །།སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་དཀྱིལ་ན་བཞུགས་སོ་ཞེས་བྱ་བ་ལ། སྐུ་གསུང་ཐུགས་ནི་ལུས་ངག་ཡིད་དོ་ཅོག་གི་རང་བཞིན་ཡང་ཡིན་ལ། [91b.3]དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་རང་བཞིན་ཡང་ཡིན་པས་དེའི་ཕྱིར་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱའོ། །སྙིང་པོ་ནི་ས་བོན་ཏེ། རྣམ་པར་སྣང་མཛད་ཆེན་པོའི་བཙུན་མོའི་དཀྱིལ་ན་བཞུགས་སོ་ཞེས་པ་ནི་བཙུན་མོ་ནི་དམ་ཚིག་གི་ཕྱག་རྒྱ། དཀྱིལ་ཞེས་པ་ནི་པདྨོ་སྟེ་དེ་ནི་བཞུགས་པར་ [91b.4]སྦྱར། དེ་ཡང་ཇི་ལྟར་བཞུགས་ཤེ་ན། རྣམ་པར་སྣང་མཛད་ཆེན་པོ་ཡེ་ཤེས་ཀྱི་རང་བཞིན་ཆུ་ལྟ་བུའི་ངོ་བོ་ཟླ་བ་ལྟ་བུར་དཀར་ཞིང་དག་པའི་ཚུལ་དུ་བཞུགས་སོ། །དེ་ལ་ཡང་འདི་སྐད་ཅེས་པ་ནས་བཙུན་མོའི་དཀྱིལ་ན་བཞུགས་སོ་ཞེས་པའི་བར་དེ་དག་རྣམ་གྲངས་གཞན་དུ་ཡང་བསྟན་པར་བྱ་སྟེ། ཨེ་ནི་ཆོས་ཀྱི་ [91b.5]འབྱུང་གནས། ཝཾ་ནི་རྡོ་རྗེ་མ་ནི་རྣམ་པར་སྣང་མཛད་ཆེན་པོའི་ཡེ་ཤེས་ཀྱི་ས་བོན། ཡ་ནི་བསྐྱོད་པ་ལས་ཀྱི་མཚན་ཉིད། ཤྲུ་ཀྲ་ནི་འབྱུང་བའི་དོན། ཨེ་ཀ་ནི་ལྡན་པའི་མཚན་ཉིད། འདིའི་དུས་ན་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་དགེས་པའི་གནས་བྷ་ག་བཱན་ནི་བྷ་གའི་གནས་ན་བཞུགས་པའི་ [91b.6]ཕྱིར། བྷ་ག་བཱན་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་ཞེས་པ་ནི་ས་བོན་ཟླ་བ་ལྟ་བུ་དང་སྦྱར། བཙུན་མོའི་དཀྱིལ་ན་བཞུགས་སོ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ [91b.7]པདྨའི་གནས་ན་བཞུགས་པར་སྟོན་ཏོ། །བི་ཛ་ཧ་རའི་སྒྲས་ནི་བཞུགས་པའི་དོན་ཏོ། །བཞུགས་སོ་ཞེས་པའི་སྒྲས་ནི་རྣམ་པར་གནས་སོ་ཞེས་པའི་དོན་ཏོ། །ཡང་རྣམ་གྲངས་གཞན་དུ་ཡང་བཤད་པར་བྱ་སྟེ། ཨེ་ཁཾ་ཞེས་པ་ནི་འཛིན་པའི་དོན་ཏེ། སྡུད་པར་མཛད་པ་རྡོ་རྗེ་ཆོས་ཀྱིས་བསྡུས་ [92a] [92a.1]པའོ། །དེ་ཡང་འདི་སྐད་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པའི་བར་དག །བདག་གིས་མངོན་སུམ་དུ་ཐོས་སོ་ཞེས་སྟོན་ཏོ། །བདག་གིས་ཞེས་པ་ནི་གཞན་དང་གཞན་ལས་བརྒྱུད་པ་ལྟ་བུ་མ་ཡིན་པའི་དོན་ཏོ། ། [92a.2]ས་མ་ཡ་ཞེས་པའི་སྒྲ་ནི་དུས་མཚོན་པའོ། །འདི་ལྟར་དུས་མཚོན་པ་ཡང་དུས་གསུམ་ལ་སོགས་པ་དུས་ངེས་པར་བསྟན་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དགོས་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་། དབང་ཕྱུག་ལ་སོགས་པ་དང་ལྡན་པའི་ཕྱིར་བཅོམ་ [92a.3]ལྡན་འདས་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྙིང་པོ་རྡོ་རྗེ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་ཀྱི་སྙིང་པོའི་ས་བོན་ནི་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་མཚན་ཉིད་དོ། །བཙུན་མོ་ཞེས་པ་ནི་ཕྱག་རྒྱའི་དོན་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་འབྱུང་ [92a.4]གནས་དེའི་གནས་ན་བཞུགས་སོ་ཞེས་བྱ་བ་དེ་ནི་ངོ་མཚར་ཆེའོ། །སྐབས་འདིར་གཞན་དག་གིས་བརྒལ་བ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་བྱ་བས་ཆོག་མོད། འདི་སྐད་བདག་གིས་ཐོས་པ་དགོས་ཆེད་མེད་དེ། དེ་ནས་ཞེས་བྱ་བ་དང་རྒྱུད་ལྡན་པའམ། ལྷན་ཅིག་ཅེས་བྱས་ན་ཚིག་འབྲེལ་ [92a.5]ཅིང་བདེ་སྟེ། དེ་ཡང་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་བརྗོད་ན་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བརྗོད་པའི་རིགས་ཀྱི། ད་ལྟར་བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པའི་དུས་སུ་འདི་སྐད་བདག་གིས་ཐོས་པ་ཞེས་པ་འདི་རིགས་པ་མ་ཡིན་ནོ་ཞེ་ན། ལན་དུ་རིགས་ [92a.6]པ་ཡིན་ཏེ། རྒྱུད་ཐམས་ཅད་ལས་ཀྱང་འདི་སྐད་བདག་གིས་ཐོས་སོ་ཞེས་འབྱུང་ལ། སྟོན་པ་མྱ་ངན་ལས་འདས་སོ་ཞེས་ནི་རྒྱུད་གཞན་གང་ལས་ཀྱང་མ་གསུངས་སོ། །ཁ་ཅིག་གིས་བརྒལ་བ། རྒྱུད་སྡུད་པར་མཛད་པ་དག་མེད་དོ་ཞེས་གཞན་དག་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུད་འདི་དག་ [92a.7]གཉིས་སུ་མེད་པར་གནས་པའི་ཕྱིར་རོ་ཞེའོ། །ལན་དུ་རྒྱུད་འདི་དག་ལས་ཕྱིར་གྱུར་པ་གཞན་དག་ཅི་སྟེ་འདྲི་བ་པོ་ཞིག་མེད་ན་རྒྱུད་འདི་དག་ཇི་ལྟར་འབྱུང་བར་འགྱུར་ཞེས་རྣམ་པར་རྟོག་སྟེ། །དེ་དག་བསལ་བའི་ཕྱིར་འདི་སྐད་བདག་གིས་ཐོས་སོ་ཞེས་སྨོས་སོ། །བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ [92b] [92b.1]ཞེས་པ་ནི་རྒྱ་གར་གྱི་སྒྲ་དང་སྦྱར་ན་ཨ་ཕྱི་ལ་བ་ནི་གྲངས་བསྟན་པ་ཡིན་ལ། ནས་བཀག་ན་གྲངས་ལས་འདས་པའི་དོན་དུ་བསྟན་པ་ཡིན་ཏེ། དེའི་ཕྱིར་བརྗོད་དུ་མེད་པ་ཞེས་བྱའོ། །ཡང་བརྗོད་དུ་མེད་པ་ཞེས་བྱ་བ་ནི་གཟུགས་དང་ཡོན་ཏན་བརྗོད་དུ་མེད་པ་སྟེ། དེའི་ཕྱིར་བརྗོད་དུ་མེད་པའི་བརྗོད་ [92b.2]དུ་མེད་པ་ཞེས་བྱའོ། །དེ་ལ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པ་ཞེས་པ་ནི་རབ་ཏུ་མང་པོའི་དོན་ཏེ་གྲངས་མེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ལ་བྱང་ཆུབ་ནི་ཕྱག་རྒྱ། སེམས་དཔའ་ནི་འདོད་པ་སྟེ། དེའི་ཕྱིར་བྱང་ཆུབ་ [92b.3]སེམས་དཔའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གཉིས་སུ་མེད་པར་གནས་པའི་དོན་ཏོ། །སེམས་དཔའ་ཆེན་པོ་ཞེས་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ལ་གནས་སོ་ཞེས་བྱ་བའི་དོན་ཏེ། དེའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ། །དེ་ལྟ་བས་ན་ཆོས་ཀྱི་འབྱུང་གནས་ལ་གནས་སོ། །དེ་ཡང་ [92b.4]སུའི་ཐད་ན་བཞུགས་ཤེ་ན། བཅོམ་ལྡན་འདས་ཀྱི་འཁོར་ན་བཞུགས་སོ། །དེ་ལ་གོང་དུ་སངས་རྒྱས་ཀྱི་ཞིང་རྡུལ་ཕྲན་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བསྡུས་པའི་དོན་དུ་བསྟན་གྱི། གང་དང་གང་བཞུགས་པ་བསྟན་པའི་ཕྱིར་འདིར་སོ་སོའི་མཚན་ [92b.5]ཡང་སྨོས་སོ། །དེ་ལ་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཞེས་བྱ་བ་ཐོག་མར་ཅིའི་ཕྱིར་སྨོས་ཤེ་ན། དམ་ཚིག་གིས་ལྷ་རྣམས་མཉེས་པའི་རྒྱུར་བྱེད་པའི་ཕྱིར་གཙོར་སྨོས་ཏེ་དང་པོར་བསྟན་པ་ཡིན་ནོ། །དམ་ཚིག་ཉིད་ཇི་ལྟ་བུ་ཞེན་རྣམ་པ་གཉིས་ཏེ། ཕྱི་དང་ནང་ངོ་། ། [92b.6]དེ་ལ་ཕྱི་གང་ཞེ་ན། འཇིག་རྟེན་པའི་བསྲུང་བར་བྱ་བ་རྣམས་སོ། །ནང་གི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བཟའ་བའོ། །དེ་ལྟར་དམ་ཚིག་བསྲུངས་ནས་སྐུ་བསྒྲུབ་པའི་ཕྱིར་སྐུ་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་སྨོས་སོ། །གང་གིས་སྐུ་གྲུབ་པ་དང་། [92b.7]ཚིག་ཀྱང་དགོས་ཏེ། སྐུ་དང་གསུང་མི་ཕྱེད་པར་བསྟན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་ཚུལ་དུ་མངོན་པར་སྤྲུལ་ནས་གནས་པར་བསྟན་ཏོ། །དེའི་ཕྱིར་གསུང་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་སྨོས་སོ། །དེ་ལྟར་ཚིག་འགྲུབ་ནས་སེམས་ [93a] [93a.1]དཔྱོད་པར་བྱེད་དེ། དེ་ལ་སེམས་ནི་དངོས་པོ་ཐམས་ཅད་དང་རང་བཞིན་གྱིས་བྲལ་བར་ཡང་མཁྱེན་ལ། ཐམས་ཅད་དང་མི་གཉིས་པར་ཡང་མཁྱེན་པས་བྱང་ཆུབ་སེམས་དཔའི་ཚུལ་དུ་མངོན་པར་སྤྲུལ་ནས་གནས་པར་བསྟན་ཏེ། དེའི་ཕྱིར་ཐུགས་རྡོ་རྗེ་ཞེས་བྱ་བའི་བྱང་ [93a.2]ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སྨོས་སོ། །དེ་ལ་སྐུ་གསུང་ཐུགས་ཏིང་ངེ་འཛིན་མེད་པར་སངས་རྒྱས་ཀྱི་སྐུ་གཉིས་སུ་མེད་པར་མངོན་པར་མི་འགྲུབ་པས། དེའི་ཕྱིར་ཏིང་ངེ་འཛིན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སྨོས་སོ། །དེ་ལྟར་ཏིང་ངེ་འཛིན་ཐོབ་ [93a.3]ནས་གང་གིས་སེམས་མངོན་པར་དགའ་བར་འགྱུར་བ་དེ་རྒྱལ་བར་བསྟན་པ་ཡིན་ཏེ། དེའི་ཕྱིར་རྒྱལ་བ་རྡོ་རྗེ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོས་སོ། །གང་གིས་སྐུ་གསུང་ཐུགས་དང་ཕྱག་རྒྱ་ཆེན་པོའི་གཟུགས་ལྷ་མོ་དང་ལྡན་པའི་བདེ་བ་ཆེན་པོའི་ཡེ་ཤེས་རྒྱལ་བ་དེ་ཐམས་ཅད་ [93a.4]ས་ལ་སོགས་པ་མེད་པར་གཟུགས་བསྐྱེད་པར་མི་ནུས་པས་དེའི་ཕྱིར་ས་རྡོ་རྗེ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པ་རིམ་པ་བཞིན་དུ་བསྟན་ཏེ། དེའི་ཕྱིར་ས་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོས་སོ། །ད་ནི་ཆོས་ཀྱི་ཆུའི་ཆར་འབེབས་པས་ [93a.5]ཆུ་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བར་བསྟན་ཏོ། །དེའི་ཕྱིར་ཆུ་རྡོ་རྗེ་ཞེས་བྱའོ། །དེ་ལྟར་ཆུ་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་བསྟན་ནས་མེ་ལས་ཐམས་ཅད་འགྲུབ་པར་བསྟན་པའི་ཕྱིར་མེ་རྡོ་རྗེ་ཞེས་བྱ་བར་བསྟན་ཏོ། །དེ་ལྟར་མེ་རྡོ་རྗེ་ཞེས་བྱ་བའི་ [93a.6]བྱང་ཆུབ་སེམས་དཔར་བསྟན་ནས། ཐམས་ཅད་དུ་འགྲོ་བའི་གཟུགས་ལྷུན་གྱིས་གྲུབ་པར་བསྟན་པའི་ཕྱིར། རླུང་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་བསྟན་ཏོ། །དེ་ལྟར་རླུང་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་བསྟན་ནས། སྒྲིབ་པ་མེད་པར་སྣང་བའི་རང་བཞིན་ནམ་མཁའ་རྡོ་རྗེ་ [93a.7]ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་ཚུལ་དུ་བཅོམ་ལྡན་འདས་ཀྱིས་མངོན་པར་སྤྲུལ་པའི་ཕྱིར་ནམ་མཁའ་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སྨོས་སོ། །དེ་ལྟར་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་མངོན་པར་བསྒྲུབས་ནས། ད་ནི་གཉིས་སུ་མེད་པ་ལ་དམིགས་པ་ལྟ་བས་ཆོག་མི་ཤེས་པའི་ [93b] [93b.1]གཟུགས་ཡེ་ཤེས་ཀྱི་རང་བཞིན་དུ་བསྟན་ཏེ། དེའི་ཕྱིར་གཟུགས་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སྨོས་སོ། །དེ་ལྟར་གཟུགས་ཇི་ལྟ་བུ་ཡང་བསྟན་ནས། གཉིས་སུ་མེད་པའི་སྒྲས་སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱེད་པའི་སྒྲ་བཞིན་དང་། གང་དག་གིས་སྒྲར་བརྗོད་ [93b.2]པ་དེ་དག་བྱང་ཆུབ་སེམས་དཔའི་ཚུལ་དུ་གནས་པར་བསྟན་ཏེ། དེའི་ཕྱིར་སྒྲ་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སྨོས་སོ། །དེ་ལྟར་པདྨ་དང་རྡོ་རྗེ་ལ་སོགས་པའི་སྒྲ་བསྟན་ནས། ད་ནི་བདག་ཉིད་རབ་ཏུ་ཚིམ་པ་མྱོང་བར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་དུ་བཅོམ་ལྡན་འདས་ཀྱིས་ [93b.3]མངོན་པར་སྤྲུལ་ནས་གནས་པར་བསྟན་ཏེ། དེའི་ཕྱིར་དྲི་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སྨོས་སོ། །དེ་ལྟར་དྲི་རྡོ་རྗེས་བདག་དང་གཞན་གྱི་སེམས་ཚིམ་པར་བྱེད་པ་བསྟན་ནས། ད་ནི་དམ་ཚིག་དང་ཞལ་མི་གཉིས་པ་སྤྲད་པའི་རོ་མྱང་བར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་དུ་ [93b.4]གནས་པར་བསྟན་ཏེ། དེའི་ཕྱིར་རོ་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་སྨོས་སོ། །དེ་ལྟར་རོ་རྡོ་རྗེ་ཞེས་བྱ་བར་བསྟན་ནས། དབང་པོ་གཉིས་རེག་པའི་བདེ་བ་བསྟན་པའི་ཕྱིར་རེག་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སྨོས་སོ། །དེ་ལྟར་དེ་ཡན་ཆད་དུ་འདོད་པའི་ཡོན་ཏན་ལྔ་མདོར་ [93b.5]བསྟན་པའམ་ཡང་ན་འདོད་པའི་ཡོན་ཏན་ལྔ་བྱང་ཆུབ་སེམས་དཔའི་ཚུལ་དུ་བསྟན་པ་ཡིན་ནོ། །དེ་ལྟར་རེག་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་བསྟན་ནས། རྡོ་རྗེ་དང་པདྨོར་ལྡན་པ་ལས་བྱང་ཆུབ་ཀྱི་སེམས་འབྱུང་བའི་དུས་ན་རྣལ་འབྱོར་པས་ཤེས་པར་བྱ་བ་ནི། འདོད་ཆགས་མ་ཡིན་ཆགས་ [93b.6]བྲལ་མིན། །གཉིས་ཀ་མིན་པའང་མི་དམིགས་སོ། །ཞེས་བསྟན་པ་ཁོང་དུ་ཆུད་པར་བྱ་ཞིང་བྱང་ཆུབ་ཀྱི་སེམས་འབྱུང་བ་ན་བདག་ཉིད་ཆོས་ཀྱི་དབྱིངས་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སྨོས་སོ། །དེ་ལ་སོགས་པ་བརྗོད་དུ་མེད་ [93b.7]པའི་ཡང་བརྗོད་དུ་མེད་པ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཞེས་པའི་བར་དག་ནི་གོང་དུ་བསྟན་པས་འདིར་མ་སྨོས་སོ། །དེ་ལྟར་འཁོར་ཕུན་སུམ་ཚོགས་པ་བསྟན་ནས། ད་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་ཡང་ཚད་ཇི་ཙམ་ཞེ་ན། ནམ་མཁའི་ [94a] [94a.1]དབྱིངས་དང་མཉམ་པ་ཞེས་འབྱུང་མོད་ཀྱི། རེ་ཞིག་འདིར་མི་བསྐྱོད་པ་ལ་སོགས་པ་གཙོ་བོ་ཙམ་ཞིག་བསྟན་པ་ཡིན་ནོ། །དེ་ལ་བདག་གི་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་རྣམས་ཀྱི་རང་བཞིན་བསྟན་ཏེ། མི་བསྐྱོད་པ་རྡོ་རྗེ་ཞེས་པའི་དེ་བཞིན་གཤེགས་ [94a.2]པ་གང་དག་ཞེ་སྡང་དང་ལྡན་པའི་སེམས་དེའི་ངོ་བོར་གནས་པར་བསྟན་ཏོ། །རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ནི་གང་དག་གཏི་མུག་དང་བཅས་པ་རྣམས་ལ་དེའི་ངོ་བོར་རྣམ་པར་སྣང་མཛད་ཀྱི་ཚུལ་དུ་གནས་པར་བསྟན་ཏོ། །རིན་ཆེན་འབྱུང་ལྡན་ཞེས་པའི་དེ་ [94a.3]བཞིན་གཤེགས་པ་ནི་གང་དག་ང་རྒྱལ་དང་ལྡན་པའི་སེམས་ཀྱི་ཚུལ་དུ་རིན་ཆེན་འབྱུང་ལྡན་དེའི་ངོ་བོར་གནས་པར་བསྟན་ཏོ། །ཚད་མེད་པ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ནི་གང་དག་འདོད་ཆགས་དང་ལྡན་པའི་སེམས་སྣང་བ་མཐའ་ཡས་དེའི་རང་བཞིན་ལས་བྱུང་བར་བསྟན་པའི་ [94a.4]ཕྱིར་ཚད་མེད་པ་རྡོ་རྗེ་ཞེས་པའི་དེ་བཞིན་གཤེགས་པ་སྨོས་སོ། །གདོན་མི་ཟ་བ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་གང་ཕྲག་དོག་དང་ལྡན་པའི་སེམས་དེའི་ངོ་བོར་གདོན་མི་ཟ་བའི་རྡོ་རྗེ་གནས་པར་བསྟན་ཏོ། །དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་མཉམ་པར་ [94a.5]བསྟན་པ་འདི་དག་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ལྷུན་གྱིས་གྲུབ་པར་བསྟན་ཏེ། རང་གི་ལུས་ཀྱི་ཡན་ལག་དང་ཉིང་ལག་བྱང་ཆུབ་ཀྱི་སེམས་ལས་རང་གྲུབ་པའི་ཕྱིར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དེ་དག་རྒྱུད་ལས་གཙོར་སྨོས་ཏེ་བསྟན་པ་ཡིན་ནོ། །གཞན་ཡང་དེ་བཞིན་ [94a.6]གཤེགས་པ་དང་བྱང་ཆུབ་སེམས་དཔའ་ནམ་མཁའི་དབྱིངས་དང་མཉམ་པར་བསྟན་པ་དེ་དག་ནི་ཆོས་ཀྱི་དབྱིངས་དང་མཉམ་པར་སྤྲུལ་པས་ཁྱད་པར་སྤྲུལ་པའི་དོན་དུ་བསྟན་པའོ། །དེ་ལ་ནམ་མཁའ་ཐམས་ཅད་ཅེས་པ་ནི་ཆོས་ཀྱི་འབྱུང་གནས། དབྱིངས་ཞེས་པ་ནི་ས་བོན། མཉམ་ [94a.7]ཞེས་པ་ནི་ཁྱབ་པ། བསྟན་པ་ཞེས་པ་ནི་གསུངས་པའི་དོན་ཏོ། །འདི་དག་གསུངས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དཀྱིལ་ན་ས་བོན་གྱི་ཚུལ་དུ་ཕྱག་རྒྱ་ཐམས་ཅད་ཀྱི་སྐུར་ཁྱབ་པར་གནས་པར་བསྟན་པའོ། །ཡང་ན་ནམ་མཁའ་ཐམས་ཅད་ཅེས་པ་ནི་ལྷ་མོ་བཞི་དང་དེ་བཞིན་གཤེགས་པར་ལྡན་པ་ [94b] [94b.1]ཕྱག་རྒྱ་ཆོས་ཀྱི་འབྱུང་གནས་རྡོ་རྗེ་དང་མི་གཉིས་པར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཐམས་ཅད་སྤྲུལ་ནས་བཞུགས་སོ། །མང་པོར་སྨོས་ཅི་དགོས་ཏེ་དོན་མདོར་བསྟན་པ་ནི་འདི་དག་ཡིན་ནོ་ཞེ་ན། དེ་ལ་སྔར་སྨོས་པ་འདི་དག་ནི་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་དུ་བསྡུས་ཏེ་བསྒྲུབ་ [94b.2]བའི་གཞུང་གིས་བཅོམ་ལྡན་འདས་ངོ་མཚར་དུ་སྐྱེད་དོ། །དེ་ལྟར་བཅོམ་ལྡན་འདས་ཉིད་བསྐྱེད་པར་མ་ཟད་ཀྱི་སྔགས་པ་ཉིད་ཀྱང་འདི་ལྟ་བུའི་ཚུལ་གྱིས་མངོན་པར་བསྒྲུབ་བོ། །རྒྱུད་འདི་ཉིད་ཀྱང་འཕགས་པ་ཉིད་ཀྱི་སྐུ་དང་མཉམ་པའི་ཚུལ་དུ་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། ། [94b.3]ཡང་ན་དེ་བཞིན་ཉིད་རྣམ་པར་བསྒོམས་ལ་དེ་ལས་སྣང་བའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་སྐྱེས་པས་ཡིག་འབྲུའི་རྒྱུར་འགྱུར་ཏེ་སྔགས་ཀྱི་འབྲུ་སྐྱེད་པར་འགྱུར་རོ། །དེ་ལས་ལུས་ཀྱི་བདག་པོ་བཅོམ་ལྡན་འདས་རབ་ཏུ་འགྲུབ་པར་འགྱུར་ཏེ། དེ་ཡང་མཚན་དང་གཉིས་སུ་མེད་པའི་ [94b.4]སྦྱོར་བར་ལྡན་པ་པདྨའི་གནས་ན་བཞུགས་པའི་ནམ་མཁའི་ཕྱོགས་ན་རྒྱུད་ལས་སྨོས་པའི་ལྷ་ཐམས་ཅད་ཀྱི་རང་བཞིན་གྱི་ཡན་ལག་དང་ཉིང་ལག་ཏུ་བློས་རྣམ་པར་རྟོག་སྟེ། དེ་ཡང་ཇི་ལྟར་རྣམ་པར་རྟོག་ཅེ་ན། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་དེ་ཁོ་ན་ཉིད་རྣམ་པ་ལྔ་ [94b.5]དང་བདག་ལྡན་པར་རྣམ་པར་རྟོག་པར་བྱེད་དོ། །འདོད་ཆགས་སྣང་བ་མཐའ་ཡས། ཞེ་སྡང་མི་བསྐྱོད་པ། གཏི་མུག་རྣམ་པར་སྣང་མཛད། ང་རྒྱལ་རིན་ཆེན་འབྱུང་ལྡན། ཕྲག་དོག་གདོན་མི་ཟ་བར་གྲུབ་པ། ས་བོན་རྣམ་པར་སྣང་མཛད་ཆེན་པོ་སྟེ། དེ་ལས་རྣམ་པ་ལྔ་ [94b.6]པོ་འདི་དག་ཏུ་འགྱུར་བར་སྟོན་ནོ། །འདོད་ཆགས་ལ་སོགས་པ་འདི་དག་དེ་བཞིན་གཤེགས་པའི་སྐུར་རྣམ་པར་བརྟག་གོ། །དེ་ནས་ཡང་ཡེ་ཤེས་ཀྱི་ཚུལ་དུ་སོ་སོར་དབྱེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན། སོ་སོར་ཀུན་དུ་ [94b.7]རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས། བྱ་བ་གྲུབ་པའི་ཡེ་ཤེས་གདོན་མི་ཟ་བར་གྲུབ་བ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་གང་བཅོམ་ལྡན་འདས་ཀྱི་གཟུགས་འདི་གཏི་མུག་རྣམ་པར་སྣང་མཛད། གང་བདེ་བ་དང་སྡུག་བསྔལ་བའི་ཚོར་བ་མཉམ་པ་ཉིད་ཀྱི་བདག་ཉིད་ཀྱི་ཚུལ་ [95a] [95a.1]དུ་གནས་པ་ནི་རིན་ཆེན་འབྱུང་ལྡན། གང་དུས་གསུམ་དུ་ཆགས་པའི་འདུ་ཤེས་འབྱུང་བའི་རང་བཞིན་ནི་སྣང་བ་མཐའ་ཡས། གང་ཕྲག་དོག་མངོན་པར་འདུ་བྱེད་པའི་རང་བཞིན་ནི་གདོན་མི་ཟ་བར་གྲུབ་པའོ། །གང་ཞེ་སྡང་བ་ནི་མི་བསྐྱོད་པ་སྟེ་རྣམ་པར་ཤེས་པའོ། ། [95a.2]རྣལ་འབྱོར་པས་ནི་འདོད་ཆགས་ལ་སོགས་པ་ཆོས་ཇི་སྙེད་པ་ཐམས་ཅད་ཀྱི་བདག་པོའི་རང་བཞིན་དུ་བདག་གྱུར་པར་རྣམ་པར་བརྟག་གོ། །གཟུགས་རྣམ་པ་གསུམ་གྱི་ཚུལ་དུ་གནས་པ་རྣམ་པར་སྣང་མཛད། སྒྲ་རྣམ་པ་གསུམ་གྱི་ཚུལ་དུ་གནས་པ་རིན་ཆེན་འབྱུང་ལྡན། དྲི་རྣམ་པ་ [95a.3]གསུམ་གྱི་ཚུལ་དུ་གནས་པ་ནི་སྣང་བ་མཐའ་ཡས། རོ་རྣམ་པ་གསུམ་གྱི་ཚུལ་དུ་གནས་པ་ནི་གདོན་མི་ཟ་བར་གྲུབ་བ། རེག་རྣམ་པ་གསུམ་གྱི་ཚུལ་དུ་གནས་པ་ནི་མི་བསྐྱོད་པའོ། །དེ་ལྟར་རྣམ་པར་བརྟགས་ནས་ཡང་འབྱུང་བ་ཆེན་པོ་བཞི་ཇི་ལྟར་རྣམ་པར་བརྟག་ཅེ་ན། དེ་ལ་སའི་ [95a.4]ཁམས་ནི་སངས་རྒྱས་སྤྱན། མེའི་ཁམས་ནི་གོས་དཀར་མོ། །ཆུའི་ཁམས་ནི་མཱ་མ་ཀཱི། རླུང་གི་ཁམས་ནི་འཕགས་མ་སྒྲོལ་མ། ནམ་མཁའི་ཁམས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ལ་མིག་གི་རྣམ་པར་ཤེས་པའི་རང་བཞིན་ཡང་འདི་ལྟར་ཤེས་པར་བྱ་སྟེ། མིག་གི་རྣམ་ [95a.5]པར་ཤེས་པ་ནི་སའི་སྙིང་པོ། རྣ་བའི་རྣམ་པར་ཤེས་པ་ནི་ཕྱག་ན་རྡོ་རྗེ། སྣའི་རྣམ་པར་ཤེས་པ་ནི་ནམ་མཁའི་སྙིང་པོ། ལྕེའི་རྣམ་པར་ཤེས་པ་ནི་སྤྱན་རས་གཟིགས་དབང་ཕྱུག །ལུས་ཀྱི་རྣམ་པར་ཤེས་པ་ནི་སྒྲིབ་པ་རྣམ་པར་སེལ་བ། ཡིད་ཀྱི་རྣམ་པར་ཤེས་པ་ནི་དཔལ་ [95a.6]རྡོ་རྗེ་སེམས་དཔའ་སྟེ། འཕྲུལ་གྱི་མིག་ལ་སོགས་པ་ཡང་རྣམ་པར་དག་གོ། །མཉམ་པ་ཉིད་ཀྱི་དུས་སུ་བློས་འདི་ལྟར་ཤེས་པར་བྱ་སྟེ། ལག་པ་གཉིས་ནི་གཤིན་རྗེ་གཤེད་ཀྱི་རང་བཞིན་ཏེ་ཡོངས་སུ་འཛིན་པའི་དུས་ན་ལྕགས་ཀྱུའི་དོན། འཕགས་པ་གཞན་ [95a.7]གྱིས་མི་ཐུབ་པ་རྡོ་རྗེ་པདྨོར་གནས་པའི་དུས་ན་ཞགས་པའི་ཚུལ་དུ་བསམ་མོ། །འཕགས་པ་རྟ་མགྲིན་ནི་ཞལ་སྤྲོད་པའི་དུས་སུ་ལྕགས་སྒྲོག་སྟེ། ཚེམས་ཀྱི་སྒྲོས་བསྡམས་པའོ། །བདུད་རྩི་འཁྱིལ་པ་ལས་ཀྱི་རང་བཞིན་ཏེ། ལས་ཀྱི་དུས་ན་བདེ་བ་ཆེན་པོ་ལ་གནས་པའམ་མཉེས་ [95b] [95b.1]པར་བྱེད་པ་སྟེ་དྲིལ་བུའི་དོན་ཏོ། །སྒྲུབ་པའི་རྣལ་འབྱོར་པས་དེ་ལྟར་རྣམ་པར་རྟོགས་པར་བྱའོ། །འདི་དག་ཐབས་ཆེན་པོ་ཡེ་ཤེས་ལས་གྲུབ་པར་ཤེས་པར་བྱའོ། །རྒྱུད་ལས་འཁོར་སེམས་དཔའ་གང་དག་གསུངས་པ་མངོན་པར་འབྱུང་བའི་དུས་ན་ལུས་ཐམས་ཅད་ཀྱི་ཡན་ [95b.2]ལག་དང་ཉིང་ལག་ལྟ་བུ་བློས་རྣམ་པར་དབྱེ་བར་བྱ་བ་སྟེ། དེ་ལ་དམ་ཚིག་རྡོ་རྗེ་དང་། སྐུ་གསུང་ཐུགས་རྡོ་རྗེ་དང་། ཏིང་ངེ་འཛིན་རྡོ་རྗེ་དང་། རྒྱལ་བ་རྡོ་རྗེ་དང་། ས་རྡོ་རྗེ་དང་། ཆུ་རྡོ་རྗེ་དང་། མེ་རྡོ་རྗེ་དང་། རླུང་རྡོ་རྗེ་དང་། ནམ་མཁའ་རྡོ་རྗེ་དང་། གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། [95b.3]དྲི་རྡོ་རྗེ་དང་། རོ་རྡོ་རྗེ་དང་། རེག་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་རྡོ་རྗེ་དང་། རྣམ་པར་སྣང་མཛད་རྡོ་རྗེ་དང་། མི་འཁྲུགས་པ་རྡོ་རྗེ་དང་། རིན་ཆེན་འབྱུང་ལྡན་རྡོ་རྗེ་དང་། སྣང་བ་མཐའ་ཡས་རྡོ་རྗེ་དང་། གདོན་མི་ཟ་བར་གྲུབ་པ་རྡོ་རྗེ་དང་སྟེ། འདི་དག་ཐམས་ཅད་ལུས་ཀྱི་ཡན་ལག་དང་ [95b.4]ཉིང་ལག་ཏུ་བློས་རིམ་པ་བཞིན་དུ་གཙོ་བོའི་སྐུར་རྣམ་པར་བརྟག་གོ། །དེ་ལ་དམ་ཚིག་གི་རང་བཞིན་ནི་བདུད་རྩི་དང་ལྡན་པའི་ངོ་བོ་སྟེ། དེ་བས་ན་དམ་ཚིག་རྡོ་རྗེ་ཞེས་བྱའོ། །དེ་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སྐུ་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་ [95b.5]སྐུའོ། །གསུང་གི་རང་བཞིན་ནི་གསང་སྔགས་ཐམས་ཅད་སྟོན་པའི་རང་བཞིན་ནོ། །སྐུ་གསུང་ཐུགས་ཀྱི་རིག་པ་ལ་རྗེས་སུ་ཆགས་པའི་དོན་ནི་ཏིང་ངེ་འཛིན་ཏོ། །དེ་ལྟར་ཏིང་ངེ་འཛིན་བརྙེས་པ་ལས་དགྱེས་པ་འབྱུང་བ་ནི་རྒྱལ་བའོ། །ས་ལ་སོགས་པའི་རང་བཞིན་ལས་སྐུར་འགྲུབ་ [95b.6]སྟེ། ས་ནི་གཞལ་མེད་ཁང་གི་རང་བཞིན་ནོ། །ཆུ་ནི་གཤེར་བའོ། །མེ་ནི་ཆོ་འཕྲུལ་ལོ། །རླུང་ནི་བརྐྱང་བསྐུམ་བྱེད་པའོ། །ནམ་མཁའ་ནི་ལུས་ཐམས་ཅད་གསལ་བར་བྱེད་པའོ། །གཟུགས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །སྒྲ་ནི་ [95b.7]རྡོ་རྗེ་དང་པདྨར་ལྡན་པའོ། །དྲི་ནི་ཡིད་ཚིམ་པར་བྱེད་པའོ། །རོ་ནི་ཞལ་གཉིས་མྱོང་བར་བྱེད་པའོ། །རེག་པ་ནི་དབང་པོ་གཉིས་བདར་བར་བྱེད་པའོ། །ཆོས་ཀྱི་དབྱིངས་ནི་བདེ་བ་ཆེན་པོ་ལ་གནས་པའོ། །མི་བསྐྱོད་པ་ནི་ཞེ་སྡང་། རྣམ་པར་སྣང་མཛད་ནི་གཏི་མུག །རིན་ཆེན་འབྱུང་ [96a] [96a.1]ལྡན་ནི་ང་རྒྱལ། གདོན་མི་ཟ་བར་གྲུབ་པ་ནི་ཕྲག་དོག། །སྣང་བ་མཐའ་ཡས་ནི་འདོད་ཆགས་ཏེ། ཐམས་ཅད་ཀྱང་ལུས་ལ་གནས་པར་ཤེས་ནས་གཙོ་བོ་འདི་དག་ལ་སོགས་པ་སྤྲོ་བར་མཛད་དོ། །ཞལ་དུ་ཞུགས་ནས་དབང་པོའི་ལམ་དུ་བྱུང་སྟེ་ཆོས་ [96a.2]ཀྱི་འབྱུང་གནས་ཀྱི་དཀྱིལ་དུ་བདག་པོའི་སྐུ་དང་ལྡན་པར་གནས་ཏེ། དེ་ཡང་ལུས་ཐམས་ཅད་རྣམ་པར་ཞུ་ནས་ས་བོན་གྱི་ཚུལ་དུ་བདེ་བ་ཆེན་པོའི་ལུས་ལ་གནས་པར་རྣལ་འབྱོར་པས་མཐོང་ངོ་། །སྒྲུབ་པ་ཐམས་ཅད་ཀྱི་ཐབས་ཀྱི་རིམ་གྱིས་བདག་ཉིད་དངོས་པོ་ཐམས་ཅད་ཀྱི་ [96a.3]རང་བཞིན་དུ་མཐོང་སྟེ་འདི་ཉིད་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་པདྨོར་ལྡན་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །བདེ་བ་ཆེན་པོ་ནི་ཆོས་ཀྱི་ཕྱག་རྒྱའོ། །གཉིས་ཀྱི་ལས་གང་ཡིན་པ་དེ་ཉིད་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་དང་པདྨོར་མཉམ་པར་སྦྱོར་བ་ཡིད་ཀྱིས་མཐོང་ནས་འདི་ལོངས་སྤྱོད་རྫོགས་ [96a.4]པའི་སྐུ་ཞེས་མངོན་པའི་ང་རྒྱལ་བསྐྱེད་དོ། །ཡང་ན་བདེ་བ་ཆེན་པོ་ལ་གནས་ཏེ། བྱང་ཆུབ་ཀྱི་སེམས་ས་བོན་གྱི་ཚུལ་དུ་ལུས་ཐམས་ཅད་ལ་ཁྱབ་སྟེ་དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་དང་། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ [96a.5]པར་ཤེས་པ་དང་། ས་ཆུ་མེ་རླུང་ནམ་མཁའ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་ལ་སོགས་པ་ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བྱས་ནས། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུས་སུ་འང་དམིགས་པར་མི་འགྱུར་རོ། ། [96a.6]ཞེས་བྱ་བའི་ཚུལ་གྱིས་མཉམ་པར་སྤྲོས་ནས། རྣམ་པར་མི་རྟོག་པར་འགྱུར་ཏེ་གནས་སོ། །དེ་ལྟར་ལྷུན་གྱིས་གྲུབ་ནས་སྤྲུལ་པའི་འཁོར་ལོ་སྐོར་བར་བྱེད་དོ། །དེ་ཡང་སྔོན་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་འབྱུང་བར་འགྱུར་རོ། །དེ་ལ་རྟག་ཏུ་དཀྱིལ་འཁོར་གྱི་དབུས་སུ་ [96a.7]ཐབས་དང་ཤེས་རབ་གཉིས་ཀྱི་ཚུལ་དུ་གནས་ཏེ། ཐམས་ཅད་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་ཚུལ་དུ་བསྒོམ་པར་བྱའོ། །གཟུགས་རྣམ་གསུམ་ནི་མིག་གི་དབང་པོ་ལ་རྣམ་པར་སྣང་མཛད་ཀྱི་ཚུལ་དུ་ཡོངས་སུ་ཐིམ་མོ། །སྒྲ་རྣམ་གསུམ་ནི་རྣ་བའི་དབང་པོ་ལ་རིན་ཆེན་འབྱུང་ལྡན་གྱི་ཚུལ་དུ་ [96b] [96b.1]ཡོངས་སུ་ཐིམ་མོ། །དྲི་རྣམ་གསུམ་ནི་སྣའི་དབང་པོ་ལ་སྣང་བ་མཐའ་ཡས་ཀྱི་ཚུལ་དུ་ཡོངས་སུ་ཐིམ་མོ། །རོ་རྣམ་གསུམ་ནི་ལྕེའི་དབང་པོ་ལ་གདོན་མི་ཟ་བའི་ཚུལ་དུ་ཡོངས་སུ་ཐིམ་མོ། །རེག་རྣམ་གསུམ་ནི་ལུས་ཀྱི་དབང་པོ་ལ་མི་བསྐྱོད་པའི་ཚུལ་དུ་ཡོངས་ [96b.2]སུ་ཐིམ་མོ། །བདག་གི་ལུས་སམ་གང་དག་གི་ལུས་དང་ལྡན་པ་དེ་དག་འདི་ལྟར་རྣམ་པར་གནས་ཏེ། དེ་ལ་འདོད་ཆགས་ཀྱི་རང་བཞིན་སྣང་བ་མཐའ་ཡས་ཏེ་འདི་ལྟར་ང་རྒྱལ་བསྐྱེད་པར་བྱའོ། །གང་དག་ཞེ་སྡང་དང་ལྡན་པ་དེ་དག་ནི་མི་བསྐྱོད་པའི་རང་བཞིན་དུ་ [96b.3]ང་རྒྱལ་བསྐྱེད་པར་བྱའོ། །བདག་གམ་བདག་གི་ལུས་ལ་བད་ཀན་ལྟར་གནས་པ་དེ་དག་ནི་གཏི་མུག་སྟེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ང་རྒྱལ་བསྐྱེད་པར་བྱའོ། །རྒྱས་པ་ནི་ནོ་པེ་ཀ་དག་ལས་སྨོས་ཏེ། འདིར་ནི་ས་འཛིན་ཙམ་དུ་སྨོས་པར་ཟད་དོ། །བཟའ་བ་ལ་སོགས་པ་ཡང་ [96b.4]འདིར་མ་སྨོས་སོ། །དེ་ནས་རང་བཞིན་གྱིས་གྲུབ་པ་ཡང་རིམ་བཞིན་དུ་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་རང་བཞིན་བསྐྱེད་པ་མདོ་ཙམ་ཞིག་བསྐྱེད་པར་བྱ་སྟེ། དེ་བས་ན་འདི་ལྟར་བརྟག་པར་བྱའོ། །བདག་སྔོན་ཕ་མ་ཕྲད་པའི་ས་བོན་ལས་བསྐྱེད་པ་བཞིན་དུ་བདག་སྐྱེས་ཏེ། དེ་བས་ [96b.5]ན་བདག་ནི་གྲུབ་པའོ་ཞེས་སྐུ་འབའ་ཞིག་དྲན་པར་བྱའོ། །ཇི་ལྟར་གྲུབ་པ་དང་རིམ་གྱིས་བསྟན་ཏེ། ཕ་གང་ཡིན་པ་དེ་བདག་གི་ལྷའོ། །མ་གང་ཡིན་པ་དེ་རིགས་ཀྱི་ལྷ་མོའོ། །དེའི་ལུས་ཀྱི་འདོད་ཆགས་གང་ཡིན་པ་དེ་སྣང་བ་མཐའ་ཡས། ཞེ་སྡང་གང་ཡིན་པ་དེ་མི་འཁྲུགས་ [96b.6]བ། གཏི་མུག་གང་ཡིན་པ་དེ་རྣམ་པར་སྣང་མཛད། ང་རྒྱལ་གང་ཡིན་པ་དེ་རིན་ཆེན་འབྱུང་ལྡན། ཕྲག་དོག་གང་ཡིན་པ་དེ་གདོན་མི་ཟ་བར་གྲུབ་པ། གཞན་ཡང་བྱང་ཆུབ་ཀྱི་སེམས་ས་བོན་གང་ཡིན་པ་དེ་ནི་རྣམ་པར་སྣང་མཛད་ཆེན་པོ་སྟེ། དེ་བས་དེ་དག་མངོན་པར་འབྱུང་ངོ་། །དེ་ [96b.7]ནས་ཡང་ཡེ་ཤེས་ལྔའི་རང་བཞིན་དུ་བསྟན་ཏེ། ཕ་དང་མའི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་བསྐྱོད་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རིན་ཆེན་འབྱུང་ལྡན། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ནི་སྣང་བ་མཐའ་ཡས། བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་དོན་ཡོད་གྲུབ་པ། ཆོས་ཀྱི་དབྱིངས་ [97a] [97a.1]ཀྱི་ཡེ་ཤེས་ནི་རྣམ་པར་སྣང་མཛད་དོ། །གཞན་ཡང་གཟུགས་ལ་སོགས་པ་དེ་དག་ཐམས་ཅད་གཟུགས་སོ་ཞེས་དྲན་པར་བྱའོ། །ཕ་དང་མའི་གཟུགས་ནི་རྣམ་པར་སྣང་མཛད། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་སྣང་བ་མཐའ་ཡས། འདུ་བྱེད་དོན་ [97a.2]ཡོད་གྲུབ་པ། རྣམ་པར་ཤེས་པ་མི་བསྐྱོད་པ། ཕ་དང་མའི་ལུས་ཀྱི་ས་ནི་སངས་རྒྱས་སྤྱན། ཆུ་ནི་རྒྱལ་བའི་ཡུམ། མེ་ནི་གོས་དཀར་མོ། །རླུང་ནི་འཕགས་མ་སྒྲོལ་མ། ནམ་མཁའ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ཡང་གཞན་ཡང་དྲན་པར་བྱ་སྟེ། མིག་སའི་སྙིང་པོ་ [97a.3]རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་མཁའི་སྙིང་པོ། ལྕེ་སྤྱན་རས་གཟིགས་དབང་ཕྱུག །ལུས་སྒྲིབ་པ་རྣམ་པར་སེལ་བ། ཡིད་རྡོ་རྗེ་སེམས་དཔའ་ཕ་དང་མ་ཀུན་དུ་སྦྱོར་བའི་ལྕགས་ཀྱུ་གཤིན་རྗེ་གཤེད། རྡོ་རྗེ་པདྨར་ཞུགས་པ་ཞགས་པ་སྟེ་གཞན་གྱིས་མི་ཐུབ་པ། འཆིང་བ་ལྕགས་ [97a.4]སྒྲོག་སྟེ་རྟ་མགྲིན། ལས་སམ་ས་བོན་འབྱུང་བའི་དུས་ན་བདུད་རྩི་འཁྱིལ་པ་སྟེ། དེའི་དུས་ན་བདག་ཞུགས་སོ། །ཞུགས་པའི་དུས་ན་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག། །གཟུགས་སྒྲ་དྲི་རོ་རེག་བྱ། ས་ཆུ་མེ་རླུང་ནམ་མཁའ། མིག་རྣ་བ་སྣ་ལྕེ་ལུས་ [97a.5]ཡིད་ལ་སོགས་པ་ས་བོན་རྣམ་པར་སྣང་མཛད་ཆེན་པོས་བསྐྱེད་དེ། བདེ་བ་ཆེན་པོ་ལ་གནས་པའི་དུས་ནའོ། །དེ་བས་ན་བདག་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནོ། །གང་དག་རྫས་དགུའི་དངོས་པོ་ལས་སྐྱེས་པའི་དུས་ན་དགུ་པོ་དེ་དག་རྣམ་པར་བསྒོམ་པར་ [97a.6]བྱའོ། །དེ་ལ་རྫས་དགུ་ནི་འདི་དག་སྟེ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་ས་ཆུ་མེ་རླུང་ནམ་མཁའ། མིག་རྣ་བ་སྣ་ལྕེ་ལུས་ཡིད་ལ་སོགས་པ་བ་སྤུའི་བུ་ག་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་ལས་མངོན་པར་སྤྲུལ་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བདག་ [97a.7]སྐྱེས་པས། དེའི་ཕྱིར་བདག་ཆོས་ཀྱི་དབྱིངས་སོ། །དེ་ལྟར་ཤེས་པར་བྱ་སྟེ། སྤྱོད་ལམ་རྣམ་པ་བཞི་ཐམས་ཅད་དུ་རྟག་པར་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་ལས་དེ་ལྟ་བུའི་ཚུལ་དུ་སྐྱེ་བའམ། ཡང་ན་སྣང་བ་མཐའ་ཡས་ཀྱི་ཚུལ་དུ་སྐྱེས་པའོ། །ཡེ་ཤེས་ཙམ་དུ་ཤེས་པར་ [97b] [97b.1]བྱས་ནས་ཐམས་ཅད་ཀྱི་རང་བཞིན་དུ་བདག་བསྒོམ་པར་བྱའོ། །གཞན་ཡང་རང་བཞིན་གྱིས་གྲུབ་པ་རིམ་གྱིས་བསྟན་པར་བྱ་སྟེ། འདོད་ཆགས་འདོད་ཆགས་ཀྱི་རང་བཞིན་གྱིས་མེད་དོ། །དེ་བས་ན་ཞེ་སྡང་ཞེ་སྡང་གི་རང་བཞིན་གྱིས་མེད་དོ། །དེ་བཞིན་དུ་གཏི་མུག་གཏི་མུག་གི་ [97b.2]རང་བཞིན་གྱིས་མི་དམིགས་སོ། །ང་རྒྱལ་ཡང་ཤིན་ཏུ་རང་བཞིན་མེད་དོ། །དེ་བཞིན་དུ་ཕྲག་དོག་ཀྱང་རང་བཞིན་མེད་དོ། །ས་ནི་རྡུལ་ཕྲ་མོའི་རང་བཞིན་ཡིན་པའི་ཕྱིར་རང་བཞིན་གྱིས་སྟོང་ངོ་། །ཆུ་ཡང་དེ་བཞིན་ནོ། །མེ་དང་རླུང་དང་ནམ་མཁའ་ཡང་འདུ་ཤེས་ཙམ་དུ་བརྟག་ [97b.3]པར་བྱའོ། །གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ལ་སོགས་པ་ཡང་སྟོང་ངོ་། །དེ་བཞིན་དུ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་སོགས་པ་ཡང་སྟོང་ངོ་། །གང་གི་དུས་ན་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་ནི་ཡོངས་སུ་ [97b.4]མྱ་ངན་ལས་འདས་པའོ། །དེ་ལྟ་བས་ན་བདག་རང་བཞིན་གྱིས་གྲུབ་པ་སྟེ། སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འགྲོ་བ་དང་གནས་པ་ལ་སོགས་པ་ཐམས་ཅད་ཀྱང་བདག་གྲུབ་པ་བཞིན་ནོ་བར་ཤེས་པར་བྱའོ། །རང་བཞིན་གྱིས་ཀུན་འདི་ལྟར་ལྷུན་གྱིས་གྲུབ་པའི་ [97b.5]སྒྱུ་མ་སྟོང་པའི་སྦྱོར་གཞི་མགོན་པོ་ཐམས་ཅད་མཁྱེན་པའི་བདག་གོ་ཞེས་འདི་ལྟར་ཤེས་པར་བྱས་ན། རབ་ཏུ་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་གྱི་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།{T1911}༄༅༅། །དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས་བཞུགས། [97b.6]༄༅༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མགོན་པོ་སངས་རྒྱས་ཀུན་ངོ་བོ། །ཞེ་སྡང་རྡོ་རྗེ་རྒྱལ་བའི་གཙོ། །ལྷ་མོའི་ཚོགས་བཅས་བདེ་ཆེན་ལ། །དད་པས་རྟག་ཏུ་ཕྱག་འཚལ་ཏེ། །དཔལ་ལྡན་གསང་འདུས་རྒྱུད་འདི་ཡི། །དོན་རྟོགས་གསལ་བར་ [97b.7]བྱ་བ་དང་། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །སྒྲུབ་པའི་ཐབས་འདི་བཤད་པར་བྱ། །དང་པོར་སྔགས་པས་ངེས་པར་ནི། །རྡོ་རྗེ་སློབ་དཔོན་མཉེས་བྱས་ཏེ། །དབང་བསྐུར་གནང་བ་ཐོབ་ནས་ནི། །དེ་ནས་སྒྲུབ་པ་བརྩམ་པར་བྱ། །དཀྱིལ་འཁོར་དུ་ནི་ཞུགས་པ་དང་། ། [98a] [98a.1]དེ་བཞིན་གསང་ཉིད་ཤེས་པ་དང་། །ཀུན་བྱེད་ཐམས་ཅད་ཟ་བ་ཡིས། །ཐེ་ཚོམ་མེད་པར་དངོས་གྲུབ་ཐོབ། །གཙོ་ལ་མི་ཕྱེད་དད་པ་དང་། །རྣམ་པར་མི་རྟོག་བློ་ལྡན་ཞིང་། །དམ་ཚིག་སྡོམ་ལ་གནས་པ་ནི། །བྲམ་ཟེ་བསད་ནའང་འགྲུབ་པར་ [98a.2]འགྱུར། །དཀྱིལ་འཁོར་དག་ནི་དམན་པ་དང་། །དམ་ཚིག་རྣམ་པར་སྤངས་པ་དང་། གསང་བ་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅུང་ཟད་འགྲུབ་མི་འགྱུར། །དེ་ལ་འདི་ནི་དམ་ཚིག་སྡོམ་པ་སྟེ། ཤ་ཁྲག་དྲི་ཆེན་རྡོ་རྗེ་ཆུ། །ལྔ་པ་སེམས་ནི་འབྱུང་བ་སྟེ། །སྔགས་ [98a.3]པས་ཆོ་གས་བྱིན་བརླབས་ནས། ཉིན་གཅིག་བཞིན་དུ་བཟའ་བར་བྱ། །སྦྱང་སྦར་དེ་བཞིན་རྟོགས་བྱས་ལ། །དོགས་པ་མེད་པའི་སེམས་ཀྱིས་ནི། །དེ་བཞིན་གཤེགས་པ་མཉེས་བྱའི་ཕྱིར། །དགའ་བའི་སེམས་ཀྱིས་བཟའ་བར་བྱ། །ཧཱུཾ་ཞེས་པས་ནི་ཀུན་དུ་སྦྱར། །ཨཱཿཞེས་ [98a.4]པས་ནི་རྟོགས་པར་བྱ། །ཨོཾ་གྱིས་འབར་བར་བསྒོམ་བྱས་པ། །འདི་ནི་དམ་ཚིག་དམ་པའོ། །གླང་ཆེན་རྟ་དང་ཤ་ཆེན་དང་། །བ་ལང་ཁྱི་ཤ་མཆོག་ཡིན་ཏེ། །ཟས་ཕྱིར་འདི་དག་བཟའ་བར་བྱ། །གཞན་ནི་བཟའ་བར་མི་བྱའོ། །ཤ་རྣམས་དག་ནི་མ་རྙེད་ན། །ཀུན་ལ་བསྒོམ་ [98a.5]ཞིང་རྣམ་པར་བརྟག །རྡོ་རྗེའི་སྦྱོར་བ་འདི་དག་གིས། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ། །བཟའ་བའམ་ཡང་ན་བཏུང་བ་སྟེ། །བརྟུལ་ཞུགས་ཅན་གྱིས་ཅི་བཟའ་བ། །དྲི་ཆུ་ཤ་ཡི་སྦྱོར་བ་སྟེ། །ཆོ་ག་ཇི་བཞིན་བརྟག་པར་བྱ། །རྣམ་པ་ཐམས་ཅད་མཆོག་ལྡན་པ། ། [98a.6]རང་ལུས་ངག་ཡིད་རྡོ་རྗེ་ཡི། །སྙིང་གར་ཡེ་ཤེས་དམ་ཚིག་སྟེ། །རྡོ་རྗེ་མཆོག་འཛིན་ཅོད་པན་དུའོ། །དམ་ཚིག་རྡོ་རྗེ་ལྕེ་རྩེར་ནི། །ཧཱུཾ་ལས་རྡོ་རྗེར་བསྒོམ་བྱས་ལ། །ཨཱཿདང་ཨོཾ་གྱི་སྦྱོར་བ་ཡིས། །ཟོས་ན་བྱང་ཆུབ་འཐོབ་པར་འགྱུར། །འདི་ནི་དམ་ཚིག་མཆོག་ཡིན་ཏེ། ། [98a.7]སངས་རྒྱས་ཐམས་ཅད་མཉེས་འགྱུར་བ། །དམ་ཚིག་མཆོག་ཅེས་བྱ་བ་སྟེ། །མཆོག་གི་དངོས་གྲུབ་ཐམས་ཅད་བྱེད། །རྟག་པར་གཞན་ནས་དབྲོག་པ་དང་། །རྨད་དུ་བྱུང་བས་གསོད་པ་དང་། །འདོད་ཆགས་རྡོ་རྗེ་ཉིད་སྦྱོར་བ། །འདི་ནི་སྡོམ་པས་བསྡམས་པའོ། །དམ་བཅའ་ [98b] [98b.1]བརྟུལ་ཞུགས་དཀའ་སྤྱོད་པ། །བསྟེན་པས་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །སློང་མོའི་ཟན་ཟས་མི་བཟླས་ཤིང་། །སློང་ལ་དགའ་བར་མི་བྱ་སྟེ། །ཡན་ལག་མི་གཉིས་སྔགས་བཟླས་ལ། །འདོད་ [98b.2]པའི་ལོངས་སྤྱོད་ཀུན་སྤྱད་དོ། །ལུས་དང་ངག་ཡིད་བདེར་གནས་ན། །བྱང་ཆུབ་སེམས་དཔའ་འཐོབ་པར་འགྱུར། །གཞན་དུ་དུས་མིན་འཆི་འགྱུར་ཞིང་། །དམྱལ་བ་རྣམས་སུ་རྟག་ཏུ་བསྲེག །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་པས། ། [98b.3]འདོད་པའི་ལོངས་སྤྱོད་ཀུན་བརྟེན་ན། །ཆོས་ཀྱི་ཡི་གེ་མཆོག་ཐོབ་འགྱུར། །ཆགས་པའི་ཡེ་ཤེས་རྟག་བསྒྲུབས་པས། །འདོད་པའི་ལོངས་སྤྱོད་ལྔ་བརྟེན་ཞིང་། །བྱང་ཆུབ་དཔའ་བོ་ཆགས་པ་དང་། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །གཟུགས་སྒྲ་དྲི་ལ་ [98b.4]སོགས་པ་ལ། །སྨད་པ་དག་ཏུ་མི་བྱ་སྟེ། །རྡོ་རྗེ་འཆང་རྒྱལ་དེ་ཉིད་ནི། །ཐམས་ཅད་དུ་ནི་ཡང་དག་གནས། །གཟུགས་སྒྲ་རོ་དང་རེག་གི་རྣམས། །དེ་བཞིན་རབ་འབྲིང་ཐ་མ་སྟེ། །ཁྱད་པར་རྣམ་གསུམ་ཤེས་བྱས་ནས། །རྡོ་རྗེ་སེམས་ལ་མཆོད་པར་བྱ། །སྔགས་ [98b.5]པས་རྣམ་པ་འདི་དག་གིས། །དམ་ཚིག་སྡོམ་པ་བསྲུང་བྱས་ན། །ཚེ་འདི་ཉིད་ལ་འདི་དག་གིས། །རྡོ་རྗེ་གསུམ་ཉིད་ཐོབ་པར་འགྱུར། །གལ་ཏེ་གཏི་མུག་ཅན་གྱིས་འདས། །དེ་ལ་དངོས་གྲུབ་མི་འབྱུང་ཞིང་། །རིམས་དང་དུག་དང་ནད་བགེགས་ཀྱིས། །བསད་ནས་ [98b.6]སེམས་ཅན་དམྱལ་བར་འགྲོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། །བྱིན་གྱིས་རློབ་པར་མི་མཛད་ཅིང་། །མེ་ཏོག་བདུག་སྤོས་ལ་སོགས་རྣམས། །ཕུལ་ཡང་བཞེས་པར་མི་མཛད་དོ། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ཞིང་། །ཕ་རོལ་ཏུ་ཡང་ [98b.7]དམྱལ་བར་འགྲོ། །དམ་ཚིག་སྤྱོད་པ་ཉམས་པ་ཡིས། །གཏི་མུག་ཅན་གྱིས་གྲུབ་མི་འཐོབ། །སྔར་སྨོས་སྡོམ་ལ་གནས་པ་ནི། །རྟག་པར་མི་ཕྱེད་བརྟུལ་ཞུགས་ཀྱིས། །ལུས་དང་ངག་ཡིད་རྡོ་རྗེ་ཡི། །སྒྲུབ་པ་དག་ནི་བརྩམ་པར་བྱ། །ནགས་ཚལ་ཆེན་ [99a] [99a.1]པོའི་ཕྱོགས་དག་དང་། །དབེན་པ་ཆེན་པོའི་གནས་དག་དང་། །རི་བོ་རིལ་སུལ་རྣམས་སུ་ནི། །དངོས་གྲུབ་རྟག་ཏུ་ཐོབ་པར་འགྱུར། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་གིས། །འཇམ་པའི་སྟན་ལ་འདུག་ནས་ནི། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་དུ། །གནས་ནས་ [99a.2]གནས་བསྲུང་རྣམ་པར་བསམ། །གཟུགས་ཆེན་འབར་བ་འཇིགས་བྱེད་པའི། །ཁྲོ་བོ་བཅུ་དག་ཕྱུང་ནས་ནི། །ཧཱུཾ་ལས་སྐྱེས་པའི་ཉི་མའི་སྟེང་། །སྨད་ནི་རྩེ་མོར་རྣམ་པར་བསམ། །ཕྱོགས་བཅུའི་དཀྱིལ་འཁོར་ཕྱོགས་རྣམས་སུ། །རིམ་པ་བཞིན་དུ་ཀུན་དུ་བསམ། །བགེགས་ [99a.3]རྣམས་ཐམས་ཅད་གཞིག་པའི་ཕྱིར། །གནོད་མཛེས་བཀའ་སྩལ་ཕུར་བུས་གདབ། །ཉི་མའི་དཀྱིལ་འཁོར་དབུས་གནས་པའི། །དབྱར་གྱི་སྤྲིན་དཔུང་ལྟ་བུ་སྟེ། །བསྐལ་པའི་མེ་དཔུང་བཞིན་དུ་འབར། །གཡས་བརྐྱང་བར་ནི་རབ་ཏུ་གནས། །སྨིན་མཚམས་ཁྲོ་གཉེར་དམར་ [99a.4]བའི་སྤྱན། །ཞལ་གསུམ་མཆེ་གཙིགས་རྣམ་པར་སྒྱུར། །ཕྱག་གཉིས་ཧཱུཾ་གི་རྒྱ་བཅིངས་ཏེ། །དཔའ་བོ་རྡོ་རྗེ་དྲིལ་བུ་འཛིན། །གཡས་གཉིས་ལྕགས་ཀྱུ་རལ་གྲི་བསྣམས། །གཡོན་གཉིས་དགྲ་སྟ་ཞགས་པ་འཛིན། །འདི་འདྲའི་གཟུགས་ནི་བསམ་བྱས་ནས། །རང་གིས་ [99a.5]དེ་ལ་བཀའ་སྩལ་ཏོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན། བི་དྱ་རཱ་ཛཱ་ཡ་ཧཱུཾ་ཕཊ། ཁྲོ་བོའི་རྒྱལ་པོ་འདི་དག་གིས། །བགེགས་ནི་ཀུན་ནས་རྣམ་པར་འཇིག། །བློ་ལྡན་རབ་ཏུ་སྦྱོར་བ་ཡིས། །ཆོ་ག་བཞིན་དུ་ཕུར་ཀུན་ [99a.6]གདབ། །རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ། །རྡོ་རྗེ་ཕུར་བུ་ཉིད་གནས་པ། །ཨུཏྤལ་སྔོན་པོའི་འདབ་འདྲ་བ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ལྟེ་བ་མན་ཆད་ཆ་རྣམས་ནི། །རྩེ་མོ་ལྟ་བུར་རྣམ་པར་བསྒོམ། །རོ་སྟོད་ཁྲོ་བོ་ལྟ་བུ་ཉིད། །ཞལ་གསུམ་ཕྱག་ནི་དྲུག་པ་ [99a.7]སྟེ། །བགེགས་ཀྱི་ཚོགས་ལ་འོག་ཏུ་གཟིགས། །དེ་ཡི་སྔགས་འདི་བརྗོད་བྱ་སྟེ། །རྡོ་རྗེ་ཕུར་བུ་ངེས་བཏབ་ན། །བགེགས་ལུས་ཤིན་ཏུ་མི་གཡོའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུ་ཥྚཱཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷཱ་རོ་ཨཛྙཱ་ [99b] [99b.1]པ་ཡ་ཏི། ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། །རྡོ་རྗེ་ཐོ་བ་ཕྱག་བསྣམས་མཆོག །གནོད་མཛེས་རྒྱལ་པོ་རྣམ་པར་བསྒོམ། །ཧཱུཾ་བརྗོད་འབར་བའི་ལྟ་བས་ནི། །བགེགས་རྣམས་ཐམས་ཅད་ཕུར་བུས་གདབ། །ཕྱོགས་རྣམས་ཀུན་དུ་རྡོ་རྗེའི་མེ། །རྣམ་པར་འཕྲོ་བ་རྣམ་ [99b.2]བསམས་ཏེ། །མ་རུངས་པ་ནི་ཚིག་བསམས་ན། །ཕྱོགས་བཅུ་དག་ཏུ་འབྲོས་པར་འགྱུར། །ཕྱོགས་མཚམས་ཕུར་བུས་བཏབ་ནས་ནི། །སྟེང་འོག་ཡང་དག་བྱིན་གྱིས་བརླབ། །དམ་པའི་དོན་དུ་བསྒོམ་པ་ནི། །སྲིད་གསུམ་རང་བཞིན་མེད་པ་སྟེ། །དངོས་པོ་ [99b.3]མེད་པ་བསྒོམ་པའི་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །དངོས་པོ་བརྟན་གཡོ་ལ་སོགས་ཀུན། །ཚིགས་བཅད་འདི་ཡིས་སྟོང་གྱུར་ནས། །ཆོ་ག་འདི་ཡི་སྦྱོར་བ་ཡིས། །ཡེ་ཤེས་ས་ནི་ [99b.4]བྱིན་གྱིས་བརླབ། །བྱང་ཆུབ་རྡོ་རྗེ་དམིགས་ནས་ནི། །ཟླ་བའི་དཀྱིལ་འཁོར་ལ་འདུག་ནས། །ནམ་མཁའི་ཁམས་ཀུན་ཁྱབ་པ་ཡི། །ལྷ་མོ་མཱ་མ་ཀཱི་ནི་བསམ། །ནམ་མཁའ་རྡོ་རྗེ་དབུས་གནས་པ། །དུང་དང་ཀུན་ད་ཟླ་འདྲ་ཡི། །ཡེ་ཤེས་བདུད་རྩི་ལས་བྱུང་བ། ། [99b.5]ས་ཡི་ཁམས་ནི་བྱིན་གྱིས་བརླབ། །ཆུ་ཞེང་དཔག་ཚད་བྱེ་བ་སྟེ། །དང་ལ་རང་བཞིན་དྲི་མ་མེད། །འོད་ཟེར་རྣམ་ལྔས་ཀུན་དུ་འཁྲིགས། །སངས་རྒྱས་རྡོ་རྗེ་ཅན་གྱི་གནས། །དེ་དབུས་བྷྲཱུཾ་ནི་གནས་པ་ལ། །གསེར་གྱི་རི་བོ་འདྲ་བ་ཡི། །སངས་རྒྱས་ཀུན་གྱི་གཞལ་མེད་ [99b.6]ཁང་། །འཁོར་ལོས་སྒྱུར་བ་བསྒོམ་པར་བྱ། །ལས་ཀྱི་རྡོ་རྗེ་སྟན་ཉིད་དུ། །ཤེས་རབ་ལྡན་པས་དེའི་འོག་བསམ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །བདེ་གཤེགས་ཀུན་གྱི་ཕོ་བྲང་ངོ་། །རིན་ཆེན་བཞི་དངོས་མཆོད་རྟེན་ནི། །འོད་ཟེར་ཕྲེང་བས་རྣམ་པར་བརྒྱན། །ཡེ་ [99b.7]ཤེས་རྒྱ་མཚོ་དུས་གསུམ་གྱི། །གནས་སུ་དེ་ནི་རྣམ་པར་བསམ། །གྲུ་བཞི་པ་ལ་སྒོ་བཞི་པ། །སྒོ་རྒྱན་བཞི་དང་ཡང་དག་ལྡན། །དྲིལ་བུ་དར་དཔྱངས་འཕེན་ལ་སོགས། །སྒོ་ཁྱུད་ཀྱིས་ནི་རྣམ་པར་བརྒྱན། །གྲྭ་མཚམས་དག་ནི་ཐམས་ཅད་དུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། ། [100a] [100a.1]ཟླ་གམ་ཆུན་འཕྱང་གིས་བརྒྱན་པ། །ཉི་མ་ཟླ་ལ་སོགས་པས་བརྒྱན། །བླ་རེ་བྲས་པས་མཛེས་གྱུར་ཅིང་། །ན་བཟའ་ཕྲེང་བ་སོགས་ཀྱིས་བརྒྱན། །ཐིག་སྐུད་བཞི་ནི་ཡོངས་བཏབ་པས། །ཀ་བ་མཆོག་བརྒྱད་ཀུན་དུ་གནས། །དེ་དབུས་འཁོར་ལོ་དམིགས་བྱ་ [100a.2]བ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །མདོར་ན་སངས་རྒྱས་ཐམས་ཅད་ཀྱི། །རང་གི་གནས་སུ་རྣམ་པར་བསམ། །རྡོ་རྗེ་ལྷ་མོ་བཞི་རྣམས་ཀྱང་། །འཁོར་ལོའི་གྲྭར་ནི་རྣམ་པར་བསྒོམ། །གཤིན་རྗེ་གཤེད་སོགས་སྒོར་དམིགས་ཏེ། །ས་སྙིང་ལ་སོགས་བསྒོམ་པར་བྱ། ། [100a.3]ཉི་མའི་དཀྱིལ་འཁོར་དབུས་གནས་པ། །སེམས་ཀྱི་རྡོ་རྗེ་རང་བདག་ཉིད། །ཞལ་གསུམ་ཕྱག་དྲུག་ལྟ་བུ་ནི། །སངས་རྒྱས་དཀྱིལ་འཁོར་དབུས་སུ་གནས། །ལུས་དང་ངག་ཡིད་རྡོ་རྗེ་ཡི། །མཚན་ཉིད་དམ་པའི་དོན་ཉིད་དེ། །ཚུལ་བཞིན་རྣལ་འབྱོར་པས་དཔྱད་ནས། །སྔགས་ [100a.4]འདི་རབ་ཏུ་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ནམ་མཁའ་བཞིན་དུ་བལྟ་བར་བྱ། །ནམ་མཁའ་བསྟན་དུ་མེད་པ་ལྟར། །བདག་ཉིད་རང་བཞིན་མེད་མཐོང་ནས། །ཡི་གེའི་རྣམ་པ་བསྒོམ་པར་བྱ། །བླ་འོག་དབུས་ནི་རིམ་བཞིན་དུའོ། །བདག་ཉིད་ཡི་ [100a.5]གེ་འབྲུ་གསུམ་གཟུགས། །སངས་རྒྱས་དཀྱིལ་འཁོར་དབུས་ཉིད་དུ། །ཁ་དོག་གསུམ་དུ་བསྐྱེད་ནས་ནི། །ཉི་ཟླ་པདྨ་ཡང་དག་གནས། །ཨོཾ་ཨཱཿཧཱུཾ། དང་བའི་ཟླ་བ་འདྲ་བར་ནི། །ཡི་གེ་འབྲུ་གསུམ་ཞུ་བར་བརྟག །ཡེ་ཤེས་འོད་ཟེར་རྣམ་འཕྲོས་པས། །རྒྱུད་དྲུག་ [100a.6]གནས་པའི་སེམས་ཅན་དང་། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །བསྡུ་བའི་སྦྱོར་བས་ཀུན་བསྡུས་ནས། །རང་བཞིན་མེད་པར་མོས་པ་ཡིས། །བྱང་ཆུབ་སེམས་ལ་གཞུག་པར་བྱ། །ཨོཾ་དྷརྨྨཱདྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བྱང་ཆུབ་སེམས་དེ་ཀུན་དུ་དག །དྲི་མེད་ [100a.7]ཟླ་བ་ལྟ་བུར་གནས། །ཀུན་བསྡུས་བདུད་རྩིའི་སྦྱོར་བ་ཡིས། །གཟུགས་ཀྱི་ངོ་བོར་རྣམ་པར་བསྒོམ། །སྔགས་ཀྱི་སྐུ་ནི་མཐར་ཕྱིན་པ། །སངས་རྒྱས་ཀུན་གྱི་རང་བཞིན་དག །ཕུང་པོ་ཁམས་སུ་རྣམ་བསམས་ཏེ། །སྐྱེ་མཆེད་ལ་སོགས་རྣམས་ཀྱིས་བརྒྱན། །གཟུགས་ཀྱི་ [100b] [100b.1]ཕུང་པོ་རང་བཞིན་དུ། །རྣམ་པར་སྣང་མཛད་རབ་ཏུ་གནས། །ཚོར་བ་དཀོན་མཆོག་དཔལ་དང་ནི། །འདུ་ཤེས་སུ་ནི་སྣང་མཐའ་ཡས། །འདུ་བྱེད་ཐམས་ཅད་གདོན་མི་ཟ། །རྣམ་པར་ཤེས་སུ་མི་བསྐྱོད་གནས། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ [100b.2]ནི་རབ་ཏུ་གྲགས། །ཨོཾ་སྭཱ་ཨཾ་ཧཱ་ཧཱུཾ། ས་ཡི་ཁམས་ནི་རྣམ་བསམས་པ། །ཕྱི་དང་ནང་གི་བརྟན་པ་སྟེ། །གྲུབ་པར་སྤྱན་ནི་བསམ་བྱས་ན། །སྲ་བ་ལྟ་བུར་བྱིན་གྱིས་རློབ། །ཆུ་ཁམས་མཱ་མ་ཀཱི་ར་བསམས་པ། །ཁུ་བ་ཁྲག་ནི་ཉིད་ཀྱི་རྒྱུ། །ལུས་ངག་སེམས་ཞེས་བརྗོད་པ་ལ། ། [100b.3]གང་བ་ཉིད་དུ་རྣམ་པར་གནས། །མེ་ཡི་ཁམས་སུ་རབ་སྦྱོར་བ། །གོས་དཀར་མོར་ནི་བལྟ་བར་བྱ། །ཀུན་དུ་མཆོག་རབ་འབར་བ་སྟེ། །དེ་ནི་འབར་བ་ལྟ་བུར་འབྱུང་། །རླུང་གི་ཁམས་ཀྱི་རང་བཞིན་དུ། །བློ་དང་ལྡན་པས་སྒྲོལ་མ་བསམ། །དེ་ནི་རླུང་ལྔ་འབྱུང་བ་སྟེ། །དེ་བཞིན་ཡིད་ [100b.4]ཀྱི་འགྲོ་བ་འགྲུབ། །ནམ་མཁའི་ཁམས་ཀྱི་རང་བཞིན་དུ། །ཀུན་དུ་བཟང་མོ་རབ་ཏུ་བརྟག །ནམ་མཁའ་དེ་ཡི་སྦྱོར་བས་ནི། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །ཕུང་པོ་ཁམས་ཀྱི་བྱེ་བྲག་ནི། །གཉིས་སུ་མེད་པའི་སྦྱོར་པར་གནས། །དེ་ལྟར་ཁམས་ཉིད་བསམ་བྱས་ [100b.5]ན། །དེ་ནི་ཀུན་དུ་ཚིམ་པར་འགྱུར། །མོ་ཧ་ར་ཏི། དྭེ་ཥ་ར་ཏི། རཱ་གར་ཏི། བཛྲ་ར་ཏི། མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་ཡིད་དག་ཏུ། །ས་ཡི་སྙིང་པོ་ལ་སོགས་སེམས། །སྐྱེ་མཆེད་དག་ཏུ་རྣམ་པར་བསྒོམ། །ཐླྷིཾ་ཨོཾ་ཨོཾ་ཨོཾ་ཧཾ་ཨོཾ། ནང་གི་སྐྱེ་མཆེད་རྣམས་སུ་ནི། ། [100b.6]ས་ཡི་སྙིང་པོ་ལ་སོགས་གནས། །ཕྱི་ཡི་སྐྱེ་མཆེད་རང་བཞིན་དུ། །གཟུགས་ལ་སོགས་པ་རབ་ཏུ་གནས། །ས་སྙིང་ལ་སོགས་སྔགས་རྣམས་ནི། །རྡོ་རྗེ་ཅན་གྱི་རྒྱུད་ལས་གསུངས། །འདི་དག་རྣམས་ནི་མ་གསུངས་ཕྱིར། །གཟུགས་ལ་སོགས་པ་མ་བྲིས་སོ། །ཕྱི་ཡི་ལོངས་ [100b.7]སྤྱོད་ཀྱིས་མཆོད་ཕྱིར། །གཟུགས་སྒྲ་དག་ཏུ་རབ་ཏུ་གནས། །བྱིན་གྱི་རླབས་ཀྱིས་བྱིན་བརླབས་ནས། །འདོད་པ་ལྔ་ནི་སྤྱད་པར་བྱ། །གཟུགས་ནི་མིག་གི་སྤྱོད་ཡུལ་གནས། །སྒྲ་ནི་རྣ་བའི་གནས་སུ་གནས། །དྲི་ནི་སྣ་དང་མཚུངས་ལྡན་ཏེ། །རོ་ནི་ལྕེ་ལ་རབ་ཏུ་གནས། །རེག་ [101a] [101a.1]ནི་ལུས་ཀྱི་བདེ་བར་གནས། །ཕྱི་ཡི་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །གཤིན་རྗེ་གཤེད་པོ་ལག་པ་གཡས། །གཞན་གྱིས་མི་ཐུབ་གཡོན་པ་སྟེ། །ཁ་ལ་རྟ་མགྲིན་བསྒོམ་པར་བྱ། །བདུད་རྩི་འཁྱིལ་པ་རྡོ་རྗེ་ལའོ། །ཡ་ [101a.2]མཱནྟ་ཀྲྀཏ། པྲཛྙཱནྟ་ཀྲྀཏ། པདྨཱནྟ་ཀྲྀཏ། བིསྤྲུནྟ་ཀྲྀཏ། དེ་ལྟར་དོན་ཀུན་རབ་ཞུགས་ནས། །སངས་རྒྱས་ཀུན་བདག་གཙོ་བོ་ནི། །བསྐྱེད་ནས་བྱིན་གྱིས་བརླབ་བྱ་སྟེ། །ཚིགས་སུ་བཅད་པས་གསོལ་བ་གདབ། །སྤྱི་བོའི་དབུས་གྱུར་བསམ་པ་ནི། །ཟླ་བའི་དཀྱིལ་འཁོར་གང་བ་སྟེ། །དེར་ནི་ཨོཾ་དཀར་ [101a.3]འོད་ལྡན་པའི། །འོད་ཟེར་ལྔ་ནི་འཕྲོ་བའོ། །དེ་ལས་ལྷ་མོ་རྣམས་འཕྲོ་བ། །བདག་པོའི་རབ་ཏུ་སྦྱོར་བ་སྟེ། །སྤྱན་ནི་རྣམ་པར་བསམ་བྱ་བ། །ནམ་མཁའི་ཁམས་ཀུན་གང་བར་རོ། །རྡོ་རྗེའི་སྐུ་ནི་རྣམ་བསམས་པ། །བར་སྣང་ཁམས་ནི་གང་བར་གནས། །དེ་དབུས་བདག་པོར་བསམ་ [101a.4]བྱ་ཞིང་། །བདག་གི་མདུན་ན་གནས་པར་རོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །སྔགས་པ་དེ་ཡིས་བཅོལ་བ་ནི། །ཚིགས་སུ་བཅད་པ་གཉིས་གཉིས་བརྗོད། །དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་ [101a.5]བསྒོམས་པས། །དེང་ཉིད་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ནི། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། །དེང་ཉིད་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །སྤྱན་དང་ཐབས་ཅིག་ལྡན་པར་ [101a.6]ནི། །རྟག་པར་རྣམ་པར་བསྒོམ་པར་བྱ། །དེ་བཞིན་ཞུགས་པར་མོས་བྱས་ལ། །ཕུང་པོ་ལྔ་ནི་བྱིན་གྱིས་བརླབ། །སངས་རྒྱས་ཀུན་གྱི་སྐུ་ནི་གང་། །ཕུང་པོ་ལྔ་ལ་རབ་ཏུ་གང་། །སངས་རྒྱས་སྐུ་ཡི་རང་བཞིན་གྱིས། །བདག་ཀྱང་དེ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱཡ་བཛྲ་ [101a.7]སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་ལྕེ་དབུས་པདྨ་ལ། །ཨ་ལས་རྡོ་རྗེ་འདོད་ཆགས་ཏེ། །རབ་ཞུགས་དེ་ལ་གསོལ་གདབ་ཅིང་། །རྡོ་རྗེ་དག་ཏུ་བྱིན་གྱིས་བརླབ། །ཆོས་ཀྱི་ངག་ལམ་དཔལ་ལྡན་པ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་ཉིད་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ [101b] [101b.1]གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ནི། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། །དེང་ཉིད་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ལྕེ་ནི་འཕྲོ་བར་རྣམ་བསྒོམས་ཏེ། །རང་ངག་ཆོས་རྣམས་ཀུན་གྱི་གནས། །གསུང་ [101b.2]དབྱངས་ཐམས་ཅད་རྣམ་དག་དང་། །ཆོས་ཀྱི་ངག་ཏུ་བྱིན་གྱིས་བརླབ། །ངག་དེ་རྡོ་རྗེ་ཆོས་ཀྱི་ནི། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་བཞིན་དུ། །ཆོས་འཆད་ལྟ་བུར་འགྱུར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྙིང་གི་ཟླ་བ་ལ་ [101b.3]དམིགས་པ། །ཁ་དོག་མཐིང་ཤུན་ལྟ་བུ་ཡི། །ཧཱུཾ་ཞེས་པ་ཡི་རྡོ་རྗེ་སེམས། །འོད་ཟེར་རྣམ་ལྔ་ཤིན་ཏུ་འབར། །སྔར་སྨོས་པ་ཡི་རིམ་པ་ཡིས། །རྡོ་རྗེ་སེམས་ལ་གསོལ་བཏབ་ནས། །དེ་ནི་ཞུགས་པར་བསྒོམ་བྱས་ཏེ། །སེམས་ནི་བྱིན་གྱིས་བརླབ་པར་བྱ། །དཔལ་ལྡན་ [101b.4]སེམས་ནི་རྡོ་རྗེ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་ [101b.5]སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །སྙིང་ལ་དཔལ་བེའུ་བསམ་པ་ནི། །སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །འོད་ཟེར་ལྔས་འཁྲིགས་ལྟ་བུ་ནི། །ང་རྒྱལ་བསྐྱེད་པས་སྦྱར་བར་བྱ། །ཀུན་དུ་བཟང་པོའི་སེམས་ནི་གང་། །གསང་དབང་གི་ནི་བློ་ལྡན་པ། །བདག་དང་དེ་དང་ [101b.6]འདྲ་བའི་སེམས། །རྡོ་རྗེ་འཆང་འདྲར་གྱུར་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དབང་བསྐུར་གོང་མ་བཞིན་བསྒོམ་པ། །ཆེན་པོའི་རྒྱུ་མཐུན་ལ་སོགས་ཡིན། །མི་བསྐྱོད་དབུ་བརྒྱན་སངས་རྒྱས་བཞིན། །ལྷག་མ་རང་གི་བདག་དབང་བསྐུར། །སྐུ་ཡི་ [101b.7]དབང་ཕྱུག་མི་བསྐྱོད་པ། །ངག་གི་དབང་ཕྱུག་ཐུགས་ཀྱི་དབང་། །དབུ་རྒྱན་དེ་བཞིན་འདོད་པའོ། །དེ་ལྟར་རིམ་པས་དབང་བསྐུར་ནས། །རང་གི་སྙིང་པོ་འོད་ཟེར་གྱིས། །ཤེས་རབ་མ་ཡི་དཀྱིལ་དུ་ནི། །གཟུགས་ལ་སོགས་པ་ཐིམ་བྱས་ཏེ། །བ་སྤུའི་བུ་ག་ལས་བྱུང་བའི། །གཟུགས་ [102a] [102a.1]ཀྱི་རྡོ་རྗེ་སོགས་འོད་ནི། །གཞལ་ཡས་ཁང་ནས་བྱུང་ནས་སུ། །བར་སྣང་དཀྱིལ་དུ་ཁྱབ་པ་ཡིས། །བདག་དང་ཐུབ་དབང་མཆོད་བྱས་ཏེ། །མཆོད་དང་མཆོད་པའི་བདག་ཉིད་འགྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རིགས་གསུམ་ [102a.2]རིགས་ལྔ་བརྒྱ་རྣམས་ལ། །ཡེ་ཤེས་ལྔ་དང་ཕྱག་རྒྱ་དང་། །སངས་རྒྱས་བདག་ཉིད་གཟུགས་རྣམས་ཀྱིས། །དཀྱིལ་འཁོར་ཆོས་རྣམས་ཀྱིས་བསྟོད་པ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་ [102a.3]དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དགའ་ཆེན་པོ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །རྡོ་རྗེ་སྟོན་ལ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་ཤིན་ཏུ་ཟབ། །ནམ་མཁའ་རྡོ་རྗེ་དྲི་མ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། ། [102a.4]རྡོ་རྗེ་མཐའ་ཡས་ཆགས་པ་ཆེ། །རྣམ་པར་མི་རྟོག་རྡོ་རྗེ་མཁའ། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དོན་གྲུབ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་པའི། །རང་བཞིན་དག་པ་ཉིད་ལས་བྱུང་། །རང་བཞིན་དག་ [102a.5]པས་གོས་པ་མེད། །རྡོ་རྗེ་སེམས་ལ་ཕྱག་འཚལ་བསྟོད། །ཟླ་བ་ཉི་མ་ཆུ་སྨན་དྲི། །རླུང་མེའི་དཀྱིལ་འཁོར་ལ་གནས་པའི། །འོད་ལྡན་ཕྱག་འཚལ་བྱིན་གྱིས་བརླབ། །དེ་ཉིད་གསུམ་གྱི་སྔགས་བཏབ་ནས། །ལྕེ་ལ་རྡོ་རྗེ་ཧཱུཾ་བཀོད་དེ། །ཡེ་ཤེས་བདུད་རྩི་གང་བསྒོམས་ནས། །སྙིང་ [102a.6]གའི་ཟླ་བའི་དཀྱིལ་གནས་ཀུན། །དཀྱིལ་འཁོར་དེ་ཡིས་ཚིམ་པར་བྱ། །སྙིང་འོད་སྤྲུལ་པ་མགོན་པོ་ཡིས། །དབུས་ཀྱི་ཀུན་རྟོག་ཡོངས་སྤངས་ཏེ། །འགྲོ་བ་སངས་རྒྱས་ཉིད་བྱས་ནས། །ཡེ་ཤེས་ས་བོན་དཀྱིལ་དུ་ཐིམ། །སྙིང་གའི་ཕྱག་མཚན་དཀྱིལ་གནས་པ། །ཟླ་བའི་སྙིང་ [102a.7]པོ་ཐིག་ལེ་གཟུགས། །འོད་གསལ་རང་གི་ཡིད་བསྒོམས་ཏེ། །ཡེ་ཤེས་སེམས་དཔའ་གསལ་བར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡང་། །འོད་ཟེར་འཕྲོས་པས་གསལ་བྱེད་དེ། །དེ་ཡང་སྙིང་ལ་བཞུགས་བསམས་ནས། །དེ་ནི་ཡེ་ཤེས་བདུད་རྩིའི་རྒྱུན། །དེ་ནས་ལུས་ཀྱི་ནང་ [102b] [102b.1]ཀུན་དུ། །དེ་ཡིས་ཀུན་དུ་གསལ་བྱས་ཏེ། །སོ་སོ་བ་སྤུའི་འོད་ཟེར་གྱིས། །འགྲོ་བའི་དོན་ནི་རྫོགས་པར་བྱ། །རང་གི་ཕྱག་མཚན་ཕྲ་མོ་ལ། །རང་རིག་ཐུབ་པའི་དཀྱིལ་འཁོར་ནི། །འོང་འབར་དམ་པའི་ཤེས་རབ་ཐོགས། །རིག་མའི་སྣ་ལ་གནས་པར་བསྒོམ། །བརྟན་པའི་ [102b.2]མཚན་མ་མཐོང་མ་ཐག །དེ་ཡི་འོད་ཟེར་འཕྲོ་བ་ནི། །སངས་རྒྱས་སྣ་ཚོགས་ཕྱག་མཚན་བསྣམས། །ཡང་དང་ཡང་དུ་འཕྲོ་བར་བསྒོམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །འོད་ཟེར་ལྔ་ཡི་ཡེ་ཤེས་ལས། །འཕྲོས་ནས་སྔགས་ནི་ཟློས་བྱེད་པ། །ལྷན་ཅིག་ཡང་ན་རིམ་པར་བྱ། ། [102b.3]དབུགས་ཕྱུང་འཕྲོ་བ་སྤྲོ་བྱས་ཏེ། །དབུགས་བསྡུ་སྔགས་ཀྱང་བསྡུ་བར་བྱ། །སྐུ་ལ་སོགས་པའི་སྤྲོ་བསྡུ་བ། །རིམ་པ་རིམ་པར་བཟླས་པར་བྱ། །དེ་ལྟར་བཟླས་ན་ནམ་མཁའ་ལ། །སྐུ་སོགས་དེ་དག་རྣམས་ཀྱིས་ཁྱབ། །སྔོན་བཞིན་རང་གི་འོད་ཟེར་མཆོད། །དབུགས་ཕྱུང་རིག་ [102b.4]མའི་ཆུ་བོ་ཡིས། །གསང་བའི་རིག་མ་ལེ་ལོ་ཡིས། །བདེ་བར་ཞུགས་ནས་དབང་གྱུར་པ། །ཡེ་ཤེས་སངས་རྒྱས་ཆུ་བོ་རྣམས། །དགག་པའི་དབུགས་ཀྱིས་ཐིམ་ནས་སུ། །རང་གི་དཀྱིལ་དུ་ཐིམ་པར་བྱ། །རྒྱུ་མཐུན་ལ་སོགས་མོས་པ་ཡིས། །ཐིག་ལེ་ཕྲ་མོ་གསང་གསུམ་ [102b.5]ལ། །འབྲིང་པོ་ཆུང་སོགས་ཕྱེ་ནས་སུ། །སྦྱོར་བ་བསྙེན་སོགས་དེ་བཞིན་ནོ། །རང་སྙིང་དེ་ཉིད་མཆོག་གཟིགས་པ། །སེམས་ལ་ཉམས་སུ་ཕྱུང་གྱུར་ན། །སྤྱན་སོགས་ཡོན་ཏན་དབྱངས་ཀྱིས་ནི། །དཀྱིལ་འཁོར་གསོལ་ནས་མཆོད་པར་བྱ། །སྤྱི་བོར་ཟླ་བ་ཕྱག་མཚན་ [102b.6]ལྡན། །དམ་པའི་སེམས་ནི་ཆུ་རྒྱུན་ནི། །འབབ་པ་རིམ་པར་བྱས་ནས་སུ། །སྐུ་གསུང་ཐུགས་ལ་ཐིམ་པར་བྱ། །དེ་ལྟར་དབུགས་ཕྱུང་བཟླས་ནས་སུ། །མཁས་པས་མཆོད་པ་ལ་སོགས་བྱ། །ཅི་ཕྱིར་དེ་བཞིན་ཉིད་གསུམ་དག །ཐོགས་པ་སྤངས་ནས་རྫོགས་པར་བྱ། །དེ་ [102b.7]འདྲ་དེ་ཉིད་དང་བྲལ་བའི། །འགྲོ་བ་ཐམས་ཅད་མཐོང་ནས་སུ། །དེ་དག་ཕན་ཕྱིར་སྙིང་རྗེ་ཡིས། །སྨོན་ལམ་ཀུན་དུ་མངོན་པར་བྱ། །ཏིང་ངེ་འཛིན་ལས་ལངས་ནས་སུ། །འགྱིང་བག་གཙོ་བོ་དང་ལྡན་ནས། །སྤྱོད་པ་སངས་རྒྱས་ཤེས་བྱས་ཏེ། །སྤྱོད་ཡུལ་རྣམས་ཀྱིས་རབ་ཏུ་མཆོད། ། [103a] [103a.1]འཇམ་དཔལ་རྡོ་རྗེ་བདག་ཉིད་ཀུན། །རང་བཞིན་ལས་ནི་སྤྱོད་ཡུལ་འགྲོ། །སྤྱོད་ཡུལ་དེ་དག་བསྒོམ་པ་ཉིད། །རང་རང་དག་ནས་གནས་ཕྱིར་རོ། །རྟག་པ་ལ་སོགས་གནས་པའི་ཕྱིར། །སོ་སོ་རང་རིག་ཆོས་སུ་གནས། །དཔལ་ལྡན་རྡོ་རྗེ་འཛིན་པའི་ [103a.2]གཟུགས། །སེམས་དཔའ་དག་པ་དང་ལྡན་པས། །དབུགས་ཀྱི་རྟོག་པ་སྤངས་ནས་སུ། །བྱ་བ་ཐམས་ཅད་བྱ་བ་ཡིན། །དཀྱིལ་འཁོར་མཆོད་པ་མཐའ་ཡས་འདི། །རྟག་ཏུ་སྒོམ་པའི་རྣལ་འབྱོར་པའི། །རང་གི་སྙིང་གའི་ཟླ་བ་ལ། །རང་གི་དཀྱིལ་འཁོར་གཙོ་བོ་ནི། །གཞི་ཡི་ས་བོན་ [103a.3]གྱིས་བསྐྱེད་ལ། །རང་གིས་བཟའ་བ་ཟ་དུས་ན། །རང་སྙིང་དེ་བཞིན་ཉིད་དམིགས་དང་། །བདུད་རྩིས་སངས་རྒྱས་ཀུན་ཚིམ་བྱ། །ཆོས་ཉིད་ཀྱི་ནི་ཀུན་དག་ལ། །དེ་ཉིད་གསུམ་གྱི་སྔགས་བཏབ་ནས། །དཀྱིལ་འཁོར་རང་གི་རིག་པའི་ལྷ། །དེ་ཡིས་ཚིམ་པར་བྱས་ནས་མཆོད། །ཕྱི་ཡི་ [103a.4]སྦྱིན་སྲེག་རྗེས་དཔགས་ཏེ། །སེམས་ནི་སེམས་ཉིད་ཡིན་པའི་ཕྱིར། །བླ་ན་མེད་པ་འདི་ཡིན་ཏེ། །ཡེ་ཤེས་མེ་ནི་འབར་བྱེད་ནས། །ཕུང་པོའི་བུད་ཤིང་བསྲེགས་པའོ། །འདོད་པ་འདི་དག་ཐམས་ཅད་ནི། །རང་རང་ལྷ་དག་རང་བཞིན་སྐྱེ། །དེ་ལྟར་བདག་གཞན་མཆོད་བྱེད་པ། ། [103a.5]བདེ་བར་གཤེགས་པའི་དམ་ཚིག་ཡིན། །གང་ཞིག་ལ་ནི་དེ་སྐུ་སོགས། །སངས་རྒྱས་ཀུན་ལ་མཆོད་བྱེད་དང་། །རྗེས་སུ་རིག་པ་འགྲོ་བའི་དོན། །རྟག་ཏུ་མཉམ་གཞག་བསམ་གཏན་བྱ། །གང་ཞིག་ལུས་ངག་དངོས་པོ་ལས། །ཕྱག་རྒྱ་སྔགས་ཀྱི་བདག་ཉིད་ཆེ། །ལས་དེ་ [103a.6]ཡང་དག་བརྩམས་ནས་སུ། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །རྣམ་རྟོག་དངོས་པོ་གཅིག་པུ་ལ། །སྣ་ཚོགས་རྣམ་པར་སྣང་བ་སྟེ། །སྡུག་བསྔལ་བདེ་བ་གྲོལ་འབྱུང་བ། །ཅི་ཕྱིར་ལས་མ་ལུས་པ་ཡིན། །དེ་ཕྱིར་དགེ་དང་མི་དགེ་ལས། །ལུས་ལ་སོགས་པའི་རྟོག་ [103a.7]པ་འབྱུང་། །ཀུན་རྟོག་ཐམས་ཅད་ངེས་གྲོལ་ནས། །ཡེ་ཤེས་རྟོགས་པར་ག་ལ་འགྱུར། །དོན་ཡོད་རྡོ་རྗེ་དཀྱིལ་འཁོར་གཙོར། །བསམས་ནས་དམ་ཚིག་བསླབ་དོན་དུ། །སྙིང་གར་ལས་ཀྱི་རྡོ་རྗེ་ཁང་། །བསམས་ནས་ཀུན་བདག་དབང་བསྐུར་བྱ། །བླ་མ་བརྙས་ [103b] [103b.1]སོགས་སྐྱོན་གྱུར་ན། །ཡོན་དང་བཅས་པར་སྟོན་མོ་དབུལ། །རང་གི་དཀྱིལ་འཁོར་ལ་གནས་ཏེ། །བདག་ཉིད་ལ་ནི་ཕ་རོལ་ཏུ། །རིམ་པ་གཅིག་ནི་རྣམ་བསམས་པ། །སྔ་མའི་གཟུགས་ནི་གནས་གྱུར་ནས། །ཞེ་སྡང་གཟུགས་སུ་རྣམ་པར་གནས། །ཨནྡྲ་ནཱི་ལའི་མདོག་ [103b.2]ལྟ་བུ། །ཞལ་གདངས་མཆེ་བ་གཙིགས་པས་འཇིགས། །མི་འཁྲུགས་འབར་བ་སྤྱི་བོར་འཆང་། །འཇིག་རྟེན་ཁམས་ཀུན་འཁྲུགས་པར་བྱེད། །ཉི་མའི་དཀྱིལ་འཁོར་དབུས་གནས་པ། །ཉི་མ་བྱེ་བ་ཕྲག་བརྒྱའི་འོད། །དམར་བའི་སྤྱན་ནི་འཇིགས་པ་ཆེ། །རྒྱན་རྣམས་ [103b.3]ཀུན་གྱིས་རབ་ཏུ་བརྒྱན། །ཁྲོ་གཉེར་ཞི་བ་འདོད་ཆགས་ཆེ། །ཞལ་གསུམ་དག་ནི་རྣམ་པར་འཆང་། །རང་གི་དམ་ཚིག་མཉམ་པར་ལྡན། །ཕྱག་དྲུག་གིས་ནི་མངོན་པར་བརྒྱན། །འཛམ་བུ་ན་དའི་འོད་འདྲ་བའི། །སངས་རྒྱས་སྤྲིན་གྱིས་རྣམ་འཁྲིགས་པའི། །རྡོ་རྗེ་ཆེན་པོ་རྩེ་ [103b.4]དགུ་པ། །དེ་ཡི་ཕྱག་ཏུ་རྣམ་པར་བསྒོམ། །སྔར་གསུངས་པ་ཡི་རིམ་བཞིན་དུ། །ཕྱག་རྒྱ་ཕྱི་མ་རྣམ་པར་བསྒོམ། །ཞེ་སྡང་རྡོ་རྗེར་བྱིན་བརླབས་ནས། །དཀྱིལ་འཁོར་ཐམས་ཅད་རབ་ཏུ་སྤྲོ། །ཛིན་ཛི་ཀ །ས་བོན་ལས་ནི་བསྐྱེད་བྱ་བ། །རྣམ་པར་སྣང་མཛད་གཙོ་བོ་ [103b.5]སྟེ། །ཞི་བའི་ཆ་ལུགས་དག་དང་ལྡན། །ཕྱོགས་ནི་ཐམས་ཅད་སྣང་བར་མཛད། །སྟོན་ཀའི་འདམ་བུའི་འོད་འདྲ་བ། །རལ་པའི་ཅོད་པན་དག་གིས་བརྒྱན། །མི་འཁྲུགས་པས་ནི་དབང་བསྐུར་ཞིང་། །སྣ་ཚོགས་རྒྱན་རྣམས་ཀུན་གྱིས་བརྒྱན། །དཀར་དང་གནག་དང་ [103b.6]དམར་ཆེན་པོ། །ཁ་དོག་གསུམ་པ་ཞལ་གསུམ་པ། །འོད་ཟེར་སྣ་ཚོགས་ཆེན་པོས་བརྒྱན། །ཕྱག་དྲུག་རྣམ་པར་བསྒོམ་པར་བྱ། །འཁོར་ལོ་རྡོ་རྗེ་པདྨ་དཀར། །གཡས་པའི་ཕྱག་ཏུ་རྣམ་པར་བསམ། །དྲིལ་བུ་ནོར་བུ་རལ་གྲི་རྣམས། །གཡོན་པའི་ཕྱག་ཏུ་རྣམ་པར་བསྒོམ། ། [103b.7]སྙིང་ལས་དེ་བཞིན་བྱུང་ནས་ནི། །ཕྱོགས་ཀུན་དུ་ནི་རྣམ་པར་གཟིགས། །སངས་རྒྱས་རྫུ་འཕྲུལ་མཛད་ལ་སོགས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །གཏི་མུག་ལམ་ལ་རབ་གནས་པའི། །སེམས་ཅན་མ་ལུས་སྦྱངས་ནས་ནི། །སླར་ལོག་མདུན་གྱི་ཕྱོགས་དག་ན། །ཟླ་བའི་ [104a] [104a.1]དབུས་སུ་རྣམ་པར་གནས། །རཏྣ་དྷྲྀཀ །ས་བོན་ལས་ནི་སྐྱེས་པ་ཡི། །དཀོན་མཆོག་དབལ་ནི་མཁས་པས་བསྐྱེད། །རལ་པ་ཅོད་པན་འཆང་ལ་ཞི། །མི་འཁྲུགས་དབང་བསྐུར་བས་ནི་བརྒྱན། །ཞལ་གསུམ་ཁ་དོག་གསུམ་པ་སྟེ། །སེར་དང་དམར་དང་ [104a.2]དཀར་བའི་ཞལ། །ཐམས་ཅད་རྒྱན་དང་རབ་ལྡན་པའི། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །ནོར་བུ་རྡོ་རྗེ་འཁོར་ལོ་ནི། །གཡས་པའི་ཕྱག་ཏུ་བསྒོམ་པར་བྱ། །དྲིལ་བུ་རལ་གྲི་པདྨ་སེར། །གཡོན་པ་དག་ཏུ་རྣམ་པར་བསྒོམ། །དེ་བཞིན་སྙིང་ག་ནས་བྱུང་ནས། །འཇིག་ [104a.3]རྟེན་ཁམས་ནི་རྣམ་པར་གཟིགས། །ང་རྒྱལ་གནས་ལ་གནས་པ་ཡི། །སེམས་ཅན་ཐམས་ཅད་སྦྱོང་བར་མཛད། །རིན་ཆེན་ཆེན་པོ་སླར་གཤེགས་ནས། །ཐམས་ཅད་དབང་བསྐུར་ཕུན་སུམ་ཚོགས། །རྡོ་རྗེ་སེམས་དཔའི་གཡས་ཕྱོགས་ཀྱི། །རིན་ཆེན་དབུས་སུ་རྣམ་པར་བཞུགས། ། [104a.4]ཨ་རོ་ལྀཀ། ས་བོན་དག་ལས་གྲུབ་པ་ཡིས། །རྡོ་རྗེ་སྣང་བ་མཐའ་ཡས་བསྐྱེད། །པདྨ་རཱ་གའི་མདོག་འདྲ་བའི། །མི་འཁྲུགས་པས་ནི་ཅོད་པན་བརྒྱན། །ཞི་བ་རལ་པ་ཅོད་པན་འཆང་། །དམར་དང་གནག་དང་དཀར་བའི་ཞལ། །ཐམས་ཅད་རྒྱན་གྱིས་རྣམ་བརྒྱན་པའི། །ཕྱག་དྲུག་ [104a.5]པ་ནི་བསྒོམ་པར་བྱ། །གཡོན་པ་འགྱིང་བས་པདྨ་འཛིན། །དྲིལ་བུ་དཀུར་བརྟེན་ཕན་ཕྱིར་ཏེ། །གཡས་པར་པདྨ་སྐྱོང་མཛད་ཅིང་། །ཐུགས་ཀར་པདྨ་ཁ་ཡང་འབྱེད། །ཕྱག་གཉིས་རྡོ་རྗེ་འཁོར་ལོ་དང་། །གཡོན་གཉིས་རིན་ཆེན་རལ་གྲི་བསྣམས། །སྙིང་ག་ནས་ནི་བྱུང་གྱུར་ [104a.6]ནས། །ཐམས་ཅད་ཕྱོགས་སུ་རྣམ་པར་གཟིགས། །སེམས་ཅན་འདོད་ཆགས་ལྡན་སྦྱོང་སྟེ། །འདམ་ཅན་ཆུ་ཡི་པདྨ་བཞིན། །སླར་གཤེགས་པདྨའི་དབུས་སུ་ནི། །རྒྱབ་ཀྱི་ཕྱོགས་སུ་མངོན་པར་བཞུགས། །པྲཛྙཱ་དྷྲྀཀ། ས་བོན་ལས་ནི་གྲུབ་པ་ཡི། །རྡོ་རྗེ་གདོན་མི་ཟ་བ་བསྐྱེད། ། [104a.7]ལྗང་གུ་བཻཌཱུཪྻ་འདྲ་བ། །རལ་པ་ཅོད་པན་རྡོ་རྗེ་གནས། །ཐམས་ཅད་རྒྱན་གྱིས་རྣམ་པར་བརྒྱན། །ལྗང་གུ་གནག་དང་དཀར་བའི་ཞལ། །འོད་ཟེར་རྣམ་ལྔ་འཁྲིགས་པར་འབར། །ཕྱག་དྲུག་རྣམ་པར་བསམ་པར་བྱ། །རལ་གྲི་རྡོ་རྗེ་རྒྱ་གྲམ་དང་། །འཁོར་ལོ་གཡས་པའི་ཕྱག་ཏུ་བསྒོམ། ། [104b] [104b.1]དྲིལ་བུ་པདྨའི་སྡོང་བཅས་དང་། །ནོར་བུ་གཡོན་པའི་ཕྱག་ཏུ་བསམ། །དེ་བཞིན་སྙིང་ག་ནས་བྱུང་ནས། །ཕྱོགས་བཅུ་ཀུན་དུ་གཟིགས་མཛད་དེ། །བརྫུན་ཚིག་སྨྲ་བའི་ལམ་གནས་པའི། །སེམས་ཅན་ཐམས་ཅད་ཀུན་དུ་སྤྱོད། །སྣ་ཚོགས་ཆེན་པོ་སླར་གཤེགས་ནས། །གྲུ་གསུམ་དཀྱིལ་ [104b.2]འཁོར་དབུས་སུ་ནི། །རྡོ་རྗེ་སེམས་ཀྱི་བྱང་ཕྱོགས་སུ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཞེ་སྡང་གཏི་མུག་འདོད་ཆགས་དང་། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས། །འདོད་དང་གྲོལ་བར་རབ་གྲུབ་པའོ། །དྭེ་ཥར་ཏི། གསང་ [104b.3]སྔགས་ལས་ནི་གྲུབ་པ་ཡི། །རྒྱལ་བའི་ཡུམ་གྱི་ལྷ་མོ་བསྐྱེད། །སྔོ་བསངས་ཨུཏྤལ་མདོག་འདྲ་བ། །ཡིད་དུ་འོང་བ་མཛེས་པའི་ཞལ། །གནག་དང་དམར་དང་དཀར་འདྲ་བའི། །ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན། །མི་འཁྲུགས་ཅོད་པན་གནས་བྱས་པའི། །ཕྱག་དྲུག་པ་ནི་ [104b.4]བསྒོམ་པར་བྱ། །རྒྱལ་མོ་རྡོ་རྗེ་འཁོར་ལོ་འཛིན། །སྔོ་དམར་ཨུཏྤལ་ཕྱག་ན་བསྣམས། །གཡོན་པ་འགྱིང་བས་དྲིལ་བུ་སྟེ། །རིན་ཆེན་རལ་གྲི་རྟག་ཏུ་འཆང་། །སྙིང་ག་ནས་ནི་བྱུང་གྱུར་ནས། །ཕྱོགས་བཅུར་རྣམ་པར་གཟིགས་མཛད་དེ། །བགེགས་ཆེན་གྱིས་ནི་འཇིགས་རྣམས་ [104b.5]ལ། །རྟག་ཏུ་སྲུང་བ་ཉིད་དུ་མཛད། །འབར་བསླར་ཡང་གཤེགས་ནས་ནི། །རྡོ་རྗེ་དཀྱིལ་འཁོར་དབུས་མ་ཡིན། །ལྷོ་ཡི་གྲྭར་ནི་བཞུགས་ནས་ཀྱང་། །རབ་དགྱེས་རྡོ་རྗེ་ལ་ཡང་གཟིགས། །མོ་ཧ་ར་ཏི། གསང་སྔགས་ལས་ནི་གྲུབ་པ་ཡི། །སྤྱན་གྱི་ལྷ་མོ་བསྐྱེད་པར་བྱ། ། [104b.6]སྟོན་ཀའི་ཟླ་བའི་མདོག་འདྲ་བའི། །རྣམ་པར་སྣང་མཛད་སྤྱི་བོར་གནས། །མེ་ཏོག་སྣ་ཚོགས་ཚད་མེད་པས། །དབུ་ལ་ཐོད་དུ་རྣམ་པར་བཅིངས། །དཀར་དང་གནག་དང་དམར་ཆེན་པོའི། །ཞལ་གསུམ་པ་ནི་རབ་ཏུ་འབར། །ཆ་ལུགས་བརྒྱད་དང་ལྡན་པ་སྟེ། །འོད་ཟེར་དཀར་པོས་ཀུན་ [104b.7]དུ་འཁྲིགས། །རྒྱན་རྣམས་ཀུན་དང་ལྡན་པ་ཡི། །ཕྱག་དྲུག་པ་ནི་རྣམ་པར་བསམ། །རྒྱལ་མོ་འཁོར་ལོ་རྡོ་རྗེ་འཛིན། །ཨུཏྤལ་དཀར་པོ་ཕྱག་ན་བསྣམས། །རིན་ཆེན་སྡོང་བུ་གཡོན་ན་སྟེ། །དྲིལ་བུ་རལ་གྲི་འཛིན་པའི་མཆོག །དེ་བཞིན་སྙིང་ག་ནས་བྱུང་ནས། །ཕྱོགས་བཅུ་ [105a] [105a.1]དག་ཏུ་རྣམ་པར་གཟིགས། །གདོན་ནད་ན་བའི་སེམས་ཅན་དག །ཞི་བའི་གནས་ཀྱིས་ཞི་བར་མཛད། །སྣང་མཛད་དེ་ནི་སླར་གཤེགས་ནས། །དད་པའི་དཀྱིལ་འཁོར་དབུས་སུ་ནི། །ཤར་གྱི་གྲྭར་ནི་བཞུགས་ནས་ཀྱང་། །རྡོ་རྗེ་མགོན་ལ་གཟིགས་པར་མཛད། ། [105a.2]རཱ་ག་ར་ཏི། གསང་སྔགས་ལས་ནི་གྲུབ་པ་ཡི། །གོས་དཀར་མོ་ནི་བསྐྱེད་པར་བྱ། །ཞལ་མཛེས་སྤྱན་ནི་རིང་བ་སྟེ། །པདྨ་རཱ་ག་ཟླ་མདོག་འདྲ། །ཞལ་གསུམ་དག་ནི་བཞད་པའི་ཞལ། །དམར་དང་གནག་དང་དཀར་བ་སྟེ། །སྣང་བ་མཐའ་ཡས་ཅོད་པན་གནས། །ཐམས་ཅད་རྒྱན་ [105a.3]གྱིས་རྣམ་པར་བརྒྱན། །སྒྱུ་འཕྲུལ་མཚོན་ལས་ཀུན་དུ་འབྱུང་། །འདོད་ཆགས་དམར་པོ་འཆད་ལ་དགའ། །མཚན་རྣམས་ཐམས་ཅད་ཀུན་རྫོགས་པའི། །ཕྱག་དྲུག་རྣམ་པར་བསྒོམ་པར་བྱ། །གཡོན་པ་འགྱིང་བས་དྲིལ་བུ་དང་། །སྡོང་བུ་ལོར་བཅས་ཨུཏྤལ་འཛིན། །སྒེག་ [105a.4]དང་བཅས་པའི་གཡས་པ་ཡིས། །ཨུཏྤལ་དམར་པོ་ཁ་ཡང་འབྱེད། །གཉིས་ནི་རྡོ་རྗེ་འཁོར་ལོ་འཛིན། །གཡོན་གཉིས་ནོར་བུ་རལ་གྲི་འཆང་། །སྙིང་ག་ནས་ནི་བྱུང་གྱུར་ནས། །ཐམས་ཅད་ཕྱོགས་སུ་རྣམ་པར་གཟིགས། །གཟའ་སོགས་ཀྱིས་སྐམས་སེམས་ཅན་རྣམས། །ཚེ་དང་མཚུངས་ [105a.5]པར་རྒྱས་པར་མཛད། །སླར་གཤེགས་པདྨའི་དབུས་སུ་བཞུགས། །བཛྲ་ར་ཏི། གསང་སྔགས་ལས་ནི་གྲུབ་པ་ཡི། །ལྷ་མོ་སྒྲོལ་མ་མཁས་པས་བསྐྱེད། །ཡན་ལག་མཚན་རྣམས་ཀུན་དང་ལྡན། །བུད་མེད་མ་རུངས་མྱོས་མཛད་བརྩོན། །མཛེས་པའི་ཞལ་ནི་སྤྱན་རིང་བ། །མརྒད་ [105a.6]སེར་པོའི་མདོག་ཀྱང་འདྲ། །གདོན་མི་ཟ་མཆོག་ཅོད་པན་མཛེས། །མེ་ཏོག་ཕྲེང་གི་ཅོད་པན་དཀྲིས། །ལྗང་གུ་ནག་དང་དཀར་འདྲ་བའི། །ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན། །རྒྱན་རྣམས་ཐམས་ཅད་ཀུན་རྫོགས་པའི། །ཕྱག་དྲུག་པ་ནི་བསམ་པར་བྱ། །རྡོ་རྗེ་རྒྱ་གྲམ་འཁོར་ལོ་འཛིན། ། [105a.7]ཨུཏྤལ་སེར་པོ་ཕྱག་ན་བསྣམས། །གཡོན་པ་འགྱིང་བས་དྲིལ་བུ་སྟེ། །རིན་ཆེན་རལ་གྲིས་ཕྱག་ནི་བརྒྱན། །སྙིང་ག་ནས་ནི་བྱུང་གྱུར་ནས། །འདོད་ཆགས་ཞེ་སྡང་གིས་རྨོངས་པའི། །སེམས་ཅན་དབང་དུ་བྱེད་པ་ནི། །འོད་ཀྱིས་རེག་པ་ཙམ་གྱིས་ཏེ། །སེམས་ནི་མེད་ལྟར་དབང་གྱུར་ [105b] [105b.1]ནས། །ཐམས་ཅད་མངོན་པར་ཕྱོགས་པར་གནས། །སླར་གཤེགས་དམ་ཚིག་དབུས་སུ་ནི། །བྱང་གི་ཕྱོགས་ཀྱི་གྲྭར་ནི་བཞུགས། །གསང་སྔགས་ཡི་གེ་ལས་གྲུབ་པའི། །མཁས་པས་བྱང་ཆུབ་སེམས་དཔའ་བསྐྱེད། །རིགས་ཀྱི་བདག་པོས་དབང་བསྐུར་བའི། །ཁ་དོག་ [105b.2]གསུམ་དག་ཞལ་གསུམ་པའོ། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །སོ་སོའི་རིགས་བཞིན་ཁ་དོག་བརྒྱ། །དེ་དག་ཐམས་ཅད་བསྒོམ་པར་བྱ། །སྒྲོལ་མའི་ཕྱག་རྒྱར་གསུངས་པ་ནི། །ཀུན་དུ་བཟང་པོ་བསྒོམ་པར་བྱ། །ཨུཏྤལ་ཡོངས་སུ་བསལ་ [105b.3]ནས་ནི། །པདྨ་དེ་ལ་སྦྱིན་པར་བྱ། །བྱམས་པ་ཀླུ་ཤིང་མེ་ཏོག་སྟེ། །ལྷག་མ་རྣམ་སྣང་མཛད་ཀྱི་གནས། །འཇམ་དཔལ་དྲིལ་བུ་རལ་གྲི་མཆོག །དེ་བཞིན་དུ་ནི་རབ་ཏུ་གནས། །ལག་པ་གཡོན་པ་ས་ལ་གནོན། །གཡས་པ་ཞུ་བའི་ཕྱག་རྒྱ་སྟེ། །ལྷག་མ་ཀུན་དུ་བཟང་པོ་ཡི། །ཕྱག་ [105b.4]རྒྱ་དེ་ནི་རྣམ་པར་བསྒོམ། །ཤར་གྱི་ངོས་ལ་གཉིས་ཉིད་དེ། །ས་ཡི་སྙིང་པོ་བྱམས་པ་གནས། །ལྷོར་ནི་ཕྱག་ན་རྡོ་རྗེ་དང་། །ནམ་མཁའ་ཞེས་བསྟན་ཀུན་དུ་གནས། །ནུབ་ཏུ་འཇིག་རྟེན་དབང་ཕྱུག་དང་། །འཇམ་པའི་དབྱངས་ནི་རྣམ་པར་གནས། །བྱང་དུ་སྒྲིབ་སེལ་བསྟན་པ་དང་། ། [105b.5]ཀུན་དུ་བཟང་པོ་རབ་ཏུ་གྲགས། །འདི་ལྟར་འདི་ཡི་དམ་གསུངས་པ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་ལྷ། །འདི་དང་ཐབས་ཅིག་བཞུགས་པ་ནི། །ལག་གཉིས་རང་རྟགས་ལྡན་པར་གཞག །གཟུགས་ནི་ལག་གཉིས་མེ་ལོང་འཛིན། །སྒྲ་ནི་ལག་གཉིས་པི་ཝང་ངོ་། །དྲི་ནི་ལག་ [105b.6]གཉིས་དུང་ཕོར་ཏེ། །རོ་ནི་ལག་གཉིས་སྣོད་གནས་སོ། །རེག་ནི་རྡོ་རྗེ་ཡོངས་འཁྱུད་མ། །སྙིང་ག་དག་ཏུ་ཡོངས་སུ་འཁྱུད། །རྡོ་རྗེ་རྒྱ་གྲམ་དམ་ཚིག་གིས། །བདེ་བར་གནས་པ་ཆོས་ཀྱི་དབྱིངས། །རྣམ་སྣང་མཛད་སོགས་ཁ་དོག་དང་། །མཚོན་ཆ་དག་ནི་སྣ་ཚོགས་ཏེ། ། [105b.7]གཟུགས་ལ་སོགས་པ་རྣམ་བསྒོམ་པ། །ཇི་སྐད་གསུངས་པའི་རིམ་བཞིན་ནོ། །རྣམ་པར་སེལ་དང་བྱམས་གཉིས་ཀྱི། །ཁ་དོག་མཚོན་ཆ་ཇི་བཞིན་གནས། །དམ་ཚིག་གཉིས་ནི་བསྒོམ་བྱ་བ། །བྱམས་པ་སྙིང་རྗེ་ཞེས་བྱ་གཉིས། །ཡ་མཱནྟ་ཀྲྀཏ། ཡེ་ཤེས་ལས་ནི་གྲུབ་པ་ཡི། ། [106a] [106a.1]རྡོ་རྗེ་ཞབས་དྲུག་བསྐྱེད་པར་བྱ། །སྤྲིན་སྔོ་ལྟ་བུའི་ཁ་དོག་ལ། །གསུས་པོ་ཆེ་ལ་སྟོབས་པོ་ཆེ། །འོད་ཟེར་སྟུག་པོ་དག་གིས་འབར། །ཀུན་དུ་ཁྲོས་པའི་འཇིགས་དང་བཅས། །སྤྱན་དམར་ཞལ་གདངས་མཆེ་བ་གཙིགས། །ཞལ་གསུམ་དག་ནི་རྣམ་པར་ [106a.2]བསྐྱོད། །འབར་བའི་དབུ་ནི་གྱེན་དུ་བཅིངས། །རྟག་པར་ཅོད་པན་གནས་བྱས་ཏེ། །ཡན་ལག་རྒྱན་གྱིས་རབ་བརྒྱན་པའི། །ཕྱག་དྲུག་རྣམ་པར་བསྒོམ་པར་བྱ། །འཁོར་ལོ་རལ་གྲི་བསྙེམས་པས་འཛིན། །གཏུན་ཤིང་མངོན་པར་བསྟོད་པའི་ཕྱག །གཡོན་པ་འགྱིང་བས་ [106a.3]དྲིལ་བུ་མཆོག །དགྲ་སྟ་ཞགས་པ་བསྡིགས་པར་བཅས། །སྙིང་ག་ནས་ནི་བྱུང་གྱུར་པ། །ཉི་མའི་དཀྱིལ་འཁོར་དབུས་དག་ཏུ། །གཡས་བརྐྱང་གནོན་པའི་ཚུལ་གྱིས་ནི། །ཤར་ཕྱོགས་ཀྱི་ནི་སྒོར་གནས་སོ། །པྲཛྙཱནྟ་ཀྲྀཏ། ཡེ་ཤེས་ལས་ནི་གྲུབ་པ་ཡི། །རྡོ་རྗེ་གཞན་གྱིས་མི་ཐུབ་ [106a.4]བསྐྱེད། །འོད་ཟེར་འཕྲོ་བ་གདུག་འབར་ཞིང་། །སྤྲུལ་རྣམས་ཀྱིས་ནི་ཡན་ལག་བརྒྱན། །འབར་བའི་དབུ་ནི་བརྟན་པར་བཅིངས། །མི་འཁྲུགས་པས་ནི་སྤྱི་བོར་བརྒྱན། །ཁྲོ་གཉེར་མཛད་ཅིང་དམར་བའི་སྤྱན། །ཞལ་གསུམ་དག་ནི་རྣམ་པར་གདངས། །དུང་དང་ཀུནྡ་ཟླ་འདྲ་བའི། ། [106a.5]ཞབས་གཡས་བརྐྱང་བར་གནས་པ་སྟེ། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །རྡོ་རྗེ་བེེ་ཅོན་ཕྱག་ན་བསྒྲེང་། །རལ་གྲི་འདེབས་པའི་ཚུལ་དུ་གནས། །གཡོན་པ་འགྱིང་བས་དྲིལ་བུ་འཛིན། །དགྲ་སྟ་མཛུབ་མོ་ཞགས་པ་འཆང་། །དེ་བཞིན་སྙིང་ག་ནས་ [106a.6]བྱུང་ནས། །ཉི་མའི་དཀྱིལ་འཁོར་དབུས་དག་ཏུ། །ལྷོ་ཡི་སྒོ་ཡི་དབུས་སུ་ནི། །འདོད་པའི་ཁྲོ་བོ་ཀུན་དུ་གནས། །པདྨཱནྟ་ཀྲྀཏ། ཡེ་ཤེས་ལས་ནི་གྲུབ་པ་ཡི། །རྡོ་རྗེ་གཉིས་མེད་བསྐྱེད་པར་བྱ། །འོད་ཟེར་སྟུག་པོ་འཕྲོ་འབར་བའི། །བནྡུ་ཀ་ཡི་མེ་ཏོག་འདྲ། །དབུ་སྐྲ་འབར་བཅིངས་གྱེན་ [106a.7]དུ་འགྲེང་། །རྡོ་རྗེ་སྣང་བས་རྣམ་པར་བརྒྱན། །ཕྱག་དྲུག་པ་ནི་འཇིགས་པ་ཆེ། །ཞལ་ནི་ཁྲོ་གཉེར་མཛད་པ་སྟེ། །ཕྱག་ན་པདྨ་བསྐྱོད་པ་ཆེ། །རལ་གྲི་གཏུན་ཤིང་མཚོན་ཆའི་ཕྱག །གཡས་བརྐྱང་འགྱིང་བའི་ཚུལ་དུ་གནས། །གཡོན་པ་དགྲ་སྟ་ཞགས་པ་འཆང་། །ཁྲོ་བོ་སྙིང་ག་ནས་ [106b] [106b.1]བྱུང་ནས། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །བཏུལ་ནས་རང་གི་དཀྱིལ་འཁོར་ལ། །ནུབ་ཕྱོགས་ཀྱི་ནི་སྒོ་རུ་གནས། །བིགྷྣནྟ་ཀྲྀཏ། ཡེ་ཤེས་ལས་ནི་གྲུབ་པ་ཡི། །བདུད་རྩི་འཁྱིལ་པ་བསྐྱེད་པར་བྱ། །འོད་ཟེར་སྟུག་པོ་འབར་བ་ནི། །ཁ་དོག་ཟར་མའི་མེ་ཏོག་འདྲ། །འབར་ [106b.2]བས་འཁྲིགས་པའི་སྒྲ་ཅན་དང་། །རྡོ་རྗེ་དོན་གྲུབ་ཅོད་པན་ཅན། །ཞལ་གསུམ་ཁྲོ་གཉེར་རབ་བསྐྱོད་ཅིང་། །མཆེ་བ་རྣོ་ཅན་ཧ་ཧར་བཞད། །རྡོ་རྗེ་རྒྱ་གྲམ་རལ་གྲི་མཚོན། །ཕྱག་ན་གཏུན་ཤིང་གསོད་པར་གནས། །དྲིལ་བུ་དགྲ་སྟ་རལ་གྲི་དང་། །གཡོན་པའི་ཕྱག་ཏུ་རྣམ་པར་བརྟག། [106b.3]དེ་བཞིན་སྙིང་ག་ནས་བྱུང་ནས། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཁྲོ་བོ་ཞབས་གཡས་བརྐྱང་བ་ཡིས། །བྱང་གི་སྒོ་ཡི་དབུས་སུ་གནས། །ཁྲོ་བོའི་དམ་ཚིག་གསུངས་པ་ནི། །རོ་ལངས་གཞན་གྱིས་མི་ཐུབ་མ། །ཁྲོ་གཉེར་རལ་པ་གཅིག་མ་སྟེ། །ལྷ་མོ་འདི་བཞི་རབ་ཏུ་ [106b.4]གྲགས། །སངས་རྒྱས་རྣམས་ནི་མཉམ་སྦྱོར་བ། །སེམས་དཔའི་སྐྱིལ་ཀྲུང་སྦྱོར་བ་སྟེ། །བྱང་ཆུབ་སེམས་དཔའ་དེ་བཞིན་གསུངས། །ཁྲོ་མོ་གཡོན་བརྐྱང་དག་ཏུའོ། །དཀྱིལ་འཁོར་དག་ནི་བསྐྱེད་པ་རྣམས། །ཐམས་ཅད་དམ་ཚིག་བཞིས་རྒྱས་གདབ། །དེ་ལྟར་སྦྱོར་བས་མཉམ་ [106b.5]བསྡུས་ནས། །ཕྲ་མོའི་སྦྱོར་བ་བརྩམ་པར་བྱ། །སྣ་རྩེར་ཡུངས་ཀར་བསམས་ནས་ནི། །ཡུངས་ཀར་དེ་ནི་སྤྲོ་ཞིང་བསྡུ། །ཚད་མེད་ཡེ་ཤེས་གནས་བསྒོམ་པའི། །གསང་བའི་ཡེ་ཤེས་བརྟགས་པའོ། །ཁ་དོག་ལྔ་པའི་རིན་པོ་ཆེ། །ཡུངས་ཀར་སྦོམ་པོའི་ཚད་ཙམ་དག །སྣ་ཡི་རྩེ་ [106b.6]མོར་ནན་ཏན་དུ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །བརྟན་པར་གྱུར་ནས་རིན་ཆེན་སྤྲོ། །བརྟན་པར་མ་གྱུར་སྤྲོ་མི་བྱ། །སངས་རྒྱས་འོད་འབར་ལྟ་བུ་ཡི། །སྤྲིན་གྱི་མཆོག་ནི་སྤྲོ་བར་བྱ། །རྡོ་རྗེ་འཁོར་ལོ་སྤྲིན་ཆེན་པོ། །པདྨ་མཛོད་ནི་མཚོན་ཆ་འཛིན། །བྱང་ཆུབ་སེམས་ [106b.7]དཔའ་སྤྲིན་ཆེན་པོ། །སྤྲོ་བའི་བདག་ཉིད་སྤྲོ་བར་བྱ། །ཨུཏྤལ་སྔོན་པོའི་འདབ་འདྲ་བའི། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་ཚད་ཙམ་ནན་ཏན་གྱིས། །སྣ་ཡི་རྩེ་མོར་རྣམ་པར་བསམ། །འཁོར་ལོ་ལ་སོགས་བྱེ་བྲག་གིས། །དེ་ལྟར་བསྒོམས་པས་བརྟགས་པ་སྟེ། །བྱང་ཆུབ་ [107a] [107a.1]ཚད་མེད་འགྲུབ་འགྱུར་ཞིང་། །ཡོན་ཏན་གནས་རྣམས་ཐམས་ཅད་འགྲུབ། །མདོར་ན་དེ་ལྟར་བསྐྱེད་བྱས་ན། །སངས་རྒྱས་བྱང་ཆུབ་རབ་ཏུ་གནས། །ཆོས་ཀྱི་གནས་ནི་འབྱུང་འགྱུར་ཏེ། །ལུས་དང་ངག་ཡིད་མཚོན་པའོ། །དེ་ནས་སྤྲོ་བར་བྱ་བ་ནི། །རྡོ་རྗེ་ [107a.2]བྱེ་བ་གྲངས་མེད་དེ། །ཏིལ་གོང་བཞིན་དུ་མཁའ་དགང་ལ། །རྡོ་རྗེ་བཟླས་པ་བརྩམ་པར་བྱ། །བཟླས་མཐར་སངས་རྒྱས་ཡེ་ཤེས་ཀྱི། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། །རྡོ་རྗེ་བཟླས་པའི་སྤྱོར་བས་ནི། །སངས་རྒྱས་ཀུན་གྱི་བྱིན་གྱིས་རློབ། །དུས་གསུམ་སངས་རྒྱས་ཀུན་འབྱུང་ [107a.3]བ། །སྐུ་གསུང་ཐུགས་ནི་རྡོ་རྗེ་སྟེ། །རྡོ་རྗེ་གསང་སྔགས་བྱིན་རླབས་ཀྱིས། །མཚུངས་པ་མེད་པའི་ཡེ་ཤེས་འཐོབ། །གསང་སྔགས་དོན་ཀུན་བཟླས་པ་ནི། །རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན། །རྡོ་རྗེ་མི་ཕྱེད་གསུམ་རྫོགས་པ། །འདི་དམིགས་རྡོ་རྗེ་གསུམ་ཞེས་བྱ། །སངས་རྒྱས་ [107a.4]རྣམས་ཀྱི་སྐུ་གསུང་ཐུགས། །རྡོ་རྗེ་ཡེ་ཤེས་བསྒོམས་ནས་ནི། །མཆོད་པའི་མཆོག་ནི་རྟག་བྱས་ན། །འདིས་ནི་བྱང་ཆུབ་མཚུངས་པར་འགྱུར། །སྐུ་གསུང་ཐུགས་ནི་མངོན་སུམ་དུ། །ཆོ་ག་གསུམ་གྱིས་སྤྲོ་བར་བྱ། །བཟླས་པ་རྡོ་རྗེ་འདི་ཡིས་ནི། །རྡོ་རྗེ་གསུམ་གྱི་སེམས་འདྲར་འགྱུར། ། [107a.5]ཡང་ན་སྤྲོ་བར་བྱ་བ་ནི། །སོ་སོར་གསུམ་གྱི་བྱེ་བྲག་གིས། །སྐུ་གསུང་ཐུགས་ནི་བདག་མེད་པར། །ཡེ་ཤེས་སེམས་ཀྱིས་སྤྲོ་བར་བྱ། །ཁྲོ་བོའི་དམ་ཚིག་ཡེ་ཤེས་ཀྱིས། །རང་གི་རྡོ་རྗེའི་དཀྱིལ་འཁོར་དུ། །སྔགས་ཀྱི་ཡི་གེའི་སྒྲ་སྒྲོགས་པ། །དེ་ནི་ཁྲོ་བོའི་བཟླས་པ་ཡིན། །བཟླས་པ་རྡོ་རྗེ་ [107a.6]ཀུན་དུ་སྤྲོ། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །བཟླས་པར་གསུངས་བ་དོན་དམ་པའོ། །ཆོས་དང་ཕྱག་རྒྱ་གླུར་བླངས་པ། །རྡོ་རྗེ་ཚིག་ཏུ་སྦྱོར་བ་སྟེ། །འདི་ནི་གསལ་བ་གསང་བའི་ཚིག །རྡོ་རྗེའི་ཚིག་ནི་སྐད་གདངས་མེད། །ཧཱུཾ་བཛྲ་དྷྲྀཀ །གསུམ་ [107a.7]པ་སྤྲོས་པ་བསྡུས་ནས་ནི། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །གལ་ཏེ་རྒྱལ་པོ་མ་གྲུབ་ན། །དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ། །རྡོ་རྗེ་ཆེན་པོས་བསྒྲུབ་པར་བྱ། །ཆོ་ག་བཞིན་དུ་རྟག་བསྒོམས་ཏེ། །སྙིང་ག་དག་ཏུ་བརྡེག་པ་ཡིས། །ཡེ་ཤེས་སེམས་དཔའ་རབ་ཏུ་བསྐུལ། །ཡང་ [107b] [107b.1]ན་རང་གི་དམ་ཚིག་ཁྲོ། །ལུས་དང་ངག་སེམས་ལས་བྱུང་བ། །གཡོན་པའི་ཕྱག་ན་ལྕགས་ཀྱུ་དང་། །གཡས་པ་ན་ནི་རྡོ་རྗེ་འཛིན། །གལ་ཏེ་མེ་ལྟར་འབར་བ་ཡི། །སྟོབས་ཆེན་དེ་ནི་གཏང་བར་བྱ། །མི་གནས་མྱ་ངན་འདས་པ་ཐོབ། །རྡོ་རྗེ་སེམས་དཔའ་གནས་པ་དེ། །ཁྲོ་བོས་ [107b.2]སྙིང་གར་བརྡེག་བྱ་ཞིང་། །ཁྲོ་བོའི་ཚིག་གིས་བསྐུལ་བར་བྱ། །ཆེ་གེ་ཞེས་བྱ་རྡོ་རྗེ་ཆེ། །ཁྱོད་ནི་སྒྲུབ་པར་གནས་པ་སྟེ། །འདི་ལྟར་རྟག་ཏུ་ཁྱོད་ལ་གུས། །དེ་ནི་དམ་ཚིག་སྲུང་བའི་མཆོག །དབང་བསྐུར་རྗེས་སུ་གནང་བ་སྟེ། །དེ་ལ་དངོས་གྲུབ་རབ་ཏུ་སྩོལ། །འདི་ནི་རྡོ་རྗེ་ [107b.3]ཚུལ་མཆོག་སྟེ། །ཞག་བདུན་བར་དུ་བྱས་ན་ནི། །ལུས་ངག་ཡིད་ནི་འགྲུབ་འགྱུར་ཏེ། །རྡོ་རྗེ་གསང་བའི་དངོས་གྲུབ་བོ། །འཇིགས་ཤིང་སྐྲག་པའི་སེམས་ཀྱིས་ནི། །མཆོག་སྦྱིན་མགོན་པོ་གཟིགས་མཛད་དེ། །ཆོག་ཤེས་སེམས་དང་དགའ་བར་ནི། །དངོས་གྲུབ་ཆེན་པོ་སྩོལ་ [107b.4]བར་མཛད། །རྡོ་རྗེ་གསུམ་འབྱུང་འདྲ་བར་ནི། །འདིས་ནི་བྱང་ཆུབ་ཐོབ་འགྱུར་ཏེ། །རྒྱལ་བ་བྱང་ཆུབ་རྒྱ་མཚོ་ཡི། །རྡོ་རྗེ་སེམས་དཔར་དེ་འགྱུར་རོ། །སྤྱན་ལ་སོགས་པའི་ལྷ་མོ་དང་། །བྲལ་བའི་ཆ་ལུགས་ཇི་བཞིན་དུ། །བདེ་བ་མཆོག་ལ་ཞེན་པ་ཡིས། །རྡོ་རྗེ་སེམས་དཔའ་རྣམ་ [107b.5]པར་གཟིགས། །སྙན་ཅིང་འཇེབས་པའི་དབྱངས་དག་དང་། །ཕྲ་མོ་ཡི་ནི་དབྱངས་ལ་སོགས། །འདོད་པ་བདེ་བ་ཞི་དོན་གྱིས། །བསྐུལ་བ་དག་ཏུ་རྣམ་པར་བསམ། །རྡོ་རྗེ་སེམས་ཁྱོད་ས་བདག་སྟེ། །སེམས་ཅན་ཁམས་ནི་སྐྱེད་མཛད་པ། །འདོད་དགའ་ཡིད་འོང་དོན་ཆེན་ཏེ། ། [107b.6]སེམས་ཅན་ཀུན་གཉེན་ཆེ་མཆོག་གིས། །གལ་ཏེ་བདག་སྲོག་བཞེད་པ་ན། །མགོན་པོ་བདག་ལ་འདོད་པ་སྤྱོད། །རྡོ་རྗེ་སྐུ་ཁྱོད་སངས་རྒྱས་འཁོར་ལོ་དོན། །སེམས་ཅན་མང་པོ་དགའ་བ་རྟོགས་མཛད་ཅིང་། །བྱང་ཆུབ་དམ་པའི་དོན་ནི་ཕན་པ་སྟོན། །དམ་ཚིག་ལ་ནི་འདོད་པས་འདོད་ [107b.7]ཆགས་པ། །གལ་ཏེ་མགོན་པོ་བདག་སྲོག་བཞེད་པ་ན། །ཁྱོད་ཀྱིས་འདོད་པ་བདག་ལ་སྤྱད་དུ་གསོལ། །རྡོ་རྗེ་གསུང་ཁྱོད་ཐམས་ཅད་ཀུན་ལ་ནི། །ཕན་དང་འཇིག་རྟེན་ཐུགས་བརྩེ་སེམས་ཅན་དོན། །དགོས་པའི་བྱ་བ་ཀུན་ལ་རབ་ཏུ་ཆགས། །གལ་ཏེ་མགོན་པོ་བདག་སྲོག་བཞེད་པ་ན། ། [108a] [108a.1]རབ་དགྱེས་ཀུན་བཟང་འདོད་པས་བདག་ལ་སྤྱོད། །རྡོ་རྗེ་འདོད་ཁྱེད་དམ་ཚིག་མཆོག་ལགས་ཏེ། །ཕན་པའི་དོན་ཆེན་རྫོགས་སངས་རྒྱས་པའི་རིགས། །མཉམ་ཉིད་ཐིག་ལེ་རྗེས་སུ་ཐུགས་བརྩེར་ལྡན། །གལ་ཏེ་མགོན་པོ་བདག་སྲོག་བཞེད་པ་ན། །ཡོན་ཏན་རིན་ [108a.2]ཆེན་གཏར་མང་བདག་ལ་སྤྱོད། །དེ་ལྟར་ལྷ་མོས་བསྐུལ་ནས་ནི། །དེ་བཞིན་གཤེགས་ལ་སྟོད་པར་བྱེད། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བ་གསུམ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་ [108a.3]མཛད་དགའ་ཆེན་པོ། །རྡོ་རྗེ་ཞི་བ་དགྱེས་པ་ཆེ། །རང་བཞིན་གྱིས་ནི་འོད་གསལ་ཆོས། །རྡོ་རྗེ་སྟོན་ལ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་ཤིན་ཏུ་ཟབ། །ནམ་མཁའ་རྡོ་རྗེ་དྲི་མེད་མཁའ། །རང་བཞིན་དག་པ་དྲི་མ་མེད། །གསང་བ་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་ཆེན་རྡོ་རྗེ་ [108a.4]སྣང་མཐའ་ཡས། །རྣམ་པར་མི་རྟོག་རྡོ་རྗེ་མཁའ། །འདོད་ཆགས་ཕ་རོལ་ཕྱིན་བརྙེས་པའི། །རྡོ་རྗེ་གསུམ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དོན་གྲུབ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་པར་མཛད། །རང་བཞིན་དག་པ་ཉིད་ལས་བྱུང་། །རྡོ་རྗེ་སེམས་ལ་ཕྱག་འཚལ་ [108a.5]ལོ། །འདི་ལྟར་བསྟོད་ཚིག་ཞི་བ་ཡིས། །སངས་རྒྱས་ཐམས་ཅད་བསྐུལ་བྱས་ནས། །རྡོ་རྗེ་ལོངས་སྤྱོད་ཀྱིས་བསྟོད་ན། །དེ་ཡང་སངས་རྒྱས་འདྲ་བར་འགྱུར། །ལྷ་མོས་དེ་བཞིན་གཤེགས་བསྟོད་པ། །རྡོ་རྗེ་བློ་ཡིས་གཟིགས་ནས་ནི། །སྐུ་གསུང་ཐུགས་ལ་བསྡུས་མཛད་ནས། ། [108a.6]སྣ་ཚོགས་རྗེས་སུ་ཆགས་པར་མཛད། །དཀྱིལ་འཁོར་ཐམས་ཅད་མཐོང་བ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཆོ་ག་བཞིན་དུ་བརྟན་བྱས་ནས། །བཟླས་པ་དག་ནི་བསྡུ་བར་བྱ། །ཏིང་ངེ་འཛིན་ལ་དམིགས་པ་ན། །སྔགས་པ་ལུས་ཉམ་ཆུང་གྱུར་ན། །ལུས་ངག་ཡིད་ནི་བརྟན་ [108a.7]བྱའི་ཕྱིར། །སྦྱོར་བ་འདི་ནི་བརྩམ་པར་བྱ། །སྤྱི་བོར་དཀྱིལ་འཁོར་བརྟག་པ་ནི། །མཐོ་གང་གི་ནི་ཚད་ཙམ་སྟེ། །ཨོཾ་ནི་དབུས་སུ་བསྒོམས་ནས་ཀྱང་། །བདུད་རྩི་ལྔ་ནི་འགྱུར་བར་བསམ། །རྡོ་རྗེ་སྦྱོར་བ་འདི་ཡིས་ནི། །སྐད་ཅིག་གིས་ནི་མདངས་ལྡན་འགྱུར། །ལུས་དང་ངག་ [108b] [108b.1]སེམས་བདེ་གནས་པ། །ཐེ་ཚོམ་མེད་པར་འགྲུབ་པ་ཡིན། །བཀྲེས་སྐོམ་ལ་སོགས་སྡུག་བསྔལ་ལ། །སྦྱོར་བ་འདི་ནི་རྣམ་པར་བསམ། །སྡུག་བསྔལ་ཐམས་ཅད་མེད་འགྱུར་བ། །མི་གཙང་རྡོ་རྗེ་ཚིག་བཞིན་ཏེ། །རྣམ་པར་སྣང་མཛད་གཟུགས་ཆེན་པོ། །བསྒོམས་པས་དོན་ཀུན་ [108b.2]ཕུན་སུམ་ཚོགས། །བ་ནི་ཁ་ལ་བསྒོམ་བྱས་ནས། །ཨོཾ་ཞེས་པ་ནི་ལྕེ་ལ་དམིགས། །བཟའ་བ་ཀུན་གྱི་གནས་གྱུར་པ། །ཡིད་བཞིན་ནོར་བུས་རྣམ་པར་བརྒྱན། །སྡུག་བསྔལ་ཀུན་སེལ་རབ་ཞི་བ། །ཡེ་ཤེས་རྡོ་རྗེ་བྱིན་བརླབ་སྟེ། །གང་ཞིག་འདི་ནི་སྒོམ་བྱེད་པ། །བྱང་ཆུབ་སེམས་དཔའ་ [108b.3]གྲགས་ཆེན་འགྱུར། །རྡོ་རྗེ་སེམས་དཔའི་སྦྱོར་ལྡན་ན། །སྐུ་གསུང་དངོས་གྲུབ་ཐོབ་པར་འགྱུར། །དད་པ་མེད་དང་ཐེག་དམན་ཞུགས། །འདོད་ཆགས་ཞེ་སྡང་དབང་རྟུལ་ན། །སློབ་བུ་ལ་ཡང་སྦྱིན་མི་བྱ། །གང་ཕྱིར་སྒྲུབ་པ་འདི་བརྩམས་པ། །རྒྱུད་དོན་མངོན་པར་རྟོགས་ནས་ནི། །རྡོ་རྗེ་ [108b.4]སེམས་བསྒྲུབ་ཕྱིར་བྲིས་ཏེ། །རྡོ་རྗེ་བཞད་པའི་སློབ་དཔོན་གྱིས། །སེམས་ཅན་ཡེ་ཤེས་བསྐྱེད་ཕྱིར་རོ། །དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། {T1912}༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་སུ་ཁ་སཱ་དྷ་ནོ་པི་ཀ་བྱ་ཁྱ་ན། བོད་སྐད་དུ། དཔལ་བདེ་བ་ཆེན་པོ་སྒྲུབ་པའི་ [108b.5]ཐབས་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །ཡེ་ཤེས་མཐའ་ཡས་འབྱུང་གནས་ལ། །ཕྱག་འཚལ་སྒྲུབ་ཐབས་དོན་རྣམས་ནི། །བླ་མས་བསྟན་བཞིན་བདག་གིས་བྲི། །དཔལ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལ་བྱའོ། ། [108b.6]དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་གྱི་དཔལ་ནི་ལྷ་དང་མིའི་འབྱོར་པ་ཐམས་ཅད་དང་ལྡན་པའོ། །འཇིག་རྟེན་ལས་འདས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལ་བྱའོ། །དེ་གཉིས་དང་ལྡན་པས་དཔལ་ལྡན་ཞེས་བྱའོ། །དཔལ་གྱི་སྒྲས་ནི་ལྷ་མོ་བཞི་ལ་ [108b.7]སོགས་པ་ལ་ཡང་བྱ་སྟེ། དེ་རྣམས་དང་གཉིས་སུ་མེད་པའི་སྦྱོར་བའི་ཚུལ་དུ་གནས་པས་དཔལ་ལྡན་ནོ། །རྡོ་རྗེ་ནི་ཡང་དག་པའི་ཡེ་ཤེས་སེམས་དཔའ་ནི་དེ་ཉིད་ཀྱི་རང་བཞིན་ཡིན་པས་སེམས་དཔའ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་དང་མཐུན་པར་སྐུ་བསྟན་པས་སེམས་དཔའོ། ། [109a] [109a.1]མགོན་པོ་སངས་རྒྱས་ཀུན་ངོ་བོ། །ཞེས་པ་ནི་ཐུགས་རྗེའི་རང་བཞིན་ཡིན་པས་སེམས་ཅན་གྱི་བསམ་པ་དང་མཐུན་པར་ཐམས་ཅད་ཀྱི་དོན་མཛད་པས་མགོན་པོ་ཞེས་བྱ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་བདག་ཉིད་ཡིན་པས་སོ། །ཞེ་སྡང་རྡོ་རྗེ་རྒྱལ་བའི་ [109a.2]གཙོ། །ཞེས་པ་ནི་སེམས་ཅན་ཞེ་སྡང་ཅན་ཐམས་ཅད་འདུལ་བའི་ཆ་ལུགས་སུ་བསྟན་པས་ཞེ་སྡང་རྡོ་རྗེའོ། །རང་སངས་རྒྱས་དང་ཉན་ཐོས་ཀྱི་མཆོག་ཏུ་གྱུར་པ་དང་། །དཀྱིལ་འཁོར་གྱི་བདག་པོ་ཡིན་པས་ན་རྒྱལ་བའི་གཙོ། ལྷ་མོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ [109a.3]ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་ལྡན་པ་རྣམས་དང་གཉིས་སུ་མེད་པའི་ཚུལ་དུ་བདེ་བ་ཆེན་པོ་རྟག་ཏུ་ཉམས་སུ་མྱོང་བ་ལ་བྱའོ། །དད་པས་ཞེས་པ་ནི་གུས་པ་དང་བཅས་པས་སོ། །བདག་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་ནས། །དེ་ལྟར་ཕྱག་འཚལ་བའི་དོན་ནི་རྒྱུད་ཐམས་ཅད་ [109a.4]ཀྱི་རྒྱལ་པོ་གསང་བ་འདུས་པ་འདི་གང་ཟག་བློ་དམན་པ་རྣམས་ཀྱིས་རྟོགས་ཤིང་གོ་དཀའ་བས་དེ་ལྟ་བུའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །དཔལ་ནི་བཛྲ་སཏྭ། དེ་དང་ལྡན་པས་དཔལ་ལྡན་ནོ། །གསང་འདུས་ནི་རྒྱུད་ཀྱི་མཚན་ནོ། །དོན་ནི་ངེས་པའོ། །རྟོགས་པ་ནི་སེམས་ཀྱིས་ [109a.5]སོ། །གསང་བ་ནི་ཚིག་གིས་སོ། །སེམས་ཅན་ནི་ཁམས་གསུམ་ན་གནས་པའོ། །ཕན་པ་ནི་མཐོ་རིས་དང་ཐར་པ་ཐོབ་པར་བྱ་བ་རྒྱུད་འདི་ལ་འཇུག་པར་བྱའོ། །བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པའོ། །དེ་ཡང་གང་ཞེ་ན། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །ཐབས་ནི་ཡན་ལག་ [109a.6]གོ། །འདི་ནི་བརྩམས་པའི་དངོས་པོའོ། །བཤད་པར་བྱ་ཞེས་པ་ནི་དམ་བཅའ་བའོ། །དང་པོ་སེམས་བསྐྱེད་མ་ཐག་གོ། །སྔགས་པ་ཞེས་བྱ་བ་ནི་གསང་སྔགས་ཀྱི་ཚུལ་ལ་སྤྱོད་པའོ། །ངེས་པ་ནི་ཐེ་ཚོམ་མེད་པའོ། །ད་ནི་འཇུག་པའི་རིམ་པ་བསྟན་པ་ཡིན་ཏེ། རྡོ་རྗེ་ནི་ཡང་དག་པའི་དོན་ཏེ་དེ་ལ་ [109a.7]མ་ནོར་བར་སྟོན་ཅིང་བདེ་བ་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའོ། །མཉེས་པར་བྱ་བ་ཡང་རྣམ་པ་གསུམ་སྟེ་ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་ལུས་དང་ལོངས་སྤྱོད་དོ། །ནང་ནི་ཤེས་རབ་རྣམ་གསུམ་གྱི་སྒོ་ནས་སོ། །གསང་བ་ནི་གསང་བའི་མཆོད་པས་སོ། །དེ་ལྟར་སློབ་དཔོན་མཉེས་ [109b] [109b.1]པར་བྱས་ནས་དབང་རྣམ་གསུམ་ཐོབ་ནས་གནང་བ་ནི་སྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་མཉེས་པར་བྱ་བ་ལ་སོགས་པ་ཟིན་ནས་སོ། །སྒྲུབ་པ་ནི་གང་ཡང་རུང་བའི་སྒྲུབ་པའི་དངོས་པོའོ། །བརྩམ་པར་བྱ་བ་ནི་འཇུག་པའོ། །དཀྱིལ་འཁོར་གྱི་དོན་ནི་སྒྲ་ལས་དྲངས་ན་ [109b.2]མཎྜ་ནི་སྙིང་པོའོ། །ལ་ནི་ཨ་ད་ན་སྟེ་ལེན་པའོ། །དཀྱིལ་འཁོར་པས་དཀྱིལ་འཁོར་རོ། །དེར་ཞུགས་པ་ནི་ཚུལ་བཞིན་དུ་སློབ་དཔོན་གྱིས་བསྟན་ཞིང་དབང་བསྐུར་བའོ། །དེ་བཞིན་ནི་འདྲ་བའི་དོན་གསང་བ་ནི་ཐུན་མོང་མ་ཡིན་པ་དང་། །རྟོག་གེ་བས་མ་ཡིན་པའོ། །ཉིད་ནི་མ་ནོར་བ་ [109b.3]དཀྱིལ་འཁོར་གྱི་དོན་དང་གཉིས་སུ་མེད་པའི་དོན་ཏོ། །ཤེས་པ་ནི་གོ་བའོ། །ཀུན་བྱེད་ཐམས་ཅད་ཟ་བ་ཡིས། །ཞེས་པ་ནི་རྟོག་པ་མེད་ཅིང་གཉིས་སུ་མེད་པའི་སྤྱོད་པའོ། །ཐེ་ཚོམ་མེད་པར་དངོས་གྲུབ་ཐོབ། །ཅེས་བྱ་བ་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པས་བསྒྲུབས་ན་ཡིད་ཀྱི་འདོད་པའི་དོན་ [109b.4]གྲུབ་ཅེས་བྱ་བའི་དོན་ཏོ། །གཙོ་བོ་ནི་ཡི་དམ་གྱི་ལྷ་དང་རྡོ་རྗེ་སློབ་དཔོན་གཉིས་སོ། །མི་ཕྱེད་པ་ནི་མི་འགྱུར་བ་དང་རྒྱུན་མི་འཆད་པའོ། །དད་པ་ནི་ཡིད་ཆེས་པ་དང་གུས་པ་དང་ཆགས་པའོ། །རྣམ་པ་ནི་ཐ་དད་པ་མི་རྟོག་པའི་བློ་ནི་ཐ་དད་པའི་འདུ་ཤེས་མེད་ཅིང་གཉིས་སུ་མེད་པའོ། །དམ་ཚིག་ [109b.5]ནི་མི་འདའ་བ་སྟེ་སྐུ་གསུང་ཐུགས་ལ་སོགས་པའོ། །སྡོམ་པ་ནི་མི་གཡེང་བའོ། །གནས་པ་ནི་ལྡན་པའོ། །དེ་ལྟ་བུའི་རྣལ་འབྱོར་པས་བསྒྲུབས་ན་སྐུ་གསུང་ཐུགས་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །བྲམ་ཟེ་ཞེས་བྱ་བ་ནི་དགེ་བའི་ངང་ཉིད་ཡིན་པས་ན་དོར་བའི་ཚིག་གོ། །དཀྱིལ་ [109b.6]འཁོར་དག་ནི་དམན་པ་དང་། །ཞེས་བྱ་བ་ལ་སོགས་པའི་དོན་ནི་གོང་དུ་བསྟན་པའི་ཡོན་ཏན་དང་མི་ལྡན་པར་རང་བཟོ་དང་གཟུ་ལུམས་སུ་བྱས་ཤིང་བསྒྲུབས་ན། འབྲས་བུ་མི་འཐོབ་ཅིང་བྱས་པ་ཆུད་ཟོས་པས་བྱར་མི་རུང་བར་བསྟན། དེ་ལྟ་བས་ན་དམ་ཚིག་དང་སྡོམ་པ་བསྟན་ཏེ། དམ་ཚིག་ [109b.7]ནི་བསྒྲུབ་པའི་དམ་རྫས་སོ། །སྡོམ་པ་ནི་ཁ་ན་མ་ཐོ་བ་མེད་པར་དང་དུ་ལེན་པའོ། །དེ་ཡང་གང་ཡིན་ཞེ་ན། ཤ་ལ་སོགས་པ་བདུད་རྩི་ལྔའོ། །ཤ་ནི་ཤ་ཆེན། རཀྟ་ནི་ཁྲག་ཐམས་ཅད། དྲི་ཆེན་དང་རྡོ་རྗེ་ཆུ་ཡང་ཀུན་གྱིའོ། །སེམས་ནི་ལྔ་པ་བྱང་ཆུབ་བྱུང་བ་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་ [110a] [110a.1]པའི་རོལ་པ་ལས་བྱུང་བ་ཡིན་པས་སོ། །སྔགས་པ་ནི་རྣམ་པར་མི་རྟོག་པ་སྒྲུབ་པ། ཆོ་གས་ཞེས་པ་ནི་བྱ་བ། དེ་བཞིན་གཤེགས་པའི་རང་བཞིན་དུ་བྱིན་གྱིས་བརླབས་པ་དང་འགྲོ་ནས་འབྱུང་བའི་ཐབས་སོ། །ཉིན་གཅིག་བཞིན་དུ་ནི་དུས་ཐམས་ཅད་དུའོ། །སྦྱང་བ་ནི་ [110a.2]ཧཱུཾ་གིས་སོ། །འབར་བ་ནི་ཨོཾ་གྱིས་སོ། །རྟོགས་པ་ནི་ཨཱཿཡིས་སོ། །དོགས་པ་ནི་འགྲུབ་མི་འགྲུབ་པའི་ཐེ་ཚོམ་མོ། །མེད་པ་ནི་སྤངས་པའི་སེམས་སོ། །དེ་བཞིན་གཤེགས་པ་ནི་སྔོན་གྱི་དེ་བཞིན་གཤེགས་པ་ཅི་ལྟར་གཤེགས་པ་བཞིན་གཤེགས་པས་དེ་བཞིན་གཤེགས་པའོ། །དེ་ཡང་གང་ཞེ་ན་ཐབས་ [110a.3]དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་བསྒོམས་ཤིང་བསྒྲུབས་པས་བདེ་བ་ཆེན་པོའི་ངང་དུ་གྱུར་པ་རྣམ་པར་སྣང་མཛད་ལ་སོགས་པའོ། །མཉེས་པ་ནི་དགྱེས་པའི་དོན་ཏོ། །དེ་ཡང་མངོན་སུམ་དུ་གྱུར་པའོ། །དེ་བཞིན་གཤེགས་པ་ནི་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ། མཉེས་ [110a.4]པ་ནི་སྐུ་གསུང་ཐུགས་ཀྱི་འབྲས་བུ་འཐོབ་པའོ། །སྦྱང་པའི་ཐབས་ནི་སྒྲུབ་པའི་རྫས་སྣོད་དུ་བཞག་ལ་དེའི་སྟེང་དུ་ཧཱུཾ་གཅིག་འབར་བར་བསྒོམ། །དེའི་འོད་ཟེར་གྱིས་མ་རྟོགས་པ་དང་ལོག་པར་རྟོགས་པའི་དྲི་མ་ཐམས་ཅད་བསྲེགས་པར་བསམ། དེ་ལྟར་རྣམ་པར་དག་པར་བྱས་ལ། དེའི་སྟེང་དུ་ཟླ་བའི་ [110a.5]དཀྱིལ་འཁོར་དང་ཨ་གཅིག་བསྐྱེད། ཨ་ལས་འོད་ཟེར་འཕྲོས་པས་ཟླ་བའི་དཀྱིལ་འཁོར་ལ་ཕོག་པས་ཞུ་སྟེ། བདུད་རྩིའི་ཐིགས་པ་ཚུལ་བཞིན་དུ་ཞུ་ཞིང་གཉིས་སུ་མེད་པར་སོང་བས་བདུད་རྩིར་གྱུར་པ་ནི་རྟོགས་པའོ། །དེའི་སྟེང་དུ་ཨོཾ་བསྒོམ་ཞིང་འཕྲོ་འདུ་བྱ་བ་ནི་མ་འབར་གྱི་བར་དུའོ། ། [110a.6]དེ་ལྟར་བྱས་ཤིང་སྤྱད་ན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ་པས་དམ་ཚིག་དམ་པའོ། །དེ་ལྟར་ཤ་རྣམ་པ་ལྔ་ཡང་སྒྲུབ་པའི་རྫས་ཡིན་པ་དང་། རྟོག་པ་སྤོང་བ་དང་། རང་བཞིན་གྱིས་མཐུ་ཡོད་པས་སྤྱད་པར་བྱ་བ་བསྟན། དེ་ཡང་གླང་པོ་ཆེའི་ཤ་ནི་ལོ་ཙ་ནར་བྱིན་གྱིས་བརླབ་ཅིང་རྣམ་ [110a.7]པར་སྣང་མཛད་ལ་མཆོད་པའི་ཚུལ་དུ་སྤྱད། རྟ་ཤ་ནི་རཏྣ་ལོ་ཙ་ན་དང་རིན་ཆེན་འབྱུང་ལྡན་གྱི་ཚུལ་དུ་སྤྱད། ཤ་ཆེན་ནི་མཱ་མ་ཀཱི་དང་རྡོ་རྗེ་སེམས་དཔའ། བ་ལང་ནི་ན་བཟའ་དཀར་མོ་དང་སྣང་བ་མཐའ་ཡས། ཁྱི་ནི་སྒྲོལ་མ་དང་དོན་ཡོད་གྲུབ་པའི་ཚུལ་དུ་སྤྱད། མཆོག་ནི་ཐུན་མོང་ [110b] [110b.1]མ་ཡིན་པས་མཆོག་གོ། །འདི་རྣམས་ཀྱང་སྦྱོང་བ་ལ་སོགས་པ་གོང་མ་དང་འདྲའོ། །སྐུ་གསུང་ཐུགས་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་འཇིག་རྟེན་གྱི་ཟས་སྤངས་ལ་རྟག་ཏུ་སྒྲུབ་པའི་དམ་རྫས་སྤྱད་པའི་དོན་ཏོ། །གཞན་ནི་ཟན་ལ་སོགས་པའོ། །རྣལ་འབྱོར་པས་དེ་དག་བདེ་ [110b.2]བླག་ཏུ་མ་རྙེད་ན་ཟས་སྐོམ་ཐམས་ཅད་ཤ་རྣམས་ཡིན་པར་བསམ་ཞིང་སྤྱད་པར་བྱ་བར་བསྟན། རྡོ་རྗེ་སྦྱོར་བ་འདི་དག་ཅེས་བྱ་བ་ནི་གོང་གི་སྦྱོང་བ་ལ་སོགས་པའི་ཆོ་ག་རྣམས་སོ། །དེ་ལྟར་སྤྱད་པའི་ཡོན་ཏན་ནི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །ཟན་དང་ཁུར་བ་ [110b.3]ལ་སོགས་པ་བཟའ་བའམ། ཡང་ན་ཆུ་དང་ཆང་ལ་སོགས་པ་བཏུང་བའང་རུང་འཇིག་རྟེན་པས་མི་ནུས་པའི་དཀའ་བའི་སྤྱོད་པ་དང་ལྡན་པས་བརྟུལ་ཞུགས་ཅན་གྱིས་ཟས་སྐོམ་ཅི་ཟ་བ་དྲི་ཆུ་སྨན་ལྔ་ཤ་ལྔ་ཅི་ལྟར་སྦྱོར་བས་སྦྱོང་བ་ལ་སོགས་པའི་ཏིང་ངེ་འཛིན་ཆོ་ག་བཞིན་དུ་རུང་བར་བྱའོ། ། [110b.4]ད་ནི་རྣལ་འབྱོར་པས་ཐ་མལ་པའི་ཚུལ་དུ་གནས་དང་དམ་རྫས་དང་ཡོ་བྱད་སྤྱད་དུ་མི་རུང་བས་དེའི་ཏིང་ངེ་འཛིན་བསྟན། རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཞེས་པ་ནི་སྐུ་གསུང་ཐུགས་དང་མཚན་དང་དཔེ་བྱད་དང་རྒྱན་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ [110b.5]ལྡན་པའི་ལྷ་གང་ཡང་རུང་བ་བསྒོམ་པའི་དོན་ཏོ། །དེ་ལྟར་གནས་པའི་རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་ལྷ་བསྒོམ་པ་བསྟན། རྡོ་རྗེ་ནི་མི་ཕྱེད་པའི་དོན། ཡི་ནི་དེའི་དོན། དེ་ཡང་ཅི་ལྟར་བསྒོམ་ཞེ་ན། བདག་གི་སྙིང་གི་བར་སྣང་ལ་ཨ་ལས་བསྐྱེད་ [110b.6]པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་དང་ལྡན་པར་བསྒོམ་མོ། །སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པར་བསྒོམ། [110b.7]ལྕེའི་སྟེང་དུ་པདྨ་བསྐྱེད་ལ་ཨ་ལས་སྣང་བ་མཐའ་ཡས་བསྒོམ། ཧཱུཾ་ལས་རྡོ་རྗེ་བསྒོམ་པ་ནི་ཡེ་ཤེས་སེམས་དཔའ་བསྐྱེད་པ་ལ་བྱའོ། །ཨ་ལས་ནི་སྣང་བ་མཐའ་ཡས། ཨོཾ་ལས་ནི་རྣམ་པར་སྣང་མཛད། སྦྱོར་བ་ཞེས་བྱ་བ་ནི་སྤྱི་བོ་དང་ལྕེའི་སྟེང་དུ་དེ་གཉིས་ཀྱི་སྐུ་བསྐྱེད་པ་ལ་བྱ། དེ་ལྟར་བདག་ [111a] [111a.1]ལྷར་བསྒོམ་ཞིང་དམ་རྫས་དང་བཟའ་བཏུང་ཐམས་ཅད་ནི་སྐུ་གསུང་ཐུགས་ཀྱི་འབྲས་བུ་འཐོབ་པར་འགྱུར་པའི་དོན་ཏོ། །འདི་ནི་དམ་ཚིག་ཅེས་པ་ནི་གོང་དུ་བསྟན་པའི་དམ་རྫས་ལ་སོགས་པའི་སྤྱད་པའི་ཚུལ་ལོ། །མཆོག་ནི་བླ་ན་མེད་པའི་འབྲས་བུ་ཐོབ་པར་ [111a.2]བྱེད་པའི་ཐབས་ཀྱི་རབ་ཡིན་པས་སོ། །སངས་རྒྱས་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྔའོ། །མཉེས་པ་ནི་སྔགས་ཀྱི་སྤྱོད་པ་ཚུལ་བཞིན་དུ་སྤྱད་པས་དགྱེས་པ་དང་མངོན་དུ་གྱུར་པ་ལ་བྱའོ། །མཆོག་ནི་སྐུ་གསུང་ཐུགས་སོ། །དངོས་གྲུབ་ཀྱང་ཚེ་འདི་ཉིད་ལ་ཐོབ་པའི་དོན་ [111a.3]ཏོ། །ཐམས་ཅད་ནི་འཇིག་རྟེན་པའི་སྤྱོད་པ་གྲུབ་ཀྱང་བསྡུའོ། །དེ་བས་ན་དམ་ཚིག་མཆོག་ཅེས་བྱའོ། །གཞན་ཡང་རྣལ་འབྱོར་པས་དམ་ཚིག་དང་དུས་ཐམས་ཅད་དུ་ལྡན་པར་བྱ་དགོས་པར་བསྟན་པ། རྟག་པ་ཞེས་པ་ནི་དུས་ཐམས་ཅད་དུ་རྒྱུན་མི་འཆད་པའོ། །གཞན་ནི་བདག་ལས་ [111a.4]གཞན་པ་འཕགས་པ་རྣམས་སོ། །འཕྲོག་པ་ནི་བདག་གིར་བྱ་བའོ། །སྤྱིར་འཕགས་པ་རྣམས་ཀྱི་སྐུ་གསུང་ཐུགས་བསྒོམ་ཞིང་ཐོབ་པར་བྱ་བ་ལའང་བྱའོ། །གནོད་སྦྱིན་དང་རྒྱལ་པོ་ལ་སོགས་པའི་ནོར་ཁ་ན་མ་ཐོ་བ་མེད་པའི་སྒོ་ནས་བླངས་ཤིང་སྤྱོད་པ་ལ་ཡང་བྱའོ། ། [111a.5]རྨད་དུ་བྱུང་བ་གསོད་པ་དང་། ཞེས་པ་ནི་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་དུ་མི་བལྟ་ཞིང་། བདག་ཏུ་བལྟ་བ་ལ་སོགས་པའི་ལྟ་བ་ལོག་པའོ། །དེ་ལ་དེ་སྐད་ཅིའི་ཕྱིར་བྱ་ཞེ་ན། ཡང་དག་པའི་དོན་གྱི་གནས་བྱེད་པ་དང་ངན་སོང་དུ་གཏོང་བའི་ཕྱིར་རོ། །གསོ་བ་ནི་ [111a.6]སྤོང་བའོ། །རྨད་དུ་བྱུང་བ་ནི་དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་དང་སེམས་ཅན་མང་པོ་ལ་གནོད་པར་བྱེད་པའོ། །གསོད་པ་ནི་ཁ་ན་མ་ཐོ་བ་མེད་པར་སྙིང་རྗེའི་སྒོ་ནས་བསྒྲལ་བའོ། །འདོད་པ་ནི་སྐུ་གསུང་ཐུགས། ཆགས་པ་ནི་གཞན་མི་སེམས་པའོ། །རྡོ་རྗེ་ནི་མི་ཕྱེད་པའི་ [111a.7]དོན་ཏོ། །དེ་ཉིད་ནི་མ་ནོར་བའོ། །སྤྱོད་པ་ནི་བསྒོམ་པའོ། །མདོར་ན་སྐུ་གསུང་ཐུགས་རྒྱུན་མི་འཆད་པར་བསྒོམ་པ་ལ་བྱའོ། །འདོད་ཆགས་ནི་བླ་ན་མེད་པའི་བདེ་བའོ། །སྤྱོད་པ་ནི་ཐབས་དང་ཤེས་རབ་ཀྱི་ཚུལ་གྱིས་ཉམས་སུ་མྱོང་བའོ། །འདི་ཞེས་བྱ་བ་ནི་དམ་ཚིག་གསུམ་མོ། །སྡོམ་པ་ནི་ [111b] [111b.1]སྲུང་བའོ། །བསྡམས་པའོ་ཞེས་པ་བསྲུང་བའི་ནང་ན་ཁྱད་པར་དུ་བསྟན་པའོ། །དེ་ལྟར་སྒྲུབ་པའི་རྒྱུ་དམ་ཚིག་རྣམས་བསྟན་ནས། དེ་དང་མི་མཐུན་པའི་སྤྱོད་པ་རྣམས་སྤང་བར་སྟོན་ཏེ། དམ་བཅའ་ནི་ཉན་ཐོས་ཀྱི་སྤྱོད་པ་དང་ཀྲྀ་ཡའོ། །བརྟུལ་ཞུགས་ནི་མུ་སྟེགས་ཅན་ [111b.2]བྲག་ལ་མཆོང་བ་ལ་སོགས་པའོ། །དཀའ་སྤྱོད་ནི་མེ་ལྔ་བསྟེན་པ་དང་ཟས་མི་ཟ་བ་ལ་སོགས་པའོ། །བརྟེན་པས་མི་འགྲུབ་ཅེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་པ་རྣམས་སྤྱོད་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མི་ཐོབ་པས་སྤོངས་ཤིག་པའི་དོན་ཏོ། །འདོད་པ་ནི་སྐུ་གསུང་ [111b.3]ཐུགས། ལོངས་སྤྱོད་ནི་གཉིས་སུ་མེད་པར་བསྒོམ་པའོ། །ཐམས་ཅད་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་བྱའོ། །ཡང་ན་འདོད་པ་ནི་འདོད་པའི་ཡོན་ཏན་ཐམས་ཅད་དོ། །བསྟན་པ་ཞེས་པ་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་སྤྱད་པའོ། །མྱུར་དུ་འགྲུབ་ཅེས་བྱ་བ་ནི་དེ་ལྟར་ [111b.4]བསྐྱེད་པས་སེམས་ལས་སུ་རུང་བས་ཚེ་འདི་ཉིད་ལ་འབྲས་བུ་འཐོབ་པའི་དོན་ཏོ། །སློང་མོ་ཟ་ཞིང་མི་བཟླས་ཏེ། །ཞེས་པ་ནི་མ་ཧཱ་ཡོ་གའི་སྒོར་ཞུགས་པའི་རྣལ་འབྱོར་པས་ཀྲྀ་ཡའམ་མུ་སྟེགས་པ་ལྟར་འཕྲལ་དུ་བསླང་ཞིང་སྔགས་བཟླ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ངག་ [111b.5]ཡིད་གསུམ་ཐང་ཆད་པ་དང་ཚུལ་བཞིན་དུ་བསྒོམ་མི་ནུས་པ་དང་། མ་རྙེད་ན་བཀྲེས་སྐོམ་གྱིས་ཉོན་མོངས་པ་དང་སེམས་ལས་སུ་མི་རུང་བས་སོ། །སློང་ལ་དགའ་བར་མི་བྱའོ། །ཞེས་པ་ནི་འཕྲལ་སློང་བ་ལ་དེ་ལྟར་སྐྱོན་ཡོད་པས་སྔོན་དུ་བསླང་ཞིང་གཟུང་ངམ་སྙམ་ན། དེ་ཡང་ [111b.6]ཡིད་དང་འཐད་པ་མི་རྙེད་པས་མི་རུང་ངོ་། །ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པས་བྱ་བའི་དོན་ཏོ། །ཡན་ལག་མི་གཉིས་ཞེས་བྱ་བ་ནི་ཀྲྀ་ཡ་བ་ལྟར་བདག་དམ་ཚིག་སེམས་དཔར་བསྒོམ་ཞིང་ཡེ་ཤེས་སེམས་དཔའ་ལོགས་སུ་མཆོད་པ་བཞིན་དུ་མི་བྱ་བར་ཡེ་ཤེས་སེམས་དཔའ་ [111b.7]དང་བདག་གཉིས་སུ་མེད་པར་བསྒོམ་ཞིང་འདོད་པའི་ལོངས་སྤྱོད་ཐམས་ཅད་བཟླ་བའི་དོན། ཡང་ན་ཡན་ལག་མི་གཉིས་ཞེས་བ་ནི་གཟུངས་མ་དང་གཉིས་སུ་མེད་པའི་ཚུལ་དུ་འདུག་ནས་བཟླ་བའི་དོན་ཏོ། །འདོད་པའི་ལོངས་སྤྱོད་ནི་འདོད་པ་ཐམས་ཅད་དོ། །དེ་ཡང་གཟུངས་ཀྱི་ལྷ་མོ་ལ་ [112a] [112a.1]སོགས་པའི་ཚུལ་དུ་བསྒོམ་ཞིང་སྤྱད་པའི་དོན་ཏོ། །དེ་ལྟར་སྤྱད་པའི་ཡོན་ཏན་བསྟན་པ། ལུས་དང་ངག་ཡིད་བདེར་གནས་ན། །ཞེས་པ་སྟེ། སློང་བའི་ཟས་སྤང་ཞིང་འདོད་པ་ཐམས་ཅད་སྤྱད་པས་ལུས་ངག་ཡིད་གསུམ་ལས་སུ་རུང་བའི་དོན་ཏོ། །བྱང་ཆུབ་དམ་པ་ནི་ [112a.2]ཉན་ཐོས་དང་རང་སངས་རྒྱས་ལས་འཕགས་པ་བླ་ན་མེད་པའི་བྱང་ཆུབ་ཆོས་ཀྱི་སྐུའི་རང་བཞིན་འཐོབ་པའི་དོན་ཏོ། །གསང་སྔགས་ཚུལ་བཞིན་དུ་སྤྱད་པའི་སྐྱོན་བསྟན་པ་གཞན་དུ་བྱ་བ་ནི་གོང་དུ་སྤྱོད་པ་སྤངས་ནས་ཚུལ་དང་མི་ལྡན་པའི་སྒོ་ནས་གསང་སྔགས་བཟླས་ན་དུས་མིན་འཆི་བ་ཞེས་བྱ་ [112a.3]སྟེ་ཚེའི་མཐར་མ་ཐུག་བར་གློ་བུར་དུ་འཆི་བ་ལ་བྱ། དམྱལ་བ་རྣམས་སུ་རྟག་ཏུ་བསྲེག །ཅེས་པ་ནི་ཤི་ནས་ཀྱང་དམྱལ་བར་རིམ་པ་རིམ་པར་འགྲོ་ཞིང་དུས་ཐམས་ཅད་དུ་བསྲེག་པར་འགྱུར་བའི་སྐྱོན་ཡོད་པས་བྱར་མི་རུང་བར་བསྟན་ཏོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་ [112a.4]སོགས་པས་ནི་གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞུགས་པའི་རྣལ་འབྱོར་པས་འདོད་པའི་ཡོན་ཏན་ལྔ་མི་བསྟེན་དུ་མི་རུང་བར་བསྟན་ཏོ། །སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འདོད་པའི་ཡོན་ཏན་ལྔ་བསྟེན་ཞིང་། སྔགས་ཀྱི་སྤྱོད་པ་མཆོག་འདི་སྤྱད་པས་འགྲུབ་པ་ [112a.5]ཡིན་ནོ་ཞེས་པའི་དོན་ཏོ། །ཆོས་ཀྱི་ཡི་གེ་ནི་ཡི་གེ་ཐམས་ཅད་ཀྱི་མཆོག་ཡི་གེ་ཨའོ། །འཐོབ་པར་འགྱུར་བ་དེ་ནི་དོན་འཐོབ་པའོ། །དེ་ལྟ་བས་ན་ད་ལྟར་གྱི་རྣལ་འབྱོར་པས་ཀྱང་འདོད་པའི་ཡོན་ཏན་ལྔ་སྤྱོད་ཅིང་བསྒྲུབ་པར་བྱ་བ་བསྟན་ཏོ། །ཆགས་པ་ནི་དང་པོའམ་འདོད་པ་ལ་བྱ། [112a.6]ཡེ་ཤེས་ནི་སྐུ་གསུང་ཐུགས་སམ་ཡི་དམ་གྱི་ལྷ། རྟག་ཅེས་པ་ནི་དུས་ཐམས་ཅད་དམ་རྒྱུན་མི་འཆད་པ་ལ་བྱ། བསྒྲུབ་ཅེས་བྱ་བ་ནི་བསྒོམ་པའམ་མངོན་སུམ་དུ་བྱེད་པ་བྱ་བས་ནི་དེ་འདོད་པའི་རྣལ་འབྱོར་པ་གཟུགས་ལ་སོགས་པའི་ཡོན་ཏན་ལྔ་ལ་སྤྱད་པར་བྱ་བའི་དོན་ཏོ། །དེ་ཡང་བསམ་ [112a.7]པ་ཇི་ལྟ་བུ་བྱེད་ཅེ་ན། ཡེ་ཤེས་སེམས་དཔའ་དང་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ཚུལ་དུའོ། །དེ་ལ་བྱང་ཆུབ་ནི་ཆོས་ཀྱི་དབྱིངས་སོ། །དཔའ་བོ་ཞེས་པ་ནི་གཟུགས་ཀྱི་སྐུ་སྟོན་ཅིང་སེམས་ཅན་གྱི་དོན་བྱེད་པའི་དཔལ་རྡོ་རྗེ་སེམས་དཔའོ། །ཡང་ན་བྱང་ཆུབ་ནི་བཛྲ་སཏྭ་ལ་སོགས་པ་ [112b] [112b.1]དུས་གསུམ་གྱི་སངས་རྒྱས་སོ། །དཔའ་བོ་སྒྲ་ལས་དྲངས་ན་ཉི་མ་ལ་བྱ། མདོར་ན་ཇི་ལྟར་ཉི་མས་རབ་རིབ་ཐམས་ཅད་སེལ་བ་བཞིན་དུ་སངས་རྒྱས་རྣམས་ཀྱང་སེམས་ཅན་གྱི་མི་ཤེས་པའི་རབ་རིབ་ཐམས་ཅད་ཐུགས་རྗེའི་འོད་ཟེར་གྱིས་སེལ་བར་བྱེད་པས་བྱང་ཆུབ་ཉི་མ་ཞེས་བྱ་བའི་དོན་ཏོ། ། [112b.2]གཉིས་སུ་མེད་པའི་ལྟ་བ་ལ་གོམས་པར་བྱེད་པས་རྣལ་འབྱོར་པས་འདི་དག་ལ་སྨད་པར་མི་བྱ་བ་བསྟན་ཏོ། །གཟུགས་སྡུག་པ་དང་མི་སྡུག་པ་དང་གཉི་ག་མ་ཡིན་པ་རྣམས་སོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་སྨད་པར་མི་བྱ་སྟེ་དེ་ཅིའི་ཕྱིར་ཞེ་ན་ལྷའི་རང་བཞིན་ཡིན་པས་སོ། །རྡོ་རྗེ་ནི་དུས་གསུམ་ [112b.3]གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སོ། །འཆང་བ་ནི་དེ་ཉིད་ཀྱི་རང་བཞིན་ནམ་འཛིན་པ་ལ་བྱ། རྒྱལ་ཞེས་པ་ནི་མཛེས་ཤིང་འབར་བ་ཉོན་མོངས་པ་མེད་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱ། དེ་ཉིད་ཐམས་ཅད་དུ་ཡང་དག་པར་གནས་ཞེས་པ་ནི་གཟུགས་ལ་སོགས་པའི་རང་བཞིན་དོན་དམ་པར་དེ་དང་གཉིས་ [112b.4]སུ་མེད་པ་དང་། ཀུན་རྫོབ་ཏུ་གཟུགས་ཀྱི་ལྷ་མོ་ལ་སོགས་པའི་སྐུར་བསྟན་ཞིང་སེམས་ཅན་གྱི་དོན་བྱེད་པས་སོ། །དེ་ལྟ་བས་ན་གཟུགས་ལ་སོགས་པ་རབ་འབྲིང་ཐ་མ་གསུམ་ཁྱད་པར་རྣམ་པ་གསུམ་དུ་བསྒོམ་ཞིང་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ལ་མཆོད་པར་བྱའོ། ། [112b.5]དེ་ལ་ཁྱད་པར་རྣམ་པ་གསུམ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་ཤེས་པ་དང་། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ། །སྔགས་པ་ནི་རྣལ་འབྱོར་པའོ། །རྣམ་པ་ནི་འདི་དག་གིས་ཞེས་པ་གོང་དུ་བསྟན་པའི་མཆོད་པའི་ཐབས་རྣམས་སོ། ། [112b.6]དམ་ཚིག་སྡོམ་པ་བསྲུང་ཞེས་པ་ནི་དེ་ཉིད་ལས་མི་འདའ་བར་བྱས་ན་བྱ་བའི་དོན་ཏོ། །ཚེ་འདི་ཉིད་ལ་ཞེས་པ་ནི་ཕུང་པོ་འདི་ཉིད་མ་བརྗེས་པའི་དོན་ཏོ། །འདི་དག་གིས་ཞེས་པ་གོང་དུ་བསྟན་པའི་མཆོད་པའི་ཐབས་རྣམས་སོ། །རྡོ་རྗེ་གསུམ་ཉིད་ཅེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ [112b.7]ཐུགས་ཀྱི་རང་བཞིན་དུ་འགྱུར་བ་འམ། རིགས་གསུམ་གྱི་རིག་འཛིན་གྱི་འབྲས་བུ་འཐོབ་པའོ། །གལ་ཏེ་གཏི་མུག་ཅན་ཞེས་པ་ལ་སོགས་པས་ནི་གོང་དུ་བསྟན་པའི་སྔགས་ཀྱི་སྤྱོད་པ་དང་མི་ལྡན་པར་བདག་སྔགས་པའོ་ཞེས་པའི་མངོན་པའི་ང་རྒྱལ་གྱིས་བསྒོམ་པ་དང་བཟླས་པ་བྱ་བ་འམ། གསང་ [113a] [113a.1]སྔགས་དང་གསང་སྔགས་ཀྱི་སྤྱོད་པ་སྨད་ཅིང་སྤོང་བའི་སྐྱོན་བསྟན། དེ་ལ་ཞེས་པ་ནི་དམ་ཚིག་ལས་འདས་པའོ། །དངོས་གྲུབ་མི་འབྱུང་བ་ནི་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་ཡང་མི་འཐོབ་པའི་དོན་ཏོ། །ཞིང་ཞེས་པ་ནི་མི་འཐོབ་པའི་སྟེང་དུ་གོང་མ་ལྟར་ཡང་འགྱུར་བའི་ [113a.2]དོན་ཏོ། །རིམས་ནི་ཞག་གཅིག་པ་ལ་སོགས་པའོ། །དུག་ནི་སྦྲུལ་ལ་སོགས་པའི་སྲོག་ཆགས་ཀྱི་དུག་དང་། ཤིང་ཀིམྤ་ཀ་ལ་སོགས་པའི་རྩྭ་ཤིང་གི་དུག་དང་ལུས་ལས་བྱུང་བའི་དུག་གོ། །ནད་ནི་ནད་བཞི་བརྒྱ་རྩ་བཞི་ལ་སོགས་པའོ། །བགེགས་ནི་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་ལ་སོགས་ [113a.3]པའོ། །ཀྱིས་ཞེས་པ་ནི་དེ་རྣམས་ཀུན་གྱིས་བསད་ནས་ཞེས་པའོ། །སེམས་ཅན་ཞེས་པ་ནི་དམ་ཚིག་ལས་འདས་པའོ། །དམྱལ་བར་འགྲོ་ཞེས་པ་ནི་དམྱལ་བ་ཆེན་པོ་བརྒྱད་ལ་སོགས་པར་སྐྱེ་བའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་དམ་ [113a.4]ཚིག་ལས་འདས་པ་དེ་ཤིན་ཏུ་སྡིག་ཆེ་བར་བསྟན། བྱིན་གྱིས་བརླབ་པར་མཛད་པ་ནི་ཐུགས་རྗེ་ཆེ་བ་དེ་རྣམས་ཀྱིས་མི་བཟློག་པའི་དོན་ཏོ། །མེ་ཏོག་ལ་སོགས་ཕུལ་ཡང་མི་བཞེས་པ་ནི་དམ་ཚིག་ལས་ཉམས་པ་དེ་དགེ་བའི་རྩ་བ་ཅི་བྱས་ཀྱང་བསོད་ནམས་ཆེན་པོར་མི་འགྱུར་བའི་དོན་ཏོ། །འཇིག་ [113a.5]རྟེན་འདིར་ཡང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ནི་མདོར་ན་དམ་ཚིག་ཉམས་པའི་གང་ཟག་ནི་འཇིག་རྟེན་འདི་དང་ཕ་རོལ་ཏུ་ཤིན་ཏུ་ཡང་སྡུག་བསྔལ་བར་འགྱུར་བས་དམ་ཚིག་ལས་སྐད་ཅིག་ཀྱང་འདའ་བར་མི་རུང་བར་བསྟན། འཇིག་རྟེན་འདི་ཞེས་པ་ནི་ཚེ་འདིའོ། །སྡུག་བསྔལ་བ་ནི་ [113a.6]བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཀྱི་ཚོར་བ་མྱོང་བའོ། །ཕ་རོལ་ནི་ཚེ་ཕྱི་མའོ། །ཡང་ཞེས་པ་ནི་འདི་ལ་མ་གཏོགས་པའོ། །དམྱལ་བར་འགྲོ་བ་ནི་གོང་མ་དང་མཐུན་ནོ། །དམ་ཚིག་སྤྱོད་པ་ནི་གོང་དུ་བསྟན་པ་རྣམས་སོ། །ཉམས་པ་ནི་མི་བསྲུང་བའོ། །གཏི་མུག་ཅན་ནི་ [113a.7]ལེགས་ཉེས་ཀྱི་དོན་མི་གོ་བའོ། །འབྲས་བུ་མི་ཐོབ་ཅེས་པ་ནི་བྱས་པ་ཐམས་ཅད་འབྲས་བུ་མེད་པའི་དོན་ཏོ། །དེ་ལྟར་དམ་ཚིག་དང་སྤྱོད་པ་རྣམས་ལ་རྣལ་འབྱོར་པ་གནས་པར་བསྟན་ནས། ད་ནི་རང་གི་ལུས་ངག་ཡིད་གསུམ་འཕགས་པའི་སྐུ་གསུང་ཐུགས་སུ་སྒྲུབས་ཤིག་པར་ [113b] [113b.1]བསྟན། སྔར་སྨོས་པའི་སྡོམ་པ་ནི་གོང་དུ་བསྟན་པ་རྣམས་སོ། །གནས་ནས་ཞེས་པ་ནི་དང་དུ་བླངས་ནས་ཞེས་པའི་དོན་ཏོ། །རྟག་པར་ནི་དུས་ཐམས་ཅད་དུའོ། །མི་ཕྱེད་པ་ནི་མི་འགྱུར་བའོ། །བརྟུལ་ཞུགས་ཞེས་པ་ནི་ནན་ཏན་གྱིས་ཞེས་བྱ་བའི་དོན་ཏོ། །ལུས་ངག་ཡིད་གསུམ་ [113b.2]ནི་རང་གིའོ། །རྡོ་རྗེ་ཞེས་པ་ནི་འཕགས་པ་རྣམས་ཀྱི་སྐུ་གསུང་ཐུགས་སོ། །སྒྲུབ་པ་བརྩམ་པར་བྱ་བ་ནི་དེར་བསྒྱུར་བའི་སྤྱོད་པ་དང་ཏིང་ངེ་འཛིན་ལ་འཇུག་པར་བྱ་བའི་དོན་ཏོ། །དེ་ཡང་གནས་ཇི་ལྟ་བ་བཞིན་དུ་བརྩམ་ཞེ་ན། ནགས་ཚལ་ལ་སོགས་པ་བསྟན་པ་ཡིན་ནོ། །ནགས་ [113b.3]ཚལ་ནི་ཤིང་སྣ་ཚོགས་ཡོད་པའི་ཕྱོགས་སོ། །ཆེན་པོ་ནི་སྡུག་པའམ་རྒྱ་ཆེ་བའི་དོན་ཏོ། །རི་བོ་ནི་བྱ་རྒོད་སྤུངས་པ་ལ་སོགས་པའོ། །རི་སུལ་ནི་དབང་པོ་རིའི་བྲག་ཕུག་ལ་སོགས་པའོ། །དབེེན་པ་ཆེན་པོ་ནི་དུར་ཁྲོད་དམ་ལྷ་ཁང་སྟོང་པ་ལ་སོགས་པའི་གནས་དབེན་ཞིང་ཡིད་དུ་ [113b.4]འོང་བ་ཐམས་ཅད་དོ། །རྣམས་སུ་ཞེས་པ་ནི་དེ་རྣམས་གང་ཡང་རུང་བའི་དོན་ཏོ། །དངོས་གྲུབ་ཐོབ་ཅེས་པ་ནི་དེ་ལྟ་བུའི་གནས་སུ་བསྒྲུབས་ན་ཡིད་ཀྱིས་འདོད་པའི་འབྲས་བུ་འཐོབ་པའི་དོན་ཏོ། །སེམས་དཔའི་སྐྱིལ་ཀྲུང་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པའི་སྲུང་མཚམས་བཅད་པའི་ [113b.5]ཆོ་ག་བསྟན། སེམས་དཔའི་སྐྱིལ་ཀྲུང་ནི་ཕྱེད་སྐྱིལ་ལོ། །དེ་ཡང་གཡོན་པ་བསྐུམ་ཞིང་གཡས་ཅུང་ཟད་བརྐྱང་བའི་ཚུལ་ལོ། །འཇམ་པའི་སྟན་ནི་ཕྱི་དང་ནང་དང་གསང་བ་རྣམས་སོ། །ཕྱི་ནི་སྲིན་བལ་ལ་སོགས་པ་ལ་བྱས་ལ་འཇམ་ཞིང་ཡིད་དུ་འོང་བ་རྣམས་སོ། ། [113b.6]ནང་ནི་ཉི་ཟླ་པདྨ་ལ་སོགས་པའོ། །སྐབས་འདིར་ནང་གི་ལས་ཉི་མའི་དཀྱིལ་འཁོར་རོ། །གསང་བ་ནི་ཡུམ་དང་གཉིས་སུ་མེད་པར་རྡོ་རྗེ་དང་པདྨར་ལྡན་པའི་ཚུལ་ལོ། །འདུག་ནས་ཞེས་པ་ནི་སྟན་དེ་གསུམ་གྱི་སྟེང་དུ་བདག་གོང་དུ་བསྟན་པའི་ཚུལ་དུ་འདུག་པའོ། །ཅི་བྱེད་ [113b.7]ཅེ་ན། ཞེ་སྡང་རྡོ་རྗེ་འོག་ནས་འབྱུང་བའི་ཚུལ་དུ་བསྒོམ་ཞེས་བྱ་བའི་དོན། གནས་ནས་ཞེས་པ་ནི་ཏིང་ངེ་འཛིན་ལ་ཞུགས་པའོ། །གནས་ནི་སྒྲུབ་པའི་ས་ཕྱོགས་སོ། །སྲུང་བ་ནི་བགེགས་ཐམས་ཅད་ཀྱིས་གླགས་མི་རྙེད་པར་བྱེད་པའོ། །རྣམ་པར་བསམ་པ་ནི་འོག་གི་ [114a] [114a.1]ཏིང་ངེ་འཛིན་རྣམས་སོ། །གཟུགས་ཆེན་འབར་བ་ཞེས་པ་ནི་བདག་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གནས་པའི་ཐུགས་ཀ་ནས་ཧཱུཾ་ལས་ཁྲོ་བོ་བཅུ་ཕྱུང་བའི་ཆ་ལུགས་སོ། །གཟུགས་ཆེ་བ་ནི་སྲིད་པ་གསུམ་གྱི་སེམས་ཅན་ཟིལ་གྱིས་གནོན་པའི་སྐུ་དང་ [114a.2]ལྡན་པའོ། །འབར་བ་ནི་ཡེ་ཤེས་ཀྱི་འོད་ཟེར་བསྐལ་པའི་མེ་བཞིན་འབར་བའི་སེམས་ཅན་གྱི་ཉོན་མོངས་པ་སྲེག་པར་བྱེད་པའོ། །འཇིགས་རྟེན་པ་ནི་སེམས་ཅན་ཐམས་ཅད་འཁོར་བ་ལས་འཇིགས་ཤིང་མྱ་ངན་ལས་འདས་པའི་སར་འབྲོས་པར་བྱེད་པའམ་སྒྲུབ་པ་པོ་ལ་བར་ [114a.3]ཆོད་བྱེད་པའི་བགེགས་ཐམས་ཅད་སྐྲག་ཅིང་འབྲོས་པར་བྱེད་པའོ། །ཁྲོ་བོ་ནི་ཁྲོས་པའི་ཆ་ལུགས་ཤིན་ཏུ་འཇིགས་པའི་ཚུལ་ལོ། །བཅུ་དག་ནི་གྲངས་སོ། །ཕྱུང་བ་ནི་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀ་ནས་སོ། །དེ་ཡང་ཅི་ལྟ་ཞེ་ན་ཞེ་སྡང་རྡོ་རྗེ་ཡབ་ཡུམ་ [114a.4]གཉིས་སུ་མེད་པའི་བྱང་ཆུབ་སེམས་བདེ་བ་ཆེན་པོའི་ཆ་བཅུར་བྱས་ཏེ་དེའི་ཧཱུཾ་བཅུར་གྱུར་པར་བསམ། དེ་ནས་ཡ་མཱནྟ་ཀ་པྲཛྙཱནྟ་ཀ་ཞེས་བྱ་བ་ལ་སོགས་པ་མིང་བརྗོད་པ་ཙམ་གྱིས་ཁྲོ་བོ་བཅུ་ཐུགས་ཀ་ནས་ཕྱུང་ཞིང་སོ་སོའི་ཕྱོགས་སུ་མ་ལས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ [114a.5]གནས་པར་བསམ་མོ། །སྨད་རྩེ་མོར་བསམ་པ་ནི་ཁྲོ་བོ་དེ་རྣམས་རྐེད་པ་མན་ཆད་ཟུར་གསུམ་པ་ཕུར་བུའི་ཚུལ་དུ་བྱའོ། །རོ་སྟོད་ཁྲོ་བོ་ལྟ་བུ་ཞེས་པ་ནི་རྐེད་པ་ཡན་ཆོད་ཁྲོ་བོའི་ཆ་ལུགས་ཞལ་གསུམ་ཕྱག་དྲུག་པ་ལ་སོགས་པ་དང་ལྡན་པར་བསྒོམ་ཞེས་བྱ་བའི་དོན་ཏོ། །ཕྱོགས་ [114a.6]བཅུའི་དཀྱིལ་འཁོར་ཞེས་པ་ནི་ཤར་ཕྱོགས་ལ་སོགས་པའི་ཕྱོགས་བཅུར་ཉི་མའི་དཀྱིལ་འཁོར་བཅུ་བསྐྱེད་ནས་ཁྲོ་བོ་དེ་རྣམས་དཀྱིལ་འཁོར་དག་གི་སྟེང་དུ་གནས་པར་བསམ་པའོ། །རིམ་བཞིན་ཞེས་པ་ནི་ཕྱོགས་དང་ཁྲོ་བོ་མ་ནོར་བ་དང་ཤར་ཕྱོགས་ནས་བསྐྱེད་པའོ། །དེ་ཡང་ [114a.7]ཤར་ཕྱོགས་སུ་གཤིན་རྗེ་གཤེད་དོ། །ཤར་ལྷོར་མི་གཡོ་མགོན་ནོ། །ལྷོར་ཤེས་རབ་མཐར་བྱེད། ལྷོ་ནུབ་ཏུ་འདོད་པའི་རྒྱལ་པོ། ནུབ་ཏུ་པདྨ་མཐར་བྱེད། ནུབ་བྱང་དུ་ནཱི་ལ་དཎྜ། བྱང་དུ་ཨ་མྲྀ་ཏ་ཀུཎྜ་ལི། བྱང་ཤར་དུ་མ་ཧཱ་བ་ལ། འོག་ཏུ་ཀ་མ་ལ་ཀུཎྜ་ལི། སྟེང་དུ་ཧཱུཾ་མཛད་ [114b] [114b.1]དོ། །དེ་ལྟར་ཁྲོ་བོ་རྣམས་བསྐྱེད་ནས་ཡང་འདི་ལྟར་བྱའོ་ཞེས་པའི་དོན་ཏོ། །བགེགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་བར་ཆད་བྱེད་པའོ། །ཐམས་ཅད་ནི་བགེགས་ཀྱི་རིགས་ཇི་ལྟ་བུ་ཡང་རུང་བ་མ་ལུས་པའི་དོན་ཏོ། །བཤིག་པ་ནི་མེད་པར་བྱས་པ་འམ། ཚར་གཅད་པའི་དོན་ཏོ། ། [114b.2]གནོད་མཛེས་བཀའ་སྩལ་ཞེས་པ་ལ་སོགས་པ་ནི་ཁྲོ་བོ་གནོད་མཛེས་བསྐྱེད་ཅིང་བགེགས་རྣམས་ཁུག་ཅིག་པར་བཀའ་སྩལ་པ་དང་ཕུར་བུས་ཐོབ་ཅིག་པའི་དོན་ཏོ། །ཉི་མའི་དཀྱིལ་འཁོར་དབུས་གནས་ཞེས་པ་ནི་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གྱི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ [114b.3]ལས་ཁྲོ་བོ་ཧཱུཾ་དཀར་བསྐྱེད་ནས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམ་པའོ། །དབྱར་གྱི་སྤྲིན་ཕུང་ལྟ་བུ་ཞེས་པ་ནི་དེའི་སྐུ་མདོག་བསྟན་ཏེ་ཤིན་ཏུ་ཡང་གནག་པའོ། །བསྐལ་པའི་མེ་དཔུང་ཞེས་པ་ནི་སྐུའི་འོད་ཤིན་ཏུ་འབར་ཞིང་ཉོན་མོངས་པ་ཐམས་ཅད་སྲེག་པའི་ [114b.4]མཐུ་ཆེ་བའམ་བདུད་དང་བགེགས་ཐམས་ཅད་འོད་ཀྱིས་ཚིག་ཅིང་ཐལ་བར་རློག་པའི་འོད་དང་ལྡན་པའི་དོན་ཏོ། །གཡས་བརྐྱང་བ་ནི་ཞབས་གཉིས་སྟང་སྟབས་སོ། །སྨིན་མཚམས་ཁྲོ་གཉེར་ནི་དཔྲལ་བ་ཁྲོ་གཉེར་གསུམ་མམ་ལྔ་དང་ལྡན་པའོ། །དམར་བའི་སྤྱན་ནི་སེམས་ [114b.5]ཅན་ཐམས་ཅད་ལ་ཐུགས་རྗེའི་དབང་གིས་ཆགས་པའི་དོན་དང་བགེགས་ཐམས་ཅད་འཇིགས་པར་བྱ་བའི་ཕྱིར་སྤྱན་ཤིན་ཏུ་ཡང་དམར་བར་བསྟན་ཏོ། །ཞལ་གསུམ་ནི་སྐུ་གསུང་ཐུགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའམ་མངའ་བའི་དོན་ཏོ། །མཆེ་བ་གཙིགས་པ་ནི་ཤིན་ཏུ་ [114b.6]ཡང་འཇིགས་པར་བྱེད་པའི་དོན་ཏོ། །རྣམ་པར་བསྒྱུར་བ་ནི་ལྗགས་སོ། །ཕྱག་དྲུག་ལ་དང་པོ་གཉིས་ཧཱུཾ་གི་ཕྱག་རྒྱ་དང་ལྡན་པའོ། །དེ་ཡང་གཡོན་གྱི་མཛུབ་མོ་བསྡིགས་པའི་ཚུལ་དུ་ཐུགས་ཀྱི་ཐད་ཀར་གཞག་བའོ། །གཡས་ཀྱི་མཛུབ་མོ་གནམ་དུ་བསྡིགས་པའི་ཚུལ་དུ་བསྒྲེང་བའོ། །དཔའ་ [114b.7]བོ་ནི་འཇིག་རྟེན་གྱི་ལྷ་ལ་སོགས་པ་གང་གིས་ཀྱང་མི་ཐུབ་པའི་དོན་ཏོ། །རྡོ་རྗེ་དྲིལ་བུ་འཛིན་པ་ཞེས་པ་ནི་ཕྱག་དེ་གཉིས་ཀྱིས་སོ། །གཡས་གཉིས་ལྕགས་ཀྱུ་རལ་གྲི་ནི་བར་མ་ལྕགས་ཀྱུ་རལ་གྲིའོ། །གཡོན་གྱི་བར་མ་དགྲ་སྟ་ཐ་མ་ཞགས་པའོ། །འདི་འདྲ་གཟུགས་ཞེས་པ་ནི་གོང་དུ་ [115a] [115a.1]བསྟན་པའི་ཆ་ལུགས་ཁྲོ་བོ་མདུན་དུ་གནས་པར་བསྒོམས་ནས་ཞེས་བྱ་བའི་དོན་ཏོ། །རང་གིས་དེ་ལ་བཀའ་སྩལ་པ། ཞེས་པ་ནི་ཐུགས་ཀ་ནས་བྱུང་བའི་ཁྲོ་བོ་ཧཱུཾ་ཀ་ར་ལ་ཞེ་སྡང་རྡོ་རྗེ་བགེགས་ཐམས་ཅད་ཁུག་ཤིག་པར་སྔགས་ཀྱི་སྒོ་ནས་བསྐུལ་བའི་ [115a.2]དོན་ནོ། །དེ་ཡང་གང་ཞེ་ན། ཨོཾ་སུམྦྷ་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཡི་གེ་རྣམས་སོ། །ཨོཾ་ནི་ཡེ་ཤེས་ལྔའམ་སྐུ་གསུང་ཐུགས་བསྟན་པ་འམ། སྔགས་ཐམས་ཅད་ཀྱི་མགོ་ཨོཾ་གྱིས་འདྲེན་པས་སོ། །དེ་ཡང་ཇི་ལྟ་ཞེ་ན། སྔོན་ལྷ་ཆེན་པོ་འདོད་ཆགས་ཆེན་པོ་སྐྱེས་ [115a.3]ནས་གངས་རིའི་བུ་མོ་ཨུ་མ་དང་ཟླ་དྲུག་གི་བར་དུ་མཚམས་མ་བྱེ་བར་འདོད་ཆགས་སྤྱོད་པ་གཟིགས་ནས་ཐུགས་རྗེས་དེ་གཉིས་འདུལ་བའི་དོན་དུ་ཁྲོ་བོ་ཆེན་པོའི་ཆ་ལུགས་སུ་སྤྲུལ་ནས། དེ་གཉིས་མཚམས་མ་བྱེ་བར་མནན་པའི་ཚེ་འཇིག་རྟེན་པའི་ལྷ་རྣམས་བྲེད་ཅིང་ [115a.4]འདར་ནས་མཛེས་སོ་མཛེས་སོ་ཞེས་བསྟོད་པས་ཡ་མཚན་དུ་གྱུར་ཏོ། །ཡང་རྣམ་པ་གཅིག་ཏུ་དེ་གཉིས་མནན་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་མཛེས་པར་བྱས་པས་སོ། །ན་ཞེས་པས་ནི་ངེས་པའི་དོན་ཨཱ་ན་ཡ་ཞེས་པ་ནི་བགེགས་ཐམས་ཅད་ཁྱེར་ལ་ཤོག་ཅིག་པའོ། ། [115a.5]ཁྲོ་བའི་རྒྱལ་པོ་འདི་དག་གིས་ཞེས་པ་ནི་སྔགས་དེ་དག་གིས་བསྐུལ་མ་ཐག་ཏུ་ཁྲོ་བོ་གནོད་མཛེས་ཀྱིས་བགེགས་ཐམས་ཅད་བཟུང་ནས་ཁྲོ་བོ་རྣམས་ཀྱི་འོག་ཏུ་བཅུག་པར་འགྱུར་རོ། །བློ་ལྡན་ནི་ཆོ་ག་ལ་མཁས་པའི་རྣལ་འབྱོར་བའོ། །སྦྱོར་བ་ཡིས་ཞེས་པ་ནི་འོག་ཏུ་མནན་པའི་ [115a.6]བགེགས་རྣམས་མི་ལྟ་བར་བྱ་བའི་ཕྱིར་ཕུར་བུ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་བྱས་ནས་ཐོབ་ཤིག་པའི་དོན་ཏོ། །རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ། །ཞེས་པ་ལ་སོགས་པ་ནི་ཕུར་བུ་བསྒོམ་པའི་ཐབས་སོ། །ཕུར་བུ་ཐམས་ཅད་ཁྲོ་བོ་ཨ་མྲྀ་ཏ་ཀུཎྜ་ལིའི་རང་བཞིན་ [115a.7]དུ་བསྒོམས་པས་རྡོ་རྗེ་ཕུར་བུ་ཉིད་གནས་པ་ཞེས་བྱ། ཨུཏྤལ་སྔོན་པོའི་མདོག་འདྲ་བ་ནི་ཕུར་བུའི་ཁ་དོག་སྔོ་སྐྱར་འདུག་པའི་དོན་ཏོ། །འབར་བའི་ཕྲེང་བ་ནི་ཕུར་བུ་ཉིད་ལས་དཀྲིགས་པའི་ཚུལ་དུ་འཕྲོ་བའོ། །ལྟེ་བ་མན་ [115b] [115b.1]ཆད་ཞེས་པ་ལ་སོགས་པ་ནི་གོང་དུ་བསྟན་པའི་ཁྲོ་བོ་རྣམས་འདྲ་བར་བསྒོམས་ཤིག་པའི་དོན་ཏོ། །བགེགས་ཀྱི་ཚོགས་ལ་འོག་ཏུ་གཟིགས་པ་ཞེས་པ་ནི་འོག་ཏུ་མནན་པའི་བགེགས་རྣམས་ལ་མ་འགུལ་ཅིག་ཅེས་པའི་བརྡ་སྡང་མིག་ཏུ་བལྟ་བའོ། །དེའི་སྔགས་ནི་ཕུར་བུའི་ [115b.2]སྔགས་འོག་ནས་འབྱུང་བའོ། །བརྗོད་པ་ནི་ལན་གྲངས་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་གམ་བདུན་ཞེས་པའི་དོན་ཏོ། །རྡོ་རྗེ་ཕུར་བུ་ནི་དེ་ལྟར་བྱིན་གྱིས་བརླབས་པའི་ཕུར་བུའོ། །ངེས་པ་ནི་ཐེ་ཚོམ་མེད་པར་བཏབ་ན་བགེགས་ཐམས་ཅད་གནོན་པར་འགྱུར་བའི་དོན་ཏོ། །དེའི་ [115b.3]སྔགས་ནི། ཨོཾ་གྷ་གྷ་ཞེས་པ་ལ་སོགས་པའི་ཡི་གེ་རྣམས་སོ། །རྡོ་རྗེ་ཐོ་བ་ཕྱག་བསྣམས་མཆོག །ཅེས་པ་ལ་སོགས་པ་ནི་ཕུར་བུ་འདེབས་པའི་ཚེ་རྣལ་འབྱོར་པས་ཧཱུཾ་མཛད་བསྒོམ་པའི་དོན་ཏོ། །དེ་ཡང་ཧཱུཾ་གི་ཕྱག་རྒྱ་བཏང་ལ་ཐོབ་ཕུར་བུ་འཛིན་ཅིང་ཚིག་ཀྱང་ཧཱུཾ་ཧཱུཾ་ [115b.4]ཞེས་བརྗོད་ཅིང་རྒྱུན་མི་འཆད་པར་བསྒྲགས་ཏེ། མིག་ཀྱང་སྡང་མིག་ཏུ་མེ་སྟག་འཕྲོ་བའི་ཚུལ་དུ་བལྟ་ཞིང་བགེགས་རྣམས་ཕུར་བུས་བཏབ་པར་བྱ་བའི་དོན་ཏོ། །ཕྱོགས་མཚམས་ཀུན་དུ་རྡོ་རྗེ་མེ། ཞེས་པ་ནི་ཕྱོགས་མཚམས་སུ་ཡི་གེ་རཾ་བསྐྱེད་ནས་བསྐལ་པའི་ [115b.5]མེ་དང་འདྲ་བར་ཡེ་ཤེས་ཀྱི་མེ་བསྐྱེད་པའོ། །རྣམ་པར་འཕྲོ་བ་ནི་ཕྱོགས་ཐམས་ཅད་དུ་འཕྲོ་ཞིང་སེམས་ཅན་གྱི་ཉོན་མོངས་པ་བསྲེགས་པ་དང་། མེ་སྟག་འབར་བ་འཕྲོ་ཞིང་སྡང་བ་རྣམས་ཚིག་པར་བསམ་མོ། །ཕྱོགས་བཅུ་ཀུན་དུ་འབྲོས་པར་འགྱུར། ཞེས་ [115b.6]པ་ནི་བགེགས་ཐམས་ཅད་སྒྲུབ་པའི་གནས་ཀྱི་མཚམས་ནས་སོ་སོའི་ཕྱོགས་སུ་འབྲོས་པར་འགྱུར་བའི་དོན་ཏོ། །ཕྱོགས་མཚམས་ཕུར་བུས་བཏབ་ནས་ནི་གོང་མ་ལྟར་བྱས་ནས་ཞེས་པའི་དོན་ཏོ། །སྟེང་འོག་ཡང་དག་བྱིན་གྱིས་བརླབ། །ཅེས་པ་ནི་གོང་མ་ལྟར་ [115b.7]ཕུར་བུ་གདབ་པ་དང་མེ་བསྐྱེད་པའོ། །དེ་ལྟར་གནས་སྲུང་བ་བསྟན་ནས་དམ་པའི་དོན་ཞེས་པ་ལ་སོགས་པས་གནས་སྦྱང་བའི་ཆོ་གྒ་བསྟན་ཏེ། དེ་ཡང་དོན་དམ་པའི་ཏིང་ངེ་འཛིན་གྱིས་སྦྱང་དགོས་པས་ན་སྲིད་པ་གསུམ་མ་སྐྱེས་པ་རང་བཞིན་མེད་པར་སྒོམས་ཤིག་པའི་དོན་ཏོ། ། [116a] [116a.1]དངོས་པོ་མེད་པར་བསྒོམ་པ་ཞེས་པ་ལ་སོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་སྣང་བ་གཡོ་བ་དང་མི་གཡོ་བ་ཐམས་ཅད་ཡེ་ནས་མ་སྐྱེས་པའི་རང་བཞིན་ཡིན་པར་མ་ཤེས་ཤིང་ཡེ་ནས་ཡོད་པ་ལས་མེད་པར་སྒོམ་པ་ནི་སྒོམ་པ་ཡང་དག་ [116a.2]པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟ་བས་ན་དོན་དམ་པའི་རང་བཞིན་སྒོམ་པའི་རྣལ་འབྱོར་པས་ཡོད་པ་དང་མེད་པ་དང་ཐོག་མ་དང་ཐ་མ་ལ་སོགས་པའི་སེམས་ཀྱི་བྱེ་བྲག་ཐམས་ཅད་མི་དམིགས་པར་ནམ་མཁའ་ལྟར་བསྒོམ་པའོ། །དངོས་པོ་ནི་གོང་དུ་བསྟན་པའི་ཕུང་ [116a.3]པོ་དང་ཁམས་ལ་སོགས་པའོ། །བརྟན་པ་ནི་ས་དང་རི་རབ་ལ་སོགས་པའི་སྣོད་ཀྱི་འཇིག་རྟེན་ནོ། །གཡོ་བ་ནི་ལྷ་དང་མི་ལ་སོགས་པའི་བཅུད་ཀྱི་འཇིག་རྟེན་ནོ། །ཀུན་ནི་མ་ལུས་པའི་དོན་ཏོ། །ཚིགས་བཅད་འདི་ཡིས་སྟོང་གྱུར་ཞེས་པ་ནི་གོང་དུ་བསྟན་པའི་ཚིགས་སུ་བཅད་པའི་སྒོ་ནས་ [116a.4]ནམ་མཁའ་ལྟར་བསྒོམ་པའོ། །ནས་ནི་སྟོང་པར་བསམས་ནས་བསྒྲུབ་བྱའི་ས་བྱིན་གྱིས་བརླབ་ཅེས་པའི་དོན་ཏོ། །ཆོ་ག་འདིའི་སྦྱོར་བ་ཞེས་པ་ནི་འོག་ནས་འབྱུང་བའི་བྱང་ཆུབ་སེམས་རྡོ་རྗེ་བསྒོམ་པ་ལ་སོགས་པའོ། །ཡེ་ཤེས་ས་ནི་རིགས་ལྔ་ལ་སོགས་པའི་ལྷ་རྣམས་ཀྱི་བཞུགས་ [116a.5]པའི་གནས་ཡིན་པའམ་ཡུམ་ལྔའི་རང་བཞིན་ཡིན་པས་སོ། །བྱིན་གྱིས་བརླབ་པ་ནི་ཏིང་ངེ་འཛིན་གྱིས་བསྐྱེད་པ་ལ་བྱའོ། །བྱང་ཆུབ་རྡོ་རྗེ་དམིགས་ནས་ཞེས་པ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་དངོས་པོར་ལྟ་བའི་བག་ཆགས་ཐམས་ཅད་བྱང་བར་བྱས་ [116a.6]པའི་རྣལ་འབྱོར་པས་ཧཱུཾ་ལས་བདག་བྱང་ཆུབ་སེམས་རྡོ་རྗེ་དེ་ཀུན་དུ་བཟང་མོ་བསྒོམ་པར་བྱའོ། །ཟླ་བའི་དཀྱིལ་འཁོར་ལ་འདུག་པའི་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་བྱང་ཆུབ་སེམས་རྡོ་རྗེ་དང་། ཀུན་དུ་བཟང་མོ་སྐུ་མདོག་ཟླ་བའི་མདོག་དང་ [116a.7]འདྲ་བ་ཟླ་བའི་འོད་དང་ལྡན་པ་སངས་རྒྱས་ལྔས་དབུ་བརྒྱན་པ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་སྦྱོར་བའི་ཚུལ་དུ་བཞུགས་པ་ཕྱག་རྒྱ་གཉིས་ཀྱིས་འགྱིང་བའི་ཚུལ་དུ་གཡོན་པས་ཡུམ་ལ་འཁྱུད་པ། གཡས་པས་རྡོ་རྗེ་འཛིན་པ་བསྒོམ་པའོ། །ནམ་མཁའི་ཁམས་ཀུན་ཁྱབ་ཅིས་ [116b] [116b.1]པ་ནི་དེ་ལྟར་བྱང་ཆུབ་སེམས་རྡོ་རྗེ་ཀུན་དུ་བཟང་མོ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཡི་གེ་མར་གྱུར་ལ། དེའི་འཕྲོ་འདུ་བྱས་པ་ལས་ལྷ་མོ་མཱ་མ་ཀཱིར་གྱུར་པར་བསམས་ལ་འཕྲོ་འདུ་བྱས་པ་ལས་སེམས་ཅན་གྱི་དོན་དུ་ཆུའི་རང་བཞིན་དུ་གྱུར་ནས་ནམ་མཁའ་དང་ [116b.2]མཉམ་པར་གནས་པར་བསམ་པའི་དོན་ཏོ། །ནམ་མཁའ་རྡོ་རྗེ་དབུས་གནས་པ། །ཞེས་པ་ནི་གོང་མ་དང་འདྲ་བར་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཡི་གེ་ལཾ་དུ་གྱུར་ལ་གོང་མ་ལྟར་འཕྲོ་འདུ་བྱས་པ་ལས་ལྷ་མོ་ལོ་ཙ་ན་སྐུ་མདོག་དཀར་མོ་གྱུར་པར་བསམས་ལ་འཕྲོ་འདུ་ [116b.3]བྱས་པ་ལས་སེམས་ཅན་གྱི་དོན་དུ་སའི་ཁམས་ཀྱི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ཡང་ཁྱོན་ཇི་ཙམ་ཞེ་ན། དཔག་ཚད་བྱེ་བ་ཞེས་བྱ་སྟེ་དེ་ཡང་གཙོར་སྨོས་པ་ཡིན་གྱི་ནམ་མཁའི་ཁམས་ཀུན་ཁྱབ་པ་འམ། དེ་བས་ཆུང་བའམ་སེམས་ཀྱིས་གང་ལྕོགས་དང་ངོ་། །དང་བ་ནི་ [116b.4]ཤེལ་ལྟ་བུར་འདུག་ཅིང་འོད་གསལ་བའོ། །དྲི་མ་མེད་པ་ནི་རང་བཞིན་གྱིས་ཉོན་མོངས་པ་མེད་པ་དང་། འཕྲལ་གྱི་ཡིད་དུ་མི་འོང་བ་མེད་པའོ། །འོད་ཟེར་སྣ་ལྔ་ནི་དཀར་པོ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་འོད་དོ། །ཀུན་དུ་འཁྲིགས་པ་ནི་ཕྱོགས་ཐམས་ཅད་དུ་འབར་ཞིང་ [116b.5]རབ་རིབ་སེལ་བའི་དོན་ཏོ། །སངས་རྒྱས་རྡོ་རྗེ་ཅན་གྱིས་གནས། ཞེས་པ་ནི་དེ་ལྟ་བུ་དེ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་བྱང་ཆུབ་སེམས་རྡོ་རྗེའི་རང་བཞིན་ཡིན་པའམ་རིགས་ལྔ་ལ་སོགས་པའི་ལྷའི་ཕོ་བྲང་དཀྱིལ་འཁོར་བསྐྱེད་པ་ཡིན་པས་སོ། །དེ་དབུས་བྷཱུཾ་ནི་གནས་ཞེས་ [116b.6]པ་ནི་གོང་དུ་བསྟན་པའི་ས་གཞིའི་དཀྱིལ་དུ་གཞལ་ཡས་ཁང་བསྐྱེད་པར་བསྟན། དེ་ཡང་གཞལ་ཡས་ཁང་གི་རང་བཞིན་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་ཆེན་པོའི་རང་བཞིན་ཡིན་པས་དེའི་སྙིང་པོ་ཡི་གེ་བྷྲཱུཾ་ལས་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །གསེར་གྱི་རི་བོ་འདྲ་བ་ [116b.7]ཡི། །ཞེས་པ་ནི་སྐུ་རི་རབ་དང་འདྲ་བར་ཤིན་ཏུ་ཡང་ཆེ་བ་དང་སྐུ་མདོག་སེར་བའོ། །སངས་རྒྱས་ཀུན་གྱི་གཞལ་མེད་ཁང་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས་ཡིན་པས་སོ། །འཁོར་ལོས་སྒྱུར་བ་བསྒོམ་པར་བྱ་བ་ནི་གཞལ་ཡས་ཁང་གི་ [117a] [117a.1]རང་བཞིན་དུ་སྨོན་ལམ་གྱིས་གྱུར་པ་ཡིན་པས་སོ། །དེ་ཡང་གོང་དུ་བསྟན་པའི་ཡི་གེ་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་ཆེན་པོ་སྐུ་མདོག་གསེར་དང་འདྲ་བ་ཞལ་གསུམ་ཕྱག་དྲུག་པ་གཡས་གསུམ་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་བསྣམས་པ། གཡོན་ [117a.2]གསུམ་ན་པདྨ་དང་རལ་གྲི་དང་ལྕགས་ཀྱུ་བསྣམས་པ། རིགས་ལྔས་དབུ་བརྒྱན་པ། སྐུ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོ་བ་ལོ་ཙ་ན་དང་གཉིས་སུ་མེད་པར་སྦྱོར་བའི་ཚུལ་དུ་གནས་པར་བསྒོམ་པའི་དོན་ཏོ། །ལས་ཀྱི་རྡོ་རྗེ་བསྟན་ཞེས་པ་ནི་ལས་ཀྱི་རྡོ་རྗེ་ནི་ [117a.3]བཅོམ་ལྡན་འདས་དོན་ཡོད་གྲུབ་པའོ། །བསྟན་ནི་ལྷ་མོ་སྒྲོལ་མའོ། །ཤེས་རབ་ལྡན་པ་ནི་རྣལ་འབྱོར་པའོ། །དེ་ཞེས་པ་ནི་གཞལ་ཡས་ཁང་དང་ས་གཞི་དང་ཆུའི་འོག་ཏུ་གོང་དུ་བསྟན་པའི་ཚུལ་དུ་ཡི་གེ་ཧ་ལས་ལྷ་མོ་སྒྲོལ་མ་རླུང་གི་དཀྱིལ་འཁོར་དང་འདྲ་བ་བསྒོམ་ཞེས་བྱ་ [117a.4]བའི་དོན་ཏོ། །དེ་དང་འདྲ་བའི་ཡི་གེ་བྷྲཱུཾ་ལས་ལྷ་མོ་ན་བཟའ་དཀར་མོ་དྲོད་ཐམས་ཅད་ཀྱི་ཚུལ་དུ་གནས་པར་བསམ་མོ། །གོང་དུ་རིམ་པ་བཞིན་མ་བསྟན་པ་ནི་ཕྱི་རོལ་གྱི་ཡི་གེ་དང་ཚིག་ལ་མཁས་པ་རྣམས་ཀྱིས་མི་གོ་བར་བྱ་བའི་ཕྱིར་སློབ་དཔོན་གྱིས་མན་ངག་ཏུ་མཛད་པའོ། ། [117a.5]ནམ་མཁའ་དབྱིངས་ཀྱི་དབུས་གནས་པ། །ཞེས་པ་ནི་ནམ་མཁའ་ཀུན་དུ་བཟང་མོའི་རང་བཞིན་སྟོང་པ་ཉིད་ལ་གཞལ་ཡས་ཁང་དེ་ལྟ་བུ་བསྐྱེད་པ་དེ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས་ཡིན་པའི་དོན་ནོ། །རིན་ཆེན་བཞི་དངོས་ཞེས་པས་ནི་གཞལ་ཡས་ཁང་གི་ཁ་ [117a.6]དོག་བསྟན་ཏོ། །ཡེ་ཤེས་བཞི་ལས་རིན་པོ་ཆེ་བཞིར་སྣང་བ་སྟེ་དེ་ཡང་ཤར་ཕྱོགས་མེ་ལོང་ལྟ་བུའི་ཡེ་ཤེས་ཤེལ་ལྟ་བུར་སྣང་བ་དང་། ལྷོ་ཕྱོགས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཨིནྡྲ་ནཱི་ལ་ལྟར་སྣང་བ་དང་། ནུབ་ཕྱོགས་སོ་སོར་རྟོག་པའི་ཡེ་ཤེས་པདྨ་རཱ་ག་ལྟར་སྣང་བ་དང་། བྱང་ཕྱོགས་ [117a.7]བྱ་བ་ནན་ཏན་གྱི་ཡེ་ཤེས་ཨིནྡྲ་ནཱི་ལ་མརྒད་ལྗང་གུ་ལྟར་སྣང་བའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཀུན་ལ་ཁྱབ་པར་ཤེས་པར་བྱའོ། །མཆོད་རྟེན་ཞེས་པ་ནི་འཇིག་རྟེན་གསུམ་གྱིས་མཆོད་པར་འོས་པ་གཙུག་ཏོར་འཁོར་ལོས་སྒྱུར་བའི་རང་བཞིན་ནོ་ཞེས་པའི་དོན་ཏོ། ། [117b] [117b.1]འོད་ཟེར་འཕྲོ་བས་རྣམ་པར་བརྒྱན། །ཞེས་པ་ནི་ཡེ་ཤེས་ལྔའི་འོད་ཟེར་ཁ་དོག་ལྔར་འཕྲོ་ཞིང་མཆོད་པའི་བྱེ་བྲག་ཏུ་གྱུར་ནས་གཞལ་ཡས་ཁང་དེ་བརྒྱན་པའོ། །ཡེ་ཤེས་རྒྱ་མཚོ་ཞེས་པ་ནི་སངས་རྒྱས་སོ། །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་ [117b.2]ཀྱི་མཁྱེན་པ་གཏིང་དཔག་དཀའ་བས་སོ། །དུས་གསུམ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་རོ། །ཡང་ན་ཡེ་ཤེས་ནི་གདོད་མ་ནས་མ་སྐྱེས་པ་ཆོས་ཀྱི་དབྱིངས་སོ། །རྒྱ་མཚོ་ནི་མཐའ་ཐུག་པ་མེད་པའོ། །དེའི་རང་བཞིན་དུས་གསུམ་གྱི་སངས་རྒྱས་ཡིན་པའི་དོན་ཏོ། །གནས་ [117b.3]སུ་དེ་ནི་རྣམ་པར་བསམ། །ཞེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་བཞུགས་གནས་ཡིན་པར་བསྒོམ་མོ། །གྲུ་བཞི་པ་ལ་སྒོ་བཞི་ཞེས་པ་ལ་སོགས་པས་ནི་གཞལ་ཡས་ཁང་དེའི་དབྱིབས་དང་རྒྱན་བསྟན། གྲུ་བཞི་ཡེ་ཤེས་བཞིའམ་ཡུམ་བཞི་ལས་གྲུབ་པའི་རྟགས་ [117b.4]སོ། །སྒོ་བཞི་ནི་སྟོང་པ་ཉིད་ལ་སོགས་པ་བཞིའི་རྟགས་སོ། །སྒོ་རྒྱན་བཞི་ནི་བྱམས་པ་ཆེན་པོ་ལ་སོགས་པ་ཚངས་པའི་གནས་བཞིའི་རྟགས་སོ། །ཡང་དག་ལྡན་ཞེས་པ་ནི་དེ་ལྟ་བུའི་རང་བཞིན་ཏྭ་ར་ན་བཞི་དང་གཞལ་ཡས་ཁང་དང་ལྡན་པའི་དོན་ཏོ། །དྲིལ་བུ་ནི་ཤེས་རབ་ [117b.5]ཀྱི་སྒྲ་སྒྲོགས་ཤིང་སེམས་ཅན་གྱི་མི་ཤེས་པ་ཐམས་ཅད་སེལ་བའི་དོན་ཏོ། །དར་དཔྱངས་ནི་འདུལ་བའི་དབང་དུ་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སུ་ཀུན་རྫོབ་ཀྱི་སྐུ་བསྟན་པ་ལྷ་དང་མི་ལས་འཕགས་ཤིང་མཚན་དང་དཔེ་བྱད་རྣམས་དང་ལྡན་པའི་རྟགས་སོ། ། [117b.6]པན་ནི་སངས་རྒྱས་ཀྱི་ཡོན་ཏན་འཇིག་རྟེན་གྱི་ལྷ་དབང་ཕྱུག་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའི་དོན་སོགས་པའི་སྒྲ་ནི་མུ་ཏིག་ཧ་ར་དང་། རྔ་ཡབ་དང་བླ་རེ་ལ་སོགས་པའི་རྒྱན་མཐའ་ཡས་པ་རྣམས་སོ། །དེ་ཡང་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་དང་སྦྱོར་རོ། ། [117b.7]སྒོ་ཁྱུད་ཀྱིས་རྣམ་པར་བརྒྱན་པ་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེའི་སྒོ་ཁྱུད་རྣམས་དང་ལྡན་པའོ། །གྲྭ་མཚམས་ནི་ཐིག་གཉིས་ཀྱི་བར་དང་ཀ་བའི་བར་རོ། །ཐམས་ཅད་ནི་ལྷ་རྣམས་ཀྱི་བཞུགས་པའི་ས་རྣམས་སོ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་བརྒྱན། ཞེས་པ་ནི་དེ་དག་ཏུ་རྡོ་རྗེ་དང་ [118a] [118a.1]རིན་པོ་ཆེ་ཐ་དད་པ་རྣམས་ཅི་མཛེས་སུ་བྲིའོ། །ཟླ་གམ་ཆུའི་འཕྱང་ཞེས་པ་ལ་སོགས་པའི་རྒྱན་འདི་དག་གིས་ཀྱང་མཛེས་པར་བྱས་ཤིང་སངས་རྒྱས་ཀྱི་ཡོན་ཏན་དུ་ཤེས་པར་བྱའོ། །ཐིག་སྐུད་བཞི་ནི་ཡོངས་བཏབ་པ། །ཞེས་པ་ལ་སོགས་པས་ནི་ཡོན་ཏན་དེ་ལྟ་བུ་དང་ [118a.2]ལྡན་པའི་གཞལ་ཡས་ཁང་གི་དབུས་སུ་རེའུ་ཆ་དགུའི་དཀྱིལ་འཁོར་བྲི་བའམ་བསྒོམ་པར་བསྟན་ཏོ། །ཐིག་སྐུད་ཅེས་པ་ནི་རས་བལ་ལ་སོགས་པ་གང་ཡང་རུང་བ་ལ་བུ་མོ་མཚན་དང་ལྡན་པས་བཀལ་བ་ཁ་དོག་གསུམ་མམ་ལྔ་སུམ་སྒྲིལ་ལམ་ལྔ་སྒྲིལ་བྱས་པའི་སྐུད་པ་བྱང་ [118a.3]ཆུབ་སེམས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །བཞི་ཡོངས་སུ་གཏང་བ་ནི་དེའི་དུས་སུ་རྣལ་འབྱོར་པས་སྐུ་གསུང་ཐུགས་སུ་བསྒོམས་ལ་ཨོཾ་ཨཱཿཧཱུཾ་བརྗོད་ཅིང་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་ཐིག་གཉིས་བཏབ་པ་དང་། ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཐིག་གཉིས་བཏབ་པའོ། །ཀ་ [118a.4]བ་མཆོག་བརྒྱད་ཀུན་དུ་གནས་པ་ནི་དེ་ལྟར་བཏབ་པས་ཕྱོགས་རེ་རེར་ཀ་བ་གཉིས་གཉིས་ཀྱི་ཚུལ་དུ་གནས་པས་སོ། །མཆོག་ཅེས་པས་ནི་རྣམ་པར་ཐར་པའི་སྒོ་བརྒྱད་ཀྱི་རྣམ་པར་དག་པའོ། །དབུས་སུ་འཁོར་ལོ་དམིགས་བྱ་བ་ནི་ཐིག་དེའི་མཐའ་ཀུན་ནས་ཟླུམ་པོར་བསྐོར་ཞིང་ [118a.5]རེའུ་ཆ་དགུ་བྱ་ཞེས་པའི་དོན་ཏོ། །མདོར་ན་ཞེས་པ་ནི་ཕྱོགས་དང་སངས་རྒྱས་སོ་སོར་སློབ་དཔོན་གྱིས་མ་བསྟན་པའི་དོན་ཏོ། །སངས་རྒྱས་ཐམས་ཅད་ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ། །རང་གི་གནས་སུ་རྣམ་པར་བསམ། །ཞེས་པ་ནི་དེ་བཞིན་ [118a.6]གཤེགས་པ་སོ་སོའི་ཕྱོགས་སུ་བསྒོམ་པ་འམ་བྲི་ཞེས་པའི་དོན་ཏེ་དེ་ཡང་དབུས་སུ་མི་བསྐྱོད་པའོ། །ཤར་དུ་རྣམ་པར་སྣང་མཛད་དོ། །ལྷོར་རིན་ཆེན་དཔལ་ལོ། །ནུབ་ཏུ་ཚེ་དཔག་མེད་དོ། །བྱང་དུ་དོན་ཐམས་ཅད་གྲུབ་པའོ། །རྡོ་རྗེ་ལྷ་མོ་བཞི་རྣམས་ཞེས་པ་ནི་ [118a.7]སངས་རྒྱས་སྤྱན་ལ་སོགས་པ་བཞིའོ། །འཁོར་ལོའི་གྲྭར་ནི་རྣམ་པར་བསྒོམ། །ཞེས་པ་ནི་མེའི་ཕྱོགས་ནས་དབང་ལྡན་གྱི་ཕྱོགས་སུ་སངས་རྒྱས་སྤྱན་ལ་སོགས་པ་བཞི་རིམ་པ་བཞིན་དུ་དགོད་པའོ། །གཤིན་རྗེ་གཤེད་ལ་སོགས་ཞེས་པ་ནི་གཤིན་རྗེ་གཤེད་དང་གཞན་ [118b] [118b.1]གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་བདུད་རྩི་འཁྱིལ་པའོ། །སྒོར་དམིགས་བ་ནི་ཤར་སྒོ་ནས་བྱང་སྒོར་རིམ་པ་བཞིན་དུ་དམིགས་པའོ། །སའི་སྙིང་པོ་ལ་སོགས་པ་བསྒོམ། །ཞེས་པ་ནི་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སེམས་མ་བརྒྱད་དཀྱིལ་འཁོར་གྱི་ཕྱིའི་ [118b.2]རིམ་པ་ལ་འོག་ནས་འབྱུང་བའི་ཚུལ་དུ་བསྒོམ་པའི་དོན་ཏོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པ། །ཞེས་པ་ནི་དཀྱིལ་འཁོར་གྱི་དབུས་སུ་ཉི་མའི་དཀྱིལ་འཁོར་བསྐྱེད་ལ་དེའི་སྟེང་དུ་སེམས་ཀྱི་རྡོ་རྗེ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་བདག་ཉིད་དུ་ [118b.3]གྱུར་པ་བསྒོམ་པར་བྱ་བའི་དོན་ཏོ། །ཞལ་གསུམ་ཕྱག་དྲུག་ལྟ་བུ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཞལ་གསུམ་དང་། འགྲོ་བ་དྲུག་གི་དོན་བྱེད་པའི་ཕྱག་དྲུག་དང་ལྡན་པའོ། །ཕྱག་མཚན་ལ་སོགས་པ་ནི་འོག་ནས་སྟོན་ཏོ། །སངས་རྒྱས་དཀྱིལ་འཁོར་ [118b.4]དབུས་གནས་པ་ནི་དེ་ལྟར་ཏིང་ངེ་འཛིན་གྱིས་བསྒོམ་པའམ། །གཟུགས་བརྙན་དུ་བྲིས་པའི་དཀྱིལ་འཁོར་སངས་རྒྱས་ཀྱི་རང་བཞིན་ནམ་བཞུགས་གནས་ཡིན་པས་སངས་རྒྱས་དཀྱིལ་འཁོར་རོ། །དབུས་སུ་གནས་པ་ནི་རྣལ་འབྱོར་པ་དེའི་དཀྱིལ་དུ་འདུག་པའོ། ། [118b.5]དེ་ལྟར་དཀྱིལ་འཁོར་བསྟན་ནས། ད་ནི་ཏིང་ངེ་འཛིན་རྣམ་གསུམ་གྱིས་ཕྱག་རྒྱ་ཆེན་པོ་བསྐྱེད་ཅིང་བསྒྲུབ་དགོས་པས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྟན་ཏོ། །ལུས་དང་ངག་ཡིད་རྡོ་རྗེ་ཞེས་པ་ལ་སོགས་པ་ནི་ལུས་དང་ངག་ཡིད་ནི་རྣལ་འབྱོར་པའིའོ། །རྡོ་རྗེ་ནི་མ་ [118b.6]སྐྱེས་པའི་རང་བཞིན་ཡིན་པས་སོ། །མཚན་ཉིད་དམ་པའི་དོན་ཉིད་དེ། །ཞེས་པ་ནི་བདག་གི་ལུས་ངག་ཡིད་གསུམ་དོན་དམ་པའི་རང་བཞིན་སྟོང་པ་ཉིད་དུ་བསྒོམ་པའི་དོན་ཏོ། །ཚུལ་བཞིན་ཞེས་པ་ནི་དངོས་པོ་མེད་པར་བསྒོམ་པའི་དངོས་པོ་ཞེས་པའི་ཚིགས་བཅད་ [118b.7]ཀྱི་སྒོ་ནས་དཔྱད་པའོ། །ནས་ཞེས་པ་ནི་བདག་གི་ལུས་ངག་ཡིད་གསུམ་ནམ་མཁའ་ལྟར་བསྒོམས་ནས་འོག་གི་སྔགས་བཟླ་བའི་དོན་ཏོ། །སྔགས་འདི་རབ་ཏུ་བརྗོད་པ་ནི་སྟོང་པ་ཉིད་ཀྱི་དོན་ཡིད་ལ་བྱེད་ཅིང་མ་ནོར་བར་ལན་གསུམ་བརྗོད་པའོ། །ཨོཾ་ཤཱུ་ནྱ་ཏཱ་ནི་ཆོས་ཐམས་ཅད་ [119a] [119a.1]དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནམ་མཁའ་ལྟར་གནས་པས་སྟོང་པའོ། །རྡོ་རྗེ་ནི་མི་འགྱུར་བའི་དོན་ཏོ། །ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་བདག་ཀྱང་དེ་ལྟ་བུའི་རང་བཞིན་ནོ་ཞེས་པའི་དོན་ཏོ། །ནམ་མཁའ་བཞིན་དུ་བལྟ་བར་བྱ་བ་ནི་གོང་མའི་དོན་ཡང་ནས་ཡང་དུ་ཡིད་ [119a.2]ལ་བྱ་བའོ། །ནམ་མཁའ་བརྟག་ཏུ་མེད་པ་ལྟར། །ཞེས་པ་ནི་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་བརྟག་ཏུ་མེད་པ་ཡིན་པས་བདག་ཀྱང་རང་བཞིན་མེད་པར་ཤེས་པར་བྱའོ། །ཡི་གེ་རྣམ་པར་བསྒོམ་ཞེས་པ་ནི་དེ་ལྟར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་པ་ཉིད་ལ་ [119a.3]ཅི་ནུས་སུ་གནས་ནས། སེམས་ཅན་གྱི་དོན་བྱ་བའི་ཡིད་ཀྱིས་འོག་ནས་འབྱུང་བའི་ཡི་གེ་གསུམ་བསྒོམ་ཞེས་བྱའོ། །བླ་འོག་དབུས་ནི་རིམ་བཞིན་ཞེས་པ་ནི་སྤྱི་བོ་དང་། ལྕེ་དང་སྙིང་གི་ཐད་ཀ་ཙམ་དུ་བསྒོམ་པའོ། །བདག་ཉིད་ཡི་གེ་གཟུགས་ནི་སྟོང་པ་ཉིད་ལ་གནས་ [119a.4]པའི་རྣལ་འབྱོར་པས་བདག་གི་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཡི་གེ་འབྲུ་གསུམ་དུ་དམིགས་པར་བྱའོ། །སངས་རྒྱས་དཀྱིལ་འཁོར་དབུས་ཉིད་དུ། །ཞེས་པ་ནི་སྟོང་པའི་དབུས་སུ་ཡི་གེ་གསུམ་པོ་དཀར་པོ་དམར་པོ་མཐིང་ནག་ཏུ་ཁ་དོག་གསུམ་དུ་བསྐྱེད་པའི་ [119a.5]དོན་ཏོ། །ཉི་ཟླ་པདྨར་ཡང་དག་གནས། །ཞེས་པས་དེ་རྣམས་ཀྱི་གདན་བསྟན་ཏེ། དེ་ཡང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ངོ་། །ཟླ་བ་ལ་ཨོཾ་མོ། །པདྨ་ལ་ཨཱཿའོ། །ཨོཾ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞིན་ནོ། །ཨཱཿནི་གསུང་གི་རང་ [119a.6]བཞིན་ནོ། །ཧཱུཾ་ནི་ཐུགས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དང་བ་ཟླ་བ་འདྲ་བ་ནི་ཡི་གེ་གསུམ་ཉོན་མོངས་པའི་དྲི་མ་མེད་པས་སོ་སོའི་ཁ་དོག་གསལ་བ་དང་ཟླ་བ་བཞིན་ཞེས་བྱ་བའི་དོན་ཏོ། །ཡི་གེ་གསུམ་ནི་གོང་དུ་བསྟན་པའོ། །ཞུ་བར་བརྟག་ཅེས་པ་ནི་ལྷའི་བུ་ཟླ་བ་ [119a.7]བདུད་རྩི་འདོད་པའི་དུས་སུ་ཟླ་བའི་དཀྱིལ་འཁོར་ལས་བདུད་རྩི་ཞུ་ཞིང་ཐིགས་པར་འབབ་པ་བཞིན་དུ་ཡི་གེ་གོང་མ་འོད་ཀྱི་ཚུལ་དུ་ཞུ་ཞིང་བར་མ་ལ་ཐིམ། དེ་བཞིན་དུ་བར་མ་ཡང་འོག་མ་ལ་ཐིམ་འོག་མ་ཡང་ཞུ་ཞིང་འོད་ཀྱི་ཚུལ་དུ་གྱུར་པར་བསམ་མོ། །རྒྱུ་དྲུག་གནས་པའི་ [119b] [119b.1]སེམས་ཅན་ནི་ལྷ་དང་མི་དང་ལྷ་མ་ཡིན་དང་ངན་སོང་གསུམ་དུ་སྐྱེས་པ་རྣམས་སོ། །སངས་རྒྱས་ཀུན་ནི་ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱི་སྐུ་གསུང་ཐུགས་སོ། །བསྡུ་བའི་སྦྱོར་བས་ཀུན་བསྡུས་ཞེས་པ་ནི་དེ་ལ་གོང་དུ་བསྟན་པའི་ཡི་གེ་གསུམ་གྱི་འོད་ཟེར་ [119b.2]ཕྱོགས་བཅུར་འཕྲོས་ཤིང་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དང་གཉིས་སུ་མེད་པར་གྱུར་པ་དང་། རྒྱུ་དྲུག་གི་སེམས་ཅན་ལ་ཕོག་པས་སྡུག་བསྔལ་ཞི་བར་བྱས་ནས་ལུས་ངག་ཡིད་གསུམ་དང་གཉིས་སུ་མེད་པར་གྱུར་པ་ནི་བསྡུ་བའི་སྦྱོར་བའོ། །ཀུན་བསྡུས་ནི་ [119b.3]སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་སེམས་ཅན་གྱི་ལུས་ངག་ཡིད་གསུམ་གཅིག་ཏུ་གྱུར་ནས་སླར་འདུ་བར་བསྒོམ་པའོ། །རང་བཞིན་མེད་པར་མོས་པའི་ཞེས་པ་ནི་རྣལ་འབྱོར་པ་དག་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་ཞིང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་གནས་ [119b.4]པའི་སེམས་ཀྱི་བག་ཆགས་ལ་བྱ། གཞུག་པར་བྱ་བ་ནི་དེར་བསྡུ་བའི་དོན་ཏོ། །དྷརྨ་དྷ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་དེ་ལྟར་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་དོན་དམ་པའི་རང་བཞིན་བདག་ལ་བསྡུས་པས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་བདག་ཡིན་ནོ་བར་བསྒོམ་པའོ། །བྱང་ [119b.5]ཆུབ་སེམས་དེ་ཀུན་དུ་དག །ཅེས་པ་དེ་ལྟར་སྟོང་པ་ཉིད་བསྒོམས་ནས་བསྡུ་བའི་སྦྱོར་བ་བྱས་པས་བདག་གི་སེམས་ཀྱི་རྒྱུད་ཉོན་མོངས་པ་ཐམས་ཅད་དང་བྲལ་ནས་ཡེ་ཤེས་ཀྱི་འོད་ཟེར་གྱི་རང་བཞིན་དུ་གནས་པས་སོ། །དྲི་མེད་ཟླ་བ་ལྟ་བུར་གནས། །ཞེས་པ་ནི་ཟླ་བ་ལྟ་བུར་ [119b.6]འོད་གསལ་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གང་བ་ལྟར་གནས་པའི་དོན་ཏོ། །ཀུན་བསྡུས་གོང་བུར་སྦྱོར་བ་ཡིས། །ཞེས་པ་ནི་གོང་དུ་བསྟན་པའི་སྐུ་གསུང་ཐུགས་ཀྱི་ས་བོན་ཡི་གེ་འབྲུ་གསུམ་དང་། འཕགས་པའི་སྐུ་གསུང་ཐུགས་ [119b.7]དང་། སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་རང་བཞིན་རྣམས་གཅིག་ཏུ་གྱུར་ནས་བདག་ལྷ་གང་བསྒོམ་པ་དེའི་ས་བོན་གྱི་ཡི་གེར་གྱུར་པར་བསམ་པའོ། །དེ་ལྟར་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གཟུགས་ཀྱི་ངོ་བོར་རྣམ་པར་བསྒོམ་པ་ནི་ཡི་གེ་འོད་དུ་འཕྲོས་ [120a] [120a.1]ཤིང་སེམས་ཅན་གྱི་དོན་ཐམས་ཅད་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་པོར་གྱུར་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སླར་འདུས་པ་ལས་ཕྱག་མཚན་དུ་གྱུར་པར་བསྒོམ་མོ། །དེ་ཡང་འཕྲོས་ཤིང་སླར་འདུས་པ་ལས་སྐུ་ [120a.2]ཕྲ་མོར་འགྱུར་རོ། །དེ་བཞིན་དུ་སྐུ་ཕྲ་མོར་སྤྲོས་ཤིང་སླར་འདུས་པ་ལས་ཕྱག་རྒྱ་ཆེན་པོར་གྱུར་པར་བསམ་མོ། །དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྔགས་ཀྱི་སྐུ་ནི་མཐར་ཕྱིན་པ། །ཞེས་པ་ནི་དེ་ལྟར་ཆོ་ག་རྣམས་ཀྱིས་སྐུ་བསྐྱེད་པས་མཐར་ཕྱིན་པ་ཞེས་བྱའོ། ། [120a.3]སངས་རྒྱས་ཀུན་གྱི་རང་བཞིན་བདག །ཅེས་བྱ་བ་ནི་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སོ། །རང་བཞིན་བདག་ནི་འོག་ནས་འབྱུང་བའི་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པའི་དོན་ཏོ། །ཕུང་པོ་ཁམས་སུ་རྣམ་ [120a.4]བསམས་ཏེ། །སྐྱེ་མཆེད་ལ་སོགས་རྣམ་པར་བརྒྱན། །ཞེས་པ་ནི་དེ་རྣམས་ཀྱི་རང་བཞིན་འོག་ནས་འབྱུང་བའི་ཚུལ་དུ་ལྷར་བྱིན་གྱིས་བརླབ་པའོ། །གཟུགས་ཀྱི་ཕུང་པོའི་རང་བཞིན་དུ། །རྣམ་པར་སྣང་མཛད་རབ་ཏུ་གནས། །ཞེས་པ་ནི་བདག་ཕྱག་རྒྱར་གྱུར་པའི་ [120a.5]གཟུགས་ཀྱི་ཕུང་པོའི་རང་བཞིན་ལ་ཡི་གེ་མཱཾ་ངམ་ཨོཾ་བསྐྱེད་ལ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་ཙམ་གྱི་རྣམ་པར་སྣང་མཛད་ཀྱི་སྐུ་བཀུག་ནས་ཡི་གེ་དང་གཉིས་སུ་མེད་པར་འགྱུར་ཞིང་རྣམ་པར་བསམ་མོ། །ཚོར་བ་དཀོན་མཆོག་ [120a.6]དཔལ་ཞེས་པ་ནི་དེ་བཞིན་དུ་ཚོར་བའི་ཕུང་པོའི་རང་བཞིན་ལ་ཡི་གེ་ཨ་ལས་རིན་ཆེན་འབྱུང་ལྡན་བསྐྱེད་པའོ། །འདུ་ཤེས་སྣང་བ་མཐའ་ཡས་ཞེས་པ་ནི་འདུ་ཤེས་ཀྱི་ཕུང་པོ་ཡི་གེ་ཧྲཱིཿལས་སྣང་བ་མཐའ་ཡས་བསྐྱེད་པའོ། །འདུ་བྱེད་ཐམས་ཅད་གདོན་མི་ཟ་བ་ཞེས་པ་ནི་འདུ་ [120a.7]བྱེད་ཀྱི་ཕུང་པོའི་རང་བཞིན་ཡི་གེ་ཨ་ལས་དོན་ཡོད་གྲུབ་པ་བསྒོམ་པའོ། །རྣམ་པར་ཤེས་སུ་མི་བསྐྱོད་གནས། །ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་ལ་ཡི་གེ་ཧཱུཾ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་བསྐྱེད་པའོ། །མདོར་ན་ཞེས་པ་ནི་དེ་རྣམས་བསྒོམ་པའི་ [120b] [120b.1]བྱེ་བྲག་གཞན་ཡོད་ན་ཡང་ཞེས་པའི་དོན་ཏོ། །ཕུང་པོ་ལྔ་རྣམས་ནི་གཟུགས་ལ་སོགས་པའོ། །སངས་རྒྱས་ལྔ་ནི་གོང་དུ་བསྟན་པའོ། །རབ་ཏུ་གྲགས་ཞེས་པ་ནི་དེ་ལྟར་བསྒོམ་པ་འམ་གནས་པར་རྒྱུད་ཐམས་ཅད་ཀྱི་ནང་དུ་བསྟན་ཞེས་པའི་དོན་ཏོ། །ཨོཾ་སྭ་ཨཾ་ཧ་ཧཱུཾ་ཡི་གེ་འདི་ [120b.2]རྣམས་ལས་བསྐྱེད་ཀྱང་རུང་། ས་ཡི་ཁམས་ནི་རྣམ་བསམ་པ། །ཞེས་པ་ནི་བདག་ཕྱག་རྒྱར་གནས་པའི་ཕྱི་ནང་གི་བརྟན་པའི་རང་བཞིན་ལས་གྲུབ་པ་སྤྱན་ནི་བསམ་བྱས་ནས་ཞེས་བྱ་སྟེ་སངས་རྒྱས་སྤྱན་ཡི་གེ་ལཾ་ལས་བསྐྱེད་ནས། གོང་མ་ལྟར་སྤྲོ་བར་བྱས་ལ་སའི་ཁམས་ [120b.3]ཀྱི་རང་བཞིན་དུ་གནས་པར་བསམ་མོ། །སྲ་བ་ལྟ་བུར་བྱིན་གྱིས་བརླབ། །ཅེས་པ་ནི་གོང་མ་ལྟར་བསྒོམས་པའི་མཐུས་ཅིས་ཀྱང་མི་ཤིགས་པའི་ལུས་ཐོབ་པའི་དོན་ཏོ། །ཆུ་ཁམས་མཱ་མ་ཀཱི་གོང་མ་བཞིན་དུ་ཡི་གེ་མཱཾ་ལས་ལྷ་མོ་མཱ་མ་ཀཱི་སྤྲོ་བསྡུ་བྱས་ནས་ཁུ་བ་དང་ཁྲག་ལ་ [120b.4]སོགས་པ་གཤེར་བའི་རང་བཞིན་དུ་ལུས་ངག་སེམས་ལ་ཁྱབ་པར་བསྒོམ་མོ། །གང་བ་ཉིད་བརྟག་ཅེས་པ་ནི་ཁྱབ་པ་ལ་ཡང་བྱ་གོང་མ་ལྟར་བསྒོམས་པས་ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་བ་ལ་བྱའོ། །མེའི་ཁམས་ལ་སོགས་པ་ནི་ཡི་གེ་བཾ་ལས་ལྷ་མོ་ན་བཟའ་དཀར་ [120b.5]མོ་འཕྲོ་འདུ་བྱས་ནས། དྲོ་བའི་རང་བཞིན་ཐམས་ཅད་ལ་ཐིམ་པར་བསམ་མོ། །དེ་ནི་འབར་བ་ལྟ་བུ་ཞེས་པ་ནི་དེ་ལྟར་བསྒོམས་པའི་མཐུས་ཉོན་མོངས་པ་ཐམས་ཅད་སྲེག་པའི་ཡེ་ཤེས་ཀྱི་འོད་ཟེར་དུ་འགྲུབ་པའི་དོན་ཏོ། །རླུང་གི་ཁམས་ཀྱི་རང་བཞིན་དུ་ཞེས་པ་ལ་སོགས་པའི་དེ་ནི་ [120b.6]གོང་མ་ལྟར་ཡི་གེ་ཏཱཾ་ལས་ལྷ་མོ་སྒྲོལ་མ་སྤྲོ་བསྡུ་བྱས་ནས། གཡོ་བའི་རང་བཞིན་ལ་ཁྱབ་ཅིང་གནས་པར་བསམ་མོ། །བློ་ལྡན་ནི་རྣལ་འབྱོར་པའོ། །དེ་ནི་རླུང་ལྔར་འབྱུང་བ་སྟེ། །ཞེས་པ་ནི་ལྷ་མོ་སྒྲོལ་མ་དེ་རླུང་ལྔའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པས་སོ། །དེ་ཡང་འཇིག་རྟེན་ [120b.7]པའི་རླུང་དང་། མཁའ་ལ་འགྲོ་བའི་རླུང་དང་། དངས་སྙིགས་འབྱེད་པའི་རླུང་དང་། ཕྱི་ནང་དུ་རྒྱུ་བའི་རླུང་དང་། སྲོག་གི་དབང་པོའི་ཚུལ་དུ་གནས་པའི་རླུང་ངོ་། །དེ་བཞིན་ཡིད་ཀྱི་འགྲོ་བ་ཞེས་པ་ནི་དེ་ལྟར་བསྒོམས་པས་བར་སྣང་ལ་འགྲོ་བའི་རྫུ་འཕྲུལ་འཐོབ་པའི་དོན་ཏོ། །ནམ་མཁའི་ [121a] [121a.1]ཁམས་ཀྱི་རང་བཞིན་ཀུན་དུ་བཟང་མོ་བརྟག་ཅེས་པ་ནི་ཡི་གེ་ཧཱུཾ་ལས་ཀུན་དུ་བཟང་མོ་སྤྲོ་བསྡུ་བྱས་ནས་ནམ་མཁའི་རང་བཞིན་ལ་ཁྱབ་པར་གནས་པར་བསམ་མོ། །ནམ་མཁའ་དེ་ཡི་སྦྱོར་བས་ནི། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཞེས་པ་ནི་དེ་ལྟར་བསྒོམས་ [121a.2]པའི་མཐུས་མི་སྣང་བའི་དངོས་གྲུབ་འཐོབ་པས་འཇིག་རྟེན་གྱི་ལྷ་རྣམས་ཀྱིས་མི་མཐོང་བས་སོ། །སངས་རྒྱས་ཞེས་པ་ནི་ལ་དོར་བའི་ཚིག་གོ། །ཕུང་པོ་ཁམས་ཀྱི་བྱེ་བྲག་ནི། །གཉིས་སུ་མེད་པའི་སྦྱོར་བར་གནས། །ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ལྔ་དང་། ས་ལ་སོགས་ [121a.3]པའི་ཕུང་པོ་ལྔ་བདག་གི་ཐ་མལ་པའི་ཚུལ་མ་ཡིན་པར་ལྷ་དང་གཅིག་ཏུ་གྱུར་པས་གཉིས་སུ་མེད་པའི་སྦྱོར་བར་གནས་ཞེས་བྱ། དེ་ལྟར་ཞེས་པ་གོང་དུ་དེ་ལྟར་རོ། །མཁས་ཉིད་ནི་སྔགས་ཀྱི་བྱེ་བྲག་ལ་མཁས་པའི་རྣལ་འབྱོར་པའོ། །བསམ་བྱས་ན་ཞེས་པ་ནི་བཤད་པ་ [121a.4]བཞིན་དུ་བསྒོམ་པའི་དོན་ཏོ། །དེ་ཉིད་ཀུན་དུ་ཚིམ་པར་འགྱུར། །ཞེས་པ་ནི་དེ་ལྟར་ཕུང་པོ་དང་ཁམས་ལྷ་དང་ལྷ་མོའི་རང་བཞིན་དུ་ཤེས་པས་བསྒོམ་པའི་མཆོག་ཡིན་པ་འམ། ལྷ་ཐམས་ཅད་དགྱེས་པའི་རྒྱུ་ཡིན་པའི་ཕྱིར་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བའི་ཐབས་ཀྱི་ [121a.5]མཆོག་ཡིན་པའི་དོན་ཏོ། །འདི་རྣམས་ཀྱིས་ཀྱང་བསྐྱེད་པའི་དུས་སུ་བསྐུལ་བར་བྱའོ། །དེ་ལ་མོ་ཧ་ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད། ར་ཏི་ནི་ལྷ་མོ་ལོ་ཙ་ནས་གཉིས་སུ་མེད་པའི་སྦྱོར་བའི་མཆོད་པས་དགྱེས་པར་བྱེད་པའམ། ཡང་ན་སེམས་ཅན་གཏི་མུག་གིས་ [121a.6]ལྡོངས་པ་རྣམས་ཡེ་ཤེས་ཀྱི་འོད་ཟེར་གྱིས་སེལ་ཅིང་དག་པར་བྱེད་པས་གཏི་མུག་དགའ་བ་མའོ། །དྭེ་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ། །ར་ཏི་ནི་གོང་མ་དང་འདྲ་བར་དགྱེས་པར་བྱེད་པ་འམ་ཡང་ན་སེམས་ཅན་ཞེ་སྡང་ཅན་གྱི་ཞེ་སྡང་སྤང་བར་བྱེད་ཅིང་ཡང་དག་པའི་དོན་བསྟན་ནས་ [121a.7]དགའ་བར་བྱེད་པས་ཞེ་སྡང་དགའ་བ་མའོ། །རཱ་ག་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སོ། །ར་ཏི་ནི་གོང་མ་དང་འདྲ་བར་དགྱེས་པར་བྱེད་པ་འམ་ཡང་ན་འདོད་ཆགས་ཆེ་བའི་སེམས་ཅན་རྣམས་འདོད་ཆགས་ཀྱི་ཚུལ་དུ་དག་པར་བྱེད་ཅིང་ཐར་པའི་ལམ་སྟོན་ཅིང་དགའ་བར་བྱེད་པས་འདོད་ཆགས་དགའ་བར་བྱེད་ [121b] [121b.1]པས་འདོད་ཆགས་དགའ་བ་མའོ། །བཛྲ་ནི་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའོ། །ར་ཏི་ནི་གོང་མ་དང་འདྲ་བར་དགྱེས་པར་བྱེད་པ་འམ་ཡང་ན་སེམས་ཅན་ལྟ་བ་ལོག་པར་སྤྱོད་པ་ངན་པར་སྤྱོད་པ་རྣམས་ལ་རྡོ་རྗེའི་ལམ་སྟོན་ཅིང་དགའ་ [121b.2]པར་བྱེད་པས་རྡོ་རྗེ་དགའ་བ་མའོ། །མིག་དང་རྣ་བ་སྣ་དང་ལྕེ། །ཞེས་པ་ལ་སོགས་པས་ནི་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་མིག་ལ་སོགས་པའི་དབང་པོ་དྲུག་ལ་གོང་མའི་ཚུལ་དུ་བསྒོམ་པར་བྱ་བའི་དོན་ཏོ། །དེ་ཡང་ཐླྷིཾ་ལས་སའི་སྙིང་པོའོ། །ཨོཾ་ལས་ཕྱག་ན་ [121b.3]རྡོ་རྗེའོ། །ཨོཾ་གཉིས་པ་ལས་ནམ་མཁའི་སྙིང་པོའོ། །ཨོཾ་གསུམ་པ་ལས་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གོ། །ཧ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ཨོཾ་ཐ་མ་ལས་ཀུན་དུ་བཟང་པོའོ། །ནང་གི་སྐྱེ་མཆེད་རྣམས་སུ་ནི། །ས་ཡི་སྙིང་པོ་ལ་སོགས་གནས། །ཞེས་པ་ [121b.4]ནི་དེ་ལྟར་བསྒོམས་པས་མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་བཞིན་དང་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་རང་བཞིན་གཉིས་སུ་མེད་པའི་དོན་ཏོ། །ཕྱི་ཡི་སྐྱེ་མཆེད་རང་བཞིན་དུ། །གཟུགས་ལ་སོགས་པ་རབ་ཏུ་གནས། །ཞེས་པ་ནི་དབང་པོ་དྲུག་གི་ཡུལ་གཟུགས་ [121b.5]ལ་སོགས་པ་དྲུག་ལ་གཟུགས་ཀྱི་ལྷ་མོ་ལ་སོགས་པ་དྲུག་བསྒོམ་ཞེས་པའི་དོན་ཏོ། །དེ་ཡང་གཟུགས་ཀྱི་སྐྱེ་མཆེད་ལ་ཡི་གེ་ཛཱི་བསྐྱེད་ནས་འཕྲོ་འདུ་བྱས་པ་ལས་རྡོ་རྗེ་གཟུགས་ཀྱི་ལྷ་མོར་གནས་པར་བསམ་མོ། །དེ་བཞིན་དུ་སྒྲའི་སྐྱེ་མཆེད་ལ་ཧཱུཾ་ལས་རྡོ་རྗེ་སྒྲའི་ལྷ་མོར་བསམ་མོ། །དྲིའི་ [121b.6]སྐྱེ་མཆེད་ལ་ཡི་གེ་བཾ་ལས་རྡོ་རྗེ་དྲིའི་ལྷ་མོའོ། །རོའི་སྐྱེ་མཆེད་ལ་ཡི་གེ་ཧོ་ལས་རྡོ་རྗེ་རོའི་ལྷ་མོར་བསམ་མོ། །རེག་བྱའི་སྐྱེ་མཆེད་ལ་ཡི་གེ་ཁཾ་ལས་རྡོ་རྗེ་རེག་བྱའི་ལྷ་མོའོ། །ཆོས་ཀྱི་སྐྱེ་མཆེད་ལ་ཡི་གེ་རཾ་ལས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་བསྐྱེད་པར་བྱ་ཞེས་པའི་དོན་ཏོ། །སའི་སྙིང་ལ་ [121b.7]སོགས་སྔགས་རྣམས་ནི། །རྡོ་རྗེ་ཅན་གྱི་རྒྱུད་ལས་གསུངས། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་དྲུག་གི་བསྐྱེད་པའི་ས་བོན་ཡིག་འབྲུ་རྣམས་སྟོན་པས་རྒྱུད་ལས་བསྟན་པས་སློབ་དཔོན་གྱིས་འདིར་ཡང་བྲིས་ཞེས་པའི་དོན་ཏོ། །འདི་དག་སྔགས་ནི་མ་གསུངས་ཕྱིར། །གཟུགས་ [122a] [122a.1]ལ་སོགས་པ་མ་བྲིས་ཞེས་པ་ནི་གཟུགས་ཀྱི་ལྷ་མོ་ལ་སོགས་པ་བསྐྱེད་པའི་ས་བོན་ཡིག་འབྲུ་རྣམས་རྒྱུད་ནང་དུ་གསལ་པོར་མ་བསྟན་པས་འདིར་ཡང་མ་བྲིས་ཞེས་པའི་དོན་ཏོ། །ཕྱི་ཡི་ལོངས་སྤྱོད་ཀྱིས་མཆོད་ཕྱིར། །གཟུགས་སྒྲ་དག་ཏུ་རབ་ཏུ་གནས། །ཞེས་པ་ནི་ཕྱིའི་ [122a.2]ལོངས་སྤྱོད་གཟུགས་ལ་སོགས་པ་ལྔ་རྣལ་འབྱོར་པས་མི་སྤང་ཞིང་དང་དུ་ལེན་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའི་ཆེ་བའི་ཡོན་ཏན་ཁྱད་པར་ལས་ལྷ་མོའི་ཚུལ་དུ་དེ་དག་ལ་གནས་ཞེས་པའི་དོན་ཏོ། །བྱིན་གྱི་རླབས་ཀྱིས་བྱིན་བརླབས་ནས། །ཞེས་པ་ནི་དེ་ལྟར་ན་ཀུན་རྫོབ་ཏུ་ནང་ [122a.3]གི་སྐྱེ་མཆེད་དང་ཕྱིའི་སྐྱེ་མཆེད་ལྷ་དང་ལྷ་མོར་ཤེས་པ་དང་། དོན་དམ་པར་རང་བཞིན་གཅིག་པར་ཤེས་པའོ། །འདོད་པ་ལྔ་སྤྱོད་ཅེས་པ་ནི་དེ་ལྟ་བས་ན་གཟུགས་ལ་སོགས་པ་སྨད་ཅིང་མི་སྤང་བར་སྤྱད་པའི་དོན་ཏོ། །གཟུགས་ནི་མིག་གི་ཡུལ་དུ་གནས། །ཞེས་པ་ནི་དེ་ཡང་ [122a.4]ཇི་ལྟར་སྤྱོད་ཅེ་ན། ཕྱིའི་ཐ་མལ་པའི་ཚུལ་དུ་མིག་གི་ལོངས་སྤྱོད་ཀྱི་ཡུལ་གཟུགས་ཡིན་པ་དང་ནང་གི་ནི་མིག་སའི་སྙིང་པོའོ། །དེའི་སྤྱོད་ཡུལ་ནི་གཟུགས་ཀྱི་ལྷ་མོའོ། །གསང་བ་ནི་དེ་གཉིས་གསང་བའི་ཚུལ་བདེ་བ་ཆེན་པོ་ཉམས་སུ་མྱོང་བའོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་ [122a.5]ཤེས་པར་བྱའོ། །ཕྱིའི་སྐྱེ་མཆེད་འདི་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་པ་ནི་དེ་ལྟ་བས་ན་གཟུགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཡིན་ཞིང་དཀྱིལ་འཁོར་དུ་བསྐྱེད་པས་སྨད་དུ་མི་རུང་བའི་དོན་ཏོ། །གཤིན་རྗེ་གཤེད་པོ་ལག་པ་གཡས། ། [122a.6]ཞེས་པ་ནི་ཁྲོ་བོ་གཤིན་རྗེ་གཤེད་སེམས་ཅན་གྱི་ཉོན་མོངས་པ་དང་བདུད་དང་བགེགས་ལ་སོགས་པ་ཚར་གཅོད་པའི་ལས་ཁྱད་པར་དུ་བྱེད་པས་ལག་པ་གཡས་ཀྱང་མི་མཐུན་པའི་ཕྱིར་གཅོད་པའི་དོན་གྱིས་དེར་བསྐྱེད་པར་བྱའོ། །གཞན་གྱིས་མི་ཐུབ་གཡོན་པ་ཞེས་པ་ནི་ཁྲོ་བོ་གཞན་གྱིས་མི་ [122a.7]ཐུབ་པ་སྲུང་བའི་ལས་ཁྱད་པར་དུ་བྱེད་པ་དང་། ལག་པ་གཡོན་པ་ཡང་སྲུང་བའི་ལས་བྱེད་པས་སོ། །ཁ་ལ་རྟ་མགྲིན་བསྒོམ་པ་ནི་གསུང་གི་རང་བཞིན་ཡིན་པས་སོ། །བདུད་རྩི་འཁྱིལ་པ་རྡོ་རྗེ་ལ། །ཞེས་པ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པས་སེམས་ཅན་ཐམས་ཅད་འཁོར་བ་ལས་འདོན་ཅིང་མྱ་ [122b] [122b.1]ངན་ལས་འདས་པའི་བདུད་རྩི་འཁྱིལ་པ་དང་། རྡོ་རྗེ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་བདུད་རྩི་འཕྲོ་ཞིང་འཁྱིལ་པའི་དོན་གྱིས་སོ། །སྔགས་འདི་རྣམས་ཀྱིས་བསྐུལ་ཞིང་བསྐྱེད་པའོ། །དེ་ལ་ཡ་མ་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་དབང་པོ་དགག་པའོ། །ཨནྟ་ཀྲྀཏ་ནི་ཁྲོ་ [122b.2]བོ་ཆེན་པོ་འདིས་སེམས་ཅན་ལ་རྣམ་པར་ཐར་བའི་སྒོ་བསྟན་ཞིང་སྐྱེ་ཤི་མེད་པའི་ས་ལ་བཀོད་པའོ། །ཡང་ན་ཡ་མ་རིས་སུ་གཏོགས་པའི་སྲིན་པོ་ལྷ་དང་མི་ལ་གནོད་པ་བྱེད་པ་རྣམས་འདུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ཡང་ན་ཡ་མ་ནི་ཤར་ཕྱོགས་སོ། །ཨནྟ་ཀྲྀཏ་ནི་དེའི་ [122b.3]ཕྱོགས་ཀྱི་བདུད་དང་བགེགས་རྣམས་ཚར་གཅོད་ཅིང་སྒོ་སྲུང་གི་ཚུལ་དུ་གནས་པའི་དོན་ཏོ། །པྲཛྙཱ་ནི་བྱེ་བྲག་ཏུ་ལྟ་བའི་རྣམ་པར་རྟོག་པའོ། །ཨནྟ་ཀྲྀཏ་ནི་ཁྲོ་བོ་འདིས་དེ་ལྟར་བལྟ་པའི་སེམས་ཅན་རྣམས་ལ་རྣམ་པར་ཐར་པའི་སྒོ་བསྟན་ནས་གཉིས་སུ་མེད་པའི་ལྟ་བ་ལ་གནས་ [122b.4]པར་བྱེད་པའོ། །ཡང་ན་པྲ་ཛྙཱ་ཞེས་པ་ནི་ཤིན་ཏུ་ཡང་ང་རྒྱལ་ཆེ་བའི་རུ་ཏྲ་རྣམས་སོ། །ཨནྟྲ་ཀྲྀ་ཏ་ནི་དེ་བཏུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ཡང་པྲཛྙ་ནི་ལྷོ་ཕྱོགས་ལ་བྱ། ཨནྟ་ཀྲྀཏ་ནི་དེའི་ཕྱོགས་ཀྱི་བདུད་དང་བགེགས་རྣམས་ཚར་གཅོད་ཅིང་སྒོ་སྲུང་གི་ཚུལ་དུ་གནས་ [122b.5]པའོ། །པདྨ་ནི་འདོད་ཆགས་སོ། །ཨནྟ་ཀྲྀཏ་ནི་ཁྲོ་བོ་འདིས་སེམས་ཅན་ཐམས་ཅད་འཁོར་བའི་འདོད་ཆགས་ལས་ཐར་པར་བྱེད་ཅིང་བདེ་བ་ཆེན་པོའི་ཚུལ་དུ་སྟོན་པའོ། །ཡང་ན་པདྨ་ནི་པདྨའི་རིགས་སུ་གཏོགས་པའི་སྲིན་པོ་མགྲིན་བཅུ་ལ་སོགས་པ་རྣམས་སོ། །ཨནྟ་ཀྲྀཏ་ནི་ [122b.6]དེ་རྣམས་བཏུལ་ཞིང་བྱང་ཆུབ་ཀྱི་ལམ་བསྟན་པའོ། །ཡང་ན་པདྨ་ནི་ནུབ་ཕྱོགས་ལ་བྱ། ཨནྟ་ཀྲྀཏ་ནི་གོང་མ་དང་འདྲ། བིགྷྣན་ནི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཐོབ་པར་བྱེད་པ་ལ་གེགས་བྱེད་པའི་ཉོན་མོངས་པ་རྣམས་སོ། །ཨནྟ་ཀྲྀཏ་ནི་ཁྲོ་བོ་འདིས་སེམས་ [122b.7]ཅན་ཐམས་ཅད་ཀྱི་བསམ་པ་དང་སྦྱོར་ཞིང་འདུལ་བའི་ཐབས་སྟོན་ཅིང་ཚར་གཅོད་པར་བྱེད་པས་སོ། །ཡང་ན་བིགྷྲཱན་ནི་དགེ་བ་རྣམས་ལ་བར་ཆད་བྱེད་པའི་བགེགས་ཀྱི་རྒྱལ་པོ་བིན་ཡ་ཀའི་རིགས་སུ་གཏོགས་པ་རྣམས་སོ། །ཨནྟ་ཀྲྀཏ་ནི་དེ་རྣམས་བཏུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། ། [123a] [123a.1]ཡང་ན་བིགྷྣཱན་ནི་བྱང་ཕྱོགས་ལ་བྱ། ཨནྟ་ཀྲྀཏ་ནི་གོང་མ་དང་འདྲའོ། །དེ་ལྟར་དོན་ཀུན་རབ་བཞུགས་པ། །ཞེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ལྟར་ནི་གོང་དུ་བསྟན་པའི་ཚུལ་ལོ། །དོན་ཀུན་ནི་ལྷ་དང་ལྷ་མོའི་རྣམས་སོ། །རབ་ཞུགས་པ་ཞེས་པ་ནི་ [123a.2]བདག་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྷ་དེ་རྣམས་དང་གཉིས་སུ་མེད་པར་བྱེད་པའོ། །སངས་རྒྱས་ཀུན་བདག་གཙོ་བོར་ནི། །བསྐྱེད་ནས་བྱིན་གྱིས་བརླབ་ཅེས་པ་ནི་དེ་ལྟར་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་བདག་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ [123a.3]ཅད་གྱི་བདག་ཉིད་དུ་གྱུར་བའི་ཕྱག་རྒྱ་ཆེན་པོར་བསྒོམས་པས་ཞེས་པའི་དོན་ཏོ། །བྱིན་གྱིས་བརླབ་ཅེས་པ་ནི་འོག་ནས་འབྱུང་བའི་ཚུལ་དུ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ། །དེ་ཡང་ཚིགས་སུ་བཅད་པའི་སྒོ་ནས་བྱིན་གྱིས་བརླབ་པ་དང་སྔགས་ཀྱི་སྒོ་ནས་སོ། །ཚིགས་སུ་བཅད་ [123a.4]པས་གསོལ་བ་གདབ། །ཅེས་པ་ནི་འོག་ནས་འབྱུང་བའི་ཚིགས་བཅད་གཉིས་ཀྱིས་རིགས་ངེས་པའི་སངས་རྒྱས་ལ་གསོལ་བ་གདབ་པ་དང་ཕྱོགས་བཅུའི་སངས་རྒྱས་ལའོ། །སྤྱི་བོ་དབུས་འགྱུར་བསམ་ཞེས་པ་ནི་གསོལ་བ་བཏབ་པའི་ཐབས་བསྟན་པའོ། །ཟླ་བའི་དཀྱིལ་ [123a.5]འཁོར་གང་ཞེས་པས་ནི་བདག་ཕྱག་རྒྱ་ཆེན་པོར་གནས་པའི་སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་རྫོགས་པ་གཅིག་བསྐྱེད་པའི་དོན་ཏོ། །དེར་ནི་ཨོཾ་དཀར་འོད་ལྡན་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞིན་གྱི་ཕྱག་རྒྱ་ཟླ་བ་ཕྱེད་པའི་འོད་ [123a.6]ལས་ལྷག་པའི་ཡི་གེ་ཨོཾ་དཀར་པོ་གཅིག་བསྒོམ་མོ། །འོད་ཟེར་རྣམ་པ་ལྔ་འཕྲོ་བ་ནི་དེ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་དཀར་པོ་ལ་སོགས་པ་ལྔ་ཕྱོགས་ཀུན་དུ་འཕྲོ་བའོ། །དེ་ལས་ལྷ་མོ་རྣམས་འཕྲོ་བ། །ཞེས་པ་ནི་འོད་ཟེར་དེས་སེམས་ཅན་གྱི་དོན་བྱ་བ་དང་། སངས་ [123a.7]རྒྱས་ཀྱི་ཐུགས་དམ་བསྐུལ་ནས་སླར་འདུས་པ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་དུ་གྱུར་པར་བསམས་ནས། དེ་གཉིས་ཀྱི་བདེ་བ་ཆེན་པོའི་ཚུལ་ཡི་གེ་ལཾ་དུ་གྱུར་ནས་ལྷ་མོ་སངས་རྒྱས་སྤྱན་འཕྲོ་བའི་དོན་ཏོ། །བདག་པོར་རབ་ཏུ་སྦྱར་ཞེས་པ་ནི་བདག་པོ་ནི་རྣམ་པར་སྣང་མཛད་ [123b] [123b.1]དོ། །རབ་ཏུ་སྦྱར་བ་ནི་དབང་བསྐུར་བའི་ཚུལ་དུ་ལྷ་མོ་དེའི་སྤྱི་བོར་བསམ་པ་འམ་གཉིས་སུ་མེད་པའི་ཚུལ་དུ་བསམ་མོ། །སྤྱན་ནི་རྣམ་པར་བསམ་བྱ་བ། །ནམ་མཁའི་ཁམས་ཀུན་གང་བར་ཞེས་པ་ནི་དེ་ལྟར་ལྷ་མོར་བསྒོམ་ཞིང་འཕྲོ་བ་ཡང་ནམ་མཁའི་ཁམས་ཐམས་ཅད་དུ་ཏིལ་གྱི་ [123b.2]གོང་བུ་བཞིན་དུ་སེམས་ཀྱིས་ལྕོགས་ཏང་སྤྲོ་བར་བྱའོ། །རྡོ་རྗེ་སྐུ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་མོ། །རྣམ་པར་བསམ་པ་ནི་བཅོམ་ལྡན་འདས་ཀྱི་སྤྲོ་བ་རྣམས་སོ། །བར་སྣང་ཁམས་ནི་གང་བར་གནས། །ཞེས་པ་ནི་གོང་དུ་བསྟན་པ་བཞིན་དུ་ནམ་མཁའ་ [123b.3]ཐམས་ཅད་ཁྱབ་པར་གནས་པ་རྣམས་མངོན་སུམ་དུ་བསམ་པའི་དོན་ཏོ། །དེ་དབུས་བདག་པོར་བསམ་བྱ་ཞིང་། །བདག་གི་མདུན་དུ་གནས་པའོ། །ཞེས་པ་ནི་བར་སྣང་ཁམས་ཁྱབ་པར་གནས་པའི་སངས་རྒྱས་ཡབ་ཡུམ་ཐམས་ཅད་ཀྱི་དབུས་སུ་དང་པོར་བསྐྱེད་པའི་སངས་རྒྱས་ [123b.4]བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་བདག་རྣལ་འབྱོར་པའི་མདུན་ན་བཞུགས་པར་བསམ་མོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །དཔེ་བྱད་བཟང་པོ་བརྒྱད་བཅུས་བརྒྱན། །ཞེས་པ་ནི་བར་སྣང་ཁྱབ་པར་བཞུགས་པའི་སངས་རྒྱས་དེ་རྣམས་ཀྱང་མཚན་སུམ་ཅུ་རྩ་གཉིས་དང་དཔེ་ [123b.5]བྱད་བཟང་པོ་བརྒྱད་ཅུ་དང་། གཞན་ཡང་སྐུའི་རྒྱན་ཐམས་ཅད་དང་ལྡན་པར་བསམ་ཞེས་པའི་དོན་ཏོ། །སྔགས་པ་ནི་ཕྱག་རྒྱ་ཆེན་པོར་གནས་པ་ནི་རྣལ་འབྱོར་པའོ། །བཅོལ་བ་ནི་འོག་ནས་འབྱུང་བའི་ཚིགས་བཅད་གཉིས་ཀྱིས་སྐུའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ཞུ་བའོ། །ཚིགས་སུ་ [123b.6]བཅད་པ་གཉིས་གཉིས་བརྗོད་པ་ནི་ཚིགས་བཅད་སྐུ་གསུང་ཐུགས་གསུམ་ཀ་ལ་གཉིས་གཉིས་ཡོད་པས་རིམ་པ་བཞིན་དུ་རེ་རེ་ལ་ཡང་གསུམ་གསུམ་དུ་བརྗོད་པར་བྱའོ། །དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །ཞེས་པ་ལ་སོགས་པས་ནི་སྐུའི་རིགས་སུ་ངེས་པའི་སངས་རྒྱས་ལ་གསོལ་བ་ [123b.7]འདེབས་པའོ། །དེ་ལ་དཔལ་ལྡན་ནི་གོང་དུ་བཤད་པ་དང་མཐུན་ནོ། །སངས་རྒྱས་ཀྱི་སྐུ་འཆང་བ་ནི་ཕྱོགས་བཅུ་དུས་གསུམ་གྱི་སྐུའི་ཁྱད་པར་དུ་བསྟན་ཞིང་གནས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་པ་ནི་བཅོམ་ལྡན་འདས་དེ་ཡང་ [124a] [124a.1]གང་གིས་ཀྱང་དབྱེ་བར་མི་ནུས་པའམ་འཇོམས་པར་མི་ནུས་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པ་འམ་དེ་ཉིད་ལས་མི་གཡོ་བའི་ཐུགས་དང་ལྡན་པའི་དོན་ཏོ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཞེས་པ་ནི་དེ་ལྟ་བུའི་བཅོམ་ལྡན་འདས་ཁྱོད་བདག་ [124a.2]ཀྱང་སྐུ་གསུང་ཐུགས་སྒོམ་པ་ཡིན་པས་ཡབ་ཡུམ་གྱི་ཐུགས་ཀྱི་རང་བཞིན་བྱང་ཆུབ་སེམས་སུ་དུས་འདི་ཉིད་དུ་བྱིན་གྱིས་བརླབས་ནས་ཞེས་པའི་དོན་ཏོ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཞེས་པ་ནི་དེ་ལྟར་བྱིན་གྱིས་བརླབས་ཏེ་ཁྱེད་དང་འདྲ་བར་བདག་གི་ལུས་ཀྱང་རྡོ་རྗེའི་ [124a.3]སྐུར་མཛོད་ཅིག་པའི་དོན་ཏོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཞེས་པ་ལ་སོགས་པ་འདིར་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ལ་སོ་སོའི་སྐུ་འདྲ་བར་བདག་གི་ལུས་ཀྱང་མཛོད་ཅིག་པའི་དོན་ཏོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཞེས་པ་ལ་སོགས་པའི་ [124a.4]དོན་ནི་གོང་མ་དང་འདྲའོ། །དེ་ལྟར་གསོལ་བ་བཏབ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་པོ་བསྐྱེད་པ་ལ་སོགས་པ་ལྷ་མོ་སངས་རྒྱས་སྤྱན་དང་གཉིས་སུ་མེད་པར་སྦྱོར་བའི་ཕྱག་རྒྱ་དང་ལྡན་པར་རྒྱུན་མི་འཆད་པར་སླར་བྱོན་ཅིང་བདག་གི་སྤྱི་བོའི་བཅོམ་ལྡན་འདས་ [124a.5]ཡབ་ཡུམ་ལ་ཐིམ་པར་བསྒོམ་ཞེས་པའི་དོན་ཏོ། །དེ་ནི་ཞུགས་པར་མོས་བྱས་ལ། །ཞེས་པ་ལ་སོགས་པ་ནི་སྤྱི་བོར་བཞུགས་པའི་བཅོམ་ལྡན་འདས་ཡབ་ཡུམ་དེ་ཡང་བདག་གི་སྤྱི་བོར་ཐིམ་ཞིང་གཉིས་སུ་མེད་པར་གྱུར་ཏེ། ཕུང་པོ་ལྔ་ལ་ཁྱབ་པར་བྱིན་གྱིས་བརླབ་པར་བྱའོ། ། [124a.6]སངས་རྒྱས་རྣམས་ཀྱི་སྐུ་ནི་གང་། །ཕུང་པོ་ལྔ་ལ་རབ་ཏུ་གནས། །ཞེས་པ་དེ་ལྟར་གསོལ་བ་བཏབ་ཅིང་བྱིན་གྱིས་བརླབས་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྐུའི་རང་བཞིན་གང་ཡིན་པ་བདག་གི་ཕུང་པོ་ལྔ་ལ་གནས་པར་ [124a.7]བསམ་པའོ། །སངས་རྒྱས་སྐུ་ཡི་རང་བཞིན་དུ། །བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་པ་ནི་དེ་ལྟར་གནས་པས་སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟ་བུར་བདག་གི་ལུས་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་ཚིག་ཏུ་བརྗོད་ཅིང་སྨོན་པའི་དོན་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྣ་ཀོ྅ཧཾ་ [124b] [124b.1]ཞེས་པ་ནི་བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ནོ་ཞེས་བསྒོམ་ཞིང་། སྔགས་འདི་ལན་གསུམ་དུ་བརྗོད་པར་བྱའོ། །དེ་བཞིན་ལྕེ་དབུས་པདྨ་ལ། །ཞེས་པ་ལ་སོགས་པ་ནི་དེ་ལྟར་སྐུའི་རང་བཞིན་དུ་བྱིན་གྱིས་བརླབས་ནས་དེ་བཞིན་གཤེགས་པ་ཐམས་ [124b.2]ཅད་ཀྱི་གསུང་གི་རང་བཞིན་དུ་བྱིན་གྱིས་བརླབ་པར་བསྟན་ཏོ། །ལྕེ་དབུས་པདྨ་ལ་ཞེས་པ་ནི་བདག་ཕྱག་རྒྱ་ཆེན་པོར་གནས་པའི་ལྕེའི་དཀྱིལ་དུ་ཡི་གེ་བཾ་ལས་པདྨ་འདབ་མ་བརྒྱད་པ་བསྐྱེད་ལ་ཨོཾ་ལས་རྡོ་རྗེ་འདོད་ཆགས་ཤེས་བྱས་ཏེ། དེའི་སྟེང་དུ་ཡི་གེ་ཨ་བསྐྱེད་ལ་གོང་མ་བཞིན་དུ་སྤྲོ་བསྡུ་ [124b.3]བྱས་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང་། ལྷ་མོ་ན་བཟའ་དཀར་མོ་ཡབ་ཡུམ་གཉིས་སུ་མེད་པར་གྱུར་པར་བསམ་མོ། །དེ་ལས་བར་སྣང་ཁྱབ་པ་དང་སྤྲོ་བསྡུ་བྱ་བ་ལ་སོགས་པ་གོང་མ་དང་འདྲའོ། །རབ་ཞུགས་དེ་ལ་གསོལ་བཏབ་ཅིང་། །རྡོ་རྗེ་དག་ཏུ་བྱིན་གྱིས་བརླབ་ [124b.4]པ་ནི་བར་སྣང་ཁྱབ་པར་བཞུགས་པའི་བཅོམ་ལྡན་འདས་རྣམས་ལ་འོག་གི་ཚིགས་བཅད་གཉིས་ཀྱིས་བདག་གི་ཚིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་ཞེས་བྱའོ། །ཆོས་ཀྱི་ངག་ལམ་དཔལ་ལྡན་པ། །ཞེས་པའི་ཚིགས་བཅད་ཀྱིས་ [124b.5]གསུང་གི་རིགས་ངེས་པའི་སངས་རྒྱས་རྣམས་ལ་གསོལ་བ་བཏབ་པའོ། །དེ་ལ་ཆོས་ཀྱི་ངག་ལམ་ནི་ཆོས་ཐམས་ཅད་ཚིག་གིས་བསྟན་པ་ཡིན་ལ་དེའི་རང་བཞིན་དུ་གནས་པ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སོ། །དཔལ་ལྡན་ཡང་དེ་ཉིད་ཡིན་ནོ། །རྡོ་རྗེ་གསུང་གིས་མཛད་ [124b.6]དུ་གསོལ། །ཞེས་པ་ནི་རྡོ་རྗེ་གསུང་ཁྱོད་ཀྱིས་བདག་གི་ཚིག་རྣམས་ཉིད་ཀྱི་གསུང་བཞིན་དུ་མཛོད་ཅིག་པའི་དོན་ཏོ། །ཕྱི་མ་རྣམས་གོང་མ་དང་འདྲའོ། །ལྕེ་ནི་འཕྲོ་བར་རྣམ་བསམ་སྟེ། །ཞེས་པ་ནི་དེ་ལྟར་གསོལ་བ་བཏབ་ནས་ལྕེ་ལ་བསྐྱེད་པའི་སངས་རྒྱས་ལས་འོད་ཟེར་སྤྲོས་ཤིང་ [124b.7]བསྐུལ་བས་སླར་བྱོན་ཅིང་ལྕེ་ལ་ཐིམ་པར་བྱའོ། །རང་ངག་ཆོས་རྣམས་ཀུན་གྱི་གནས། །ཞེས་པ་ནི་དེ་ལྟར་ཐིམ་པས་རང་གི་ཚིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་འབྱུང་གནས་སུ་གྱུར་པའི་དོན་ཏོ། །གསུང་དབྱངས་ཐམས་ཅད་རྣམ་པར་དག་པ་ནི་དེ་ [125a] [125a.1]ལྟར་བསྒོམས་པའི་ལྕེ་ལས་ངག་འབྱུང་བ་ཐམས་ཅད་ཚིག་དང་དོན་དུ་ལྡན་ཞིང་འཁྱལ་པ་མེད་པའོ། །ཆོས་ཀྱི་ངག་ཏུ་བྱིན་གྱིས་བརླབ་པ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་གསུང་ཡིན་པར་བསམ་པའོ། །རྡོ་རྗེ་ཆོས་ཀྱི་གསུང་རྣམས་ནི། །དེས་པའི་ [125a.2]ཚིག་ནི་ཕུན་སུམ་ཚོགས། །ཞེས་པ་ནི་ཇི་ལྟར་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སོ། །གསུང་འཁྱལ་པ་མེད་ཅིང་དོན་དང་ལྡན་པ་དེ་བཞིན་དུ་བདག་གི་ཚིག་རྣམས་ཀྱང་གྱུར་ཅིག་ཅེས་བརྗོད་ཅིང་སྨོན་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭབྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་འདིས་བདག་གི་ཚིག་དེ་བཞིན་ [125a.3]གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་དུ་བསྒོམ་ཞིང་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ལྟར་སྐུ་གསུང་བྱིན་གྱིས་བརླབ་པར་བསྟན་ནས། ཐུགས་བྱིན་གྱིས་བརླབ་པར་བསྟན་ཏོ། །སྙིང་གའི་ཟླ་བ་ལ་དམིགས་པ་ལ་སོགས་པས་ནི་དེ་ལ་བདག་ཕྱག་རྒྱ་ཆེན་པོར་གནས་པའི་སྙིང་ [125a.4]ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ནས་དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་མཐིང་ནག་ཏུ་འདུག་པ་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ་བསྐྱེད་པར་བྱའོ། །སྔར་སྨོས་པ་ཡི་རིམ་པ་བཞིན། །རྡོ་རྗེ་སེམས་ལ་གསོལ་བཏབ་ནས། །ཞེས་པ་ནི་གོང་དུ་སྐུ་དང་གསུང་གི་སྐབས་ [125a.5]སུ་སྤྲོ་བ་ལ་སོགས་པ་བྱས་པ་བཞིན་འདིར་ཡང་བྱས་ནས་གསོལ་བ་བཏབ་པའི་དོན་ཏོ། །དེ་ནི་ཞུགས་པར་བསྒོམ་བྱས་ཏེ། །སེམས་ནི་བྱིན་གྱིས་བརླབ་པར་བྱ། །ཞེས་པས་ནི་དེ་ལྟར་གསོལ་བ་བཏབ་ཅིང་སྙིང་ག་ནས་སྤྲོས་ཤིང་བསྐུལ་བས་བར་སྣང་ཁྱབ་པར་གནས་པའི་རྡོ་རྗེ་སེམས་དཔའ་ཡབ་ [125a.6]ཡུམ་སླར་བྱོན་ཅིང་སྙིང་ལ་ཐིམ་པར་བསྒོམས་ནས་རང་གི་སེམས་དེ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱའོ། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། ལ་སོགས་པ་ནི་ཐུགས་སུ་ངེས་པའི་རིགས་ལ་གསོལ་བ་འདེབས་པར་བསྟན་ཏོ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའ་དུས་གསུམ་གྱི་དེ་ [125a.7]བཞིན་གཤེགས་པ་ཐམས་ཅན་གྱི་ཐུགས་ཀྱི་རང་བཞིན་དང་སེམས་ཅན་ཐམས་ཅད་ཀྱི་སེམས་མ་སྐྱེས་པའི་རང་བཞིན་ངོ་བོར་གནས་པས་རྡོ་རྗེ་སེམས་འཆང་བ་ཞེས་བྱའོ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་པ་ནི་བདག་གི་སེམས་ཉིད་ཀྱི་ཐུགས་དང་འདྲ་བར་མཛོད་ཅིག་པའི་དོན་ [125b] [125b.1]ཏོ། །སླད་མ་ནི་གོང་མ་དང་མཐུན་ནོ། །སྙིང་ལ་དཔལ་བེའུ་གནས་པས་ཞེས་པ་ནི་དེ་ལྟར་གསོལ་བ་བཏབ་ཅིང་བྱིན་གྱིས་བརླབས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་སྙིང་ལ་གནས་ནས་ཕྱག་རྒྱ་ཆེན་པོ་རྫོགས་པར་གྱུར་པས་སྐྱེས་བུ་ཆེན་པོའི་མཚན་ཉིད་ཅེས་ [125b.2]བྱའོ། །འོད་ཟེར་ལྔས་དཀྲིས་ལྟ་བུ་ནི། །ང་རྒྱལ་བསྐྱེད་ནས་སྦྱོར་བར་བྱ། །ཞེས་པ་ནི་དེ་ལྟར་འོད་ཟེར་འཕྲོ་ཞིང་གནས་པ་དེ་མངོན་སུམ་གསལ་བར་བསྐྱེད་ནས་ཐུགས་དང་སེམས་གཉིས་སུ་མེད་པར་སྦྱོར་བར་བྱའོ། །ཀུན་དུ་བཟང་པོ་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་ [125b.3]མོངས་པ་སྤྱོད་ཀྱང་དེའི་ཉེས་པས་མི་གོས་པས་བཛྲ་སཏྭའོ། །གསང་དབང་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དམ་མཆོག་ཡིན་པའི་དོན་ཏོ། །ཡང་ན་གསང་བ་ནི་ལོ་ཙ་ན་ལ་སོགས་པ་ཡུམ་གྱི་རང་བཞིན་དུ་གནས་པ་རྣམས་སོ། །དེ་དག་དང་གཉིས་སུ་མེད་པའི་བདེ་ [125b.4]བའི་ངང་དུ་རྟག་ཏུ་གནས་པས་དབང་ངོ་། །བློ་ལྡན་ནི་ཕྱིན་ཅི་ལོག་སྤངས་པའོ། །བདག་ཀྱང་དེ་དང་འདྲ་བའི་སེམས་ཅན་ཞེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་ཞིང་རྡོ་རྗེ་འཆང་གི་ཐུགས་སུ་འགྱུར་བར་ཤོག་ཅིག་ཅེས་བརྗོད་ཅིང་སྨོན་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་ [125b.5]པའི་སྔགས་འདིས་བདག་གི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཡིན་ནོ་བར་བསྒོམ་ཞིང་བརྗོད་པར་བྱའོ། །དེ་ལྟར་བདག་ཉིད་བྱིན་གྱིས་བརླབས་ཞེས་པ་ལ་སོགས་པ་ནི་གོང་དུ་བསྟན་པའི་ཚུལ་གྱིས་བདག་གི་ཕུང་པོ་དང་ཁམས་ལ་སོགས་པ་ལྷ་དང་ལྷ་ [125b.6]མོའི་རང་བཞིན་དུ་ཤེས་པ་དང་ལུས་དང་ངག་དང་སེམས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་བྱས་པའི་ཕྱག་རྒྱ་དེ་ཉིད་ལ་དཔལ་བྱང་ཆུབ་སེམས་རྡོ་རྗེའི་སྐུར་བསྒོམ་པར་བསྟན་ཏོ། །དེ་ཨ་ལས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདག་འདུག་པར་བསམས་ [125b.7]ལ་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ་གཅིག་བསྐྱེད། དེ་སྤྲོ་བསྡུ་བྱས་པ་ལས་བྱང་ཆུབ་ཀྱི་སེམས་རྡོ་རྗེར་གྱུར་པར་བསམ་མོ། །སེམས་དཔའི་སྐྱིལ་ཀྲུང་ནི་འདུག་སྟངས་སོ། །ཟླ་བའི་མདོག་ནི་སྐུ་མདོག་གོ། །རྣམ་པ་ཐམས་ཅད་ནི་སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ལ་སོགས་ [126a] [126a.1]པའི་ཡོན་ཏན་ཐམས་ཅད་དང་དབུ་རྒྱན་ལ་སོགས་པའི་ཕྱིའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་རྣམས་ཐུན་མོང་མ་ཡིན་པས་མཆོག་གོ། །རལ་པ་ཅོད་པན་འཆང་ལ་ཞི། །ཞེས་པ་ནི་དབུ་སྐྲ་རལ་པར་འདུག་ཉིད་ཅོད་པན་དུ་བྱས་པ་འམ། །རལ་པ་དང་ཅོད་པན་གྱིས་བརྒྱན་ [126a.2]པའོ། །ཞི་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་མེ་ཁོང་ན་མེད་པས་ཕྱིའི་སྐུ་ཞེ་སྡང་གི་རྟགས་ཁྲོ་གཉེར་ལ་སོགས་པ་མེད་པར་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་དགའ་བར་བྱེད་པའི་ཚུལ་ལོ། །ཞལ་གསུམ་རྣམ་པར་བསྒོམ་པར་བྱ་བ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ [126a.3]ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པའི་རྟགས་སུ་སྟོན་པའི་ཕྱིར་དང་། །འཇིག་རྟེན་པའི་ལྷ་མགོ་གྲངས་ཀྱིས་ཡོད་པ་རྣམས་འདུལ་བར་བསྟན་པའམ་དེ་དག་ལ་དད་པའི་སེམས་ཅན་རྣམས་ཆོས་འདི་ལ་དད་པར་བྱ་བའི་དོན་ཏོ། །གཡས་པ་ཨིནྡྲ་ནཱི་ལ་ཞེས་པ་ནི་ཞལ་གསུམ་ལ་གཡས་ [126a.4]ཕྱོགས་ཀྱི་ཞལ་ཐུགས་ཀྱི་རང་བཞིན་ཡིན་པས་ཏེ་དེ་ལས་མི་འགྱུར་པས་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་བཞིན་མཐིང་ནག་ཏུ་བསྟན་ཏོ། །ཡང་ན་འཇིག་རྟེན་པའི་ལྷ་ཁྱབ་འཇུག་ལ་སོགས་པ་ཞེ་སྡང་ཆེ་ཞིང་གནག་པ་རྣམས་ཀྱི་དོན་མཐུན་པའི་སྒོ་ནས་མཛད་པ་འམ་དེ་ལ་དད་པ་རྣམས་ཆོས་འདི་ལ་དད་ [126a.5]པར་བྱ་བའི་དོན་ཏོ། །གཡོན་པ་ཆགས་པས་དམར་བ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཆགས་ཤིང་། །གསུང་གི་སྒོ་ནས་དོན་བྱེད་པའི་རྟགས་སུ་གཡོན་དམར་བར་བསྟན་ཏོ། །ཡང་ལྷ་ཆེན་པོ་ལ་སོགས་པ་འདོད་ཆགས་ཆེ་ཞིང་ཁ་དོག་དམར་བར་འདུག་པ་རྣམས་ [126a.6]ཀྱི་དོན་མཐུན་པའི་སྒོ་ནས་མཛད་པ་འམ་དེ་དག་ལ་དད་པ་རྣམས་ཆོས་འདི་ལ་དད་པར་བྱ་བའི་དོན་ཏོ། །ཞལ་དབུས་དཀར་བ་ནི་ཉོན་མོངས་པ་དང་བྲལ་ཞིང་སྐུའི་རང་བཞིན་ཡིན་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའོ། །ཡང་ན་ཚངས་པ་ལ་སོགས་པ་དཀར་ཞིང་གཏི་མུག་ཤས་ཆེ་བ་ [126a.7]རྣམས་ཀྱི་དོན་མཛད་པ་གོང་མ་དང་འདྲའོ། །ཕྱོགས་བཅུ་ཐམས་ཅད་སྣང་བྱེད་པ། །དེ་ཡི་ཕྱག་དྲུག་རྣམ་པར་བསྒོམ། །ཞེས་པ་ནི་ཤར་ཕྱོགས་ལ་སོགས་པའི་ཕྱོགས་བཞི་དང་། །མེའི་ཕྱོགས་ལ་སོགས་པའི་མཚམས་བཞི་དང་། །སྟེང་འོག་གི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་ [126b] [126b.1]སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་ཞིང་སེམས་ཅན་གྱི་གཏི་མུག་གི་མུན་པ་རྣམ་པར་འཇོམས་ཤིང་ཡེ་ཤེས་ཀྱི་སྣང་བ་སྐྱེད་པའི་དཔལ་བྱང་ཆུབ་སེམས་རྡོ་རྗེ་དེ་ཕྱག་དྲུག་དང་ལྡན་པར་བསྒོམ་ཞེས་པའོ། །དེ་ལ་ཕྱག་དྲུག་ནི་སེམས་ཅན་རྣམས་ལ་ཕྱག་དྲུག་གི་སྒོ་ནས་དོན་བྱེད་པ་དང་། །འཇིག་རྟེན་ [126b.2]གྱི་ལྷ་ཁྱབ་འཇུག་ལ་སོགས་པ་ལག་པ་དྲུག་དང་ལྡན་པ་རྣམས་མཐུན་པའི་སྒོ་ནས་འདུལ་བ་དང་། །དེ་ལ་མོས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ཆོས་ལ་གཟུང་པའི་དོན་ཏོ། །ཡེ་ཤེས་ལྔ་བདག་རྡོ་རྗེ་ནི། །ཞེས་པ་ལ་དེ་ལ་ཕྱག་གཡས་ཀྱི་དང་པོ་ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་ [126b.3]རྩེ་ལྔ་པ་ཁ་དོག་ཨིནྡྲ་ནཱི་ལ་ལྟར་འདུག་པ་ཕྱག་ཏུ་བསྒོམ་ཞེས་པ་དང་འབྲེལ་ཏོ། །འབར་བ་ལྔས་རྣམ་པར་བརྒྱན་པ་ནི་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ཁ་དོག་དཀར་པོ་ལ་སོགས་པ་ལྔ་རྡོ་རྗེ་དེ་ཉིད་ལས་འཕྲོ་ཞིང་དཀྲིས་པའི་དོན་ཏོ། །སངས་རྒྱས་སྤྲིན་ནི་རྣམ་པར་སྤྲོ། །ཞེས་པ་ནི་རྡོ་རྗེ་དེ་ [126b.4]ལས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་དང་ལྷ་མོ་ཕྱོགས་བཅུར་སྤྲོས་ཤིང་སེམས་ཅན་གྱི་དོན་བྱེད་པར་བསམ་ཞེས་པའི་དོན་ཏོ། །གཉིས་པ་འཁོར་ལོ་ཆེན་པོ་ཞེས་པ་ཕྱག་བར་མ་ལ་འཁོར་ལོ་བསྣམས་པའི་དོན་ཏོ། །ཟླ་བ་རྩིབས་བརྒྱད་ལྟ་བུས་ནི་དབྱིབས་ [126b.5]དང་ཁ་དོག་བསྟན་ཏེ་འཁོར་ལོ་དེ་རྩིབས་བརྒྱད་ལྡན་ཞིང་ཟླ་བ་བཞིན་དུ་དཀར་ལ་ཟླུམ་པོར་འདུག་པའོ། །བདུད་རྣམས་ཐམས་ཅད་གཅོད་བྱེད་པ། །རྣམ་པར་འཕྲོ་བར་བསྒོམ་པར་བྱ། །ཞེས་པ་ནི་འཁོར་ལོ་དེ་ལ་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་སེམས་ཅན་གྱི་འདོད་ཆགས་ལ་སོགས་ [126b.6]པའི་ཉོན་མོངས་པའི་བདུད་དང་། །གནོད་པར་བྱེད་པའི་གནོད་སྦྱིན་དང་། སྲིན་པོ་རྣམས་ཚར་གཅོད་པའི་མཐུ་དང་ལྡན་པར་བསྒོམ་ཞེས་པའི་དོན་ཏོ། །གསུམ་པ་པདྨ་ཆེན་པོ་ཞེས་པ་ནི་གཡས་ཀྱི་ཐ་མ་ལ་པདྨ་བསྣམས་པའི་དོན་ཏོ། །ཆོས་ཀྱི་སྤྲིན་གྱིས་ཀུན་དུ་འཁྲིགས། །ཞེས་པ་ནི་པདྨ་ [126b.7]དེ་ལས་སྣང་བ་མཐའ་ཡས་ཀྱི་རང་བཞིན་འཕྲོས་ཤིང་འཁྲིགས་པས་སེམས་ཅན་གྱི་བསམ་པ་དང་མཐུན་པར་ཆོས་ཀྱི་ཚིག་འབྱུང་བའི་དོན་ཏོ། །ཁ་བ་བ་ཞོ་ལྟ་བུར་དག །འདོད་ཆགས་ཐམས་ཅད་དག་མཛད་པ། །ཞེས་པ་ནི་བཅོམ་ལྡན་འདས་སེམས་ཅན་གྱི་དོན་དུ་འདོད་ཆགས་དང་དུ་བླངས་ཤིང་སྤྱད་ཀྱང་ [127a] [127a.1]དེའི་ཉེས་པས་མི་གོས་པའི་རྟགས་པདྨ་བ་ཞོའམ་ཁ་བ་ལྟ་བུར་ཤིན་ཏུ་དཀར་བ་བསྣམས་པར་བསྒོམ་མོ། །གཡོན་པའི་དྲིལ་བུ་དམར་སྐྱ་སྟེ། །སྟོན་ཀའི་ཟླ་བའི་འོད་དང་མཚུངས། །ཞེས་པ་ནི་ཕྱག་གཡོན་གྱི་དང་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉོན་མོངས་ [127a.2]པ་ཐམས་ཅད་དང་བྲལ་བས་དཀར་བ་སེམས་ཅན་ལ་སྙིང་རྗེའི་སྒོ་ནས་ཆགས་པའི་རྟགས་སུ་ཅུང་ཟད་དམར་བར་འདུག་པ། །སྟོན་ཀའི་ཟླ་བའི་འོད་བཞིན་དུ་ཤིན་ཏུ་དཀར་པའི་འོད་འཕྲོ་ཞིང་སེམས་ཅན་དགའ་བར་བྱེད་པས་སོ། །ཆོས་རྣམས་སྒྲ་བརྙན་ལྟ་བུ་ཞེས། །སྒྲས་ནི་རབ་ཏུ་གོ་བར་ [127a.3]མཛད། །ཅེས་པ་ནི་དྲིལ་བུ་དེ་ལས་སྒྲ་བྱུང་བས་སེམས་ཅན་ཐམས་ཅད་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་བྲག་ཅ་ལྟ་བུ་ཞེས་རང་བཞིན་མེད་པར་སྟོང་པ་ཉིད་དོ་ཞེས་གོ་བར་བྱེད་པའི་དོན་ཏོ། །གཉིས་པ་རིན་ཆེན་ཆེན་པོ་སྟེ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན། །ཞེས་པ་ནི་ཕྱག་བར་མ་ལས་ [127a.4]ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པ་སྟེ། དེ་ཡང་ཡེ་ཤེས་ཀྱི་འོད་ཟེར་འབར་ཞིང་དཀྲིགས་པས་བརྒྱན་ཞེས་པའི་དོན་ཏོ། །ཉི་མ་འཆར་ཀ་ལྟ་བུའི་དེ་ནི་ཁ་དོག་ཤིན་ཏུ་ཡང་དམར་བའོ། །རེ་བ་ཐམས་ཅད་རྫོགས་པར་བྱེད་པ་ནི་རིན་པོ་ཆེ་དེ་ལས་སེམས་ཅན་གྱི་འདོད་པ་རྣམས་འབྱུང་ [127a.5]ཞིང་ཚིམ་པར་བྱེད་པའི་དོན་ཏོ། །གསུམ་པ་རལ་གྲི་ཆེན་པོ་སྟེ། ཨུཏྤལ་སྔོན་པོའི་ལོ་མ་བཞིན་དུ་ཞེས་པ་ནི་ཕྱག་ཐ་མ་ན་རལ་གྲིའི་ཁ་དོག་ཨུཏྤལའི་འདབ་མ་བཞིན་དུ་འདུག་པ་རྣམས་ལའོ། །ཆེན་པོ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཐུན་མོང་མ་ཡིན་པའི་དོན་ཏོ། །ཕྱོགས་བཅུའི་ [127a.6]སེམས་ཅན་ཐམས་ཅད་ཀྱི། །མི་ཤེས་ཉོན་མོངས་གཅོད་བྱེད་པ། །ཞེས་པ་ནི་དེ་ལས་འོད་ཟེར་འཕྲོས་ཤིང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་བག་ཆགས་ཐམས་ཅད་གཅོད་པའི་དོན་ཏོ། །ཕྱག་མཚན་དེ་རྣམས་ཀྱང་ཡེ་ཤེས་ལྔ་དང་རིགས་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །དམར་ [127a.7]པོ་སྣ་ཚོགས་འབར་འདྲ་བའི། །འོད་ཀྱི་དཀྱིལ་འཁོར་གྱིས་ནི་བརྒྱན། །ཞེས་པ་ནི་བྱང་ཆུབ་སེམས་རྡོ་རྗེ་དེ་ཉིད་ཀྱི་སྐུ་ལས་འོད་ཟེར་བྱུང་བས་དཀྱིལ་འཁོར་གྱི་ཚུལ་དུ་ཆགས་ཤིང་རྒྱབ་གཏན་དུ་བྱས་པས་བརྒྱན་ཞེས་བྱའོ། །ཟླ་བ་དྲི་མེད་སྟོང་འདྲ་བ་ནི་འོད་ཀྱི་དཀྱིལ་འཁོར་དེ་ཟླ་བ་སྟོང་ངམ་དེ་བས་ [127b] [127b.1]ལྷག་པའི་འོད་འཕྲོ་བའི་དོན་ཏོ། །བློ་དང་ལྡན་པས་རྒྱབ་ཏུ་བསམ། །ཞེས་པ་ནི་ཐབས་ལ་མཁས་པའི་སྒྲུབ་པ་པོས་འོད་ཀྱི་དཀྱིལ་འཁོར་དུ་བསྒོམ་པའི་དོན་ཏོ། །སྙིང་གའི་དབུས་སུ་ཕྲ་མོ་ཡི། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །ཞེས་པ་ནི་དེ་ལྟར་བདག་བྱང་ཆུབ་སེམས་རྡོ་རྗེའི་ཕྱག་རྒྱ་ [127b.2]ཆེན་པོར་གནས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཕྱག་རྒྱ་དེ་དང་འདྲ་བ་མཚོན་གང་བ་ཅིག་བསྒོམ་པའི་དོན་ཏོ། །དེའི་དུས་སུ་བསམ་པ་ནི། །ཡི་གེ་མཆོག་ནི་དམ་པའོ། །ཞེས་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་ [127b.3]བཞིན་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཡི་གེ་ཧཱུཾ་བསྒོམ་པའི་དོན་ཏོ། །དེ་ལྟར་བདག་བྱང་ཆུབ་སེམས་རྡོ་རྗེའི་ཕྱག་རྒྱ་ར་གསལ་བར་བསྒོམ་ཞིང་ཟླ་བ་དྲུག་ཚུན་ཆད་སེམས་ལས་སུ་རུང་གི་བར་དུ་འོག་ནས་འབྱུང་བའི་ཚུལ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་སྐབས་འདིར་བསྒོམ་པ་འདི་མན་ངག་ [127b.4]ཏུ་ཤེས་པར་བྱའོ། །སྡོམ་ལ་གནས་པའི་སྔགས་པ་ཡིས། །བསྙེན་པ་སྔར་ནི་བྱས་ནས་སུ། །ཞེས་པ་ནི་དེ་ལྟར་བསྙེན་པ་དང་ཉེ་བའི་བསྙེན་པ་རྫོགས་པར་བྱས་ནས་སྒྲུབ་པ་ལས་འཇུག་པར་བསྟན་ཏོ། །དེ་ལ་བསྙེན་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་ཀྱི་དོན་དམ་པའི་རང་ [127b.5]བཞིན་སྐྱེ་བ་མེད་པར་བསྒོམ་པའི་དོན་ཏོ། །ཉེ་བའི་བསྙེན་པ་ནི་ཀུན་དུ་སྣང་གི་ཏིང་ངེ་འཛིན་དང་ཕྲ་མོའི་ཏིང་ངེ་འཛིན་གྱི་བར་དུའོ། །སྡོམ་ལ་གནས་པ་ནི་གོང་དུ་བསྟན་པའི་དམ་ཚིག་དང་སྤྱོད་པ་ལས་མི་འདའ་བའོ། །སྔར་བསྙེན་པ་བྱས་པ་ནི་བསྙེན་པ་རྣམ་གཉིས་རིམ་པ་བཞིན་དུ་བྱས་ནས། [127b.6]སེམས་ལས་སུ་རུང་བའི་སྒྲུབ་པ་ལ་འཇུག་པར་བྱའི་གཞན་དུ་མ་ཡིན་ཞེས་པའི་དོན་ཏོ། །ཆོ་ག་འདི་ཡི་སྦྱོར་བ་ཡིས། །ཞེས་པ་ནི་འོག་ནས་འབྱུང་བའི་ཐབས་ཀྱིས་སོ། །སྒྲུབ་པ་དག་ནི་བརྩམ་པ་ནི་བདག་སྐུ་གསུང་ཐུགས་ཐོབ་པར་བྱེད་པའི་ཐབས་ཀྱི་རིམ་པ་ལ་འཇུག་པར་བྱ་བའི་དོན་ཏོ། ། [127b.7]ཁྲུས་མཁན་གྱི་ནི་བདག་ཉིད་ཆེ། །ཞེས་པ་ནི་སྒྲུབ་པའི་སྣོད་གཟུགས་མ་བསྟན་ཏེ་ཁྲུས་མཁན་ནི་གོས་འཁྲུ་ཞིང་བཙོ་བླག་བྱེད་པའི་རིགས་ངན་ཏེ་དེ་ལྟ་བུ་ལ་རང་བཞིན་མཐུ་ཡང་ཡོད་པས་བདག་ཉིད་ཆེན་པོ་ཞེས་བྱ། དེ་ལྟ་བུའི་བུ་མོ་རིགས་ངན་པས་ང་རྒྱལ་ཆུང་ཞིང་བཀའ་བློ་བདེ་བས་ [128a] [128a.1]བདག་ཅི་དགའ་བར་བྱེད་པས་སེམས་ལས་སུ་རུང་བའི་དོན་ཏོ། །ཡང་ན་ཁྲུས་མཁན་ནི་སྡིག་པ་སྤོང་ཞིང་དགེ་བ་བྱེད་པའི་ཁྱིམ་བདག་ལ་སོགས་པ་གང་ཡང་རུང་བ་ལ་བྱའོ། །བུ་མོ་མིག་རིང་རྙེད་པ་ནི། །ཞེས་པ་ལ་སོགས་པ་ནི་རིགས་དེ་ལྟ་བུའི་བུ་མོ་ཤེས་པ་ཆེ་ [128a.2]ཞིང་སེམས་གསལ་བ་ཕྱིའི་མིག་ཀྱང་ཆེ་ཞིང་རིང་བ་ཡིད་དུ་འོང་བར་འདུག་པ་ཁ་དོག་ཀྱང་ཨུཏྤལའི་ལོ་མ་བཞིན་སྔོ་སྐྱར་འདུག་པ་གཟུགས་ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་བ། འདོད་ཆགས་བདོ་བས་དར་ལ་བབ་པ། བརྒྱན་པ་ནི་དེ་རྣམས་དང་ལྡན་པའི་དོན་ཏོ། །ཐམས་ཅད་རྒྱན་གྱིས་ [128a.3]ཡོངས་སུ་བརྒྱན་པ་ནི་ཕྱིའི་རྒྱན་གོས་དང་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱིས་བརྒྱན་པའོ། །བཞིན་མཛེས་ཡིད་དུ་འོང་བ་ཞེས་པ་ནི་བསོད་ནམས་ཆེ་བའི་རྟགས་གཟུགས་བྱད་ཤིན་ཏུ་སྡུག་ཅིང་ཀུན་གྱི་ཡིད་དུ་འོང་བའོ། །བོང་ཚོད་ལོ་ནི་བཅུ་གཉིས་པ་ནི་བུ་མོ་ལོ་གྲངས་བཅུ་གཉིས་ལ་ཡོན་ཏན་ [128a.4]དེ་ལྟ་བུ་ཀུན་ཚང་བར་རྙེད་ན་མཆོག་གོ། །དེ་ལྟར་བསྟན་ཀྱང་སྤྱིར་བཅུ་གཉིས་དང་ཉི་ཤུ་རྩ་ལྔའི་བར་དུ་ཤེས་པར་བྱའོ། །བཟུང་ནས་བསྒྲུབ་པ་བརྩམ་པར་བྱ། །ཞེས་པ་ནི། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁ་ན་མ་ཐོ་བ་མེད་པའི་སྒོ་ནས་བཙལ་ནས་བསྒྲུབ་པ་ལ་འཇུག་པར་བྱ་བའི་དོན་ཏོ། །ཕྱིས་ [128a.5]གཅིན་སོགས་དམ་ཚིག་ལས་ཤེས་པ་ནི་དེ་ལྟར་མཚན་དང་ལྡན་པའི་གཟུངས་མ་རྙེད་ན། གོང་དུ་བསྟན་པའི་གནས་དེར་བདུད་རྩི་ལྔས་མཎྜལ་བྱ་ཞེས་བྱ་བའི་དོན་ཏོ། །ཆོ་ག་བཞིན་ཞེས་པ་ནི་ཨ་མྲྀ་ཏ་ལྔའི་བྱིན་གྱིས་བརླབ་པ་དང་། །དཀྱིལ་འཁོར་གྱི་ལས་ཚང་བར་བྱེད་པའོ། །གྲུ་བཞི་པ་ [128a.6]ནི་དཀྱིལ་འཁོར་གྱི་དབྱིབས་རྒྱས་པའི་ཚུལ་དུ་བྱའོ། །དཀྱིལ་འཁོར་བྱས་ནས་དེ་དབུས་སུ། །སྔར་གསུངས་པ་ཡི་གནས་དེར་གཞག །ཅེས་པ་ནི་དཀྱིལ་འཁོར་དེ་ལྟ་བུ་བྱས་ནས་སྔར་གསུངས་པའི་གཟུངས་མ་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དེའི་དབུས་སུ་གཞག་ཅེས་པའི་ [128a.7]དོན་ཏོ། །ཕྱག་རྒྱ་བཞི་ཡི་སྦྱོར་བ་ཡིས། །བདག་ཉིད་མོས་པའི་ལྷར་ཡང་བསྒོམ། །ཞེས་པ་ནི་སྒྲུབ་པ་པོ་བདག་ཀྱང་དེ་དང་ལྷན་ཅིག་དཀྱིལ་འཁོར་གྱི་དཀྱིལ་དུ་འདུག་ལ་བདག་ཉིད་དད་པའི་ལྷ་གང་ཡང་རུང་བ་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་ཞེས་པའི་དོན་ཏོ། །ཕྱག་རྒྱ་བཞི་ནི་ཐུགས་ [128b] [128b.1]ཀར་ཡིག་འབྲུ་གནས་པ་ཆོས་ཀྱི་ཕྱག་རྒྱ་དང་། །རྡོ་རྗེ་ལ་སོགས་པ་ཕྱག་མཚན་འཛིན་པ་ལས་ཀྱི་ཕྱག་རྒྱ་དང་། གཡོན་ཕྱོགས་སུ་ཡུམ་བསྐྱེད་པ་དམ་ཚིག་གི་ཕྱག་རྒྱ་དང་། དེ་རྣམས་རྫོགས་པ་ཕྱག་རྒྱ་ཆེན་པོ་དང་བཞིའོ། །ཡང་ན་གསང་བའི་ཡུམ་བཞི་ཕྱོགས་བཞིར་བསྐྱེད་ནས་ [128b.2]བསྒོམ་པ་ལ་ཡང་བྱའོ། །རང་གི་ལུས་ལས་འབྱུང་བ་རྣམས། །བྱིན་གྱིས་བརླབ་པའི་གནས་སུ་དམིགས། །ཞེས་པ་ནི་དེ་ལྟར་གཟུངས་མ་དེ་ལྷ་མོ་གཅིག་ཏུ་བསྒོམས་ལ། རང་གི་ལུས་ལས་བྱུང་བ་ནི་བདག་ཕྱག་རྒྱ་ཆེན་པོར་གནས་པའི་ཐུགས་ཀ་ནས་རིགས་ལྔ་ཕྱུང་ཞིང་ [128b.3]བྱིན་གྱིས་བརླབ་པའི་གནས་གཟུངས་མ་དེ་གནས་ལྔར་བསྐྱེད་པའི་དོན་ཏོ། །ནུ་མའི་བར་དང་སྤྱི་གཙུག་དང་། །ལྟེ་བ་རྐེད་པ་རྐང་རྣམས་སུ། །ཞེས་པ་ནི་གནས་ལྔའོ། །རྒྱལ་བ་བདག་ཉིད་གསང་ལས་སྐྱེས་པ་ནི་བདག་བྱང་ཆུབ་སེམས་རྡོ་རྗེའི་ཕྱག་རྒྱར་གནས་པའི་ཐུགས་ [128b.4]ཀ་ཐུན་མོང་དང་རྟོག་གེ་པའི་ཡུལ་མ་ཡིན་པས་གསང་བའོ། །སྐྱེས་པ་ནི་དེ་ལས་བྱུང་བའི་དོན་ཏོ། །རིགས་ལྔ་རྣམས་ནི་རབ་ཏུ་དམིགས། །ཞེས་པ་ནི་དེ་ལྟར་གསང་བ་ལས་སྐྱེས་པའི་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔ། ཡུམ་དེའི་གནས་ལྔར་ཡིག་འབྲུ་ལས་ [128b.5]བསྐྱེད་ཅིང་གནས་པར་དམིགས་པའོ། །དེའི་སྙིང་གའི་དབུས་སུ་ཞེས་པ་ནི་དེ་རྣམས་བཀོད་པའི་རིམ་པ་བསྟན་ཏེ། ཡུམ་དེའི་ནུ་མ་གཉིས་ཀྱི་བར། །སྙིང་གར་ཉི་མའི་དཀྱིལ་འཁོར་བསམ། །ཞེས་བྱ་སྟེ་མ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་དོ། །དེའི་དབུས་མི་འཁྲུགས་གཉིས་སུ་མེད་པ་ [128b.6]ནི་དེའི་ཡི་གེ་ཧཱུཾ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་ཡབ་ཡུམ་བསྐྱེད་པའི་དོན་ཏོ། །ཕྱག་རྒྱ་བཞི་དང་ལྡན་པར་གནས། །ཞེས་པ་ནི་གོང་དུ་བཤད་པའི་ཚུལ་གཉིས་ལྟར་ཡིན་པའམ་ཡང་ན་བཅོམ་ལྡན་འདས་ཡབ་ཡུམ་བཞུགས་པའི་ཕྱོགས་བཞིར་ལཱ་སྱེ་ལ་སོགས་པའི་ལྷ་མོ་བཞི་བསྐྱེད་པ་ལ་ [128b.7]བྱའོ། །སྤྱི་གཙུག་དབུས་སུ་ཟླ་བ་ཞེས་པ་ལ་སོགས་པ་ནི་ཡུམ་དེའི་སྤྱི་བོར་མཾ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ་དེའི་སྟེང་དུ་ཨོཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་བསྐྱེད་པར་བྱའོ། །དེ་བཞིན་གཉིས་མེད་ཀུན་དུ་སྦྱོར་བ་ནི་གོང་མ་དང་འདྲ་བར་ཡབ་ཡུམ་གཉིས་སུ་མེད་ [129a] [129a.1]པར་གནས་ཤིང་ཕྱག་རྒྱ་བཞི་དང་ལྡན་པའམ། ཡང་ན་ཕྱག་རྒྱ་བཞི་དང་གཉིས་སུ་མེད་པར་གནས་པ་ནི་རིགས་ཕྱི་མ་ལ་ཡང་ཤེས་པར་བྱའོ། །རྐེད་པའི་དབུས་སུ་ཟུར་བརྒྱད་པའི། །ནོར་བུ་རིན་ཆེན་གཙོར་གནས་ཏེ། །ཞེས་པ་ནི་ཡུམ་དེའི་རྐང་པ་ལ་ཡི་གེ་ར་ལས་ནོར་ [129a.2]བུ་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ཁ་དོག་ཨིནྡྲ་ནཱི་ལ་ལྟ་བུ་དབྱིབས་ཟུར་བརྒྱད་དུ་འདུག་པ་ཅིག་བསྐྱེད་དོ། །དཀོན་མཆོག་དཔལ་ནི་རྣམ་བསམས་ཏེ། །ཕྱག་རྒྱ་བཞི་དང་ལྡན་པར་གནས། །ཞེས་པ་ནི་དེའི་སྟེང་དུ་བཅོམ་ལྡན་འདས་རཏྣ་སམྦྷཱ་བ་ཡབ་ཡུམ་ཡི་གེ་ས་ལས་བསྐྱེད་ [129a.3]པར་བྱའོ། །ཕྱག་རྒྱ་བཞི་དང་ལྡན་པར་གནས་པ་གོང་མ་དང་འདྲའོ། །ལྟེ་བའི་ཕྱོགས་དག་ཏུ་ཞེས་པ་ནི་ཡུམ་དེའི་གསང་བ་ལ་ཡི་གེ་པཾ་ལས་པདྨ་བསྐྱེད་པའི་དོན་ཏོ། །དཀར་དང་དམར་བའི་འདབ་མ་བརྒྱད་ནི་པདྨ་དེ་ཡང་ཡབ་ཡུམ་གཉིས་ཀྱི་བྱང་ཆུབ་སེམས་ཀྱི་ཚུལ་དུ་ཁ་དོག་དཀར་པོ་ [129a.4]དང་དམར་བ་སྤེལ་མར་འདུག་པ་དབྱིབས་འདབ་མ་བརྒྱད་པའོ། །པདྨའི་དབུས་སུ་ཆོས་བཞུགས་པ། །ཕྱག་རྒྱ་བཞི་དང་ལྡན་པར་གནས། །ཞེས་པ་ནི་པདྨ་དེའི་སྟེང་དུ་ཡི་གེ་ཨ་ལས་བཅོམ་ལྡན་འདས་ཨ་མི་ཏཱ་བྷ་ཡབ་ཡུམ་ཕྱག་རྒྱ་བཞི་དང་ལྡན་པར་བསྐྱེད་པར་བྱའོ། །རྐང་པ་དག་གི་ [129a.5]དབུས་སུའོ། །གྲུ་གསུམ་མེ་འདྲ་དཀྱིལ་འཁོར་ལ། །ཞེས་པ་ནི་ཡུམ་དེའི་རྐང་མཐིལ་དུ་ཡི་གེ་ཧ་ལས་ལས་ཀྱི་རིགས་ཀྱི་གདན་དཀྱིལ་འཁོར་གྲུ་གསུམ་པ་འདྲ་བ་རིན་པོ་ཆེའི་རང་བཞིན་ཅིག་བསྐྱེད་པར་བྱའོ། །དེའི་དབུས་སུ་གདོན་མི་ཟ། །ཞེས་པ་ནི་དེའི་སྟེང་དུ་བཅོམ་ལྡན་འདས་ [129a.6]ཨ་མོ་གྷ་སིདྡྷི་ཡབ་ཡུམ་བསྐྱེད་པར་བྱའོ། །ཕྱག་རྒྱ་བཞི་ནི་གོང་དང་འདྲ། །ཤེས་རབ་ལྡན་ཏེ་བྱིན་གྱིས་བརླབ། །ཅེས་བ་ནི་དེ་ལྟར་ཤེས་རབ་དང་ལྡན་པའི་རྣལ་འབྱོར་པས་ཡུམ་དེ་ཉིད་སྒོམ་མཁས་ན་དེ་བཞིན་དུ་སྒོམ་དུ་བཅུག་ལ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱ། མི་ [129a.7]མཁས་ན་བདག་གིས་བསྒོམས་ལ་དབང་བསྐུར་བར་བྱའོ། །རྒྱལ་བའི་ཡུམ་དེ་ཡོན་ཏན་ལྡན། །ཞེས་པ་ནི་དེ་ལྟར་བསྒོམས་ཤིང་དབང་བསྐུར་བས་སྒྲུབ་པའི་སྣོད་དུ་རུང་བས་སོ། །ཉི་ཤུ་རྩ་ལྔའི་བྱེ་བྲག་གིས། །དེ་ལ་རྡུལ་ནི་གཏང་བར་བྱ། །ཞེས་པ་ནི་རིགས་རེ་རེ་ཡང་ལྷ་མོ་བཞི་བཞིས་བསྐོར་ [129b] [129b.1]བས་ཉི་ཤུ་རྩ་ལྔ་གཟུངས་མ་དེའི་གནས་ལྔར་དཀྱིལ་འཁོར་གྱི་ཚུལ་དུ་བཀོད་པ་ནི་རྡུལ་བཏང་བ་ཞེས་བྱའོ། །ཡང་ན་གཟུགས་མ་དེ་ལོ་གྲངས་གོང་དུ་བསྟན་པ་དང་ཉི་ཤུ་རྩ་ལྔའི་བར་གྱི་བྱེ་བྲག་ལ་བྱ། རྡུལ་བཏང་བ་ནི་གོང་མ་དང་འདྲ་བར་དཀྱིལ་འཁོར་བསྒོམས་ལ་བྱའོ། །ཡང་ན་དེ་ལྟར་བྱིན་གྱིས་ [129b.2]བརླབས་པའི་གནས་དེར་འོག་ནས་འབྱུང་བའི་ཚུལ་དུ་བྱང་ཆུབ་ཀྱི་སེམས་སྤྲོ་བ་ལ་ཡང་བྱའོ། །སྐྱེ་མཆེད་རྣམས་ནི་གཟུགས་སོགས་དམིགས། །ཞེས་པ་ནི་གཟུངས་མ་དེའི་མིག་གི་སྐྱེ་མཆེད་ལ་སོགས་པ་དྲུག་བྱང་ཆུབ་སེམས་དཔའ་གཟུགས་ཀྱི་ལྷ་མོ་ལ་སོགས་པ་དྲུག་གི་ཡུམ་བསྐྱེད་པའི་དོན་ [129b.3]ཏོ། །རོ་ལངས་མི་ཕམ་ལག་གཉིས་ལ། །ཁྲོ་གཉེར་རལ་པ་གཅིག་ལྷ་མོ། །ཁ་དང་པདྨ་ལ་ནི་དམིགས། །ཞེས་པ་ནི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་ཆེན་པོ་བཞིའི་ཡུམ་ཁྲོ་མོ་བཞི་གཟུངས་མ་དེའི་གནས་བཞིར་བསྒོམ་པའི་དོན་ཏོ། །དེ་ལ་རོ་ལངས་མ་ལག་པ་གཡས་ལ་ [129b.4]གཤིན་རྗེ་གཤེད་ཀྱི་ཡུམ་དུ་ཤེས་པར་བྱའོ། །ལག་པ་གཡོན་ལ་གཞན་གྱིས་མི་ཐུབ་མ་ཤེས་རབ་མཐར་བྱེད་ཀྱིའོ། །ཁྲོ་གཉེར་ཅན་ཁྲོ་བོ་ཧྱ་གྲཱྀ་བའི་ཡུམ་ཁ་ལའོ། །ཁྲོ་མོ་རལ་པ་གཅིག་མ་བདུད་རྩི་འཁྱིལ་བའི་ཡུམ་པདྨ་ལ་བསྐྱེད་པར་བྱའོ། །ཧཱུཾ་ཞེས་པས་ནི་རྡོ་རྗེ་སྦྱང་། །ཞེས་བ་ནི་ [129b.5]སྒྲུབ་པ་པོའི་གསང་བའི་རྡོ་རྗེ་ལ་ཡི་གེ་ཧཱུཾ་གཅིག་བསྐྱེད་ལ་དེ་ལས་ཡེ་ཤེས་ཀྱི་རང་བཞིན་འོད་འཕྲོ་བར་དམིགས་ཤིང་ཧཱུཾ་ཧཱུཾ་ཞེས་བརྗོད་པས་ལྡང་བར་བྱའོ། །དེའི་ནོར་བུ་ཨོཾ་ཞེས་པ་ནི་དེ་ལྟར་ལངས་པའི་རྡོ་རྗེ་དེའི་སྤྱི་བོར་ཡེ་ཤེས་ལྔའི་རང་བཞིན་ཡི་གེ་ཨོཾ་འོད་འཕྲོ་བ་ཅིག་བསམ་མོ། །རྡོ་རྗེ་ [129b.6]ཆོས་ནི་གནས་གྱུར་ནས། །དེ་ཡི་པདྨར་རབ་ཏུ་གནས། །ཞེས་པ་ནི་དེ་ལྟར་བདག་གི་བཛྲ་བྱིན་གྱིས་བརླབས་ནས། པྲཛྙཱ་དེའི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབ་པར་བསྟན་ཏོ། །རྡོ་རྗེ་ཆོས་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཉིད་མུ་དྲ་དེའི་རང་བཞིན་དུ་གྱུར་ནས་གནས་ཞེས་ [129b.7]པའམ། ཡང་ན་བཅོམ་ལྡན་འདས་དེ་ལྷ་མོ་ནི་དཀར་མོར་གྱུར་ལ། ལྷ་མོ་དེ་མུ་དྲ་དེའི་རང་བཞིན་དུ་གནས་ཞེས་པའི་དོན་ཏོ། །ཟླ་བའི་འོད་ཟེར་ལྟར་འབར་ཞིང་། །ཡིད་དུ་འོང་བར་འབར་བ་སྟེ། །རྡོ་རྗེ་པདྨ་མཆོག་བསྒོམས་ནས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་པ་ནི་སྒྲུབ་ [130a] [130a.1]པ་ལ་ཞུགས་པའི་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་གསང་བའི་དབང་པོ་གཉིས་འོད་འཕྲོས་བས་གཅིག་གི་ཡིད་དུ་གཅིག་འོང་ཞིང་སོ་སོའི་གདུང་བ་སེལ་བར་བྱེད་པས་ཟླ་བ་ལྟར་འབར་བ་ཞེས་བྱའོ། །དེ་ལྟར་རྡོ་རྗེ་པདྨ་གཉིས་བསྒོམ་ཞིང་འོག་ནས་འབྱུང་བའི་ [130a.2]ཚུལ་དུ་བསྒྲུབས་ན་ཡིད་ལ་འདོད་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ་ཅེས་པའོ། །འོད་ཟེར་རྣམ་ལྔ་འཕྲོ་བར་ནི། །རྡོ་རྗེ་པདྨ་རྣམ་བསྒོམས་ལ། །ཞེས་པ་ནི། །རྡོ་རྗེ་དང་པདྨ་གཉིས་སྦྱར་བའི་མཚམས་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ཁ་དོག་ལྔ་སྤྲོ་ཞིང་ཕྱོགས་བཅུའི་འཇིག་རྟེན་ [130a.3]གྱི་ཁམས་ཀྱི་དེ་བཞིན་གཤེགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་དགྱེས་པར་བྱ་བ་དང་། སེམས་ཅན་གྱི་དོན་བྱེད་པར་དམིགས་ནས་ཞེས་པའི་དོན་ཏོ། །གསང་སྔགས་སྦྱོར་པའི་རྒྱལ་གྱིས། །དེ་ནས་བསྒྲུབ་པ་བརྩམ་པར་བྱ། །ཞེས་པ་ནི་དེ་ལྟར་བསྒོམས་ནས། སརྦ་ཏ་ཐཱ་ག་ཏཱ་ [130a.4]ནུ་རཱ་གའི་སྔགས་ཀྱི་དོན་ཡིད་ལ་བྱེད་ཅིང་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱ་ཞེས་པའི་དོན་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ནི་བདག་དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་ཤིང་དགྱེས་པར་བྱེད་པའི་རྡོ་རྗེ་རང་བཞིན་ནོ་ཞེས་པའི་དོན་ཏོ། །སྔགས་འདིའི་ [130a.5]དོན་གཉི་གར་ཡང་སོ་སོར་ཡིད་ལ་བྱེད་ཅིང་ལན་གྲངས་ཀྱིས་བརྗོད་པར་བྱའོ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཆེན་པོ་བརྩམ་པར་བྱ། །ཞེས་པས་ནི་དང་པོ་སྒྲུབ་པ་ལ་འཇུག་པའི་དུས་བསྟན་ཏེ། དེའི་ཉིན་པར་གཟུངས་མ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཏིང་ངེ་འཛིན་ཡང་ནས་ཡང་དུ་ [130a.6]གསལ་བར་བྱས། ནུབ་ཀྱི་རི་བོའི་རྒྱབ་ཏུ་ཉི་མ་ཕྱིན་མ་ཐག་ཏུ་རྡོ་རྗེ་པདྨར་སྦྱར་ཞིང་སྒྲུབ་པ་ཆེན་པོ་བརྩམ་པར་བྱ་ཞེས་པའི་དོན་ཏོ། །ཞག་བདུན་གྱིས་ནི་འགྲུབ་འགྱུར་བ། །སྐྱ་རེངས་འཆར་ཀའི་དུས་སུ་ནི། །ཞེས་པས་ནི་སྒྲུབ་པ་ཆེན་པོའི་འབྲས་བུ་སྐུ་གསུང་ཐུགས་ཐོབ་པའི་དུས་བསྟན་ཏོ། ། [130a.7]དེ་ལ་རྣལ་འབྱོར་པས་གོང་དུ་བསྟན་པ་བཞིན་དུ་བསྙེན་པ་དང་ཉེ་བསྙེན་ཟླ་བ་དྲུག་གི་བར་དུ་རྒྱུན་མི་འཆད་པར་བྱས་པའི་སེམས་ལས་སུ་རུང་བས་གོང་དུ་བསྟན་པ་བཞིན་དུ་ཡུལ་མཚན་དང་ལྡན་པར་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་གྱི་བསྒྲུབ་པ་བྱས་ནས། སྒྲུབ་པ་ཆེན་པོ་ལ་ཞུགས་པའི་དགོངས་ནས་ [130b] [130b.1]ཞག་བདུན་ལོན་པའི། །སྐྱ་རེངས་འཆར་ཀའི་ནམ་ལངས་ཀར། །མངོན་པར་འདོད་པའི་དངོས་གྲུབ་འཐོབ། །ཅེས་པའི་དོན་ཏོ། །སྒྲུབ་པ་ཆེན་པོའི་དུས་དག་ཏུ། །རང་གི་གསང་སྔགས་རྡོ་རྗེའི་གཟུགས། །ཞེས་པ་ནི་དེ་ལྟར་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་སྒྲུབ་པ་ཆེན་པོ་བྱད་པའི་དུས་ [130b.2]སུ་རང་གི་སྤྱི་བོར་བདག་ལ་གསང་བའི་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་གྱི་སྐུའོ། །ཅོད་པན་བདག་པོར་བསྒོམ་བྱས་ན། །ཞེས་པ་ནི་སློབ་དཔོན་དེ་པྲཛྙཱ་དང་ལྡན་པར་ཅོད་པན་གྱི་ཚུལ་དུ་གནས་ཤིང་དབང་བསྐུར་བར་བསྒོམ་ཞིང་བསྒྲུབ་ཅེས་པའི་དོན་ཏོ། །ཡང་ན་བྱང་ཆུབ་སེམས་རྡོ་རྗེ་ཚུལ་དེ་ལྟར་ [130b.3]དབང་བསྐུར་བར་བསམ་པར་བྱའོ། །ཡེ་ཤེས་རྡོ་རྗེ་གྲུབ་འགྱུར་བ་ནི་དེ་སྒྲུབ་ཅིང་འོག་ནས་འབྱུང་བའི་ཚུལ་དུ་སྤྲོ་བསྡུ་བྱ་བ་ལ་སོགས་པ་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པའི་དོན་མངོན་སུམ་དུ་འགྱུར་བའམ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ [130b.4]ཉིད་དཔལ་ཡེ་ཤེས་སེམས་དཔའི་སྐུ་མངོན་སུམ་དུ་མཐོང་བར་འགྱུར་རོ། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །སྒྲུབ་སྣོད་དེ་ཡི་སྟེང་དུ་གཞག །ཅེས་པ་ནི་སྒྲུབ་པ་ཆེན་པོ་བྱེད་པའི་འདུག་ཐབས་བསྟན་ཏེ། བདག་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་དུ་འདུག །གཟུངས་མ་སྒྲུབ་པའི་ [130b.5]སྣོད་དུ་བྱིན་གྱིས་བརླབས་པ་སྐྱིལ་མོ་ཀྲུང་གི་སྟེང་དུ་གཞག་པའི་དོན་ཏོ། །ཡན་ལག་གཡས་པས་གཉའ་མནན་ནས། །གཡོན་པའི་ཡན་ལག་རྐེད་པར་ཕབ། །ཅེས་པ་ནི་དེ་ལྟར་འདུག་ནས་བདག་གི་ལག་པ་གཡས་པས་པྲཛྙཱ་དེའི་གཉའ་བ་ནས་བཟུང་བ་དང་། ལག་པ་གཡོན་པས་རྐེད་ [130b.6]པ་བརྟེན་པའམ་གཡོ་བའི་ཚུལ་དུ་བྱ་བ་དང་། པྲཛྙཱ་དེས་ཀྱང་ཐབས་ལ་དེ་ལྟར་བྱ་ཞེས་པའི་དོན་ཏོ། །རྡོ་རྗེ་པདྨར་བཅུག་ནས་ནི། །སོས་ནི་མ་མཆུ་བསྡམ་པར་བྱ། །ཞེས་པ་ནི་དེ་ལྟར་འདུག་ནས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་གཉིས་གོང་དུ་བསྟན་པའི་ཏིང་ངེ་འཛིན་གསལ་བར་དམིགས་ལ་སྦྱོར་ [130b.7]ཞེས་པའོ། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་གནས་པའི་དོན་ནམ་གཅིག་ཆགས་ཤིང་མི་འདའ་བས་མཆུ་བསྡམ་པའི་དོན། ཧཱུཾ་ཞེས་དབྱངས་བླངས་རབ་བསྐྱོད་ཅིང་། །རྡོ་རྗེ་འཛིན་པར་ང་རྒྱལ་བསྐྱེད། །ཅེས་བ་ནི་དེའི་དུས་སུ་རྡོ་རྗེ་སེམས་དཔའ་འམ། ཡི་དམ་གྱི་ལྷ་གང་ཡང་རུང་ [131a] [131a.1]བ་བསྒོམ་པ་དེ་གསལ་བར་བསྒོམ་ཞིང་ཧཱུཾ་གི་སྒྲ་རྒྱུན་མི་འཆད་པར་བརྗོད་ཅིང་བསྐྱོད་པས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གསུམ་དང་མི་ལྡན་དུ་མི་རུང་བར་བསྟན་པའི་དོན་ཏོ། །དཔུང་པ་རབ་བརྐྱང་མགུལ་བ་ནས། །བརྟན་ཞིང་མི་གཡོ་བར་ནི་འཁྱུད། །ཅེས་པ་ནི་དེ་ལྟར་བསྐྱེད་པས་ [131a.2]བྱང་ཆུབ་ཀྱི་སེམས་འབྱུང་ལ་ཁད་པའི་དུས་སུ་བདེ་པ་ཆེན་པོ་ཉམས་སུ་ལེན་པའི་རྟགས་སུ་སོ་སོར་ལག་པ་བརྐྱང་ཞིང་མི་གཡོ་བར་འཁྱུད་པར་བྱ་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་ནི་བྱུང་བའི་ཚེ། །ཞེས་པ་ནི་དེ་ལྟར་རོལ་པས་བྱང་ཆུབ་ཀྱི་སེམས་བྱུང་བ་དང་འོག་གི་ཚིག་གཉིས་ཀྱི་དོན་བསམ་པར་ [131a.3]བྱའོ། །མཁས་པས་སྔགས་ནི་ཕཊ་བརྗོད་པས། །ཐམས་ཅད་བདུད་ནི་རྣམ་པར་འཇོམས། །ཞེས་པ་ལྟར་བྱང་ཆུབ་ཀྱི་སེམས་བྱུང་མ་ཐག་ཏུ་ཕཊ་ཅེས་བརྗོད་པས་ཉོན་མོངས་པ་ཐམས་ཅད་སྤངས་པར་སེམས་པ་དང་། ཡང་ཕཊ་ཅེས་བརྗོད་པས་བྱང་ཆུབ་ཀྱི་སེམས་ལས་ཁྲོ་བོ་དང་ཁྲོ་མོ་ [131a.4]གྲངས་མེད་འཕྲོས་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བགེགས་དང་སྲིན་པོ་ལ་སོགས་པའི་བདུད་རྣམས་འཇོམས་པར་བསམ་པའི་དོན་ཏོ། །ཡང་ཕཊ་ཅེས་བརྗོད་པས་མཆོད་པའི་ལྷ་མོར་གྱུར་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བླ་ན་མེད་པའི་ [131a.5]མཆོད་པས་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ་བ་དང་། སེམས་ཅན་གྱི་རེ་བ་ཐམས་ཅད་རྫོགས་པར་བྱེད་པར་བསམ་པའི་དོན་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་ནི་གོང་མ་ལྟར་ཉོན་མོངས་པ་སྤོང་བ་དང་། ཁྲོ་བོ་དང་ཁྲོ་མོ་སྤྲོས་ཤིང་བདུད་ཚར་གཅོད་པར་ [131a.6]བྱ་བ་དང་། མཆོད་པའི་ལྷ་མོར་གྱུར་ནས་དེ་བཞིན་གཤེགས་པ་བླ་ན་མེད་པའི་བདེ་བས་ཚིམ་ཞིང་རྒྱས་པར་བྱེད་པ་དང་། སེམས་ཅན་གྱི་དོན་བྱས་པ་རྣམས་དེ་བཞིན་གཤེགས་པའི་མཆོད་པའི་རང་བཞིན་ཡིན་པས་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་རྡོ་རྗེའི་རང་བཞིན་ནོ། ། [131a.7]ཞེས་པའི་དོན་ཏོ། །སྔགས་འདིའི་དོན་བསྒོམ་ཞིང་ལན་གསུམ་དུ་བརྗོད་པར་བྱའོ། །བདེ་བའི་སེམས་དེ་རྣམས་སྤྲོས་པས་ཤེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་བྱུང་བའི་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པའི་བྱང་ཆུབ་ཀྱི་སེམས་གོང་མ་བཞིན་དུ་ཚུལ་སྣ་ཚོགས་སུ་ [131b] [131b.1]སྤྲོས་པ་དེ་ཞེས་བྱ་བའི་དོན་ཏོ། །སྤྲུལ་སྐུས་ཐམས་ཅད་ཁྱབ་པ་བཞིན། །ཞེས་པ་ནི་ཁྲོ་བོ་དང་། མཆོད་པའི་ལྷ་མོར་སྤྲུལ་པའི་སྐུ་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་པ་སོ་སོའི་ཕྲིན་ལས་བྱས་མ་ཐག་ཏུ་ཞེས་བྱ་བའི་དོན་ཏོ། །སེམས་དེ་བཀུག་ནས་པད་བཞུགས་ལས། ། [131b.2]དེ་བཞིན་གཤེགས་པའི་རིགས་ཀུན་སྤྲོ། །ཞེས་པ་ནི་བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལ་དེ་རྣམས་སླར་ཡུམ་གྱི་གསང་བའི་གནས་སུ་སླར་བྱང་ཆུབ་སེམས་གནས་པར་བསམས་ལ། དེ་ལས་རྡོ་རྗེ་རིགས་ལ་སོགས་པའི་རིགས་ལྔ་ལྷ་རྣམས་སྤྲོ་ཞེས་པའི་དོན་ཏོ། །རང་སྔགས་ཡི་གེ་ [131b.3]བསྐྱེད་པ་རྣམས། །ཞེས་པ་ནི་སྤྲོ་བའི་ལྷ་རྣམས་ཀྱང་ས་བོན་ཡི་གེ་ལས་བསྐྱེད་པར་བྱའོ། །སྐུ་གསུང་ས་བོན་བྱིན་བརླབས་ཏེ། །ཞེས་པ་ནི་དེ་ལྟར་བསྐྱེད་ཅིང་སྤྲོ་བའི་ལྷ་རྣམས་ཀྱང་སྐུ་གསུང་ཐུགས་ཀྱི་ཡི་གེ་གནས་གསུམ་དུ་བསྐྱེད་ཅིང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་ [131b.4]བྱིན་གྱིས་བརླབས་ནས་སྤྲོ་ཞེས་པའི་ཐ་ཚིག་གོ། །པདྨའི་དབུས་སུ་བསྐྱེད་ནས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གནས་པའི་གནས་དེ་ཉིད་དུ་ཡི་གེ་དམིགས་ལ་བསྐྱེད་ཅེས་བྱའོ། །རིམ་པ་བཞིན་ཞེས་པ་འོག་ནས་འབྱུང་བའི་རིམ་པ་བཞིན་དུ་མ་ནོར་བར་སྤྲོ་བར་བྱའོ། །བཛྲ་དྷྲྀཀ་ཅེས་པ་ནི་ཐོག་མ་དང་ [131b.5]ཐ་མ་མེད་པའི་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ནི་རྡོ་རྗེའོ། །དྷྲྀཀ་ནི་དེའི་ངོ་བོར་གནས་པ་དང་། ཡང་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་རྡོ་རྗེའོ། །དེའི་ངོ་བོར་སྐུ་སྟོན་ཅིང་ [131b.6]གནས་པས་དྷྲྀཀ་གོ། །ཡང་ནི་ཡེ་ཤེས་ལྔའི་སྒོ་ནས་སྐུ་ལྔ་བསྟན་ཞིང་སེམས་ཅན་གྱི་དོན་བྱེད་པས་དེའི་རྟགས་སུ་ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་འཛིན་པས་སོ། །ས་བོན་ལས་ནི་བསྐྱེད་པ་ཡི། །ཞེས་པ་ནི་སླར་བསྡུས་པའི་ཡུམ་གྱི་པདྨ་ན་གནས་པའི་བྱང་ཆུབ་སེམས་ལས་ཡི་གེ་ཧཱུཾ་དུ་གྱུར་པར་དམིགས་ [131b.7]ལ། དེ་ལས་འོད་ཟེར་འཕྲོས་ཤིང་སླར་འདུས་པ་ལས་རྡོ་རྗེར་གྱུར་ལ། དེ་སྤྲོས་ཤིང་བསྡུས་པ་ཙམ་གྱིས་བཛྲ་དྷྲྀཀ་ཅེས་བསྐུལ་བས་བཅོམ་ལྡན་འདས་མི་བསྐྱོད་པས། །རྡོ་རྗེ་མི་འཁྲུགས་སྤྲུལ་པ་སྟེ། །ཞེས་བྱའོ། །ཁྲོས་པས་ཁ་དོག་མཐིང་ཤུན་འདྲ། །ཞེས་པ་ལ་སོགས་པས་ནི་བཅོམ་ [132a] [132a.1]ལྡན་འདས་དེའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ཆ་ལུགས་བསྟན་ཏོ། །ཁྲོས་པ་ནི་ཞེ་སྡང་ཅན་གྱི་དོན་དུ་ཐུགས་རྗེའི་སྒོ་ནས་སོ། །སྐུ་མདོག་མཐིན་ཤུན་འདྲ་བ་ནི་སྐུ་ཤིན་ཏུ་གནག་པའོ། །གནག་དང་དམར་དང་དཀར་བའི་ཞལ། །ཞེས་པ་ནི་ཞལ་གསུམ་དུ་ [132a.2]བསྟན་ཏེ། དེ་ལ་ཞལ་དབུས་མ་ནི་སྐུ་དང་མཐུན་པས་གནག་པའོ། །དམར་བ་ནི་གཡོན་པའོ། །དཀར་བ་ནི་གཡས་སོ། །རལ་པའི་ཅོད་པན་གནས་དག་ལ། །མི་འཁྲུགས་དབང་བསྐུར་རྣམ་པར་བརྒྱན། །ཞེས་བྱ་བ་ནི་སེམས་ཅན་འདུལ་བའི་ངོར་བྱང་ཆུབ་སེམས་ཀྱི་ཉོན་མོངས་ [132a.3]པ་དང་དུ་བླངས་ཤིང་མི་སྤང་བའི་རྟགས་སུ་རལ་པས་ཅོད་པན་བྱས་པའོ། །དེའི་སྟེང་དུ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དབང་བསྐུར་པའི་ཚུལ་དུ་དབུ་རྒྱན་དུ་བསམ་པའོ། །ཐམས་ཅད་རྒྱན་ནི་མཚན་དང་དཔེ་བྱད་དང་དབུ་རྒྱན་ལ་སོགས་པའི་འཇིག་རྟེན་གྱི་རྒྱན་ཐམས་ཅད་དོ། ། [132a.4]རྫོགས་པ་ནི་དེ་རྣམས་ཀྱིས་སྐུ་རྒྱས་པར་བརྒྱན་པའོ། །ཕྱག་དྲུག་པ་ནི་གཡས་གཡོན་དུ་ཕྱག་གསུམ་གསུམ་དུ་བསམ་ཞེས་པའོ། །རྡོ་རྗེ་འཁོར་ལོ་འབར་འཆང་བ། །ཆུ་སྐྱེས་དག་ནི་མཛེས་པའི་མཆོག །ཅེས་པ་ནི་གཡས་ཀྱི་གསུམ་ལ་ཕྱག་མཚན་དེ་གསུམ་རིམ་པ་བཞིན་དུ་ཤེས་པར་ [132a.5]བྱའོ། །དྲིལ་བུ་རལ་གྲི་ནོར་བུ་རྣམས། །གཡོན་པའི་ཕྱག་ཏུ་བསམ་པར་བྱ། །ཞེས་པ་ནི་གཡོན་པའི་ཕྱག་གསུམ་ལ་རིམ་པ་བཞིན་དུ་འདི་གསུམ་བསྒོམ་པའི་དོན་ཏོ། །སྙིང་ག་ནས་ནི་དེ་སྤྲོས་ཏེ། །ཞེས་བྱ་བའི་ཡུམ་གྱི་གསང་བའི་ཐུགས་ཀ་ནས་སྟེང་གི་བར་སྣང་ལ་འདོན་པའོ། ། [132a.6]ཕྱོགས་བཅུ་དག་ཏུ་རྣམ་པར་གཟིགས་པ་ནི་སྟེང་གི་བར་སྣང་ལ་ཅུང་ཟད་ཅིག་གནས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་གི་སེམས་ཅན་གྱི་ཁམས་ལ་འདུལ་བའི་ཐབས་ཇི་ལྟ་བུ་ཞིག་ཡིན་དགོངས་པའི་ཕྱིར་རོ། །སངས་རྒྱས་རྫུ་འཕྲུལ་མཛད་སོགས་དང་། །ཆོས་ [132a.7]ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པ་ནི་དེ་ལྟར་དགོངས་ནས་དང་པོར་དགའ་ལྡན་གྱི་གནས་ན་གནས་པ་ནས་མྱ་ངན་ལས་འདས་པའི་བར་དུ་སེམས་ཅན་འདུལ་བའི་ཐབས་ཐེག་པ་གསུམ་གྱི་སྒོ་ནས་བསྟན་ཞིང་ཆོས་བཤད་པའོ། །གཞན་ཡང་འགྲོ་བ་རིགས་དྲུག་གི་ལུས་སུ་བསྟན་ཞིང་དེ་རྣམས་ཀྱི་དོན་ [132b] [132b.1]བྱེད་པའོ། །ཞེ་སྡང་སྤྱོད་པའི་ལམ་གནས་པའི། །སེམས་ཅན་མ་ལུས་རབ་སྦྱངས་ནས། །ཞེས་པ་ནི་དེ་ལྟར་སངས་རྒྱས་ཀྱི་མཛད་པ་ཀུན་མཛད་མོད་ཀྱི། རིགས་ཀྱི་ཕྲིན་ལས་ཞེ་སྡང་ཅན་སྤྱད་བའི་ཐབས་ཁྱད་པར་དུ་མཛད་པ་ཡིན་པས་དེ་སྐད་གསུངས་སོ། །བྱང་ཆུབ་སེམས་ཀྱི་མདུན་ [132b.2]ནས་ནི། །རྡོ་རྗེ་སེམས་ལ་རྣམ་པར་ཞུགས། །ཞེས་པ་ནི་དེ་ལྟར་སེམས་ཅན་མ་ལུས་པའི་དོན་མཛད་ནས། སླར་བྱོན་ནས་བྱང་ཆུབ་ཀྱི་སེམས་ཀྱི་མདུན་ཕྱོགས་ནས་དེ་ཉིད་ཀྱི་ཐུགས་ཀ་ཉིད་དུ་ཞུགས་པར་བསམ་ཞེས་པའོ། །དེ་ལ་ཞུགས་པར་དང་བྱས་ནས། །རྡོ་རྗེ་སེམས་ནི་རྣམ་པར་ [132b.3]བསམ། །ཞེས་པ་ལ་སོགས་པ་ནི་དེ་ལྟར་བཅོམ་ལྡན་འདས་མི་བསྐྱོད་པ་དང་བྱང་ཆུབ་སེམས་རྡོ་རྗེ་གཉིས་སུ་མེད་པར་གྱུར་མ་ཐག་ཏུ་བྱང་ཆུབ་སེམས་རྡོ་རྗེ་སྔ་མའི་ཚུལ་སྤངས་ནས་རྡོ་རྗེར་གྱུར་པར་བསམ་ཞེས་པའི་དོན་ཏོ། །ཨིནྡྲ་ནཱི་ལའི་འོད་འདྲ་བ་ནི་ཞེ་སྡང་རྡོ་རྗེའི་སྐུ་མདོག་བསྟན་ཏེ་མི་བསྐྱོད་ [132b.4]པ་དང་འདྲ་བར་གནག་པ་ལས་ཅུང་ཟད་སྐྱ་བའོ། །ཞལ་གདངས་མཆེ་བ་གཙིགས་པས་འཇིགས། །ཞེས་པ་ནི་སེམས་ཅན་ཡང་དག་བའི་ལྟ་བ་སྤངས་ནས་ལོག་པར་སྤྱོད་པ་རྣམས་དེ་ལས་བཟློག་པར་དགོངས་ནས་འཇིགས་པར་བྱེད་པའི་རྟགས་སུ་ཁྲོས་པའི་ཆ་ལུགས་ཤིན་ཏུ་ཡང་ཆེ་བར་ [132b.5]བསྟན་པའི་དོན་ཏོ། །ཡང་ན་སྲིན་པོ་མ་རུངས་པ་དང་ལྷ་ང་རྒྱལ་ཆེ་བ་རྣམས་འདུལ་བའི་དོན་ཏོ། །མི་འཁྲུགས་འབར་བ་སྤྱི་བོར་འཆང་། །ཞེས་པ་ནི་ཞེ་སྡང་རྡོ་རྗེ་དེ་ལྟར་ཕྱི་ཁྲོས་པའི་ཚུལ་སྟོན་ཀྱང་ཐུགས་རྗེ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བའི་རྟགས་སུ་བྱང་ཆུབ་ཀྱི་ [132b.6]སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ན་ཆོས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་བདག་པོའི་ཚུལ་ལོ། །འཇིག་རྟེན་ཁམས་ཀུན་འཁྲུགས་པར་མཛད། །ཅེས་པ་ནི་གོང་དུ་བསྟན་པའི་སེམས་ཅན་རྣམས་འཇིགས་པར་བྱེད་ཅིང་དབང་དུ་བྱེད་པའོ། །ཉི་མའི་དཀྱིལ་འཁོར་དབུས་ [132b.7]གནས་པ། །ཉི་མ་བྱེ་བ་ཕྲག་བརྒྱའི་འོད། །ཅེས་པ་ནི་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་ཤིང་། ཉི་མ་དེ་ཙམ་གྱི་འོད་དང་འདྲ་བར་སྐུ་ལས་འོད་འཕྲོ་ཞིང་འཇིག་རྟེན་གྱི་ཁམས་གསལ་བར་བྱེད་པའི་དོན་ཏོ། །དམར་པོ་སྤྱན་ནི་འཇིགས་པ་ཆེ། །ཞེས་པ་ནི་སེམས་ཅན་ཐམས་ [133a] [133a.1]ཅད་ལ་ཐུགས་རྗེས་ཆགས་ཤིང་འཇིགས་པར་བྱེད་པས་སྤྱན་དམར་པོར་སྟོན་པ་དང་། ཡུམ་ལ་ཆགས་ཤིང་བདེ་བ་ཆེན་པོ་ཉམས་སུ་བླང་བར་བཞེད་པའི་ཕྱིར་རོ། །རྒྱན་རྣམས་ཀུན་ཞེས་པ་ནི་གོང་མ་དང་འདྲའོ། །ཁྲོ་གཉེར་ཞི་བ་འདོད་ཆགས་ཆེ། །ཞལ་གསུམ་དག་ [133a.2]ནི་རྣམ་པར་འཆང་། །ཞེས་བྱ་བ་ནི་ཞེ་སྡང་རྡོ་རྗེ་ཞལ་གསུམ་དང་ལྡན་ཞེས་བའོ། །དེ་ཡང་དབུས་ཞེ་སྡང་གི་རིགས་ཀྱི་རང་བཞིན་ཡིན་པས་ཁྲོ་གཉེར་མང་ཞིང་གནག་པའོ། །གཡས་གཏི་མུག་གི་རིགས་ཀྱི་རང་བཞིན་ཡིན་པས་དཀར་ཞིང་ཞི་བའོ། །གཡོན་འདོད་ཆགས་ཀྱི་རང་བཞིན་ཡིན་ [133a.3]པས་དམར་ཞིང་འདོད་ཆགས་ཆེ་བའོ། །རང་གི་དམ་ཚིག་མཉམ་པར་ལྡན། །ཞེས་པ་ནི་ཡུམ་དང་གཉིས་སུ་མེད་པར་བཞུགས་པའོ། །ཕྱག་དྲུག་ནི་མི་བསྐྱོད་པ་དང་འདྲའོ། །འཛམྦུ་ན་དའི་འོད་འདྲ་བ། །ཞེས་པ་ལ་སོགས་པ་ནི་ཞེ་སྡང་རྡོ་རྗེའི་ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་པ་ [133a.4]ཁ་དོག་གསེར་དང་འདྲ་བ། རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ཕྲ་མོ་འོད་ཟེར་བཞིན་དུ་རྡོ་རྗེ་ཉིད་ལས་འཕྲོ་ཞིང་དཀྲིགས་པ་ཅིག་བསྒོམ་པའི་དོན་ཏོ། །སྔར་གསུངས་པ་ཡི་རིམ་བཞིན་དུ། །ཕྱག་རྒྱ་ཕྱི་མ་རྣམ་པར་བསྒོམ། །ཞེས་པ་ནི་ཕྱི་མ་ཕྱག་རྒྱ་ལྔ་ལ་གོང་དུ་མི་ [133a.5]བསྐྱོད་པའི་ཕྱག་མཚན་དུ་བསྟན་པ་བཞིན་དུ་བསྒོམ་ཞེས་པའི་དོན་ཏོ། །ཞེ་སྡང་རྡོ་རྗེར་བྱིན་བརླབས་ནས། །དཀྱིལ་འཁོར་ཐམས་ཅད་རྣམ་པར་སྤྲོ། །ཞེས་པ་ནི་དེ་ལྟར་བདག་ཞེ་སྡང་རྡོ་རྗེར་བསྒོམས་ནས་ཡུམ་དང་གཉིས་སུ་མེད་པའི་སྦྱོར་བྱས་ལ་གོང་མ་བཞིན་དུ་བྱང་ཆུབ་སེམས་ལས་བཅོམ་ [133a.6]ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སོ་སོའི་ས་བོན་ལས་བསྐྱེད་ཅིང་སྤྲོ་ཞེས་པའི་དོན་ཏོ། །ཨོཾ་ཛི་ན་ཛིཀ་ཅེས་པའི་སྔགས་འདིས་གཏི་མུག་གི་རིགས་ཀྱི་དེ་བཞིན་གཤེགས་པ་བསྐུལ་ཞིང་བསྐྱེད་པར་བྱའོ། །དེ་ལ་ཛི་ན་ནི་དུས་ [133a.7]གསུམ་གྱི་རྒྱལ་བའོ། །ཛིཀ་ནི་དེ་རྣམས་ཀྱི་སྐུའི་ངོ་བོར་གནས་པའོ། །ཡང་ན་ཛི་ན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ལ་བྱ། ཛིཀ་ནི་གཟུགས་ཀྱི་དངོས་པོ་ཐམས་ཅད་དུ་ཁྱབ་པའོ། །ས་བོན་ལས་ནི་བསྐྱེད་བྱ་བ། །རྣམ་པར་སྣང་མཛད་གཙོ་བོ་ཞེས་པ་ནི་ཞེ་སྡང་རྡོ་རྗེ་ཡབ་ཡུམ་ [133b] [133b.1]གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཨོཾ་དཀར་པོ་དམིགས་ལ་དེ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁམས་གསུམ་གྱི་མཆོག་ཏུ་གྱུར་པ་གོང་མའི་ཚུལ་བསྐྱེད་པར་བྱ་ཞེས་པའི་དོན་ཏོ། །ཞི་བའི་ཆ་ལུགས་དག་དང་ལྡན། །ཞེས་པ་ནི་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་ཁྲོ་ [133b.2]གཉེར་ལ་སོགས་པའི་ཚུལ་མེད་པའི་དོན་ཏོ། །ཕྱོགས་བཅུ་ཐམས་ཅད་སྣང་བར་མཛད་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་མི་ཤེས་པའི་མུན་བས་ཁབས་པ་རྣམས་ལ་བསམ་པ་དང་མཐུན་པའི་སྒོ་ནས་ཆོས་སྟོན་ཅིང་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པ་དང་། [133b.3]ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མུན་པར་སྣང་བ་ཐམས་ཅད་སྐུའི་འོད་ཀྱིས་གསལ་བར་མཛད་པའི་དོན་ཏོ། །སྟོན་ཀའི་འདམ་བུའི་འོད་འདྲ་བ་ནི་སྟོན་ཀའི་དུས་ཀྱི་འདམ་བུའི་ཚུལ་བཞིན་དུ་སྐུ་མདོག་ཤིན་ཏུ་དཀར་བའོ། །རལ་པའི་ཅོད་པན་དག་གིས་བརྒྱན། །ཞེས་པ་ལ་སོགས་པ་ནི་ [133b.4]གོང་མ་དང་འདྲའོ། །དཀར་དང་གནག་དང་དམར་ཆེན་པོ། །ཁ་དོག་གསུམ་པོ་ཞལ་གསུམ་པོ། །ཞེས་པ་ནི་བཅོམ་ལྡན་འདས་དེ་ཡང་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་པའི་དོན་ཏོ། །དེ་ཡང་ཞལ་དབུས་མ་སྐུ་དང་མཐུན་པར་དཀར་ལ་གཡས་གནག་ཅིང་གཡོན་དམར་བའོ། ། [133b.5]ཞལ་གསུམ་དང་ཕྱག་དྲུག་ལ་སོགས་པའི་དོན་གོང་དུ་བསྟན་པའི་བྱང་ཆུབ་སེམས་རྡོ་རྗེ་དང་མཐུན་ནོ། །འོད་ཟེར་སྣ་ཚོགས་པས་བརྒྱན་ཞེས་པ་ནི་སྐུ་ལས་དཀར་པོ་ལ་སོགས་པའི་འོད་ཟེར་སྣ་ཚོགས་དཀྲིགས་ཤིང་བསྐོར་བའི་ཚུལ་དུ་འདུག་པའོ། །ཡེ་ཤེས་ཀྱི་རང་བཞིན་ནམ་རྒྱ་ཆེ་བས་ [133b.6]ཆེན་པོའོ། །ཕྱག་དྲུག་རྣམ་པར་བསྒོམ་པར་བྱ། །ཞེས་པ་ནི་ཕྱག་དྲུག་དང་ལྡན་པར་བསྒོམ་ཞེས་པའོ། །འཁོར་ལོ་རྡོ་རྗེ་པདྨ་དཀར། །གཡས་པའི་ཕྱག་ཏུ་བསམ་ཞེས་བྱ་བ་ནི་གཡས་ཀྱི་གསུམ་ལ་ཕྱག་མཚན་གསུམ་ཚིག་གི་རིམ་པ་བཞིན་དུ་ཤེས་པར་བྱའོ། །དྲིལ་བུ་ནོར་བུ་རལ་ [133b.7]གྲི་རྣམས། །གཡོན་པའི་ཕྱག་ཏུ་རྣམ་པར་བསྒོམ། །ཞེས་བྱ་བ་ནི་དེ་བཞིན་དུ་འདི་གསུམ་གཡོན་ཕྱོགས་སུ་ཤེས་པར་བྱའོ། །དེ་བཞིན་སྙིང་ལས་བྱུང་ནས་ནི། །ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་བཅོམ་ལྡན་འདས་མི་བསྐྱོད་པ་དང་འདྲ་བར་ཤེས་པར་བྱའོ། །གཏི་མུག་ [134a] [134a.1]ལས་ལ་རབ་གནས་པའི། །སེམས་ཅན་མ་ལུས་སྦྱངས་ནས་ནི། །ཞེས་བྱ་བ་ནི་གཏི་མུག་གི་རིགས་ཀྱི་ཕྲིན་ལས་སེམས་ཅན་གཏི་མུག་གི་ཤས་ཆེ་བ་རྣམས་ཀྱི་དོན་ཁྱད་པར་དུ་མཛད་ཅེས་པའོ། །སླར་ལོག་མདུན་གྱི་ཕྱོགས་དག་ན། །ཟླ་བའི་དབུས་སུ་ [134a.2]རྣམ་པར་གནས། །ཞེས་པ་ནི་དེ་ལྟར་སེམས་ཅན་གྱི་དོན་ཀུན་མཛད་ནས། སླར་བྱོན་ནས་གོང་དུ་བསྟན་པའི་དཀྱིལ་འཁོར་གྱི་ནང་གི་རིམ་པ་ལ་ཞེ་སྡང་རྡོ་རྗེའི་མདུན་གྱི་རེའུའི་ཆ་ལ་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པར་བསྒོམ་པའི་དོན་ཏོ། །རཏྣ་དྷྲྀཀ་ཅེས་པ་ནི་སྔགས་འདིས་ [134a.3]ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རིགས་ཀྱི་བདག་པོ་བསྐུལ་ཞིང་བསྐྱེད་པར་བསྟན་ཏོ། །དེ་ལ་རཏྣ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེ་དང་འདྲ་བ་རྣམས་སོ། །དྷྲྀཀ་ནི་རང་བཞིན་དུ་གནས་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ [134a.4]ཐུགས་ཀྱི་ཁྱད་པར་ལས། སེམས་ཅན་ཐམས་ཅད་ཀྱི་དོན་བསམ་པ་དང་མཐུན་པའི་སྒོ་ནས་མཛད་པའི་རྟགས་སུ་ཕྱག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛིན་པས་རཏྣ་དྷྲྀཀ་ཀོ། །ས་བོན་ལས་ནི་བསྐྱེད་བྱ་བ། །དཀོན་མཆོག་དཔལ་ནི་མཁས་པས་བསྐྱེད། །ཅེས་བྱ་བ་ནི་ཆོ་ག་ལས་ནི་མཁས་ [134a.5]པའི་རྣལ་འབྱོར་པས་གོང་དུ་བསྟན་པའི་བྱང་ཆུབ་སེམས་ལས་ཡི་གེ་སྭ་སེར་པོ་དམིགས་ལ། འཕྲོ་འདུ་ལ་སོགས་པ་ཚུལ་བཞིན་དུ་བྱས་ནས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བསྐྱེད་པར་བྱ་ཞེས་པའི་དོན་ནོ། །རལ་པ་ཅོད་པན་ཞེས་པ་ལ་སོགས་པའི་ཚིག་གསུམ་ [134a.6]གྱི་དོན་གོང་མ་དང་འདྲའོ། །སེར་དང་གནག་དང་དཀར་བའི་ཞལ། ཞལ་གསུམ་ལ་དབུས་མ་སྐུ་དང་མཐུན་ཞིང་གཡས་དཀར་ལ་གཡོན་གནག་གོ། །ཐམས་ཅད་རྒྱན་དང་ལྡན་པའོ། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །ཞེས་པ་ནི་གོང་མ་བཞིན་ནོ། །ནོར་བུ་རྡོ་རྗེ་འཁོར་ལོ་ནི། ། [134a.7]གཡས་པའི་ཕྱག་ཏུ་བསྒོམ་པར་བྱ། །དྲིལ་བུ་རལ་གྲི་པདྨ་སེར། །གཡོན་པའི་ཕྱག་ཏུ་རྣམ་པར་བསྒོམ། །ཞེས་པ་ནི་ཕྱག་མཚན་དྲུག་ནི་ཚིག་གི་རིམ་པ་བཞིན་ནོ། །དེ་བཞིན་སྙིང་ནས་རབ་བྱུང་ནས། །འཇིག་རྟེན་ཁམས་ནི་རྣམ་པར་གཟིགས། །ཞེས་བྱ་བ་ནི་སྔར་བཞིན་ནོ། ། [134b] [134b.1]ང་རྒྱལ་ལམ་ལ་གནས་པ་ཡི། །སེམས་ཅན་ཐམས་ཅད་སྦྱོར་བར་མཛད། །ཅེས་པ་ནི་རིན་པོ་ཆེའི་རིགས་ཀྱི་ཕྲིན་ལས་སེམས་ཅན་ང་རྒྱལ་ཆེ་བ་རྣམས་ཀྱི་དོན་ཁྱད་པར་དུ་མཛད་པའོ། །རིན་ཆེན་ཆེན་པོ་སླར་གཤེགས་ནས། །ཐམས་ཅད་དབང་བསྐུར་ཕུན་སུམ་ཚོགས། །ཞེས་པ་ལ་ [134b.2]སོགས་པ་ནི། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱིས་སེམས་ཅན་ཐམས་ཅད་སྣོད་དང་མཐུན་པའི་སྒོ་ནས་ཆོས་སྟོན་ཅིང་། སྐུ་གསུང་ཐུགས་ལ་སོགས་པའི་དབང་བསྐུར་བས་ཕུན་སུམ་ཚོགས་པ་བྱས་མ་ཐག་ཏུ་སླར་བྱོན་ནས་རིན་པོ་ཆེ་ཟུར་བརྒྱད་པའི་གདན་ལ་ཞེ་སྡང་རྡོ་རྗེའི་ [134b.3]གཡས་ཕྱོགས་སུ་བཞུགས་པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཨཱ་རོ་ལྀཀ་ཅེས་པའི་སྔགས་འདིས་པདྨའི་རིགས་ཀྱི་བཅོམ་ལྡན་འདས་བསྐུལ་ཞིང་བསྐྱེད་པར་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་དེ་འདོད་ཆགས་སྤྱོད་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པས་འགྲོ་བ་འདོད་ཆགས་ [134b.4]སྤྱོད་པའི་རང་བཞིན་ཐམས་ཅད་ལ་ཁྱབ་པ་འམ་གནས་པས་སོ། །ཡང་ན་ཡུལ་དང་དུས་ཐམས་ཅད་དུ་གཉིས་སུ་མེད་པར་བརྩོན་པའི་རང་བཞིན་ལ་གནས་ཞེས་པའོ། །ས་བོན་ལས་ནི་གྲུབ་པ་ཡི། །རྡོ་རྗེ་སྣང་བ་མཐའ་ཡས་བསྐྱེད། །ཅེས་བྱ་བ་ནི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ [134b.5]ལས་ཡི་གེ་ཨཱཾ་དམར་པོར་དམིགས་ལ་དེ་འདུ་བྱས་པ་ལས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་པར་བསྒོམ་པའོ། །པདྨ་རཱ་གའི་མདོག་འདྲ་བ་ནི་སྐུ་མདོག་རིན་པོ་ཆེ་པདྨ་རཱ་ག་བཞིན་དུ་ཤིན་ཏུ་དམར་བའོ། །མི་འཁྲུགས་པས་ནི་ཅོད་པན་བརྒྱན། །ཞི་བ་རལ་པའི་ཅོད་པན་ [134b.6]འཆང་། །ཞེས་པ་ནི་གོང་མ་བཞིན་ནོ། །དམར་དང་གནག་དང་དཀར་བའི་ཞལ་ནི་ཞལ་དབུས་མ་སྐུ་དང་མཐུན་པར་དམར་ལ་གཡས་གནག་ཅིང་གཡོན་དཀར་བའོ། །ཐམས་ཅད་རྒྱན་གྱིས་རྣམ་པར་བརྒྱན། །ཕྱག་དྲུག་པ་ནི་བསྒོམ་པར་བྱ། །ཞེས་པ་ཡང་གོང་མ་བཞིན་ནོ། ། [134b.7]གཡོན་པ་འགྱིང་བག་པདྨ་འཛིན། །དྲིལ་བུ་དཀུར་བརྟེན་ཕཊ་ཕྱིར་ཏེ། །ཞེས་ཕྱག་གཡོན་གྱི་དང་པོ་ལ་མེ་ཏོག་པདྨ་འཛིན་ལ་དེའི་ཡུ་བའི་ཐད་ཀར་དྲིལ་བུ་ཡང་འཛིན་ཅིང་འགྱིང་བའི་ཚུལ་དུ་དཀུ་ལ་བརྟེན་པའོ། །གཡས་པས་པདྨ་སྐྱོད་མཛད་ཅིང་། །ཐུགས་ཀར་པདྨ་ཁ་ཡང་འབྱེད། །ཅེས་ [135a] [135a.1]པ་ནི་སེམས་ཅན་ཐམས་ཅད་མ་རིག་པའི་གཉིད་ལོག་པ་རྣམས་ཡེ་ཤེས་ཀྱི་འོད་ཟེར་གྱིས་སད་པར་བྱེད་པའི་རྟགས་སམ། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་སྒོ་ཡུམ་གྱི་གསང་བའི་པདྨ་འདི་ཉིད་ཡིན་པའི་རྟགས་སུ་ཐུགས་ཀར་འཛིན་ [135a.2]པའི་པདྨ་དེ་ཕྱག་དང་པོར་བསྒྱུར་ཞིང་ཁ་འབྱེད་པའི་ཚུལ་དུ་མཛད་པའོ། །གཡས་གཉིས་རྡོ་རྗེ་འཁོར་ལོ་དང་། །གཡོན་གཉིས་རིན་ཆེན་རལ་གྲི་བསྣམས། །ཞེས་པ་ནི་གཡས་ཀྱི་བར་མ་དང་ཐ་མ་གཉིས་ལ་རྡོ་རྗེ་དང་འཁོར་ལོ་འཛིན་པ་དང་། གཡོན་པའི་བར་མ་དང་ཐ་མ་ལ་རིན་པོ་ཆེ་དང་ [135a.3]རལ་གྲི་འཛིན་པར་བསམ་པའོ། །སྙིང་ག་ནས་ནི་བྱུང་གྱུར་ནས། །ཐམས་ཅད་ཕྱོགས་སུ་རྣམ་པར་གཟིགས་པ་ཡང་གོང་བཞིན་ནོ། །སེམས་ཅན་འདོད་ཆགས་ལྡན་སྦྱངས་ཏེ། །འདབ་ཅན་ཆུ་ཡི་པདྨ་བཞིན། །ཞེས་པ་ནི་པདྨའི་རིགས་ཀྱི་ཕྲིན་ལས་འདོད་ཆགས་ཅན་གྱི་དོན་ཁྱད་ [135a.4]པར་དུ་མཛད་པ་ཡིན་པས། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱང་འགྲོ་བ་དྲུག་དང་མཐུན་པར་འདོད་ཆགས་སྤྱོད་ཀྱང་ཉེས་པས་མི་གོས་པ་ནི་དཔེར་ན་མེ་ཏོག་པདྨ་འདམ་དུ་སྐྱེས་ཀྱང་འདམ་གྱི་དྲི་མས་མི་གོས་པ་བཞིན་ནོ། །སླར་གཤེགས་པདྨའི་དབུས་སུ་ནི། །རྒྱབ་ཀྱི་ཕྱོགས་ [135a.5]སུ་ངེས་པར་བཞུགས། །ཞེས་པ་ནི་དེ་ལྟར་སེམས་ཅན་གྱི་དོན་མཛད་ནས་སླར་བྱོན་ནས་ཞེ་སྡང་རྡོ་རྗེ་རྒྱབ་ཕྱོགས་སུ་སྣ་ཚོགས་པདྨའི་གདན་ལ་ཞུགས་པར་བསྒོམ་པར་བྱའོ། །པྲཛྙཱ་དྷྲྀཀ་ཅེས་པའི་སྔགས་འདིས་ལས་ཀྱི་རིགས་ཀྱི་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་བསྐུལ་ཞིང་བསྐྱེད་ [135a.6]པར་བྱ་བ་བསྟན་ཏོ། །དེ་ལ་པྲཛྙཱ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སེམས་ཅན་གྱི་དོན་མཛད་པར་དགོངས་པའི་ཐུགས་ཐ་དད་པའོ། །དྷྲྀཀ་ནི་དེའི་རང་བཞིན་དུ་གནས་པའོ། །ཡང་ན་པྲཛྙཱ་ནི་སེམས་ཅན་རྣམས་ལས་སྣ་ཚོགས་བྱེད་པར་སེམས་པའི་སེམས་སོ། །དྷྲྀཀ་ནི་དེའི་རང་བཞིན་ [135a.7]ནོ། །ཡང་ན་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་བའི་བག་ཆགས་གཅོད་པ་ནི་ཤེས་རབ་ཡིན་ལ་དེའི་རྟགས་སུ་དེའི་རང་བཞིན་ཕྱག་ན་རལ་གྲི་འཛིན་པས་དྷྲྀཀ་གོ། །ས་བོན་ལས་ནི་གྲུབ་པ་ཡིས། །རྡོ་རྗེ་གདོན་མི་ཟ་བ་བསྐྱེད། །ཞེས་བྱ་བ་ནི་གོང་མ་བཞིན་དུ་ཡི་གེ་ཧ་ལྗང་གུ་ལས་བཅོམ་ལྡན་ [135b] [135b.1]འདས་དོན་ཡོད་གྲུབ་པ་བསྐྱེད་ཅེས་པའོ། །དེ་ལ་གདོན་མི་བ་ནི་འཇིག་རྟེན་པས་ལས་བྱས་པ་ཐམས་ཅད་ལ་ལ་ལ་འབྲས་བུ་ཡོད་ཅིང་ལ་ལ་འབྲས་བུ་མེད་པ་བཞིན་དུ་མ་ཡིན་ཞིང་ཕུན་སུམ་ཚོགས་པའི་དོན་ཏོ། །ལྗང་གུ་བཻ་ཌཱུཪྻ་འདྲ་བ་ནི་སྐུ་མདོག་བཻ་ཌཱུཪྻ་ལྗང་གུ་ལྟར་གསལ་བའོ། །རལ་ [135b.2]པ་ཅོད་པན་རྡོ་རྗེའི་གནས། །ཐམས་ཅད་རྒྱན་གྱིས་ཡན་ལག་བརྒྱན། །ཞེས་པ་ཡང་གོང་མ་བཞིན་ནོ། །ལྗང་དང་གནག་དང་དཀར་བའི་ཞལ། །ཞེས་པ་ནི་ཞལ་གསུམ་དུ་བསྟན་ཏོ། །དེ་ཡང་དབུས་མ་སྐུ་དང་མཐུན་ཞིང་གཡས་དཀར་གཡོན་གནག་པའོ། །འོད་ཟེར་སྣ་ལྔ་འགྲོགས་ [135b.3]པ་འབར་བ་ནི་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་སྐུ་ལས་དཀྲིགས་པའི་ཚུལ་དུ་འཕྲོ་ཞིང་ཉོན་མོངས་པ་སྲེག་ཅིང་འབར་བའོ། །ཕྱག་དྲུག་རྣམ་པར་བསྒོམ་པར་བྱ་བ་ནི་དེ་ལྟ་བུའི་འོད་དང་ལྡན་པ་དེ་ཕྱག་དྲུག་ཏུ་བསྒོམ་ཞེས་བྱ་བའོ། །རལ་གྲི་རྡོ་རྗེ་རྒྱ་གྲམ་དང་། །འཁོར་ལོ་གཡས་པའི་ཕྱག་ [135b.4]ཏུ་བསྒོམ་པ་ནི་རིམ་པ་བཞིན་དུའོ། །དྲིལ་བུ་པདྨ་སྡོང་བཅས་དང་། །ནོར་བུ་གཡོན་པའི་ཕྱག་ཏུ་བསམ་པ་ནི་གསུམ་པའོ། །དེ་བཞིན་སྙིང་ག་ནས་བྱུང་ནས། །ཕྱོགས་བཅུ་ཀུན་དུ་གཟིགས་མཛད་པ་ཡང་གོང་མ་བཞིན་ནོ། །བརྫུན་ཚིག་སྨྲ་བའི་ལམ་གནས་པའི། །སེམས་ཅན་ཐམས་ཅད་ཀུན་དུ་ [135b.5]སྤྱོད། །ཞེས་པ་ནི་ལས་ཀྱི་རིགས་ཀྱི་ཕྲིན་ལས་བརྫུན་དང་ཕྲག་དོག་ཆེ་བ་རྣམས་ཀྱི་དོན་ཁྱད་པར་མཛད་དོ། །སྣ་ཚོགས་ཆེན་པོ་སླར་གཤེགས་ནས། །ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ཀྱི་རང་བཞིན་དུ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་ [135b.6]དོན་ཐབས་སྣ་ཚོགས་ཀྱི་སྒོ་ནས་མཛད་པས་སྣ་ཚོགས་སོ། །ཆེན་པོ་ནི་འཇིག་རྟེན་ལས་འདས་པའི་དོན་ཏོ། །གྲུ་གསུམ་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་དཔའི་བྱང་ཕྱོགས་སུ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཞེས་པ་ནི་དེ་ལྟར་དོན་མཛད་པ་དེ་སླར་བྱོན་ནས་ཞེ་སྡང་ [135b.7]རྡོ་རྗེའི་གཡོན་ཕྱོགས་གྲུ་གསུམ་གྱི་དཀྱིལ་འཁོར་རིན་པོ་ཆེའི་རང་བཞིན་གྱི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པར་བསྒོམ་པའི་དོན་ཏོ། །ཞེ་སྡང་གཏི་མུག་འདོད་ཆགས་དང་། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྔར་གཏོགས་པ་འདི་དག་གིས། །ཞེས་པ་ནི་དཔལ་ [136a] [136a.1]རྡོ་རྗེ་སེམས་དཔའ་སེམས་ཅན་རྣམས་ལ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ལྔ་ཡོད་པར་མཁྱེན་ནས་དེ་རྣམས་ཀྱི་གཉེན་པོར་རྡོ་རྗེ་ལ་སོགས་པའི་རིགས་ལྔར་བསྟན་པ་འདི་དག་བསྒོམས་ཤིང་བསྒྲུབས་པ་ནི་འདོད་པ་གྲོལ་བ་སྒྲུབ་བར་མཛད་ཅེས་པའམ་ཐོབ་པར་འགྱུར་ [136a.2]བའི་དོན་ཏོ། །དེ་ལ་འདོད་པ་ནི་འཇིག་རྟེན་གྱི་ལོངས་སྤྱོད་དུ་གྱུར་པ་འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །གྲོལ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཐོབ་ནས་བདེ་བ་ཆེན་པོའི་ངང་དུ་གྱུར་པའོ། །དེ་ལྟར་རིགས་ལྔའི་དེ་བཞིན་གཤེགས་པ་བསྐྱེད་ཅིང་། དཀྱིལ་ [136a.3]འཁོར་དུ་བཀོད་པ་བསྟན་ནས་དྭེ་ཥ་ར་ཏི་ཞེས་པ་ལ་སོགས་པས་ཡུམ་བཞི་བསྐྱེད་ཅིང་བཀོད་པར་བསྟན་ཏོ། །གསང་སྔགས་ལས་ནི་གྲུབ་པ་ཡི། །རྒྱལ་མཆོག་ཡུམ་ཆེན་ལྷ་མོ་བསྐྱེད། ཅེས་པ་ནི་དྭེ་ཥ་ར་ཏི་ཞེས་པའི་སྔགས་ཀྱིས་བསྐུལ་ཞིང་རང་གི་སྔགས་ཡི་གེ་ཨོཾ་ལས་གོང་དུ་བསྟན་པའི་ཚུལ་དུ་ལྷ་མོ་མཱ་ [136a.4]མ་ཀཱི་བསྐྱེད་ཅེས་བྱ་བའོ། །དེ་ཡང་གང་གི་ཡུམ་ཞེ་ན། རྒྱལ་མཆོག་ཅེས་བྱ་སྟེ། བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་དུས་གསུམ་གྱི་སངས་རྒྱས་ཀྱི་བདག་ཉིད་ཡིན་པ་དང་། དཀྱིལ་འཁོར་གྱི་བདག་པོའི་ཚུལ་དུ་གནས་པ་དེའི་ཡུམ་མོ། །ཆེན་མོ་ནི་ལོ་ཙ་ན་ལ་སོགས་པ་ཡང་དེའི་ཡུམ་ཡིན་པ་དང་ཁྱད་ [136a.5]པར་དུ་རྡོ་རྗེ་རིགས་ཀྱི་ཡུམ་འདི་ཉིད་ཡིན་པར་ངེས་པའི་དོན་ཏོ། །སྔོ་བསངས་ཨུཏྤལ་མདོག་འདྲ་བ། །ཞེས་པ་ནི་ལྷ་མོ་དེའི་སྐུ་མདོག་ཨུཏྤལ་སྔོན་པོའི་ཁ་དོག་བཞིན་དུ་འདུག་པའི་དོན་ཏོ། །ཡིད་དུ་འོང་བ་མཛེས་པའི་ཞལ། །ཞེས་པ་ནི་ལྷ་མོ་དེ་བུད་མེད་ཀྱི་ཆ་ལུགས་ཡིན་ཡང་ཉོན་མོངས་པའི་རང་ [136a.6]བཞིན་མ་ཡིན་པས་གཙོ་བོ་དེ་རྣམས་ཀྱི་སྤྱན་སྔར་མཛེས་ཤིང་ཐུགས་སུ་བྱོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཡང་མིག་ལམ་དུ་མཛེས་ཤིང་ཡིད་དུ་འོང་བའི་དོན་ཏོ། །གནག་དང་དམར་དང་དཀར་འདྲ་བའི། །ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན། །ཞེས་པ་ནི་ཁ་དོག་གསུམ་གྱི་ཞལ་ [136a.7]གསུམ་དང་ལྡན་པའི་དོན་ཏོ། །དེ་ལ་དབུས་སྐུ་དང་མཐུན་པར་གནག་ཅིང་གཡས་དམར་ལ་གཡོན་དཀར་བའོ། །མི་འཁྲུགས་ཅོད་པན་གནས་བྱས་པའི། །ཕྱག་དྲུག་པ་ནི་བསྒོམ་པར་བྱ། །ངེས་པ་ནི་ལྷ་མོ་དེའི་སྤྱི་བོར་བཅོམ་ལྡན་འདས་བྱང་ཆུབ་སེམས་རྡོ་རྗེར་དབང་བསྐུར་བའི་ཚུལ་ [136b] [136b.1]དུ་གནས་པ་དང་ཕྱག་དྲུག་དང་ལྡན་པར་བསྐྱེད་པར་བྱ་ཞེས་པའི་དོན་ཏོ། །རྒྱལ་མོ་རྡོ་རྗེ་འཁོར་ལོ་འཛིན། །སྔོ་དམར་ཨུཏྤལ་ཕྱག་ན་བསྣམས། །གཡོན་པ་འགྱིང་པས་དྲིལ་བུ་འཛིན། །ནོར་བུ་རལ་གྲི་རྟག་ཏུ་འཆང་། །ཞེས་པ་ནི་རྡོ་རྗེ་དང་། འཁོར་ལོ་དང་། ཨུཏྤལ་གསུམ་ [136b.2]གཡས་ཀྱི་ཕྱག་གསུམ་ལ་རིམ་པ་བཞིན་དུ་བསམ་པ་དང་། དྲིལ་བུ་དང་རིན་པོ་ཆེ་དང་། རལ་གྲི་གསུམ་གཡོན་ཕྱོགས་སུ་རིམ་པ་བཞིན་དུ་ཤེས་པར་བྱའོ། །དེ་ལ་རྒྱལ་མོ་ནི་ཉོན་མོངས་པ་དང་རུ་ཏྲ་རྣམས་ཚར་གཅོད་པ་དེ་དག་ལས་རྒྱལ་བ་དང་། དཀྱིལ་འཁོར་གྱི་བདག་པོའི་ཡུམ་ཡིན་ [136b.3]པའི་དོན་ཏོ། །འགྱིང་བ་ནི་ཁམས་གསུམ་ན་བདག་ལྟ་བུ་ཡོན་ཏན་དང་ལྡན་པ་མེད་ཅེས་པའི་སྒོ་ནས་སེམས་ཅན་རྣམས་བདག་ཉིད་ལ་མོས་པ་བསྐྱེད་པའི་དོན་དང་། གཙོ་བོ་ལ་སེམས་ཅན་གྱི་དོན་ལ་ཆགས་པ་བསྐྱེད་པར་ཐུགས་དམ་བསྐུལ་བའམ། གཉིས་སུ་མེད་པའི་བདེ་བ་ [136b.4]ཉམས་སུ་བླང་བར་བཞེད་པའི་དོན་ཏོ། །སྙིང་ག་ནས་ནི་བྱུང་གྱུར་ནས། །ཕྱོགས་བཅུར་རྣམ་པར་གཟིགས་མཛད་དེ། །ཞེས་པ་ནི་གོང་མ་རྣམས་དང་འདྲ་བ་གསང་བའི་ཐུགས་ཀ་ནས་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་ཐབས་སྣ་ཚོགས་མཛད་ [136b.5]པར་དགོངས་པའི་དོན་ཏོ། །བགེགས་ཆེན་གྱིས་ནི་འཇིགས་རྣམས་ལ། །རྟག་ཏུ་སྲུང་བ་ཉིད་མཛད་དེ། །ཞེས་པ་ནི་སེམས་ཅན་གྱི་དོན་ཀུན་བསམས་པ་བཞིན་དུ་མཛད་ཀྱང་ལྷ་མོ་ཉིད་ཀྱི་ཁྱད་པར་གྱི་ཕྲིན་ལས་གཟའ་ཆེན་པོ་ལ་སོགས་པའི་བགེགས་རྣམས་ཀྱིས་བཟུང་ཞིང་གདོན་པའི་སེམས་ [136b.6]ཅན་རྣམས་ཀྱི་བགེགས་ཐམས་ཅད་ཚར་གཅོད་ཅིང་། དུས་ཐམས་ཅད་དུ་སྲུང་བར་བྱེད་པའི་དོན་ཏོ། །འབར་བ་སླར་ཡང་གཤེགས་ནས་ནི། །རྡོ་རྗེ་དཀྱིལ་འཁོར་དབུས་མ་ཡི། །ལྷོ་ཡི་གྲྭར་ནི་བཞུགས་ནས་ཀྱང་། །རབ་དགྱེས་རྡོ་རྗེ་ལ་ཡང་གཟིགས། །ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ [136b.7]ཟེར་སྐུ་ལས་འབར་བའི་ལྷ་མོ་དེ། དེ་ལྟར་སེམས་ཅན་གྱི་དོན་མཛད་ནས་སླར་བྱོན་ནས་དཀྱིལ་འཁོར་གྱི་དབུས་ཀྱི་རེའུ་ཆ་དགུ་ཡོད་པའི་ལྷོ་ནུབ་ཀྱི་རེའུའི་ཆ་ལ་བཞུགས་ནས། རང་གི་གཙོ་བོ་ཞེ་སྡང་རྡོ་རྗེ་ལ་ཆགས་པས་དགྱེས་པའི་ཚུལ་དུ་བལྟ་པར་བསྒོམ་པའི་དོན་ཏོ། །མོ་ཧཱ་ར་ཏི། གསང་སྔགས་ལས་ [137a] [137a.1]ནི་གྲུབ་པ་ཡིས། །སྤྱན་གྱི་ལྷ་མོ་བསྐྱེད་པར་བྱ། །ཞེས་པ་ནི་མོ་ཧཱ་ར་ཏི་ཞེས་པའི་སྔགས་ཀྱིས་བསྐུལ་ཞིང་། ཡི་གེ་ལཾ་ལས་ལྷ་མོ་སངས་རྒྱས་སྤྱན་གོང་མའི་ཚུལ་བཞིན་དུ་བསྐྱེད་པར་བྱ་བའི་དོན་ཏོ། །སྟོན་གའི་ཟླ་བའི་མདོག་འདྲ་བའི། །སྐུ་མདོག་ཤིན་ཏུ་དཀར་བའོ། །རྣམ་ [137a.2]པར་སྣང་མཛད་སྤྱི་བོར་གནས་པ་ནི་ལྷ་མོ་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པ་དང་། ཡུམ་ཡིན་པའི་ཕྱིར་སྤྱི་བོར་དབང་བསྐུར་བའི་ཚུལ་གཞག་པའི་དོན་ཏོ། །མེ་ཏོག་སྣ་ཚོགས་ཚད་མེད་པས། དབུ་ལ་ཐོད་དུ་རྣམ་པར་བཅིངས། །ཞེས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ [137a.3]ཐམས་ཅད་དང་ལྡན་པའི་རྟགས་དང་འགྲོ་བ་རྣམས་ཀྱི་ཡིད་དུ་འོང་བར་བྱ་བའི་ཕྱིར་མེ་ཏོག་ཙམ་པ་ཀ་ལ་སོགས་པའི་ཐང་ལས་སྐྱེས་པ་རྣམས་དང་། ཨུཏྤལ་ལ་སོགས་པའི་ཆུ་ལས་སྐྱེས་པ་རྣམས་སྤེལ་ཞིང་ཕྲེང་བ་བྱས་པས་དབུ་ལ་རྒྱན་གྱི་ཚུལ་དུ་བྱས་པའོ། །དཀར་དང་གནག་དང་དམར་ [137a.4]ཆེན་པོ། །ཞལ་གསུམ་པ་ནི་རབ་ཏུ་འབར། །ཞེས་པ་ནི་ཞལ་གསུམ་གྱི་ཁ་དོག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་མཐུན་ནོ། །འབར་བ་ནི་འོད་ཟེར་འཕྲོ་བའོ། །ཆ་ལུགས་རྒྱན་དང་ལྡན་པ་སྟེ། །དེ་ནི་སྐུ་མདོག་ལ་སོགས་པའི་ཆ་ལུགས་དབུ་རྒྱན་ལ་ [137a.5]སོགས་བའི་རྒྱན་རྣམས་ཀྱིས་ཤིན་ཏུ་ཡང་མཛེས་པར་བྱས་པའོ། །འོད་ཟེར་དཀར་པོས་ཀུན་དུ་འཁྲིགས་པ་ནི་སྐུ་དང་མཐུན་པའི་འོད་ཟེར་འབྱུང་བས་ཀུན་ནས་དཀྱིལ་འཁོར་གྱི་ཚུལ་དུ་གནས་པའོ། །རྒྱན་རྣམས་ཀུན་དང་ལྡན་པ་ཡི། །ཕྱག་དྲུག་པ་ནི་རྣམ་པར་བསམ། ། [137a.6]ཞེས་པ་ནི་དེ་ལྟ་བུའི་རྒྱན་དང་ལྡན་པ་དེ་ཕྱག་དྲུག་དང་ལྡན་པར་བསྐྱེད་པའི་དོན་ཏོ། །ལྷ་མོ་འཁོར་ལོ་རྡོ་རྗེ་འཛིན། །ཨུཏྤལ་དཀར་པོ་ཕྱག་ན་བསྣམས། །རིན་ཆེན་སྡོང་བུ་ཡིད་འོང་དང་། །དྲིལ་བུ་རལ་གྲི་གཡོན་པར་མཚོན། །ཞེས་བྱ་བ་ནི་ཕྱག་དྲུག་ལ་ཕྱག་མཚན་དེ་དྲུག་རིམ་པ་ [137a.7]བཞིན་དུ་ཤེས་པར་བྱའོ། །དེ་བཞིན་སྙིང་ག་ནས་བྱུང་ནས། །ཕྱོགས་བཅུ་དག་ཏུ་རྣམ་པར་གཟིགས་པ་ཡང་གོང་མ་བཞིན་ནོ། །གདོན་ནད་ན་བའི་སེམས་ཅན་རྣམས། །ཞི་བའི་གནས་ཀྱིས་ཞི་བར་མཛད། །ཅེས་པ་ནི་ལྷ་མོ་ལོ་ཙ་ནའི་ཁྱད་པར་གྱི་ཕྲིན་ལས་ཞི་བ་ཡིན་པས། གདོན་ནད་ [137b] [137b.1]ཀྱིས་ཟིན་ནས་ན་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བའི་སྒོ་ནས་ཞི་བར་མཛད་ཅིང་ཕན་འདོགས་པའི་དོན་ཏོ། །སྣང་མཛད་དེ་ནི་སླར་གཤེགས་ནས། །དང་བའི་དཀྱིལ་འཁོར་དབུས་སུ་ནི། །ཤར་གྱི་གྲྭར་ནི་བཞུགས་ནས་ཀྱང་། །རྡོ་རྗེ་མགོན་ནི་གཟིགས་པར་མཛད། །ཅེས་པ་ [137b.2]ནི་དེ་ལྟར་སེམས་ཅན་གྱི་དོན་མཛད་མ་ཐག་ཏུ་སླར་བྱོན་ནས་དཀྱིལ་འཁོར་གྱི་ཤར་ལྷོ་མཚམས་ཀྱི་ནང་གི་རེའུའི་ཆ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཙོ་བོ་ལ་ཆགས་པའི་ཚུལ་གྱིས་བལྟ་ཞིང་བཞུགས་པར་བསྒོམ་པའི་དོན་ཏོ། །རཱ་ག་ར་ཏི། གསང་སྔགས་ལས་ནི་གྲུབ་པ་ཡི། །གོས་དཀར་མོ་ནི་ [137b.3]བསྐྱེད་པར་བྱ། །ཞེས་བྱ་བ་ནི་སྔགས་འདིས་བསྐུལ་ཞིང་ཡི་གེ་པཾ་ལས་ལྷ་མོ་གོས་དཀར་མོ་གོང་མ་བཞིན་དུ་བསྐྱེད་པའོ། །ཞལ་མཛེས་སྤྱན་ནི་རིང་བ་སྟེ། །ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ལྷ་དང་མི་ལས་འཕགས་པར་མཛེས་ཤིང་ཡིད་དུ་འོང་བའོ། །པདྨ་རཱ་གའི་མདོག་འདྲ་བ་ [137b.4]ནི་སྐུ་མདོག་ཤིན་ཏུ་དམར་བའོ། །ཞལ་གསུམ་དག་ནི་བཞད་པའི་ཞལ། །ཞེས་པ་ནི་ལྷ་མོ་དེ་ཡང་ཞལ་གསུམ་དང་ལྡན་ལ་སེམས་ཅན་དོན་ལ་ཤིན་ཏུ་ཡང་དགའ་བའམ་འདོད་ཆགས་སློང་བའི་རང་བཞིན་ཡིན་པས་རྟག་ཏུ་བཞད་ཚུལ་དུ་གནས་པའོ། །དམར་དང་གནག་དང་དཀར་བ་ནི། ། [137b.5]སྣང་བ་མཐའ་ཡས་དང་མཐུན་ནོ། །སྣང་བ་མཐའ་ཡས་ཅོད་པན་གནས། །ཐམས་ཅད་རྒྱན་གྱིས་རྣམ་པར་བརྒྱན། །ཞེས་པ་གོང་མ་བཞིན་དུ་སྣང་བ་མཐའ་ཡས་དབང་བསྐུར་བའི་ཚུལ་དུ་གནས་པ་དང་། དབུ་རྒྱན་ལ་སོགས་པའི་རྒྱན་ཐམས་ཅད་དང་ལྡན་པའི་དོན་ཏོ། །རྫུ་འཕྲུལ་མཚན་ [137b.6]ལས་ཀུན་དུ་འབྱུང་། །ཞེས་པ་ནི་སྐུའི་མཚན་རྣམས་ལས་སེམས་ཅན་འདུལ་བར་བྱེད་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་འབྱུང་ཞིང་འགྲོ་བའི་དོན་བྱེད་ཅེས་པའོ། །འདོད་ཆགས་དམར་པོ་འཆང་དགའ་བ་ནི། སེམས་ཅན་གྱི་དོན་ལ་ཆགས་པའམ། འདོད་ཆགས་དམར་ [137b.7]པོ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཡིན་པ་དེ་དང་གཉིས་སུ་མེད་པའི་བདེ་བས་རྟག་ཏུ་གནས་པའི་འདོད་པ་ནི་འཆང་བ་ལ་དགའ་བ་ཞེས་པའོ། །མཚན་རྣམས་ཐམས་ཅད་ཀུན་རྫོགས་པ། །ཕྱག་དྲུག་རྣམ་པར་བསྒོམ་པར་བྱ། །ཞེས་པ་ནི་སུམ་ཅུ་རྩ་གཉིས་ལ་སོགས་པའི་མཚན་ [138a] [138a.1]དང་དཔེ་བྱད་རྣམས་སྐུ་ལ་རྫོགས་པ་དང་། ཕྱག་དྲུག་དང་ལྡན་པར་བརྗོད་པའི་དོན་ཏོ། །གཡོན་པ་འགྱིང་བས་དྲིལ་བུ་དང་། སྡོང་བུ་ལོར་བཅས་ཨུཏྤལ་འཛིན། །ཞེས་པ་ནི་ཕྱག་གཡོན་གྱི་དང་པོ་དྲིལ་བུ་དང་ཨུཏྤལ་ཡུ་བ་བཅས་པར་འགྱིང་བག་ཏུ་འཛིན་པའོ། ། [138a.2]སྒྲ་དང་བཅས་པ་གཡས་པ་ཡིས། །ཨུཏྤལ་དམར་པོ་ཁ་ཡང་འབྱེད། །ཅེས་པ་ནི་ཕྱག་གཡས་ཀྱི་དང་པོས་ཨུཏྤལ་ལ་དེ་ཉིད་ཀྱི་ཁ་སྐྲག་པའི་ཚུལ་དུ་འབྱེད་པའོ། །གཡས་གཉིས་རྡོ་རྗེ་འཁོར་ལོ་འཛིན། །གཡོན་གཉིས་ནོར་བུ་རལ་གྲི་འཆང་བ་ནི་རིམ་པ་བཞིན་ནོ། །སྙིང་ག་ [138a.3]ནས་ནི་བྱུང་གྱུར་ནས། །ཐམས་ཅད་ཕྱོགས་སུ་རྣམ་པར་གཟིགས་པ་ཡང་གོང་མ་བཞིན་ནོ། །གཟའ་ཚོགས་ཀྱིས་སྐམས་སེམས་ཅན་རྣམས། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛད། །ཅེས་པ་ནི་ལྷ་མོ་འདིའི་ཁྱད་པར་གྱི་ཕྲིན་ལས་རྒྱས་པ་ཡིན་པས་གཟའ་ལ་སོགས་པ་བགེགས་ [138a.4]ཀྱིས་བཟུང་ནས་ཤ་སྐམས་ཤིང་སྡུག་བསྔལ་བ་རྣམས་དང་། ཚེ་ཐུང་ཞིང་བསོད་ནམས་ཆུང་བ་རྣམས་ཀྱི་སྡུག་བསྔལ་དང་བར་ཆད་རྣམས་མེད་པར་བྱེད་ཅིང་ཚེ་རིང་བ་དང་བསོད་ནམས་རྒྱ་ཆེ་བ་དང་། ནོར་རྫས་ལ་སོགས་པའི་ལོངས་སྤྱོད་རྒྱས་པར་མཛད་པའོ། །སླར་གཤེགས་པདྨའི་དབུས་ [138a.5]སུ་ནི། །ནུབ་ཕྱོགས་ཀྱི་ནི་གྲྭར་ཡང་བཞུགས། །ཞེས་པ་ནི་དེ་ལྟར་མཛད་ནས་སླར་བྱོན་ནས་དཀྱིལ་འཁོར་དེའི་ནུབ་བྱང་གི་མཚམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གོང་མའི་ཚུལ་དུ་བཞུགས་པའི་དོན་ཏོ། །བཛྲ་རཱ་ཏི། གསང་སྔགས་ལས་ནི་གྲུབ་པ་ཡི། །ལྷ་མོ་སྒྲོལ་མ་མཁས་པས་ [138a.6]བསྐྱེད། །ཅེས་པ་ནི་སྔགས་འདིས་བསྐུལ་ཞིང་གོང་མའི་ཚུལ་དུ་ཡི་གེ་ཏཾ་ལས་ལས་ཀྱི་རིགས་ཀྱི་ཡུམ་ལྷ་མོ་སྒྲོལ་མ་བསྐྱེད་ཅེས་པའོ། །ཡན་ལག་མཚན་རྣམས་ཀུན་དང་ལྡན་པ་ནི་སྐུའི་ཡན་ལག་དང་ཉིང་ལག་རྣམས་ལྷ་དང་མི་ལས་འཕགས་པ་དང་། མཚན་སུམ་ཅུ་རྩ་ [138a.7]གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཀྱིས་སྐུ་ལ་ཤིན་ཏུ་བརྒྱན་པའི་དོན་ཏོ། །ཡང་ཡན་ལག་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱི་ཡན་ལག་ལ་ཡང་བྱའོ། །བུད་མེད་མ་ལུས་སྤྱོས་མཛད་བརྩོན། །ཞེས་པ་ནི་རྣལ་འབྱོར་པ་གོང་གིས་ལྷ་མོའམ་ཀླུ་མོ་ལ་སོགས་པ་ [138b] [138b.1]དབང་དུ་བྱེད་པར་འདོད་ཅིང་བསྒྲུབས་ན་དེའི་དངོས་གྲུབ་ཁྱད་པར་དུ་ཡང་གྲུབ་པར་མཛད་པའི་དོན་ཏོ། །མཛེས་པའི་ཞལ་ནི་སྤྱན་རིང་བ་ནི་གོང་དུ་བཤད་པ་ཡིན་ནོ། །མརྒཏ་སེར་པོའི་མདོག་འདྲ་བ་ནི་སྐུ་མདོག་རིན་པོ་ཆེ་མརྒཏ་བཞིན་ལྗང་བ་ལས་ཅུང་ཟད་སེར་བའོ། །གདོན་མི་ [138b.2]ཟ་བས་ཅོད་པན་མཛད། །ཅེས་པ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པས་སྤྱི་བོར་དབང་བསྐུར་བའི་ཚུལ་དུ་བསམ་པའི་དོན་ཏོ། །མེ་ཏོག་ཕྲེང་གི་ཅོད་པན་དཀྲིས་པ་ནི་གོང་བཞིན་ནོ། །ལྗང་གུ་གནག་དང་དཀར་བ་ཡི། །ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན། །ཞེས་པ་ནི་ [138b.3]བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་མཐུན་པའི་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་པའོ། །རྒྱན་རྣམས་ཐམས་ཅད་ཀུན་རྫོགས་ནི་དབུ་རྒྱན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་སྐུ་ཤིན་ཏུ་སྤྲས་པའོ། །ཕྱག་དྲུག་པར་ནི་བསམ་པར་བྱ་བ་ནི་དེ་ལྟ་བུ་དེ་ཕྱག་དྲུག་དང་ལྡན་ [138b.4]པར་བསྒོམ་པའོ། །རྡོ་རྗེ་རྒྱ་གྲམ་འཁོར་ལོ་དང་། །ཨུཏྤལ་དམར་པོ་ཕྱག་ན་བསྣམས། །ཞེས་པ་ནི་གཡས་ཀྱི་ཕྱག་གསུམ་ལ་རིམ་པ་བཞིན་ནོ། །གཡོན་པ་འགྱིང་བས་དྲིལ་བུ་དང་། །རིན་ཆེན་རལ་གྲི་ཆེན་པོ་བསྣམས་པ་ཡང་རིམ་པ་བཞིན་ནོ། །ཆེན་པོ་ནི་ཁྱད་ [138b.5]པར་ཡིན་པས་ཀུན་ལ་ཡང་སྦྱར་རོ། །སྙིང་ག་ནས་ནི་བྱུང་གྱུར་ནས། །འདོད་ཆགས་ཞེ་སྡང་གིས་རྨོངས་པའི། །འོད་ཟེར་གྱིས་ནི་རེག་ཙམ་གྱིས། །སེམས་ཅན་ཐམས་ཅད་དབང་དུ་མཛད། །ཅེས་པ་ནི་གོང་མ་རྣམས་དང་མཐུན་པར་གསང་བའི་ཐུགས་ཀ་ནས་ཕྱུང་ [138b.6]ནས། སེམས་ཅན་གྱི་དོན་ཕྲིན་ལས་ཀུན་གྱི་སྒོ་ནས་མཛད་ཀྱང་ཁྱད་པར་དུ་དབང་གི་སྒོ་ནས་མཛད་ཅེས་སྟོན་ཏོ། །དེ་ལ་སེམས་ཅན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དབང་དུ་གྱུར་ཏེ་ལོག་པར་ལྟ་བ་རྣམས་དབང་དུ་བྱས་ནས་ཡང་དག་པའི་ལྟ་བ་ལ་གཞོལ་བའི་དོན་ཏོ། །འོད་ [138b.7]ཟེར་གྱིས་རེག་པ་ཙམ་ནི་དབང་དུ་བྱེད་པའི་ཕྲིན་ལས་ལ་ཁྱད་པར་དུ་མཐུ་ཆེ་བའི་དོན་ཏོ། །སེམས་ནི་མེད་ལྟར་དབང་གྱུར་ནས། །ཐམས་ཅད་མངོན་པར་ཕྱོགས་པར་གནས། །ཞེས་པ་ནི་ལྷ་མོ་དེ་བསྒོམས་ཤིང་བསྒྲུབས་པའི་རྣལ་འབྱོར་པས་དབང་དུ་བྱེད་པའི་ལས་བྱས་ན་ལྷ་དང་མི་ལ་ [139a] [139a.1]སོགས་པ་རྣམས་སེམས་མེད་པ་བཞིན་དུ་དེའི་དབང་དུ་གྱུར་ནས་བཀའ་ཉན་པའི་དོན་ཏོ། །དེ་ལྟར་འགྲོ་བའི་དོན་མཛད་མ་ཐག་ཏུ་སླར་བྱོན་ནས་དཀྱིལ་འཁོར་གྱི་ནང་བྱང་ཤར་མཚམས་ཀྱི་རེའུའི་ཆ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པའི་དོན་ཏོ། །སྔར་གསུངས་ [139a.2]ཡི་གེ་ལས་གྲུབ་མ། །མཁས་པས་བྱང་ཆུབ་སེམས་དཔའ་བསྐྱེད། །ཅེས་པ་ནི་དེ་ལྟར་རིགས་ལྔའི་དེ་བཞིན་གཤེགས་པ་དང་ཡུམ་བཞི་བསྐྱེད་ཅིང་དཀྱིལ་འཁོར་གྱི་ནང་གི་རེའུའི་ཆ་དགུ་ལ་ཁྱད་པར་དུ་མཐུ་ཆེ་བའི་དོན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་བརྒྱད་དང་ལྷ་མོ་བརྒྱད་བསྐྱེད་པའི་ [139a.3]དཀྱིལ་འཁོར་དུ་དགོད་པར་བསྟན་ཏེ། དེ་ལ་སྔར་གསུངས་པའི་ཡི་གེ་ནི་གོང་དུ་བསྟན་པའི་ཐླྷིཾ་ལ་སོགས་པ་དྲུག་དང་། བྱམས་པ་དང་འཇམ་དཔལ་གྱི་ས་བོན་ཡི་གེ་མེཾ་དང་མུཾ་མོ། །ཡི་གེ་དེ་རྣམས་ལ་སོ་སོའི་ས་བོན་དང་སྦྱར་ཞིང་གོང་དུ་བསྟན་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་རྣམས་རིམ་པ་ [139a.4]བཞིན་དུ་བསྐྱེད་པའི་དོན་ཏོ། །རིགས་ཀྱི་བདག་པོས་དབང་བསྐུར་བའི། །ཁ་དོག་གསུམ་པ་ཞལ་གསུམ་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་གོང་དུ་བསྟན་པའི་ལྷ་རྣམས་དང་འདྲ་བར་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་ཞིང་སོ་སོའི་རིགས་ཀྱི་དེ་བཞིན་གཤེགས་པ་སྤྱི་བོར་ [139a.5]འཛིན་པའོ། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །ཞེས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་མཚན་དང་དཔེ་བྱད་ལ་སོགས་པ་ཐམས་ཅད་དང་། ཕྱིའི་རྒྱན་དབུ་རྒྱན་ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པའི་ཕྱག་དྲུག་དྲུག་དང་ལྡན་པར་བསྒོམ་ཞེས་ [139a.6]བྱའོ། །སོ་སོའི་རིགས་བཞིན་ཁ་དོག་བརྒྱ། །དེ་དག་ཐམས་ཅད་བསྒོམ་པར་བྱ། ཞེས་པ་ནི་བྱང་ཆུབ་སེམས་དཔའ་དང་སེམས་མ་དེ་དག་ཀུན་ཁ་དོག་དང་ཕྱག་མཚན་རྣམས་སོ་སོའི་རིགས་ཀྱི་བདག་པོ་ལྟར་ཤེས་པར་བྱའོ། །སྒྲོལ་མའི་ཕྱག་རྒྱར་གསུངས་པ་ནི། །ཀུན་དུ་བཟང་པོ་ [139a.7]བསྒོམ་པར་བྱ། །ཞེས་པ་ནི་སྤྱིར་བསྟན་པ་ལས་མི་མཐུན་པར་བསྟན་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལྷ་མོ་སྒྲོལ་མ་དང་རིགས་མཐུན་པ་ལས་ཁ་དོག་དང་ཕྱག་མཚན་སྒྲོལ་མ་བཞིན་དུ་བསྒོམ་པ་ཡིན་པས། སྒྲོལ་མའི་ཕྱག་གཡས་ཀྱི་ཐ་མ་ཨུཏྤལ་བསྣམས་ [139b] [139b.1]པ་ཡིན་ལ། ཀུན་དུ་བཟང་པོའི་གཡས་ཀྱི་ཐ་མ་ན་པདྨ་བསྣམས་པའི་ཕྱིར། ཨུཏྤལ་ཡོངས་སུ་བསལ་ནས་ནི། །པདྨ་དེ་ལ་སྦྱིན་པར་བྱ། །ཞེས་གསུངས་སོ། །བྱམས་པ་ཀླུ་ཤིང་མེ་ཏོག་སྟེ། །ལྷག་མ་རྣམ་སྣང་མཛད་ཀྱི་གནས། །ཞེས་བྱ་བ་ནི་འཕགས་པ་བྱམས་པའི་ཕྱག་ [139b.2]གཡས་ཀྱི་དང་པོ་ལ་རང་རྟགས་ཀྱི་ཕྱག་རྒྱ་ཀླུ་ཤིང་ལྕུག་མ་མེ་ཏོག་དང་བཅས་པ་འཛིན་ཏེ། ཕྱག་མཚན་ལྷག་མ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞིན་དུ་བསྒོམ་པར་བྱའོ། །འཇམ་དཔལ་དྲིལ་བུ་རལ་གྲི་མཆོག། །དེ་བཞིན་དུ་ནི་རབ་ཏུ་གནས། །ཞེས་པ་ནི་བྱང་ཆུབ་ [139b.3]སེམས་དཔའ་མཉྫུ་ཤྲཱིའི་ཕྱག་གཡས་ཀྱི་དང་པོ་དྲིལ་བུའི་ཕྱག་རྒྱ་མཐེ་བོང་དང་སྲིན་ལག་གཉིས་རྩེ་སྤྲད་དེ་གཡོན་པའི་དང་པོས་གནོན་པའོ། །ལྷག་མ་ཀུན་དུ་བཟང་པོ་ཡི། །ཕྱག་རྒྱ་དེ་ནི་རྣམ་པར་བསྒོམ། །ཞེས་པ་ནི་ཕྱག་མཚན་ཕྱི་མ་རྣམས་འཕགས་པ་ཀུན་དུ་བཟང་པོ་དང་ [139b.4]མཐུན་པའི་དོན་ཏོ། །ཤར་གྱི་ངོས་ལ་གཉིས་གཉིས་ཏེ། །ཞེས་པ་ནི་དཀྱིལ་འཁོར་གྱི་རིམ་པ་གཉིས་པ་ལ་ཤར་ཕྱོགས་ལ་སོགས་པ་བཞིར་བྱང་ཆུབ་སེམས་དཔའ་གཉིས་གཉིས་བཀོད་པར་བསྟན་ཏོ། །ས་ཡི་སྙིང་པོ་བྱམས་པ་གཉིས། །ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་ [139b.5]བྱམས་པ་དང་། རྡོ་རྗེའི་རིགས་སའི་སྙིང་པོ་གཉིས་སོ་སོའི་རིགས་ཀྱི་བདག་པོ་དང་སྐུ་མདོག་དང་ཕྱག་མཚན་མཐུན་པར་ཤར་ཕྱོགས་སུ་དགོད་པར་བྱའོ། །ལྷོར་ནི་ཕྱག་ན་རྡོ་རྗེ་དང་། །ནམ་མཁའ་ཞེས་བསྟན་ཀུན་དུ་གནས། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་རིན་པོ་ [139b.6]ཆེའི་རིགས་དང་། ཕྱག་ན་རྡོ་རྗེ་རྡོ་རྗེའི་རིགས་གཉིས་སོ་སོའི་རིགས་ཀྱི་བདག་པོ་དང་སྐུ་མདོག་ལ་སོགས་པ་མཐུན་པར་ལྷོ་ཕྱོགས་སུ་གཞག་པར་བྱའོ། །ནུབ་ཏུ་འཇིག་རྟེན་དབང་པོ་དང་། །འཇམ་པའི་དབྱངས་ནི་རྣམ་པར་གནས། །ཞེས་པ་ནི་པདྨ་རིགས་ཀྱི་བྱང་ཆུབ་སེམས་དཔའ་སྤྱན་ [139b.7]རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་དེ་བཞིན་པའི་རིགས་དང་གཉིས་སོ་སོའི་བདག་པོའི་ཁ་དོག་དང་ཕྱག་མཚན་དང་མཐུན་པར་ནུབ་ཕྱོགས་སུ་དགོད་པར་བྱའོ། །བྱང་དུ་སྒྲིབ་པ་ཀུན་སེལ་དང་། །ཀུན་དུ་བཟང་པོར་རབ་ཏུ་གྲགས། །ཞེས་པ་ནི་ལས་ཀྱི་རིགས་ཀྱི་བྱང་ཆུབ་ [140a] [140a.1]སེམས་དཔའ་འདི་གཉིས་རིགས་ཀྱི་བདག་པོ་དང་སྐུ་མདོག་ལ་སོགས་པ་མཐུན་པར་བྱང་ཕྱོགས་སུ་གནས་པར་རྒྱུད་དང་སྒྲུབ་ཐབས་ཀུན་ལས་ཀྱང་གྲགས་པས་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་འདིའི་དམ་ཚིག་གསུངས་པ། གཟུགས་སོགས་རྡོ་རྗེ་ལྷ་མོ་ [140a.2]ཅན། །ཞེས་བྱ་བ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྐྱེད་ཅིང་དཀྱིལ་འཁོར་དུ་བཀོད་པ་དེ་རྣམས་ཀྱི་གཟུངས་མ་རྣམས་ལ་དམ་ཚིག་ཅེས་ཀྱང་བྱའོ། །དེ་ཡང་གང་ཞེ་ན། །གཟུགས་ཀྱི་ལྷ་མོ་ལ་སོགས་པ་རྣམས་སོ། །རྡོ་རྗེ་ཅན་ནི་ཡེ་ཤེས་ཀྱི་རང་བཞིན་ནམ་དེ་ལས་ཕྱུང་ [140a.3]བའི་དོན་ཏོ། །དེ་དང་ཐབས་ཅིག་བཞུགས་པ་ནི། །ལག་གཉིས་རང་རྟགས་ལྡན་པར་གཞག །ཅེས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཡུམ་གྱི་ཚུལ་དུ་ལྷ་མོ་དེ་རྣམས་བཞུགས་པར་བསམ་མོ། །དེ་ལ་ཀུན་ཀྱང་ཕྱག་དྲུག་སྟེ། ཕྱག་གཡས་གཡོན་དང་པོ་གཉིས་ལ་འོག་ [140a.4]ནས་འབྱུང་བའི་རང་རྟགས་ཀྱི་ཕྱག་རྒྱ་ཅན་སོ་སོའི་ཕྱོགས་སུ་དགོད་ཅེས་པའི་དོན་ཏོ། །གཟུགས་ནི་ལག་གཉིས་མེ་ལོང་འཛིན། །ཞེས་པ་ནི་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པའི་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གཟུགས་ཀྱི་ལྷ་མོ་ [140a.5]ཕྱག་དང་པོ་གཉིས་མེ་ལོང་འཛིན་ཅིང་དཀྱིལ་འཁོར་གྱི་རིམ་པ་གཉིས་པ་དེ་ཉིད་ཤར་ལྷོའི་མཚམས་ཀྱི་གྲྭ་ལ་གནས་པའོ། །སྒྲ་ནི་ལག་གཉིས་པི་ཝང་སྟེ། །ཞེས་པ་ནི་དེ་ལྟར་གཟུགས་བརྙན་ལྟ་བུར་མཐོང་བ་དེ་ཉིད་ལ་སྒྲའི་སྒོ་ནས་མོས་པའམ་ཡིད་ཆེས་པར་བྱ་བའི་ཕྱིར་སྒྲའི་ལྷ་མོ་ལྷོ་ནུབ་ [140a.6]ཀྱི་གྲྭར་གནས་ཤིང་པི་ཝང་སྒྲེང་བའི་དོན་ཏོ། །དྲི་ནི་ལག་གཉིས་དུང་ཕོར་འཛིན། །ཞེས་པ་ནི་དེ་ལྟར་མཐོང་ཞིང་ཐོས་པའི་ཆོས་རྣམས་ལ་བདག་མེད་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དྲིའི་ལྷ་མོ་ཕྱག་གཉིས་ན་དྲིའི་སྣོད་དུང་ཕོར་འཛིན་ཞིང་ནུབ་བྱང་གི་མཚམས་སུ་གནས་སོ། །རོ་ནི་ [140a.7]ལག་ན་སྣོད་བསྣམས་ཏེ། །ཞེས་པ་ནི་དེ་ལྟར་བདག་མེད་པར་ཁོང་དུ་ཆུད་པ་དེ་ཉིད་ལས་གོང་ནས་གོང་དུ་གོམས་པར་བྱ་བའི་ཕྱིར་རོའི་ལྷ་མོ་བདུད་རྩིས་བཀང་བའི་སྣོད་འཛིན་པ་བྱང་ཤར་མཚམས་སུ་བསྒོམ་པར་བྱའོ། །རེག་ནི་རྡོ་རྗེ་ཡོངས་འཁྱུད་མ། །སྙིང་ག་དག་ཏུ་ཡོངས་སུ་ [140b] [140b.1]འཁྱུད། །ཅེས་པ་ནི་དེ་ལྟར་བསྒོམས་པས་སྣང་བ་ཐོབ་པ་དེ་ཉིད་ཆེན་པོར་གྱུར་ནས། ཏིང་ངེ་འཛིན་སྣ་ཚོགས་བདག་གིར་བྱ་ཞིང་དང་དུ་བླངས་པའི་རྟགས་སུ་རེག་གི་ལྷ་མོ་ཕྱག་དང་པོ་གཉིས་ཀྱིས་ཉིད་ཀྱི་ཐུགས་ཀའི་ཐད་ཀར་འཁྱུད་པའི་ཚུལ་དུ་བྱས་པ་དཀྱིལ་འཁོར་གྱི་རིམ་པ་གསུམ་པ་ནུབ་ [140b.2]བྱང་གི་གྲྭར་བསམ་པར་བྱའོ། །རྡོ་རྗེ་རྒྱ་གྲམ་དམ་ཚིག་གིས། །བདེ་བར་གནས་པ་ཆོས་ཀྱི་དབྱིངས། །ཞེས་པ་ནི་དེ་ལྟར་ཏིང་ངེ་འཛིན་རྣམས་ཀྱི་མཐུས་རྡོ་རྗེ་ལྟ་བུའི་སྟོང་པ་ཉིད་ཀྱི་རང་བཞིན་མངོན་དུ་གྱུར་ཞེས་པའི་རྟགས་སུ་ཆོས་ཀྱི་ལྷ་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་རྒྱ་གྲམ་འཛིན་ཅིང་བྱང་ཤར་ [140b.3]མཚམས་ཀྱི་གྲྭར་གནས་པའོ། །རྣམ་སྣང་མཛད་སོགས་ཁ་དོག་དང་། །མཚོན་ཆ་དག་ནི་ཅི་བཞིན་ཏེ། །གཟུགས་ལ་སོགས་པ་རྣམ་བསྒོམ་པ། །ཇི་སྐད་གསུངས་པའི་རིམ་བཞིན་ནོ། །ཞེས་པ་ནི་གཟུགས་ལ་སོགས་པའི་ལྷ་མོ་དྲུག་ཕྱག་དང་པོ་གཉིས་རང་རྟགས་ཀྱི་ཕྱག་རྒྱ་མ་ [140b.4]གཏོགས་པ་ཕྱི་མའི་ཕྱག་མཚན་དང་། སྐུ་མདོག་ལ་སོགས་པའི་ཆ་ལུགས་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་སོ་སོ་རིགས་ཀྱི་དེ་བཞིན་གཤེགས་པ་བཞིན་དུ་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །ལྷ་མོ་དེ་རྣམས་དཀྱིལ་འཁོར་དུ་བསྐྱེད་པ་ནི་མ་ཧཱ་ཡོ་ [140b.5]གའི་ཚུལ་གྱིས་ལྷ་རྣམས་ལ་ཡུམ་མེད་དུ་མི་རུང་བས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་དུ་བསྟན་པ་དང་མཆོད་པའི་ཚུལ་དུ་ཤེས་པར་བྱའོ། །འཇམ་དཔལ་དང་ནི་བྱམས་གཉིས་ཀྱི། །དམ་ཚིག་གཉིས་ནི་བསྒོམ་བྱ་བ། །སྙིང་རྗེ་མ་དང་བྱམས་མ་གཉིས། །ཁ་དོག་མཚོན་ [140b.6]ཆ་དེ་བཞིན་གནས། །ཞེས་པ་ནི་འཇམ་དཔལ་གྱི་ཡུམ་སྙིང་རྗེ་མ་ཞེས་བྱ་བ་འཇམ་དཔལ་དང་སྐུ་མདོག་ལ་སོགས་པ་འདྲ་བར་བསྐྱེད་ཅིང་ལྷོ་ནུབ་ཀྱི་གྲྭར་དགོད་པར་བྱ་བ་དང་། །བྱམས་པའི་ཡུམ་བྱམས་མ་ཡང་དེ་བཞིན་དུ་བསྐྱེད་ཅིང་ཤར་ལྷོ་མཚམས་སུ་བསྒོམ་ཞེས་བྱ་བའི་དོན་ཏོ། ། [140b.7]ཡ་མཱནྟ་ཀྲྀཏ་ཅེས་པ་ལ་སོགས་པས་དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་ཅིང་བཀོད་པར་བསྟན་ནས། ད་ནི་བགེགས་རྣམ་པ་གཉིས་ཚར་གཅོད་པའི་ཕྱིར་ཁྲོ་བོ་བཞི་སོ་སོའི་གཟུགས་དང་བཅས་པར་བསྐྱེད་ཅིང་། སྒོ་སྲུང་གི་ཚུལ་དུ་བཀོད་པ་བསྟན་ཏེ། དེ་ལ་བགེགས་རྣམ་ [141a] [141a.1]པ་གཉིས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཞུགས་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་བཞི་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ལ་བར་ཆད་དུ་གྱུར་པའི་ཉོན་མོངས་པ་རྣམས་དང་། འཕྲལ་དུ་ད་ལྟར་དཀྱིལ་འཁོར་སྒོམ་ཞིང་སྒྲུབ་པའི་རྣལ་འབྱོར་པའི་ [141a.2]དངོས་གྲུབ་ཀྱི་བར་དུ་གཅོད་པར་བྱེད་པའི་བགེགས་རྣམས་སོ། །ཡེ་ཤེས་ལས་ནི་གྲུབ་པ་ཡིན། །རྡོ་རྗེ་ཞབས་དྲུག་བསྐྱེད་པར་བྱ། །ཞེས་པ་ནི་གོང་མའི་ལྷ་རྣམས་བསྐྱེད་པ་དང་འདྲ་བར་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་ཡི་གེ་ཧཱུཾ་གྱུར་པར་ [141a.3]དམིགས་ལ་སྤྲོ་བསྡུ་ལ་སོགས་པ་ཡང་གོང་མ་བཞིན་དུ་བྱ་ཞིང་ཡ་མཱནྟ་ཀྲྀཏ་ཅེས་བསྐུལ་བས་ཁྲོ་བོར་གྱུར་པར་དམིགས་པའོ། །དེ་ལ་ཞབས་དྲུག་ནི་འགྲོ་བ་དྲུག་ཟིལ་གྱིས་མནན་པའི་ཕྱིར་ཞབས་དྲུག་དང་ལྡན་པའོ། །རྡོ་རྗེ་ནི་ཁྲོ་བོའི་ཆ་ལུགས་སྲིན་པོ་རྣམས་དང་མཐུན་ཡང་རང་བཞིན་གྱིས་ [141a.4]མ་ཡིན་ཞིང་འདུལ་བའི་དབང་དུ་ཡེ་ཤེས་ལས་གྲུབ་པའི་ཕྱིར་རོ། །སྤྲིན་སྔོན་ལྟ་བུའི་ཁ་དོག་ལ། །ཞེས་པ་ལ་སོགས་པས་ནི་ཁྲོ་བོའི་སྐུ་མདོག་ལ་སོགས་པ་ཤིན་ཏུ་ཡང་འཇིགས་པའི་ཆ་ལུགས་སུ་བསྟན་ཏོ། །དེ་ལ་སྤྲིན་སྔོན་ལྟ་བུ་ནི་སྐུ་མདོག་ཤིན་ཏུ་ཡང་གནག་པའོ། །གསུས་པོ་མེ་ལ་ [141a.5]སྟོབས་པོ་ཆེ་ནི་མི་འུ་ཐུང་གི་ཚུལ་དུ་འདུག་པ་གསུས་པ་ཤིན་ཏུ་ཆེ་ཞིང་ཡེ་ཤེས་ལས་གྲུབ་པའི་སྟོབས་ཡིན་པས་ཁམས་གསུམ་པ་ཐུབ་པའི་དོན་ཏོ། །འོད་ཟེར་ཆེན་པོ་དག་གིས་འབར་བ་ནི་སྐུའི་རང་བཞིན་བསྐལ་པའི་མེ་ལྟར་འབར་བའོ། །ཀུན་དུ་འཕྲོ་བས་འཇིགས་པར་བྱེད་པ་ནི་དེ་ལྟ་ [141a.6]བུའི་འོད་ཟེར་ཕྱོགས་བཅུ་ཀུན་དུ་འཕྲོས་ཤིང་སེམས་ཅན་ཐམས་ཅད་འཁོར་བ་ལས་འཇིགས་ཤིང་མྱ་ངན་ལས་འདས་པའི་ཕྱོགས་སུ་འབྲོས་པར་བྱེད་པས་དང་། སྡང་བའི་སྲིན་པོ་ལ་སོགས་པ་སྐྲག་ཅིང་འདར་བར་བྱེད་པའོ། །སྤྱན་དམར་ཞལ་གདངས་མཆེ་བ་གཙིགས་པ་ནི་འཇིགས་ [141a.7]པར་བྱེད་པའི་དོན་ཏོ། །ཞལ་གསུམ་དག་ནི་རྣམ་པར་བསྐྱེད་པ་ནི་དབུས་མ་གནག་ཅིང་གཡོན་དམར་བའི་ཞལ་གསུམ་གྱིས་ཀྱང་འཇིགས་པར་མཛད་པའི་དོན་ཏོ། །འབར་བའི་དབུ་ནི་གྱེན་དུ་བཅིངས་པ་ནི་དབུ་སྐྲ་སེར་སྐྱར་འདུག་པ་འབར་ཞིང་གྱེན་དུ་འཁྱིལ་པས་ཐོར་ཅོག་དུ་འདུག་ [141b] [141b.1]པའོ། །བདག་པོ་ཅོད་པན་གནས་བྱས་ཏེ་ནི་རིགས་ཀྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་མཛད་སྤྱི་བོར་བཞུགས་པའོ། །ཡན་ལག་རྒྱན་གྱིས་ཀུན་བརྒྱན་པའི། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །ཞེས་པ་ནི་ཁྲོ་བོ་རྒྱན་ཐོད་པ་ལ་སོགས་པས་བརྒྱན་པ་ཕྱག་དྲུག་པར་བསྒོམ་པའི་ [141b.2]དོན་ཏོ། །འཁོར་ལོ་རལ་གྲི་བསྙེམས་པས་འཛིན། །གཏུན་ཤིང་མངོན་པར་བསྟོད་པའི་ཕྱག །ཅེས་པ་ནི་གཡས་ཀྱི་གསུམ་ལ་རིམ་པ་བཞིན་ནོ། །གཡོན་པ་འགྱིང་ཞིང་དྲིལ་བུ་མཆོག །དགྲ་སྟ་ཞགས་པ་སྡིགས་པར་བཅས། །ཞེས་པ་ནི་གཡོན་གྱི་དང་པོ་དང་སྔ་མ་ལ་དྲིལ་བུ་ [141b.3]དང་དགྲ་སྟའོ། །ཐ་མ་ལ་ཞགས་པ་སྡིགས་མཛུབ་ལ་དཀྲིས་ཤིང་བསྡིགས་པར་བྱེད་པའོ། །སྙིང་ག་ནས་ནི་ཕྱུང་གྱུར་ནས། །ཉི་མའི་དཀྱིལ་འཁོར་དབུས་དག་ཏུ། །གཡས་བརྐྱང་གཤིན་རྗེ་མནན་ནས་ནི། །ཤར་ཕྱོགས་ཀྱི་ནི་གྲྭར་གནས་པའོ། །ཞེས་བྱ་བ་ནི་གོང་མ་རྣམས་བཞིན་ [141b.4]དུ་གསང་བའི་ཐུགས་ཀ་ནས་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་བྱས་ནས། སླར་བྱོན་ཅིང་ཤར་ཕྱོགས་ཀྱི་སྒོ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་གཤིན་རྗེའི་སྟེང་དུ་བརྐྱང་བསྐུམ་གྱི་ཚུལ་དུ་གཟུངས་དང་བཅས་པར་གནས་པའི་དོན་ཏོ། །པྲ་ཛྙཱནྟ་ [141b.5]ཀྲྀཏ། ཡེ་ཤེས་ལས་ནི་གྲུབ་པ་ཡི། །རྡོ་རྗེ་གཞན་གྱིས་མི་ཐུབ་བསྐྱེད། །ཅེས་པ་ནི་སྔགས་འདིས་བསྐུལ་ཞིང་གོང་མ་བཞིན་དུ་ཡི་གེ་ཧཱུཾ་ལས་ཁྲོ་བོ་གཞན་གྱིས་མི་ཐུབ་པ་བསྐྱེད་པའོ། །འོད་ཟེར་ཆེ་བ་སྟུག་འབར་ཞིང་། །སྦྲུལ་རྣམས་ཀྱིས་ནི་ཡན་ལག་བརྒྱན། །ཞེས་པ་ནི་སྐུལ་ [141b.6]རྒྱན་གྱི་ཚུལ་དུ་ཐོད་ཆིངས་དང་རྐེད་ཆིངས་ལ་སོགས་པ་སྦྲུལ་ལས་བྱས་ཤིང་འོད་ཟེར་བསྐལ་པའི་མེ་ལྟར་འབར་བ་ཕྱོགས་བཅུར་འཕྲོ་བའི་དོན་ཏོ། །འབར་བའི་དབུ་ནི་བརྟན་པར་བཅིངས། །མི་འཁྲུགས་པས་ནི་སྤྱི་བོར་བརྒྱན། །ཞེས་པ་ནི་དབུ་སྐྲ་སེར་སྐྱ་འབར་བ་གྱེན་དུ་འཁྱིལ་ [141b.7]ཞིང་ཐོར་ཅོག་ཏུ་འདུག་པའི་སྟེང་དུ་བཅོམ་ལྡན་འདས་མི་བསྐྱོད་པ་དབང་བསྐུར་བའི་ཚུལ་དུ་བཞུགས་པར་བསམ་པའོ། །ཁྲོ་གཉེར་མཛད་ཅིང་དམར་བའི་སྤྱན། །ཞལ་གསུམ་དག་ནི་རྣམ་པར་གདངས། །ཞེས་པ་ནི་དབུས་མ་སྐུ་དང་མཐུན་པའོ། །གཡས་གནག་ཅིང་གཡོན་པ་དམར་བའི་ [142a] [142a.1]ཞལ་གསུམ་དང་ལྡན་པའོ། །དེ་ཡང་འཇིགས་པར་བྱེད་པའི་ཕྱིར་ཁྲོ་གཉེར་རིམ་པ་མང་བ་དང་སྤྱན་ཤིན་ཏུ་དམར་བར་བསྟན་ཏོ། །དུང་དང་ཀུན་ད་ཟླ་འདྲ་བའི། །ཞེས་པ་ནི་སྐུ་མདོག་ཤིན་ཏུ་དཀར་བར་བསྟན་ཏོ། །ཞབས་གཡས་བརྐྱང་བར་གནས་པ་ནི་འདུག་སྟངས་ [142a.2]ཡིན་ཏེ། གཡས་བརྐྱང་ཞིང་གཡོན་བསྐུམ་པའོ། །རྣམ་པ་ཐམས་ཅད་མཆོག་ལྡན་པའི་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཁྱད་པར་དང་། ཁྲོ་བོའི་རྒྱན་གྱི་ཁྱད་པར་ཐོད་པ་ལ་སོགས་པ་རྣམས་སོ། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །ཞེས་པ་ལ་སོགས་པས་ཕྱག་དྲུག་ལ་ཕྱག་མཚན་ [142a.3]རིམ་པ་བཞིན་དུ་ཤེས་པར་བྱ་བའི་དོན་ཏོ། །དེ་བཞིན་སྙིང་ག་ནས་བྱུང་ནས། །ཉི་མའི་དཀྱིལ་འཁོར་དབུས་དག་ཏུ། །ལྷོ་ཡི་སྒོ་ཡི་དབུས་སུ་ནི། །འདོད་དབང་མནན་ནས་ཡང་དག་གནས། །ཞེས་བྱ་བ་ནི་གོང་མ་བཞིན་དུ་གསང་བའི་ཐུགས་ཀ་ནས་ཕྱོགས་བཅུའི་སེམས་ཅན་གྱི་དོན་མཛད་ [142a.4]མ་ཐག་ཏུ་སླར་བྱོན་ནས་ལྷོ་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་འདོད་པའི་དབང་པོ་ཨུ་མ་དེ་བའམ་བརྒྱ་བྱིན་མནན་པའི་ཚུལ་དུ་གཟུངས་དང་བཅས་པར་གནས་པའི་དོན་ཏོ། །པདྨཱནྟ་ཀྲྀཏ། ཡེ་ཤེས་ལས་ནི་གྲུབ་པ་ཡི། །རྡོ་རྗེ་གཉིས་མེད་བསྐྱེད་པར་བྱ། །ཞེས་པ་ནི་ [142a.5]སྔགས་འདིས་བསྐུལ་ཞིང་ཡི་གེ་ཧྲིཿའམ་ཧཱུཾ་ལས་གོང་མ་བཞིན་དུ་ཁྲོ་བོ་ཧྱ་གྲྀ་བ་བསྐྱེད་པར་བྱ་ཞེས་པའི་དོན་ཏོ། །དེ་ལ་རྡོ་རྗེ་གཉིས་མེད་ཅེས་བྱ་བ་ནི་རྡོ་རྗེ་དང་པདྨོ་སྦྱོར་བའི་ཕྲིན་ལས་ལ་པདྨའི་རིགས་ཁྱད་པར་དུ་བསྟན་པའི་ཕྱིར་རོ། །འོད་ཟེར་སྟུག་པོ་འབར་བ་ནི་གོང་མ་བཞིན་ནོ། །བནྡུ་ [142a.6]ཀའི་མེ་ཏོག་འདྲ་བ་ནི་སྐུ་མདོག་དམར་སྨུག་ཏུ་འདུག་པའོ། །དབུ་སྐྲ་འབར་བཅིངས་གྱེན་དུ་བསྒྲེང་བ་ཡང་གོང་མ་བཞིན་ནོ། །རྡོ་རྗེ་སྣང་བས་རྣམ་པར་བརྒྱན་པ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྤྱི་བོར་བསྒོམ་པའོ། །ཕྱག་དྲུག་པ་ནི་འཇིགས་པ་ཆེ། །ཞལ་ནི་ཁྲོ་གཉེར་མཛད་ [142a.7]པ་ནི་ཤིན་ཏུ་ཡང་ཁྲོ་བའི་ཆ་ལུགས་འཇིགས་པར་མཛད་པའོ། །ཕྱག་ན་པདྨ་སྐྱེད་མཛད་ཅིང་། །རལ་གྲི་གཏུན་ཤིང་མཚོན་ཆ་འཕྱར་བ་ནི་གཡས་གསུམ་རིམ་པ་བཞིན་ནོ། །གཡས་བརྐྱང་འགྱིང་བའི་ཚུལ་དུ་གནས་པ་ནི་འདུག་སྟངས་སོ། །གཡོན་དྲིལ་བུ་དགྲ་སྟ་ཞགས་ [142b] [142b.1]པ་འཆང་བ་གོང་མ་བཞིན་ནོ། །ཁྲོ་བོ་སྙིང་ག་ནས་བྱུང་ནས། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །བཏུལ་ནས་ཚངས་ཆེན་སྟེང་དུ་ནི། །ནུབ་ཀྱི་ཕྱོགས་ཀྱི་སྒོ་རུ་གནས། །ཞེས་བྱ་བ་ནི་དེ་ལྟ་བུའི་ཁྲོ་བོ་གོང་མ་བཞིན་གསང་བའི་ཐུགས་ཀ་ནས་བྱུང་ནས་ཕྱོགས་བཅུའི་སེམས་ཅན་བཏུལ་ [142b.2]མ་ཐག་ཏུ་སླར་གཤེགས་ནས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཚངས་པ་ཆེན་པོ་མནན་པའི་ཚུལ་དུ་ནུབ་ཀྱི་ཕྱོགས་ཀྱི་སྒོར་གནས་པར་བསྒོམ་པའི་དོན་ཏོ། །བིགྷྣཱནྟ་ཀྲྀཏ། ཡེ་ཤེས་ལས་ནི་གྲུབ་པ་ཡི། །བདུད་རྩི་འཁྱིལ་པ་བསྐྱེད་པར་བྱ། །ཞེས་པ་ནི་སྔགས་འདིས་བསྐུལ་ [142b.3]ཞིང་ཡི་གེ་ཧཱུཾ་ལས་གོང་མ་དང་འདྲ་བར་ཁྲོ་བོ་བདུད་རྩི་འཁྱིལ་པ་བསྐྱེད་པར་བྱ་བའི་དོན་ཏོ། །འོད་ཟེར་སྟུག་འཕྲོ་འབར་བ་ཡི། །ཁ་དོག་ཟར་མའི་མེ་ཏོག་འདྲ་བ་ནི། །སྐུ་མདོག་ཟར་མའི་མེ་ཏོག་བཞིན་དུ་སྔོ་སྐྱར་འདུག་ཅིང་སྐུ་ལས་འོད་ཟེར་བསྐལ་པའི་མེ་དང་འདྲ་བ་འཕྲོ་ཞིང་ [142b.4]ཕྱོགས་བཅུར་ཁྱབ་པར་བྱེད་པའི་དོན་ཏོ། །འབར་བ་དཀྲིགས་པའི་སྒྲ་ཅན་ལ། །རྡོ་རྗེ་དོན་གྲུབ་ཅོད་པན་གནས། །ཞེས་པ་ནི་དབུ་སྐྲ་སེར་སྐྱ་འབར་བ་གྱེན་དུ་འཁྱིལ་ཞིང་ཐོར་ཅོག་འདུག་པའི་སྟེང་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །ཞལ་གསུམ་ [142b.5]ཁྲོ་གཉེར་སྐྱེད་མཛད་ཅིང་། །མཆེ་བ་རྣོ་ཆེན་ཧ་ཧར་བཞད། །ཅེས་པ་ནི་ཤིན་ཏུ་འཇིགས་པར་བྱེད་པའི་ཁྲོ་བོའི་ཆ་ལུགས་ཞལ་གསུམ་ཁྲོ་གཉེར་རིམ་པ་མང་བ་ལྗགས་ཀློག་བཞིན་བསྐྱོད་ཅིང་ཤིན་ཏུ་རྣོ་བའི་མཆེ་བ་གཙིགས་པར་འདུག་པ། ཁམས་གསུམ་བྲེད་པར་བྱེད་པའི་གད་རྒྱངས་ [142b.6]ཆེན་པོའི་གསུང་འབྱིན་པའི་དོན་ཏོ། །དེ་ལ་ཞལ་གསུམ་ལ་དབུས་མ་སྐུ་དང་མཐུན་པར་གཡས་དཀར་ཞིང་གཡོན་དམར་བའོ། །རྡོ་རྗེ་རྒྱ་གྲམ་རལ་གྲི་མཚོན། །ཕྱག་ན་གཏུན་ཤིང་གསོད་པར་གནས། །ཞེས་བྱ་བ་ནི་གཡས་ཀྱི་ཕྱོགས་ཀྱི་ཕྱག་གསུམ་ལ་རིམ་པ་བཞིན་ནོ། །གསོད་པར་ [142b.7]གནས་པ་བགེགས་རྣམས་ལ་རྡེག་པའི་ཚུལ་དུ་འཛིན་པའོ། །དྲིལ་བུ་དགྲ་སྟ་རལ་གྲི་དག །གཡོན་པའི་ཕྱག་ཏུ་རྣམ་པར་བརྟག །ཅེས་པ་ཡང་རིམ་པ་བཞིན་དུ་འཛིན་པར་ཤེས་པར་བྱ་བའི་དོན་ཏོ། །དེ་བཞིན་སྙིང་ག་ནས་ཕྱུང་ནས། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཁྲོ་བོ་ [143a] [143a.1]ཞབས་གཡས་བརྐྱང་བ་ཡིས། །བགེགས་རྒྱལ་གནོན་པའི་ཚུལ་དུ་ནི། །བྱང་གི་སྒོ་ཡི་དབུས་སུ་གནས། །ཞེས་པ་ནི་གོང་མ་རྣམས་དང་འདྲ་བར་གསང་བའི་ཐུགས་ཀ་ནས་ཕྱུང་ནས་ཕྱོགས་བཅུའི་སེམས་ཅན་གྱི་དོན་མཛད་མ་ཐག་ཏུ་སླར་བྱོན་ནས། དཀྱིལ་ [143a.2]འཁོར་གྱི་བྱང་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀའི་སྟེང་དུ་བརྐྱང་བསྐུམ་གྱི་ཚུལ་དུ་གནས་པར་བསྒོམ་པའི་དོན་ཏོ། །ཁྲོ་གཉེར་དམ་ཚིག་གསུང་བ་ནི། །རོ་ལངས་གཞན་གྱིས་མི་ཐུབ་པ། །ཁྲོ་གཉེར་རལ་པ་གཅིག་མ་སྟེ། །ལྷ་མོ་ [143a.3]འདི་དག་རབ་ཏུ་གྲགས། །ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྒོ་བཞིའི་ཁྲོ་བོ་རྣམས་ཀྱི་གཟུགས་བསྟན་ཏེ། དེ་ལ་དམ་ཚིག་ཅེས་པ་ནི་ལྷ་མོ་འདི་རྣམས་དང་ཁྲོ་བོ་དེ་དག་རྟག་ཏུ་གཉིས་སུ་མེད་པའི་ཚུལ་ལས་མི་འདའ་བས་སོ། །དེ་ལ་རོ་ལངས་མ་ནི་གཤིན་རྗེ་ [143a.4]གཤེད་ཀྱིའོ། །གཞན་གྱིས་མི་ཐུབ་མ་ནི་ཤེས་རབ་མཐར་བྱེད་ཀྱིའོ། །ཁྲོ་གཉེར་ཅན་ནི་མཐར་བྱེད་ཀྱིའོ། །རལ་པ་གཅིག་མ་ནི་བགེགས་མཐར་བྱེད་ཀྱིའོ། །འདི་རྣམས་ཀྱི་རྒྱན་དང་ཆ་ལུགས་ལ་སོགས་པ་ནི་སོ་སོའི་བདག་པོ་བཞིན་དུ་ཤེས་པར་བྱའོ། །སངས་རྒྱས་རྣམས་ནི་ [143a.5]མཉམ་སྦྱོར་བས། །སེམས་དཔའི་སྐྱིལ་ཀྲུང་གནས་པ་སྟེ། །ཞེས་པས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་འདུག་པ་བསྟན་ཏེ། དེ་ལ་རིགས་ལྔའི་སངས་རྒྱས་རྣམས་ཡུམ་དང་གཉིས་སུ་མེད་པར་སྦྱོར་བ་ཡིན་པའི་རྟགས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །བྱང་ཆུབ་ [143a.6]སེམས་དཔས་དེ་བཞིན་གསུངས། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་མ་རྣམས་དང་གཉིས་སུ་མེད་པར་སྦྱོར་བ་ཡིན་པས་གོང་མ་བཞིན་དུ་སྐྱིལ་མོ་ཀྲུང་དུ་འདྲའོ། །ཁྲོ་མོ་གཡོན་བརྐྱང་དག་ཏུའོ། །ཞེས་པ་ནི་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱང་གཉིས་སུ་ [143a.7]མེད་པར་སྦྱོར་བ་ཡིན་པས་ཁྲོ་བོ་ནི་གཡས་བརྐྱང་ལ་གཡོན་བསྐུམ་པ། ཁྲོ་མོ་ནི་གཡོན་བརྐྱང་ལ་གཡས་བསྐུམ་པའི་དོན་ཏོ། །དཀྱིལ་འཁོར་དག་ནི་བསྐྱེད་པ་རྣམས། །ཐམས་ཅད་དམ་ཚིག་བཞིས་རྒྱས་བཏབ་ཞེས་པ་ནི་དཀྱིལ་འཁོར་དག་ནི་བསྐྱེད་པའི་ལྷ་རིགས་ལྔའི་དེ་ [143b] [143b.1]བཞིན་གཤེགས་པ་ལ་ཐམས་ཅད་ཕྱག་རྒྱ་བཞི་དང་ལྡན་པས་དམ་ཚིག་བཞི་རྒྱས་བཏབ་ཅེས་བྱའོ། །དེ་ལ་ཕྱག་རྒྱ་བཞི་ནི་སོ་སོའི་མཚན་དང་དཔེ་བྱད་ལ་སོགས་པའི་ཆ་ལུགས་ཀྱིས་སྐུའི་ངོ་བོར་གནས་པ་ཉིད་ཕྱག་རྒྱ་ཆེན་པོའོ། །ཡབ་ཡུམ་དང་ལྡན་ལ་ཡུམ་ཡབ་དང་ལྡན་པ་ནི་སོ་སོའི་དམ་ཚིག་ཡིན་ [143b.2]པས་སོ་སོའི་དམ་ཚིག་ཕྱག་རྒྱའོ། །དེ་གཉིས་གཉིས་སུ་མེད་པར་སྦྱོར་བའི་བདེ་བ་ཆེན་པོ་ཉམས་སུ་བླངས་པ་ནི་ཆོས་ཉིད་ཀྱི་ཕྱག་རྒྱའོ། །དེ་ལྟར་ཉམས་སུ་བླངས་ནས་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་ལས་སེམས་ཅན་ཇི་ལྟར་འདུལ་བ་དང་མཐུན་པར་སྐུ་སྤྲོ་ཤིང་དོན་མཛད་པ་ནི་ [143b.3]ལས་ཀྱི་ཕྱག་རྒྱའོ། །དེ་བཞི་དང་གོང་དུ་བསྟན་པ་བཞི་ཚུལ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་སྦྱོར་བས་མཉམ་བསྡུས་ན། །ཕྲ་མོའི་སྦྱོར་བ་བརྩམ་པར་བྱ་བ་ནི་གོང་དུ་བསྟན་པ་བཞིན་དུ་དཀྱིལ་འཁོར་དུ་ལྷ་རྣམས་བཀོད་ཅིང་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པར་བསྒོམས་ནས་ [143b.4]འོག་ནས་འབྱུང་བའི་ཚུལ་དུ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་ཞེས་པའི་དོན་ཏོ། །སྐབས་འདིར་ཕྲ་མོའི་ཏིང་ངེ་འཛིན་ཅིའི་ཕྱིར་བསྟན་ཞེ་ན། ཡོ་ག་ལ་སོགས་པའི་ཆོས་འོག་མ་རྣམས་ཀྱི་ཚུལ་ནི་ཏིང་ངེ་འཛིན་གྱི་འོག་ཏུ་བཟླས་པ་བྱ་བ་ཡིན་པས་དེ་དག་དང་མཐུན་པར་བསྟན་ཏོ། །དེ་ལྟར་དཀྱིལ་ [143b.5]འཁོར་བསྒོམ་པ་ནི་ཏིང་ངེ་འཛིན་ཡིན་པས་ཕྲ་མོའི་སྦྱོར་བ་ནི་བཟླས་པར་བསྟན་ཏོ། །ཡང་ན་ཡན་ལག་བཞི་བཞིར་ཕྱེ་བའི་སྒྲུབ་པ་ཆེན་པོའི་བསྙེན་པ་ཡིན་པས་འདི་ལྟར་བསྟན་ཏོ། །དེ་ལ་བཞི་བཞིར་ཞེས་པ་ནི། །ལུས་དང་ངག་ཡིད་རྡོ་རྗེ་ནི། །ཞེས་པ་ནས། བདག་ཉིད་རང་བཞིན་མེད་ [143b.6]མཐོང་ནས། །ཞེས་པའི་བར་དུ་ནི་བསྙེན་པའོ། །ཡི་གེ་རྣམ་པར་བསྒོམ་པར་བྱ། །ཞེས་པ་ནས། ཡི་གེ་འབྲུ་གསུམ་ཞུ་བར་བརྟག །ཅེས་པའི་བར་དུ་ནི་བསྙེན་པའི་ཉེ་བའི་བསྙེན་པའོ། །ཡེ་ཤེས་འོད་ཟེར་རྣམ་སྤྲོས་པས། །ཞེས་པ་ནས་དྷརྨྨ་དྷཱ་ཏུ་སྔགས་ཀྱི་བར་དུ་ནི་བསྙེན་པའི་ [143b.7]སྒྲུབ་པའོ། །བྱང་ཆུབ་སེམས་དེ་ཀུན་དུ་དག །ཅེས་པ་ནས། གཟུགས་ཀྱི་ངོ་བོར་རྣམ་པར་བསྒོམ། །ཞེས་པའི་བར་དུ་ནི་བསྙེན་པའི་སྒྲུབ་པ་ཆེན་པོའོ། །སྔགས་ཀྱི་སྐུ་ནི་མཐར་ཐུག་པ། །ཞེས་པ་ནས། དེ་ལྟར་དོན་ཀུན་རབ་ཞུགས་ནས། །ཞེས་པའི་བར་དུ་ནི་ཉེ་བའི་བསྙེན་ [144a] [144a.1]པའོ། །སངས་རྒྱས་ཀུན་བདག་གཙོ་བོ་ཞེས་པ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ཞེས་པ་ནི་ཉེ་བའི་བསྙེན་པའི་ཉེ་བའི་བསྙེན་པའོ། །དེ་ལྟར་བདག་ཉིད་བྱིན་བརླབས་པས། །ཞེས་པ་ནས། ཡི་གེ་མཆོག་སྟེ་དམ་པའི་བར་དུ་ནི་ཉེ་བའི་བསྙེན་པའི་སྒྲུབ་པའོ། ། [144a.2]དེ་ལྟར་གནས་སྐབས་དེར་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བར་བྱེད་པ་ནི་ཉེ་བའི་བསྙེན་པའི་སྒྲུབ་པ་ཆེན་པོའོ། །སྡོམ་པ་ལ་གནས་སྔགས་པ་ཡིས། །ཞེས་པ་ནས། ཁ་དང་པདྨ་ལ་ནི་དམིགས། །ཞེས་པའི་བར་དུ་ནི་སྒྲུབ་པའི་བསྙེན་པའོ། །ཧཱུཾ་ཞེས་པ་ནི་རྡོ་རྗེ་ [144a.3]སྦྱང་ཞེས་པ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཞེས་པའི་བར་དུ་ནི་སྒྲུབ་པའི་བསྙེན་པ་ཆེན་པོའོ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །ཞེས་པ་ནས། །སེམས་དེ་བཀུག་ནས་པད་བཞུགས་ལས། །ཞེས་པའི་བར་དུ་ནི་སྒྲུབ་པའི་སྒྲུབ་པའོ། །དེ་བཞིན་གཤེགས་པའི་རིགས་ཀུན་སྤྲོ། །ཞེས་ [144a.4]པ་ནས། །ཐམས་ཅད་དམ་ཚིག་བཞིས་རྒྱས་བཏབ། ཅེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའོ། །དེ་ལྟར་སྦྱོར་བ་མཉམ་བསྡུས་ནས། །ཞེས་པ་ནས། ལུས་དང་ངག་ཡིད་ནི་མཚོན་པའོ། །ཞེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའི་བསྙེན་པའོ། །དེ་ནས་སྤྲོ་བར་བྱ་བ་ནི། །ཞེས་པ་ནས། །བཟླས་པའི་ [144a.5]སྤྲོས་པ་བསྡུས་ནས་ནི། །ཞེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའི་ཉེ་བའི་བསྙེན་པའོ། །བསྒྲུབས་ནས་སེམས་དཔའ་བསྒྲུབ་པར་བྱ། །ཞེས་པ་ནས། རྡོར་སེམས་གསང་བའི་དངོས་གྲུབ་པོ། །ཞེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའི་སྒྲུབ་པ་ཆེན་པོའོ། །འཇིགས་ཤིང་སྐྲག་པའི་ཐུགས་ཀྱིས་ནི། ། [144a.6]ཞེས་པ་ནས། །རྡོ་རྗེ་སེམས་དཔར་དེ་འགྱུར་རོ། །ཞེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའི་ཡང་ཆེན་པོར་ཤེས་པར་བྱའོ། །སྣ་རྩེར་ཡུངས་ཀར་བསམས་ནས་ནི། །ཡུངས་ཀར་དེ་ནི་སྤྲོ་བར་བསྡུ། །ཞེས་པ་ནི་སེམས་སྦྱང་བའི་ཏིང་ངེ་འཛིན་བསྟན་ཏོ། །རྣལ་འབྱོར་པ་བདག་གི་སྣའི་རྩེ་མོར་ཡུངས་ཀར་ [144a.7]གཅིག་བསམ་ཞིང་དེ་མངོན་སུམ་དུ་མ་གྱུར་གྱི་བར་དུ་སེམས་དངོས་པོ་གཞན་ལ་མི་གཡེང་བ་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེ་ནས་རེག་པའམ་རེག་པའི་རྟགས་སམ་མཐོང་བའམ་མཐོང་བའི་རྟགས་མངོན་སུམ་དུ་གྱུར་པ་དང་སྤྲོ་ཞིང་བསྡུ་བར་བྱའོ། །དང་པོ་གཅིག་སྤྲོ་ཤིང་བསྡུས་པ་བཞིན་དུ་གཉིས་ནས་ [144b] [144b.1]བཅུ་དང་བརྒྱ་དང་སྟོང་དང་ཁྲི་དང་འབུམ་དང་བྱེ་བ་ལ་སོགས་པའི་གྲངས་དཔག་ཏུ་མེད་པའི་བར་དུ་སེམས་ཀྱིས་ལྕོགས་ཚད་སྤྲོ་ཞིང་བསྡུ་བར་བྱའོ། །དེ་ལྟར་སྤྲོས་ཤིང་བསྡུས་པ་བརྟན་པ་དང་། ཡུངས་ཀར་དེའི་ནང་དུ་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སོ་སོའི་བྱེ་བྲག་དང་ [144b.2]བཅས་པ་མ་འདྲེས་པར་བསམ་མོ། །དེ་ལྟར་གནས་པ་དེ་ཡང་མངོན་སུམ་དུ་གསལ་བར་མ་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །གསལ་བར་གྱུར་པ་དང་གོང་མ་བཞིན་དུ་གཅིག་ནས་དཔག་ཏུ་མེད་པའི་བར་དུ་སྤྲོ་ཞིང་བསྡུ་བས་སེམས་སྦྱངས་ལ་སྒྲུབ་པ་ལ་འཇུག་པར་བྱ་ཞེས་པའི་དོན་ཏོ། ། [144b.3]ཚད་མེད་ཡེ་ཤེས་གནས་ཐོབ་ཕྱིར། །གསང་བའི་ཡེ་ཤེས་བརྟགས་པའོ། །ཞེས་པ་ནི་དེ་ལྟར་སེམས་ལས་སུ་རུང་བའི་རྣལ་འབྱོར་པས་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་འཇིག་རྟེན་གྱི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པར་འདོད་ན་ [144b.4]ཐུན་མོང་མ་ཡིན་པ་དང་། ཐོབ་པར་དཀའ་བས་གསང་བའི་ཡེ་ཤེས་ཞེས་བྱ་སྟེ་འོག་ནས་འབྱུང་བའི་ཁ་དོག་ལྔ་པ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །ཁ་དོག་ལྔ་པ་རིན་པོ་ཆེ། །ཡུངས་ཀར་སྒོམ་པའི་ཚད་ཙམ་དག །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་ [144b.5]འབྱོར་པས་ནི་རྟག་ཏུ་བསྒོམ། །ཞེས་པ་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་པ་བསྟན་ཏོ། །བདག་གཟུངས་དང་རིན་པོ་ཆེའི་རིགས་ཀྱི་ལྷ་དང་ལྷ་མོའི་ཕྱག་རྒྱར་བསྒོམ་ཞིང་རྡོ་རྗེ་དང་པདྨར་ལྡན་པ་གཉིས་སུ་མེད་པར་བྱས་ལ་གོང་གི་ཡུངས་ཀར་བཞིན་དུ་ཡེ་ཤེས་ [144b.6]ལྔའི་འོད་ཟེར་འབར་བ་ཡུངས་ཀར་ལས་ཅུང་ཟད་ཆེ་བ། བདག་གི་སྣའི་རྩེ་མོར་སེམས་མི་གཡེང་བར་བསྒོམ་པར་བྱའོ། །བརྟན་པར་གྱུར་ནས་རིན་ཆེན་སྤྲོ། བརྟན་པར་མ་གྱུར་ཡོང་མི་སྤྲོ། །ཞེས་པ་ནི་གོང་མ་ལྟར་མངོན་སུམ་དུ་མ་གྱུར་པར་སྤྲོ་བར་མི་བྱ་ཞེས་པའི་དོན་ཏོ། །དེ་ལ་ [144b.7]སྤྲོ་བའི་ཚུལ་ནི་གསལ་བར་མངོན་སུམ་དུ་གྱུར་པ་དང་། སྣའི་བུ་ག་ནས་འདས་ཤིང་སྙིང་གར་གནས་པའི་སྣའི་རྩེ་མོར་བྱུང་ཞིང་སླར་འདས་ནས་ཐུགས་ཀར་གནས། ཐུགས་ཀ་ནས་གསང་བའི་རྡོ་རྗེར་གནས། གསང་བའི་རྡོ་རྗེ་ནས་ཡེ་ཤེས་སེམས་དཔའི་པདྨར་གནས། པདྨ་ནས་ཐུགས་ [145a] [145a.1]ཀར་རོ། །ཐུགས་ཀ་ནས་སྣའི་རྩེ་མོར་རོ། །སྣའི་རྩེ་མོ་ནས་བདག་གི་སྙིང་གར་རོ། །བདག་གི་སྙིང་ག་ནས་གསང་བའི་རྡོ་རྗེར་རོ། །གསང་བའི་རྡོ་རྗེ་ནས་གཟུངས་ཀྱི་པདྨར་རོ། །པདྨ་ནས་སྙིང་གར་རོ། །སྙིང་ག་ནས་སྣའི་རྩེ་མོར་རོ། །སྣའི་རྩེ་མོ་ནས་ཕྱོགས་ [145a.2]བཅུའི་འཇིག་རྟེན་གྱི་ཁམས་སུ་སྤྲོ་ཞིང་སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐངས་ནས་དང་པོའི་གནས་སུ་སླར་བསྡུ་བར་བྱ་བའོ། །སངས་རྒྱས་འོད་འབར་ལྟ་བུ་ཡི། །སྤྲིན་གྱི་མཆོག་ནི་སྤྲོ་བར་བྱ། །ཞེས་པ་ནི་དེ་ལྟར་སྤྲོས་ཤིང་སླར་བསྡུས་པའི་སྣའི་རྩེ་མོར་གནས་པའི་རིན་པོ་ཆེ་ [145a.3]ལས་འོད་ཟེར་དང་། འོད་ཀྱི་དཀྱིལ་འཁོར་དང་ལྡན་ཞིང་མཚན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་གྱིས་སྤྲས་པའི་སྐུ་མངོན་སུམ་པ་ལྟ་བུའི་རིན་པོ་ཆེའི་རིགས་ཀྱི་ལྷ་དང་ལྷ་མོའི་སྐུ་ཕྲ་མོ་གོང་གི་རིན་པོ་ཆེ་ཙམ་མམ། རིན་པོ་ཆེ་བས་ཅུང་ཟད་ཆེ་བ་གྲངས་མེད་པ་སྤྲིན་བཞིན་དུ་གོང་མའི་ [145a.4]ཚུལ་དུ་སྤྲོ་བར་བྱ་བའི་དོན་ཏོ། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་ཚད་ཙམ་ནན་ཏན་དུ། །སྣ་ཡི་རྩེ་མོར་རྣམ་པར་བསམ། །ཞེས་པ་ནི་རྡོ་རྗེའི་རིགས་ཀྱི་ཕྲ་མོའི་སྦྱོར་བ་བསྟན་ཏེ། བདག་དང་གཟུགས་ཀྱི་རྡོ་རྗེའི་རིགས་ཀྱི་ལྷ་དང་ལྷ་མོའི་ཚུལ་དུ་གོང་མ་ [145a.5]བཞིན་དུ་གནས་ལ། རྡོ་རྗེ་རྩེ་མོ་ལྔ་པ་རིན་པོ་ཆེ་བཻ་ཌཱུཪྻའི་མདོག་འདྲ་བ་ཡེ་ཤེས་ལྔའི་རང་བཞིན་ཁ་དོག་ལྔའི་འོད་འཕྲོ་བ་ནས་ཆེ་བ་ཙམ་གྱི་ཚད་བདག་གི་སྣའི་རྩེ་མོར་བསམས་ལ་སྤྲོ་བསྡུའི་ཚུལ་གོང་མ་བཞིན་ནོ། །འཁོར་ལོ་ལ་སོགས་བྱེ་བྲག་དག །དེ་ལྟར་བསྒོམས་པར་བརྟག་པ་སྟེ། ། [145a.6]ཞེས་བྱ་བ་ནི་གོང་གི་རིན་པོ་ཆེ་དང་རྡོ་རྗེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་དང་། པདྨོའི་རིགས་དང་། ལས་ཀྱི་རིགས་བསྒོམས་ན་ཡང་འཁོར་ལོ་དང་པདྨ་དང་། རལ་གྲི་ཆེ་ཆུང་སྲན་མ་ཙམ་སོ་སོའི་ཁ་དོག་དང་ལྡན་པ། ཡེ་ཤེས་ལྔའི་རང་བཞིན་འོད་འཕྲོ་བ་གོང་མ་བཞིན་དུ་སྣའི་རྩེ་ [145a.7]མོར་བསམ་ཞིང་སྤྲོ་བསྡུ་ལ་སོགས་པ་བྱ་བའི་དོན་ཏོ། །རྡོ་རྗེ་འཁོར་ལོ་སྤྲིན་ཆེན་པོས། །པདྨ་འཛིན་ཅིང་མཚོན་ཆ་འཛིན། །ཞེས་པ་ནི་རྡོ་རྗེ་ནི་ཞེ་སྡང་རྡོ་རྗེའིའོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱིའོ། །པདྨ་ནི་སྣང་བ་མཐའ་ཡས་ཀྱིའོ། །མཛོད་ནི་རལ་གྲི་སྟེ་དོན་ཡོད་གྲུབ་པའིའོ། ། [145b] [145b.1]དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཕྱག་མཚན་དུ་འཛིན་པས་མཚོན་ཆ་འཛིན་ཞེས་དེ་རྣམས་ལ་བྱ། དེ་ལ་ཅི་ལྟར་རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་རིན་པོ་ཆེ་སྤྲོས་ནས་བརྟན་ཞིང་གསལ་བར་གྱུར་པ་དང་། དེའི་རིགས་ཀྱི་ལྷ་དང་ལྷ་མོའི་སྐུ་ཕྲ་མོའི་སྤྲོ་བསྡུ་བྱས་པ་དེ་བཞིན་དུ། རྡོ་རྗེ་ [145b.2]ལ་སོགས་པའི་ཕྱག་མཚན་རྣམས་རིམ་པ་བཞིན་དུ་སྤྲོས་ཤིང་བསྡུས་པ་ལས་གསལ་བར་གྱུར་པ་དང་། སོ་སོའི་རིགས་ཀྱི་ལྷ་དང་། ལྷ་མོའི་སྐུ་ཕྲ་མོ་སྤྲིན་བཞིན་དུ་སྤྲོ་བར་བྱ་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་པོ། །སྤྲོ་བའི་བདག་ཉིད་སྤྲོ་བར་བྱ། །ཞེས་པ་ནི་ཅི་ལྟར་ [145b.3]རིགས་ལྔའི་དེ་བཞིན་གཤེགས་པའི་ཕྱག་མཚན་དང་། སྐུ་ཕྲ་མོ་སྤྲོས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་སེམས་མ་རྣམས་སྤྲོ་བར་བྱའོ། །དེ་བཞིན་དུ་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱང་ཤེས་པར་བྱའོ། །སྤྲོ་བའི་བདག་ཉིད་ནི་ཡུངས་ཀར་ལ་སེམས་སྦྱངས་ཤིང་ལས་སུ་རུང་བར་བྱས་པའི་ [145b.4]རྣལ་འབྱོར་པ་ཉིད་དོ། །བྱང་ཆུབ་ཚད་མེད་སྒྲུབ་འགྱུར་ཞིང་། །ཡོན་ཏན་གནས་རྣམས་ཐམས་ཅད་འགྲུབ། །ཅེས་པ་ནི་དེ་ལྟར་ཕྲ་མོའི་སྦྱོར་བ་བསྒོམས་པའི་ཡོན་ཏན་ཏེ། དེ་ལ་བྱང་ཆུབ་ཚད་མེད་པ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་ [145b.5]བཞིན་དུ་གྱུར་པའོ། །ཡོན་ཏན་གནས་རྣམས་ནི་འཇིག་རྟེན་གྱི་དངོས་གྲུབ་སྟེ། དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་དང་། རིག་པའི་གནས་ལྔ་རྣམས་མ་བསླབས་ཤིང་མ་བཙལ་བར་འཐོབ་པའི་དོན་ཏོ། །མདོར་ན་དེ་ལྟར་བསྐྱེད་བྱས་ན། །སངས་རྒྱས་བྱང་ཆུབ་རབ་ཏུ་གནས། །ཞེས་པ་ [145b.6]ནི་དེ་ལྟར་བསྒོམས་ཤིང་བསྒྲུབས་ན་ཚེ་འདི་ཉིད་ལ་སངས་རྒྱས་ནི་དཔལ་རྡོ་རྗེ་སེམས་དཔའ། བྱང་ཆུབ་ནི་དེའི་སྐུ་གསུང་ཐུགས། རབ་ཏུ་གནས་པ་ནི་བདག་གི་ལུས་ངག་ཡིད་གསུམ་དེའི་རང་བཞིན་དུ་གྱུར་པའི་དོན་ཏོ། །ཆོས་ཀྱི་གནས་ནི་འབྱུང་འགྱུར་ཏེ། །ཞེས་པ་ནི་དེ་ལྟར་ཆོས་ཀྱི་དབྱིངས་ [145b.7]ཀྱི་རང་བཞིན་དུ་གྱུར་པས་སྔོན་གྱི་སྨོན་ལམ་གྱི་མཐུས་སེམས་ཅན་གྱི་དོན་དུ་སྣ་ཚོགས་སུ་སྣང་བར་འགྱུར་བའི་དོན་ཏོ། །ལུས་དང་ངག་ཡིད་མཚོན་པ་ནི་དེ་ལྟར་སྐུ་གསུང་ཐུགས་ཐོབ་པས་ཀུན་རྫོབ་ཏུ་སེམས་ཅན་གྱི་མོས་པ་དང་མཐུན་པར་སྒོ་གསུམ་གྱི་བྱེ་བྲག་བསྟན་པའོ། །དེ་ནས་སྤྲོ་བར་ [146a] [146a.1]བྱ་བ་ནི་རྡོ་རྗེའི་བྱེ་བྲག་གྲངས་མེད་དེ། །ཞེས་པ་ནི་དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་སོ་སོར་ཡང་ནས་ཡང་དུ་སྤྲོས་ཤིང་མངོན་སུམ་དུ་གྱུར་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དུས་གཅིག་ཏུ་གྲངས་མེད་པར་སྤྲོ་བའོ། །ཏིལ་གང་བཞིན་དུ་མཁའ་བཀང་ནས། ། [146a.2]རྡོ་རྗེ་བཟླས་པ་བརྩམ་པར་བྱ། །ཞེས་པ་ནི་དེ་ལྟར་སྤྲོས་པས་སེམས་ཅན་གྱིས་ལྕོགས་ཐོང་གི་ནམ་མཁའི་ཁམས་སུ་ཏིལ་གྱི་གང་བུ་ལ་ཏིལ་འདུག་པ་བཞིན་དུ་ལྷ་དང་ལྷ་མོས་ཁྱབ་པར་དམིགས་ལ་འོག་ནས་འབྱུང་བའི་བཟླས་པ་བྱ་ཞེས་པའི་དོན་ཏོ། །བཟླས་མཐར་སངས་རྒྱས་ [146a.3]ཡེ་ཤེས་ཀྱི། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། །ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ཡེ་ཤེས་ནི་སྐུ་གསུང་ཐུགས་སོ། །དེ་ཡང་མ་བསྐྱེད་པའི་རང་བཞིན་པས་རྡོ་རྗེ་མི་ཕྱེད་ཅེས་བྱའོ། །དེ་གསུམ་གྱི་གོང་དུ་བསྐྱེད་པའི་ཕྲ་མོ་རྣམས་ལ་བྱིན་གྱིས་བརླབ་ཅེས་པའི་དོན་ཏོ། ། [146a.4]རྡོ་རྗེ་བཟླས་པའི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབ། །ཅེས་པ་ནི་དེ་ལྟར་བསྒོམ་པ་ནི་རྡོ་རྗེ་བཟླས་པ་ཡིན་ལ། དེ་བསྒོམས་པས་སངས་རྒྱས་མི་བསྐྱོད་པ་ལ་སོགས་མངོན་སུམ་དུ་འབྱུང་ཞིང་བདག་ལ་དབང་བསྐུར་ནས་སངས་རྒྱས་ཀྱི་འབྲས་བུར་བྱིན་གྱིས་བརླབ་པར་ [146a.5]འགྱུར་བའི་དོན་ཏོ། །དུས་གསུམ་སངས་རྒྱས་ཀུན་འབྱུང་བ། སྐུ་གསུང་ཐུགས་ནི་རྡོ་རྗེ་ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཀྱང་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་བསྒོམས་ནས་གྲུབ་པ་ཡིན་ཞེས་པའི་དོན་ཏོ། །རྡོ་རྗེ་གསང་སྔགས་བྱིན་རླབས་ཀྱིས། །མཚུངས་པ་མེད་ [146a.6]པའི་ཡེ་ཤེས་འཐོབ། །ཅེས་པ་ནི་རྡོ་རྗེ་གསང་སྔགས་ནི། ཨོཾ་དད་ཨཱཿདང་ཧཱུཾ་གསུམ་མོ། །དེ་གསུམ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པས་ན་དེ་གསུམ་བརྗོད་ཅིང་སོ་སོའི་ཁ་དོག་གསལ་བར་དམིགས་ནས་ཕྱག་རྒྱ་བསྐྱེད་པ་དང་བྱིན་གྱིས་བརླབ་པ་ལ་ [146a.7]སོགས་པ་བྱས་ན་འཇིག་རྟེན་ན་དཔེ་ཟླ་མེད་པའི་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་འཐོབ་པའི་དོན་ཏོ། །གསང་སྔགས་དོན་ཀུན་བཟླས་པ་ནི། །རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན། །རྡོ་རྗེ་མི་ཕྱེད་གསུམ་རྫོགས་པར། །འདི་དམིགས་རྡོ་རྗེ་གསུམ་ཞེས་བྱ། །ཞེས་པ་ནི་ཕྱག་རྒྱ་གང་སྒོམ་ཡང་ [146b] [146b.1]གོང་གི་ཡི་གེ་གསུམ་ལས་བསྐྱེད་ལ་དེ་ཡང་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་པས་ལྷ་ཐམས་ཅད་སྐུ་གསུང་ཐུགས་གསུམ་དང་ལྡན་པས་རྡོ་རྗེ་གསུམ་ཞེས་བྱའོ། །སངས་རྒྱས་ཀྱི་ནི་སྐུ་གསུང་ཐུགས། །རྡོ་རྗེ་ཡེ་ཤེས་བསྒོམས་ནས་ནི། །ཞེས་པ་ནི་དུས་གསུམ་གྱི་སངས་ [146b.2]རྒྱས་ཀྱི་སྐུ་གསུང་ཐུགས་གཟོད་མ་ནས་མི་འགྱུར་བའི་ཕྱིར་རྡོ་རྗེ་ཡེ་ཤེས་སོ། །བདག་རྣལ་འབྱོར་པ་གཟུགས་དང་། གཉིས་པ་དེའི་རང་བཞིན་དུ་བསྒོམས་ལ་མཆོད་པ་སྤྲོ་ཞེས་པའི་དོན་ཏོ། །མཆོད་པའི་མཆོག་ནི་བརྟག་བྱས་ན། །འདི་ནི་བྱང་ཆུབ་མཚུངས་པར་འགྱུར། །ཞེས་པ་ནི་ [146b.3]དེ་ལྟར་གནས་ནས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་མཆོད་པ་སྣ་ཚོགས་ཀྱི་རང་བཞིན་དུ་གྱུར་ནས་ཏིལ་གྱི་གང་བུ་ལ་ཏིལ་གནས་པ་བཞིན་དུ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་སངས་རྒྱས་རྣམས་ལ་མཆོད་ཅིང་དགྱེས་པར་བསམས་ན་དེ་རྣམས་དང་འདྲ་བར་འགྱུར་བའི་དོན་ [146b.4]ཏོ། །སྐུ་གསུང་ཐུགས་ནི་མངོན་སུམ་དུ། །ཆོ་ག་གསུམ་གྱིས་སྤྲོ་བར་བྱ། །བཟླས་པ་རྡོ་རྗེ་འདི་ཡིས་ནི། །རྡོ་རྗེ་གསུམ་གྱི་ཐུགས་འདྲར་འགྱུར། །ཞེས་པ་ནི་གོང་གི་དཀྱིལ་འཁོར་འདོན་པའི་ཚུལ་དུ་བྱང་ཆུབ་ཀྱི་སེམས་ལས་ཆོ་ག་གསུམ་གྱིས་ཕྱག་རྒྱ་བསྐྱེད་ལ་གོང་དུ་སྤྲོ་བའི་ [146b.5]རིམ་པ་བསྟན་པ་བཞིན་དུ་སྤྲོས་པ་ནི་བཟླས་པ་རྡོ་རྗེའོ། །དེ་ལྟར་སྤྲོས་པའི་ཡོན་ཏན་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་གསུམ་ནི་རྡོ་རྗེ་གསུམ་མོ། །དེ་རྣམས་ཀྱི་ཐུགས་ཀྱི་རང་བཞིན་དུ་བདག་འགྱུར་བའི་དོན་ཏོ། །ཡང་ན་སྤྲོ་བར་བྱ་བ་ནི། །སོ་སོའམ་གསུམ་གྱི་བྱེ་ [146b.6]བྲག་གིས། །སྐུ་གསུང་ཐུགས་ནི་བདག་མེད་པར། །ཡེ་ཤེས་སེམས་ནི་སྤྲོ་བར་བྱ། །ཞེས་པ་ནི་དེ་ལྟར་ཕྱག་རྒྱ་ལ་སོགས་པ་སྤྲོ་བ་ལ་མ་མོས་པའམ་མ་ལྕོགས་པ་ཡོད་པ་ན་བདག་གི་ལུས་ངག་ཡིད་གསུམ་དང་། །འཕགས་པའི་སྐུ་གསུང་ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་སོ་སོའི་བྱེ་ [146b.7]བྲག་ཏུ་དོན་དམ་པའི་རང་བཞིན་སྟོང་པ་ཉིད་དུ་དམིགས་ལ་དེའི་དོན་ལ་གནས་པར་བྱ་སྟེ། ཇི་ལྟར་གནས་པ་དེ་བཞིན་དུ་དུས་གསུམ་གྱི་སེམས་ཅན་ཡང་དམིགས་པ་ནི་སྤྲོ་བའོ། །སྔགས་ཀྱི་ཡི་གེ་གནས་ཐོབ་ནས། །རང་གི་རྡོ་རྗེ་དཀྱིལ་འཁོར་ལས། ཞེས་པ་ནི་ལྷ་གང་ཡང་རུང་བའི་ས་བོན་གྱི་ [147a] [147a.1]ཡི་གེ་ལས་བསྐྱེད་ཅིང་གཟུངས་དང་བཅས་པར་གནས་ལ། དེ་ཉིད་ཀྱི་དཀྱིལ་འཁོར་ཕྲ་མོའི་ཚུལ་དུ་སྤྲོ་ཞིང་བསྡུ་བ་ཡང་བཟླས་པ་ཡིན་ནོ། །ཁྲོ་བོ་དམ་ཚིག་ཡེ་ཤེས་ཀྱིས། །རང་གི་རྡོ་རྗེ་དཀྱིལ་འཁོར་དུ། །སྔགས་ཀྱི་ཡི་གེའི་སྒྲ་སྒྲོགས་པ། །དེ་ནི་ཁྲོ་བའི་བཟླས་ [147a.2]པ་ཡིན། །ཞེས་པ་ནི་ཁྲོ་བོ་གང་སྒོམ་ཡང་རུང་བ་བསྐུལ་ཞིང་ས་བོན་ལས་ཕྱག་རྒྱར་བསྐྱེད་ཅིང་ཁྲོ་བོ་དང་གཉིས་སུ་མེད་པར་གནས་ལ་གོང་དུ་བསྟན་པའི་ཚུལ་དུ་ཁྲོ་བོ་དང་ཁྲོ་མོའི་སྐུ་ཕྲ་མོ་རང་གི་སྔགས་ཧཱུཾ་ཕཊ་ལ་སོགས་པ་སྒྲོགས་ཤིང་སྤྲོས་པའི་ཁྲོ་བའི་བཟླས་པ་ཡིན་ཞེས་བྱ་བའི་དོན་ཏོ། ། [147a.3]བསྐྱེད་པ་རྡོ་རྗེ་ཀུན་དུ་སྤྲོ། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། ཞེས་པ་ནི་ལྷ་གང་སྒོམ་ཡང་རུང་གཉིས་སུ་མེད་པའི་ཚུལ་དུ་བསྐྱེད་པའི་སྐུ་རྣམས་ཕྱོགས་ཐམས་ཅད་དུ་སྤྲོས་ནས་སེམས་ཅན་གྱི་དོན་གདུལ་བྱ་དབང་དུ་རྫོགས་པར་བྱ་བ་ནས། བསྡུ་བར་བྱ་བའི་བར་མ་རྫོགས་པས་མ་ཡིན་ཞེས་པའི་ [147a.4]དོན་ཏོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །བཟླས་པར་གསུངས་པ་དོན་དམ་པ། །ཞེས་པ་ནི་དེ་ལྟར་སྒོམ་ཞིང་སྤྲོ་བསྡུ་བྱེད་པ་ནི་ཡོ་ག་ལ་སོགས་པའི་ནང་ནས་སྔགས་ཀྱི་ཡི་གེའི་སྒྲ་བཟླས་པ་ན་ཡང་དག་པ་མ་ཡིན་ལ། ཡང་དག་པའི་བཟླས་པའི་ཚུལ་ནི་འདི་ཉིད་ཡིན་ནོ་ཞེས་དུས་གསུམ་གྱི་ [147a.5]སངས་རྒྱས་ཀྱིས་གསུངས་པའི་དོན་ཏོ། །ཆོས་ངག་ཕྱག་རྒྱ་གླུར་བླངས་པ། །རྡོ་རྗེ་ཚིག་ཏུ་སྦྱར་བ་ནི། །ཡང་ན་མོས་པའི་དབང་གིས་ཆོས། །ངག་གི་ཕྱག་རྒྱ་རྡོ་རྗེ་ནི། །ཧཱུཾ་ལ་སོགས་པ་བཟླས་པར་འདོད་ན་ཡང་རྡོ་རྗེ་ཚིག་ཏུ་བྱའོ། །དེ་ནི་གསལ་བར་གསང་བའི་ཚིག །རྡོ་རྗེ་ཚིག་ནི་སྐད་གདངས་ [147a.6]མེད། །ཅེས་པ་ནི་རྡོ་རྗེ་ཚིག་ཏུ་སྦྱོར་བའི་དོན་ཏོ། །དེ་ཡང་ཧཱུཾ་བཛྲ་དྷྲྀ་ཀ་ལ་སོགས་པའི་སྔགས་ཀྱི་ཚོགས་ཀྱི་ཡི་གེ་རྣམས་སོ་སོའི་ཁ་དོག་དང་དབྱིབས་གསལ་བར་བསྒོམ་ཞིང་སེམས་ཀྱིས་བཟླས་པའི་དོན་ཏོ། །བཟླས་པ་སྤྲོས་པ་བསྡུས་ནས་ནི། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །ཞེས་ [147a.7]པ་ནི་དེ་ལྟར་སྦྱོར་བས་བསྒོམས་ཤིང་བསྒྲུབས་ནས་ནི། །དེ་མངོན་དུ་གྱུར་པ་དང་། རྡོ་རྗེ་སེམས་དཔའ་གཙོར་བསྟེན་ཏེ་གང་ལ་མོས་པའི་ལྷ་བསྒྲུབ་པར་བྱ་ཞེས་པའི་དོན་ཏོ། །དེ་ཡང་ཡན་ལག་བཞིའི་སྒོ་ནས་བསྒྲུབས་ནས་གོང་དུ་བསྟན་པའི་ཚུལ་དུ་ཞག་བདུན་གྱི་བར་དུ་སྒྲུབ་པ་ཆེན་པོའི་ཚུལ་ [147b] [147b.1]བཞིན་དུ་བྱས་ནས་འབྲས་བུ་འཐོབ་པར་འགྱུར་བའི་དོན་ཏོ། །གལ་ཏེ་རྒྱལ་པོ་མ་གྲུབ་ན། །དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ། །ཞེས་པ་ནི། དེ་ལྟར་བསྒྲུབས་ནས་བག་ཆགས་མ་བྱང་བའི་དབང་གིས་འབྲས་བུ་མ་ཐོབ་ན་ཡིད་འབྱུང་ཞིང་མི་སྤང་བར་བསྐུལ་བའི་ཚུལ་དུ་ལེ་ལོ་མེད་པར་འབད་ [147b.2]པའི་སྒོ་ནས་ཡང་ཞག་བདུན་གྱི་བར་དུ་བསྒྲུབ་པར་བྱ་ཞེས་པའི་དོན་ཏོ། །དེ་ཡང་རྣམ་པ་གཉིས་ཏེ། ཕྱག་མཚན་རྡོ་རྗེའི་སྒོ་ནས་བསྐུལ་བ་དང་། ཁྲོ་བོའི་སྒོ་ནས་བསྐུལ་བའོ། །དེ་ལ་ཕྱག་མཚན་གྱི་སྒོ་ནས་བསྐུལ་བ་ནི། རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །ཆོ་ག་བཞིན་དུ་རྟག་བསྒོམས་ཏེ། །སྙིང་ [147b.3]ག་དག་ཏུ་བརྡེག་པ་ཡིས། །རྡོ་རྗེ་སེམས་དཔའ་བསྐུལ་བར་བྱ། །ཞེས་པ་ནི། ཕྱག་རྒྱ་ཆེན་པོར་གནས་པའི་ལག་མཐིལ་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ལྔ་འཕྲོ་བར་བསྒོམས་ལ་རྡོ་རྗེ་སེམས་དཔའ་འམ་གང་སྒྲུབ་པའི་ལྷའི་སྐུ་མདུན་དུ་དམིགས་ལ་དེའི་སྙིང་གར་བརྡེག་པའི་ཚུལ་དུ་ [147b.4]བསམ་ཞིང་གོང་གི་སྦྱོར་བ་བྱ་ཞེས་པའི་དོན་ཏོ། །ཡང་ན་རང་གི་དམ་ཚིག་ཁྲོ། །ཞེས་པ་ལ་སོགས་པས་ཁྲོ་བོའི་སྒོ་ནས་བསྐུལ་བ་བསྟན་ཏེ། དེ་ཡང་རང་མོས་པའི་ཁྲོ་བོ་འམ་གང་སྒྲུབ་པའི་ལྷའི་རིགས་ཀྱི་ཁྲོ་བོ་གང་ཡང་རུང་བ་གཉིས་སུ་མེད་པའི་ཚུལ་གྱིས་ཧཱུཾ་ལས་བསྐྱེད་ལ། ཕྱག་ [147b.5]གཡོན་གྱི་དང་པོས་ལྕགས་ཀྱུ་འཛིན་པ། གཡས་ཀྱི་དང་པོས་རྡོ་རྗེ་འཛིན་པ། ཕྱི་མ་བཞི་ལ་རང་གི་ཕྱག་མཚན་འཛིན་པ། །ཁྲོ་བོའི་ཆ་ལུགས་དང་ལྡན་པ་དེ་སངས་རྒྱས་ཀྱི་བདག་པོ་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དཔལ་རྡོ་རྗེ་སེམས་དཔའ་འོག་མིན་གྱི་གནས་ནས་ལོངས་སྤྱོད་རྫོགས་ [147b.6]པའི་སྐུའི་རང་བཞིན་དུ་གནས་པ་དེར་ཁྲོ་བོ་དེ་གཏང་བར་བྱ་བའི་དོན་ཏོ། །ཁྲོས་པས་སྙིང་ཀར་བརྡེག་བྱ་ཞིང་། །ཁྲོ་བོའི་ཚིག་གིས་བསྐུལ་བར་བྱ། །ཞེས་པ་ནི། ཁྲོ་བོ་དེ་རྡོ་རྗེ་སེམས་དཔའི་སྤྱན་སྔར་ཕྱིན་ནས་ལྕགས་ཀྱུས་བཟུང་ནས་རྡོ་རྗེས་བརྡེག་ཅིང་འོག་གི་ཚིག་རྣམས་ཀྱིས་བསྐུལ་ [147b.7]བར་བྱ་བའི་དོན་ཏོ། །ཆེ་གེ་ཞེས་བྱ་རྡོ་རྗེ་ཆེ། །ཁྱོད་ནི་བསྐུལ་བར་གནས་པ་སྟེ། ཞེས་པ་ནི་ཁྲོ་བོས་རྣལ་འབྱོར་པའི་མིང་ཕྱུང་ནས་འདིས་ཁྱོད་ཚུལ་བཞིན་དུ་སྒྲུབ་པར་གནས་ཞེས་པའི་དོན་ཏོ། །དེ་ལྟར་རྟག་ཏུ་ཁྱེད་ལ་གུས། །འདི་ནི་དམ་ཚིག་བསྲུང་བའི་མཆོག །ཅེས་པ་ནི་དེ་ [148a] [148a.1]ལྟར་ཚུལ་བཞིན་དུ་སྒྲུབ་པ་ཡང་ཡིན་ལ་ཐེག་པ་འོག་མ་ལ་མོས་པ་ཡང་མ་ཡིན་ཞིང་ཆོས་ཀྱི་ཚུལ་འདི་ཉིད་ལ་མོས་ཤིང་ཡིད་ཆེས་པ་ཡིན་ཏེ། སྐུ་གསུང་ཐུགས་ལ་སོགས་པའི་དམ་ཚིག་རྣམས་ཀྱང་མི་སྲུང་བ་མ་ཡིན་ལ་ཚུལ་བཞིན་སྲུང་བས་བསྲུང་བའི་མཆོག་གོ། [148a.2]དབང་བསྐུར་རྗེས་སུ་གནང་བ་སྟེ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་ཡང་དབང་བསྐུར་བ་དང་གནང་བ་མེད་པས་དངོས་གྲུབ་མི་སྩོལ་ཞེ་ན་ཡང་དེ་ལྟ་བུ་མ་ཡིན་ཏེ། ཚུལ་བཞིན་དུ་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་དང་། གནང་བ་བྱིན་པ་ཡིན་པས་དེ་ལ་དངོས་གྲུབ་སྩོལ་ཞེས་པ་དང་འབྲེལ་ཏོ། །འདི་ [148a.3]ནི་རྡོ་རྗེའི་ཚུལ་མཆོག་སྟེ། ཞག་བདུན་བར་དུ་བྱས་ནས་ཞེས་པ་ནི་དེ་ལྟར་ཞག་བདུན་གྱི་བར་དུ་བསྐུལ་བའི་ཆོས་གང་འདིའི་ཚུལ་བཞིན་དུ་བྱས་པས་འོག་ནས་འབྱུང་བའི་ཡོན་ཏན་འཐོབ་པར་འགྱུར་བའི་ཐབས་ཀྱི་དམ་པ་ཡིན་པས་རྡོ་རྗེ་ཚུལ་མཆོག་གོ། །ལུས་དང་ངག་ཡིད་འགྲུབ་འགྱུར་ཏེ། །རྡོ་རྗེ་གསང་ [148a.4]བའི་དངོས་གྲུབ་བོ། །ཞེས་པ་ནི་རང་གི་ལུས་ངག་ཡིད་གསུམ་ཐུན་མོང་མ་ཡིན་པའི་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་འདྲ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པའོ། །འཇིགས་ཤིང་སྐྲག་པའི་ཐུགས་ཀྱིས་ནི། །མཆོག་སྦྱིན་མགོན་པོས་གཟིགས་མཛད་དེ། །ཆོས་ཤེས་སེམས་དང་དགའ་ [148a.5]བ་ནི། །དངོས་གྲུབ་ཆེན་པོ་སྩོལ་བར་མཛད། །ཅེས་བྱ་བ་ནི་ཁྲོ་བོ་དེ་ལྟར་ཚིག་གིས་བསྐུལ་མ་ཐག་ཏུ་དཔལ་རྡོ་རྗེ་སེམས་དཔའ་འཇིགས་ཤིང་སྐྲག་པའི་ཚུལ་དུ་སྒྲུབ་པོའི་མདུན་དུ་བྱོན་པ་འམ་དགོངས་པར་མཛད་ཅེས་པའོ། །འཇིགས་ཤིང་སྐྲག་པ་མི་མངའ་ཡང་དམ་ཚིག་ལས་མི་འདའ་བར་ [148a.6]བསྟན་པ་དང་སྤྲོ་བ་བསྐྱེད་པའི་དོན་ཏོ། །སེམས་དང་དགའ་བ་ནི་མདུན་དུ་བྱོན་ནས་ཅི་འདོད་ཅེས་འདྲི་ཞིང་འདོད་པ་བཞིན་དུ་སྐུ་གསུང་ཐུགས་ལ་སོགས་པ་མཛད་ཅེས་པའི་དོན་ཏོ། །རྡོ་རྗེ་གསུམ་འབྱུང་འདྲ་བར་ནི། །འདིས་ནི་བྱང་ཆུབ་འཐོབ་པར་འགྱུར། །ཞེས་པ་ནི་དེ་ལྟར་བསྒྲུབས་ [148a.7]པས་དུས་གསུམ་གྱི་སྐུ་གསུང་ཐུགས་ལས་བྱུང་བ་དཔལ་རྡོ་རྗེ་སེམས་དཔའ་འདྲ་བར་བྱང་ཆུབ་པར་འགྱུར་བའི་དོན་ཏོ། །རྒྱལ་བ་བྱང་ཆུབ་རྒྱ་མཚོ་ཡི། །རྡོ་རྗེ་སེམས་དཔར་དེ་འགྱུར་རོ། །ཞེས་པ་ནི་དེ་ཉིད་ཡང་བསྟན་ཏེ། དུས་གསུམ་གྱི་རྒྱལ་བ་ཡེ་ཤེས་རྒྱ་མཚོ་དང་འདྲ་བར་དཔག་ཏུ་མེད་པ་མངའ་ [148b] [148b.1]བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འཐོབ་པར་འགྱུར་བའོ། །སྤྱན་ལ་སོགས་པའི་ལྷ་མོ་ཡིས། །བྲལ་བའི་ཆ་ལུགས་ཇི་བཞིན་དུ། །ཞེས་པ་ལ་སོགས་པས་ནི་དཀྱིལ་འཁོར་བསྡུ་བའི་ཚུལ་བསྟན་ཏོ། །དེ་ལ་སྤྱན་ལ་སོགས་པ་ནི། ལོ་ཙ་ན་དང་། [148b.2]མཱ་མ་ཀཱི་དང་། པཎྜ་ར་བ་སི་དང་། ཏཱ་ར་དེ་བ་དང་བཞིའོ། །བྲལ་བའི་ཆ་ལུགས་ནི་ཡབ་དང་གཉིས་སུ་མེད་པའི་བདེ་བ་ལས་བྲལ་བའི་ཚུལ་གྱིས་བལྟ་ཞིང་། བསྐུལ་བ་དག་ཏུ་རྣམ་པར་བསམ། །ཞེས་པར་འབྲེལ་ཏོ། །དེ་ལ་གང་ལ་བལྟ་ཞིང་བསྐུལ་ཞེ་ན་རྡོ་རྗེ་སེམས་དཔའ་ལའོ། ། [148b.3]དེ་ཡང་ཡོན་ཏན་ཅི་ལྟ་བུའི་ཡོན་ཏན་དང་ལྡན་པ་ཞིག་ཅེ་ན། བདེ་བ་མཆོག་ལ་བཞེས་པ་ཡིས། །ཞེས་བྱ་སྟེ་བདེ་བ་ནི་འཇིག་རྟེན་གྱི་ལྷ་དང་མིའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཡིད་དུ་འོང་བའི་ཚོར་བ་ཉམས་སུ་ལེན་པ་དང་། འཇིག་རྟེན་ལས་འདས་པའི་བདེ་བ་ཉན་ཐོས་ལ་སོགས་པ་ཉོན་ [148b.4]མོངས་པ་སྤངས་ཤིང་ལུས་ངག་ཡིད་གསུམ་འགོག་པར་གནས་པའི་བདེ་བ་ཉམས་སུ་མྱོང་བའོ། །དེ་གཉིས་ལས་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་ཞེས་པའི་དོན་ཏོ། །ཡང་ན་ཡུམ་དང་གཉིས་སུ་མེད་པར་སྦྱོར་བ་ལས་བྱུང་བའི་ [148b.5]བྱང་ཆུབ་སེམས་ལས་འགྲོ་བའི་དོན་སྒྲུབ་པའི་བདེ་བ་ཉམས་སུ་བླང་བར་བཞེད་པ་ལའོ། །དེ་ཡང་ཇི་ལྟ་བུའི་ཚུལ་དུ་བསྐུལ་ཞེ་ན། །སྙན་ཞིང་མཛེས་པའི་ཚིག་དག་དང་། །ཕྲ་མོ་ཡི་ནི་དབྱངས་ལ་སོགས། །ཞེས་བྱ་བ་སྨོས་སོ། །དེ་ལ་སྙན་ཞིང་མཛེས་པའི་ཚིག་ནི་ཚིག་དང་དོན་མཐུན་པ། [148b.6]རྡོ་རྗེ་སེམས་ཁྱོད་ས་བདག་སྟེ། །ཞེས་པ་ལ་སོགས་པའོ། །ཕྲ་མོའི་དབྱངས་ནི་ཀ་ཀཱ་ལི་ལ་སོགས་པའོ། །དེ་ལྟར་ཅིའི་ཕྱིར་བསྐུལ་ཞེ་ན། འདོད་པ་བདེ་བཞི་དོན་གྱིས་ཞེས་བྱ་སྟེ་རྡོ་རྗེ་དང་པདྨར་ཡང་དག་པར་ལྡན་པའི་འདོད་ཆགས་ཀྱི་བདེ་བ་ཆེན་པོའི་སྒོ་ནས་ཞི་བའི་དོན་མྱ་ངན་ལས་འདས་པའི་རང་ [148b.7]བཞིན་དུ་གནས་པར་འདོད་པའི་ཕྱིར་རོ། །བསྐུལ་བའི་ངག་ཏུ་རྣམ་པར་བསམ། །ཞེས་པ་ནི་རྣལ་འབྱོར་པས་གོང་དུ་བསྟན་པའི་ཚུལ་དུ་དཀྱིལ་འཁོར་བསྐྱེད་ཅིང་བསྒོམ་པ་དེས་ཕྱི་རོལ་གྱི་གཞི་ལ་སོགས་པར་བྱ་བ་བྱེད་པའི་དུས་སུ་དཀྱིལ་འཁོར་བསྡུས་ནས་འགྲོ་བ་ཡིན་པས་ལྷ་མོ་རྣམས་ [149a] [149a.1]དེ་ལྟར་བསྐུལ་བར་བསྒོམ་པར་བྱ་ཞེས་པའི་དོན་ཏོ། རྡོ་རྗེ་སེམས་ཁྱོད་ས་བདག་སྟེ། །སེམས་ཅན་ཁམས་ནི་སྐྱོད་མཛད་པ་ནི་ལྷ་མོ་མཱ་མ་ཀཱིས་ཞེ་སྡང་རྡོ་རྗེ་ཡོན་ཏན་གྱི་སྒོ་ནས་བསྟོད་ཅིང་བསྐུལ་བའོ། །ཇི་ལྟར་བསྟོད་ཅེ་ན། རྡོ་རྗེ་སེམས་དཔའ་ཁྱོད་ས་བདག་རྒྱལ་པོ་ [149a.2]དང་འདྲ་སྟེ། ཇི་ལྟར་རྒྱལ་པོས་འབངས་རྣམས་སྐྱོང་ཞིང་མཐོ་བར་བྱེད་པ་དེ་བཞིན་དུ་ཁྱོད་ཀྱང་སྲིད་པ་གསུམ་གྱི་སེམས་ཅན་རྣམས་འཁོར་བ་ལ་བསྐྱོད་ཅིང་མྱ་ངན་ལས་འདས་པའི་དབྱིངས་སུ་ཕྱིན་པར་མཛད་པའི་ངང་ཚུལ་ཅན་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཀུན་གཉེན་ཆེན་པོ་མཆོག་ [149a.3]ནི་སེམས་ཅན་རྣམས་ལ་དེ་ལྟ་བུའི་ཕན་འདོགས་པས་གཉེན་གྱི་མཆོག་གོ། །གལ་ཏེ་མགོན་པོས་བདག་སྲོག་བཞེད་པ་ན། །ཞེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་བདག་གི་སྲོག་ནི་ལྷ་མོ་མཱ་མ་ཀཱིའི་རང་བཞིན་ཆོས་ཀྱི་དབྱིངས་སོ། །བཞད་པ་ནི་སྤྲུལ་སྐུ་སྤངས་ནས་དེ་དང་ [149a.4]གཉིས་སུ་མེད་པའི་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པའོ། །ཀུན་རྫོབ་ཏུ་སེམས་ཅན་འདུལ་བའི་དོན་དུ་ཐབས་དང་ཤེས་རབ་ཀྱི་ཚུལ་མི་བསྟན་དུ་མི་རུང་བས་སྲོག་དང་འདྲ་བ་དང་། གསང་སྔགས་ཀྱི་སྒོ་ནས་སྤྱོད་པའི་རྣལ་འབྱོར་བས་གཉིས་སུ་མེད་པའི་སྦྱོར་བ་ལས་འདིར་མི་རུང་བས་ [149a.5]སྲོག་གོ། །དེ་མི་སྤོང་ཞིང་དང་དུ་ལེན་པར་བཞེད་པའོ། །འདོད་པའི་དགའ་བ་ཡིད་འོང་དོན་ཆེན་ངེས། །མགོན་པོས་བདག་ལ་འདོད་པ་སྤྱད་དུ་གསོལ། །ཞེས་པ་ནི་དེ་ལྟ་བུའི་དོན་གྱིས་འདོད་པའི་དགའ་བ་ཐབས་དང་ཤེས་རབ་ཀྱི་རོལ་པའི་སྒོ་ནས་བདག་གི་དོན་ཆེན་པོར་འགྱུར་ [149a.6]བ་དང་། གཞན་གྱི་དོན་ཆེན་པོར་འགྱུར་བའི་སྤྱོད་པ་དེས་བདག་ལ་སྤྱོད་ཅིག་ཅེས་བསྐུལ་བའི་དོན་ཏོ། །རྡོ་རྗེ་སྐུ་ཁྱོད་སངས་རྒྱས་འཁོར་ལོའི་དོན། །སེམས་ཅན་མང་པོར་དགའ་བ་རྟོགས་མཛད་ཅིང་། །ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་སངས་རྒྱས་སྤྱན་གྱིས་རང་གི་གཙོ་བོ་ལ་ [149a.7]བསྟོད་ཅིང་བསྐུལ་བའོ། །དེ་ལ་རྡོ་རྗེ་སྐུ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུའི་ངོ་བོར་གནས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །སངས་རྒྱས་འཁོར་ལོ་ནི་སེམས་ཅན་འདུལ་བའི་ཕྱིར་ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཆོས་བསྟན་པ་རྣམས་སོ། །དེ་རྣམས་ཀྱི་ [149b] [149b.1]དོན་བསམ་གྱིས་མི་ཁྱབ་པ་ཐབས་ཀྱིས་བསྟན་ཞིང་དགའ་བར་བྱེད་པ་དང་དེ་ཉིད་རྟོགས་པར་མཛད་པ་ཁྱོད་བདག་ལ་སྤྱད་དུ་གསོལ་ཞེས་པ་དང་འབྲེལ་ཏོ། །ཡང་ན་སངས་རྒྱས་འཁོར་ལོའི་དོན་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་སེམས་ཅན་གྱི་ལུས་ངག་ཡིད་ [149b.2]གསུམ་གྱི་རང་བཞིན་ནོ། །དེ་ཉིད་གོང་མ་བཞིན་དུ་སྟོན་ཞིང་རྟོགས་པར་མཛད་ཅེས་ཀྱང་བཤད་དོ། །བྱང་ཆུབ་དམ་པའི་དོན་ནི་ཕན་པར་སྟོན། །ཞེས་པ་ནི་དེ་ལྟ་བུའི་ཚུལ་ཉིད་བྱང་ཆུབ་སྟེ་ཉན་ཐོས་དང་རང་སངས་རྒྱས་ལས་འཕགས་པས་དམ་པའོ། །དེ་ཉིད་ཀྱི་དོན་ [149b.3]སེམས་ཅན་ལ་ཕྱི་རོལ་བའི་ཚུལ་དུ་དགའ་བ་སྤྱོད་པའི་སྒོ་ནས་ཐོབ་པར་མ་བསྟན་ཞིང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་དུ་རྟོགས་ཤིང་ཐོབ་པར་སྟོན་ཞེས་པའི་དོན་ཏོ། །གཞན་ཡང་ཇི་ལྟ་བུའི་ཡོན་ཏན་དང་ལྡན་པ་ལ་བསྐུལ་ཞེ་ན། དམ་ཚིག་ལ་ནི་འདོད་ [149b.4]པས་འདོད་ཆགས་པ། །ཞེས་སྨོས་ཏེ། དེ་ལ་དམ་ཚིག་ནི་སྐུ་རྣམ་པ་སྣ་ཚོགས་བསྟན་ཞིང་སེམས་ཅན་གྱི་དོན་མཛད་པའོ། །འདོད་པ་ནི་ཐུགས་ཀྱི་དགོངས་པའོ། །འདོད་ཆགས་པ་ནི་ཉིད་དང་མ་བྲལ་བའོ། །ཡང་ན་དམ་ཚིག་ནི་སངས་རྒྱས་སྤྱན་ཉིད་ཀྱི་རང་བཞིན་ཆོས་ [149b.5]ཀྱི་དབྱིངས་སོ། །དེ་དང་གཉིས་སུ་མེད་པར་ཆོས་ཀྱི་སྐུའི་ཚུལ་དུ་གནས་པས་ན་འདོད་ཆགས་པའོ། །གལ་ཏེ་མགོན་པོ་བདག་སྲོག་བཞེད་པ་ན། །ཁྱོད་ཀྱིས་འདོད་པ་བདག་ལ་སྤྱད་དུ་གསོལ། །ཞེས་པ་ནི་དེ་ལྟ་བུའི་ཡོན་དང་ལྡན་པ་ཁྱོད་བདག་ལ་ཐབས་དང་ཤེས་རབ་ཀྱི་ [149b.6]ཚུལ་དུ་རོལ་ཅིག་པའི་དོན་ཏོ། །ཕྱི་མའི་ཚིག་གོང་མ་དང་འདྲའོ། །རྡོ་རྗེ་གསུང་ཁྱོད་ཐམས་ཅད་ཀུན་ལ་ནི། །ཕན་དང་ཐུགས་བརྩེར་ལྡན་པ་འཇིག་རྟེན་དོན། །ཞེས་པ་ནི་ལྷ་མོ་པཎྜར་བ་སིས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་བསྟོད་ཅིང་བསྐུལ་བའོ། །དེ་ལ་རྡོ་རྗེ་གསུང་ནི་དུས་ [149b.7]གསུམ་གྱི་སངས་རྒྱས་གསུང་གི་རང་བཞིན་དུ་གནས་ཤིང་ཆོས་སྟོན་པ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའོ། །དེ་ཉིད་ཀྱི་ཁྱད་པར་ཕན་དང་ཐུགས་བརྩེར་ལྡན་ཞེས་བྱ་བ་སྟེ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་དང་ལྡན་པས་གོང་མ་བཞིན་དུ་ཕན་པའི་སྒོ་ནས་དོན་རྟོགས་པར་མཛད་ཅེས་པའོ། ། [150a] [150a.1]དགོངས་པའི་བྱ་བ་ཀུན་ལ་ཆགས་པ་ནི་འཇིག་རྟེན་པའི་དོན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་ཐམས་ཅད་ལ་ཆགས་ཤིང་དང་དུ་ལེན་པའོ། །གལ་ཏེ་མགོན་པོས་བདག་སྲོག་ཅེས་པ་ལ་སོགས་པ་ནི་གོང་མ་དང་འདྲ་བར་དེ་ལྟ་བུའི་ཡོན་ཏན་དང་ལྡན་པར་ཁྱོད་བདག་ [150a.2]ལ་ཀུན་དུ་བཟང་པོའི་སྤྱོད་པས་དགྱེས་པར་མཛོད་ཅིག་པའི་དོན་ཏོ། །དེ་ལ་ཀུན་དུ་བཟང་པོའི་སྤྱོད་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་དུ་ལེན་ཅིང་སྤྱོད་ཀྱང་དེའི་ཉེས་པས་མི་གོས་པའོ། །སྐབས་འདིར་ནི་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་འདོད་ཆགས་ཀྱི་སྤྱོད་པ་ཉིད་ [150a.3]ལ་བྱ་སྟེ། ཀུན་དུ་བཟང་པོའི་ཚུལ་ཐོབ་པར་འགྱུར་བའི་ཕྱིར་རོ། །རྡོ་རྗེ་དོན་ཁྱོད་དམ་ཚིག་མཆོག་ལགས་ཏེ། །ཞེས་པ་ལ་སོགས་པ་ནི་ལྷ་མོ་སྒྲོལ་མས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལ་བསྟོད་ཅིང་བསྐུལ་བར་བསྟན་ཏོ། །དེ་ལ་རྡོ་རྗེ་དོན་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ཕྲིན་ [150a.4]ལས་ཀྱི་རང་བཞིན་དུ་གནས་ན་སེམས་ཅན་གྱི་དོན། གང་ལ་ཅི་དགོངས་པ་བཞིན་དུ་མཛད་པ་ལ་ཆུད་ཟ་བ་མེད་པའོ། །དེའི་ཕྱིར་ན་དམ་ཚིག་མཆོག་སྟེ་རྒྱ་མཚོ་བཞིན་དུ་དུས་ལས་མི་འདའ་བའི་དོན་ཏོ། །ཕན་པའི་དོན་ཆེན་རྫོགས་སངས་རྒྱས་པའི་རིགས། །ཞེས་པ་ནི་གོང་མ་ [150a.5]བཞིན་དུ་ཕན་པའི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་རྟོགས་པར་མཛད་ཅིང་སངས་རྒྱས་ཀྱི་ལམ་ལ་འཇོག་པའི་དོན་ཏོ། །མཉམ་ཉིད་ཐིག་ལེ་རྗེས་སུ་ཐུགས་བརྩེར་ལྡན། །ཞེས་པ་ནི་དེ་ལྟ་བུའི་ཚུལ་གྱིས་ཁྱོད་ནི་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཐོབ་པར་མཛད་པའི་མཐུ་དང་ལྡན་ཞེས་པའི་དོན་ཏོ། ། [150a.6]ཡང་ན་མཉམ་ཉིད་ཐིག་ལེ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་སྤྲུལ་པའི་སྐུ་སྣ་ཚོགས་སུ་གྱུར་ནས་སེམས་ཅན་གྱི་དོན་མཛད་པས་ཐུགས་བརྩེར་ལྡན་པའོ། །གལ་ཏེ་མགོན་པོས་བདག་སྲོག་བཞེད་པ་ན། །ཡོན་ཏན་རིན་ཆེན་གཏེར་མ་བདག་ལ་སྤྱོད། ། [150a.7]ཅེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་བདག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་སངས་རྒྱས་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པ་ལ་དགྱེས་པར་སྤྱོད་ཅེས་པའི་དོན་ཏོ། །དེ་ལྟར་ལྷ་མོས་བསྐུལ་ནས་ནི། །ཞེས་པ་ནི་དེ་ལྟ་བུའི་ཚུལ་དུ་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་ [150b] [150b.1]མོ་བཞིས་སོ་སོའི་རིགས་ཀྱི་བདག་པོ་ལ་བསྐུལ་མ་ཐག་ཏུ་སོ་སོའི་རིགས་ཀྱི་གཙོ་བོ་དང་གཉིས་སུ་མེད་པར་གྱུར་ནས་ཐབས་དང་ཤེས་རབ་ཀྱི་རོལ་པའི་བྱང་ཆུབ་སེམས་ལས་སེམས་ཅན་འདུལ་བའི་ཐབས་སྣ་ཚོགས་པ་དང་། །དེ་བཞིན་གཤེགས་པའི་མཆོད་པ་སྣ་ཚོགས་སུ་སྤྲུལ་ཞིང་ [150b.2]ཕྱོགས་བཅུར་སྤྲོས་ནས་དེ་བཞིན་གཤེགས་པ་རྣམས་དགྱེས་པར་བྱས་པ་དང་སེམས་ཅན་གྱི་དོན་ཐམས་ཅད་རྫོགས་པར་བྱས་ནས་སླར་སོ་སོའི་ཐུགས་ཀར་ཐ་མི་དད་པར་བསམ་མོ། །དེ་ནས་ཡང་སོ་སོའི་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་པས་བྱང་ཆུབ་ཀྱི་སེམས་ཀྱི་འོད་འཕྲོས་པས་ [150b.3]སོ་སོའི་རིགས་ཀྱི་ལྷ་རྣམས་ལ་ཕོག་མ་ཐག་ཏུ་འོད་དེ་ཉིད་ཀྱི་རང་བཞིན་དུ་གྱུར་ནས་སླར་གོང་མ་བཞིན་དུ་གཙོ་བོའི་ཐུགས་ཀར་ཐིམ་མོ། །དེ་ནས་ཡང་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་པས་གཙོ་བོ་ཉིད་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་གྱུར་ནས་ཡུམ་གྱི་བྷ་ག་ལ་ཐིམ་ [150b.4]ནས་གཉིས་སུ་མེད་པར་གྱུར་པར་བསམ་མོ། །དེ་ནས་རིགས་བཞིའི་དེ་བཞིན་གཤེགས་པ་དང་། སེམས་དཔའ་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོ་རྣམས་ཡུམ་བཞི་ལ་ཐིམ་པའི་ཡུམ་བཞིས་དབུས་ཀྱི་གཙོ་བོ་ལ་སོ་སོའི་རིགས་ཀྱི་བདག་པོའི་སྒོ་ནས་བསྟོད་ཅིང་བསྐུལ་བས་དེ་བཞིན་ [150b.5]གཤེགས་པ་ལ་བསྟོད་པ་བྱེད་ཅེས་པའོ། །མི་བསྐྱོད་ཡེ་ཤེས་རྡོ་རྗེ་ཆེ། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་ལྷ་མོ་མཱ་མ་ཀཱིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མི་བསྐྱོད་པའི་ཕྱག་རྒྱར་གནས་པ་དེ་ལ་ཉོན་མོངས་པ་དང་དྲག་ [150b.6]བྱེད་ལ་སོགས་པའི་བདུད་རྣམས་ཀྱིས་བསྐྱོད་ཅིང་གཡོ་བར་མི་ནུས་པས་མི་བསྐྱོད་པའོ། །ཡེ་ཤེས་ནི་ཆོས་ཀྱི་སྐུར་སྟོན་པའོ། །རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་སྐུ་དེ་ཡང་ནམ་མཁའ་ལྟར་ཆད་པ་མ་ཡིན་ཞིང་ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་དུ་སྣ་ཚོགས་སུ་འབྱུང་བས་སོ། །བློ་ཆེན་པོ་ནི་དེ་ལྟ་བུར་སྣང་བ་ [150b.7]རྣམས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་དགོད་པའི་ཐབས་དང་ལྡན་པའི་དོན་ཏོ། །རྡོ་རྗེ་གསུམ་མཆོག་ནི་དུས་གསུམ་གྱི་སངས་རྒྱས་སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །དཀྱིལ་འཁོར་གསུམ་ནི་དེ་ཉིད་ལས་རིགས་གསུམ་དུ་སྟོན་པའོ། །དེ་ལྟ་བུའི་དེ་འཇིག་རྟེན་པ་རྣམས་ཀྱིས་རྟོགས་ [151a] [151a.1]ཤིང་སྤྱོད་པའི་ཡུལ་མ་ཡིན་པ་དང་། ཉན་ཐོས་ལ་སོགས་པ་རྣམས་ལ་བསྟན་དུ་མི་རུང་བས་གསང་བའི་དབྱིངས་སུ། །དེ་ལྟ་བུ་དེ་ཉིད་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་ན་བསོད་ནམས་ཐོབ་པར་འགྱུར་བས་ཕྱི་རབས་ཀྱི་རྣལ་འབྱོར་པས་ཚུལ་འདི་བཞིན་ [151a.2]དུ་བསྟོད་ཅིང་ཕྱག་འཚལ་བར་སྟོན་པའོ། །རྣམ་པར་སྣང་མཛད་དགའ་ཆེན་པོ། །ཞེས་པ་ལ་སོགས་པས་ནི་ལྷ་མོ་སངས་རྒྱས་སྤྱན་གྱིས་རང་གི་གཙོ་བོ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་ཅིང་བསྐུལ་བའོ། །དེ་ལ་རྣམ་པར་སྣང་མཛད་ནི་སྐུ་ལས་འོད་སྣ་ཚོགས་འཕྲོས་ཤིང་ [151a.3]འཇིག་རྟེན་གྱི་ཁམས་ཀྱི་མུན་པ་སེལ་ཤིང་སྣང་བར་མཛད་པ་དང་། གདུལ་བྱའི་སེམས་ཅན་གྱི་མོས་པའི་སྒོ་ནས་སྐུ་སྣ་ཚོགས་སུ་སྤྲུལ་ཞིང་སྣང་བར་མཛད་ནས་དེ་རྣམས་ཀྱི་གཏི་མུག་གི་མུན་པ་བསལ་ནས་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་དོན་ཏོ། །ཡང་ན་ཐབས་དང་ཤེས་རབ་ཀྱི་སྒོ་ [151a.4]ནས་སེམས་ཅན་རྣམས་ལ་བདེ་བ་ཆེན་པོའི་རང་བཞིན་གསལ་བར་མཛད་པའི་ཕྱིར་རོ། །དགའ་ཆེན་པོ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཉན་ཐོས་ལྟ་བུར་རིམ་གྱིས་སྤོང་བ་མ་ཡིན་ཏེ་ཡེ་ནས་མི་མངའ་བའི་དོན་ཏོ། །དེའི་ཕྱིར་ན་རྡོ་རྗེ་ཞི་བའོ། །དགྱེས་པ་ཆེ་ཞིང་ནི་དེ་ལྟ་ [151a.5]བུའི་དོན་གྱིས་རྟག་ཏུ་མི་མཐུན་པ་མི་མངའ་བ་དང་། ལྷ་མོ་བཞི་དང་གཉིས་སུ་མེད་པའི་ཐབས་དང་ཤེས་རབ་ཀྱི་རོལ་པ་རྟག་ཏུ་མཛད་ཅིང་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རང་བཞིན་ལ་གནས་པའི་ཕྱིར་རོ། །དེ་ལྟ་བུའི་ཚུལ་དུ་ལྷུན་གྱིས་གྲུབ་པས་རང་བཞིན་གྱིས་འོད་གསལ་བའོ། [151a.6]མཆོག་ནི་ཁམས་གསུམ་གྱིའོ། །དེ་ལྟ་བུའི་བདག་ཉིད་ཀྱི་རང་བཞིན་ནི་རྡོ་རྗེའོ། །དེ་ཉིད་གཞན་ལ་བསྟན་ཞིང་ཐོབ་པར་མཛད་པས་རྡོ་རྗེ་སྟོན་པའོ། །དེ་ལྟ་བུ་ལ་ཕྱག་འཚལ་བར་བྱ་ཞེས་པའི་དོན་ཏོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །ཅེས་པ་ལ་སོགས་པས་ནི་མཉམ་པ་ཉིད་ཀྱི་སྒོ་ནས་རིན་པོ་ [151a.7]ཆེའི་རིགས་ལ་ལྷ་མོ་རཏྣ་དྷ་རས་བསྟོད་པའོ། །དེ་ལ་རིན་ཆེན་རྒྱལ་པོ་བཅོམ་ལྡན་འདས་མ་དེ་ཉིད་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱར་གནས་ཤིང་སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐང་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་གྲུབ་པའི་ཡིད་བཞིན་ [151b] [151b.1]གྱི་རིན་པོ་ཆེ་ཕྱག་ཏུ་བསྣམས་པའམ། ཡང་ན་བདག་ཉིད་རིན་པོ་ཆེ་དེ་ལྟ་བུའི་རང་བཞིན་ཡིན་པའོ། །བདུད་བཞི་ལས་རྒྱལ་ཞིང་ཁམས་གསུམ་གྱི་དྲི་མས་མ་གོས་པའི་ཕྱིར་རྒྱལ་པོའོ། །དེ་ཉིད་ཀྱི་ཚུལ་མཐར་ཐུག་པ་མེད་པས་ཤིན་ཏུ་ཟབ་པའོ། །དེ་ལྟ་བུའི་ཕྱག་རྒྱ་སྟོན་ཅིང་སེམས་ [151b.2]ཅན་གྱི་དོན་སྣ་ཚོགས་མཛད་ཀྱང་དེ་ཉིད་ལ་མི་ཆགས་པས་དྲི་མེད་པའོ། །དེ་ལྟ་བུ་ཡིན་ཡང་དོན་དམ་པར་དམིགས་པ་མེད་པའི་ཚུལ་ཡིན་པས་ནམ་མཁའ་རྡོ་རྗེའོ། །དེ་ཉིད་ཀྱི་ཕྱིར་ན། རང་བཞིན་དག་པས་གོས་པ་མེད། །ཅེས་སྨོས་སོ། །དེ་ལྟ་བུ་དེའི་གསུང་ཡང་གཞན་དུ་མི་ [151b.3]འགྱུར་བས། དག་པའི་གསུང་ལ་ཕྱག་འཚལ་ལོ། ཞེས་བྱའོ། །རྒྱལ་ཆེན་རྡོ་རྗེ་སྣང་མཐའ་ཡས། །ཞེས་པ་ལ་སོགས་པས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་ལྷ་མོ་པཎྜ་ར་བ་སིས་པདྨ་རིགས་ལ་བསྟོད་པའོ། སྐུ་ལས་འོད་ཟེར་འཕྲོས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ཀུན་རྫོབ་ [151b.4]ཏུ་ཕྱག་རྒྱར་བསྟན་ཞིང་འདོད་ཆགས་དང་དུ་ལེན་ཅིང་སྤྱོད་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་ཀྱང་དེའི་ཉེས་པ་རྣམས་ཀྱིས་མི་གོས་པས་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་ཕྱིར་ན། རྣམ་པར་མི་རྟོག་རྡོ་རྗེ་མཁའ། །ཞེས་པའོ། །དེ་ལྟ་བུ་དེ་དུས་གསུམ་གྱི་སངས་རྒྱས་ཀྱི་གསུང་གི་རང་བཞིན་ཡིན་ [151b.5]པས་རྡོ་རྗེ་གསུང་ངོ་། །རྡོ་རྗེ་དོན་གྲུབ་ཡང་དག་ཤེས། །ཞེས་པ་ལ་སོགས་པས་ནི་ལྷ་མོ་ཏ་རས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །དེ་ལ་རྡོ་རྗེ་དོན་གྲུབ་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རང་བཞིན་གྱི་ཕྱག་རྒྱར་གནས་ནས་སེམས་ཅན་གྱི་དོན་ཀུན་གྲུབ་པར་བྱེད་པའོ། །དེ་ཡང་ [151b.6]འཁྲུལ་པ་དང་མུ་ཅོར་མེད་པ་ཡིན་ཞིང་མོས་པ་དང་མཐུན་པའི་སྒོ་ནས་དོན་མཛད་པས་ཡང་དག་གོ། །དེ་ཉིད་ཀྱི་ཕྱིར་ན། བསམ་པ་ཐམས་ཅད་རྫོགས་པར་མཛད། །ཅེས་བྱའོ། །དེ་ཡང་འཁོར་བ་པ་བཞིན་དུ་ལས་ཀྱིས་སྐྱེས་པ་མ་ཡིན་ཞིང་ཆོས་ཀྱི་སྐུ་ལས་སྣང་བར་གྱུར་པས་རང་བཞིན་ [151b.7]དག་པ་ཉིད་ལས་བྱུང་ཞེས་བྱ། །དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའ་ཉིད་ཡིན་པས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏེ། །དེ་ལྟར་བསྟོད་ཚིག་ཞི་བ་ཡིས། །སངས་རྒྱས་ཐམས་ཅད་བསྟོད་བྱས་ཤིང་། །རྡོ་རྗེ་ལོངས་སྤྱོད་ཀྱིས་བསྐུལ་ན། །དེ་ཡང་སངས་རྒྱས་འདྲ་བར་ [152a] [152a.1]འགྱུར། །ཞེས་པ་ནི་དེ་ལྟར་ལྷ་མོ་རྣམས་ཀྱིས་རིགས་ལྔའི་སྒོ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ལ་བསྟོད་ཅིང་བསྐུལ་བའི་ཚིགས་བཅད་རྣམས་ཀྱི་ཕན་ཡོན་བསྟན་ཏེ། དེ་ཡང་ཇི་ལྟར་ཞེ་ན། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱང་ལྷ་མོ་རྣམས་ཀྱིས་ཇི་ལྟར་བསྟོད་ཅིང་བསྐུལ་བ་བཞིན་ [152a.2]དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཐབས་དང་ཤེས་རབ་ཀྱི་སྒོ་ནས་བསྟོད་ཅིང་བསྐུལ་ན་སངས་རྒྱས་རྣམས་ཀྱང་མཉེས་ཤིང་དགྱེས་པར་གྱུར་ནས་དེ་ལ་དངོས་གྲུབ་སྩོལ་བའི་ཕྱིར་རོ། །ཡང་ན་དམ་ཚིག་བསྲུང་བའི་མཆོག་དེ་ཉིད་ཡིན་ [152a.3]པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་གྱུར་པའི་དོན་ཏོ། །ལྷ་མོས་དེ་བཞིན་གཤེགས་བསྟོད་པ། །རྡོ་རྗེ་བློ་ཡིས་གཟིགས་ནས་ནི། །སྐུ་གསུང་ཐུགས་ལ་བསྡུས་ནས་ཀྱང་། །སྣ་ཚོགས་རྗེས་སུ་ཆགས་པར་མཛད། །ཅེས་བྱ་བ་ནི་དེ་ལྟར་ལྷ་མོ་རྣམས་ཀྱིས་བསྟོད་ཅིང་བསྐུལ་བས་ [152a.4]ཞེ་སྡང་རྡོ་རྗེས་དགོངས་པའི་ཚུལ་དུ་འཛུམ་པ་མཛད་ནས་ཉིད་ཀྱི་སྐུ་གསུང་ཐུགས་དང་དེ་རྣམས་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པར་མཛད་དོ། །དེ་ལ་སྐབས་འདིར་སྐུ་ནི་རྡོ་རྗེ་དང་པདྨའོ། །གསུང་ནི་ཞལ་སྤྲོད་པའོ། །ཐུགས་ནི་སྙིང་ག་སྤྲད་ཅིང་དམ་པོར་འཁྱུད་པའོ། །སྣ་ཚོགས་རྗེས་སུ་ཆགས་པར་ [152a.5]མཛད་པ་ནི་དེ་ལྟར་གྱུར་ནས་ཀ་མ་ལ་ཤཱི་གྷཾ་ལས་འབྱུང་བའི་ཚུལ་དུ་སོ་སོ་ཆགས་པར་མཛད་ཅིང་བདེ་བ་ཆེན་པོ་ཉམས་སུ་བླངས་ཤིང་སེམས་ཅན་གྱི་དོན་མཛད་ནས། ཡང་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་ནས་བྱང་ཆུབ་ཀྱི་སེམས་ཕབ་མ་ཐག་ཏུ་ལྷ་མོ་རྣམས་འོད་ཀྱི་ཚུལ་དུ་གྱུར་ནས་ཉིད་ཀྱི་སྐུ་གསུང་ [152a.6]ཐུགས་ལ་ཐིམ་ཞིང་གཉིས་སུ་མེད་པར་གྱུར་པར་བསྒོམ་པར་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཐམས་ཅད་མཐོང་བ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཞེས་བྱ་བ་ནི་གོང་དུ་བསྟན་པའི་དཀྱིལ་འཁོར་ཏིང་ངེ་འཛིན་གྱིས་བསྒོམ་པའམ། གཟུགས་བརྙན་དུ་བཀོད་པ་རྣམས་དེ་ལྟར་ཉིད་ཀྱི་སྐུ་གསུང་ [152a.7]ཐུགས་ཀྱི་རང་བཞིན་དུ་བསྡུ་བར་བྱས་ནས་ཞེས་པའི་དོན་ཏོ། །ཆོ་ག་ནི་གོང་དུ་བསྡུས་པའི་ཚུལ་བསྟན་པ་ཉིད་དོ། །དེ་ལྟར་བསྡུས་ནས་ཀྱང་ཅི་བྱེད་ཅེ་ན། བཟླས་པ་དག་ཀྱང་བསྡུ་བར་བྱ། །ཞེས་སྨོས་སོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་བསྡུས་ནས་ཐུགས་ཀ་ན་གནས་པའི་ཧཱུཾ་ལས་འོད་ཟེར་འཕྲོས་ཤིང་ [152b] [152b.1]བར་སྣང་ཁྱབ་པར་གནས་པའི་སངས་རྒྱས་རྣམས་ལ་ཕོག་པས་དེ་རྣམས་ཀྱང་འོད་ཀྱི་ཚུལ་དུ་གྱུར་ནས་སླར་བདག་ལ་ཐིམ་པར་བསམ་མོ། །དེ་ནས་ཡང་འོད་ཟེར་འཕྲོས་པས་བདག་ཕྱག་རྒྱར་གནས་པའི་སྐུ་ལ་ཕོག་པས་འོད་དུ་གྱུར་ནས་ཐུགས་ཀ་ན་གནས་པའི་ཡེ་ཤེས་སེམས་དཔའ་ [152b.2]ལ་ཐིམ་མོ། །དེ་ནས་ཡང་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའ་ལ་ཕོག་པས་དེ་ཡང་འོད་ཀྱི་ཚུལ་དུ་ཧཱུཾ་ལ་ཐིམ་མོ། །དེ་ནས་ཡང་འོད་འཕྲོས་པས་ཧཱུཾ་ཡང་འོད་དུ་གྱུར་ཏོ། །འོད་ཀྱང་ཕྱོགས་བཅུར་འཕྲོས་པས་ནམ་མཁའ་དང་གཉིས་སུ་མེད་པར་གྱུར་ནས་ཆོས་ཀྱི་སྐུའི་ [152b.3]རང་བཞིན་དུ་གནས་པར་བྱའོ། །དེ་ལྟར་གནས་པ་ཡང་ཅི་ནུས་སུ་གནས་ནས་ལྡང་ཞིང་འགྲོ་བར་འདོད་ན་སྤྱི་བོ་དང་ལྕེ་སྟེང་དང་སྙིང་གར་སྐུ་གསུང་ཐུགས་ཀྱི་ས་བོན་ཡི་གེ་གསུམ་དམིགས་ནས་སྔགས་གསུམ་གྱིས་བྱིན་གྱིས་བརླབས་ལ་ཅི་བདེ་བར་གནས་པར་བྱ་བའི་དོན་ནོ། ། [152b.4]ཏིང་ངེ་འཛིན་ལ་དམིགས་པ་ན། །ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་པས་དུས་ཡུན་རིང་པོར་སྒོམ་ཞིང་སྒྲུབ་པའི་ཚེ་ལུས་ཉམ་ཆུང་བར་གྱུར་ན་ཐབས་འདིས་གཟི་བྱིན་བསྐྱེད་ཅིང་བརྟན་པར་བྱ་བ་བསྟན་ཏོ། །དེ་ལ་ཇི་ལྟར་བྱ་ཞེ་ན། བདག་གི་སྤྱི་བོའི་སྟེང་བར་སྣང་ལ་ [152b.5]མཐོ་གོང་གི་ཚད་ཙམ་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ་དེའི་སྟེང་དུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡི་གེ་ཨོཾ་བསྒོམ་པར་བྱའོ། །དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བཅུད་ [152b.6]རྣམས་བཀུག་ནས་ཨོཾ་དེ་ཉིད་ལ་ཐིམ་པར་བསམ་མོ། །དེ་ནས་ཡང་ཨོཾ་དེ་བདུད་རྩིའི་རང་བཞིན་དུ་གནས་པའི་བཅུད་རྣམས་འོད་ཀྱི་ཚུལ་དུ་ཟླ་བའི་སྟེང་དུ་འཐིགས་པར་བསམ་མོ། །དེ་དང་ཟླ་བའི་བདུད་རྩི་གཉིས་གཅིག་ཏུ་བྱུང་ནས་ཟླ་བ་ལས་བདག་གི་སྤྱི་བོར་ [152b.7]ཐིགས་པ་འོད་ཟེར་གྱི་ཚུལ་དུ་ཐིམ་ཞིང་ལུས་ཀུན་དུ་ཁྱབ་པར་བསྒོམ་པའི་ཕྱིར། བདུད་རྩི་རྣམས་ནི་འབྱུང་བར་བསམ། །ཞེས་སྨོས་སོ། །རྡོ་རྗེ་སྦྱོར་བ་འདི་ཡིས་ནི། །སྐད་ཅིག་དུ་ཡང་མདངས་ལྡན་འགྱུར། །ལུས་དང་ངག་སེམས་བདེ་བར་གནས། །ཐེ་ཚོམ་ [153a] [153a.1]མེད་པར་གྱུར་པ་ཡིན། །ཞེས་བྱ་བ་ནི་དེ་ལྟར་བསྒོམས་པའི་ཕན་ཡོན་བསྟན་ཏེ་ཡེ་ཤེས་ཀྱི་སྦྱོར་བ་དེ་བསྟན་པ་བཞིན་དུ་མ་ནོར་བར་བསྒོམས་ན་གཟི་བྱིན་སྐྱེ་ཞིང་བསྟན་པར་ངེས་པའོ། །བཀྲེས་སྐོམ་ལ་སོགས་སྡུག་བསྔལ་ལ། །སྦྱོར་བ་འདི་ནི་རྣམ་ [153a.2]པར་བསམ། །ཞེས་པ་ལ་སོགས་པ་ནི་རྣལ་འབྱོར་པ་བཀྲེས་སྐོམ་ལ་སོགས་པ་བྱུང་ཞིང་ཡོ་བྱད་ལ་སོགས་པ་མེད་ན་ཏིང་ངེ་འཛིན་སྤོང་ཞིང་ཚོལ་དུ་མི་འགྲོ་སྟེ། འོག་ནས་འབྱུང་བའི་ཆོ་ག་བྱ་ཞེས་པའི་དོན་ཏེ། དེ་བྱས་ན་བཀྲེས་བ་ལ་སོགས་པའི་སྡུག་བསལ་ཐམས་ཅད་མེད་ [153a.3]པར་འགྱུར་བར་ངེས་པའི་ཕྱིར། །མི་གཙང་རྡོ་རྗེ་ཚིག་བཞིན་ཏེ། །ཞེས་སྨོས་སོ། །མི་གཙང་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོའོ། །དེའི་གསུང་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། བདག་ལྷ་གང་བསྒོམ་ཡང་རུང་སྟེ་བཀྲེས་པ་ལ་སོགས་པ་བྱུང་ན་དེ་མ་ [153a.4]ཐག་ཏུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱར་བསྒོམས་ལ། ཁའི་ཡར་རྐན་ལ་ཧེ་ལས་འདོད་འཇོའི་བ་ཁ་དོག་དཀར་མོ་གཅིག་བསམ། །ལྕེའི་སྟེང་དུ་ཨོཾ་དཀར་པོ་གཅིག་དམིགས་ལ་དེའི་མཐའ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བསྐོར་བར་བསྒོམས་པའི་རྣམ་ [153a.5]པར་སྣང་མཛད་གཟུགས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་སོ། །སྡུག་བསྔལ་ཀུན་སེལ་ཞི་བ་ནི། །ཡེ་ཤེས་རྡོ་རྗེས་བྱིན་བརླབས་ཏེ། ཞེས་པ་ནི་དེ་ལྟར་བསྒོམས་ནས་ཡེ་ཤེས་ལས་གྱུར་པའི་བ་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཡིད་ལ་འདོད་པའི་ཟས་ལ་སོགས་ [153a.6]པ་རྣམས་ལྕེའི་སྟེང་དུ་བྱུང་ཞིང་ལུས་ཀུན་དུ་ཐིམ་པར་བསམ་པ་དང་། སྡུག་བསྔལ་ཐམས་ཅད་དེའི་བྱིན་རླབས་ཀྱིས་མེད་པར་འགྱུར་བའི་དོན་ཏོ། །གང་ཞིག་འདི་ནི་སྒོམ་བྱེད་པ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་འགྱུར། །ཞེས་པ་ནི་བདེ་བ་ཆེན་པོའི་སྒྲུབ་ [153a.7]ཐབས་དེ་ཡན་ཆད་དུ་བཤད་པ་བཞིན་བསྒོམས་ཤིང་བསྒྲུབས་པའི་ཕན་ཡོན་བསྟན་ཏེ། དེ་ཡང་ཇི་ལྟར་ཞེ་ན། ཚེ་འདི་ཉིད་ལ་རྡོ་རྗེ་སེམས་དཔར་འགྱུར་བས་དེ་མ་ཐོབ་པའི་བར་དུ་བྱང་ཆུབ་སེམས་དཔའི་གྲངས་སུ་ཆུད་པའི་ཕྱིར་རོ། །དེ་ཡང་སྒོམ་ཞིང་སྒྲུབ་པའི་དུས་ [153b] [153b.1]ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་འབྲལ་དུ་མི་རུང་པས། །བྱང་ཆུབ་སེམས་དང་སྦྱོར་ལྡན་ན། །སྐུ་སོགས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བསྟན་ཏོ། །དད་པ་མེད་དང་ཐེག་དམན་ཞུགས། །ཞེས་པ་ལ་སོགས་པས་ནི་གསང་སྔགས་མ་ཧཱ་ཡོ་གའི་སྙིང་པོ་ [153b.2]རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསང་བ་འདུས་པ་ཡིན་ལ། དེ་ཡང་དེའི་དོན་གྱི་སྙིང་པོ་བསྡུས་པ་འདི་ཡིན་པས་ཀུན་གྱི་ཐུན་མོང་མ་ཡིན་པས་ཤིན་ཏུ་ཡང་གསང་བར་བྱ་ཞེས་བསྟན་ཏོ། །དེ་ལ་དད་པ་མེད་པ་ནི་ཡིད་མི་ཆེས་པ་དང་ཚུལ་བཞིན་དུ་མི་སྒྲུབ་པའོ། །ཐེག་དམན་ཞུགས་པ་ནི་ཡོ་ག་ [153b.3]མན་ཆད་དང་དུ་ལེན་ཅིང་སྤྱོད་པ་རྣམས་སོ། །འདོད་ཆགས་ཞེ་སྡང་ནི་འདོད་ཆགས་ཤིན་ཏུ་ཆེ་བ་དང་ཞེ་སྡང་ཤིན་ཏུ་ཆེ་བ་རྣམས་སོ། །དབང་པོ་རྟུལ་བ་ནི་དེ་ལྟ་བུའི་སྐྱོན་མེད་ཀྱང་ཤེས་རབ་ཆུང་བའི་དབང་གིས་བསྟན་ཀྱང་གཞན་དུ་འགྱུར་བའི་ཕྱིར་རོ། །སློབ་དང་བུ་ལ་སྦྱིན་མི་ [153b.4]བྱ། །ཞེས་པ་ནི་དད་པ་མེད་པ་ལ་སོགས་པའི་སྐྱོན་ཡོད་པའི་སྐྱེས་བུ་བདག་གི་བུ་ཡང་རུང་ཆོས་འདི་མ་རྟོགས་པའི་སྒོ་ནས་སློབ་བུར་གྱུར་ཅིང་ཞེས་པ་ལ་སོགས་ཀྱང་བསྟན་པར་མི་བྱ་ཞེས་པའི་དོན་ཏོ། །གང་ཕྱིར་སྒྲུབ་པ་འདི་བརྩམས་པ། །ཞེས་པ་ལ་སོགས་པ་ནི་ [153b.5]ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཡིད་མི་ཆེས་ཤིང་སྐུར་བ་འདེབས་པར་དགོངས་ནས་རྒྱུད་ཀྱི་ཁུངས་ལ་སོགས་པ་བསྟན་ཏོ། །དེ་ལ། གང་ཕྱིར་སྒྲུབ་པ་འདི་བརྩམས་པ། །ཞེས་པ་ནི་སློབ་དཔོན་གྱིས་སྒྲུབ་པའི་ཐབས་འདི་བརྩམ་པ་འདི་དོན་མེད་པ་མ་ཡིན་ཏེ། རྡོ་རྗེ་ [153b.6]སེམས་དཔའ་སྒྲུབ་ཕྱིར་ཞེས་པ་དང་འབྲེལ་ཏོ། །དེ་ལ་བབ་ཅོལ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །རྒྱུད་དོན་མངོན་པར་རྟོགས་ནས་ནི། །ཞེས་སྨོས་སོ། །དེ་ཡང་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་བདག་གི་སློབ་དཔོན་གྱིས་བསྟན་པ་དང་། རང་གི་ཤེས་རབ་ཀྱིས་མ་ནོར་བར་ཤེས་པའི་ [153b.7]དོན་ཏོ། །རྡོ་རྗེ་བཞད་པའི་སློབ་དཔོན་གྱིས། །ཞེས་པ་ནི་ཉིད་ཀྱི་མཚན་ཉིད་བསྟན་པའོ། །ཉིད་ལ་ཉིད་སློབ་དཔོན་ཞེས་གསུངས་པ་ནི་ཡུལ་ཐམས་ཅད་དུ་སློབ་དཔོན་དུ་གྲགས་པ་དང་མཁས་པར་ཞལ་གྱིས་འཆེས་བའི་དོན་ཏོ། །སློབ་དཔོན་གྱིས་ཅིའི་ཕྱིར་མཛད་ཅེ་ན། སེམས་ཅན་ཡེ་ [154a] [154a.1]ཤེས་བསྐྱེད་ཕྱིར་རོ། །ཞེས་སྨོས་སོ། །དེ་ཡང་གོང་དུ་རྡོ་རྗེ་སེམས་དཔའ་སྒྲུབ་ཕྱིར་ཞེས་བསྟན་ན་འདིར་དེ་སྐད་ཅིའི་ཕྱིར་བསྟན་ཞེ་ན། རྡོ་རྗེ་སེམས་དཔའ་ཚེ་འདི་ཉིད་ལ་མ་གྲུབ་ན་ཡང་འདི་ཤེས་ཤིང་ཐོས་པར་གྱུར་ན་རྒྱུད་གསང་བ་འདུས་པ་ཤེས་བར་འགྱུར་ [154a.2]ལ། དེ་ཤེས་པས་གསང་སྔགས་རྣམས་ལ་མཁས་པར་འགྱུར་བ་དང་ཐ་སྙད་ཐམས་ཅད་ལ་མཁས་པར་འགྱུར་བའི་ཕྱིར་རོ། །དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ། །ཞེས་པ་ནི། དཔལ་བདེ་བ་ཆེན་པོའི་སྒོ་ནས་བདེ་བ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་ [154a.3]མངོན་སུམ་དུ་འགྱུར་བའི་ཐབས་སམ་དེ་ཉིད་ཀྱི་རང་བཞིན་དུ་འགྱུར་བའི་ཐབས་སོ། །རྫོགས་པ་ནི་ཉིད་ཀྱི་དགོངས་པ་མ་ལུས་པའོ། །སྒྲུབ་ཐབས་རྣམ་པར་བཤད་པ་འདི། བདག་གིས་བྱས་པའི་དགེ་བ་ཡིས། །འགྲོ་བ་རྣམས་ཀྱིས་འདི་ཉིད་ཀྱི། །དོན་ནི་རྣམ་པར་རྟོགས་ [154a.4]པར་ཤོག།།དཔལ་བདེ་བ་ཆེན་པོའི་འགྲེལ་པ་སློབ་དཔོན་ཆེན་པོ་བི་མཱ་ལ་གརྦྷས་མཛད་པ་རྫོགས་སོ། །{T1913}༄༅༅། །རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་ས་མཱ་ཛ་སཱ་དྷ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ [154a.5]ཕྱག་འཚལ་ལོ། །དྲི་མེད་ཡེ་ཤེས་གཟི་འོད་ལྡན། །འབར་བའི་སྐུ་མངའ་དཀྱིལ་འཁོར་བདག། །དཔག་མེད་སྤྲུལ་པས་འགྲོ་སྐྱོབ་པ། །དཔལ་ལྡན་གསང་འདུས་ལ་ཕྱག་འཚལ། །ཡིད་འོང་རི་བོའི་དྲུང་སོགས་སུ། །བློ་ལྡན་ཞུགས་ཏེ་ཡིད་དད་པས། །གདོང་སོགས་དག་བྱས་བསོད་ནམས་བསགས། །དེ་རྗེས་ [154a.6]ཆོས་ཀུན་སྟོང་པར་བསམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །རྡོ་རྗེའི་གཞི་ལ་རབ་དཀར་དགེ། །ཆོས་འབྱུང་དབུས་སུ་པདྨ་དང་། །ཉི་མ་ལ་གནས་སྣ་ཚོགས་མདོག །རྡོ་རྗེ་ལས་བྱུང་འཁོར་ལོ་བསམ། །གྲུ་བཞི་ཟུར་བཞི་སྒོ་བཞི་པ། །སྣ་ཚོགས་རྒྱན་རྣམས་ཀུན་གྱིས་སྤྲས། །བ་དན་དྲིལ་བུས་ཁྱབ་ [154a.7]པ་ནི། །ཀུན་ནས་ཉམས་དགའི་ཕོ་བྲང་བསམ། །དེ་དབུས་དབྱངས་ཡིག་རྣལ་བཟློག་ལས། །ཟླ་རྒྱས་གྲུབ་སྟེ་དེ་སྟེང་འདིར། །གསལ་བྱེད་རྣལ་བཟློག་དབྱངས་ཡིག་བཅས། །འཕྲོས་བསྡུས་ལས་བྱུང་ཧཱུཾ་ཡིག་བལྟ། །མཐའ་ཡས་སྤྲུལ་པས་དོན་བསྒྲུབས་ནས། །རྒྱལ་བ་མཐིང་ག་རབ་མཛེས་ [154b] [154b.1]སྒེག །གཡས་གཡོན་དཀར་དང་དམར་བའི་ཞལ། །རྡོ་རྗེ་དྲིལ་འཛིན་རིག་མས་འཁྱུད། །འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་འབར་བ་གཡས་གཡོན་ཕྱག །སྐྱིལ་ཀྲུང་རྣམ་པར་རོལ་པས་བཞུགས། །ནམ་མཁའི་མདོག་ལྟར་རབ་དངས་བསྒོམ། །ཨོཾ་དང་ཨཱཿདང་དེ་བཞིན་དུ། །ཧཱུཾ་ཞེས་བྱིན་གྱིས་བརླབས་ [154b.2]ནས་ཀྱང་། །སྙིང་ག་ལས་འཕྲོས་འོད་ཟེར་གྱིས། །ཡེ་ཤེས་བཀུག་ལ་དབང་བསྐུར་བྱ། །དེ་ནས་ཐབས་ཆེན་ཤེས་རབ་མཆོག །བདེ་ཆེན་ངང་དུ་སྙོམས་ཞུགས་པས། །མི་འགྱུར་ཐིག་ལེར་རྣམ་པར་ཞུ། །སྤྱན་སོགས་གླུ་ཡིས་སད་པར་བྱ། །ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་སྙིང་ཟླ་བ་ཧཱུཾ་དང་ནི། །མགྲིན་ [154b.3]པར་པདྨ་ལ་གནས་ཨཱཿ། །སྤྱི་བོར་འཁོར་ལོ་ཨོཾ་གྱིས་མཚན། །ཐུགས་གསུང་སྐུ་ཡི་རྡོ་རྗེ་བསྒོམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀྱི། ། [154b.4]རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབ་མཛད་ནས། །རྡོ་རྗེའི་ཐུགས་གསུང་སྐུར་མཛད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཤེས་རབ་དམ་པའི་ངོ་བོ་ཉིད། །ཐབས་བཅས་འབྱུང་བ་རང་བཞིན་ལུས། །དགའ་བཞིས་བདེ་ [154b.5]གཤེགས་མཉེས་བྱ་ཞེས། །སྔགས་པས་དགའ་བ་ཀུན་དུ་བརྩམ། ཨོཾ་ཨཱཿབཛྲ་དྷྲྀ་ཀ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དྷཱ་ཏྭཱི་ཤྭ་རི་མུཾ་ཧཱུཾ་སྭཱ་ཧཱ། ཧཱུཾ་གི་རྡོ་རྗེ་ལས་བྱུང་བ། །ཡིད་ཚུལ་དམ་པའི་ཆུ་སྐྱེས་ལ། །གནས་པའི་སྔགས་ཕྲེང་ཕྱུང་ནས་ནི། །རྩེ་གཅིག་ [154b.6]ཡིད་ཀྱིས་བཟླ་བར་བྱ། །ཀུན་རྟོག་མཚན་མ་ཀུན་ལས་གྲོལ། །ཡང་དག་རིགས་ལས་ཐ་མི་དང་། །ཞི་སོགས་ལས་ཀུན་སྒྲུབ་བྱེད་རྒྱུ། །སྙིང་རྗེ་ཅན་གྱིས་མི་འགྲུབ་མེད། །དཔལ་ལྡན་གསང་ཆེན་ལྷན་ཅིག་སྐྱེས། །བསྙེན་པས་དངོས་གྲུབ་བསྒྲུབ་པའི་ཕྱིར། །མདོར་ [154b.7]བསྡུས་རིམ་པ་འདི་བརྗོད་པས། །སྐྱེ་བོས་སངས་རྒྱས་ལྔ་འགྲུབ་ཤོག །གསང་ཆེན་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་སྒེག་པས་མཛད་པ་རྫོགས་སོ།། །།ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །། [155a] [155a.1]{T1914}༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མ་ཛ་ཏནྟྲ་རཱ་ཛ་བྲྀཏྟི། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྟོབས་ཀྱིས་དྲེགས་པ་བཞི་བཅོམ་ཞིང་། །ལོངས་སྤྱོད་བཅུ་དང་མཉམ་ལྡན་པའི། །ཡེ་ཤེས་ [155a.2]ལྔ་དངོས་ཀུན་དོན་དང་། །བླ་མའི་ཞབས་ལའང་སྤྱིས་བཏུད་དེ། །འདུས་པ་ཞེས་བྱ་རྒྱུད་ཀྱི་མཆོག །འདོད་ཆགས་ཆེ་ལ་མངོན་ཕྱོགས་དང་། །བདག་ཉིད་བརྗེད་པ་བསལ་དོན་དུའང་། །དད་པའི་ཤུགས་ཀྱིས་བཤད་པར་བྱ། །དེ་ལ་རྒྱུད་འདིའི་དོན་ནི་དཀྱིལ་འཁོར་གསུམ་དང་དམ་ཚིག་དང་། སྡོམ་པ་ [155a.3]དང་། བརྟུལ་ཞུགས་གསུམ་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་ཀྱི་ཆོ་ག་དང་། དེའི་ཐབས་བཞི་པོའི་རིམ་པ་འདི་ལྟ་སྟེ། སྦྱོར་བ་གསུམ་གྱི་ཡན་ལག་དྲུག་པོ་ཆ་དང་བཅས་པས་བསྙེན་པ་དང་དྲག་ཤུལ་གྱིས་སྒྲུབ་པ་དག་ཡིན་ནོ། །དགོས་པ་ལ་སོགས་པ་ནི་ཤུགས་ཀྱིས་དཔག་གོ། །ད་ནི་ཐུན་མོང་དང་ [155a.4]ཐུན་མོང་མ་ཡིན་པའི་གླེང་གཞི་དག་བསྟན་པའི་ཕྱིར་འདི་སྐད་ཅེས་པ་ལ་སོགས་པ་སྨོས་ཏེ་དེ་ལ་འདི་སྐད་ཅེས་པ་ནི་སྒྲའི་རྣམ་པ་མཐའ་དག་བསྡུས་པ་སྟེ། དེས་ཐུན་མོང་མ་ཡིན་པའི་གླེང་གཞིའི་ངོ་བོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་མཚོན་པའོ། །དེ་ལྟར་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། གཉིས་ [155a.5]མེད་ཐོག་མ་ཞིར་ལྡན་པ། །ཡི་གེ་གཉིས་ཀྱིས་དེ་བཞིན་མཚོན། །ཞེའོ། །དེ་ཁོ་ན་ཐུན་མོང་མ་ཡིན་པའི་གླེང་གཞིར་ཕྱི་མ་ལས་གསུངས་པ། ལེགས་པར་གསུངས་པའི་རྒྱུད་འདི་ནི། །ཞེས་པ་ནས་འདུས་པ་གསང་བ་ལས་བྱུང་བའོ་ཞེས་པའི་བར་དུའོ། །དེ་བས་ན་འདིའི་དོན་ནི་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ [155a.6]ཉིད་ཉན་པའི་སྐྱེ་བོ་རྣམས་ལ་སྒྱུ་མའི་རྣམ་པ་ལྟར་སྒྲའི་ངོ་བོར་སྣང་ངོ་ཞེས་པ་འདི་ཡིན་ནོ། །བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་ནི་ཐུན་མོང་གི་གླེང་གཞིའི་ངོ་བོ་གསུངས་ཏེ། དེ་ལ་བདག་གིས་ཞེས་པ་ནི་གཞན་ལས་མ་བརྒྱུད་པ་སྟེ་དེས་ནི་དམ་ཚིག་མ་འཆོལ་བར་བསྟན་ཏོ། །ཐོས་པ་ཞེས་པ་ནི་སྒྲའི་རྣམ་ [155a.7]པའི་རྒྱུད་དོ། །དུས་གཅིག་ན་ཞེས་པ་ནི་དུས་མང་པོར་མ་ཡིན་ཏེ། དེས་ནི་རྙེད་པར་དཀའ་བར་བསྟན་ཏོ། །བཅོམ་ལྡན་འདས་ཞེས་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་དུ་ལྡན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ་དེས་ནི་ཚད་མའི་སྟོན་པ་གསུངས་སོ། །དེ་བཞིན་གཤེགས་པ་ཞེས་པ་ནི་བདེ་ [155b] [155b.1]བ་དམ་པ་བླ་ན་མེད་པར་གཤེགས་པ་སྟེ། བགྲོད་པར་བྱ་བ་ལ་ཕུལ་དུ་ཕྱིན་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྙིང་པོ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་གསུམ་དང་ལྡན་ཞིང་ཐམས་ཅད་ཀྱི་རྒྱུར་གྱུར་པས་སོ། །ཕྱི་མ་ལས་ཀྱང་། སྙིང་པོ་ཕྱག་རྒྱ་གསང་སྔགས་རྣམས། །ཞེས་འདི་ལ་ [155b.2]སྙིང་པོའི་སྒྲར་གསུངས་སོ། །དེའི་བཙུན་མོ་ནི་རིག་མའོ། །དེའི་བྷ་ག་ནི་གཉིས་ཡོངས་སུ་གྱུར་པའི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་སྟེ། གཉིས་ཀྱི་ཁྱད་པར་ཡིན་ཡང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པས་བཙུན་མོའི་སྒྲ་གཙོར་བྱས་སོ། །འདིར་བཙུན་མོ་ལས་གྱུར་པའི་བྷ་ག་ལ་དེ་སྐད་དེ་འབྲུ་ལས་གྱུར་ [155b.3]པའི་ཆང་ལ་འབྲུའི་ཆང་བཞིན་ནོ། །དེ་ལྟར་ཡང་ཕྱི་མ་ལས། ལོངས་སྤྱོད་གཞི་དང་མཉམ་ལྡན་པའི། །ཞེས་པ་ལ་སོགས་པ་གསུངས་ཏེ། དེས་ནི་གནས་ཁྱད་པར་ཅན་བསྟན་ཏོ། །གཞན་དག་གིས་ནི་གསང་བའི་བྷ་ག་ཡིན་ནོ་ཞེས་སྨྲས་ཏེ། དེ་དག་གི་ལྟར་ནས་མ་ཡ་ཞེས་བྱ་བ་བྱང་ཆུབ་སེམས་ [155b.4]སུ་སྨྲ་སྟེ་དེའི་དོན་ནི་བྱང་ཆུབ་ཀྱི་སེམས་ལས་གྱུར་པའི་བཅོམ་ལྡན་འདས་གསང་བའི་བྷ་ག་ན་བཞུགས་ཞེས་པ་ཡིན་ནོ། །དེ་དག་གི་ཆོས་ཀྱི་དབྱིངས་ནི་ནམ་མཁའ་རྡོ་རྗེ་ཡང་ཇི་ལྟར་གནས་ཞེས་རྒོལ་ལོ། །དེ་ལ་བཤད་པ་འདི་ནི་མ་ཡིན་ཏེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་དང་འགལ་ [155b.5]ལོ། །ཇི་ལྟར་ཞེ་ན་ལེའུ་བཅུ་བདུན་པ་ལས་བཙུན་མོ་ལས་འདས་ནས་ཞེས་གསུངས་པས་ན། གསང་བའི་བྷ་ག་ལས་འདས་ནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཆོས་གསུངས་པར་སྣང་ལ། བཟང་པོ་ཞབས་ཀྱིས་ཀྱང་མ་གསུངས་པས་ཤིན་ཏུ་མི་འབྱོར་རོ། །ཡང་རྒྱུད་ཉིད་ལས་ཀྱང་གསང་བའི་དཀྱིལ་འཁོར་ལ་ནི་ [155b.6]བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དང་། ཆོས་ཀྱི་དབྱིངས་ལ་བྷ་ག་ཞེས་གསལ་བར་གསུངས་ཏེ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། །དཀྱིལ་འཁོར་བྷ་གར་བསྟན་པ་དང་། །ཞེས་པ་ལ་སོགས་པའོ། །གཞན་ཡང་དམ་ཚིག་གི་སྒྲ་ནི་དུས་ན་ཞེས་པའི་སྒྲར་བརྗོད་དོ། །ནམ་མཁའ་རྡོ་རྗེ་ནི་ཆོས་ཀྱི་ [155b.7]དབྱིངས་ཀྱི་ནང་གི་ནམ་མཁའ་བས་དེ་ཡང་ཆོས་ཀྱི་དབྱིངས་ལ་གནས་པར་ཤིན་ཏུ་འཐད་དོ། །དེ་མི་འཐད་ན་ཁྱེད་ཀྱི་ལ་ཡང་ཇི་ལྟར་འཐད་དེ་མཚུངས་སོ། །གང་དག་དང་ཐོས་ཤེ་ན། དབང་པོ་བསྟན་པའི་ཕྱིར་བརྗོད་ཀྱིས་མི་ལང་བ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ཁྱད་པར་རོ། །ཡང་བརྗོད་ཀྱིས་མི་ [156a] [156a.1]ལང་བ་ཞེས་པ་ནི་ཡོན་ཏན་གྱི་ཁྱད་པར་ཏེ། དེ་ཁོ་ན་རྡུལ་ཕྲ་མོ་ཞེས་པས་བསྟན་ཏོ། །བྱང་ཆུབ་ནི་བདེ་བ་ཆེན་པོའོ། །དེ་ལ་སེམས་དཔའ་ནི་རྩེ་གཅིག་པའོ། །ཡང་སེམས་དཔའ་ཆེན་པོ་ཞེས་པ་ནི་དེ་དག་ཁོ་ན་སེམས་ཅན་གྱི་ཁམས་ཆེན་པོ་ལ་དམིགས་པའོ། །གནས་ཀྱི་ཁྱད་པར་ [156a.2]གསུངས་པ། སྙིང་པོ་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ་སྙིང་པོ་རྡོ་རྗེ་ནི་རྩེ་གསུམ་པའི་རྡོ་རྗེ་རྒྱ་གྲམ་སྟེ། དེ་ཕྱི་ནང་གི་དཀྱིལ་འཁོར་གྱི་གཞི་བྱེད་པས་སོ། །གཞན་དག་ན་རེ་སྙིང་པོ་བྷྲཱུཾ་དང་ལྡན་པས་སོ་ཞེས་སོ། །པདྨོ་ནི་དེའི་གཞིར་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་མདོག་གིས་དག་པའི་འདབ་མ་བརྒྱད་པ་སྟེ། གསང་བའི་ [156a.3]པདྨ་ནི་མ་ཡིན་ནོ། །དེ་ནི་ཆོས་ཀྱི་དབྱིངས་ལ་གནས་པའི་རིག་པ་ལས་པདྨོ་ཁོ་ན་ཀུན་གྱི་གཞིར་གྱུར་པས་དེ་ཁོ་ན་ཉིད་གཙོར་གསུངས་སོ། །དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། མཁའ་དཀྱིལ་གཞི་ཡི་པདྨ་ལ། །རྒྱ་གྲམ་ཞེས་སོ། །བརྗོད་ཀྱིས་མི་ལང་བ་དེ་དག་གང་དག་ཡིན་ཞེ་ན། དམ་ཚིག་རྡོ་རྗེ་ཞེས་པ་ལ་ [156a.4]སོགས་པ་སྟེ། འདི་རྣམས་ནི་མདོ་སྡེ་སྤྱོད་པ་གང་དག་འདོད་ཆགས་ཀྱིས་འདུལ་བ་རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་ཀྱི་རྐྱེན་གྱིས་སངས་རྒྱས་ཐོབ་པ། སའི་སྙིང་པོ་ནས་ཀུན་དུ་བཟང་པོ་ལ་ཐུག་པ་སྟེ། དེ་ལྟར་ཡང་། དམ་ཚིག་ལུས་ངག་སེམས་ཏིང་འཛིན། །རྒྱལ་བ་རྣམས་ནི་གོ་རིམས་བཞིན། །སྙིང་ལ་ [156a.5]སོགས་པ་དྲུག་ཏུ་ངེས། །ཞེས་གསུངས་སོ། །ས་རྡོ་རྗེ་ལ་སོགས་པ་ནི་དེའི་ངོ་བོ་ཉིད་ཀྱིས་དག་པས་སྤྱན་ལ་སོགས་པའོ། །ནམ་མཁའི་ནི་གོང་དུ་བཤད་དོ། །གཞན་དག་ནི་ལེའུ་བཅུ་བདུན་པ་ལས། མཁའ་དབྱིངས་དམ་ཚིག་དེ་ཉིད་ནི། །རྡོ་རྗེ་འཛིན་པ་ཉིད་ཡིན་ནོ། །ཞེས་པས་ན་སྟོན་པར་སྨྲ་སྟེ། [156a.6]དེ་ནི་འཁོར་གྱི་རིམ་པར་སྟོན་པར་མི་འབྱོར་རོ། །གཞན་ཡང་སྟོན་པ་ནི་གོང་དུ་བཤད་པ་དང་། ཡང་འོག་ནས། ནམ་མཁའ་རྡོ་རྗེ་དབུས་སུ་ནི། །ཞེས་པ་ཡང་ཇི་སྐད་དུ་འཆད། དེ་བས་ན་ནང་གི་ནམ་མཁའི་ཁོང་གཞི་ཡིན་པས་རྡོ་རྗེ་འཛིན་ཞེས་ཀྱང་འདོད་དོ། །ཡང་གཟུགས་ལ་སོགས་པ་ནི་དེས་ [156a.7]དག་པས་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་གཟུང་ངོ་། །དེ་དག་ལ་སོགས་པ་ཞེས་པ་ནི་སེམས་ཅན་ཕལ་པ་དེ་དག་དང་འདྲ་བ་རྣམས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའི་འཁོར་གསུངས་ནས། དེ་བཞིན་གཤེགས་པའི་འཁོར་གསུངས་པ། དེ་བཞིན་གཤེགས་པ་ཞེས་པ་ལ་ [156b] [156b.1]སོགས་པ་སྟེ། དེ་བཞིན་གཤེགས་པའི་སྒྲ་ནི་གོང་དུ་བཤད་དེ་ཐམས་ཅད་དུ་ཤེས་པར་བྱའོ། །འདི་ཡང་མདོ་སྡེ་སྤྱོད་པས་སངས་རྒྱས་པ་སྔགས་ཀྱི་ཆེ་བ་འབྱུང་བའི་དོན་དུ་རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་ཀྱིས་མི་འཁྲུགས་པ་ལ་སོགས་པར་གྱུར་པ་དང་། བྱང་ཆུབ་སེམས་ཀྱི་སྤྲུལ་པ་རྣམས་སོ། །དེ་དག་ལ་ [156b.2]སོགས་ཞེས་པ་ནི་སྔ་མ་དང་འདྲའོ། །ཏིལ་གྱི་གང་བུ་ཞེས་པ་ནི་བར་མཚམས་མེད་པའོ། །འདིར་དེ་བཞིན་གཤེགས་པ་བས་བྱང་ཆུབ་སེམས་དཔའ་སྔར་སྨོས་པ་ཅི་སྟེ་ཞེས་རྒོལ་བ་ལ་བཤད་པ། བྱང་ཆུབ་སེམས་དཔའ་ཡང་འདིར་རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱི་རྐྱེན་གྱིས་སངས་རྒྱས་ཐོབ་པས་མཉམ་པ་སྟེ་དེའི་ [156b.3]ཕྱོགས་ལ་བརྗོད་དོ། །ཁ་ཅིག་ཅིག་ནི་ཉེ་བར་བསྒྲུབ་པ་ལ་འདི་དག་གཙོར་སྔ་བས་སོ་ཞེས་འདོད་དེ་དེ་ནི་མ་ཡིན་ཏེ། འདི་ཉེ་བར་བསྒྲུབ་པའི་ལྷ་མ་ཡིན་པ་དང་། གཞན་ཡང་དེ་ལྟར་ན་ས་ལ་སོགས་པ་ཡང་གཟུགས་ལ་སོགས་པའི་འོག་ཏུ་འབྱུང་བར་རིགས་སོ། །ཉེ་བར་བསྒྲུབ་པའི་ལྷ་མ་ཡིན་ནི་ཁྲོ་བོ་བཞི་མ་ [156b.4]བྱུང་བ་ཅི་སྟེ་ཞེ་ན་དེ་ནི་ལས་དམན་པ་ཉིད་ཀྱིས་མ་སྨོས་ཏེ། ཉེ་བར་བསྒྲུབ་པའི་ལྷ་མ་ཡིན་པས་མ་སྨོས་པ་མ་ཡིན་ནོ། །དེས་ནི་འཁོར་ཁྱད་པར་ཅན་བསྟན་ཏོ། །དེ་བས་ན་དེ་རྣམས་ཀྱི་དོན་ནི་ཚད་མའི་སྐྱེས་བུ་དེ་ལས་གནས་ཁྱད་པར་ཅན་དུ་དབང་པོ་དེ་རྣམས་དང་བདག་ཉིད་ཀྱིས་ཐོས་སོ་ཞེས་གཞན་ཡིད་བརྟན་ [156b.5]དུ་རུང་བར་བྱས་པ་ཡིན་ནོ། །ད་ནི་འདོད་ཆགས་ཆེན་པོའི་སྣོད་དུ་གྱུར་པ་བཅོམ་ལྡན་འདས་ཉིད་ཀྱིས་མངོན་དུ་འདུལ་བ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ཀུན་གྱི་ལྷ་ཞེས་གྲགས་པ་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་གསུངས་པ་སྟེ། དེ་ནས་ཞེས་པ་ནི་ལོངས་སྤྱོད་བཞི་དང་ [156b.6]ལྡན་པའི་རྡོ་རྗེ་སེམས་དཔའ་ཞལ་གསུམ་པ་ལྟ་བུར་གཟིགས་ཞེས་པའི་དོན་དེ་མ་ཐག་པའོ། །རྣམ་པར་སྣང་མཛད་ཅེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞི་བ་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ལྟར་སྣང་བ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཆེན་པོ་ཞེས་པ་ནི་བདེ་བ་དམ་ [156b.7]པའོ། །དེའི་ཚུལ་ནི་ཐབས་ཏེ་དེ་ཉིད་ནི་སེམས་ཅན་གྱི་དོན་ལ་གཙོར་གྱུར་པའོ། །དེ་བཞིན་གཤེགས་པའི་འཁོར་ཞེས་པ་ནི་བདག་ཉིད་གསོལ་བ་འདེབས་པ་གཙོར་གསུངས་པ་སྟེ། ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་སྦྱོར་བའི་སྒྲས་བསྐུལ་ཏེ་ཞེས་པ་ལ་སོགས་པའོ། །ཡང་དེ་རྣམས་བུད་མེད་དུ་སྤྲོ་བ་ [157a] [157a.1]གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ལ་ལ་ཞེས་པ་ནི་རྣམ་པར་སྣང་མཛད་དེ་དེ་ཁོ་ན་ཚད་མེད་པ་སྐུ་ལ་ཞུགས་པས་ནི་ལ་ལ་ཞེས་མང་པོའི་སྒྲས་བྱས་སོ། །དེ་ནི་སྤྱན་ལྟ་བུ་དང་གཟུགས་ལྟ་བུ་སྟེ་ཐམས་ཅད་དེ་ལྟར་ཤེས་པར་བྱའོ། །འདིར་ཆོས་ཀྱི་དབྱིངས་མ་བྱུང་བ་ [157a.2]ནི་དེའི་བདག་པོ་རྡོ་རྗེ་སེམས་དཔའི་ཉིད་སྐུ་ལ་མ་ཞུགས་པའི་ཕྱིར་རོ། །ཁ་ཅིག་ན་རེ་རེག་པའི་དགའ་བ་མེད་པས་མ་བྱུང་ཞེས་ཟེར་ཏེ། དེ་ནི་མ་ཡིན་ནོ། །ཅི་སྟེ་ཞེ་ན། བུད་མེད་ཀྱི་གཟུགས་སུ་སྤྲུལ་ཞེས་པའི་ཚིག་གིས་ན་རེག་པ་ཡང་ཡོད་ལ། དེ་ལས་བྱུང་བའི་དགའ་བ་ཡང་སྐྱེ་སྟེ། དེ་ལྟར་མ་ཡིན་ [157a.3]ན་རོ་ལ་སོགས་པ་ཡང་རེག་པ་མེད་པར་འགྱུར་རོ། །དེ་ལྟར་ཕྱུང་ནས་ཡང་དེའི་རིག་མ་ལ་བཙུད་པར་གྱུར་ཏེ། དེ་ལྟར་ཡང་ཕྱི་མ་ལས། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །ཞེས་པ་ནས། བསྒྲུབ་བྱའི་ལུས་ལ་གཟུད་པར་བྱ། །ཞེས་པའི་བར་དུ་གསུངས་སོ། །ལ་ལ་ན་རེ་ཉིད་ཀྱི་སྐུ་ལ་ཞུགས་པར་ [157a.4]མཛད་དོ་ཞེས་པ་ལ་སྙག་ཅེས་ཟེར་ཏེ། དེ་ནི་ཕྱི་མ་ལས་བསྒྲུབ་བྱའི་ལུས་ཞེས་འབྱུང་བས་ན་ཉིད་ཀྱི་སྐུ་ལ་ཞེས་པ་དང་མི་འབྱོར་རོ། །ཅིའི་ཕྱིར་མངོན་པར་རྟོགས་པའི་རིམ་པ་རྣམས་ལས་དང་པོར་འདོད་ཆགས་ཆེན་པོ་སྨོས་ཤེ་ན། ཏིང་ངེ་འཛིན་གསུམ་ལས་དེ་ཐོག་མར་གྱུར་པའི་ཕྱིར་རོ། །དེ་ནས་ཡང་ [157a.5]སེམས་ཅན་ཐམས་ཅད་གཟུད་པའི་དོན་དུ་སྦྱོར་བའི་སྒྲའི་དེ་ཁོ་ནས་བསྐུལ་ཏེ། ཡེ་ཤེས་ཀྱི་འཁོར་ལོ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་མི་བསྐྱོད་པ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། རྒྱུ་དང་འབྲས་བུའི་རྣམ་པར་དག་པ་དབྱེར་ [157a.6]མེད་པས་འདི་སྐད་ཅེས་བྱའོ། །དམ་ཚིག་ཆེན་པོ་ཞེས་པ་ནི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་གྱུར་པའི་འཁོར་ལོ་ཞེས་ཏེ། གསལ་བ་ཞེས་པ་ནི་དྲི་མས་མ་གོས་པའོ། །དེའི་ངོ་བོ་ཉིད་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ངོ་བོའི་དོན་ཏོ། །སྣ་ཚོགས་གཟུགས་ཀྱིས་ཀུན་དུ་ཁྱབ། ། [157a.7]ཅེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ངོ་བོ་རྟ་བབས་ལ་སོགས་པས་མཛེས་པའོ། །སངས་རྒྱས་ཚོགས་ཀྱིས་ཀུན་དུ་རྒྱས། །ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་བཅུ་དགུ་དང་ལྡན་པའོ། །གསལ་བ་ནི་ཟླ་བ་སྟེ། ལ་སོགས་པའི་སྒྲས་ནི་ཉི་མ་དང་པདྨར་ལྡན་པའོ། །དེ་ཁོ་ན་འོད་འཕྲོ་བ་དང་ལྡན་ཞིང་དེ་ [157b] [157b.1]བཞིན་གཤེགས་པའི་གནས་ཡིན་པས་དེ་སྐད་ཅེས་བྱའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། གསུམ་པོ་དེས་ལྡན་པས་དེ་སྐད་ཅེས་བྱའོ། །དེ་ལ་དབུས་སུ་བཞག་ཅེས་པ་ནི་དེའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་བཙུད་དོ་ཞེས་པའི་ཐ་ཚིག་གོ། །ཡང་དེ་རྣམས་ [157b.2]ཁོ་ན་ལ་དབང་བསྐུར་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྔོན་བཏགས་པའི་མིང་ངོ་། །ཐུགས་ལ་ཞུགས་ཞེས་པ་ནི་སྦྱོར་བའི་སྒྲས་ཐུགས་སུ་ཞུགས་ཏེ་ཞུ་ནས་ཡུམ་གྱི་པདྨར་འཕྲོས་ཏེ་གསང་བའི་དབང་བསྐུར་རོ་ཞེས་པ་སྟེ་བཅུ་ [157b.3]བདུན་པའི་སྐབས་སུ་བཤད་པར་བྱའོ། །དེ་ལྟར་ཡང་བཟང་པོ་ཞབས་ཀྱིས། འདོད་ཆགས་ཆེན་པོས་འདུལ་བ་ཡི། །ཞེས་པ་ནས། ཕྱིར་མི་ལྡོག་པའི་དོན་དབང་བསྐུར། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་བཞི་གསུངས་སོ། །དེ་གཞིའི་ཏིང་ངེ་འཛིན་གསུངས་པ་དེ་ནས་ཞེས་པ་ལ་སོགས་ [157b.4]པའོ། །དེ་ལ་དེ་ནས་ཞེས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་གསོལ་བ་འདེབས་མ་ཐག་ལའོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་སྙོམས་པར་ཞུགས་སོ་ཞེས་འབྲེལ་ཏེ། ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་པ་ནི་ཕྱོགས་མཚམས་བཅིང་བ་དང་། རབ་དང་དྲ་བ་ལ་སོགས་པས་གནོད་པ་ཐམས་ [157b.5]ཅད་ཟིལ་གྱིས་གནོན་ཅིང་དེས་མི་ཕྱེད་པའི་ངོ་བོ་བས་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །དེའི་ལས་གསུངས་པ་རྡོ་རྗེའི་ངོ་བོར་གནས་པ་ཞེས་པ་སྟེ་གོང་མ་ལྟར་མི་ཕྱེད་པ་དང་ལྡན་པའི་གཞི་འགྲུབ་བོ་ཞེས་པའི་ཐ་ཚིག་གོ། །ལ་ལ་ནི་དེ་ཁོ་ནའི་དོན་དུ་ཕྱི་མ་ལས་བཤད་པ། གཞི་ [157b.6]དག་གི་ནི་ཐབས་དག་སྟེ། །ཞེས་སོ། །དེ་ཉིད་བཟང་པོ་ཞབས་ཀྱིས། ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ། །ཞེས་པ་ནས། བརྩེགས་པའི་གཞལ་ཡས་ཁང་བསྒོམ་བྱ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་བཞི་གསུངས་སོ། །ད་ནི་གོང་དུ་བསྟན་པའི་དབང་བསྐུར་བའི་ལས་ཀྱི་ཡོན་ཏན་གསུངས་ [157b.7]པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དེ་ནས་ཞེས་པ་ནི་རྡོ་རྗེ་དཔལ་གྱིས་རེག་པའི་དེ་མ་ཐག་པའོ། །རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས། །ཞེས་པ་ནི་དེའི་ཕྲིན་ལས་ཀྱི་མཐུས་སོ། །བདེ་བ་ནི་ཤེས་རབ་ཡེ་ཤེས་སོ། །ཡིད་བདེ་བ་ནི་དེས་དྲི་མ་དག་པའི་ངོ་བོ་གསང་བའི་དབང་ཞེས་པའི་དོན་ཏོ། ། [158a] [158a.1]མངོན་པར་ཤེས་པ་ནི་བཅུ་བདུན་པར་སྦྱར་རོ། །གཞན་དག་ནི་ཕྱི་མ་ལས། དེ་བཞིན་འབྲས་བུ་འདུ་བ་མེད། །ཅེས་པས་བསྟན་ཏོ་ཞེས་སོ། །དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཁོ་ན་བསྐྱེད་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་དེ་ནས་ཞེས་པ་ནི་རྡོ་རྗེའི་ [158a.2]ངོ་བོར་གནས་གྱུར་པའི་དེ་མ་ཐག་གོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཉམ་པ་ཉིད་ནི་རྡོ་རྗེ་སེམས་དཔའ་སྟེ་དེ་གང་ལས་བྱུང་བའི་མི་ཕྱེད་པའི་ཏིང་ངེ་འཛིན་ནི་དེ་སྐད་ཅེས་བྱའོ། །དེ་ཡང་སྙིང་རྗེ་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱི་ཟླ་བ་ལ་སོགས་པའི་མངོན་པར་བྱང་ཆུབ་པའི་ངོ་བོ་ཉིད་ལ་ཞུགས་པའོ་ཞེས་ [158a.3]ཁ་ཅིག་འདོད་དོ། །ཏིང་ངེ་འཛིན་དེའི་མཐུ་ནི་རིག་པའི་སྐྱེས་བུ་ཞེས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་བྱིན་གྱིས་བརླབས་ཞེས་པའི་དོན་ཏོ། །དེ་ཡང་ཁ་ཅིག་ནི་ཕྱི་མ་ལས་རང་བཞིན་མེད་པའི་རྒྱུ་ཞེས་པས་བསྟན་ཏེ། གོང་དང་འོག་ནས་འབྱུང་བའི་ལྷའི་སྐུའི་རྣམ་པ་ཐམས་ཅད་ལ་སྦྱར་རོ་ཞེས་པའི་དོན་ཏོ། ། [158a.4]ཞལ་གསུམ་པ་ཞེས་པ་ནི་རྣམ་པར་ཐར་པ་གསུམ་གྱི་རང་བཞིན་ནོ། །ལྟ་བུ་ཞེས་པ་ནི་སྒྱུ་མ་ལྟ་བུར་སྤྲུལ་ཞེས་པ་སྟེ་ཡང་དག་པར་ན་དེ་ལྟ་བུ་མ་ཡིན་ཞེས་པའི་དོན་ཏོ། །དེ་ལྟར་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་གསུངས་ནས། ཡང་སྤྲོས་པ་རྣམས་ཀྱི་དོན་བྱ་བའི་ཕྱིར་དེ་བསྐྱེད་པའི་རིམ་པ་ཉིད་ཀྱི་ངོ་མཚར་གསུངས་ [158a.5]པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་དམ་ཚིག་གི་འཁོར་ལོས་འདོད་པ་སྤྱོད་ཅིག་ཅེས་པའི་དེ་མ་ཐག་པའོ། །ཐུགས་ཀ་ནས་ཕྱུང་ཞེས་པ་ནི་ཐུགས་ཀ་ནས་ཞུགས་ཏེ་གསང་བའི་རྡོ་རྗེ་ནས་ཕྱུང་ནས་གསང་བའི་དཀྱིལ་འཁོར་ཡང་བསྐྱེད་པའོ། །ཨེ་མ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བྱུང་བ་བདེ་བ་ཞི་བ་ [158a.6]དེ་ལས་སྒྱུ་མའི་རྣམ་པ་ལྟར་ཕྱི་ནང་གི་འཁོར་ལོ་བསྐྱེད་པས་ངོ་མཚར་ཏེ། དེ་ཁོ་ན་དེ་བཞིན་གཤེགས་པ་ཀུན་གྱི་གསང་ཞེས་སོ། །རབ་ཏུ་མི་རྟོགས་གནས་མེད་ཅེས་པ་ནི་དེ་ཁོ་ན་ངོ་མཚར་བའི་སྒོ་ནས་ཟུར་གྱིས་ཞུས་པའི་དོན་ཏོ། །ད་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རིགས་ཐམས་ཅད་ཀྱི་ཐོག་མ་ཞི་བ་མྱ་ངན་ལས་ [158a.7]འདས་པ་ཐམས་ཅད་དུ་ཁྱབ་པའི་བདག་ཉིད་ཆེན་པོ་ལ་དེས་སྤྲུལ་པའམ་གཞན་རིགས་ལྔའི་ངོ་བོས་སེམས་ཅན་གྱི་དོན་དུ་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་ཐོག་མར་ཞུ་བས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་གསང་བའི་ཚུལ་གྱིས་ཐོག་མར་མངོན་པར་སངས་ [158b] [158b.1]རྒྱས་པའི་ཡེ་ཤེས་རྟེན་དང་སྣང་བ་མེད་པ་ཆོས་ཀྱི་སྐུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་གྲུབ་པའི་ངོ་བོ་ཉིད་ལ་བྱའི། སྐབས་ལས་བྱུང་བའི་དེ་མ་ཐག་པ་མ་ཡིན་ནོ། །རྡོ་རྗེ་རྣམ་པར་སྣང་མཛད་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ། དེ་ཉིད་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་སྣང་བར་མཛད་པ་པོ་ཡིན་པའི་ཕྱིར་རོ། ། [158b.2]གཞན་དག་ན་རེ་ཚིག་འདི་རྣམ་པར་བསྒྱུར་བའོ་ཞེས་ཟེར་རོ། །དེ་ཁོ་ན་ཉིད་ཅེས་པ་ནི་གསང་བའི་ངོ་བོའོ། །དམ་ཚིག་ནི་ནང་གིའོ། །རིན་པོ་ཆེ་ནི་ཕྱིའི་སྟེ། མཆོད་པ་ཐམས་ཅད་ཀྱིས་མཆོད་དེ་གུས་པའི་ཚུལ་གྱིས་ཕྱག་འཚལ་ནས་གསོལ་བ། འདུས་པ་གསང་བ་ལས་བྱུང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ [158b.3]འདུས་པ་གསང་བ་ཞེས་པ་ནི་ཡི་གེ་གསུམ་དང་། དེའི་རིམ་པས་སངས་རྒྱས་ཐམས་ཅད་འདུས་པ་སྟེ། དེ་ལྟར་ཡང་ཕྱི་མ་ལས། གསང་བ་ཞེས་སུ་བསྟན་པ་ནི། །ཞེས་པ་ལ་སོགས་པས་ཐོག་མར་བཤད་དོ། །དེ་ལས་བྱུང་བ་ནི་སྙིང་པོ་དང་རྡོ་རྗེ་དང་ཐབས་དང་ཤེས་རབ་འདུས་པའི་སྐུ་རྣམས་ཏེ། [158b.4]དེས་ནི་བསྙེན་པ་དང་པོ་ཞུས་ནས། གཞན་ཡང་གསུངས་པ་དེ་ཉིད་ཅེས་ཏེ། དེ་ཁོ་ན་གཉིས་སུ་མེད་པའི་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་གསུམ་ཐུགས་ལ་བཞག་ནས་བཤད་དུ་གསོལ་ཞེས་ཞུ་བར་བྱེད་དོ། །གཞན་དག་ནི་གཞན་དུ་འཆད་དོ། །དེ་ཉིད་ཀྱང་ཤིན་ཏུ་ཟབ་པའི་ངོ་བོ་ཡིན་པས་སྣོད་དང་མི་ [158b.5]ལྡན་པ་རྣམས་ལ་དོན་དུ་མི་འགྱུར་རོ་ཞེས་སྟོན་པས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། ལེགས་ནི་ལེགས་ན་ཞེས་པ་ནི་དོན་ཆེན་པོ་ལ་སྦྱོར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་པ་ནི་གསང་སྔགས་ཀྱི་ཚུལ་མ་བརྙེས་པའི་མདོ་སྡེ་པའོ། །ཐེ་ཚོམ་སྐྱེས་ཞེས་པ་ནི་སྔར་མ་ཐོས་པའི་ཕྱིར་རོ། ། [158b.6]བྱང་ཆུབ་སེམས་དཔའ་གཞན་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དང་གཞན་རྣམས་ཞེས་པའི་ཐ་ཚིག་གོ། །དེ་ནས་ཡང་སྣོད་དང་ལྡན་པར་མཛོད་ཅེས་གསོལ་བ། དེ་ནས་ཞེས་པ་ལ་སོགས་པའོ། །ངོ་མཚར་དུ་གྱུར་ཞེས་པ་ནི་ཟབ་པ་ཉིད་ལ་བྱའོ། །རྨད་དུ་གྱུར་ཞེས་པ་སྔར་མ་ཐོས་པས་སོ། །དེ་ལ་ [158b.7]གསོལ་བའི་དོན་ནི་བྱིན་གྱིས་བརླབ་མཛད་དེ་ཞེས་པ་ལ་སོགས་པ་སྟེ། བྱིན་གྱིས་བརླབ་ནི་དཀྱིལ་འཁོར་དུ་གཞུག་པའོ། །རྡོ་རྗེའི་དམ་ཚིག་ནི་བྱང་ཆུབ་ཀྱི་སེམས་མི་འགྱུར་བ་སྟེ། དེས་རེག་པ་ཙམ་གྱིས་གང་བདེ་བ་དང་ཡིད་བདེ་བ་གོང་དུ་བཤད་པ་དང་། མངོན་པར་ཤེས་པར་འདོད་པ་བཞི་པོའི་ངོ་བོ་བཅུ་ [159a] [159a.1]བདུན་པར་བཤད་པ་དག་ཐོབ་པར་འགྱུར་བས་ཐོབ་པར་བགྱི་བའི་བར་དུ་ཞེས་སྨོས་ཏེ་འདིར་ཡང་མཛོད་ཅེས་སྦྱར་རོ། །དེའི་དོན་ནི་བྱིན་གྱིས་རློབས་ལ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བར་མཛོད་དེ་བསྟན་དུ་གསོལ་ཞེས་ནི་འདི་ཡིན་ནོ། །ད་ནི་འབྲས་བུའི་ངོ་བོ་རྡོ་རྗེ་འཆང་གི་བཙུན་མོའི་ [159a.2]བྷ་གར་གང་གོང་དུ་བསྐྱེད་པ་དེ་ཁོ་ན་སེམས་ཅན་གྱི་དོན་དུ་སྤྱན་དྲང་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དེ་ནས་ཞེས་པ་ནི་བྱང་ཆུབ་སེམས་ཟུར་གྱིས་ཞུས་པའི་དེ་མ་ཐག་གོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་པ་ནི་འབྲས་བུའི་རྡོ་རྗེ་སེམས་དཔའ་སྟེ་འབྲས་ [159a.3]བུ་ཡིན་ཡང་རྒྱུའི་ཚུལ་འཆང་བས་རྒྱུད་འདི་ལས་རྒྱུའི་མིང་བཏགས་སོ། །དེ་ཁོ་ན་སྙོམས་པར་ཞུགས་ཞེས་འབྲེལ་ཏོ། །གསོལ་བ་བཏབ་པ་མཁྱེན་ནས་ཞེས་པ་ནི་ཚིག་དེ་ཁོ་ན་ཟུར་གྱིས་ཞུ་བར་ཐུགས་སུ་ཆུད་བཞིན་དུ་ཞེས་པ་སྟེ། ནས་ཞེས་པའི་སྒྲ་ནི་གཞིག་ཏུ་ངེས་པར་སྦྱར་ཏེ། དེའི་ལན་ [159a.4]གསུངས་པར་རྩོམ་པ་ནི་མ་ཡིན་ནོ། །ཁ་ཅིག་ན་རེ་འདུས་པ་གསང་བ་ཞེས་པ་ལ་སོགས་པའི་གསོལ་བ་བཏབ་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟར་ན་མཁྱེན་ཞེས་པའི་ཚིག་མི་དགོས་པ་ཁོ་ན་སྟེ། མངོན་སུམ་ཉིད་དུ་གསོལ་བ་བཏབ་པའི་ཕྱིར་རོ། །གཞན་ཡང་ཚིག་དེ་ནི་འབྲེལ་པ་མེད་པ་ཡིན་ [159a.5]པས་ཁོ་བོ་ནི་མ་རངས་སོ། །ཡེ་ཤེས་ཀྱི་སྒྲོན་མ་རྡོ་རྗེ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒྲོན་མ་ལྟར་གསལ་བ་མི་ཕྱེད་པས་རྡོ་རྗེ། དེ་སྐད་ཅེས་པའི་ཏིང་ངེ་འཛིན་ལ་ཞུགས་ནས་བྱུང་ཞེས་པ་སྟེ་ཇི་འདྲ་བ་ཞེ་ན། ཞེ་སྡང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞེ་སྡང་གི་རིགས་ཞེས་པ་ནི་རྣམ་པར་དག་པའི་ [159a.6]ཞེ་སྡང་ལོངས་སྤྱོད་པ་ལས་སྐྱེས་པའི་ཐ་ཚིག་སྟེ། དེ་ལྟར་ཡང་ཕྱི་མ་ལས་ཞེ་སྡང་ལོངས་སྤྱོད་པས་གསུངས་སོ། །མཆོག་ཀྱང་ཡིན་ལ་སྙིང་པོ་ཡང་ཡིན་ཞེས་པ་སྟེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་དེ་སྐད་ཅེས་བྱའོ། །ཡང་སྙིང་པོ་ཞེས་པ་ནི་སྔགས་དེ་སྙིང་པོ་ཉིད་ནི་མ་ཡིན་ནོ། །སྙིང་ [159a.7]པོ་ནི་ས་བོན་ཏེ། བཟང་པོ་ཞབས་ཀྱིས་གསུངས་པ། སྙིང་པོ་ས་བོན་ཞེས་གསུངས་ཏེ། །ཞེས་སོ། །སྐུ་དང་གསུང་དང་ཐུགས་ལས་བྱུང་། །ཞེས་པ་ནི་གསུངས་སོ་ཞེས་པའི་ཐ་ཚིག་གོ། །བྱུང་མ་ཐག་ཏུ་ཞེས་པ་ནི་རྗེས་ཐོགས་ཏེ་ཞུགས་སོ་ཞེས་སྦྱར་རོ། །ཚུལ་ཇི་ལྟར་ཞེ་ན་བཅོམ་ལྡན་འདས་དེ་ཉིད་ [159b] [159b.1]ཅེས་པ་ལ་སོགས་པ་སྟེ། མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་གྱུར་ཏེ་ཞེས་སྦྱར་རོ། །ཐབས་གང་གིས་ཚུལ་ཇི་ལྟར་ཞེ་ན་སྦྱོར་བའི་ཐབས་ཞེས་པ་ལ་སོགས་པ་སྟེ་རྡོ་རྗེ་འཆང་བ་ཡབ་ཡུམ་སྦྱོར་བ་ལས་བསྐྱེད་ཅེས་པ་སྟེ། དེ་ལྟར་ཡང་ཕྱི་མ་ལས། བསྙེན་དུས་གཙུག་ཏོར་ཆེན་པོ་ཡི། །གཟུགས་སུ་ [159b.2]དམིགས་པ་ཉིད་དུ་སྦྱར། །ཞེས་སོ། །ནག་པོ་དཀར་པོ་དམར་པོའི་ཚུལ། །ཞེས་པ་ནི་སྐུ་གསུང་ཐུགས་དང་ལྡན་པའི་ཕྱིར་རོ། །གྱུར་ཏེ་བྱུང་ནས་སེམས་ཅན་གྱི་དོན་བྱས་ཏེ་ཞེས་པ་ནི་ཚིག་ལྷག་མའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ཡང་རྡོ་རྗེ་འཆང་དེ་ཉིད་དེ་ཐམས་ཅད་དུ་སྦྱར་རོ། །དམ་ཚིག་ [159b.3]ནི་རྣམ་པར་སྣང་མཛད་ཉིད་མི་འདའ་བའི་ངོ་བོ་སྟེ་དེ་འབྱུང་བའི་མེ་ལོང་ལྟ་བུ་ལ་ཏིང་ངེ་འཛིན་ཞུགས་ཞེས་པ་སྟེ། ལྷག་མ་དང་ལེའུའི་མིང་གི་དོན་རྣམས་ཀྱང་རང་རང་གིས་རྗེས་སུ་དཔག་སྟེ། ཁོ་བོ་ནི་ཚིག་མངས་ཀྱིས་དོགས་ནས་བཤད་པར་མི་སེམས་སོ། །གཏི་མུག་ནི་རྣམ་པར་དག་པའི་གཏི་མུག་སྟེ་ [159b.4]གོང་དུ་ཇི་ལྟར་སྦྱར་བའི་སྒྲ་དེ་རྣམས་ནི་འདི་མན་ཆད་ཀུན་ལ་སྦྱར་རོ། །ནོར་བུ་ཡིད་བཞིན་གྱི་རིགས་ཞེས་པ་ནི་ནོར་བུ་ནི་སེམས་ཏེ་དེ་ཡང་ཕྱི་མ་ལས། རིན་ཆེན་སེམས་སུ་བསྟན་པ་སྟེ། །ཞེས་སོ། །དེ་འཛིན་པའི་ང་རྒྱལ་རྣམ་པར་དག་པ་ལས་སྐྱེས་པའི་ཐ་ཚིག་གོ། །དམ་ཚིག་འགུགས་པ་ཞེས་པ་ནི་དོན་ཡོད་ [159b.5]གྲུབ་པ་སྟེ། དམ་ཚིག་བསླང་བའི་ཏིང་ངེ་འཛིན་ལ་གཙོ་བོར་གྱུར་པས་སོ། །དེའི་ངོ་བོའི་ཕྲག་དོག་རྣམ་པར་དག་པ་ལས་སྐྱེས་པའོ། །ཞེ་སྡང་གཏི་མུག་འདོད་ཆགས་དང་། །ཞེས་པ་ལ་སོགས་པའི་བསྡུས་པའི་དོན་ནི་ཕྱི་མ་ལས་བཤད་པས་དེ་ལས་ཤེས་པར་བྱའོ། །ད་ནི་བཙུན་མོ་བཞི་གསུངས་པ་དེ་ [159b.6]ནས་ཞེས་པ་ལ་སོགས་པའོ། །དེ་ལ་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བཙུན་མོ་ཞེས་པ་ནི་དེས་རང་གི་བདག་པོ་མཆོད་པས་མཉེས་པར་བྱེད་པས་དེ་སྐད་ཅེས་བྱ་སྟེ། དེ་ཡང་ལེའུ་བཅུ་གསུམ་པ་ལས། ལུས་ཀྱི་སྐུ་ཡི་ངོ་བོ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དག་པར་བཙུན་ [159b.7]མོ་ཉིད་ནི་མ་ཡིན་ཏེ་རྣམ་པར་དག་པ་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་འོག་ཏུ་ཡང་སྦྱར་རོ། །གོང་དུ་སྦྱོར་བའི་ཐབས་ཞེས་པ་ལ་སོགས་པ་སྨོས་པ་ནི་འདིར་ཡང་སྦྱར་ཏེ། དེ་ཡང་འོག་མར་ཡང་སྦྱར་རོ། །ཤར་ཕྱོགས་ཀྱི་གྲྭར་ཞེས་པ་ནི་འོག་མ་དང་བསྣོར་ནས་ལྷོ་ཕྱོགས་སུ་སྦྱར་ [160a] [160a.1]རོ། །ཤེས་རབ་འཛིན་པ་ཞེས་པ་ནི་དོན་ཡོད་གྲུབ་པའོ། །བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ཞེས་བྱ་བ་ཡང་ཕྱི་མ་ཁོ་ན་ལས་ཆེར་ཤེས་པར་བྱའོ། །ད་ནི་ཁྲོ་བོ་བཞིའི་འབྱུང་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དེ་བཞིན་ [160a.2]གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་ཏེ། བྱིན་གྱིས་རློབ་པ་ནི་འགུགས་པའི་ལས་སུ་ཤེས་པར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གཞན་ལ་ཡང་དགུག་པ་སྟེ་འདིར་ནི་གཙོར་གསུངས་པའོ། །འདིར་ཡང་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཆེན་པོ་ཞེས་པ་ལ་སོགས་པའི་ [160a.3]ཚིག་ལྷག་མར་གྱུར་པ་སྟེ་དེ་ལྟར་འོག་ཏུ་ཡང་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་བརྙེས་པར་བྱེད་ཅེས་པ་ནི་དེའི་མཐུན་པ་འགོག་པ་སྟེ་དེ་ཡང་ཕྱི་མ་ལས། གཏི་མུག་ཟད་ཕྱིར་གཤིན་རྗེའི་གཤེད། །ཅེས་པ་ལ་སོགས་པ་གསུངས་སོ། །འདི་ཡང་ཀུན་ལ་སྦྱར་རོ། །དེ་བཞིན་གཤེགས་ [160a.4]པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཉེས་པར་བྱེད་ཅེས་པ་ནི་བདུད་རྩི་ཐབ་སྦྱོར་ཏེ། རྣམས་ཞེས་པའི་ཚིག་གིས་འགུགས་པ་ལ་སོགས་པ་ཡང་སྦྱར་རོ། །དེ་ཡང་བཟང་པོ་ཞབས་ཀྱིས་གཤིན་རྗེ་ལ་སོགས་ཀྱིས་དགུག་དང་ཞེས་པ་ལ་སོགས་པ་རྐང་པ་གཉིས་གསུངས་སོ། ། [160a.5]དེ་རྣམས་ཐམས་ཅད་ཀྱི་སྔགས་ཀྱི་དོན་ནི་ཕྱི་མར་བཤད་པས་བདག་གིས་མ་ཕྱེའོ། །འོ་ན་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ལ་གཏོགས་པ་དྲུག་འདིར་མ་བྱུང་བ་ཅི་ལ་དགོངས་ཤེ་ན། བཤད་པ། དཀྱིལ་འཁོར་གྱི་ལྷ་མ་ཡིན་པས་མ་བྱུང་བ་ནི་མ་ཡིན་གྱི། ཐུན་མོང་གི་ཡི་གེ་ལས་མ་ [160a.6]གཏོགས་པ་སྤྱན་དྲང་བའི་སྔགས་མེད་པའི་ཕྱིར་སྡུད་པ་པོས་མ་སྨོས་པར་ཟད་དོ། །དེ་ཐམས་ཅད་ཀྱི་དོན་ཡང་བཟང་པོ་ཞབས་ཀྱིས། སྙིང་ལ་རལ་གྲི་སྙིང་འོད་ཀྱིས། །ཞེས་པ་ནས། རྫོགས་པའི་དཀྱིལ་འཁོར་མཐོང་ནས་སུ། །ཞེས་པའི་བར་དུ་རྩ་བ་ཕྱེད་དང་གཉིས་ཀྱིས་གསུངས་སོ། །འོ་ན་ [160a.7]སངས་རྒྱས་ཀྱི་ཏིང་ངེ་འཛིན་ནི་ལྷུན་གྱིས་གྲུབ་པས་མོས་པ་ཙམ་ལ་རག་ལས་པའི་ཕྱིར་ཇི་སྐད་སྨོས་པ་དེ་ཙམ་གྱིས་རྫོགས་པར་ཤེས་པར་བྱ་སྟེ་དེ་ཡང་། ཁྱོད་ཀྱིས་དོན་རྣམས་ལྷུན་གྱིས་གྲུབ་ཕྱིར་བཞེད་པ་ཙམ་ལ་རག་ལས་ལགས་ཞེས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ [160b] [160b.1]ནི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་ཕྲིན་ལས་སུ་གྱུར་པའོ། །དེ་ཁོ་ན་བྱིན་གྱིས་རློབ་པའི་ལེའུ་སྟེ་དང་པོའི་འགྲེལ་པ་རྫོགས་སོ།། །།ད་ནི་སྒྲའི་རྣམ་པའི་རྒྱུད་རྣམས་གོང་དུ་ཟུར་གྱིས་ཞུས་པ་དང་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ཉིད་ཀྱིས་བྱང་ [160b.2]ཆུབ་སེམས་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དེ་ནས་ཞེས་པ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་མངོན་སུམ་དུ་འདུལ་བ་རྣམས་ཀྱི་དོན་བྱས་ཏེ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་གནས་པ་དེ་མ་ཐག་ཏུ་ཡང་དག་བསྟན་པར་འདུལ་བའི་དོན་དུ་གསོལ་ཏོ་ཞེས་པའོ། །བཅོམ་ལྡན་འདས་ [160b.3]ཞེས་པ་དང་དེ་བཞིན་གཤེགས་པའི་སྒྲ་ནི་སྔར་བསྟན་པའོ། །ཐམས་ཅད་དུ་དེ་བཞིན་དུ་བལྟའོ། །སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ཞེས་པ་ནི་རྡོ་རྗེ་འཆང་བ་སྟེ་ཐམས་ཅད་དུ་དེ་བཞིན་དུ་བལྟའོ། །ཐམས་ཅད་ཀྱིས་ཞེས་པ་ནི་གསོལ་ཏོ་ཞེས་འབྲེལ་ཏོ། །སྐུ་གསུང་ཐུགས་ཀྱི་བདག་ [160b.4]པོ་མཆོག །ཅེས་པ་ནི་བོད་པའོ། །ཞུ་བའི་དོན་ནི་བླ་ན་མེད་པའི་བྱང་ཆུབ་སེམས་ཞེས་པ་དང་སྙིང་པོ་ཞེས་པ་སྟེ། རྣམ་པ་གཉིས་སོ། །ལན་གསུངས་པ་དེ་ནས་ཤེའོ། །དེ་ལ་གསོལ་བ་བཏབ་པ་ཡང་མཁྱེན་ཞེས་པ་ནི་ཟུར་གྱིས་ཞུས་པ་ཉིད་ལ་བསྣན་ནོ་ཞེས་ཐུགས་སུ་ཆུང་པའོ། །བྱང་ཆུབ་ [160b.5]སེམས་དཔའི་ཡོངས་སུ་རྟོག་པ་ནི་ཞུ་བར་འདོད་པ་སྟེ། དེ་ནང་དུ་རིག་ནས་བཀའ་སྩལ་ཏོ་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཁོ་ན་ལ་བཀའ་སྩལ་ཞེས་པ་ནི་དེ་དག་ཀྱང་ཞུ་བར་འདོད་པའི་ཕྱིར་རམ། ཡང་ན་རྐྱེན་གྱིས་བྱང་ཆུབ་ཐོབ་པར་མཚུངས་ཀྱང་དབང་པོ་དམན་པ་ལྟ་བུར་བསྟན་ [160b.6]ནས་དེ་རྣམས་ལ་བཀའ་སྩལ་ཞེས་པའི་ཐ་ཚིག་གོ། །དེ་ལ་ཁྱེད་ཀྱིས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་སྟེ། སེམས་ལ་སོགས་པ་དེ་ལྟ་བུར་སྐྱེད་ཅིག་ཅེས་པའི་དོན་ཏོ། །ཇི་ལྟར་ཞེ་ན། སེམས་ལུས་ལྟ་བུ་ཞེས་པ་ལ་སོགས་པ་སྟེ། དེ་ནི་སྙིང་པོའི་ལན་ཏེ། སེམས་ཉིད་བདེ་བ་ཆེན་པོ་དོན་དམ་པའི་ [160b.7]གཟུགས་དྲི་མ་མེད་པར་གྱུར་ཏོ་ཞེས་པའི་དོན་ཏོ། །ལུས་སེམས་ལྟ་བུ་ཞེས་པ་ལ་སོགས་པ་ནི་བླ་ན་མེད་པའི་ལན་ཏེ། ལུས་དང་ངག་སེམས་ལྟ་བུ་ཞེས་པ་ནི་ཀུན་རྫོབ་ཀྱི་གཟུགས་ལ་སོགས་པ་ཐམས་ཅད་སེམས་ཡིན་ཞེས་པ་སྟེ་ཚིག་དེ་གསུམ་གྱིས་ནི་དོན་དམ་པ་གཟུགས་ཀྱང་བྱང་ཆུབ་ཀྱི་སེམས་ [161a] [161a.1]ཡིན་ལ། ཀུན་རྫོབ་ཀྱི་གཟུགས་ལ་སོགས་པ་ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་སེམས་ཡིན་པས་ཐམས་ཅད་སེམས་ཙམ་དུ་བསྒྲུབས་ཏེ། དེ་ཡང་ལེའུ་བཅོ་ལྔ་པ་ལས། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་པའི་རྗེས་ལ། དེ་ནས་ཞེས་པ་ནས་ [161a.2]འདི་ལྟ་སྟེ་སེམས་ཀྱི་ངོ་བོ་ཉིད་དོ་ཞེས་པ་དང་། དེ་དག་གཉིས་སུ་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །སེམས་ཚིག་བརྗོད་པ་ལྟ་ཞེས་པ་ནི་སེམས་ཙམ་དེ་ཡང་རང་བཞིན་མེད་དོ་ཞེས་པ་སྟེ། ཚིག་བརྗོད་པ་ལྟ་བུ་ཞེས་པ་ནི་དེ་ཡང་བརྗོད་པ་ཙམ་སྟེ་ནམ་མཁའ་ལྟ་བུ་ཞེས་པའམ། ཡང་ན་མི་ [161a.3]འགྱུར་བའི་ཡི་གེ་དམ་པའོ་ཞེས་པའི་དོན་ཏོ། །དེ་ཡང་དོན་དམ་པའི་སེམས་རང་བཞིན་མེད་པ་འདི་ཡང་བཅོ་ལྔ་པ་ལས་གསུངས་སོ། །གོང་མའི་རྗེས་ལས་བཅོམ་ལྡན་འདས་ཞེས་པ་ནས་བྱང་ཆུབ་སེམས་དེ་ཡང་ལུས་ལ་མི་གནས་ཞེས་པ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་རྗེས་སུ་ [161a.4]འབྲང་བ་ངོ་མཚར་ཏོ་ཞེས་པའི་བར་དུའོ། །དེ་ཁོ་ན་ཕྱི་མ་ལས་ཀྱང་། སྐྱེ་རྒ་ཞི་བའི་ཞེས་པ་ལ་སོགས་པས་གསུངས་སོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཀུན་རྫོབ་པར་རང་བཞིན་མེད་པ་འདི་ཡང་བཅོ་ལྔ་པ་དེ་ཁོ་ནའི་རྗེས་ལས་དེ་ནས་ཞེས་པ་ལ་སོགས་པ་ནས། གང་ན་ཡང་མི་གནས་ [161a.5]སོ་ཞེས་པའི་བར་གྱིས་གསུངས་སོ། །ནམ་མཁའ་ལྟ་བུར་སྦྱར་ནས་ཤེས་པ་སྐྱེད་ཅིག་ཅེས་བཀའ་སྩལ་བ་དེ་རང་རང་དང་རྡོ་རྗེ་འཆང་བ་གཉིས་སུ་མེད་པར་སྦྱར་བས་བཀའ་མཉན་ཏེ་ཞེས་པའི་དོན་ཏོ། །ཀུན་དུ་བཟང་པོ་ཞེས་པ་ནི་གཡོ་བ་དང་མི་གཡོ་བ་ཐམས་ཅད་བྱང་ཆུབ་སེམས་ལས་བྱུང་བས་ན་ [161a.6]ཐམས་ཅད་བཟང་པོ་སྟེ་རྡོ་རྗེ་འཆང་བའོ། །སྐྱེ་བ་མེད་ཀྱང་དེ་ཁོ་ན་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་གཟུགས་ལ་སོགས་པ་སྐྱེ་བ་དེ་ཨེ་མའོ་ཞེའོ། །ཡང་སངས་རྒྱས་དྲུག་པོ་དག་གི་ཆོས་མ་སྐྱེས་པ་ཉིད་ཀྱིས་གོང་མ་དེ་གཙོར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ད་ནི་དངོས་པོ་མེད་པའོ་ [161a.7]བསྒོམ་པའི་དངོས། །ཞེས་པ་ལ་སོགས་པས་ནི་འདི་ལྟར་སྟོན་ཏེ་དངོས་པོ་མེད་དོ་སྙམ་པའི་ངོ་བོ་དེ་ཡང་བསྒོམ་པར་བྱ་བ་མ་ཡིན་ཏེ་དེ་ནི་མེད་པའི་མཚན་མ་ལ་སྤྱོད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་གཉི་ག་མེད་པའི་ཕྱིར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། དངོས་པོ་ [161b] [161b.1]དངོས་མེད་གཉི་ག་སྤངས། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་བས་ན་བསྒོམ་པ་ནི་དམིགས་སུ་མེད་པར་བསྒོམས་ན་དེ་ཡིན་ནོ་ཞེས་པའོ། །ཡང་སྣང་མཛད་ཀྱི་སེམས་དེ་ལ། དངོས་པོ་ཐམས་ཅད་ཅེས་པ་ནི་ཡང་དག་པའི་གཟུགས་དང་གཏི་མུག་དང་། མེ་ལོང་ལྟ་བུ་དང་། སྙིང་རྗེ་དང་སྦྱིན་པའི་ [161b.2]ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ་དེ་ཁོ་ན་ཕུང་པོ་ཞེས་པ་ལ་སོགས་པའོ། །དོན་དམ་པར་དེ་དག་བདག་མེད་པར་མཉམ་པའི་ཕྱིར་མ་སྐྱེས་ལ། དེའི་ཕྱིར་སྟོང་པ་ཉིད་དོ་ཞེས་པའི་ཐ་ཚིག་གོ། །ཡང་མི་བསྐྱོད་པའི་སེམས་དེ་ལ་དངོས་པོ་འདི་རྣམས་ཞེས་པ་ནི་རྣམ་པར་དག་པའི་རྣམ་པར་ཤེས་པ་དང་ཞེ་ [161b.3]སྡང་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་དག་མ་སྐྱེས་པའི་ཕྱིར་ཆོས་ཅན་ལ་སོགས་པ་དོན་དམ་པར་མེད་ཅེས་པ་སྟེ། དཔེ་ནམ་མཁའ་ལྟ་བུ་ཞེས་པའི་དོན་ཏེ་བྱང་ཆུབ་སེམས་འདི་མི་འགྱུར་བའི་དོན་ཏོ། །དཀོན་མཆོག་དཔལ་གྱི་སེམས་དེ་ལ་ཆོས་རྣམས་ཐམས་ཅད་ཅེས་པ་ནི་གོང་མ་བཞིན་ཏེ། [161b.4]རིན་པོ་ཆེའི་རིགས་ཀྱི་ཆོས་རྣམས་སོ། །དེ་ཁོ་ན་མཚན་ཉིད་སྤངས་པའི་ཕྱིར་དངོས་པོ་མེད་ཅེས་སོ། །འོ་ན་ཡོན་ཏན་དེ་དག་གང་ནས་བྱུང་ཞེ་ན། བདག་མེད་ཅེས་ཏེ་སྒྱུ་མ་ལྟ་བུའི་མཉམ་པ་ཉིད་ལས་བྱུང་ངོ་ཞེས་པ་སྟེ་བསྟན་པ་ནི་གོང་མ་བཞིན་ནོ། །ཚེ་དཔག་མེད་ཀྱི་སེམས་དེ་ལ་སྐྱེས་པའི་ཆོས་རྣམས་ཞེས་པ་ནི་ [161b.5]པདྨ་རིགས་ཀྱི་ཆོས་རྣམས་ཏེ། ངོ་བོ་མེད་ལ་དེ་མེད་པས་སྒོམ་དུའང་མེད་ཅེའོ། །འོ་ན་ཇི་ལྟར་བསྒོམ་ཞེ་ན། ནམ་མཁའི་ཐ་སྙད་ལྟར་ཐ་སྙད་བཏགས་པ་སྟེ་སྒྱུ་མ་ལྟ་བུའི་སྐུ་ལ་སོགས་པ་བསྒོམ་ཞེས་པའི་དོན་ཏོ། །ཡང་དོན་ཡོད་གྲུབ་པའི་སེམས་དེ་ལ་ཆོས་རྣམས་ཞེས་པ་ནི་ལས་ཀྱི་རིགས་ཀྱི་ཆོས་སོ། ། [161b.6]འོད་གསལ་ཞེས་པ་ནི་དངོས་པོ་དང་བྲལ་བའི་ཐ་ཚིག་གོ། །དག་པ་ཞེས་པ་ནི་ཉོན་མོངས་པ་ལ་སོགས་པའི་དྲི་མ་མེད་པ་སྟེ་དཔེ་ནམ་མཁའ་བཞིན་ནོ། །དེ་བས་ན་བྱང་ཆུབ་ཀྱང་མེད་ཅིང་དེ་རྟོགས་པ་ཡང་མེད་ཅེའོ། །ད་ནི་དེ་ལ་བསྟོད་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ངོ་མཚར་ཞེས་པ་ནི་ [161b.7]བླ་ན་མེད་པ་ལའོ། །རྨད་དུ་གྱུར་ཞེས་པ་སྙིང་པོ་ལའོ། །ཨེ་མའོ་སངས་རྒྱས་ཞེས་པ་ནི་སྟོན་པ་ལ་ངོ་མཚར་བ་སྟེ། ཨེ་མའོ་སངས་རྒྱས་ཞེས་པ་ནི་རྩ་བསྐོར་བའོ། །ཆོས་བཤད་པ་ཞེས་པ་ནི་བསྟན་པ་སྟེ་དྲི་མ་མེད་པས་ངོ་མཚར་བའི་ཐ་ཚིག་གོ། །ཡང་དག་དོན་ནི་དག་པའི་དོན། །ཞེས་པ་ནི་བླ་ [162a] [162a.1]ན་མེད་པ་སྟེ་ནམ་མཁའ་ལྟར་དག་པས་ཕྱག་གི་འོས་ཡིན་ནོ། །ད་ནི་སྙིང་པོ་ལ་བསྟོད་པ། བདག་མེད་ཅེས་པ་ལ་སོགས་པ་སྟེ། དེ་ལ། བདག་མེད་པ་ཡི་ཆོས་ལས་བྱུང་། །ཞེས་པ་ནི། སངས་རྒྱས་ཀྱི་སྐུ་དེ་རང་བཞིན་མེད་པ་ལས་སྒྱུ་མ་ལྟ་བུར་བྱུང་བ་སྟེ། དེ་ཁོ་ན་ཐུགས་རྗེ་ [162a.2]དང་ལྡན་པས་བྱང་ཆུབ་ཅེས་པའོ། །རྫོགས་པར་བྱེད་ཅེས་པ་ནི་སྐུ་དེ་བསྐྱེད་པས་ན་སྙིང་པོ་བྱང་ཆུབ་ཀྱི་སེམས་དམིགས་སུ་མེད་པ་དེ་ལ་ཕྱག་འཚལ་ལོ་ཞེའོ། །ཀུན་དུ་བཟང་པོ་དག་པའི་དོན། །ཞེས་པ་ཡང་རང་བཞིན་མེད་པ་སྟེ་དེ་ལས་བྱུང་བའི་དོན་ཏོ། །བཟང་པོ་ཞེས་པ་ནི་གསུང་སྟེ། དེ་ཁོ་ན་ [162a.3]ཐུགས་དང་ལྡན་པས་བྱང་ཆུབ་ཅེའོ། །དེ་བསྐྱེད་པས་སྙིང་པོ་རྡོ་རྗེ་ལྟ་བུ་ཆེན་པོ་ལྟ་བུ་དེ་ལ་ཞེས་སོ། །དག་པ་ཞེས་པ་ནི་འདིར་ཡང་གོང་མ་བཞིན་ནོ། །ཐུགས་ཞེས་པ་དེ་ཡང་སྐུ་ལ་སོགས་པ་དང་ལྡན་པའི་ཕྱིར་སྐུ་དང་ཞེས་པ་ལ་སོགས་པ་སྨོས་ཏེ་སྟོན་པ་བྱང་ཆུབ་དེ་རྫོགས་པར་བྱས་པས་ཞེས་སྦྱར་རོ། ། [162a.4]བྱང་ཆུབ་སེམས་ཀྱི་ལེའུ་སྟེ་གཉིས་པའི་འགྲེལ་པ་རྫོགས་སོ།། །།ད་ནི་གོང་དུ་གསུངས་པའི་སྦྱོར་བ་གསུམ་པོ་དེ་དག་ལས་གཙོར་བསྙེན་པ་དང་པོ་ལ་གཏོགས་པ་སྟོན་པའི་ལེའུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དེ་ནས་ཞེས་པ་ནི་གཉིས་པ་ཉིད་ཀྱི་དེ་མ་ཐག་པ་སྟེ་ [162a.5]ལེའུ་འོག་མ་ཀུན་ལ་ཡང་དེ་བཞིན་ནོ། །ཨོཾ་ཤཱུ་ནྱ་ཏཱ་ཞེས་པའི་སྔགས་ནི་གཉིས་པའི་བྱང་ཆུབ་སེམས་དེ་ཉིད་བྱིན་གྱིས་རློབ་པ་སྟེ་དེའི་དོན་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། བྱང་ཆུབ་སེམས་ལས་སངས་རྒྱས་ཉིད། །ཅེས་པ་ནས། ཨོཾ་ཤཱུ་ནྱ་ཏཱ་ཞེས་པའི་སྔགས་ཀྱི་བར་དུའོ། །ནམ་མཁའི་དབྱིངས་ [162a.6]ཀྱི་མཐས་ཀླས་པར། །ཞེས་པ་ལ་སོགས་པ་རྣལ་འབྱོར་པ་དག་གི་གཞིའི་ཏིང་ངེ་འཛིན་ཏེ་ཕོ་བྲང་ངོ་། །དེས་ནི་ཤིན་ཏུ་རྒྱ་ཆེ་བར་བྱའོ་ཞེས་བསྟན་ཏོ། །དེའི་ངོ་བོ་ཉིད་ཅི་འདྲ་ཞེ་ན་སངས་རྒྱས་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྟེ་སངས་རྒྱས་ནི་རྣམ་པར་སྣང་མཛད་དེ་འོག་ནས་འབྱུང་བའི་རིམ་པ་དེ་ [162a.7]ལས་གྱུར་པའི་དཀྱིལ་འཁོར་རོ། །དེ་ཁོ་ན་འོད་ཟེར་སངས་རྒྱས་དང་མཉམ་པའི་ཚོགས་ཅན་ནོ། །འོད་ཟེར་རྣམ་ལྔ་ཞེས་པ་ནི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཐ་ཚིག་གོ། །ཟླུམ་པོ་ཞེས་བྱ་བ་ནི་ཕྱིའི་ར་བ་དང་ནང་གི་ཕྲེང་བ་དག་ཤིན་ཏུ་ཟླུམ་པའོ། །གཟུགས་ཀྱི་ལྷ་མོ་དག་ལ་སོགས། །ཞེས་པ་ནི་གཟུགས་ཀྱི་ལྷ་ [162b] [162b.1]མི་ལ་སོགས་པ་དང་རིན་པོ་ཆེའི་རྒྱན་དང་ཏྭ་ར་ན་ལ་སོགས་པས་བརྒྱན་པའོ། །མདོར་ན་ཞེས་པ་ནི་གཞལ་མེད་ཁང་པའི་རྒྱན་ཇི་ལྟ་བུ་སྟེ། དེ་བསྒོམས་ནས་འབྲས་བུའི་རྡོ་རྗེ་འཆང་བ་ལྷག་པའི་ལྷ་བསྒོམ་པ་སྟེ་རྒྱལ་བ་མཆོག་གི་ལྷར་སྨྲ་བ་ནི་མ་ཡིན་ནོ། །དེ་ལ་སྐུ་གསུང་ཐུགས་ཀྱིས་མཚན། །ཞེས་པ་ [162b.2]ནི་ཀུན་ལ་སྦྱར་རོ། །གཅིག་ཏུ་བསྡུ་བ་སྦྱར་བ་ཞེས་པ་ནི་རིག་མ་དང་སྦྱོར་བ་ཞེས་པ་སྟེ། དེ་ཡང་ཀུན་ལ་སྦྱར་རོ། །འོ་བྱེད་ཅེས་པ་ནི་ཕྱག་རྒྱ་ཆེན་པོ་ཞེས་པའི་དོན་ཏོ། །དེ་རྣམས་ཀྱི་ཁ་དོག་དང་ཕྱག་མཚན་ལ་སོགས་པ་སྟོན་པས་གསུངས་པ། སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པ་སྟེ་སྐུ་རྡོ་རྗེ་ [162b.3]ཅན་ཞེས་པ་ནི་མི་བསྐྱོད་པ་སྟེ་དེ་ནི་སྔོན་པོའོ། །རབ་འབར་ཞེས་པ་ནི་འོད་འབར་རྡོ་རྗེ་སྟེ་ཐམས་ཅད་དུ་དེ་བཞིན་ནོ། །འཇིགས་ལྟར་ཞེས་པ་ནི་ཞེ་སྡང་གི་རང་བཞིན་པས་ཅུང་ཟད་ཁྲོ་བོའི་ཚུལ་ལོ། །ཤེས་དང་ཞེས་པ་ལ་སོགས་པ་ནི་རྟག་པ་སྟེ་ཐོར་ཚུགས་ནི་རལ་བའི་ཡིན་ནོ། །ཅོད་པན་ནི་རིན་པོ་ཆེའི་ [162b.4]དབུ་རྒྱན་ནོ། །སྣ་ཚོགས་རྒྱན་ནི་རྣ་བ་ལ་སོགས་པ་ཞི་བའི་རྒྱན་རྣམས་སོ། །རྡོ་རྗེ་འཆང་ཆེན་པོ་ནི་རྟག་པའི་མདོག་དང་མི་བསྐྱོད་པའི་ཕྱག་མཚན་ལས་ཤེས་པར་བྱའོ། །འཛམ་བུ་ན་ད་ཞེས་པ་ལ་སོགས་པ་ནི་རིན་ཆེན་འབྱུང་བ་སྟེ། སངས་རྒྱས་སྤྲིན་གྱིས་རབ་ཏུ་འཁྲིགས། །ཞེས་པ་ནི་འོད་ཟེར་གྱི་ཁ་ [162b.5]ནས་རིགས་ལྔ་འཕྲོ་བའོ། །རྡོ་རྗེ་ཆེན་པོ་ཞེས་པ་ནི་རིན་པོ་ཆེའོ། །ཅི་འདྲ་ཞེ་ན། མརྒཏ་ཅེས་པ་ལ་སོགས་པའོ། །པདྨ་རཱ་གའི་མདོག་འདྲ་བ། །ཞེས་པ་ལ་སོགས་པ་ནི་འོད་དཔག་མེད་དོ། །གཙོ་བོ་འདོད་ཆགས་ཞེས་པ་ནི་འདོད་ཆགས་རྡོ་རྗེ་ཞེས་པའི་དོན་ཏོ། །འོད་ཟེར་སྣ་ལྔ་ཞེས་པ་ལ་ [162b.6]སོགས་པ་ནི་གྲུབ་པ་གདོན་མི་ཟ་བ་སྟེ། སྣ་ལྔའི་འོད་ཅེས་པ་ནི་ལྗང་གུའོ། །ཚིག་དེ་ལས་ཐོར་ཚུགས་ཅོད་པན་ཞེས་པ་དང་སྣ་ཚོགས་རྒྱན་ཞེས་པ་དང་སངས་རྒྱས་སྤྲིན་ཞེས་པ་ནི་ཀུན་ལ་སྦྱར་རོ། །ཞི་བ་ཞེས་པ་ནི་མི་བསྐྱོད་པ་མ་གཏོགས་པ་ཀུན་ལ་སྦྱར་ཏེ་མི་བསྐྱོད་པ་ནི་དྲག་པོའི་ཚུལ་དུ་སྨྲས་སོ། ། [162b.7]རིག་པའི་ལྷའི་སྐུ་དེ་བྱིན་གྱིས་བརླབ་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་བྱ་བའི་དོན་ནི་དག་པ་འཇིག་རྟེན་པ་སྣང་བའི་སྐུ་དེ་ཞི་བའི་ཕྱིར་ན་ཆོས་ཀྱི་དབྱིངས་ནི་ང་ཡིན་ནོ་ཞེས་པ་འདི་ཡིན་ནོ། །དེ་ཡང་བཟང་པོ་ཞབས་ཀྱིས། གུར་གུམ་སྐུ་དང་དབུས་ཀྱི་ [163a] [163a.1]ཞལ། །ཞེས་པ་ནས། རྒྱུ་མཐུན་བྱེད་པའི་བཤེས་གཉེན་གྱིས། །ཞེས་པའི་བར་དུ་གསུངས་སོ། །ད་ནི་ཕྲ་མོའི་སྦྱོར་བ་ལ་གང་བསྟན་ནས་སྤྲོ་བ་གསུངས་པ། རིན་ཆེན་ཁ་དོག་ཅེས་པ་ལ་སོགས་པའོ། །རིན་ཆེན་ཁ་དོག་སྣ་ལྔ་ཞེས་པ་ལ་སོགས་པ་ནི་འོག་ནས་བཤད་ [163a.2]པར་བྱའོ། །སངས་རྒྱས་འབར་བ་ཞེས་པ་ལ་སོགས་པ་ནི་ལྷ་རྣམས་ཀྱི་སྤྲོ་བ་ཉིད་དོ། །མཚོན་ཆ་འཛིན་ཞེས་པ་ནི་གོང་དུ་སྨོས་པའི་མཚན་མ་དེ་རྣམས་ཉིད་མཚོན་ཆའོ། །དེ་ཡང་བཟང་པོ་ཞབས་ཀྱིས། མཚན་མ་བསྟན་པ་མཐོང་བདག །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་ [163a.3]སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ལ་སོགས་པ་ནི་གོང་དུ་གསུངས་པ་དེ་རྣམས་ཀྱི་གདན་གྱི་ཁྱད་པར་ཅན་སྟོན་པ་སྟེ། ནམ་མཁའི་དབྱིངས་ཞེས་པ་ནི་གནས་ཀྱི་རིམ་པ་རྣམས་ལས་གཙོར་གསུངས་ཏེ་ཐམས་ཅད་དུ་དེ་བཞིན་སྦྱར་རོ། །ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་རྡོ་རྗེ་འཆང་ [163a.4]ཆེན་པོའོ། །ཡི་གེ་ཁ་ཅིག་ཏུ་ཟླ་བའོ་ཞེས་འབྱུང་སྟེ་དེ་ནི་རྒྱུ་འབྲས་གཉིས་ལ་ཟླ་བ་དང་ཉི་མ་ཞེས་སྟོན་ཏེ་ཤིན་ཏུ་འཐད་དོ། །གསལ་བ་ནི་ཟླ་བའོ། །འཁོར་ལོ་ཞེས་པ་ནི་རྟག་པའི་ངོ་བོ་ཉིད་སྟོན་པའོ། །པདྨོ་ཞེས་པ་ཡང་ཚེ་དཔག་མེད་དེ་འདྲ་ཞེས་པ་ནི་ཉི་མའི་དཀྱིལ་འཁོར་ལ་རེག་པའི་དོན་ཏོ། །དེ་ [163a.5]ལྟར་འོག་མ་ཀུན་ལ་ཡང་སྦྱར་རོ། །རྡོ་རྗེ་བསྒོམ་པ་ཞེས་པ་ནི་ལྷའི་རྣལ་འབྱོར་པས་ཞེས་པའི་དོན་ཏོ། །སྦྱོར་བ་ཞེས་པ་ནི་དོན་ཡོད་གྲུབ་པ་སྟེ། ལས་བྱུང་ཞེས་པ་ནི་འདྲ་བའི་དོན་ཏོ། །རྡོ་རྗེ་ལས་བྱུང་ཞེས་པ་ནི་རྡོ་རྗེ་རྒྱ་གྲམ་ལ་གནས་པའི་དོན་ཏོ། །ཐམས་ཅད་མཁྱེན་པའི་ཚུལ་ཐོབ་ཅེས་པ་ནི་རྟག་ [163a.6]པའི་ཡན་ལག་ལས་གྱུར་པའི་དོན་ཏོ། །དེའི་དོན་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། ཟླ་བའི་དཀྱིལ་འཁོར་ཞེས་པ་དང་། །ཐམས་ཅད་པད་ཉིའི་གདན་ལ་བསྒོམ། །ཞེས་སོ། །ལེའུ་གསུམ་པའི་འགྲེལ་པ་རྫོགས་སོ།། །།ད་ནི་རང་གི་དོན་རྫོགས་པ་ཐུགས་ལ་བཞག་ནས། གཞན་གྱི་དོན་ [163a.7]དུ་སློབ་དཔོན་གྱི་ལས་ཞེས་གྲགས་པ་རི་མོའི་དཀྱིལ་འཁོར་ཞུ་བ་དང་པོར་བྱས་ཏེ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཡང་འདུས་ནས་ཞེས་པ་ནི་མཆོད་པ་བྱས་པ་དང་ཕྱག་འཚལ་བའི་དོན་ཏོ། །ཀུན་ཞི་བ་ཞེས་པ་མཚན་མ་དང་བྲལ་བ་སྟེ་དེས་ནི་སྒྱུ་མ་ལྟ་བུའི་དེ་བཞིན་གཤེགས་པ་ཞེས་པའི་དོན་ཏོ། ། [163b] [163b.1]ཆོས་ཀུན་བདག་མེད་པ་ཡི་མཆོག །ཅེས་པ་ནི་ཚོན་ལ་སོགས་པ་ཆོས་དེ་ཁོ་ན་བདག་མེད་པའི་ཐ་ཚིག་གོ། །དེ་ཁོ་ན་དམ་པ་བཤད་དུ་གསོལ་ཞེས་སྤྱིར་ཞུས་ནས་ཕྱེ་བའི་རྣམ་པས་ཞུས་གསུངས་པ། མཚན་ཉིད་ཐམས་ཅད་ཅེས་པ་ལ་སོགས་པའོ། །དེ་ལ་མཚན་ཉིད་ཐམས་ཅད་ཅེས་པ་ནི་མཚན་དང་དཔེ་ [163b.2]བྱད་དོ། །དེ་རྫོགས་པའི་སྐུའི་མཆོག་ཅེས་སྦྱར་རོ། །མཚན་ཉིད་སྤངས་ཞེས་པ་ནི་དེ་རྣམས་དོན་དམ་པར་ཞི་བའི་ཐ་ཚིག་གོ། །ཀུན་དུ་བཟང་པོ་ནི་སྔར་བཤད་པ་དེ་ཐམས་ཅད་དུ་ཤེས་པར་བྱའོ། །མཆོག་ནི་སྐུའི་ངོ་བོ་རྟག་ཏུ་མེ་ལོང་ལྟ་བུའི་ངོ་བོ་ཡིན་པས་དེ་སྐད་ཅེས་འོག་ནས་ཡང་སྦྱར་རོ། །ཞི་བའི་མཆོག་ [163b.3]ཅེས་པ་ནི་མཚན་ཉིད་དང་བྲལ་བས་དེ་ཁོ་ན་སོ་སོར་རྟོག་པའི་ཡེ་ཤེས་ལས་བྱུང་བས་མཆོག་ལས་བྱུང་ཞེས་བྱའོ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཞེས་པ་སོ་སོར་རྟོག་པ་གཙོར་གྱུར་པའི་དཀྱིལ་འཁོར་དེས་སེམས་ཅན་གྱི་ཁམས་རྣམ་པར་གྲོལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཀུན་གྱི་ [163b.4]སེམས་ཆེན་པོ། །ཞེས་པ་ནི་ཐུགས་ཏེ་སེམས་ཅན་ཞེས་པ་ནི་སངས་རྒྱས་ཐམས་ཅད་དེ་བྱང་ཆུབ་ཆེན་པོ་ལ་སེམས་དཔའ་དང་ལྡན་པའི་ཕྱིར་རོ། །རང་བཞིན་དག་པ་ནི་མཚན་ཉིད་དང་བྲལ་བའོ། །དྲི་མ་མེད་པ་ནི་ཉོན་མོངས་པ་ལ་སོགས་པ་དང་བྲལ་བའོ། །དེ་ལྟར་ཡོངས་སུ་དག་པའི་ཚིག་གིས་ཞུས་ [163b.5]ནས་ལན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །འཇིག་རྟེན་གསུམ་ཞེས་པ་ནི་ལྷ་ལ་སོགས་པའི་བཅུད་དོ། །ཁམས་གསུམ་ནི་འདོད་པའི་ཁམས་ལ་སོགས་པའི་སྣོད་དེ། གཡོ་བ་དང་མི་གཡོ་བ་ཐམས་ཅད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །རྡོ་རྗེ་གཙོ་ཞེས་པ་ནི་དེ་སངས་རྒྱས་ [163b.6]རྣམས་ཀྱི་ཡང་གཙོར་གྱུར་བའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་པ་ནི་བཤད་ཅེས་འབྲེལ་ཏེ། ཅི་འདྲ་ཞེ་ན་སེམས་དཔའ་ཞེས་པ་ལ་སོགས་པ་སྟེ། འཁོར་འདྲ་བ་ཞེས་པ་ནི་ཕྱི་ནང་གི་རྡོ་རྗེ་ར་བ་དང་ཕྲེང་བ་ཟླུམ་པོས་སོ། །ཉམས་དགའ་བ་ཞེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ངོ་ [163b.7]བོ་ཉིད་དོ། །བཤད་ཅེས་པ་ནི་སྟོན་པ་ཉིད་ཀྱིས་བཤད་ཀྱི། གཞན་གྱིས་མ་ཡིན་ཞེས་སྡུད་པ་པོའི་ཚིག་གོ། །ད་ནི་སྟོན་པ་ཉིད་ཀྱི་ཞལ་གྱིས་འཆེས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ནས་ཞེས་པ་ནི་ད་ནི་ཞེས་པའི་དོན་ཏོ། །ཡང་ན་གཟུང་བ་ལ་སོགས་པའི་རིམ་པས་སའི་དབུས་ [164a] [164a.1]ན་འདུག་པའི་སློབ་དཔོན་ལ་གྲགས་པོས་གསོལ་བ་བཏབ་པའི་དེ་མ་ཐག་ཏུ་ཐིག་ལ་སོགས་པའི་ལས་བྱའོ་ཞེས་པའི་དོན་ཏོ། །སེམས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་པ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བའི་དོན་ཏོ། །ཐུགས་ཀྱི་དཀྱིལ་འཁོར་དེ་ལ་ཡང་སྐུ་ལ་སོགས་ [164a.2]པ་དང་ལྡན་པའི་ཕྱིར་ན་སྐུ་དང་ཞེས་པ་ལ་སོགས་པ་སྨོས་སོ། །ད་ནི་དེ་ཁོ་ན་བཤད་པ། ལུས་དང་ངག་སེམས་རབ་བསྒོམས་པས། །ཞེས་པ་ལ་སོགས་པའོ། །དེ་ལ་ལུས་དང་ངག་སེམས་རབ་བསྒོམས་པས་ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་སློབ་དཔོན་མི་བསྐྱོད་པའམ་རྡོ་རྗེ་འཆང་ [164a.3]ཆེན་པོ་ལྟ་བུར་བསྒོམས་པ་སྟེ། དེ་བཞིན་དུ་སྐུ་དང་གསུང་གི་དཀྱིལ་འཁོར་ལ་ཡང་རང་གི་བདག་པོ་སྟེ། དེ་ལྟར་ཡང་ཕྱི་མ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུངས་སོ། །ཤེས་རབ་ཅན་ཞེས་པ་ནི་ལས་ཀྱི་རིམ་པ་མཁས་པའོ། །ཐིག་ [164a.4]སྐུད་ཡོངས་སུ་དག་པ་གསུངས་པ་ཐིག་སྐུད་ཅེས་པ་ལ་སོགས་པའོ། །སར་པ་ཞེས་ནི་གཞན་དུ་ལོངས་མ་སྤྱད་པའོ། །རབ་ཏུ་གཙང་ཞེས་པ་ནི་རང་གི་རིགས་ཀྱི་བུ་མོ་གཙང་མས་བཀལ་བའོ། །ཚད་མ་ཞེས་པ་ནི་ཆུར་དཀྱིལ་འཁོར་ཉིས་འགྱུར་དང་སྦོམས་སུ་སྒོའི་ཉི་ཤུའི་ཆའོ། །རབ་ཏུ་མཛེས་ཞེས་ [164a.5]པ་ནི་ཕྲ་སྦོམ་དང་འཇུར་མདུད་མེད་པ་དང་སྔགས་ཆུས་དག་པར་བྱས་པའོ། །དེས་གདབ་པ་གསུངས་པ། ཁྲུ་ནི་ཞེས་པ་ལ་སོགས་པ་སྟེ། པཉྩ་རེག་དག་ངོས་རེ་ལ་ཁྲུ་གསུམ་ཞེས་པའི་དོན་ཏོ། །རབ་ཏུ་རྟག་ཅེས་པ་ནི་ཏྭ་ར་ན་ལ་སོགས་པའི་ཚུལ་དང་ལྡན་པར་བྱ་ཞེས་པའི་ཐ་ཚིག་གོ། །གཞན་ནི་གོ་ [164a.6]སླའོ། །དེ་ལྟར་ཐིག་བཏབ་ནས་ཚོན་དགྱེ་བ་གསུངས་པ། དེའི་དབུས་སུ་ཞེས་པ་ལ་སོགས་པའོ། །དེ་ལ་ཚོན་ནི་ནང་ནས་དགྱེ་བར་བྱ་བ་ཡིན་པས་ན་དེའི་དབུས་སུ་ཞེས་བརྩམས་སོ། །དེ་ལྟར་གནས་བྲིས་ནས་ཕྱག་རྒྱ་དགོད་པ་ནི། ལས་ཀྱི་ཆོ་ག་མཐོང་བ་ཡིས། །ཞེས་པ་ལ་སོགས་པ་སྟེ་དེ་ལ་ལས་ཀྱི་ [164a.7]ཆོ་ག་ཤིན་ཏུ་བརླབས་པས་མ་ནོར་བར་དགོད་པ་སྟེ་གོང་མ་ལ་ཡང་སྦྱར་རོ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན། །ཞེས་པ་ནི་མུ་ཁྱུད་ལ་དེས་མཚོན་པའོ། །སྤྲིན་གྱི་མདོག་དང་འདྲ་བའི་སྤྱན། །ཞེས་པ་དེས་མཚོན་པ་སྟེ་སྤྱན་གྱི་ཕྱག་རྒྱ་ཁོ་ནས་འཁོར་ལོ་འཛིན་པས་ན་སྤྱན་གྱི་དེ་ཁོ་ན་བྲིའོ། །དེས་སྤྱན་མ་ [164b] [164b.1]ཞེས་བྱ་སྟེ་ཕྱག་རྒྱ་དེའི་བདག་མོ་ཡིན་པའི་ཕྱིར་རོ། །མཱ་མ་ཀཱི་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེའི་ངོ་བོ་ཡིན་པས་སངས་རྒྱས་ཀུན་གྱི་མ་ཡིན་ལ་ཀཱི་ཞེས་པ་ནི་སྙིང་རྗེར་སྟོན་ཏེ་དེ་ཡང་མི་འགལ་བའི་ཕྱིར་རོ། །དེའི་ཕྱིར་རིགས་འབྱུང་ཞེས་བྱའོ། །ཁ་ཅིག་ན་རེ་གསང་བའི་དབང་གི་སྡོམ་པ་ལེན་པའི་མ་ཡིན་པས་ [164b.2]ད་སྐད་བྱའོ་ཞེས་ཟེར་ཏེ། དེ་ཁོ་ན་གསང་བའི་དབང་གི་ཡུལ་དུ་ངེས་པ་མེད་པས་དེ་ནི་མི་རིགས་སོ། །རྡོ་རྗེ་ཞེས་པ་ནི་དེའི་རིགས་ཡིན་པས་དེ་ཁོ་ན་བྲིའོ། །རྡོ་རྗེ་འབར་བ་ཞེས་པ་ནི་བེ་ཅོན་ཁོ་ན་མི་མཐུན་པ་འཇོམས་པས་དེ་སྐད་ཅེས་བྱའོ། །བྱང་གི་ཕྱོགས་སུ་རྡོ་རྗེ་བྲི། །ཞེས་པ་ནི་ཁྲོ་བོའི་རྡོ་རྗེའོ། །རྡོ་རྗེའི་ [164b.3]བདག་པོ་རྣམས་དགོད་པ་གསུངས་པ་སེམས་ཀྱི་དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དེ་ལ་ཁ་ཅིག་ན་རེ། སེམས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཞེས་པ་ནས་རྫོགས་པ་ཡིན་ལ། དེ་ལ་ལྷ་བཅུ་གསུམ་དུ་སྨྲ་སྟེ། དེའི་ཕྱིར་ཁྲུ་ནི་བཅུ་གཉིས་སུ་བྱས་པ་ཡིན་ཏེ། འདི་ནས་མར་མཆོད་པ་ཡིན་ནོ་ [164b.4]ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་བཟང་པོ་ཞབས་ཀྱིས་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་ལ་བྱེ་བྲག་མ་མཛད་དེ། ཐུགས་ཀྱི་དཀྱིལ་འཁོར་ཁོ་ན་ལ་ལྷ་བཅུ་དགུ་སྣང་བའི་ཕྱིར་དང་། རྣལ་འབྱོར་ངག་ལུས་འཁོར་ལོ་སྟེ། །གཉིས་ཀྱི་ཆོ་གའང་གོང་མ་བཞིན། །ཞེས་སོ། །དེ་བས་ན་འདི་ནི་མཆོད་ [164b.5]པ་མ་ཡིན་གྱི་ལྷ་མོ་དགོད་པར་ངེས་སོ། །ལྷག་མ་རྣམས་ནི་གསལ་བས་མ་ཕྱིའོ། །དེ་ནི་མཆོད་པ་གསུངས་པ་བུད་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ལོ་གྲངས་བཅུ་དྲུག་ཅེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལོ་ནི་བཅུ་གཉིས་མ་ཡིན་ཡང་ངེས་པ་མེད་པར་བསྟན་པའི་ཕྱིར་དེ་སྨོས་སོ། །དེ་ཡང་བཟང་པོ་ [164b.6]ཞབས་ཀྱིས། །ཤེས་རབ་ཐབས་ལས་གྲུབ་པ་འབྱུང་། །རིགས་སོགས་ཚད་མ་དོན་མེད་དོ། །ཞེས་གསུངས་སོ། །བྱིན་གྱིས་དེ་བརླབས་ཞེས་པ་ནི་རང་གི་རིག་མའི་སྦྱོར་བས་བྱིན་གྱིས་བརླབས་པའོ། །དེ་ནས་ཤེས་རབ་ཅན་དག་གིས། །ཞེས་པ་ནི་བརྟུལ་ཞུགས་ཀྱི་ཆོ་ག་ཤེས་པའི་སློབ་དཔོན་གྱིས་ཞེས་ [164b.7]པའི་དོན་ཏོ། །མཱ་མ་ཀཱི་ཡང་ཞེས་པ་ནི་དེ་ཁོ་ན་ལས་གསང་བའི་དབང་བསྐུར་རོ་ཞེས་ལས་སུ་སྟོན་པ་ཡིན་གྱི་དེར་བྱིན་གྱིས་བརླབ་པ་ནི་མ་ཡིན་ནོ། །གོང་དུ་བྱིན་གྱིས་བརླབས་ཞེས་བསྟན་ཟིན་པའི་ཕྱིར་རོ། །དེ་བཞིན་དུ་སྐུ་དང་གསུང་གི་དཀྱིལ་འཁོར་ལ་ནི་སྤྱན་མ་དང་གོས་དཀར་མོ་ཡང་མཉེས་པར་བྱ་ཞེས་སྦྱར་ [165a] [165a.1]ཏེ། དེ་དང་འདྲ་བར་རང་གི་རིག་མ་ཞེས་པའི་ཐ་ཚིག་གོ། །མཆོད་པའི་ངོ་བོ་གསུངས་པ། སངས་རྒྱས་ཞི་བའི་ཞེས་པ་ལ་སོགས་པ་སྟེ། ཞི་བ་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་འོད་ལས་རིག་མའི་བ་སྤུའི་བུ་ག་ལས་སྤྲོས་པའི་དོན་ཏོ། །དེ་ནི་གསང་བའི་མཆོད་པའོ་ཡང་ [165a.2]ནང་གི་གསུངས་པ། བཤད་དང་ཞེས་པ་ལ་སོགས་པའོ། །དེ་ཐམས་ཅད་ཀྱི་དོན་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། བགེགས་བསྐྲད་དེ་ནས་ཕུར་བཏབ་སྟེ། །ཞེས་པ་ནས། བཟླས་དང་བསྒོམས་ནས་མགུ་བར་བྱ། །ཞེས་པའི་བར་གྱི་ཚིག་གང་དང་གང་ཡིན་པ་ལས་ཤེས་རབ་བྱའི་ལེའུ་ [165a.3]བཞི་པའི་འགྲེལ་པ་རྫོགས་སོ།། །།ད་ནི་སྒྲུབ་པ་ཆེན་པོ་ཞེས་བཏགས་པ་སྔགས་ཀྱི་སྤྱོད་པ་དང་ཀུན་དུ་སྤྱོད་པའི་སྒོ་ནས་སྒྲུབ་པ་པོ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གནས་ཀྱི་དབང་ཕྱུག་ཅེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་དེ་གཙོ་བོའམ་ཡང་ན་སྐུ་ལ་སོགས་པ་ [165a.4]ཡང་དེའི་རང་བཞིན་པས་དེ་སྐད་ཅེས་བྱའོ། །ཀུན་གྱི་མཆོག་ཅེས་པ་ནི་གཡོ་བ་དང་མི་གཡོ་བ་ཀུན་གྱི་མཆོག་ཡིན་གྱི་ལྷ་རྣམས་ཀྱི་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱལ་བ་ཞེས་བསྟན་ཟིན་པའི་ཕྱིར་རོ། །ཆོས་ཀྱི་དོན་ཞེས་པ་ནི་རིགས་པའི་ཆོས་ཐོས་པར་བྱ་བ་ཁོ་ནའི་ཆེད་དུ་ཞེས་པའི་དོན་ཏོ། །རྣམ་ [165a.5]པར་མི་རྟོག་ལས་བྱུང་བ། །ཞེས་པ་ནི་ཕྱིན་ཅི་ལོག་གི་རྟོག་པ་སྤངས་ཏེ་བྱ་བ་ཁོ་ནའི་ཕྱིར་ཏེ་སྤྱོད་པའོ། །དེས་ཡོན་ཏན་ནི་འདོད་ཆགས་ལ་སོགས་པའི་རིགས་ལྔའི་རྡོ་རྗེའི་ཐེག་པ་མཆོག་དེ་ལྟ་བུ་འགྲུབ་པོ་ཞེས་པ་འདི་ཡིན་ཏེ། དེས་ནི་སྔགས་པ་རྣམས་བྲོད་པ་བསྐྱེད་པ་ཡིན་ནོ། །སྤྱོད་པ་དེ་ཁོ་ན་བསྡུས་ཏེ་ [165a.6]གསུངས་པ། རིགས་ངན་ཞེས་པ་ལ་སོགས་པ་སྟེ། སྨེ་ཤ་ཅན་ལ་སོགས་ཞེས་པ་ནི་ཟ་བའི་དམ་ཚིག་གི་ངོ་བོར་ཏེ། གསོད་པ་ཞེས་པ་ནི་སྤྱད་པའི་དམ་ཚིག་བསྟན་ཏེ། བརྫུན་ལ་སོགས་པ་ཡང་བསྡུ་སྟེ་སྲོག་གཅོད་པ་ནི་གཙོར་གསུངས་སོ། །དེས་ནི་དེ་ལྟ་བུ་ཅན་གྱི་གང་ཟག་ཅེས་སྒྲུབ་པ་པོ་བསྟན་པའོ། ། [165a.7]མཚམས་མེད་པ་བྱེད་པ་ཡང་འགྲུབ། །ཅེས་པ་ཡང་བར་བསྟན་པ་དང་། འོ་ན་སློབ་དཔོན་སྨོད་པ་ཡང་འགྲུབ་བམ་སྙམ་པ་ལ། དེ་ལས་ལྕི་བ་མེད་པས་ན་དེས་ནི་འགྲུབ་པར་མི་འགྱུར་ཞེའོ། །ད་ནི་གོང་མ་དེ་དག་ཕྱེ་ནས་གསུངས་པ། སྲོག་གཅོད་པའི་ཞེས་པ་ལ་སོགས་པས་གསུངས་སོ། །ཡང་འདོད་ [165b] [165b.1]པ་སྤྱོད་པའི་ཁྱད་པར་གསུངས་པ་མ་དང་སྲིང་མོ་ཞེས་པ་ལ་སོགས་པའོ། །དེ་ལ་མ་དང་བུ་མོ་སྲིང་མོ་རྣམས་ནི་ལོ་གྲངས་དང་དཀྱིལ་འཁོར་གྱི་རིམ་པ་ལས་སྨྲ་བ་དག་ལྟར་ན། ཉི་ཤུ་ལྔ་ལོན་པ་དང་། བཅུ་དྲུག་མ་དང་། བཅུ་གཉིས་མ་ནི་མ་ལ་སོགས་པ་གོ་རིམས་བཞིན་ནོ། །ཡང་ཐུགས་ཀྱི་དཀྱིལ་ [165b.2]འཁོར་དང་སྐུ་དང་གསུང་གི་རིམ་པ་ལས་མ་ལ་སོགས་པའི་གོ་རིམས་བཞིན་ཏེ། དེ་ཡང་ངེས་པ་ཁོ་ན་མ་ཡིན་ཏེ། དཀྱིལ་འཁོར་གྱི་རིམ་པ་ལས་བུ་མོ་འདོད་པ་དེ་ལ་གཟུངས་མ་ལོ་གྲངས་ཀྱི་ཚད་ལས་མའི་ངོ་བོ་བཞེད་པའི་ཕྱིར་དང་ཡང་དཀྱིལ་འཁོར་ལས་མར་འདོད་པ་ལ་ལོ་གྲངས་ལས་བུ་མོར་ [165b.3]བཞེད་དེ། ཁྲུ་བཅུ་གཉིས་པར་སྟོན་ལ། དེ་མ་ངེས་པའི་ཕྱིར་ལོ་བཅུ་དྲུག་ཅེས་བཤད་དོ། །དེ་བས་གང་ཡང་གསང་བའི་དབང་གི་སྡོམ་པ་ལེན་པ་ནི་དེའི་མ་ཡིན་ལ། རང་གི་ཤེས་རབ་ཡེ་ཤེས་ཐོབ་པ་ནི་སྲིང་མོ་དང་། གཞན་དག་ནི་བུ་མོ་ཞེས་པ་ནི་ངེས་པ་ཡིན་ནོ། །དེ་ལ་མི་སྤྱོད་དོ་ཞེས་པ་ནི་སློབ་ [165b.4]དཔོན་གྱི་གཟུངས་མ་ཡིན་པས་དེ་ལ་སྤྱད་པས་ན་སློབ་དཔོན་མི་མཉེས་པའི་རྒྱུ་ཡིན་པས་སྡིག་པས་གོས་པར་མི་འགྱུར་རམ་སྙམ་པ་ལ། སངས་རྒྱས་གཙོ་བོ་ཞེས་པ་ལ་སོགས་པ་གསུངས་ཏེ། སློབ་དཔོན་གྱིས་གནང་བའི་ཁུ་འཕྲིག་གི་རྟོག་པ་མེད་པས་མི་ཆགས་ཞེས་པའི་དོན་ཏེ་མ་གནང་བ་ལ་མི་ [165b.5]སྤྱོད་དོ་ཞེས་པའི་ཐ་ཚིག་གོ། །ད་ནི་ཚིག་དེ་རྣམས་ལ་དབང་པོ་དམན་པའི་སེམས་ཅན་དག་ཐེ་ཚོམ་སྐྱེ་བས་དེ་སྤང་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གླན་ཀ་སྤང་བའི་རིམ་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་པ་ཞེས་པ་ནི་རྡོ་རྗེ་སེམས་ [165b.6]དཔའི་བྱིན་གྱི་རླབས་ཀྱི་རྐྱེན་གྱིས་སངས་རྒྱས་ཐོབ་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་གནས་པ་ཡིན་གྱི། ཉེ་བར་བསྒྲུབ་པའི་ལྷ་མ་ཡིན་ཏེ་དེ་ནི་ཞུ་བ་ལ་མ་འབྱོར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྒྲ་ནི་གོང་དུ་བསྟན་ཏེ་ཐམས་ཅད་དུ་ཤེས་པར་བྱའོ། །ངོ་མཚར་དང་སྨད་ཅེས་པ་ནི་ཚིག་དང་དོན་ལའོ། ། [165b.7]ཞུས་པ་དེ་ཁོ་ན་མི་རིགས་པར་མཐོང་ནས། འཁོར་གྱི་དེ་བཞིན་གཤེགས་པས་བཤུང་བ་བྱས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་ཐོང་ཞེས་པ་ནི་བསམ་པ་དེ་ཤིན་ཏུ་ངན་པས་ཐོང་ཞེས་ཞུས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །ཞེས་པ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ [166a] [166a.1]ཁོ་ན་སྙིང་པོ་ཡིན་པའམ། ཡང་ན་ཡེ་ཤེས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞེས་པ་སྟེ། རྣམས་ཀྱི་ཆོས་ཉིད་འདི་ཞེས་སྦྱར་ཏེ་སྤྱོད་པ་ནི་རྣམ་པར་དག་པའི་ཆོས་ཉིད་ཡིན་ཞེས་པའི་དོན་ཏོ། །དེའི་འབྲས་བུ་ནི་སྙིང་པོ་ཞེས་པ་ལ་སོགས་པ་སྟེ་སྙིང་པོ་ཞེས་ [166a.2]པ་ནི་སྤྱོད་པ་ཁོ་ན་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་དེ་སྐད་དོ། །ཆོས་ཞེས་པ་ནི་རིགས་པའི་ཆོས་ཏེ་རྣམ་པར་དག་པ་དེ་ལས་བྱུང་བ་འདི་ཞེས་སྦྱར་རོ། །བྱང་ཆུབ་ཀྱི་གནས་ཡིན་ཞེས་པའི་ཚིག་གིས་བསྟན་ཏོ། །དེ་ལྟར་རང་བཞིན་དང་འབྲས་བུ་ཐོབ་ནས་དེ་ལ་ངན་པ་ཞེས་གོང་དུ་སྨད་པ་ནི་བདག་ཅག་ནི་འགྱོད་ [166a.3]པའོ་ཞེས་འཇིགས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱི་དོན་ནི་གོ་སླ་བས་མ་བཤད་དོ། །དེ་ནས་རྡོ་རྗེ་འཆང་བའི་མཐུ་དང་བསྟན་པའི་ཆོས་དེ་ཁོ་ན་ལ་དམ་པ་སྐྱེས་ཏེ་བསྟོད་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཨེ་མའོ་ཆོས་ཞེས་པ་ནི་སྐྱེ་བ་མེད་པའི་ཚུལ་ཁོ་ན་སྟེ་ཚིག་འོག་ [166a.4]མ་ནི་རྩ་བ་བསྐང་བའོ། །ཆོས་ཀྱི་དོན་འབྱུང་བ་ཞེས་པ་ནི་དེ་ལས་བྱུང་བའི་སྤྱོད་པའོ། །ཆོས་དག་པ་ཞེས་པ་ནི་སྤྱོད་པའི་འབྲས་བུའོ། །རྒྱལ་པོ་ཞེས་པ་ནི་སྤྱོད་པ་དང་འབྲས་བུ་དེ་གཉི་ག་བདག་མེད་པ་ཤིན་ཏུ་རྒྱལ་བའོ། །དེ་ལྟར་སྤྱིར་གསུངས་ནས་སྐུ་ལ་སོགས་པ་ཕྱེ་སྟེ་གསུངས་པ། སྐུ་དང་ཞེས་པ་ལ་སོགས་ [166a.5]པའོ། །སྐུ་ཡང་གསུང་དང་ཐུགས་དང་ལྡན་པས་ན་གསུང་ཐུགས་ཞེས་སྨོས་སོ། །དེ་ཁོ་ན་མཚན་ཉིད་དང་བྲལ་བའི་དག་པ་ནམ་མཁའ་དང་འདྲ་བ་ལས་བྱུང་བས་དག་པ་དེ་ལ་གནས་ཞེས་བྱའོ། །མི་འགྱུར་ཞེས་པ་ནི་སྐུ་དེ་དུས་གསུམ་དུ་མི་འགྱུར་བ་སྟེ་མཚན་ལ་སོགས་པར་སྣང་བ་དེ་ཡང་དག་པར་མེད་ཅེའོ། །དུས་ [166a.6]གསུམ་དག་པའི་ལམ་དུ་བྱུང་། །ཞེས་པ་ནི་ཐུགས་དེ་ཡང་སྟོང་པ་ཁོ་ན་ལས་བྱུང་བའོ། །ནམ་མཁའ་ཆེན་པོ་ཞེས་པ་ནི་ཐུགས་སུ་དག་པའི་ཐུགས་ཏེ་གཙོར་དེ་ལས་གསུང་འབྱུང་བས་ན་དེ་ནི་དབྱིངས་ཞེས་བྱ་སྟེ། གསུང་དེ་ཡང་སྟོང་པ་ཁོ་ན་ལས་བྱུང་བས་ནམ་མཁའི་ལམ་ཞེས་བྱ་སྟེ་དེ་ནི་གསུང་ལ་བསྟོད་པའོ། ། [166a.7]ནམ་མཁའ་དང་འདྲ་བའི་སྐུ་ལས་བྱུང་བའི་གསུང་སྟོན་པའི་ཐུགས་ནི་རྡོ་རྗེ་གསུམ་མཆོག་སྟེ། ཐུགས་དེ་ཡང་སྟོང་པ་ལས་བྱུང་བས་ནམ་མཁའི་གནས་ཞེས་ཏེ། དེ་ནི་ཐུགས་ལ་བསྟོད་པའོ། །ལེའུ་ལྔ་པའི་འགྲེལ་པ་རྫོགས་སོ།། །།ད་ནི་སྦྱོར་བ་དང་པོ་ལ་གཏོགས་པ་ཉེ་བར་སྒྲུབ་པ་ཞེས་བཏགས་ [166b] [166b.1]པ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པ་དང་། རྗེས་སུ་ཆགས་པ་གཙོར་སྟོན་པའི་ལེའུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་མི་བསྐྱོད་པ་ཞེས་པ་ནི་རྡོ་རྗེ་འཆང་བ་ཆེན་པོ་སྟེ་མི་བསྐྱོད་པ་ལྟ་བུའི་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་ཞུགས་པས་དེ་སྐད་ཅེས་བྱ་སྟེ་ཐམས་ཅད་དུ་དེ་བཞིན་དུ་ [166b.2]སྦྱར་རོ། །ཨོཾ་ཞེས་པ་ལ་སོགས་པ་ནི་ཐུགས་རྡོ་རྗེའི་ས་བོན་ལས་སངས་རྒྱས་ཐམས་ཅད་ཞུགས་པའི་དེ་མ་ཐག་བརྗོད་པ་སྟེ། དེ་ལྟར་འོག་མར་ཡང་སྦྱར་རོ། །དེ་རྣམས་ཀྱི་སྒོམ་པ་གསུངས་པ། དེ་བཞིན་གཤེགས་པའི་རྡོ་རྗེ་གསང་བ་གསུམ་ཞེས་པ་ལ་སོགས་པ་སྟེ་གསུམ་ཞེས་པ་དང་མཚན་ཞེས་ [166b.3]འབྲེལ་ཏོ། །ཐབས་ཀྱིས་ཞེས་པ་ནི་ཨོཾ་ལ་སོགས་པའི་ས་བོན་གྱིས་སོ། །ཐུགས་སུ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ་དེ་བསྐྱེད་པ་ལ་ཡང་ཐུགས་ཀྱི་མཚན་མ་ཁོ་ན་མཚན་ནོ། །དེ་ལྟར་བསྐྱེད་པ་ཡང་བསྐུལ་བ་ལ་སོགས་པའི་རིམ་པས་བྱིན་གྱིས་བརླབ་པར་བྱའོ་ཞེས་མདོར་བསྟན་པའི་ཕྱིར་ [166b.4]མཆོག་རབ་འདི་དག་ཅེས་སྨོས་ཏེ། དེ་ཡང་། བཟང་པོ་ཞབས་ཀྱིས་སྐྱེས་བུར་འགྱུར། །ཞེས་པ་ནས། གསང་བ་གསུམ་མཚན་མཐོང་ནས་སུ། །ཞེས་པའི་བར་དུ་རྒྱས་པར་གསུངས་སོ། །དེ་ལ་རྗེས་སུ་ཆགས་པའི་སྔགས་ལ་དཀོན་མཆོག་དཔལ་ལྟ་བུའི་དེ་ཁོ་ན་ཆགས་པའི་རྒྱུ་ཚོར་བའི་ངོ་བོ་ཡིན་པའི་ [166b.5]ཕྱིར་རོ། །མཆོད་པ་ལ་ཡང་དོན་ཡོད་གྲུབ་པ་སྨོས་པ་དེ་ཁོ་ན་ལས་ཀྱི་ངོ་བོ་ཡིན་པས་སོ། །དེ་ལ་སྔགས་འདི་ཉིད་ཀྱང་གོང་དུ་བརྗོད་པ་ནི་མ་ཡིན་ཏེ། ཆགས་པ་དང་མཆོད་པའི་རྗེས་སུ་དེའི་མཉམ་པའི་དོན་བརྗོད་པའོ། །དེ་ལ་འདོད་པའི་ཡོན་ཏན་ལྔ་ཞེས་པ་ནི་གཙོར་གསུངས་ཀྱི་ལྷ་མོའི་ངོ་བོ་ [166b.6]ཐམས་ཅད་བཟུང་སྟེ་ལེའུ་བརྒྱད་པ་ལས་དེ་ལྟར་སྣོད་དོ། །མཆོད་པ་རྣམ་པ་ལྔ་ཞེས་པ་ནི་མེ་ཏོག་ལ་སོགས་པའོ། །དེ་ཡང་བཟང་པོ་ཞབས་ཀྱིས། །དེ་ལྟར་དབང་བསྐུར་རང་སྙིང་འོད། །ཅེས་པ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཞེས་པའི་བར་དུ་ཚིགས་སུ་བཅད་པ་གཉིས་དང་སྔགས་གསུངས་ [166b.7]སོ། །ད་ནི་སྐུ་དང་གསུང་དང་ཐུགས་ཁོ་ན་བྱིན་གྱིས་བརླབ་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྔགས་ལ་དམིགས་པ་ཞེས་པའི་རྡོ་རྗེ་གསུམ་གྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པའོ། །ལུས་ཞེས་པ་ནི་དེའི་ཀླད་པ་ལ་གནས་པའི་ཨོཾ་གྱི་ས་བོན་ལས་སྐྱེས་པའི་སྐུའི་རྡོ་རྗེ་ཁོ་ན་སྟེ་ངག་ [167a] [167a.1]དང་ཡིད་ཀྱང་དེ་ལྟར་རོ། །དེ་ལྟར་ཡང་། སྙིང་མགྲིན་སྤྱི་བོར་གང་གནས་པའི། །ཞེས་པ་ལ་སོགས་པས་བསྟན་ཏོ། །བསྐུལ་ཞེས་པ་ནི་ཤིན་ཏུ་གསང་བའི་མཆོད་པས་མཉེས་པའི་དེ་མ་ཐག །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །ཞེས་པ་ལ་སོགས་པས་བསྐུལ་བའོ། །དེ་ [167a.2]ནས་བྱིན་གྱིས་བརླབ་པ་ནི་ཡིད་ནི་དགའ་ཞིང་ཞེས་པ་སྟེ། སངས་རྒྱས་དག་ཐུགས་དགྱེས་ནས་བྱིན་གྱིས་རློབ་པ་ནི། དངོས་གྲུབ་རབ་མཆོག་སྩོལ་བར་མཛོད། །ཅེས་བྱའོ། །ད་ནི་གོང་དུ་བྱིན་གྱིས་མ་བརླབས་པར་བསྐྱེད་པ་དེ་རང་བཞིན་མེད་པར་བསྒོམ་པ་གསུངས་པ། སེམས་ལ་དམིགས་པ་བདག་མེད་ [167a.3]པར། །ཞེས་པ་ལ་སོགས་པ་སྟེ་སེམས་ཞེས་པ་ནི་ཐུགས་རྡོ་རྗེའོ། །དེ་བདག་མེད་པ་སྒྱུ་མ་འདྲ་བར་བསྒོམ་པ་དེ་ལྟར་ངག་དང་ལུས་ཀྱང་ངོ་། །དེ་ཡང་ཐོག་མར་རང་གི་ལུས་ལ་སོགས་པ་རང་བཞིན་མེད་པར་ཤེས་པ་ལས་བསྐྱེད་དོ་ཞེས་པ་གསུངས་པ། ནམ་མཁའ་བཞིན་དུ་མཉམ་པའི་གནས། །ཞེས་ [167a.4]ཏེ་ནམ་མཁའ་དང་འདྲ་བར་བསྒོམ་པ་ཡེ་ཤེས་ཉིད་ལས་དེ་གསུམ་བསྐྱེད་པས་ན་གནས་ཤེའོ། །སྦྱོར་བ་རྣམ་པ་གསུམ་ཞེས་པ་ནི་རིག་མ་དང་སྦྱོར་བའོ། །བསྒྲུབ་ཅེས་པ་ནི་སྟོང་པར་ཤེས་པ་དེ་ལས་བསྐྱེད་དོ་ཞེས་པ་སྟེ་དེ་ཁོ་ན་གསལ་བར་བྱེད་པ་གསུངས་པ། ལུས་དང་ངག་སེམས་མཚན་ཉིད་འདི། །ཞེས་ [167a.5]པ་ལ་སོགས་པ་སྟེ། དཔྱད་ཅེས་པ་ནི་རང་བཞིན་མེད་པར་བྱས་ནས་སྔགས་ཨོཾ་ལ་སོགས་པས་བསྐྱེད་པའི་རྡོ་རྗེ་གསུམ་རིག་མ་དང་སྦྱོར་བར་བསྒོམ་ཞེས་པའི་ཐ་ཚིག་གོ། །ད་ནི་བྱིན་གྱིས་བརླབ་པའི་དེ་མ་ཐག་རང་བཞིན་མེད་པར་བསྒོམ་པ་གསུངས་པ། ལུས་དང་ངག་དང་སེམས་དམིགས་ན། །ཞེས་པ་ལ་ [167a.6]སོགས་པའོ། །བྱང་ཆུབ་མེད་ཅེས་པ་ནི་དོན་དམ་པར་ཆོས་ཀྱི་སྐུ་ལ་སོགས་པ་མེད་པས་དེ་བསྒོམ་པ་ཡང་མེད་དོ། །ད་ནི་ཕྲ་མོའི་སྦྱོར་བ་རྫོགས་པར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་རྡོ་རྗེ་འཆང་ཆེན་པོའི་ཕྲ་མོའི་སྦྱོར་བ་ལ་སངས་རྒྱས་ཀྱི་གཟུགས་རྡོ་རྗེ་འཆང་བ་བསྒོམས་ནས་ཕྲ་མོའི་ངོ་བོར་ [167a.7]སྦྱོར་བ་བརྩམས་ཏེ། དེ་ཡང་གང་ཞེ་ན། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་ཏེ་རིག་མའི་གསང་བའི་ནམ་མཁའ་ཁོ་ན་ལ་བྱང་ཆུབ་ཀྱི་སེམས་དང་ས་བོན་ལས་གྱུར་པའི་མཚན་མའི་གདན་ཟླ་བའི་དཀྱིལ་འཁོར་བསྒོམ་ཞེས་སོ། །ཡང་མཚན་མ་དེའི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུཾ་གིས་བསྐྱེད་པའི་ [167b] [167b.1]ཕྲ་མོའི་ངོ་བོ་གསུངས་པ། སྣའི་རྩེ་མོར་ཞེས་པ་ལ་སོགས་པའོ། །ཡུངས་ཀར་ཞེས་པ་ནི་ལེའུ་གསུམ་པ་ལས་བཤད་པ་དེ་ཞེས་དྲན་པར་བྱའོ། །འགྲོ་དང་མི་འགྲོ་ཞེས་པ་ནི་གཡོ་བ་དང་མི་གཡོ་བའི་ངོ་བོ་ལྷ་རྣམས་དང་དེའི་གནས་ཞེས་པའི་དོན་ཏོ། །ཡུངས་ཀར་ལ་ཞེས་པ་ནི་བསྒོམ་ཞེས་པའི་དོན་ཏོ། །དེའི་ [167b.2]གནས་ཀྱི་མཚན་མ་བསྐྱེད་པ་གསུངས་པ། གསང་བའི་སྔགས་ཀྱིས་བརྟགས་པ་ཞེས་ཏེ་གནས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་ལས་བྱུང་བའི་མཚན་མའོ། །གསང་བའི་སྔགས་ཀྱིས་བརྟགས་པའི་ཞེས་པ་ནི་ཡུངས་ཀར་ལ་སོགས་པ་ལ་ཡང་སྦྱར་ཏེ་དོན་ནི་ཀུན་ལ་སྦྱར་རོ། །མི་བསྐྱོད་པའི་གསུངས་ [167b.3]པ་ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པ་སྟེ་ནམ་མཁའི་དབྱིངས་ནི་སྔར་བཤད་པ་བཞིན་དུ་ཀུན་ལ་སྦྱར་རོ། །དེའི་མཚན་མ་ནི་ཉི་མའི་དཀྱིལ་འཁོར་ཞེས་བྱེ་བྲག་ཙམ་གཟུང་ངོ་། །སངས་རྒྱས་སྐུའི་གནས་ཞེས་པ་ནི་བྱང་ཆུབ་སེམས་ལས་བྱུང་བའི་མཚན་མའོ། །དེའི་སྟེང་དུ་ཞེས་པ་ནི་དེའི་ལྟེ་བའི་ [167b.4]ཉི་མའི་སྟེང་དུའོ། །གནས་ཞེས་པ་ནི་རང་གི་ས་བོན་ཞེས་པ་སྟེ་དེ་ཡང་ཀུན་ལ་སྦྱར་རོ། །རྟག་པའི་གསུངས་པ་སྤྱན་གྱི་ཚུལ་དུ་སྦྱོར་བ་ཞེས་པ་ལ་སོགས་པ་སྟེ། སྤྱན་གྱི་ཚུལ་ནི་ཐབས་ཏེ་རྟག་པའི་སྦྱོར་བ་དང་ལྡན་པས་སོ། །རྡོ་རྗེ་པདྨོ་ཞེས་པ་ནི་ཕྲ་མོ་དེ་ལ་སྦྱོར་ཞེས་པ་སྟེ་དེ་ཡང་ཀུན་ལ་སྦྱོར་རོ། ། [167b.5]དེས་ནི་མཚན་མའི་རྟེན་གསལ་བའི་དཀྱིལ་འཁོར་བསྒོམ་ཞེས་པ་འདི་བྱེ་བྲག་གོ། །ཡང་རིན་ཆེན་འབྱུང་ལྡན་གྱི་གསུངས་པ་ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པ་སྟེ། རིན་ཆེན་དཀྱིལ་འཁོར་ཞེས་པའི་དོན་དུ་གསུངས་སོ། །དང་པོའི་སྦྱོར་བ་ཞེས་པ་ནི་བསྙེན་པ་དང་པོ་ནས་རྗེས་སུ་ཆགས་པའི་ [167b.6]མཐར་ཐུག་པའོ། །དེ་ཡང་ཀུན་ལ་སྦྱར་རོ། །པདྨོའི་དཀྱིལ་འཁོར་ཞེས་པ་ནི་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པའི་སྟེ་ཉི་མའི་དཀྱིལ་འཁོར་ཡིན་ནོ། །ཞི་བ་ཞེས་པ་ནི་འོད་ཟེར་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲོ་བ་ཡིན་པས་དེ་སྐད་དེ། ལྷ་སྤྲོ་བ་ནི་ཞིབ་ཏུ་གསུངས་པར་བསྟན་ཏོ། ། [167b.7]གོང་དུ་སངས་རྒྱས་སྐུའི་གནས་ཞེས་པ་དེ་ལ་བཤད་པ་ཨུཏྤལ་ཞེས་པ་ལ་སོགས་པ་སྟེ་མཚན་མ་ཡིན་ནོ། །དེ་ལ་འདི་ནི་མི་བསྐྱོད་པ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་ཡང་དེ་ལས་མདོག་བསྒྱུར་བར་ཟད་དོ། །ཙ་ན་ཀ་ཞེས་པ་ནི་སྣང་བ་མཐའ་ཡས་ཀྱི་ཡིན་ནོ། །འཁོར་ལོ་ལ་སོགས་ཞེས་པ་ [168a] [168a.1]ནི་ལྷག་མ་ཡིན་ནོ། །གོང་དུ་ལྷ་སྤྲོ་བ་གསུངས་ནས་ད་ནི་མཚན་མ་སྤྲོ་བ་གསུངས་པ། སངས་རྒྱས་བྱང་ཆུབ་གནས་རྣམས་ནི། །ཞེས་ཏེ་འོད་ཟེར་གྱི་ཁ་ལས་རྡོ་རྗེ་ལ་སོགས་པ་ཡང་སྤྲོ་བའི་དོན་ཏོ། །ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད། །ཅེས་པ་ནི་དབུགས་ཀྱི་ཡི་གེས་བསྐུལ་བ། སཾ་ཧ་ར་མི་བེེ་ཧེ་ཞེས་པ་ལ་སོགས་པས་ [168a.2]སྤྲོ་ཞིང་བསྡུའོ་ཞེས་པའི་དོན་ཏོ། །དེ་ཡང་བཟང་པོ་ཞབས་ཀྱིས། རང་གི་མཚན་མ་ཕྲ་མོའམ། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གསུངས་སོ། །ད་ནི་བསྟན་པའི་མཚན་མ་ཐོབ་ནས་རིག་པའི་བརྟུལ་ཞུགས་སྤྱད་པའམ། གཞན་དང་འདོད་པ་ལྟ་བུ་རིག་པ་བརྟུལ་ཞུགས་ལ་གཏོགས་པ་གསུངས་ [168a.3]པ། དེ་ནས་ཞེས་པ་ལ་སོགས་པའོ། །གཟུགས་དང་སྒྲ་དང་རོར་ལྡན་པར། །ཞེས་པ་ནི་གསང་བའི་མཆོད་པའི་ལོངས་སྤྱོད་དོ། །ཤེས་རབ་ཅན་ཞེས་པ་ནི་བརྟན་པའི་མཚན་མ་ཐོབ་པའམ་གཞན་འདོད་པ་ལྟ་བུའོ། །ཟས་སུ་བཤང་གཅི་ཞེས་པ་ནི་གང་གི་མཆོད་པའོ། །ཟས་སུ་ཤ་རྣམས་ཞེས་པ་ནི་གཙང་སྨེའི་རྟོག་པ་གཞོམ་ [168a.4]པའམ། དེ་རྣམས་ལ་ཁྱད་པར་གྱི་ཡོན་ཏན་ཡོད་པའི་ཕྱིར་རོ། །དེའི་ཡོན་ཏན་ནི། བྱང་ཆུབ་སེམས་དཔའ་བློ་ཆེན་དང་། །ཞེས་པ་ལ་སོགས་པའོ། །ལས་ཀྱི་གོ་འཕང་ཞེས་པ་ནི་ཞི་བའི་ལས་ལ་སོགས་པའོ། །ལུས་ངག་སེམས་ལས་འདས་པའོ། །ཞེས་པ་ནི་དེ་རྣམ་པར་དག་པར་འགྱུར་ཞེས་པའོ་ [168a.5]ལེའུ་དྲུག་པའི་འགྲེལ་པ་རྫོགས་སོ།། །།ད་ནི་སྦྱོར་བ་གསུམ་ལ་གཏོགས་པ་ལས་དབང་པོ་དམན་པ་རྣམས་ཀྱི་དོན་དུ་བསྒྲུབ་པའི་སྡོམ་པ་རྗེས་སུ་དྲན་པ་བཅུ་དྲུག་གཙོར་སྟོན་པའི་ལེའུ་བདུན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དམ་ཚིག་ཆེན་པོ་ཞེས་པ་ནི་དམ་ཚིག་ཀྱང་ཡིན་ལ་ [168a.6]ཆེན་པོ་ཡང་ཡིན་པས་དེ་སྐད་དེ་ཀུན་དུ་སྤྱོད་པའོ། །དེ་ཁོ་ན་ཞེས་པ་ནི་ངེས་པའམ་རྣམ་པར་དག་པའི་དོན་ཏོ། །འདོད་པའི་ལོངས་སྤྱོད་ཅེས་པ་ནི་བཟའ་བ་དང་བགོ་བ་ལ་སོགས་པའོ། །ཇི་ལྟར་འདོད་པ་ཞེས་པ་ནི་སེམས་ཇི་ཙམ་འདོད་པའོ། །འདི་ལྟ་བུའི་སྦྱོར་བ་གསུམ་ཐུགས་ལ་གཞག་པའོ། །ཡང་། [168a.7]འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཞེས་པ་ནི་གཟུགས་ལ་སོགས་པ་སྟེ། འདི་དག་ཀུན་དུ་སྤྱོད་པ་དང་མཉམ་པར་གཞག་པའི་རང་གི་ལྷའི་སྦྱོར་བ་ཕྱག་རྒྱའི་དམ་ཚིག་ལ་ཡང་སྦྱར་ཏེ། དེ་ལྟར་ཡང་བཟང་པོ་ཞབས་ཀྱིས། གཟུགས་སོགས་འདོད་པའི་ལོངས་སྤྱོད་ཀྱིས། །ཞེས་པ་ལ་སོགས་ [168b] [168b.1]པའི་ཚིགས་སུ་བཅད་པ་ཕྱེད་དང་དྲུག་གསུངས་སོ། །དཀའ་ཐུབ་སྡོམ་པ་ཞེས་པ་ལ་སོགས་པ་མ་བཀག་པ་ཁོ་ནས་འགྲུབ་ཀྱི། དཀའ་ཐུབ་ལ་སོགས་པས་ནི་མ་ཡིན་ཏེ་གཞན་དུ་དུས་མིན་ཞེས་པ་ལ་སོགས་པའི་སྐྱོན་དང་བཅས་པའི་ཕྱིར་རོ། །ཇི་ལྟར་འདོད་པ་བསྟེན་ཞེས་པས་སློང་མོ་ལ་སོགས་པ་ཡང་ [168b.2]བསྟེན་ནམ་སྙམ་པ་ལས། དེ་ཡང་གཡེང་བའི་རྒྱུ་ཡིན་པས་མི་བསླང་ངོ་ཞེས་ཏེ། མ་བསླངས་པའང་ཞེས་པ་ནི་རྐུ་བ་ལ་སོགས་པའི་བརྟུལ་ཞུགས་སམ། ཟས་ཀྱི་འདུ་ཤེས་བསྐྱུངས་པའི་དོན་ཏོ། །སྔགས་ཀྱི་ཡན་ལག་ཅེས་པ་ནི་ཡན་ལག་བཞིའམ་སྦྱོར་བ་གསུམ་ཞེས་བྱའོ། །ད་ནི་འདོད་པའི་ [168b.3]ལོངས་སྤྱོད་ཀྱི་ཡོན་ཏན་གསུངས་པ། ལུས་དང་ངག་དང་སེམས་རྣམས་ནི། །ཞེས་པ་ལ་སོགས་པ་སྟེ་ལོངས་སྤྱོད་ཀྱི་འབྲས་བུ་ནི་བདེ་བ་ཡིན་ལ། དེའི་འབྲས་བུ་ནི་སྦྱོར་བ་ལ་སྒྱིད་མི་ལུག་ཅིང་བརྟུལ་ཕོད་པ་ཡིན་ནོ། །དེའི་འབྲས་བུ་ནི་བྱང་ཆུབ་ཡིན་ནོ། །གཞན་དུ་ཞེས་པ་ནི་དཀའ་ཐུབ་ཀྱིས་ལུས་ལ་ [168b.4]སོགས་པ་མ་བདེན་སྒྱིད་ལུག་པ་ཉིད་ཀྱིས་དམྱལ་བར་སྐྱེའོ། །ཆོས་མཆོག་མི་གཡོ་བ་ཞེས་པ་ནི་འགྱུར་བ་མེད་པའི་སྐུའོ། །ཆགས་པའི་ཡེ་ཤེས་ཞེས་པ་ནི་བདེ་བའི་ཡེ་ཤེས་སོ། །དེ་ཁོ་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཉེས་པ་ཡིན་ཏེ་དཔའ་བོ་ཞེས་པ་ནི་སངས་རྒྱས་རྣམས་སོ། །ད་ནི་འདོད་ [168b.5]པའི་བརྟེན་པ་དག་གིས་སྒོམ་པ་གསུངས་པ་གཟུགས་ལ་རྣམ་གསུམ་ཞེས་པ་ལ་སོགས་པ་སྟེ། རྣམ་གསུམ་ཞེས་པ་ནི་མཚན་མ་མེད་པ་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་དུ་ཤེས་ནས་ཏེ། དེ་ཉིད་ཅེས་པ་ནི་གཟུགས་གསུམ་པོ་དེ་བཞི་རྣམ་པར་སྣང་མཛད་དུ་བསྒོམ་པ་སྟེ། སྣ་ཚོགས་ཞེས་པ་ནི་ [168b.6]གཟུགས་ཐམས་ཅད་ཀྱི་རྣམ་པ་ཡིན་པའི་ཕྱིར་རོ། །འོག་མ་ཀུན་ལ་ཡང་དེས་ཤེས་པར་བྱའོ། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །ཞེས་པ་དང་། ཐོགས་མེད་རྡོ་རྗེ་འཛིན་ཞེས་པ་ནི་བསྒོམ་པ་སྟེ། སྒྲའི་བདག་པོ་ནི་མི་བསྐྱོད་པ་ཡིན་ཞིང་། རོའི་བདག་པོ་ནི་སྣང་བ་མཐའ་ཡས་ཡིན་པའི་ཕྱིར་རོ། ། [168b.7]དེ་ལྟར་ཕྱེ་བ་གསུངས་ནས་རྡོ་རྗེ་འཛིན་པའི་ངོ་བོ་བསྡུས་པ་གསུངས་པ། གཟུགས་སྒྲ་རོ་ལ་སོགས་པ་ལ། །ཞེས་པ་ལ་སོགས་པ་སྟེ་འདི་ནི་ཞེས་པ་ནི་འདིའི་སྒོམ་པ་ཞེས་པའི་དོན་ཏོ། །གསང་བའི་སྙིང་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ནི་བསྡུས་པ་ཡིན་ནོ། །ཡང་ན་དེ་ལ་བསྒོམ་པ་ནི་ཞེས་པ་ནི་ཡང་ན་ [169a] [169a.1]ཕྱེ་བའི་རྣམ་པ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་རིགས་ཀྱི་ལྷ་མོ་རྣམས་སུ་སྒོམ་མོ། །དེ་དང་ཀུན་དུ་སྤྱོད་པ་མཐའ་དག་གི་དོན་དེ་ཡང་བཟང་པོ་ཞབས་ཀྱིས། ཏིང་ངེ་འཛིན་ལས་ལངས་ནས་སུ། །ཞེས་པ་ནས། སངས་རྒྱས་ཀུན་གྱིས་མཆོད་པ་ཡིན། །ཞེས་པའི་བར་དུ་ [169a.2]ཚིགས་སུ་བཅད་པ་དགུ་གསུངས་སོ། །དེ་ནི་རྗེས་སུ་དྲན་པ་གསུངས་པ། སངས་རྒྱས་རྗེས་སུ་དྲན་པ་སྦྱར། །ཞེས་པ་ལ་སོགས་པ་སྟེ་དེ་ལ་སངས་རྒྱས་ནི་རྟག་པ་གཙོར་གྱུར་པའོ། །ཆོས་དང་རྡོ་རྗེ་ནི་གསུང་དང་ཐུགས་གཙོར་གྱུར་པ་སྟེ། དེས་ནི་སྐུ་དང་གསུང་དང་ཐུགས་རྣམས་བསྒོམ་པར་འགྱུར་རོ་ [169a.3]ཞེས་བསྡུས་པའོ། །རིགས་ནི་རིན་ཆེན་འབྱུང་བ་ལ་སོགས་པའོ། །ཁྲོ་བོ་ནི་གཤིན་རྗེའི་གཤེད་ལ་སོགས་པ་སྟེ་དེས་ན་རྣམ་པ་གཞན་བསྟན་ཏོ། །ལྷ་རྗེས་སུ་དྲན་པ་ནི་དེ་རྣམས་མ་ཡིན་པ་འོག་ནས་འབྱུང་བ་གཞན་ནོ། །དེ་དག་ནི་གང་ཕྲ་མོའི་སྦྱོར་བ་ལས་ཉམས་ཤིང་གཟུང་བ་ལས་ཀྱང་ཉམས་པ་དག་ལ་ [169a.4]ལས་ཀྱི་ཕྱག་རྒྱས་དངོས་སུ་སོ་སོར་དྲན་ནི་རྗེས་སུ་དྲན་པ་ཞེས་ཏེ་ཕྱི་མ་ལས་བསྒོམས་ནས་རྗེས་སུ་དྲན་པ་གང་ཞེས་པ་ལ་སོགས་པ་གསུངས་སོ། །དེ་རྣམས་ཀྱི་ཁྱད་པར་གསུངས་པ་བུད་མེད་ཅེས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྤྱིའི་དོན་ནི་གཟུང་བ་ལས་ཉམས་པ་དེ་ནི་དབང་པོ་ཤིན་ཏུ་དམན་པ་ཡིན་ [169a.5]པས། སྐུ་དང་གསུང་དང་ཐུགས་དང་སེམས་ཅན་དང་སྐུ་གསུང་ཐུགས་བསྡུ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མ་སྐྱེས་པ་དང་། དམ་ཚིག་བཏུང་བ་དང་། མཆོད་པ་རྗེས་སུ་དྲན་པ་རྣམས་ཀྱིས་སྔར་བྲོད་པ་བསྐྱེད་པ་ལ་སོགས་པ་བྱས་ཏེ། ལས་ཀྱི་ཕྱག་རྒྱ་བཙལ་ནས་སངས་རྒྱས་རྗེས་ [169a.6]སུ་དྲན་པ་ལ་སོགས་པ་རང་གི་ཚུལ་དྲན་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །ལོ་གྲངས་བཅུ་དྲུག་ཅེས་པ་ནི་སྲིང་མོ་སྟེ་གོང་མ་དང་འོག་མར་ཡང་སྦྱར་རོ། །གནས་གསུམ་ཞེས་པ་ནི་བསྒྲུབ་པ་སྟེ་ཡན་ལག་གཞན་ཡང་ཤེས་པར་བྱའོ། །སྤྱན་ལ་སོགས་པ་ཞེས་པ་ནི་རང་གི་རིག་མའོ། །ཡེ་ཤེས་ཡི་གེ་ཧཱུཾ་དང་ཨོཾ་ [169a.7]དག་ཅེས་པ་ལ་སོགས་པ་ནི་གསང་གནས་ཀྱི་སྦྱོར་བ་སྟེ། ཧཱུཾ་གིས་གསང་བའི་རྡོ་རྗེ་དང་པདྨའི་འདབ་མ་བསྒོམ་མོ། །ཨོཾ་གྱིས་རྡོ་རྗེ་ནོར་བུའོ། ཨས་པདྨའི་ལྟེ་བ། ཕཊ་གཉིས་ཀྱིས་མན་ངག་ལུས་བསྟན་པའི་ལམ་དུའོ། །དེ་ལ་རྗེས་སུ་དྲན་པ་རེ་རེ་ནས་གསུངས་པ་དེ་ལ་ཞེས་པ་ལ་སོགས་པའོ། །སངས་རྒྱས་ [169b] [169b.1]གཟུགས་ཞེས་པ་ནི་དཀྱིལ་འཁོར་རྗེས་སུ་དྲན་པ་ལ་སོགས་པའི་རིམ་པ་རྟག་པ་གཙོ་བོར་གྱུར་པ་བསྒོམ་པ་སྟེ། དེའི་སྤྲིན་རྣམས་སྤྲོ་བ་དང་བསྡུ་བ་ལ་སོགས་པ་སྦྱར་བ་ནི་སངས་རྒྱས་རྗེས་སུ་དྲན་པ་སྟེ་དེ་འོག་མ་བཞི་ལ་ཡང་སྦྱར་རོ། །རྡོ་རྗེ་འཆང་ཆེན་པོའམ་མི་བསྐྱོད་པའོ། །དམ་ཚིག་རྗེས་སུ་དྲན་པ་ནི་དེ་རྣམས་ཀྱི་ [169b.2]སྐུ་བསྐྱེད་པ་སྟེ། ཁུ་བའི་ཐིགས་པའི་རིམ་པ་ལས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་དོ་ཞེས་པའི་དོན་ཏོ། །ཁ་ཅིག་ནི་ཁུ་བ་ལས་རྡོ་རྗེ་སེམས་དཔའོ། །དེ་ལས་འདོད་པའི་ལྷའོ་ཞེས་རྐྱེན་དུ་སྨྲ་སྟེ། ཁོ་བོ་ནི་བརྒྱུད་པའི་རིམ་པ་ལས་གང་དུ་ཡང་གསང་བའི་གནས་སུ་བསྐྱེད་པ་རྣམས་ལས་རྡོ་རྗེ་སེམས་ [169b.3]དཔའི་རྐྱེན་དེ་མ་མཐོང་ངོ་། །དེ་ལས་ཕྱེ་བ་ནི་དཀྱིལ་འཁོར་རྗེས་སུ་དྲན་པ་སྟེ་རང་གི་ཁུ་བ་སྔ་མ་ཁོ་ན་ལས་རིན་པོ་ཆེ་ཡུངས་ཀར་ལྟ་བུ་ཤིན་ཏུ་ཟླུམ་པོའི་དཀྱིལ་འཁོར་བྱའོ་ཞེས་པའི་དོན་ཏོ། །དེ་ལ་སྐུ་རྗེས་སུ་དྲན་པ་ནི་སངས་རྒྱས་ཀྱི་སྐུ་ནི་རྣམ་པར་དག་པའི་ཕུང་པོ་ལྔས་རྒྱས་པ་སྟེ། བདག་གིས་ཀྱང་དེང་སང་ཡན་ཆད་ [169b.4]དུ་དེ་བཞིན་བསྒོམས་སོ་ཞེས་དྲན་པ་ནི་སྐུའི་རང་བཞིན་ཞེས་བྱའོ། དེས་ན་བདག་ཀྱང་དེ་འདྲ་བར་འགྱུར་རོ་སྙམ་དུ་བྲོད་པ་བསྐྱེད་པར་བྱའོ། །འོག་མར་ཡང་དེ་བཞིན་སྦྱར་ཏེ། དེ་དང་འདྲ་ཞེས་པ་ནི་དེ་བསྒོམ་པར་ཞེས་དོན་ཏོ། །རྡོ་རྗེ་འཛིན་པ་ལྟ་བུར་ནི། །ཞེས་པ་ནི་འགྱུར་ཞེས་སྦྱར་རོ། །སྐུ་དང་གསུང་དང་ [169b.5]ཐུགས་ཀྱིས་མཚན། །ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ནི་སྐུ་ལ་སོགས་པའི་རང་བཞིན་ནོ་ཞེས་གཅིག་ཏུ་བྲོད་པའོ། །དེ་ནི་ནམ་མཁའ་ལྟར་མཉམ་པའི་སྤྱོད་པ་ཡིན་ནོ། །དེ་ལ་སྔགས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་བསྒྲུབ་པའི་ངོ་བོ་སྟེ། རྡོ་རྗེ་སྔགས་ཀྱི་སྐུ་གང་ཡིན་ཞེས་པ་ནི་ [169b.6]སངས་རྒྱས་ཀྱི་རྡོ་རྗེ་གསུམ་པོ་དག་ཀྱང་བསྐུལ་བ་དང་སྔགས་ཀྱི་གསུང་དང་སྤྲོ་བའི་སྐུས་བསྒོམ་པ་ལྟར་བདག་གིས་ཀྱང་དེང་སང་ཡན་ཆད་བསྒོམས་པས་དེ་དང་འདྲ་བར་འགྱུར་ཞེས་བྲོད་པ་སྟེ་དེ་བཞིན་ཡན་ལག་གཞན་ལ་ཡང་དྲན་པར་བྱའོ། །ཡང་དམ་ཚིག་རྗེས་སུ་དྲན་པ་གསུངས་པ་ཁུ་བ་ཞེས་པ་ལ་སོགས་པའོ། ། [169b.7]ཆོ་ག་བཞིན་ཞེས་པ་ནི་བཟང་པོ་ཞབས་ལ་སོགས་པས་བཤད་པའི་བདུད་རྩིའི་སྦྱོར་བའོ། །དེ་བཞིན་གཤེགས་པའི་འཁོར་བསད་ན། །ཞེས་པ་ནི་དབང་པོ་དམན་པའི་རྣམ་པར་རྟོག་པ་བཅོམ་པ་སྟེ་གཉིས་སུ་མེད་ཅེས་པའི་དོན་ཏོ། །དངོས་གྲུབ་རབ་ཏུ་འཐོབ་པར་འགྱུར། །ཞེས་པ་ནི་དེའི་སྟོབས་ཀྱིས་ཉམས་པ་སླར་ [170a] [170a.1]གསོས་པར་འགྱུར་བའི་དོན་ཏོ། །རང་བཞིན་གྱིས་ནི་རབ་ཏུ་གསལ། །ཞེས་པ་ལ་སོགས་པ་ནི་འདི་ལྟར་གསུངས་ཏེ་ནམ་མཁའ་ལྟར་གསལ་བ་དང་། མ་སྐྱེས་པ་དང་། ཉོན་མོངས་པ་མེད་པ་དང་། དེ་རྟོག་པ་མེད་པ་དང་། རྒྱུ་མེད་པ་དང་། འབྲས་བུ་མེད་པ་ [170a.2]རྣམས་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེས་ནི་བསྒོམ་མོ་ཞེས་པ་ནི་འདི་ཡིན་ནོ། །དེ་ལས་ཕྱེ་བའི་ངོ་བོ་ནི་རབ་ཏུ་གསང་བ་དང་མཚན་མ་མེད་དང་མི་འགྱུར་བ་སྟེ། དཔེ་ནམ་མཁའ་ལྟ་བུ་དང་། གཉིས་སུ་མེད་པ་དང་། གཉིས་སུ་མེད་པ་མ་ཡིན་པ་དང་། ཞི་བ་དང་། ཤིན་ཏུ་དྲི་མ་མེད་པ་ [170a.3]སྟེ། དཔེ་ནམ་མཁའ་ལྟར་དེ་གཉིས་ནི་མ་སྐྱེས་པ་དེ་ཁོ་ན་ལ་གསུངས་པ་སྟེ་དེ་བསྒོམ་པའོ། །དེ་གཉིས་ཀྱི་སྟོབས་ཀྱིས་དབང་པོ་དམན་པ་དེ་མཆོག་ཏུ་འགྱུར་བ་ཡིན་ནོ། །ཞེ་སྡང་རིགས་ལ་སོགས་པའི་མཆོད་པ་ནི་དམ་ཚིག་རྗེས་སུ་དྲན་པ་སྟེ་ལོ་གྲངས་བཅུ་གཉིས་ཞེས་པ་ནི་ཐ་མ་གསུངས་པ་སྟེ་གོང་མ་ [170a.4]གཉིས་ཀྱང་སྦྱར་རོ། །རིགས་ཀྱི་སྦྱོར་བ་ཞེས་པ་ནི་རང་གི་རིག་མའི་སྦྱོར་བའོ། །འདིར་ནི་དེ་བཞིན་གཤེགས་པའི་སྐུ་ཞེས་པ་ལ་སོགས་པ་ནི་རྗེས་སུ་དྲན་པ་ཐམས་ཅད་ཀྱི་འབྲས་བུ་སྟེ་དེ་བཞིན་གཤེགས་པའི་སྐུ་ཞེས་པ་ལ་སོགས་པ་ནི་མཆོག་གོ། །སྐུ་དང་ཞེས་པ་ལ་སོགས་པ་ནི་རིགས་འཛིན་ནོ། །ཕྲ་མོ་ [170a.5]ཞེས་པ་ནི་མི་སྣང་བ་ལ་སོགས་པ་ཏེ་དེ་རྣམས་ཀྱི་རྒྱུད་ཀྱི་ཆོ་ག་སྦྱར་བ་ཙམ་གྱིས་འགྲུབ་ཅེས་པའི་དོན་ཏོ། །ལེའུ་བདུན་པའི་འགྲེལ་པ་རྫོགས་སོ།། །།ད་ནི་ཐུན་མོང་དུ་གྱུར་པའི་མཆོད་པའི་སྡོམ་པ་ཞེས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དཀོན་མཆོག་དཔལ་ཞེས་པ་ནི་དེའི་བདག་པོ་ [170a.6]ཡིན་པས་དོན་ཡོད་གྲུབ་པ་གཟུང་བར་བྱའོ། །རྡོ་རྗེ་རྒྱལ་པོ་ཞེས་པ་ནི་ལྷ་རྣམས་ཀྱི་མཆོག་ཅེས་པའོ། །ཐེག་པ་ཆེ་ཞེས་པ་ནི་དེ་ཉིད་འབྲས་བུའི་ཐེག་པ་ཡིན་ནོ། །ནམ་མཁའི་སྤྱོད་པ་ནི་ནམ་མཁའ་ལྟར་དག་པའི་སྤྱོད་པ་སྟེ། དེ་རྣམ་པར་སྦྱོར་བར་མཛད་པའི་དོན་ཏོ། །རྡོ་རྗེ་ཀུན་གྱི་ཞེས་པ་ནི་ལྷ་ཐམས་ཅད་ [170a.7]ཀྱི་མཆེད་པའི་དབྱིངས་ནི་རྒྱུ་སྟེ་རྡོ་རྗེ་འཆང་དེ་ཡིན་ནོ། །རྒྱལ་མཆོག་ནི་བོད་པ་སྟེ་སྤྱིར་ཞུས་ནས་ཕྱེ་སྟེ་གསུངས་པ་འདོད་ཆགས་ཞེས་པ་ལ་སོགས་པའོ། །འདོད་ཆགས་ལ་སོགས་པ་དེ་ཁོ་ན་རྡོ་རྗེའི་ཐེག་པ་སྟེ་རབ་སྟོན་ཞེས་པ་ནི་སྟོན་པ་པོ་སྐུ་ཡིན་ནོ། །ནམ་མཁའི་དབྱིངས་དང་མཚུངས་ཞེས་པ་ནི་སྐུ་དེ་ཤིན་ཏུ་ [170b] [170b.1]དག་གོ་ཞེས་པའི་དོན་ཏོ། །ཐར་པའི་ལམ་ཞེས་པ་ནི་སྔགས་ཀྱི་ཚུལ་དཀྱིལ་འཁོར་ལ་སོགས་པ་སྟེ་སྟོན་པ་ཞེས་པ་ནི་གསུང་ཉིད་དོ། །ཐེག་པ་གསུམ་ནི་ཕྱི་ནང་གསང་བ་གསུམ་སྟེ་དེ་དང་མི་འབྲལ་བ་ནི་གནས་པ་ཡིན་གྱི་ཡང་དེ་ལ་སྩོལ་བ་ནི་མ་ཡིན་ནོ། །སངས་རྒྱས་སྐལ་མཆོག་ཅེས་པ་ནི་སྐལ་བ་ [170b.2]མཆོག་སྩོལ་བར་མཛད་ཅེས་པའི་དོན་ཏོ། །གསུང་དེ་ནམ་མཁའ་ལྟར་དག་ཅེས་བསྡུའོ། །སེམས་ཞེས་པ་ནི་ཐུགས་ཏེ་དེ་ནི་ཆེན་པོ་ལ་གཟིགས་པས་སྤྱན་ནོ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །ཞེས་པའི་དོན་ཏོ། །ཐུགས་དེ་ཡང་སྐུ་ལ་སོགས་པ་དང་ལྡན་པ་སྐུ་དང་ཞེས་པ་ལ་སོགས་པ་སྨོས་སོ། །དེ་ [170b.3]མ་ཐག་ལན་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཅེས་པ་ནི་སྐུ་ལ་སོགས་པའོ། །ཀུན་དབང་པོ་ཞེས་པ་ནི་ཀུན་གྱི་བདག་པོའོ། །དེ་རྡོ་རྗེ་དང་རིན་པོ་ཆེ་འཛིན་ཞེས་སྦྱར་རོ། །ཐམས་ཅད་དབང་བསྐུར་ནི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པའོ། །མཆོད་པའི་མཆོག་ཅེས་པ་ནི་བཤད་ཅེས་འབྲེལ་ཏེ། རྡོ་རྗེ་མི་ [170b.4]ཕྱེད་ཉིད་སྐུ་དང་གསུང་དང་ཐུགས་ཀྱི་སྐལ་བ་མཆོག་སྟེ། དེ་ལྟ་བུའི་རྒྱལ་བ་འབྱུང་བའི་མཆོད་པའོ། །དེའི་ངོ་བོ་གསུངས་པ་ན་ཆུང་ཞེས་པ་ལ་སོགས་པའོ། །བྱོལ་སོང་ནི་བུད་མེད་ཡིན་ལ་སྐྱེ་གནས་ནི་ཉི་ཤུ་ལྔ་པ་མ་རྙེད་ན་བྱང་ཆུབ་ཀྱི་སེམས་དང་ལྡན་ནམ་མི་ལྡན་པ་བརྟག་པ་སྟེ། ཇི་ཙམ་རོ་རྩ་བའི་མཚན་ [170b.5]མ་མིག་དང་སེན་མོ་ལ་སོགས་པ་བརྟག་གོ་ཞེས་པའམ། ཡང་དེ་ཉིད་ལས་རཀྟ་འབྱུང་བའི་འདུ་ཤེས་པར་བྱའོ། །དེ་ནི་ལོ་གྲངས་ལས་མ་ཡིན་ནོ། །ས་ཕྱོགས་གཙང་ཞིང་ཞེས་པ་ནི་གདུག་པ་རྣམས་མེད་པའོ། །དབེན་པ་ནི་སྐྱེ་བོ་ཉུང་བའོ། །རྒྱལ་བའི་བདག་ཉིད་ཞབས་ཀྱིས་བཅགས་པ་ཉིད་དོ། ། [170b.6]གནས་ཀྱི་ཁྱད་པར་འདི་ནི་ལེའུ་བཅུ་གཅིག་པ་ལས་ཤེས་པར་བྱའོ། །དེ་ཡང་བཟང་པོ་ཞབས་ཀྱིས། གང་ལ་ཡིད་དགའ་གནས་སུ་ནི། །ཞེས་པ་ནས་ཐོ་རངས་ཤར་བལྟས་ཞེས་པའི་བར་དུ་གསུངས་སོ། །ནུ་མ་དང་ཀླད་པ་དང་རྐང་པའི་བར་ཞེས་པ་ནི་སྙིང་ལ་སོགས་པའོ། །ལྟེ་བ་ཉིད་རྐེད་པའོ། ། [170b.7]ཁྱད་པར་གྱི་ཆོ་ག་དེ་རྣམས་དང་། གཞན་ཡན་ལག་བཞི་དང་ལྡན་པའི་རིག་མ་ནི་ཡེ་ཤེས་རྒྱ་མཚོ་སྟེ་ཟབ་པའི་བདག་ཉིད་ཀྱི་ཕྱིར་རོ། །བདག་ཉིད་ཅེས་པ་ནི་ཡེ་ཤེས་སེམས་དཔའ་སྟེ། གཟུགས་ནི་མ་ཡིན་ཏེ་དེ་ལྟར་ཡང་ཕྱི་མ་ལས། རིག་མ་ཡང་ནི་ཐབས་ཀྱིས་རྒྱལ། །ཞེས་གསུངས་སོ། །ཟླ་བ་ཞེས་པ་ [171a] [171a.1]ནི་ཉི་མ་ལ་བཟུང་སྟེ་འདོད་པའི་ཁྱད་པར་རོ། །དེའི་ཆོ་ག་ཡང་བཟང་པོ་ཞབས་ཀྱིས། དེ་བཞིན་འབྲིང་ལ་རྒྱུ་མཐུན་སོགས། །ཞེས་པ་ནས། སངས་རྒྱས་ལྔ་ཡིས་གང་བར་བསྒོམ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་དང་སྙིང་པོ་ལྔ་གསུངས་པ་སྟེ། [171a.2]ཞི་བ་རྡོ་རྗེ་འཛིན་འདོད་ན། །ཞེས་པ་ནི་ཞི་བ་ཆོས་ཀྱི་སྐུ་དེ་རྡོ་རྗེ་འཛིན་དུ་འདོད་ན། སངས་རྒྱས་བསྡུ་བ་དག་ཀྱང་བྱའོ་ཞེས་ཡེ་ཤེས་རྒྱ་མཚོ་དང་བདག་ལྷན་ཅིག་བསྐྱེད་དོ་ཞེས་པའི་དོན་ཏོ། །དེའི་གནས་གསུངས་པ་རིན་ཆེན་ཞེས་པ་ལ་སོགས་པའོ། །སྣ་བཞི་ཞེས་པ་ནི་ཕྱོགས་ལ་གསུངས་པ་སྟེ་རིན་པོ་ཆེ་ཉིད་ནི་སྣ་ [171a.3]ལྔ་ཡིན་ནོ། །དུས་གསུམ་གྱི་ཞེས་པ་ནི་དུས་གསུམ་གྱི་སེམས་ཅན་གྱི་འབྱུང་གནས་ཡེ་ཤེས་རྒྱ་མཚོ་ཡིན་ལ་གནས་མཆོད་རྟེན་ཡིན་ནོ། །བདག་གི་བ་སྤུ་བུ་ག་ཞེས་པ་ནི་བདག་གི་རིག་མ་ཞེས་པའི་དོན་ཏོ། །ཨུཏྤལ་ཞེས་པ་ནི་ཁ་དོག་བཞིའི་ལྷ་མོའོ། །དེ་བས་ན་བདག་ཅེས་མང་པོའི་ཚིག་བྱས་སོ། །པདྨ་ [171a.4]ནི་རཱ་ག་ཁོ་ན་སྟེ་དེ་ནི་རོའི་རྡོ་རྗེ་མའོ། །ཛཱ་ཏི་ཁ་དོག་ལས་ཆོས་ཀྱི་དབྱིངས་རྡོ་རྗེ་མ་ཡིན་ལ་རྣམ་གསུམ་ཞེས་པ་ནི་རྣམ་པར་ཐར་པའི་རང་བཞིན་ནོ། །ཀརྣི་ཀ་ལ་སོགས་པ་ནི་སྤྱན་མ་ལ་སོགས་པའོ། །ཁ་ཅིག་ན་རེ་མེ་ཏོག་ཉིད་ཡིན་ནོ་ཞེས་ཟེར་ཏེ་དེ་ནི་མ་ཡིན་ཏེ། ཕྱི་མ་ལས་འདི་ལ་མེ་ཏོག་ཅེས་ [171a.5]བརྗོད་པ། ནམ་མཁའི་ཁམས་ཀྱི་བུད་མེད་དོ། །ཞེས་བཤད་དོ། །གནས་ཀྱི་ཁྱད་པར་གསུངས་པ་དཔག་ཚད་ཅེས་པ་ལ་སོགས་པའོ། །འཁོར་ལོ་ཞེས་པ་ནི་རྟག་པའི་རྣལ་འབྱོར་པའོ། །གཞན་གྱི་གསུངས་པ། པདྨ་རྡོ་རྗེ་རིན་ཆེན་དང་། །ཞེས་པ་ལ་སོགས་པའོ། །དེ་ལྟར་གསང་བའི་ [171a.6]མཆོད་པ་གསུངས་ནས་ཕྱིའི་གསུངས་པ། རིན་ཆེན་མཆོད་པ་ལ་སོགས་པས། །ཞེས་པ་ལ་སོགས་པའོ། །དེ་ལྟར་མའི་གསུངས་ནས་སྲིང་མོའི་གསུངས་པ་རིན་ཆེན་འབྱུང་གནས་ཞེས་པ་ལ་སོགས་པ་སྟེ། ལོ་གྲངས་བཅུ་དྲུག་མ་ནི་མཆོད། །ཅེས་གསུངས་སོ། །གོང་དུ་གསུངས་པའི་བྱིན་ [171a.7]གྱིས་བརླབ་པ་དང་མཆོད་པ་ལ་སོགས་པ་ནི་འདིར་ཡང་སྦྱར་ཏེ་དེ་བཞིན་འོག་མ་ལ་ཡང་སྦྱར་རོ། །ཁྱད་པར་གསུངས་པ། རིན་ཆེན་སྣ་ཚོགས་མཆོག་གིས་བརྒྱན། །ཞེས་པ་ལ་སོགས་པ་སྟེ་དབུ་རྒྱན་ལ་སོགས་པས་བཀླུབས་པའོ། །བསྒྲུབ་ཚེ་ཞེས་པ་ནི་སྦྱོར་བ་གསུམ་གྱི་བསྙེན་པའི་ཚེ་ཞེས་སོ། ། [171b] [171b.1]རིན་ཆེན་རྣམས་ནི་ཞེས་པ་ནི་གསང་བའི་མཆོད་པའོ། །ཞིང་འདིར་ཞེས་པ་ལ་སོགས་པ་ནི་དེའི་འོད་ཟེར་ལས་སྤྲུལ་པའི་མཆོད་པ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་བསགས་པའི་ཕྱིར་ཉིན་རེ་དུས་བཞིར་དབུལ་ཞེས་པའི་དོན་ཏོ། །འདི་རྣམས་ཀྱང་ལྟག་འོག་ཏུ་སྦྱར་རོ། །གསང་བའི་མཆོད་པ་ལ་གཏོགས་ [171b.2]པ་རང་གི་རེག་པའི་དགའ་བ་ཁོ་ན་གཉིས་སུ་མེད་པར་ཀུན་ལ་དབུལ་བར་གསུངས་པ་བདག་པོའི་ཞེས་པ་ལ་སོགས་པའོ། །ད་ནི་ནང་གི་མཆོད་པ་གསུངས་པ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ལ་སོགས་པའོ། །ཡང་བུ་མོའི་གསུངས་པ། བཞིན་བཟངས་ཞེས་པ་ལ་སོགས་པ་སྟེ་ [171b.3]ལོ་བཅུ་གཉིས་མ་ཡིན་ནོ། །ཁྱད་པར་གསུངས་པ་མིག་བཟང་ཞེས་པ་ལ་སོགས་པ་སྟེ་དེ་ཡང་གོང་མ་གཉིས་ལ་ཡང་སྦྱར་རོ། །དེ་རྣམས་ཀྱི་དོན་ཡང་བཟང་པོ་ཞབས་ཀྱིས། དེ་ལྟར་དབང་བསྐུར་རང་སྙིང་འདོད། །ཅེས་པ་ནས་མཐར་ཐུག་པ་གསུངས་སོ། །དེའི་ཡོན་ཏན་གསུངས་པ་འདི་ནི་ཞེས་པ་ལ་ [171b.4]སོགས་པའོ། །ལེའུ་བརྒྱད་པའི་འགྲེལ་པ་རྫོགས་སོ།། །།ད་ནི་སྒྲུབ་པ་ཆེན་པོ་ལ་གཏོགས་པ་སྤྱད་པའི་དམ་ཚིག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་ཐམས་ཅད་ཅེས་པ་ནི་སྐུ་ལ་སོགས་པ་སྟེ་གོང་དུ་སྦྱར་བ་རྣམས་ལས་ཀུན་དུ་ཤེས་པར་བྱའོ། །སྐུ་དང་གསུང་དང་ཐུགས་ [171b.5]ལོངས་སྤྱོད། །ཅེས་པ་ནི་ངེས་པའི་བསམ་གཏན་དེ་ཁོ་ན་ཞེ་སྡང་ལ་སོགས་པའི་དཀྱིལ་འཁོར་ཏེ་གསུམ་ཞེས་པ་ནི་གཙོར་གསུངས་པའོ། །ཉམས་ནི་རབ་ཏུ་དགའ་བ་ཞེས་པ་ནི་དམྱལ་བ་ལ་སོགས་པའི་འགྲོ་བ་དགག་པའི་ཡོན་ཏན་ཡོད་པའི་ཕྱིར་རོ། །སངས་རྒྱས་དཀྱིལ་འཁོར་ཞེས་པ་ནི་རྟག་པ་ལས་ [171b.6]བྱུང་བའི་ཕོ་བྲང་ངོ་། །དེའི་དབུས་སུ་མི་བསྐྱོད་པ་བསྒོམས་ཏེ། འདིའི་སྐབས་སུ་ལག་ཏུ་རྡོ་རྗེ་རྩེ་ལྔ་པ་ཁ་བཞི་པ་བསྒོམ་ཞེས་ཇི་སྙེད་པའོ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྒོམ་པ་སྟེ། ཕྱི་མ་ལས། ཞེ་སྡང་འཁོར་ལོ་བསྐྱེད་པར་བྱ། །ཞེས་ཏེ་འོག་ [171b.7]མར་ཡང་དེ་ལྟར་སྦྱར་རོ། །རྡོ་རྗེས་ཕྱེ་མར་རླག་ཅེས་པ་ནི་དེ་ནས་སྤྲོ་བ་དང་བསྡུ་བ་ལ་སོགས་པ་གདུག་པ་ཅན་དམྱལ་བར་འགྲོ་བའི་དོན་དུ་གཞོམ་པའི་སྦྱོར་བ་ལ་སོགས་པས་ཕྱེ་མར་རླག་གོ་ཞེས་ཇི་སྙེད་པའོ། །ཐུགས་ཀྱི་དངོས་གྲུབ་ཅེས་པ་སྒྲུབ་པ་པོ་དེ་ཡང་གསལ་བ་རྣམ་པར་དག་པ་ཉིད་ཀྱིས་ཐུགས་རྡོ་རྗེར་ [172a] [172a.1]འགྱུར་བ་སྟེ། ཕྱི་མ་ལས། བདག་ཉིད་ཞེ་སྡང་རྡོ་རྗེར་འགྱུར། །ཞེས་སོ། །བསྒྲུབ་བྱ་ཡང་ཡོན་ཏན་གསུངས་པ་རྡོ་རྗེ་གསད་པ་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་ཅེས་པ་ནི་དགྲ་རྣམས་ཁོ་ནའོ། །དེ་ཡང་ཕྱི་མ་ལས། རྣལ་འབྱོར་དེ་ཡིས་གཞག་བྱས་པའི། ། [172a.2]ཞེས་པ་ལ་སོགས་པ་གསུངས་སོ། །སེར་སྣ་ཅན་གྱི་དོན་དུ་གཏི་མུག་གིས་དོན་བྱ་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། རབ་ཏུ་འཇུག་པས་ཞེས་པ་ནི་བཀའ་སྩལ་ཏོ་ཞེས་འབྲེལ་ཏོ། །རིན་ཆེན་ཀུན་གྱི་སྦྱོར་བ་ནི་རྐུ་བའི་རྣལ་འབྱོར་ཏེ། དེའི་རིམ་པས་ཕྲོགས་ནས་ཞེས་སྦྱར་རོ། །ཇི་ལྟར་ཞེ་ན། [172a.3]རྡོ་རྗེ་གསུམ་དུ་རྣམ་བསྒོམས་ནས། །ཞེས་ཏེ་དེ་ཁོ་ན་རྡོ་རྗེ་གཟུགས་ཞེས་བྱ་སྟེ་དེ་ཡང་ཕྱི་མ་ལས། ཡན་ལག་ཐམས་ཅད་ཡི་གསུམ་བདག །ཅེས་གསུངས་སོ། །དེའི་ས་བོན་ལས་ཟླ་བ་དང་སྤྲོ་བ་ལ་སོགས་པའི་རིམ་པས་ཕྲོགས་ནས་བསྒྲུབ་བྱ་དང་སྒྲུབ་པ་པོ་གཉི་ག་ཇི་ལྟར་གསུངས་པར་འགྱུར་རོ། །རིགས་ [172a.4]རྒྱ་མཚོ་ཐམས་ཅད་ཅེས་པ་ནི་ཐུན་མོང་དུ་གྱུར་པ་སྟེ། རྟག་པ་མ་ཡིན་པས་ཀྱང་སྤྱད། །ཅེས་བྱ་སྟེ་གོང་འོག་གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཡང་ཕྲག་དོག་ཅན་གྱི་དོན་དུ་འདོད་ཆགས་ཀྱིས་དོན་བྱ་བར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །བུད་མེད་ལྟ་བུ་ཞེས་པ་ནི་རང་གི་རིག་མར་ [172a.5]སྦྱར་ཞེས་སོ། །དམ་ཚིག་བཞི་ནི་བསྙེན་པ་ལ་སོགས་པའི་ཡན་ལག་བཞིའོ། །ཐམས་ཅད་ཅེས་པ་ནི་ཕྲག་དོག་ཅན་གྱི་བུད་མེད་དོ། །བསྒོམ་པར་བྱ་ཞེས་པ་ནི་དགུག་པ་ལ་སོགས་པའི་སྦྱོར་བས་ཞེས་ཇི་སྙེད་པའོ། །དེ་ལྟར་ལུས་ཀྱི་ལས་རྣམ་པར་དག་པ་གསུངས་ནས་ངག་གི་གསུངས་པ་དེ་ནས་ཞེས་པ་ [172a.6]ལ་སོགས་པའོ། །དེ་ལ་གང་བརྫུན་གྱིས་འདུལ་བ་དག་མཐོང་ནས་ཆོ་ག་ཐམས་ཅད་སྤྱད་དེ། ཕན་པའི་ཚིག་ནི་རྡོ་རྗེའི་ཚིག །ཅེས་བྱ་སྟེ་ཡང་དག་པར་བདེན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་། གཞན་ལ་གཅིག་ཏུ་ཕན་པ་བདེན། །ཕན་པ་མེད་ཕྱིར་ཅིག་ཤོས་མེད། །ཅེའོ། །དེས་མཉེས་ [172a.7]པས་མ་གོས་པས། །ནམ་མཁའི་གསུང་ནི་དྲི་མ་མེད། །ཅེས་བྱའོ། །དོན་ཇི་ལྟ་བ་བཞིན་དུ་སྤྲོ། །ཞེས་པ་ནི་རྡོ་རྗེ་གསུམ་གྱི་ས་བོན་ལས་དེའི་དོན་དུ་སྤྲོ་བ་དང་བསྡུ་བ་ལ་སོགས་པ་བྱ་སྟེ་ཕྱི་མ་ལས། ཉིད་ཀྱིས་བཟླ་ཞིང་སྤྲོ་བར་བྱའོ། །ཞེས་སོ། །ངག་གི་དམ་ཚིག་ལྷག་མ་གསུངས་པ། དེ་ནས་ཞེས་པ་ [172b] [172b.1]ལ་སོགས་པ་སྟེ། འདིར་ཡང་དེས་འདུལ་བ་རྣམས་ལ་ཆོ་ག་ཐམས་ཅད་སྤྱད་དེ་སྨྲ་བའོ། །སོགས་ཞེས་པ་ནི་ངག་རྐྱལ་པ་དང་ཕྲ་མ་བསྡུའོ། །ཡིད་ཀྱི་ལས་ནི་གཞན་གྱི་དོན་མ་ཡིན་ཏེ་མནར་སེམས་ལ་སོགས་པ་ནི་ཉོན་མོངས་པ་ཁོ་ན་ཡིན་པས་མི་བསྐྱེད་ལ་ཅི་སྟེ་རྐྱེན་གྱིས་བྱུང་ན་ཡང་ཕྱི་མ་ལས་བཤད་པ་བཞིན་ [172b.2]ལྷའི་རྣམ་པར་བསྒོམས་ཏེ། དེ་ནི་ཀུན་དུ་སྤྱོད་པ་ཡིན་གྱི་སྔགས་ཀྱི་སྤྱོད་པ་ནི་མ་ཡིན་ནོ། །དེ་རྣམས་ཀྱི་དོན་ཡང་བཟང་པོ་ཞབས་ཀྱིས། འགྲོ་བའི་དོན་ནི་ཅི་རིགས་པར། །ཞེས་པ་ནས། དེ་རྟོགས་ཡེ་ཤེས་ལ་ནི་མེད། །ཅེས་པའི་བར་དུ་ཚིགས་སུ་བཅད་པ་ཕྱེད་དང་བཞི་གསུངས་སོ། །ད་ནི་ལེའུ་ལྔ་ [172b.3]པར་ཐེ་ཚོམ་བསལ་ན་ཡང་ཡིད་ཆེས་པར་དཀའ་བའི་ཚུལ་གྱིས་ངོ་མཚར་གྱི་ཀླན་ཀ་སྤངས་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དམ་ཚིག་རྡོ་རྗེ་ཞེས་པ་ནི་སའི་སྙིང་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་འཁོར་རྣམས་སྔར་བཤད་དོ། །དངོས་སུ་དམན་པའི་ཚིག་མ་ཞུས་པས་ [172b.4]དམན་པའི་འདུ་ཤེས་གསུངས་སོ། །འདིའི་དོན་ནི་ནམ་མཁའ་ལྟར་མ་གོས་པ་དང་མི་གནས་པ་དང་སེམས་ཅན་གྱི་བསམ་པ་ཞེ་སྡང་ཅན་ལ་སོགས་པ་ལ་དོན་དུ་འགྱུར་བས་བཤད་དོ་ཟེར་བ་འདི་ཡིན་ནོ། །གཙུབ་ཤིང་ཞེས་པའི་དཔེ་ནི་མི་གནས་ཀྱང་འབྲས་བུའི་རྣམ་པ་ཇི་སྐད་གསུངས་པ་ཡང་མི་སླུ་བའོ་ [172b.5]ཞེས་སྟོན་པའོ། །དོན་དམ་པ་ཞེས་པ་ནི་བསམ་གཏན་གྱི་ལས་དེ་དག་རང་བཞིན་མེད་པས་ཟིན་པ་སྟེ། དེ་ཡང་ཕྱི་མ་ལས། སྒྱུ་མ་འདྲ་བའི་དངོས་པོ་ཀུན། །ཞེས་པ་དང་། གཞན་ཡང་འདི་ཉིད་ལས་ཡང་དང་ཡང་དུ་བཤད་དོ། །དེ་ཁོ་ན་ཞེས་པ་ནི་ངེས་པར་བྱ་བ་སྟེ་དེ་ལྟར་ཡང་། བདག་ཉིད་སྡིག་པས་ [172b.6]མ་གོས་པས། །གསང་བ་ལ་སོགས་ངེས་པར་གཉེར། །ཞེའོ། །ལེའུ་དགུ་པའི་འགྲེལ་པ་རྫོགས་སོ།། །།ད་ནི་ཞི་བའི་བསྙེན་པས་དམ་པའི་མཚན་མ་མ་ཐོས་པ་ལ་དྲག་ཤུལ་གྱི་གཙོར་སྟོན་པའི་ལེའུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །འདུས་ཏེ་ཞེས་པ་ནི་མཆོད་ [172b.7]པ་བྱས་ཏེ་ཞེས་པའོ། །སྔགས་ཞེས་པ་ནི་ལྷ་རྣམས་ཏེ་དེའི་སྙིང་པོ་ཀུན་དུ་བསྡུས་པ་ནི་དྲག་ཤུལ་གྱི་ཆོ་ག་ཇི་སྙེད་པའོ། །དངོས་གྲུབ་ཆེན་པོ་ཞེས་པ་ནི་མཆོག་གི་དངོས་གྲུབ་པོ། །དེའི་ཚུལ་ནི་ཐབས་སོ། །དེའི་མཆོག་ནི་དྲག་ཤུལ་ཏེ་ཆེན་པོ་ཞེས་པ་ནི་གཙོར་གསུངས་པ་སྟེ། ཐུན་མོང་རྣམས་ཀྱི་ཚུལ་ [173a] [173a.1]གྱི་འང་མཆོག །ཅེས་ཤེས་པར་བྱའོ། །ཡང་དག་ཅེས་པ་ནི་རྒྱུ་དང་འབྲས་བུ་ཞེས་པའི་དོན་ཏེ། དེ་ནི་འོག་ནས་འབྱུང་བ་འབྲས་བུ་རྣམས་ཀྱང་ཞུས་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་གསུང་གི་ནི་ཞུ་བ་སྔོན་དུ་མ་སོང་བར་ཚུལ་མ་ཡིན་ནོ། །ཉོན་མོངས་ཀུན་གྱི་རྒྱ་མཚོ་ནི་རིགས་ [173a.2]ལྔའོ། །དེའི་གཙོ་ཞེས་སོ། །དེ་ལ་ལུས་དང་ངག་དང་སེམས་ཞེས་པ་ལ་སོགས་པས་ནི་སྒྲུབ་པ་གཙོར་གསུངས་པ་སྟེ། དེ་བཞིན་དུ་ཐབས་གཞན་ལ་དེས་མཚོན་ནས་དེ་སྒྲུབ་པའི་རྣལ་འབྱོར་བ་གལ་ཏེ་མ་གྲུབ་ན་ཞེས་མཚམས་སྦྱར་བའི་དོན་ཏོ། །རིག་པ་བྱེ་བ་ཁྲག་ཁྲིག་ཅེས་པ་ནི་ཞི་བ་ལ་སོགས་པ་ [173a.3]སེམས་ཅན་གྱི་དོན་གྱི་ཐབས་ཏེ་དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། སོ་སོར་ཞི་བ་ལ་སོགས་བསྐུལ། །ཞེས་པ་དང་། ཕྲེང་སྔགས་ལ་ཡང་རིག་པར་གསུངས། །ཞེའོ། །ཀྱང་ཞེས་པ་ནི་སྔགས་ཀྱི་སྤྱོད་པ་བསྙེན་པའི་རྣལ་འབྱོར་པ་བརྩོན་པ་ཉིད་ཀྱི་ཕྱིར་སྤྱན་རས་ཀྱིས་མི་འཚོ་བ་སྲིད་ཅེས་ལྷག་ [173a.4]མ་ཅན་གྱི་དོན་ཏོ། །རྫོགས་པར་འགྱུར་སྙམ་པ་ནི་བརྩོན་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་སྐུའི་ངོ་བོ་སྟེ་དམ་ཚིག་ནི་གྲུབ་པའོ། །དམིགས་པ་ནི་གསོལ་བར་མཛད་པ་སྟེ་དེ་ལྟར་འོག་མ་ལའང་སྦྱར་རོ། །འདི་ཉིད་ཀྱི་ཞེས་པ་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་ཞེས་སྟོན་ [173a.5]པ་སྟེ་སྡུད་པ་པོའི་ཚིག་གིས་ནི་མ་ཡིན་ནོ། །དེ་ནས་ཞེས་པ་ལ་སོགས་པ་ནི་ཡོན་ཏན་ཏེ་དེའི་དུས་ན་ཡང་དེ་ལྟར་གྱུར་ལ། རྣལ་འབྱོར་པ་འདི་ཟློས་པ་ཡང་ཡོན་ཏན་དེ་ཐོབ་པ་སྟེ། རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །ཞེས་པ་ནི་གྲུབ་པ་ལ་སོགས་པའི་དམ་ཚིག་དྲན་པའོ། །དེ་ལྟར་ཡིན་ན་གྲུབ་པའི་ [173a.6]རང་བཞིན་གྱི་སེམས་ཁོ་ནའི་བག་ཆགས་སྦྱངས་པ་ལས་བྱུང་བ་སྟེ། དེ་ལྟར་བཅོ་ལྔ་པ་ལས་ཡིད་བཞིན་གྱི་ནོར་བུའི་དཔེ་དང་བཟང་པོའི་ཞབས་ཀྱིས་ཀྱང་། སེམས་ལས་ཡང་དག་བྱང་ཆུབ་འབྱུང་། །ཞེས་པ་ལ་སོགས་པ་གསུངས་སོ། །ད་ནི་རྣལ་འབྱོར་པ་རྣམས་ཀྱི་སྦྱོར་བ་ལ་སེམས་ཅན་ཐམས་ཅད་ [173a.7]དབུགས་འབྱུང་བའི་སྦྱོར་བའི་དོན་དུ་རྡོ་རྗེ་སེམས་དཔའ་བསྐྱེད་པ་ལ་རྡོ་རྗེ་ང་རྒྱལ་མ་གཏོགས་པའི་མངོན་པར་བྱང་ཆུབ་པའི་རིམ་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དཀྱིལ་འཁོར་བཀོད་པ་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱི་ཟླ་བའོ། །དེའི་དབུས་ནས་ཞེས་པ་ནི་དབུས་ཀྱི་ཟླ་བའི་གདན་ [173b] [173b.1]ལའོ། །ཡི་གེ་ཧཱུཾ་ཞེས་པ་ཟླ་བ་གཉིས་ལས་གྱུར་པའི་ས་བོན་ནོ། །རང་གི་གཟུགས་ཞེས་པ་ནི་ས་བོན་ལས་གྱུར་པའི་རྡོ་རྗེའོ། །སངས་རྒྱས་ཀྱི་ནི་ཞེས་པ་ལ་སོགས་པ་ནི་དེ་ལས་གྱུར་པའི་སྐུའོ། །ཁ་ཅིག་ན་རེ་དེའི་དབུས་ནས་ཞེས་པ་ནི་ཟླ་བ་གཉིས། ཡང་གང་ས་བོན་བར་ན་གནས། །ཞེས་སྨྲ་བའོ། ། [173b.2]དེའི་དོན་དང་ང་རྒྱལ་དང་བཅས་པ་ཡང་བཟང་པོ་ཞབས་ཀྱིས། རང་གི་མཚན་དང་ལྡན་པ་ཡི། །ཞེས་པ་ནས། འོད་འཕྲོ་འབར་བ་བསྒོམ་པར་བྱ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་ཕྱེད་དང་ལྔ་གསུངས་སོ། །ད་ནི་རྒྱལ་བ་མཆོག་གི་ལྷ་རྣམས་བསྐྱེད་པའི་ས་བོན་གསུངས་པ། རང་གི་དཀྱིལ་འཁོར་ [173b.3]ཞེས་པ་ལ་སོགས་པ་སྟེ་དཔེར་ན། ཕག་མོ་ཅིག་གི་མངལ་དུ་ས་བོན་ཅིག་ལས་ཕྲུ་གུ་མང་པོར་འགྱུར་བ་ལྟར། རང་གི་ཡི་གེ་ཁོ་ན་ལས་ཐམས་ཅད་སྐྱེད་པ་སྟེ་དེ་ནི་སྙིང་པོ་བསྡུས་པ་ཡིན་ནོ། །དེ་ཡང་བཟང་པོ་ཞབས་ཀྱིས། སྙིང་ཟླའི་རལ་གྲི་སྙིང་འོད་ཀྱིས། །ཞེས་པ་ལ་སོགས་པ་གསུངས་པ་ལས་ [173b.4]ཤེས་པར་བྱའོ། །ད་ནི་དྲག་ཤུལ་གྱི་སྙིང་པོ་དང་འབྲེལ་པ་གསུངས་པ། རང་སྔགས་སྐྱེས་བུ་ཞེས་པ་ལ་སོགས་པའོ། །གནས་བཞི་ཞེས་པ་ནི་སྙིང་ག་ལ་སོགས་པ་སྟེ། དེས་ནི་སངས་རྒྱས་དགུག་པ་སྤྲོ་བའི་དོན་དུ་ཕྱག་རྒྱ་བཞི་གསུངས་པ་ཡིན་ནོ། །ཕྱག་རྒྱ་དེའི་ཐུགས་ཀ་ཡང་ཡི་གེ་དང་བཅས་ [173b.5]པའི་མཚན་མ་བསྐྱེད་པའི་དོན་དུ་ས་བོན་གསུངས་པ། སྙིང་གའི་ཞེས་པ་ལ་སོགས་པ་སྟེ་ཕྲ་མོའི་ཟླ་བ་དང་ཉི་མ་བསམས་ཏེ་དེ་ལ་ཡི་གེ་དགོད། དེ་ལས་མཚན་མ་རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ལ་སོགས་པའོ། །དེའི་ས་བོན་ལས་འཕྲོ་བའི་ཀྱོ་བ་གསུངས་པ། རྡོ་རྗེ་ཀྱོ་བ་ཞེས་པ་ལ་སོགས་པ་སྟེ་ [173b.6]ཁྱད་པར་ཞེས་པ་ནི་འཁོར་ལོ་ལ་སོགས་པའི་ཀྱོ་བ་སྟེ་དེ་ཡང་བཅུ་བཞི་པ་ལས། འཁོར་ལོ་རྡོ་རྗེ་པདྨོ་ཆེ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །ཞེས་སོ། །རྡོ་རྗེ་གསུམ་རྣམས་ཞེས་པ་ནི་སངས་རྒྱས་དགུག་པ་ལ་ནི་རྡོ་རྗེ་གསུམ་པོ་ལ་གཟུགས་གཉིས་སྤྲོ་བའི་དོན་ཏེ། འོག་ནས་ཤེས་པར་བྱའོ། ། [173b.7]ཧཱུཾ་ལ་སོགས་པའི་དབུས་ཀྱི་ཡི་གེ་སྟེ་དེས་གོང་དུ་བཤད་པའི་སྙིང་པོ་ལྔ་པོ་དག་བསྐུལ་བའོ། །ཛཿཞེས་པ་ནི་ཨངྐུ་ཤ་ཛཿཞེས་ཀྱོ་བས་དྲང་བའོ། །ཕཊ་ཅེས་པ་ནི་དྲག་ཏུ་བསྐུལ་བའམ། ཁ་ཅིག་ན་རེ་ཕུར་པ་གདབ་པ་ལ་མིང་དང་མཱ་ར་ཡ་ཕཊ་ཅེས་གདབ་པ་ཡིན་ནོ་ཞེས་ཟེར་རོ། །རྡོ་རྗེ་རིགས་ཀྱི་གསུངས་ནས། [174a] [174a.1]འཁོར་ལོའི་རིགས་ལ་སོགས་པ་གསུངས་པ་འཁོར་ལོ་པདྨ་ཞེས་པ་ལ་སོགས་པའོ། །མཆོག་སྩོལ་བ་དག་རྣམ་པར་གཟིགས། །ཞེས་པ་ནི་སྤྱན་རས་ཀྱིས་འཚོ་ཞེས་པའི་དོན་ཏོ། །དེ་མ་ཐག་དངོས་གྲུབ་སྩོལ་བ་གསུངས་པ། ཡིད་འཇིགས་ཤིང་ཞས་པ་ལ་སོགས་པའོ། ། [174a.2]འགལ་བར་བྱས་ཞེས་པ་སྒྲུབ་པ་པོ་དེས་བསྐུལ་བའི་སེམས་མ་ཡིན་པར་ཞེ་སྡང་ཁོ་ནས། སངས་རྒྱས་ལ་དྲག་ཤུལ་བྱས་པས་འཚང་། དེ་ནས་ཞེས་པ་ལ་སོགས་པ་གསུངས་པའོ། །དེ་ལ་སྔགས་ཀྱིས་བསྐྱེད་པའི་སྐྱེས་བུ་ནི་སྔགས་ཀྱི་སྐྱེས་བུ་སྟེ་སྔགས་ཀྱི་སེམས་དཔའ་མ་ཡིན་པའི་དོན་ཏོ། །དེ་ནི་དང་ [174a.3]པོའི་ལས་ཅན་ནོ། །དེ་བཞིན་ནི་གཞན་དག་པའི་དོན་ཏོ། །ད་ནི་དང་པོའི་ལས་ཅན་ལ་སོགས་པ་དང་། རིག་པའི་བརྟུལ་ཞུགས་ལ་གཏོགས་པའི་དམ་ཚིག་དང་། དམ་ཚིག་གི་དཀྱིལ་འཁོར་ལ་སོགས་པ་གསུངས་པ་ནི་སྔགས་ཀྱི་སེམས་དཔའ་ཞེས་ཏེ། ཇི་སྙེད་པ་ཞེས་པ་ནི་རྣལ་འབྱོར་པ་ཐམས་ [174a.4]ཅད་དོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། །ཞེས་པ་ནི་སྒྲུབ་པ་སྟེ་ལུས་ཀྱི་ལྷའི་མཆོག་ཡིན་ཏེ་གཙོར་སྨོས་ཀྱི་ཡན་ལག་ལྷག་མ་ཡང་སྦྱར་རོ། །དངོས་པོ་ཐམས་ཅད་བརྟག་པར་ཞེས་པ་ནི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཏེ་དེ་བརྟག་ཅེས་སོ། །དེ་ཡང་གཡོ་བ་དང་མི་གཡོ་བ་ཀུན་གྱི་རྣམ་པ་གཉིས་ [174a.5]སུ་མེད་པས་དངོས་པོ་ཐམས་ཅད་ཅེས་ཏེ། དེ་ནི་དམ་ཚིག་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་སྨྲ་བ་ནི་མ་ཡིན་ནོ། །དེའི་ཐབས་དང་ཤེས་རབ་ཀྱི་དཀྱིལ་འཁོར་ནི་རིག་མ་དབང་ཕྱུག་ཅེས་པ་ལ་སོགས་པ་སྟེ། དེའི་དོན་ནི་ཧཱུཾ་གིས་རྡོ་རྗེ་བསྐྱེད་པ་ལ་སོགས་པ་ཐམས་ཅད་རྫོགས་པར་བྱས་ཏེ་ཤེས་རབ་ལ་ [174a.6]ཆགས་པའི་སེམས་ཀྱིས་བལྟའོ་ཞེས་པ་འདི་ཡིན་ནོ། །དེའི་བུད་མེད་གསུངས་པ། འཇིག་རྟེན་ཞེས་པ་ལ་སོགས་པ་སྟེ། བཅུ་དྲུག་པ་ལས། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ཞེས་པ་ལ་སོགས་པ་ལ་གསུངས་པ། དེར་སྤྲོ་བྱ་ཞེས་པ་ནི་སྤྲོ་བ་དང་བསྡུ་བ་དག་གིས་རིགས་ལྔར་བྱིན་གྱིས་བརླབ་པོ་ཞེའོ། ། [174a.7]དེའི་ཡོན་ཏན་གསུངས་པ་རྡོ་རྗེ་གསུམ་པོ་ཞེས་ཏེ་དེ་ནི་སྐུ་གསུམ་ཡིན་ནོ། །བྱང་ཆུབ་སེམས་ཞེས་པ་ནི་བདེ་བ་ཆེན་པོ་ཡིན་ནོ། །རྡོ་རྗེ་སེམས་དཔའི་ཚེ་ཞེས་པ་ནི་མི་འགྱུར་བའི་ཚེ་དེས་འཐོབ་ཅེའོ། །འདིའི་ཆོ་ག་ཞིབ་ཏུ་ནི་དྲུག་ཅུ་པས་བསྟན་ཏོ། །ལེའུ་བཅུ་པའི་འགྲེལ་པ་རྫོགས་སོ།། །། [174b] [174b.1]ད་ནི་དངོས་གྲུབ་ཀྱི་ཞིང་ཞེས་པ་སྦྱོར་བ་རྣམས་ཀྱི་གནས་གཙོར་བསྟན་པའི་ལེའུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དྲུག་པ་ལས་ཐབས་ཀྱི་ཐབས་ཞེས་པ་དེའི་ས་བོན་དང་ངོ་བོ་གསལ་བར་གསུངས་པ། རྡོ་རྗེ་གསུམ་མཆོག་ཅེས་པ་ལ་སོགས་པ་སྟེ། ལུས་ཀྱི་ལྷའི་མཆོག་ཡིན་ན་རྡོ་རྗེ་གསུམ་མཆོག་ [174b.2]ཅེའོ། །བྱང་ཆུབ་ཐོབ་པའི་ཐབས་ཡིན་པས་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་ཆེན་པོ་དེ་ནི་ཐབས་སུ་ཞེས་བྱའོ། །ཡི་གེའི་སྔགས་དེ་ཉིད་གསུངས་པ། ཨོཾ་གྱིས་སྐུ་རྡོ་རྗེ་བསྐྱེད་དེ། དེ་བཞིན་དུ་འོག་མར་ཡང་སྦྱར་བར་བྱའོ། །ད་ནི་བཞིའི་ཏིང་ངེ་འཛིན་ལ་གཏོགས་པ་རྡོ་རྗེ་རྒྱ་གྲམ་ལ་གནས་པའི་ཕོ་བྲང་གི་ས་བོན་ [174b.3]གསུངས་པ་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་ཀུན་ཞེས་པ་ནི་རྩེ་མོ་གསུམ་པའི་རྒྱ་གྲམ་མོ། །དེ་ལས་སྐྱེས་པའི་ཕོ་བྲང་གི་ས་བོན་ནི་བྷྲཱུཾ་སྟེ། རྡོ་རྗེ་སྤྲིན་ནི་ཀུན་བསྐྱེད་པ། །ཞེས་པ་ནི་རྡོ་རྗེ་རྒྱ་གྲམ་ཁོ་ན་ཡིན་ནོ། །རྡོ་རྗེ་དཀྱིལ་འཁོར་ཞེས་པ་ལ་སོགས་པས་ནི་གོང་དུ་གསུངས་པའི་རྡོ་རྗེ་གསུམ་གྱི་ [174b.4]ས་བོན་དེའི་གནས་གསུངས་པ་སྟེ། རྡོ་རྗེ་དཀྱིལ་འཁོར་ཞེས་པ་ནི་ཀླད་པ་ལ་གནས་པའི་ཨོཾ་གྱིས་བསྙེན་པའི་འཁོར་ལོ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེའི་ལྟེ་བའི་ཟླ་བ་ལ་གནས་པའི་ཨོཾ་གྱི་རིམ་པས་སྐུའི་རྡོ་རྗེ་བསྐྱེད་པ་སྟེ་དེ་བཞིན་འོག་མར་ཡང་སྦྱར་རོ། །གསལ་བ་ཞེས་པ་ནི་པདྨ་སྟེ་དྲི་མ་མེད་པའི་ཕྱིར་རོ། །ཆོས་ [174b.5]ཞེས་པ་ནི་རྡོ་རྗེ་སྟེ་དེ་ཁོ་ན་རིག་པའི་ཆོས་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཟླ་བ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསལ་ཆོས་འཁོར་ལོ་ཡི། །གནས་དེ་ལ་ནི་བརྟག་བྱས་ནས། །ཞེས་སོ། །ད་ནི་ལེའུ་དང་པོར་ཞུས་པ་ལས། བསྙེན་པ་དང་པོ་ཉིད་ཀྱི་ངོ་བོ་ལ་གཏོགས་པའི་ལྷ་མོ་བཞིས་ [174b.6]བསྐོར་བ་དང་། བསྐུལ་བ་ལ་སོགས་པ་མ་ཡིན་པའི་ཡི་གེ་དང་། བདུད་རྩིའི་རིམ་པ་གསུངས་པ། ཡི་གེ་བྷྲཱུཾ་གྱིས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་གསུམ་འབྱུང་ཞེས་པ་ནི་ཡི་གེ་གསུམ་ཧོ་དང་བཅས་པ་དང་། དེ་ལས་བྱུང་བའི་དམ་ཚིག་བསྒོམ། །ཞེས་པའི་དོན་ཏོ། །དེ་ཁོ་ན་གསུངས་པ་སྙིང་པོ་ [174b.7]དུས་གསུམ་ཞེས་པ་ལ་སོགས་པའོ། །མཉེས་བྱེད་ཅེས་པ་ནི་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་ལས་གྱུར་པར་པདྨའི་ནང་ན་གནས་པ་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཧོ་གཉིས་གསུངས་སོ། །སྐུ་གསུང་ཐུགས་ནི་དེའི་བར་ན་གནས་པའི་ཨོཾ་ལ་སོགས་པ་སྟེ། ཨོཾ་ནི་སངས་རྒྱས་སྐུ་ཡི་མཆོག །ཅེས་ [175a] [175a.1]པ་ལ་སོགས་པའོ། །སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་། །ཞེས་པ་ནི་དེས་རྡོ་རྗེ་འཆང་ཆེན་པོ་འམ་མི་བསྐྱོད་པ་ལ་སོགས་པའི་རིག་པའི་ལྷ་བསྐྱེད་དོ་ཞེས་པའི་དོན་ཏོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་པ་ནི་དེ་ཞུ་བ་ལས་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩི་སྟེ་དེ་ཁོ་ན་ [175a.2]དམ་ཚིག་གོ། །རྫོགས་པར་འགྱུར་ཞེས་པ་ནི་དེ་ལ་བསྐུལ་བ་ལ་སོགས་པའི་རིམ་པས་སྐུ་ཡོངས་སུ་རྫོགས་པར་འགྱུར་ཞིའོ། །ཡང་བཟང་པོ་ཞབས་ཀྱིས། ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་སེམས་དཔར་ཧོ་ཞེས་པ་ནས། སྐུ་གཉིས་ཞུ་བར་བྱས་པ་ལ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ [175a.3]གསུངས་སོ། །ད་ནི་ཐུན་མོང་གི་སྒྲུབ་པའི་ཆོ་ག་དག་ལས་བསམ་གཏན་ལ་བརྟེན་པ་གསུངས་པ། དབེན་ཞིང་ཞེས་པ་ལ་སོགས་པ་སྟེ་ཉམས་དགའ་བ་ཞེས་པ་ནི་མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པ་སྟེ། རིགས་བསྒྲུབ་པ་ལ་བསྔགས་པའི་ཕྱིར་རོ། །རང་གི་སྔགས་ཀྱི་དམ་ཚིག་ཅེས་པ་ནི་རྟག་པའི་ [175a.4]དམ་ཚིག་སེམས་དཔའོ། །ཡི་གེ་ཨོཾ་ནི་སྙིང་གར་གཞག །ཅེས་པ་ནི་ཡེ་ཤེས་སེམས་དཔའི་མཚན་མ་ལ་བྷྲཱུཾ་གསལ་ཏེ་ཨོཾ་ཁོ་ན་གཞག་ཅེས་པའི་དོན་ཏོ། །འོད་ཟེར་ལྔ་ཡི་སྤྲིན་ཆེན་པོ། །ཞེས་པ་ནི་ཡེ་ཤེས་སེམས་དཔའ་སྟེ་རྣམ་པར་སྣང་མཛད་ཀྱི་ངོ་བོའོ། །ཨོཾ་ཡང་ཁ་དོག་ལྔ་པ་ཡིན་ནོ། །རྡོ་རྗེའི་སྐུ་ཞེས་ [175a.5]པ་ནི་རྣམ་པར་དག་པའི་སྐུ་ནི་མ་ཡིན་གྱི་མདོག་ལ་སོགས་པ་འདྲ་བའོ། །ཡེ་ཤེས་ལྔ་ལྡན་ཞེས་པ་ནི་དེའི་རིག་མ་སྟེ། ཡེ་ཤེས་ལྔས་བྱིན་གྱིས་བརླབས་པའི་ཕྱིར་རོ། །ཆོ་ག་འདི་རྣམས་ནི་འོག་ཏུ་ཡང་ཤེས་པར་བྱ་སྟེ། འདི་རྣམས་ཀྱི་ཐུན་མོང་གི་ཆོ་ག་ལེའུ་བཅུ་གཉིས་པར་བཤད་པར་བྱ་སྟེ་དེ་ཁོ་ན་སྐབས་ཡིན་པའི་ [175a.6]ཕྱིར་རོ། །དམ་ཚིག་ཡེ་ཤེས་པ་ལ་དམ་ཚིག་ཅེས་པ་ནི་དམ་ཚིག་གི་ཕྱག་རྒྱ་ཡེ་ཤེས་ཞེས་པ་ནི་ཡེ་ཤེས་སེམས་དཔའ་སྟེ། དེའི་ཐུགས་ཀར་ཡང་ཨོཾ་སྟེ་ཚིག་གི་དམ་ཚིག་ནི་ཨོཾ་ཡིན་ནོ། །ཚིག་གི་ལམ་གནས་ཞེས་པ་ནི་ངག་གི་ལམ་ལ་གནས་པ་ཉིད་དོ། །ད་ནི་ཆོས་ཀྱི་དབྱིངས་ལ་གནས་པའི་པདྨ་དང་རྡོ་རྗེ་རྒྱ་གྲམ་ [175a.7]གསུངས་པ་རྡོ་རྗེ་ཀུན་དང་ཞེས་ཏེ་རྡོ་རྗེ་ཀུན་ནི་རྒྱ་གྲམ་མོ། །རྒྱལ་བའི་གནས་ནི་པདྨ་སྟེ་རྣམ་པར་དག་པའི་གནས་ཡིན་ནོ། །འདིར་གང་གཙོ་བོ་གསུམ་གྱི་རིག་འཛིན་གསུངས་པ་ལྟར་རང་རང་གི་ཡི་གེས་ཀུན་ལ་སྦྱར་བར་བྱ་སྟེ་འདིར་ནི་གཙོར་གསུངས་པ་ཡིན་ནོ། །དེ་བཞིན་དུ་འོག་མ་ཀུན་ལ་ཡང་སྦྱར་རོ། །མི་སྣང་བསྒྲུབ་པ་ [175b] [175b.1]པ་ལས་དུམ་བུར་བཅད་དེ་དེའི་བདག་པོ་ཉིད་ཀྱི་སྒྲུབ་པ་གསུངས་པ། ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི། །ཞེས་པ་ལ་སོགས་པའོ། །ཡེ་ཤེས་དཀྱིལ་འཁོར་ནི་རྟག་པའི་ཕོ་བྲང་ངོ་། །རྡོ་རྗེ་ཆེན་པོ་ནི་ནམ་མཁའི་སྙིང་པོ་སྟེ་མི་སྣང་བའི་ཡེ་ཤེས་ཀྱི་རྡོ་རྗེ་དེའི་བདག་པོ་ཡིན་པས་ཆེན་པོའོ། །ལུས་རྣམས་ཀུན་ལ་ཞེས་ [175b.2]པ་ནི་གནས་བཞི་ལ་རང་གི་མཚན་མ་ཁཾ་བསམ་མོ། །མཁའ་འདྲ་ཞེས་པ་ནི་མི་སྣང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་འཛིན་གསུངས་པ་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། འོད་ཟེར་ཞེས་པ་ནི་ཡེ་ཤེས་སེམས་དཔའ་ཁ་དོག་ལྔ་པ་ཞེས་པའི་དོན་ཏོ། །བསམ་གཏན་དེ་ཁོ་ན་ལོངས་སྤྱོད་ཡིན་ནོ། །དེ་ [175b.3]བཞིན་དུ་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་ལོངས་སྤྱོད་རྗེས་སུ་དཔག་གོ། །འོད་ཟེར་འབར་བའི་ཡི་གེ་ཐྷིཾ་ཞེས་པ་ནི། མངོན་པར་ཤེས་པའི་ས་བོན་དུ་གསུངས་ཏེ། ལྷ་གང་ཡང་རུང་བའི་སྦྱོར་བ་ཅན་གྱིས་རང་དང་འདྲ་བའི་སྐུའི་རྡུལ་ཕྲ་རབ་ལས་གྲུབ་པའི་ལུས་ལ་བསམ་ཞེས་ཏེ། ངག་ལ་ཞེས་བྱ་བ་ [175b.4]ནི་དེ་ཁོ་ན་རང་གི་གནས་ལྔ་ལ་གཞག་པར་བྱས་པ་སྟེ་ཆོ་ག་ནི་འོག་ནས་བཤད་དོ། །སངས་རྒྱས་མངོན་ཤེས་དམ་ཚིག་མཆོག། །ཅེས་པ་ནི་དེའི་བསམ་གཏན་དེ་ཁོ་ན་དམ་ཚིག་སྟེ་དེས་སངས་རྒྱས་ཀྱི་མངོན་པར་ཤེས་པ་དང་མཚུངས་པར་འགྱུར་ཞེས་བསྔགས་པའོ། །ཡང་རིག་འཛིན་གྱི་ཁྱད་པར་གསུངས་པ། [175b.5]ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་འམ་མི་བསྐྱོད་པའོ། །རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཨོཾ་སྐུ་གསུང་ཐུགས་རྡོ་རྗེ་མཚན་མ་ལ་རང་གི་ཡི་གེ་གསལ་ནས་དགོད་པར་བྱའོ། །དེ་བཞིན་དུ་འོག་མ་ཀུན་ལ་ཡང་སྦྱར་ [175b.6]རོ། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །ཞེས་པ་ནི་གོང་མའི་བསམ་གཏན་དེས་ཞེས་པའི་དོན་ཏོ། །ཡེ་ཤེས་གསང་བར་ཞེས་པ་ནི་སྟོང་པ་ཉིད་ལ་སོགས་པ་བཞིའོ། །འདིར་བརྟག་པ་ཐ་མར་བྱུང་བ་ནི་དེའི་གཞི་ཡིན་པའི་ཕྱིར་རོ། །འདིར་ཡང་ལྷ་ཐམས་ཅད་ལ་ཨོཾ་སྦྱར་རོ། །ད་ནི་དངོས་གྲུབ་ཀྱི་ཞིང་ཉིད་ [175b.7]གསུངས་པ་ཤིན་ཏུ་དབེན་པའི་ཞེས་པ་ལ་སོགས་པ་སྟེ་ཤིན་ཏུ་དབེན་པའི་རི་ཕུག་ནི་མི་སྣང་བའི་གནས་ཡིན་ནོ། །རྣམ་པ་སྣ་ཚོགས་ཞེས་པ་ནི་མེ་ཏོག་ལ་སོགས་པ་ཅན་ནི་རིག་འཛིན་གྱི་ཡིན་ནོ། །རླུང་དང་འབབ་ཆུ་ནི་རྒྱ་མཚོ་རྐང་པས་བཅགས་པ་ཡིན་ནོ། །དུར་ཁྲོད་ནི་མངོན་སྤྱོད་ཀྱི་ཡིན་ནོ། །སོགས་ཞེས་ [176a] [176a.1]པ་ནི་དགུག་པ་ལ་ནི་ལམ་གྱི་གཞི་མདོ་ལ་སོགས་པའོ། །མངོན་ཤེས་ལ་ནི་དྲང་སྲོང་གི་གནས་ལ་སོགས་པ་ཡིན་ནོ། །བསྙེན་པའི་དུས་སུ་ནི་ཞི་བའི་གནས་དེ་ཐམས་ཅད་ཡིན་ཏེ་བརྒྱད་པ་ལས། ཞི་བའི་གནས་རྣམས་སུ་ཞེས་བསྟན་ཏོ། །འདི་རྣམས་ནི་ཉེ་བར་ [176a.2]བརྟགས་པ་སྟེ་ཐམས་ཅད་དུ་མ་ངེས་པའི་ཕྱིར་རེ་རེ་ལ་ཡང་གནས་ཀྱི་ཁྱད་པར་མང་པོ་སྨྲ་བ་ཡིན་ནོ། །བསམ་གཏན་བསྡུས་པ་ཞེས་བྱ་བས་ནི་དངོས་གྲུབ་ཐམས་ཅད་ཡིན་ནོ། །མངོན་པར་ཤེས་པ་རྫོགས་པ་གསུངས་པ། མི་བསྐྱོད་ཡེ་ཤེས་དག་ལ་སོགས། །ཞེས་པ་ལ་སོགས་པ་སྟེ་སངས་རྒྱས་མཆོག་ཅེས་ [176a.3]པ་ནི་ཞབས་ཀྱིས་བཅགས་པ་དང་། དྲང་སྲོང་མཆོག་རྣམས་ཀྱི་གནས་སུ་མངོན་པར་ཤེས་པ་སྦྱར་བ་སྟེ། རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །ཞེས་པ་ལ་སོགས་པའི་དོན་ནི་རྡོ་རྗེ་སེམས་དཔའི་སྦྱོར་བས་མིག་དང་རྣ་བ་དང་དཔྲལ་བ་དང་སྙིང་ག་དང་ལྟེ་བ་དག་ལ་རང་གི་ས་བོན་ལས་བསྐྱེད་པའི་རྡོ་རྗེ་ལྔ། དེའི་ལྟེ་བ་ལ་ [176a.4]ཐྷིཾ་ལྔ་སྦྱར་བས་དེ་ལྟར་འགྱུར་ཏེ་ཞེས་པ་ཡིན་ནོ། །འཁོར་ལོ་ལ་སོགས་པ་ཡང་དེ་བཞིན་སྦྱར་རོ། །ད་ནི་བཞིའི་ཏིང་ངེ་འཛིན་ལ་གོང་དུ་བཤད་པའི་བྷྲཱུཾ་ལས་གྱུར་པའི་འཁོར་ལོ་དང་། དེ་ལས་གྱུར་པའི་རྟག་པའི་སྐུ་གསུངས་པ། རྡོ་རྗེ་ནམ་མཁའ་ཞེས་པ་ལ་སོགས་པ་སྟེ་སངས་རྒྱས་འདུག་པ་ཞེས་ [176a.5]པ་ནི་སྤྲོ་བ་དང་བསྡུ་བས་སོ། །སངས་རྒྱས་མཆོག་དང་འདྲ་ཞེས་པ་ནི་རྟག་པའི་སྐུ་དེ་ཁོ་ནའོ། །ད་ནི་ལས་ཀྱི་མཆོག་གི་སྦྱོར་བ་ལ་ཐིག་ལེའི་སྦྱོར་བ་གསུངས་པ་སངས་རྒྱས་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྟེ། བདག་གི་ལུས་ལ་སྣང་མཛད་གཞག །ཅེས་པ་ནི་ཡེ་ཤེས་སེམས་དཔའོ། །ཨོཾ་ [176a.6]ཞེས་པ་ནི་འདོད་པས་ཨོཾ་ཉིད་དང་བྷྲཱུཾ་མོ། །སྔགས་ཀྱི་རྣམ་པ་ཤེས་པས་བསྒོམ་སྟེ་དེ་ཁོ་ན་འགོག་པས་རྡོ་རྗེ་ཞེས་ཏེ་འགོག་པ་ནི་དབུགས་འགོག་པའོ། །རྡོ་རྗེ་ནི་ཐིག་ལེའི་ལྷ་རྣམས་སོ། །དེ་ཁོ་ན་སྤྲོ་བ་དང་བསྡུ་བ་སྟེ་རང་གི་སེམས་ཉིད་དང་གཉིས་སུ་མེད་པར་བསྒོམས་ཏེ་འོག་མར་ཡང་དེ་བཞིན་སྦྱར་རོ། ། [176a.7]ཨོཾ་ཞེས་པ་དང་ཛྲྀཾ་ངམ་ཨཾ་ཉིད་ཡིན་ནོ། །འདི་དང་བཟླས་པ་དག་ནི་སྦྱོར་བའི་ཆ་ཞེས་བྱ་སྟེ་བཟང་པོ་ཞབས་ཀྱིས་གསུངས་པ། ཡེ་ཤེས་སེམས་དཔའི་སྙིང་པོ་ཡི། །ཐིག་ལེ་རང་སེམས་འོད་དགོད་དོ། །སྔགས་ཀྱི་རྣམ་ཤེས་བསྒོམ་པ་ནི། །སྦྱང་བའི་ཆ་ཞེས་བྱ་བར་བཤད། །བྱིང་བའི་སེམས་ལས་སློང་ [176b] [176b.1]བ་ཡི། །དེ་བཞིན་བཟླས་པའི་ངོ་བོ་ཡང་། །ཞེའོ། །འདིར་གཙོ་བོ་གསུམ་ལ་སྦྱར་བ་ལྟར་ཀུན་ལ་སྦྱར་རོ། །དེའི་ཆོ་ག་ཡང་བཟང་པོ་ཞབས་ཀྱིས། སྙིང་འོད་སྤྲུལ་པའི་འགོག་པའི་ས། །ཞེས་པ་ནས། འགྲོ་བའི་དོན་དུ་གང་ཡང་སྤྲོ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་བཞི་གསུངས་སོ། ། [176b.2]ཡང་རིག་འཛིན་གསུངས་པ། རྡོ་རྗེ་ནམ་མཁའི་ཞེས་པ་ལ་སོགས་པའོ། །ལུས་ངག་སེམས་ལ་ཞེས་པ་ནི་རྡོ་རྗེ་གསུམ་གྱི་གཡས་སུ་འམ་ཡང་ན་དེའི་ཐུགས་ཀའི་གཡས་སུ་སྟེ། དེའི་ཐུགས་ཀ་ཉིད་ནི་མ་ཡིན་ཏེ་གོང་དུ་བཤད་པའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཞེས་པ་ནི་འདས་མ་ཐག་ [176b.3]པའི་ཡོན་ཏན་ནོ། །ལེའུ་བཅུ་གཅིག་པའི་འགྲེལ་པ་རྫོགས་སོ།། །།ད་ནི་འབྲས་བུའི་ངོ་བོ་ལས་ཐུན་མོང་གི་སྒྲུབ་པ་རྣམས་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །སྐྱེད་པ་ཞེས་པའི་རྒྱུའི་རྣམ་པ་ཡིན་པའི་ཕྱིར་རོ། །མཁའ་དང་མཚུངས་པ་ཉམས་འགྱུར་བ། །ཞེས་པ་ནས། རོལ་མོ་འདི་དག་ [176b.4]རབ་ཏུ་བསྒོམ། །ཞེས་པའི་བར་དུ་ནམ་མཁའ་ལྟ་བུའི་ངོ་བོ་དག་ལས་ཐུན་མོང་གི་སྒྲུབ་པ་དང་བསྒོམ་མོ་ཞེས་སྤྱིར་གསུངས་པ་ཡིན་ནོ། །དེ་དག་ཀྱང་གང་དག་ཡིན་ཞེ་ན་རིག་འཛིན་དང་། མི་སྣང་བ་དང་། མངོན་པར་ཤེས་པ་དང་། ལས་ཀྱི་ཁྱད་པར་དང་། རྒྱ་མཚོ་རྐང་པས་བཅགས་པ་དང་། སྔགས་ཀྱི་ཁྱད་ [176b.5]པར་རྣམས་ཀྱི་སྒྲུབ་པ་དང་། མངག་པ་དང་། མིག་རྣོན་ཏེ་བརྒྱད་པོ་དེ་དག་གི་ཐུན་མོང་གི་སྒྲུབ་པ་ཡིན་ཏེ། དེ་ལྟར་ཡང་། ཐུན་མོང་སྒྲུབ་པ་བརྒྱད་དང་ནི། །མཆོག་གི་སངས་རྒྱས་དངོས་པོ་ཡིན། །ཞེས་སོ། །དེ་དག་གི་ཁྱད་པར་གྱི་དབྱེ་བ་ནི་རང་རང་གི་སྐབས་སུ་དབྱེའོ། །དེ་ལ་འདི་རྣམས་ཀྱི་ཐུན་མོང་གི་ [176b.6]ཆོ་ག་ནི་ཐོག་མར་བསྙེན་པ་དང་སྒྲུབ་པ་དག་གིས་རྣལ་འབྱོར་བཞིའི་རིམ་པས་གྲུབ་པ་དམ་པའི་མཚན་མ་ཐོབ་ནས། རང་གི་སྔགས་ལ་དེ་ཁོ་ན་གསུམ་གྱི་མཆོད་པ་འབུམ་བྱས་ནས། རང་དང་མཐུན་པའི་གནས་སུ་ལྷ་རྣམས་ཀྱི་གནས་ནས་ལྷ་རེ་རེ་འམ་ཚང་བ་གང་ལ་ཇི་ལྟར་རིགས་པས་ཉེ་བའི་སྒྲུབ་པ་ [176b.7]ལ་སོགས་པ་བྱས་ཏེ་དེ་ལ་མ་གཏོགས་པར་ཇི་སྐད་བཤད་པའི་ཆོ་ག་དག་གིས་བསྒྲུབ་པར་བྱ་བ་འདི་ཡིན་ནོ། །དེ་ལྟར་བཟང་པོ་ཞབས་ཀྱིས། ཡང་ན་གྲུབ་པའི་མཚན་མ་ནི། །ཞེས་པ་ལ་སོགས་པ་དང་། དོན་བསྡུས་པའི་ཚིགས་བཅད་གསུངས་པ་ལས་ཤེས་པར་བྱའོ། །ད་ནི་དེ་རྣམས་ཀྱི་ [177a] [177a.1]ཆོ་ག་བཤད་པ་གསུངས་པ་དགོན་པ་ཆེན་པོ་ཞེས་པ་ལ་སོགས་པ་སྟེ་མི་སྣང་བའི་གནས་ཡིན་ནོ། །འོག་མ་ནི་རིག་འཛིན་གྱི་ཡིན་ནོ། །ལུས་དང་ངག་སེམས་རྡོ་རྗེ་ལ། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ་རྐྱེན་ནོ། །རྡོ་རྗེ་འཇམ་པ་ཞེས་པ་ནི་དེ་ཞུ་བས་མུཾ་ལས་བསྐྱེད་པའི་འཇམ་ [177a.2]དཔལ་ཡེ་ཤེས་ཀྱི་མཛོད་བསྒོམ་པ་སྟེ། རྐྱེན་དེ་ནི་གཞན་འདིར་སྒྱུར་ན་དགོས་ཀྱི་རང་ལ་ནི་མ་ཡིན་ཏེ་འོག་ནས་སྟོན་ཏོ། །དེ་ནས་རང་གི་སྔགས་ཀྱིས་བསྐྱེད་པའི་རལ་གྲི་ལ་གནས་བཞིར་ཁཾ་བསྒོམ་པར་བྱའོ། །སྤྲོ་བ་ལ་སོགས་པ་ནི་རང་གི་ས་བོན་ཁོ་ན་ལས་བྱའོ་ཞེས་ཏེ་དེ་ཡན་ཆད་དུ་བསམ་གཏན་ལས་ [177a.3]བྱུང་བའི་རིག་འཛིན་དང་། མངོན་པར་ཤེས་པ་དང་མི་སྣང་བ་རྫོགས་སོ། །རྫས་ལ་བརྟེན་པའི་མི་སྣང་བ་གསུངས་པ། རྡོ་རྗེ་མི་ཕྱེད་གསུམ་ལས་བྱུང་། །ཞེས་པ་ལ་སོགས་པའོ། །རྣལ་འབྱོར་པ་དེ་ཁོ་ན་ལས་བྱུང་བའི་བཤང་གཅིའི་རི་ལུ་གསེར་དང་དངུལ་དང་གསུམ་གྱིས་ལྡན་པར་བྱ་སྟེ་གསང་ [177a.4]བར་བཅུག་ནས་རང་གི་སྔགས་ཀྱིས་བསྐྱེད་པའི་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་དེར་བསྒོམ་པ་ན་ཞེས་ཏེ། འདིར་མ་སྨོས་པ་ནི་འོག་ཏུ་ཤེས་པར་བྱའོ། །ཡང་རྫས་ལ་བརྟེན་པའི་རིག་འཛིན་གསུངས་པ། འཁོར་ལོ་འོད་འཕྲོ་ཞེས་པ་ལ་སོགས་པ་སྟེ། རྟག་པའི་སྦྱོར་བ་ཅན་གྱིས་རང་གི་མཚན་མ་ [177a.5]རང་གི་སྔགས་ལས་བྱུང་བའི་སངས་རྒྱས་ཀུན་གྱི་གནས་སུ་བསྒོམས་ནས་ཞེས་ཏེ་དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །རི་རབ་སུམ་ཅུ་དྲུག་ཅེས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་སྟེ་སུམ་ཅུ་ཞེས་པ་ནི་སྟོང་གསུམ་མོ། །རྩ་དྲུག་ནི་དེའི་ཕྱོགས་དྲུག་གི་ངོ་བོ་ཞེས་ཏེ། དེའི་ཕྱིར་དོན་ཡོད་གྲུབ་པ་ [177a.6]ལ། སྟོང་གསུམ་ན་ནི་མཆོག་ཏུ་དཔའ། །ཞེས་སྨོས་པ་ཡིན་ནོ། །ཡེ་ཤེས་ལྔ་ལྡན་ཞེས་པ་ནི་གོང་དུ་བཤད་པ་བཞིན་ཏེ་ཀུན་ལ་ཤེས་པར་བྱའོ། །འདིར་མ་རྫོགས་པ་ནི་འོག་ཏུ་སྦྱར་རོ། །ད་ནི་རི་ལུའི་འཕྲོ་འདུ་གསུངས་པ། ཨོཾ་གྱིས་ཞེས་པ་ལ་སོགས་པ་སྟེ་རྡོ་རྗེ་འཇམ་པའི་སྦྱོར་བས་གོང་དུ་བཤད་ [177a.7]པའི་རིམ་གྱིས་རྡོ་རྗེ་མི་ཕྱེད་པ་ལས་བྱུང་བའི་བཤང་གཅིའི་ཆོ་ག་བཞིན་སྤྱད་དོ། །ཨོཾ་མམ་མུཾ་ལས་བྱུང་བའི་ཕྱི་ནང་དཀྱིལ་འཁོར་རང་གི་ལྷ་བདག་པོར་བྱས་པ་དང་ལྡན་པའི་རི་ལུ་ཙན་ཀ་ཙམ་གསང་བར་བཅུག་ནས། ཡི་གེ་གསུམ་གྱིས་བསྐུལ་བ་རང་གི་སྔགས་བཟླས་ཏེ་འཕར་ནས་ཟོས་ནས་ཞེས་ [177b] [177b.1]ཏེ། འདི་ཡང་མ་རྫོགས་པའི་ཆོ་ག་ནི་བཅོ་ལྔ་པ་ལས་ཤེས་པར་བྱའོ། །ཡང་རིག་འཛིན་གྱི་འཕྲོ་གསུངས་པ། མཁའ་དབྱིངས་གསལ་བའི་དཀྱིལ་འཁོར་གནས་པར་ཞེས་པ་ལ་སོགས་པའོ། །རྟག་པའི་སྦྱོར་བ་ལས་གོང་དུ་བཤད་པའི་རིམ་པས་གསེར་ལ་སོགས་པའི་འཁོར་ལོ་རང་གི་ [177b.2]སྔགས་ཀྱིས་བསྐྱེད་པའི་ནང་གི་དཀྱིལ་འཁོར་རང་གིས་གཙོ་བོར་བྱས་པ་དག་དཀྱིལ་འཁོར་གྱི་དབུས་སུ་གཞུག་སྟེ། གོང་མ་བཞིན་དུ་སྔགས་བཟླས་ནས་འཁོར་ལོ་དེ་འཕག་གམ་འཕར་ནས་ལག་ཏུ་བླངས་ན་ཇི་སྐད་གསུངས་པའི་ཡོན་ཏན་དུ་འགྱུར་ཏེ་དེ་བཞིན་ཀུན་ལ་སྦྱར་རོ། །ཏྲི་ཤཱུ་ཞེས་པ་ལ་ [177b.3]སོགས་པ་ནི་མཚན་མ་དེ་དང་ལྡན་པ་རྣམས་ཏེ་རྡོ་རྗེ་ཁྱད་པར་ཞེས་པ་ནི་ལྷའི་ཁྱད་པར་ཏེ། དེའི་ཁོད་མ་བཞིན་ནོ། །གྲུབ་པ་དེ་དག་ཐམས་ཅད་ལ་ལྷ་ནི་རང་གཅིག་པུའི་སྦྱོར་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །ད་ནི་བསམ་གཏན་ལ་བརྟེན་པའི་དགུག་པ་ལས་སངས་རྒྱས་དགུག་པ་གསུངས་པ། ལམ་གྱི་ [177b.4]བཞི་མདོ་ཞེས་པ་ལ་སོགས་པའོ། །དགུག་པའི་ཁྱད་པར་ཞེས་པ་དགུག་པར་བྱ་བའི་ཁྱད་པར་ཏེ་གང་འདོད་པ་དགུག་གོ་ཞེས་པའོ། །དེ་ལས་སངས་རྒྱས་དགུག་ན་དང་པོ་ལ་སོགས་པའི་སྦྱོར་བ་གསུམ་དང་ལྡན་པའི་སྔགས་ཀྱིས་སྐྱེས་བུ་དཀྱིལ་འཁོར་ཆེན་པོའི་འཁོར་ལོ་དང་ལྡན་པས་འཁོར་ལོའི་ [177b.5]ཀྱོ་བ་ལ་སོགས་པ་དག་གིས་རླུང་ལ་གནས་པ་དགུག་གོ་ཞེས་གསུངས་ནས་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའོ། །རྒྱལ་བ་དག་གནས་ཞེས་པ་ནི་རྡོ་རྗེ་ལ་སོགས་པ་རྡོ་རྗེ་གསུམ་གྱི་ཐུགས་ཀ་ན་གནས་པ་དེ་ཉིད་དོ། །དགུག་པའི་དོན་དུ་འཕྲོ་བའི་ལྷ་གསུངས་པ། རྣམ་པའི་མཆོག་རྣམས་ [177b.6]ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་དགུག་པ་ལ་རྡོ་རྗེ་གསུམ་པོ་ཉིད་སྤྲོ་ཞེས་པའི་དོན་ཏོ། །ཀྱོ་བ་ལ་སོགས་ཞེས་པ་ནི་ཞགས་པ་ཡང་ཞེས་པའི་དོན་ཏོ། །འདིར་མ་རྫོགས་པ་ནི་བཅུ་བཞི་པ་ལས་ཤེས་པར་བྱའོ། །བརྒྱད་པར་བཤད་པའི་ནང་གི་མཆོད་པའི་དོན་དུ་ལྕེའི་སྦྱོར་བ་བྱ་བ་དང་དེའི་ [177b.7]རིམ་པ་གསུངས་པ། རྣམ་པའི་མཆོག་རྣམས་ཞེས་པ་ལ་སོགས་པ་སྟེ། རྣམ་པ་མཆོག་རྣམས་ནི་སྣའོ། །སྣའི་རྣམ་པ་ཐམས་ཅད་ཀྱི་མཆོག་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །ཀུན་ཞེས་པ་ནི་ལུས་ཀྱི་ལྷ་མ་ལུས་པ་སྟེ་ཐམས་ཅད་དུ་དེ་ལྟར་ཤེས་པར་བྱའོ། །སྐུ་ཞེས་པ་ནི་རྟག་པའོ། །རྡོ་རྗེ་ [178a] [178a.1]སྦྱོར་བས་ཞེས་པ་ནི་འོག་ནས་འབྱུང་བའི་སྦྱོར་བའོ། །མཆོད་པ་གསང་བ་རབ་ཏུ་བསྒྲུབ། །ཅེས་པ་ནི་གསང་བའི་མཆོད་པ་དང་ཕྱིའི་ཡང་བྱས་ཏེ་བསྟོད་ནས་ནང་གི་མཆོད་པ་བྱའོ་ཞེས་པའོ། །ཤ་ཆེན་ཞེས་པ་ལ་སོགས་པ་ནི་གོང་དུ་གསུངས་པའི་སྒྲུབ་པ་རྣམས་ཀྱི་མཐུན་པའི་ཟས་ [178a.2]བསྟན་པ་སྟེ། རྡོ་རྗེ་གསུམ་མཆོག་ཅེས་པ་ནི་བསམ་གཏན་ལ་བརྟེན་པའི་གཙོ་བོ་གསུམ་གྱི་རིག་འཛིན་ནོ། །རྡོ་རྗེ་སྦྱོར་བ་འདི་བྱས་ནས། །ཞེས་པ་ནི་འོག་ནས་འབྱུང་བའི་བདུད་རྩིའི་སྦྱོར་བའོ། །ད་ནི་སྐུའི་རྡོ་རྗེ་སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་ཕྱག་རྒྱ་གསུངས་པ་རྡོ་རྗེ་ཅན་གྱི་ཞེས་པ་ལ་སོགས་ [178a.3]པའོ། །དེ་ལ་སྐུའི་རྡོ་རྗེ་དང་། གསུང་གི་རྡོ་རྗེ་དང་། ཐུགས་ཀྱི་རྡོ་རྗེ་དང་། ཡེ་ཤེས་སེམས་དཔའ་བཞི་ནི་རིམ་བཞིན་དུ་ལས་དང་ཆོས་དང་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་དག་སྟེ་དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལས་ཆོས་ཆེན་པོའི་བདག་ཉིད་ [178a.4]བརྗོད། །ཅེས་པ་ལ་སོགས་པ་སྟེ་དབུ་རྒྱན་དང་ལྔའོ། །དེ་ཡང་ཕྱི་མ་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཁྲོ་རྒྱལ་ཕྱག་རྒྱ་ལྔས་རྒྱས་གདབ། །ཅེས་སོ། །ལྕེ་དག་པར་བྱ་བའི་སྦྱོར་བ་ཁོ་ན་གསུངས་པ། ལྕེའི་དམ་ཚིག་ཅེས་པ་ལ་སོགས་པ་སྟེ། ལྕེ་ལ་ཧཱུཾ་ལས་བྱུང་ [178a.5]བའི་རྡོ་རྗེ་ནས་ཙམ་ཧཱུཾ་གིས་བྱིན་གྱིས་བརླབས་པའོ། །དེས་བཟའ་བའི་བདུད་རྩིའི་སྦྱོར་བ་གསུངས་པ། ཨ་དང་ཞེས་པ་ལ་སོགས་པ་སྟེ་ཨས་བྷནྡྷ་བསྐྱེད་པའོ། །ཨོཾ་ནི་རྡོ་རྗེས་བྱིན་གྱིས་བརླབས་པའི་དེ་མ་ཐག་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་རློབ་པའོ། །དམ་ཚིག་ནི་བཟའ་བ་ལྔའོ། ། [178a.6]འདི་ཡང་ཕྱི་མ་ལས་ཞིབ་ཏུ་གསུངས་པ་ལ་བཟང་པོ་ཞབས་ཀྱིས་ཀྱང་། ཉི་མ་ཟླ་བ་ཆུ་སྨན་དྲི། །ཞེས་པ་ནས། དཀྱིལ་འཁོར་དེ་ཡིས་ཚིམ་པར་བྱ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ད་ནི་གོང་དུ་གསུངས་པའི་གྲུབ་པ་རྣམས་ཀྱི་ཡོན་ཏན་གསུངས་ [178a.7]རྡོ་རྗེ་དམ་ཚིག་གསུམ་གྲུབ་མཆོག །ཅེས་པ་ལ་སོགས་པའོ། །དེ་ལ་རྡོ་རྗེ་དམ་ཚིག་གསུམ་བསམ་གཏན་ལ་བརྟེན་པའི་གཙོ་བོ་གསུམ་གྱི་རིག་འཛིན་ཏེ། དེ་གྲུབ་ན་སྐུ་ལ་སོགས་པ་དང་འདྲ་བར་འགྱུར་ཞེས་པ་སྟེ་བསམ་གཏན་ལ་བརྟེན་པ་གཞན་ཡང་དེས་ཤེས་པར་བྱའོ། །འཁོར་ [178b] [178b.1]ལོའི་དམ་ཚིག་ཅེས་པ་ནི་རྫས་ལ་བརྟེན་པ་ཡིན་ནོ། །དམ་ཚིག་དམ་པ་ཐམས་ཅད་ཀྱི། །ཞེས་པ་ནི་རྒྱུད་གཞན་གྱི་ཆོ་གས་གྲུབ་པ་དག་ལས་འདི་མཆོག་ཏུ་གྱུར་པ་ཞེས་པ་སྟེ་ཅི་སྟེ་ཞེ་ན། འདིའི་ཆོ་གས་རྡོ་རྗེ་བསྒོམ་པས་སོ། །དེ་བཞིན་རྫས་ལ་བརྟེན་པ་གཞན་ཡང་ཤེས་པར་བྱའོ། །སྟོང་ [178b.2]ཁམས་དག་ནི་སྣང་བར་བྱེད། །ཅེས་པ་ནི་སྟོང་དང་པོ་ལ་སྤྱོད་པ་སྟེ། དེ་ལ་རིག་འཛིན་ནི་རི་རབ་སུམ་ཅུ་རྩ་དྲུག་ཅེས་པ་དང་། སྟོང་གསུམ་ན་ནི་ཞེས་པས་སྟོང་གསུམ་ལ་སྤྱོད་ལ་མི་སྣང་བ་ནི་སྟོང་དང་པོ་ལ་སྤྱོད་དོ། །མངོན་ཤེས་ནི་རྗེས་སུ་དཔག་ནས་སྟོང་འབྲིང་པོར་ཤེས་པར་བྱ་སྟེ་དེ་ལྟར་ཡང་ [178b.3]བཟང་པོ་ཞབས་ཀྱིས། མི་སྣང་བ་ནི་ཀུན་གྱི་མཆོག །ཅེས་པ་ལ་སོགས་པ་གསུངས་སོ། །ལྷག་མ་ནི་དོན་གསལ་བསམ་ཕྱེའོ། །ད་ནི་དངོས་གྲུབ་དེ་དག་གི་ཐབས་ཀྱི་བྱེ་བྲག་གསུངས་པ། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཞེས་པ་ལ་སོགས་པའོ། །དེ་ལ་བསྙེན་པ་ནི་ལྷ་མཆོག་ [178b.4]གི་ཆོ་གའོ། །ཉེ་བར་སྒྲུབ་པ་ནི་དེའི་རིག་མའི་ཆོ་གའོ། །སྒྲུབ་པ་ནི་དངོས་གྲུབ་མཆོག་གི་ཆོ་གའོ། །སྒྲུབ་པ་ཆེན་པོ་ནི་རྒྱལ་བ་མཆོག་གི་ལྷ་རྣམས་ཀྱི་སྟེ་དེ་ལྟར་ཡང་ཕྱི་མ་ལས། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །ཞེས་པ་ནས། བདག་འདྲ་དཀྱིལ་འཁོར་འབྱིན་པ་ནི། །སྒྲུབ་པ་ཆེན་པོ་ [178b.5]ཞེས་བྱའོ། །ཞེས་པ་དང་གཞན་ཡང་བཟང་པོ་ཞབས་ཀྱིས་ཀྱང་དོན་བསྡུས་པ་ལས་གསལ་བར་བཤད་པ་བཞིན་ནོ། །རྡོ་རྗེ་བྱེ་བྲག་ཅེས་པ་ནི་གོང་མ་དེ་དག་ཆུང་ངུ་ལ་སོགས་པའི་བདག་ཉིད་དེ། དེ་ལ་ཡང་ཚུལ་བཞི་བཞིར་གནས་པའི་བཅུ་དྲུག་སྟེ། དེ་ལྟར་ཡང་ཕྱི་མ་ལས། ཐུན་མོང་མཆོག་གི་ [178b.6]བྱེ་བྲག་གིས། །ཞེས་པ་དང་། དེ་ལྟར་ཡང་ཆེན་པོའི་སྒྲུབ་པ་ཆེན་པོའི་མཐར་ཐུག་ནས་དེ་ལྟར་བྱེ་བྲག་ཤེས་པར་བྱས་ནས་ཞེས་སོ། །དེ་ལ་ལྷ་མཆོག་གི་ངོ་བོ་ཡེ་ཤེས་དམན་པས་ཆུང་ངུ་དེའི་ཚུལ་བཞིན་གསུངས་པ། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །ཞེས་པ་ལ་སོགས་པའོ། ། [178b.7]དེ་ལ་བསྙེན་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ལས་བྱུང་བའི་ཡི་གེ་ལྔ་པོ་ནས། མི་གནས་པའི་མྱ་ངན་ལས་འདས་པ་མཆོག་ལ་ཐུག་པ་བསྒོམ་པ་སྟེ། དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། ཨོཾ་ཨཱཿཧཱུཾ་ཞེས་པ་དེའི་སེམས། །ཞེས་པ་ནས། [179a] [179a.1]རྒྱུ་མཐུན་བྱེད་བ་བཤེས་གཉེན་གྱིས། །ཞེས་པའི་བར་དུ་སྟེ་རང་དང་འདྲ་བའི་འོད་ཀྱིས་བཤེས་གཉེན་ལས་གྱུར་པར་ཆུང་ངུའི་རྒྱུ་མཐུན་པའི་འབྲས་བུའོ། །ཉེ་བའི་སྒྲུབ་པ་ནི་ལྷ་མཆོག་དེ་ལ་སའི་སྙིང་པོ་ལ་སོགས་པའི་རྡོ་རྗེ་དག་གིས་སྐྱེ་མཆེད་ལ་སོགས་པའི་སྤྱོད་པ་སྟེ་སྐྱེ་ [179a.2]མཆེད་ཅེས་པ་ནི་ཉེ་བར་མཚོན་པ་སྟེ་འདི་ནི་ཐམས་ཅད་ཤེས་པ་ཡིན་པས་ཁམས་ལ་སོགས་པ་ཡང་སྦྱར་རོ། །དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། རྣམ་སྨིན་ལས་ནི་ཀུན་ཤེས་འགྲོ། །ཞེས་པ་ནས། ས་བོན་རྣམས་ཀྱིས་ཞེས་པའི་བར་དུ་སྟེ་མི་འདྲ་བར་སྨིན་པ་ཉིད་ཀྱིས་ན་ཆུང་ངུའི་རྣམ་པར་སྨིན་ [179a.3]པའི་འབྲས་བུའོ། །སྒྲུབ་པའི་ཚེ་ན་སྔགས་ཀྱི་བདག་པོ་རིག་པའི་ལྷ་བསྒོམ་པའི་ཚིགས་སུ་བཅད་པས་བསྐུལ་བར་བྱ་སྟེ། བསྐུལ་བ་ནི་འབྲིང་པོའི་སྒྲུབ་པ་ལ་སོགས་པས་བྱ་བ་མ་ཡིན་པས་ཁྱད་པར་དུ་གསུངས་ཀྱི་བསྐྱེད་པ་ལ་སོགས་པའི་ཆོ་ག་ཡང་ཤེས་པར་བྱ་སྟེ། དེ་ཡང་བཟང་པོ་ཞབས་ཀྱིས་ [179a.4]གསུངས་པ་གོང་དུ་སྨོས་པ་སྟེ་སྐྱེས་བུར་འགྱུར་ཞེས་པ་ནས། གསང་བ་གསུམ་མཚན་མཐོང་ནས་སུ། །ཞེས་པའི་བར་དུའོ། །རང་གི་འོད་ཀྱིས་ལུས་དང་ངག་གི་ལས་གཙོ་བས་ན་ཆུང་ངུའི་སྐྱེས་བུ་བྱེད་པའི་འབྲས་བུའོ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། རང་སྔགས་རྡོ་རྗེ་ཅན་གྱི་དེས་དབུ་རྒྱན་ལ་བདག་ [179a.5]པོ་བསམ་པ་སྟེ། དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། དྲི་མ་ཆུང་བྲལ་དག་དོན་དུ། །ཞེས་པ་ནས། རིག་མ་དབང་ཕྱུག་དབུ་རྒྱན་མཆོག །ཅེས་པའི་བར་ཏེ་དྲི་མ་དང་བྲལ་བ་ཉིད་ཀྱིས་ན་ཆུང་ངུའི་བྲལ་བའི་འབྲས་བུའོ། །གོང་མའི་བསྙེན་པ་ཁོ་ནར་འདུས་པའི་ངོ་བོར་གསུངས་པ། བསྙེན་ [179a.6]པའི་ཞེས་པ་ལ་སོགས་པ་སྟེ་ཐམས་ཅད་ཅེས་པ་ནི་དབྱངས་ཀྱིས་བསྐུལ་བའི་དེ་མ་ཐག་འོད་ཀྱིས་བསྡུས་ཏེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་བརྟག་ཅེས་པའོ། །ད་ནི་ལྷ་ཐམས་ཅད་པས་ཐུན་མོང་ལ་ཡེ་ཤེས་ཀྱི་སྟོབས་ཀྱིས་ཆེ་བའི་ཚུལ་བཞིན་གསུངས་པ། ཡང་ན་ཞེས་པ་ནི་རྡོ་རྗེ་བཞིའི་ཡང་ [179a.7]ཞེས་པའི་དོན་ཏོ། །དེ་ལ་རྡོ་རྗེ་བཞི་ནི་ཕྱི་མ་ལས། དང་པོ་སྟོང་པའི་བྱང་ཆུབ་སྟེ། །དེས་བསྙེན་པའོ། །སྐུ་གསུམ་ཞེས་པ་ནི་སྒྲུབ་པ་སྟེ། དེ་བཞིན་ཉེ་བར་སྒྲུབ་ལ་སོགས་པ་ཡང་ཤུགས་ཀྱིས་ཤེས་པར་བྱ་སྟེ། གཙོ་བོའི་ཆོ་ག་ལ་ལྟོས་པའི་ཕྱིར་མ་སྨོས་སོ། །དེ་ཡང་བཟང་པོ་ཞབས་ཀྱིས་ [179b] [179b.1]གསུངས་པ། སྙིང་གའི་རལ་གྲིའི་སྙིང་འོད་ཀྱིས། །ཞེས་པ་ནས། ཐུགས་ཀྱི་དབང་ཕྱུག་འཛིན་པར་འདོད། །ཅེས་པའི་བར་དུ་སྟེ་ཆེན་པོའི་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡེ་ཤེས་ཀྱི་ནུས་པ་འབྲིང་དུ་གྱུར་པའི་རིག་མའི་ཚུལ་གསུངས་པ། དུས་བཞི་ཞེས་པ་ལ་ [179b.2]སོགས་པ་སྟེ། གནས་ལྔར་ནི་ཞེས་པ་ནི་སངས་རྒྱས་ལྔས་བྱིན་གྱིས་བརླབ་ཅེས་པ་སྟེ། ཁྱད་པར་དུ་གྱུར་པའི་ཆོ་ག་སྨོས་ནས་ཡན་ལག་བཞི་པ་ནི་རང་གི་ཆོ་ག་ལ་ལྟོས་པར་ཤེས་པར་བྱ་སྟེ་དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། འབྲིང་ལ་དེ་བཞིན་རྒྱུ་མཐུན་སོགས། །ཞེས་པ་ནས། [179b.3]སངས་རྒྱས་ལྔ་ཡིས་གང་བར་བསྒོམ། །ཞེས་པའི་བར་དུའོ། །དེ་ཡང་འབྲིང་པོའི་རྒྱུ་མཐུན་པ་ལ་སོགས་པ་ནི་སྔ་མ་ལྟར་རོ། །དངོས་གྲུབ་མཆོག་ལ་གཉིས་སུ་མེད་པའི་སྒྲུབ་པ་སྦྱོར་བ་ཐམས་ཅད་ལ་ཐུན་མོང་གི་ཆོ་ག་གསུངས་པ། ཡེ་ཤེས་རྡོ་རྗེ་ཡི་གེ་ཨོཾ། །ཞེས་པ་སྟེ་ཨོཾ་ཞེས་པ་ནི་མཚོན་པ་ [179b.4]སྟེ། ཨཱཿདང་ཧཱུཾ་ཡང་ཤེས་པར་བྱའོ། །དེའི་ཨོཾ་གྱིས་ནོར་བུའི་ཆ་བསྐྱེད་པ་ལ་སོགས་པའི་རིམ་པས་བསྙེན་པ་ལ་སོགས་པ་བྱའོ་ཞེས་པ་སྟེ་ཕྱི་མ་ལས། བསྒྲུབ་བྱ་སྒྲུབ་པའི་སྦྱོར་བ་གང་། །ཞེས་པ་ལ་སོགས་པའོ། །དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། ཧཱུཾ་ཨཱཿའདབ་བརྒྱད་ཅེས་པ་ནས། [179b.5]ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཞེས་པའི་བར་དང་། དོན་བསྡུས་པ་ལས་ཀྱང་གསལ་བས་གསུངས་སོ། །ད་ནི་དངོས་གྲུབ་དག་གི་དུས་གསུངས་པ། ཞག་བདུན་དང་ནི་ཞེས་པ་ལ་སོགས་པ་སྟེ། རྒྱས་པར་ཞེས་པ་ནི་རྒྱུད་གཞན་དག་ལས་ཤེས་པའི་དོན་ཏོ། །གསང་བ་མཆོག་ཅེས་པ་ནི་རྒྱུད་འདི་ [179b.6]སྟེ་གོང་དུ་ཟླ་བ་ཕྱེད་ཀྱིས་འགྲུབ་ཅེས་གསུངས་སོ། །གཞན་དག་ན་རེ་འདི་ནི་དྲག་ཤུལ་གྱིས་བསྒྲུབ་པའི་དུས་ཏེ། རབ་བསྐུལ་བཞེས་པས་དེའི་ཕྱིར་ཏེ། གོང་དུ་བདུན་གྱིས་འགྲུབ་པར་གསུངས་པས། དེ་ནི་མཆོག་ཟླ་ཕྱེད་པ་ཡིན་ནོ། །ཞེས་ཟེར་རོ། །ད་ནི་ཆུང་ངུའི་སྒྲུབ་པ་ལ་སྐུལ་བའི་ཚིགས་སུ་བཅད་ [179b.7]པ་གསུངས་པ། དེ་ལ་འདི་ནི་ཞེས་པ་ནི་སྤྲུལ་པའི་སྐུ་ཁོ་ན་ཉེ་བར་སྒྲུབ་པ་སྟེ་སྡོམ་པ་ནི་དེའི་བསམ་གཏན། དེའི་ཡུལ་ནི་གསོལ་བ་གདབ་པར་བྱ་བ་སྟེ་ཡུལ་ལོ་ཞེས་སྦྱར་རོ། །དེའི་དོན་ནི་སྐུ་རྡོ་རྗེའི་བསམ་གཏན་གྱིས་གསོལ་བ་གདབ་པར་བྱ་བའི་ཡུལ་ཚིགས་སུ་བཅད་པ་འོག་ནས་འབྱུང་བ་ [180a] [180a.1]དང་པོ་འདི་གཉིས་བརྗོད་དོ་ཞེས་པ་འདི་ཡིན་ནོ། །དེ་བཞིན་དུ་འོག་མ་གཉིས་ལ་སྦྱར་རོ། །ཚིགས་སུ་བཅད་པ་དེ་ལས་ཀྱང་དང་པོ་ནི་རང་གི་སྤྲུལ་པ་ལའོ། །འོག་མ་ནི་ཕྱོགས་བཅུ་ནས་སྤྱན་དྲངས་པ་ལའོ། །སྒྲུབ་པ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ན་བསྒྲུབ་ [180a.2]པའོ། །དེ་ལྟར་སྒྲུབ་པ་ཆེན་པོར་ཡང་ཤེས་པར་བྱའོ། །ཚལ་པར་འགས་པ་གདོན་མི་ཟ། །ཞེས་པ་ནི་བྱིན་གྱིས་རློབ་པ་ཁོ་ནའོ་ཞེས་མི་སྲིད་པའི་དོན་ཏོ། །ལེའུ་བཅུ་གཉིས་པའི་འགྲེལ་པ་རྫོགས་སོ།། །།ད་ནི་སྒྲུབ་པ་ཆེན་པོ་ཞེས་གྲགས་པའི་བཟླས་པ་གཙོར་སྟོན་པའི་ལེའུ་གསུངས་པ། [180a.3]དེ་ནས་ཞེས་པ་ལ་སོགས་པ་སྟེ་དང་པོ་འདིར་ནི་གོང་མའི་དངོས་གྲུབ་ཀྱི་ཐབས་བཞི་ལ་བསྟོད་པ་སྟེ་ཡེ་ཤེས་ཉིད་རྡོ་རྗེ་སྟེ་དེ་ཉིད་མཆོག་གོ། །འཛིན་པ་ནི་མངའ་བའི་དོན་ཏོ། །ཐུབ་པ་ཞེས་པ་ནི་ལུས་ལ་སོགས་པའི་ལས་ཡོངས་སུ་དག་པའོ། །དོན་ཀུན་ནི་ཀུན་དོན་ནོ། །དེ་ལ་བྱང་ཆུབ་ཆེན་པོའི་ [180a.4]ཚུལ་ཞེས་པ་ནི་ཐབས་བཞི་པོ་ཉིད་དོ། །སངས་རྒྱས་ནི་སྐུའོ། །ཆོས་ནི་གསུང་ངོ་། །སྔགས་ནི་ཐུགས་ཏེ་དེའི་ཚུལ་དུ་གྱུར་པས་ན་བཞི་པོ་སྟེ་བཟང་པོ་དང་ཤེས་པ་དང་བརྟན་པ་སྟེ་ཨེ་མའོ་ཞེའོ། །མ་སྐྱེས་པའི་ཆོས་རྣམས་ཀྱང་ཐབས་བཞི་པོ་འདི་དག་སྟེ་འབྲས་བུ་དང་བཅས་པས་ཁྱད་པར་ཅན་ [180a.5]ཞེའོ། །ད་ནི་དེ་དག་གི་སེམས་ལ་འདོད་པ་ཞུས་པ་གསུངས་པ། སྔགས་རྣམས་ཐམས་ཅད་བསྡུས་པའི་མཆོག །ཅེས་པ་ལ་སོགས་པ་སྟེ། ལྷ་རྣམས་ཀྱི་མཆོག་རྡོ་རྗེ་མི་ཕྱེད་པ་གསུམ་བསྒོམས་པས་སྐུ་གསུམ་དང་བདེ་བ་ཆེན་པོའི་ཡེ་ཤེས་འཐོབ་པར་འགྱུར་ཞེས་ཏེ། བཟླས་པའི་སྔོན་དུ་ [180a.6]འགྲོ་བ་ཐམས་ཅད་ལས་སྒྲུབ་པ་གཙོར་གསུངས་པ་ཡིན་ནོ། །རིགས་དང་ཞེས་པ་ནི་ཕྲེང་བའི་སྔགས་སོ། །སྔགས་རྣམས་ཞེས་པ་ནི་རང་གི་ས་བོན་དང་སྤྱན་དྲང་བའི་སྔགས་ཏེ་ཡང་གསུངས་པ། སྒྲ་ཡིག་ཐིག་ལེར་ལྡན་པ་ཡི། །མཚན་གྱི་སྔགས་ཀྱིས་དབྱུང་བར་བྱ། །ཞེས་པ་དང་། [180a.7]ཕྲེང་སྔགས་ལ་ཡང་རིགས་པར་གསུངས་ཞེས་ཏེ་དེ་ཟློ་བ་ནི་རྡོ་རྗེ་ལྷ་རྣམས་ཀྱི་བཟླས་པའོ། །དེ་ཉིད་དོན་ཆེན་པོ་བྱེད་པས་ཡེ་ཤེས་མཆོག་སྟེ་དེའི་སྦྱོར་བས་སངས་རྒྱས་ཀུན་གྱི་བྱིན་གྱིས་རློབ་པ་སྟེ་དེ་བཤད་དུ་གསོལ་ཞེས་སྦྱར་རོ། །ཡང་ལས་ཀྱི་རྒྱལ་བ་མཆོག་ལ་གཏོགས་པའི་རྡོ་རྗེ་བཟླས་ [180b] [180b.1]པ་ཞུ་བ་གསུངས་པ། ཡེ་ཤེས་རྒྱ་མཚོ་གནས་པའི་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་རྒྱ་མཚོ་ནི་རིག་མ་སྟེ་དེ་དང་ལྷན་ཅིག་གནས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་མཚན་མ་ཡི་གེ་གསུམ་སྟེ་དེའི་བཟླས་པ་དང་སྦྱོར་བ་ཇི་སྙེད་པ་བཤད་དུ་གསོལ་ཞེས་སོ། །སོགས་ཞེས་པ་ནི་ཡེ་ཤེས་སེམས་དཔའོ། ། [180b.2]དེའི་ཡོན་ཏན་གསུངས་པ། སངས་རྒྱས་དུས་གསུམ་ལས་བྱུང་རྣམས། །ཞེས་པ་ལ་སོགས་པའོ། །ལན་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ་ཐོག་མར་ལས་ཀྱི་མཆོག་བཟླས་པ་སྟོན་ཏེ། དེ་ལ་སྔགས་ལྷ་རྣམས་ཀྱི་དོན་ཀུན་ཞེས་པ་ནི་ལས་ཀྱི་མཆོག་གི་བཟླས་པ་སྟེ། དེ་ནི་རྡོ་རྗེ་ [180b.3]གསུམ་གྱི་མཚན་མ་ཡི་གེ་གསུམ་རྡོ་རྗེ་དབྱེ་བ་གསུམ་གྱི་ཐུགས་ཀར་བཀོད་པ་ཉིད་རྡོ་རྗེ་གསུམ་སྟེ་དེ་ལས་སྤྲོ་བ་ལ་སོགས་པ་འདི་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་གནས་གསུམ་ལས། །སྤྲོ་བ་རྣམ་པ་གསུམ་དག་བྱ། །ཞེས་ཏེ། རིམ་པས་ས་བོན་རེ་རེ་ལས་དེ་གསུངས་པས་གཟུགས་སྦྲོ་བ་ཞེས་སོ། ། [180b.4]དེ་ལ་མཆོད་པ་གསུངས་པ་སངས་རྒྱས་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། ནམ་མཁའ་ཐམས་ཅད་ཁྱད་པར་སྤྲོ་བའི་སངས་རྒྱས་དེ་དག་ལ་རང་གི་རིག་མ་ལ་ཐིམ་པའི་ཤིན་ཏུ་བདེ་བའི་མཆོད་པས་མཆོད་ཅེས་པའོ། །ཅིས་ཐིམ་ཞེ་ན། གཟུགས་ཀྱི་མཆོག་ཅེས་ཏེ་ས་བོན་དེ་ལས་འཕྲོས་པ་གཞན་ཡང་ [180b.5]གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་རང་གི་རིག་མ་ལ་ཐིམ་སྟེ་བདེ་བ་དམ་པས་མཆོད་པའི་དོན་ཏོ། །ཡེ་ཤེས་རྡོ་རྗེ་ཞེས་པ་ནི་གཉིས་སུ་མེད་པའི་སེམས་དང་ལྡན་པའོ། །ཡང་ན་དབྱེ་བ་རྣམ་གསུམ་གྱིས་ཞེས་པའི་དུས་གཅིག་ཏུ་སྤྲོ་བའོ། །སོ་སོ་ཞེས་པ་ནི་རང་རེའི་ས་བོན་ལས་རང་ཁོ་ན་སྤྲོ་བའོ། །ཡེ་ཤེས་སེམས་དཔའི་སྤྲོ་བ་ [180b.6]གསུངས་པ། ལུས་དང་ངག་སེམས་བདག་མེད་པར། །ཞེས་ཏེ། འདི་ལ་ནི་ལུས་ལ་སོགས་པའི་སྤྲོ་བའི་བདག་ཉིད་དང་མི་འདྲའོ་ཞེས་པ་སྟེ་དུས་ཅིག་ཁོ་ན་ར་རིགས་ལྔ་སྤྲོ་བའོ། །ཤེས་པ་ནི་ཡེ་ཤེས་སེམས་དཔའོ། །སེམས་ནི་ས་བོན་ནོ། །སྤྲོ་བ་རྣམས་ཀྱི་དུས་གསུངས་པ་བརྗོད་ནས་ཞེས་ཏེ་དབུགས་ཀྱི་ཡི་གེ་དང་པོ་ [180b.7]བརྗོད་ནས་སྤྲོའོ། །བསྡུ་བའི་དུས་ནི་རྫོགས་ནས་ཞེས་ཏེ་མཆོད་པ་ལ་སོགས་པའི་ལས་རྫོགས་ནས་བསྡུ་ཞེས་ཏེ། དེ་ནི་སྙིང་པོ་ལ་བཟླས་པའོ། །དེ་ལྟར་ཡང་བཟང་པོ་ཞབས་ཀྱིས། །སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་ལས། །ཞེས་པ་ནས། བདག་ཉིད་དབུས་སུ་ཐིམ་པར་བྱ། །ཞེས་པའི་བར་དུ་ [181a] [181a.1]ཚིགས་སུ་བཅད་པ་བཞི་གསུངས་སོ། །དེ་ལྟར་ལྷ་རྣམས་ཀྱི་ཐུན་མོང་གི་བཟླས་པ་བསྟན་ནས་ཕྱེ་བའི་རྣམ་པ་གསུངས་པ། སྐུ་དང་གསུང་ཐུགས་བྱང་ཆུབ་པ། །ཞེས་པ་ལ་སོགས་པའོ། །དེ་ལ་སྐུ་ཡང་གསུང་ལ་སོགས་པ་དང་ལྡན་པས་ན་གསུང་ཐུགས་ཞེས་ཏེ་རྟག་པའི་ [181a.2]རྣལ་འབྱོར་པས་སྐུའི་དངོས་པོ་དང་དངོས་པོ་མེད་པར་དཔྱད་པ་ནི་སངས་རྒྱས་ཞེས་བྱ་བ་སྟེ་དེའི་བཟླས་པའོ། །གསུང་གི་དམ་ཚིག་བྱང་ཆུབ་པའི་ཚེ་དཔག་མེད་སྦྱོར་བས། སྒྲ་ཡི་རྣམ་པར་དག་སྒྲ་མིན། །ཞེས་བརྗོད་པ་ལས་འདས་པ་ཞི་བར་བརྟག་གོ། །ཐུགས་ཀྱི་དམ་ཚིག་བྱང་ཆུབ་པ་རྡོ་རྗེ་ [181a.3]སེམས་དཔའ་ཞེས་པའི་རྡོ་རྗེ་ངོ་བོ་རྣམས་གཟུང་འཛིན་དང་བྲལ་བར་དཔྱད་པའོ། །མཉམ་པ་ཉིད་ཀྱི་དོན་རྟོགས་པའི་རིན་ཆེན་འབྱུང་བའི་སྦྱོར་བ་པས་དུས་གསུམ་གྱི་སངས་རྒྱས་དག་མཉམ་ཞིང་གཉིས་སུ་མེད་པར་བརྟགས་པའོ། །དོན་ཡོད་སྦྱོར་བ་ཅན་གྱི་མཆོད་པ་ལ་སོགས་པའི་དོན་དུ་ [181a.4]སྐུའི་སྤྲིན་སྤྲོ་བ་དང་བསྡུ་བ་བྱ་ཞེས་ཏེ། དེ་རྣམས་ནི་གཅིག་གི་བཟླས་པ་དེ་གཞན་གྱི་ཡང་ཡིན་ཏེ། འདིར་གཙོར་གསུངས་པ་ཡིན་ནོ། །ད་ནི་རིག་པ་དང་སྔགས་རྣམས་ཀྱི་བཟླས་པ་གསུངས་པ། ཁྲོ་བོའི་དམ་ཚིག་ཅེས་པ་ལ་སོགས་པ་སྟེ་ཁྲོ་བོའི་དམ་ཚིག་གསད་པ་ལ་སོགས་པ་སྦྱོར་བ་དག་ [181a.5]གིས་ཕྲེང་བའི་སྔགས་རང་གི་དཀྱིལ་འཁོར་དུ་གྲགས་པའི་སྒྲ་དབྱུང་བའོ། །དེ་ལ་རང་གི་ཞེས་པ་ནི་གང་ཡང་རུང་བའི་ཁྲོ་བོ་བདག་པོར་བྱས་པས་དེ་སྨོས་པའི་དཀྱིལ་འཁོར་ཏེ། དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། ལྷ་ནི་གང་ཡང་རུང་བ་ཞིག །དཀྱིལ་འཁོར་དབུས་སུ་བཞག་ནས་ [181a.6]ནི། །དེ་ཡི་མིང་སྨོས་རྡོ་རྗེ་ཡི། །དཀྱིལ་འཁོར་ཡིན་ཞེས་སངས་རྒྱས་གསུང་། །ཞེའོ། །འདོད་པའི་དོན་གྱིས་སྨོས་གྱུར་པ། །ཞེས་པ་ནི་གཏི་མུག་ལ་སོགས་པ་དབུགས་ཀྱི་ཡི་གེའི་བར་དུ་བཅུག་པ་རང་གི་ས་བོན་དང་སྤྱན་དྲང་བའི་སྔགས། བསྒྲུབ་བྱའི་མིང་དང་བསྐུལ་བར་བཅས་ཏེ་བཟླས་ནས་སེར་ [181a.7]སྣ་ཅན་ལ་སོགས་པའི་དོན་བྱས་ཞེས་པའམ་ཡང་ན་རིགས་ཀྱི་ལྷ་མོའམ་ཁྲོ་བོའི་ཕྲེང་སྔགས་ཀྱིས་ཏེ་སྒྲུབ་པ་ཆེན་པོར་འདོད་པ་ཉིད་ཡིན་ནོ། །དེ་ལ་འདོད་པའི་དོན་གྱིས་སྨོས་པ་ནི་སེར་སྣ་སྟེ་དེ་དང་ལྡན་པའི་སེམས་ཅན་ལ་ཕན་པར་དགའ་བ་ཞེས་ཏེ། འོག་མ་རྣམས་ལ་ཡང་ཕྲག་དོག་ཅན་ཞེས་པ་ལ་ [181b] [181b.1]སོགས་པ་སྦྱར་རོ། །གཏི་མུག་གནས་ལ་ཞེས་པ་ནི་གཏི་མུག་རྡོ་རྗེའི་རྣལ་འབྱོར་ལ་གནས་ཏེ་ཞེའོ། །གཞན་ཞེས་པ་ནི་དེའི་དོན་བྱས་པའོ། །འདོད་ཆགས་རྡོ་རྗེ་ལས་བྱུང་བ། །ཞེས་པ་ནི་དེའི་གནས་གསུམ་ནས་སྤྲོས་པ་སྟེ། ལུས་དང་ངག་དང་སེམས་ཀྱི་གཟུགས་ཀྱིས་དོན་བྱེད་དོ། །དེ་ཡང་གོང་འོག་ཏུ་ [181b.2]སྦྱར་རོ། །འདོད་ཆགས་རྒྱ་མཚོ་ཞེས་པ་ནི་འདོད་ཆགས་རྡོ་རྗེའི་རྣལ་འབྱོར་དུ་གནས་པ་སྟེ་འོག་ཏུ་ཡང་ཤེས་པར་བྱའོ། །དམ་ཚིག་ཡང་དག་རྡོ་རྗེ་གསུམ། །ཞེས་པ་ནི་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེ་གསུམ་མོ། །དབུ་མ་ནི་ཚེའི་ངོ་བོ་ཨ་ཏེ་དེས་ན་སྣང་བ་མཐའ་ཡས་ནི་ཚེ་དཔག་མེད་ཅེའོ། །མ་ནིང་ [181b.3]ཞེས་པ་ནི་སྤྲོ་བ་དང་བསྡུ་བ་མ་ཡིན་པའོ། །དེའི་དོན་ནི་རྣལ་འབྱོར་པ་གང་ཡང་རུང་བས་སྙིང་གའི་པདྨ་ལ་གནས་པའི་ཨ་སྲོག་གི་རང་བཞིན་དམར་པོ་བསམས་ཏེ། ཨོཾ་གྱིས་སྲོག་ཁ་དོག་ལྔའི་བདག་ཉིད་སྣའི་ལམ་ནས་སྤྲོས་ཏེ། ཧཱུཾ་གིས་བསྡུས་ནས་ཨ་ལ་ཐིམ་སྟེ་རིང་དུ་བརྟན་ཏེ་བཟླའོ། །ཇི་སྲིད་ [181b.4]འདོད་པ་སྤྲོས་པའི་གནས་སམ་རང་གནས་སུ་མཚན་མ་བྱུང་ནས་དེ་ཉིད་ལ་ཐིམ་སྟེ་ཕྱིར་མི་འཆོར་བ་ནི་ཚེ་སྒྲུབ་ཡིན་ཞེས་པ་འདི་ཡིན་ནོ། །རྡོ་རྗེ་བདག་པོ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་བཟླས་པ་ནི་འདིའི་རྣལ་འབྱོར་ཅན་གྱིས་རང་གི་བདག་པོའི་རྣམ་པར་དག་པས་དེའི་དབུས་སུ་གནས་ཏེ། ཉིན་རེ་དུས་ [181b.5]བཞིར་སྦྱོར་བ་གསུམ་གྱི་འཁོར་གྱི་འཁོར་ལོའི་ཆགས་པ་སྐྱེས་པ་ཉིད་ཀྱིས་ཚུལ་ཇི་ལྟ་བ་བཞིན་བཟླས་ན་བྱང་ཆུབ་འཐོབ་པོ་ཞེས་ཐུན་མོང་གི་ཆོ་ག་སྟེ་དེ་ལྟར་ཡང་བཟང་པོ་ཞབས་ཀྱིས། ཉིན་རེ་ཞིང་ནི་མཚམས་བཞི་ལ། །ཞེས་པ་ནས། ཀུན་ལ་དེ་ཡིས་ཤེས་པར་བྱ། ཞེས་པའི་བར་དུ་ཚིགས་སུ་བཅད་པ་ལྔ་ [181b.6]གསུངས་སོ། །རིག་པ་ཆེན་མོ་སྤྱན་ལ་སོགས། །ཞེས་པ་ནི་འདི་རྣལ་འབྱོར་པ་ནི་མ་ཡིན་ཏེ་ཕྲེང་བའི་སྔགས་ལ་བྱའོ། །རྣལ་འབྱོར་ནི་རྡོ་རྗེའི་བདག་པོ་དང་མཐུན་པར་ཟད་དོ། འདོད་པའི་ལོངས་སྤྱོད་ཅེས་པ་ནི་བཅུ་གསུམ་པ་ལས་ལ་ནི་འདི་འབྲེལ་པའི་སྔགས་དང་མིང་དང་བསྐུལ་བས་ཕྱུང་སྟེ་ཞི་བ་ལ་ [181b.7]སོགས་པའི་ལས་བྱས་པ་ནི་ལོངས་སྤྱོད་དེ་བརྟེན་ན་འདོད་པ་འགྲུབ་ཅེས་སོ། །དེ་གཉིས་ནི་འདོད་ཆགས་ཀྱི་སེམས་ལས་བྱུང་བའོ། །གཏི་མུག་ལས་བྱུང་བ་བསྟན་པའི་ཕྱིར་གཏི་མུག་དམ་ཚིག་ཅེས་པ་སྨོས་ཏེ། རིག་པའི་རྒྱལ་པོ་སའི་སྙིང་པོ་ལ་སོགས་པའི་བཟླས་པ་ཅན་གྱིས་ཕོ་དང་མོའི་རྣམ་པ་མེད་ [182a] [182a.1]པའི་ཡེ་ཤེས་ཀྱིས་གནས་མཚན་མའི་རྣམ་པ་མི་ཤེས་པའི་གཏི་མུག་སྒོམ་ཞེས་པ་འདི་ཡང་ཐུན་མོང་དང་སྦྱར་བའོ། །ཞེ་སྡང་གནས་ལས་སྐྱེས་པ་ཡང་ཁྲོ་བོའི་ཕྲེང་བའི་སྔགས་ཟློ་བ་ཅན་གྱིས་སྲོག་གཅོད་པ་ལ་སོགས་པ་ལ་ཞེ་སྡང་གི་སེམས་ཀྱིས་བྱའོ་ཞེས་པ་སྟེ་ཞེ་སྡང་རྡོ་རྗེ་ [182a.2]སྨྲ་བ་ནི་མ་ཡིན་ནོ། །སྒྲུབ་པ་མཆོག་ཆོས་ཅན་ཞེས་པ་ནི་གསོད་པ་ལ་སོགས་པའི་ཆོ་ག་ཇི་སྙེད་པ་དང་ལྡན་པའོ། །ད་ནི་ཡེ་ཤེས་སེམས་དཔའ་བཟླས་པའི་ས་བོན་ལ་སོགས་པ་གསུངས་པ། ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི། །ཞེས་པ་ལ་སོགས་པ་སྟེ་ཡེ་ཤེས་ཞེས་པ་ནི་ཡེ་ཤེས་སེམས་ [182a.3]དཔའོ། །འཁོར་ལོ་ཅན་ཞེས་པ་ནི་རྟག་པའི་རྣལ་འབྱོར་ཅན་ཏེ། ཡེ་ཤེས་སེམས་དཔའི་སྙིང་གར་འཁོར་ལོའི་ལྟེ་བར་གསལ་བ་ལ་སྔགས་དོན་བསྒོམས་ཏེ་བཟླ་ཞེས་ཏེ་སྔགས་ཀྱང་ཡིན་ལ་དོན་ཡང་ཡིན་པས་དེ་སྐད་དེ། སྦྱོར་བ་འདི་ནི་ཀུན་ལ་ཤེས་པར་བྱའོ། །སངས་རྒྱས་ལྔ་ཞེས་པ་ནི་གཙོར་ [182a.4]གསུངས་པ་སྟེ་དཀྱིལ་འཁོར་གྱི་ཐམས་ཅད་སྦྱར་རོ། །འོད་ཟེར་ལྔ་ཞེས་པ་ནི་རིགས་ལྔ་སྟེ་དེའི་དོན་ནི་བདག་གི་སྔགས་ཟློ་བ་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་ཀྱང་ཟློས་ཤིང་ཡེ་ཤེས་སེམས་དཔའི་ས་བོན་དེ་ལས་རིགས་ལྔའི་གཟུགས་སྤྲོ་ཞིང་བསྡུ་ཞེས་པ་འདི་ཡིན་ནོ། །སྐུ་གསུམ་རྡོ་རྗེའི་བྱེ་ [182a.5]བྲག་གིས། །ཞེས་པ་ནི། རྡོ་རྗེ་གསུམ་དང་ཡེ་ཤེས་སེམས་དཔའི་བྱེ་བྲག་ཅེས་པ་སྟེ། རྡོ་རྗེ་གསུམ་ལ་རིམ་པར་སྤྲོ་བ་དང་ལྷན་ཅིག་སྤྲོ་བའོ། །ཡེ་ཤེས་སེམས་དཔའ་ནི་ལྷན་ཅིག་ཁོ་ནར་ངེས་པ་ཡིན་ནོ་ཞེས་པའི་དོན་ཏོ། །ལུས་ཀྱིས་སྐུའི་ངོ་བོ་ཉིད་ཅེས་པ་ལ་སོགས་པའི་དོན་ནི། བཟླས་པའི་ [182a.6]མཆོད་པ་ལ་རང་གི་རིགས་ཀྱི་ལྷ་མོའི་ལུས་ཀྱིས་མཆོད་ཅེས་གནས་མ་འཁྲུགས་པར་སྟོན་ཏོ། །ད་ནི་སྒྲུབ་པ་དག་ལས་ལས་ཀྱི་ཁྱད་པར་སྟོན་ཏེ། དེ་ལ་བསམ་གཏན་གྱི་ལས་དང་ཕྲེང་བའི་སྔགས་དང་འབྲེལ་པ་གཉིས་སོ། །འོ་ན་ཡང་བསམ་གཏན་ལ་སྔགས་དགོས་ལ། སྔགས་དང་འབྲེལ་ [182a.7]པ་ལ་ཡང་བསམ་གཏན་དགོས་སོ། །བསམ་གཏན་གྱི་ལས་ལ་ཡང་གཉིས་ཏེ་རང་གི་འཁོར་ལོས་བྱ་བ་དང་བཀྲ་ཤིས་པའི་ལྷས་བྱ་བའོ། །དེ་ནི་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དང་དགུག་པ་དང་བསྐྲད་པ་དང་དུག་གཞོམ་པ་ལ་སོགས་པའོ། །སྔགས་དང་འབྲེལ་པའི་དབྱེ་བ་ནི་ [182b] [182b.1]དེའི་སྐབས་སུ་བཤད་པར་བྱའོ། །དེ་ལ་བསམ་གཏན་གྱི་ལས་ཉེ་བར་གསུངས་པ། དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས། །ཞེས་པ་ལ་སོགས་པ་སྟེ། དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ལ་གནས་ཏེ་ཞེས་ཐམས་ཅད་ལ་སྦྱར་རོ། །རྡོ་རྗེ་རྩེ་ལྔ་ཞེས་པ་ནི་གཙོ་བོ་ལྔ་ཞེས་པའོ། །འདིའི་དོན་ [182b.2]ནི་ལྷ་གང་ཡང་རུང་བ་རང་གི་ལྷ་ཡི་ལས་གཞིའི་མེ་དང་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དུ་རྡོ་རྗེ་གསུམ་དང་ལྡན་པ་དག་གིས་གཟུགས་གཙོ་བོར་གྱུར་པ་དེ་ལས་ཀྱི་དབྱེ་བས་ཁ་དོག་བསྒྱུར་ཏེ། སྙིང་ག་རྣམས་སུ་ཡེ་ཤེས་སེམས་དཔའ་ལ་སོགས་པའི་སྔགས་དོན་བསྒོམས་ན་ལས་གང་ [182b.3]ཡང་བྱེད་དོ་ཞེས་རང་གི་འཁོར་ལོར་བྱས་པ་འདི་ཡིན་ནོ། །བསམ་གཏན་ཉིད་རྡོ་རྗེ་བས་དེ་སྐད་དེ་འདིར་གཙོར་བྱེད་པས་བསམ་གཏན་གྱི་ལས་སོ། །ཡང་ཤིས་པའི་ལྷས་བྱ་བ་གསུངས་པ། ཞི་བ་ལ་ནི་སྤྱན་གྱི་ཚུལ། །ཞེས་པ་ལ་སོགས་པའོ། །ཚུལ་ཞེས་པ་ནི་རང་གི་ཐབས་དང་འདྲ་བའི་རྟག་ [182b.4]པའོ། །རྡོ་རྗེ་པདྨ་ཅན་ནི་སྣང་བ་མཐའ་ཡས་སོ། །རྣམ་པར་སྣང་མཛད་ཅེས་པ་ནི་བསྒྱུར་ནས་དོན་ཡོད་རྡོ་རྗེ་གཟུང་ངོ་། །ད་ནི་མངོན་སྤྱོད་ཀྱི་ཚུལ་གསུངས་པ། མ་ཆགས་པའི་སེམས་ཅན་དང་ཞེས་པ་ལ་སོགས་པ་སྟེ་དེ་ནི་ཐེག་པ་ཆེན་པོ་སྨད་པ་ཡིན་ནོ། །རབ་ཏུ་བསྐུལ་བ་ཞེས་པ་ནི་ཕྱི་དང་ནང་གི་ [182b.5]གསོད་པ་ལ་མིང་དང་མཱ་ར་ཡ་ཕཊ་ཅེས་བསྐུལ་བའོ། །དེ་བསྟན་པ་ཁམས་གསུམ་གནས་པའི་ཞེས་པ་ལ་སོགས་པ་སྟེ་རྐང་པ་གསུམ་གྱི་ནང་གི་བསྟན་ཏོ། །དེ་ནས་ལས་ནི་རབ་ཏུ་བསྒྲུབ། །ཅེས་པ་ནི་ཕུར་པ་ལ་སོགས་པ་ཕྱིའི་སྟེ། ནང་གི་བྱས་ནས་ཕྱིའི་སྤྱད་དོ་ཞེའོ། །དེ་ལ་གཅིག་ཏུ་མི་བསྐྱོད་ [182b.6]པས་མངོན་དུ་བྱ་བ་གསུངས་པ། ནམ་མཁའ་དབྱིངས་ཀྱི་དབུས་དག་ཏུ། །ཞེས་པ་ལ་སོགས་པ་སྟེ་འཁོར་ལོ་རྩེ་ལྔ་ཞེས་པ་ནི་རྡོ་རྗེ་རྩེ་ལྔ་པ་མུ་ཁྱུད་དང་བཅས་པའམ། ཡང་ན་ཁྲོ་བོའི་རྡོ་རྗེ་གདེངས་པར་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་པ་མི་བསྐྱོད་པ་བསྐྱེད་པའི་རྐྱེན་ཏེ། དེ་ཞུ་བའི་དམ་ [182b.7]ཚིག་ལས་འཁོར་ལོ་རྩེ་ལྔ་པ། དེ་ལས་རང་གི་མཚན་མ། དེ་ལས་མི་བསྐྱོད་པ་སྟེ། རྐྱེན་འདི་ནི་རྣལ་འབྱོར་པ་གཞན་མི་བསྐྱོད་པར་བསྒྱུར་ན་བྱའི་རང་གི་ལྷའི་རྐྱེན་ནི་མ་ཡིན་ཏེ། གྲུབ་པ་ཐམས་ཅད་ནི་མཚན་མ་ཐོབ་པས་བྱ་བར་གསུངས་ལ། དེ་ནི་ཡེ་ཤེས་འགའ་ལ་དབང་ཐོབ་པ་དག་ཀྱང་ [183a] [183a.1]རང་གི་སྐུ་མི་སྐྱེད་ལ་ཉེ་བའི་སྒྲུབ་པ་ལ་སོགས་པ་དང་པོར་གྱུར་པ་སྟེ། དེ་ལྟར་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། བརྟུལ་ཞུགས་ཚུལ་ཁྲིམས་སྔགས་ལྡན་པ། །མིག་ལུས་ལ་སོགས་བྱིན་བརླབས་པས། །ཞེས་པ་ལ་སོགས་པའོ། །དེ་ནས་གྲུབ་པའི་ཆོ་ག་ [183a.2]ཐམས་ཅད་ལ་ལྷ་གཞན་དུ་བསྒྱུར་བ་ལ་འདི་དགོས་པར་ཤེས་པར་བྱའོ། །སངས་རྒྱས་འཁོར་ལོ་ཞེས་པ་ནི་མི་བསྐྱོད་པ་དེ་དཀྱིལ་འཁོར་ཆེན་པོས་བསྐོར་བའོ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས། །ཞེས་པ་ལ་སོགས་པས་ནི་ནང་གི་གསད་པ་གསུངས་ཏེ། སྔགས་ཀྱིས་བསྐུལ་བས་ཕྱོགས་ [183a.3]བཅུའི་སེམས་ཅན་རྡོ་རྗེ་གཏུམ་པོས་གསང་བའི་སྦྱོར་བ་བྱས་པས་ཞི་བའི་སྐུའི་ཚུལ་གྱིས་བདག་ལ་བསྡུས་ནས་སླར་ཡང་སྤྲོ་བར་བྱ་སྟེ། ཨོཾ་ཧཱུཾ་རཀྵཾ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་བསྐུལ་བའམ། རང་གི་མཚན་གྱི་སྔགས་སམ་མཱ་མ་ཀཱིའི་ཕྲེང་སྔགས་ཀྱིས་བསྐུལ་ཏེ་ཕྱག་རྒྱ་སྣ་ཚོགས་ཐོགས་པའི་རྡོ་རྗེ་སྲིན་པོ་ [183a.4]བཀའ་ནོད་པ་དག་བཏང་བས་བསྒྲུབ་བྱ་ལ་བཅིངས་ནས་ཁྲིད་དེ་བསྐྲད་པ་དང་བརྡེག་པ་ལ་སོགས་པ་བྱ་བ་དང་གཞུག་པ་དང་བཅིང་བ་ཡང་བྱས་ཏེ། ཡང་བཀའ་སྩལ་པས་གསད་པའི་སྦྱོར་བ་བྱས་པས་རྒྱུ་མ་ལ་སོགས་པ་ཡང་ཀུན་དུ་དྲངས་ཏེ་འོག་ནས་འབྱུང་བའི་ཕོ་ཉ་རྣམས་ཀྱིས་ཀྱང་ཟ་བར་ [183a.5]བསམ་ཞེས་ཇི་སྙེད་པའོ། །ཉི་མ་བདུན་དུ་ཞེས་པ་ནི་ཉི་མ་གུང་ངམ་ནམ་ཕྱེད་དག་ལ་ཞག་བདུན་བྱའོ། །འཆི་བར་འགྱུར་བ་གདོན་མི་ཟ། །ཞེས་པ་ནི་མི་སྲིད་པའི་དོན་དུ་བསྟན་པའོ། །ད་ནི་རི་མོའི་དཀྱིལ་འཁོར་གྱིས་གཟུང་བའི་ཕྱིར་བསམ་གཏན་གྱིས་བགེགས་བསྐྲད་པ་གསུངས་པ། ནམ་མཁའ་ [183a.6]དབྱིངས་ཀྱི་དབུས་ཞེས་པ་ལ་སོགས་པའོ། །རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །ཞེས་པ་ནི་དེའི་གནས་སོ། །དེའི་དོན་ནི་གསོལ་བ་གདབ་པ་དང་སྦྱིན་སྲེག་ལ་སོགས་པའི་དེ་མ་ཐག་སྟེགས་བུའི་དབུས་སུ་རྟག་པའི་ཕོ་བྲང་བསྒོམས་ཏེ། དེར་རྡོ་རྗེ་འཆང་ཆེན་པོའི་སྦྱོར་བ་གསུམ་བྱ་བ་སྟེ་དེའི་ [183a.7]དོན་ཡང་བཟང་པོ་ཞབས་ཀྱིས། སྔོན་དུ་བསྙེན་པ་སྤྱོད་པ་ཡིས། །ཞེས་པ་ནས། ཏིང་འཛིན་གསུམ་པོ་མཆོག་ཡིན་ནོ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་ལྔ་གསུངས་སོ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས། །ཞེས་པ་ལ་སོགས་པ་ནི་གསོལ་བ་བཏབ་པས་ལངས་ནས་བགེགས་ [183b] [183b.1]བསྐྲད་བ་གསུངས་པ་སྟེ། སྔ་མ་བཞིན་དུ་ཕྱོགས་བཅུའི་སེམས་ཅན་དག་བསྡུ་བ་དང་སྤྲོ་བ་ལ་སོགས་པ་གཉིས་སུ་མེད་པའི་ཡེ་ཤེས་ཅན་གྱིས་བྱས་ཏེ་ལངས་ནས་རྡོ་རྗེ་གསོར་ནས་ས་ལ་ལན་གསུམ་བསྐོར་ཞིང་འོག་མའི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་དོ། །བཀའི་འཁོར་ལོ་ཞེས་ [183b.2]པ་ནི་བདག་ཉིད་དབུས་སུ་གནས་ཏེ་ཕྲེང་བ་དང་བསྐུལ་བའི་སྔགས་ཀྱིས་འཁོར་ལོའི་ལྷ་ལ་མངོན་སྤྱོད་ལ་སོགས་པའི་ལས་བཀའ་སྩལ་པའོ། །རབ་སྦྱོར་བ་ཞེས་པ་ནི་བདག་ཉིད་རྡོ་རྗེ་འཛིན་པ་ཡིན་པའི་ཕྱིར་གལ་ཏེ་བདག་གི་ཚིག་ལས་འདས་ན་ལྷ་ཡང་རུང་སྟེ། བཀའི་འཁོར་ལོའི་ [183b.3]སྦྱོར་བས་གཞིག་པར་བྱའོ་ཞེས་བསྡིགས་པའི་དོན་ཏོ། །དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། འཇམ་རྒྱལ་ཁྲོ་བོས་བལྟས་ནས་སུ། །ཞེས་པ་ནས། དེ་དག་འགས་པ་གདོན་མི་ཟ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་ཕྱེད་དང་དྲུག་གོ། །ཡང་མངོན་སྤྱོད་ཀྱི་ཆོ་ག་དེ་གཤིན་རྗེ་གཤེད་ཀྱིས་ [183b.4]བྱ་བར་གསུངས་པ། སངས་རྒྱས་དཀྱིལ་འཁོར་འཁོར་ལོ་ཅན། །ཞེས་པ་ལ་སོགས་པ་སྟེ་སངས་རྒྱས་དཀྱིལ་འཁོར་ནི་རྟག་པ་ལས་གྱུར་བའི་ཕོ་བྲང་ངོ་། །འཁོར་ལོ་ཆེ་ཞེས་པ་ནི་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ཆེན་པོའོ། །རང་གི་རྡོ་རྗེ་ཞེས་པ་ནི་རང་གི་བདག་པོའི་མེ་ལོང་ལྟ་བུའི་རྣམ་པར་དག་ [183b.5]པ་དང་སྦྱར་ནས་གཤིན་རྗེ་གཤེད་བདག་པོར་གྱུར་པའི་རྡོ་རྗེ་དཀྱིལ་འཁོར་ཏེ་སྤྱན་དྲང་བ་ཡང་ཛི་ན་ཛིཀ་ཅེས་སྦྱར་རོ། །དེ་བཞིན་ལྷ་མོ་དང་ཁྲོ་བོ་གཞན་དག་རིགས་ཀྱི་བདག་པོའི་རྣམ་པར་དག་པ་དང་སྔགས་དང་སྦྱར་ན་འཁོར་ལོའི་བདག་པོར་འགྱུར་ཏེ་དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ་ལས། དབུས་སུ་ [183b.6]གནས་གྱུར་གང་ཡིན་པའི། །འཁོར་ལོའི་བདག་པོར་དེ་ཤེས་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞུགས་པ་དག་ཅེས་པ་ནི་གོང་དུ་གསོད་པའི་སྦྱོར་བ་བྱས་ནས་བདག་ལ་ཞི་བའི་སྐུས་བསྡུས་པ་དག་གོ། །འདི་ཡང་ཆོ་ག་ནི་མི་བསྐྱེད་པ་བཞི་སྟེ་ཁྱད་པར་དུ་ཡང་བསྐུལ་བ་ལ་རང་ [183b.7]གི་ཕྲེང་བའི་སྔགས་སོ། །དེ་བཞིན་ཁྲོ་བོ་གཞན་ཡང་ཤེས་པར་བྱའོ། །ད་ནི་སྲུང་བའི་འཁོར་ལོ་གསུངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འམ། །ཞེས་པ་ལ་སོགས་པའོ། །རང་གི་སྔགས་ཀྱི་ཡོན་ཏན་ནི་རིག་པའི་ལྷའོ། །གཙུག་ཏོར་ནི་ཁྲོ་བོ་གཙུག་ཏོར་རྡོ་རྗེའོ། །ཡང་ན་ཞེས་པ་ནི་གཟི་ [184a] [184a.1]བརྗིད་ཕུང་པོ་གཟུང་ངོ་། །དེའི་དོན་ནི་ཐོག་མའི་ཐབས་དང་ཤེས་རབ་བསྒོམས་པའི་རྗེས་ལ་ཐེག་པ་ཆུང་ངུ་པ་དང་ཐུན་མོང་མ་ཡིན་པའི་དོན་དུ་ལྷ་གང་ཡང་རུང་བས་ཁྲོ་བོ་བཅུའི་འཁོར་ལོའི་ཆོ་ག་ཇི་ལྟ་བ་བཞིན་འབར་བར་བྱ་ཞེས་པ་འདི་ཡིན་ནོ། །དེ་ཡང་བཟང་པོ་ [184a.2]ཞབས་ཀྱིས། ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ། །ཞེས་པ་ཤློ་ཀ་གཅིག་གསུངས་སོ། །ད་ནི་བཅུ་གཅིག་པར་གསུངས་པའི་རྟག་པ་ལས་གྱུར་པའི་ཕོ་བྲང་གསུངས་པ། ནམ་མཁའ་རྡོ་རྗེ་དབུས་དག་ཏུ། །ཞེས་པ་ལ་སོགས་པ་སྟེ་དམ་ཚིག་ནི་ཕོ་བྲང་ངོ་། །ཆོས་ནི་བྱང་ཆུབ་ཕྱོགས་ [184a.3]ཀྱི་ངོ་བོ་ཉིད་དོ། །གནས་པ་ནི་ཉི་མ་ལ་སོགས་པའི་བདག་ཏི་དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། ཉི་ཟླ་ལེགས་པར་མནན་པ་ནི། །སྣ་ཚོགས་པདྨའི་ལྷ་སྟན་ཅན། །ཞེའོ། །ད་ནི་བཅུ་པར་གསུངས་པའི་རྡོ་རྗེའི་སྤྲིན་བསྡུ་བ་བྱས་ནས་ང་རྒྱལ་བྱ་བ་གསུངས་པ། མཁའ་དབྱིངས་སངས་ [184a.4]རྒྱས་ཐམས་ཅད་ཀྱིས། །ཞེས་པ་ལ་སོགས་པ་སྟེ། རང་སྔགས་ཡི་གེ་ཡེ་ཤེས་ཚིག །ཅེས་པ་ནི་ཨོཾ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པའོ། །ཐུགས་ཀྱི་རྣམ་པར་བསྒོམ་པར་བྱ། །ཞེས་པ་ནི་དེའི་ང་རྒྱལ་ལོ། །དེའི་དོན་ནི་རྡོ་རྗེ་ལས་བྱུང་བའི་འོད་རང་གི་འཁོར་ལོར་སྤྲོས་ནས་སླར་བསྡུས་ [184a.5]པ་དེ་བཙུད་ནས་སྔགས་བརྗོད་དེ་ང་རྒྱལ་བྱ་ཞེས་པ་དེ་ཡིན་ནོ། །དེ་ཡང་གསུངས་པ། གཟུགས་ཅན་དོན་དུ་རྒྱལ་འོད་བྱེད། །དེ་ཡི་བདག་ཉིད་ང་ཡིན་བརྗོད། །ཅེས་སོ། །ད་ནི་ཐུན་མོང་གྲུབ་པ་གཅིག་གསུངས་པ། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །ཞེས་པ་ལ་སོགས་པའོ། ། [184a.6]རྡོ་རྗེ་སེམས་དཔའ་ཞེས་པ་ནི་ཆུའི་རྡུལ་ཕྲ་རབ་དག་རྡོ་རྗེ་སེམས་དཔར་བསྒོམ་པ་སྟེ་རིགས་ཀྱི་ལྷར་བསྒོམ་པའི་རྐྱེན་ནོ། །སངས་རྒྱས་རིམ་པར་བཀོད་ཅེས་པ་ནི་རྟག་པའི་རྣལ་འབྱོར་པས་ལོ་ཙ་ན་ལ་སོགས་པར་ཆུ་བསྒོམ་པ་དང་། གཞན་ཡང་རང་གི་རིགས་གང་དང་གང་ཡིན་པའོ། །ཆུ་ཡི་སྟེང་དུ་རྐང་ [184a.7]པས་བཅག །ཅེས་པ་སྲ་བར་གྲུབ་ནས་ཆུ་ལ་འགྲོ་བར་བྱའོ་ཞེས་པའོ། །མཉམ་པར་གཞག་ཅེས་པ་ནི་འགྲོ་བའི་དུས་སུ་རང་གི་ལྷར་སྦྱོར་བའོ། །སྤྱི་བོའི་སྟེང་དུ་ཞེས་པ་ནི་ཆུའི་ལྷའི་སྤྱི་བོར་རང་བདག་པོར་བྱེད་པའོ། །ད་ནི་ལས་ཀྱི་ཁྱད་པར་བསམ་གཏན་པ་ལས་དགྲ་དང་དེའི་དཔུང་གནོན་པ་གསུངས་པ། [184b] [184b.1]དབང་ཆེན་དཀྱིལ་འཁོར་བསྒོམས་ནས་སུ། །ཞེས་པ་ལ་སོགས་པ་སྟེ། འདི་སྐད་དུ་མིང་གི་ཡི་གེ་དང་པོས་བསྐྱེད་པའི་བསྒྲུབ་བྱ་མདུན་དུ་མོས་ཏེ་དེའི་རྣམ་ཤེས་དགུག་པ་ལ་སོགས་པ་བྱས་ནས། དེའི་སྤྱི་བོར་སུཾ་གྱིས་བསྐྱེད་པའི་རི་རབ་ལ་ལཾ་གྱིས་བསྐྱེད་པའི་དབང་ཆེན་སེར་པོ་གྲུ་བཞི་པ་གྲྭ་ན་ [184b.2]རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ་སྣ་ཚོགས་པདྨ་དང་རྡོ་རྗེ་རྒྱ་གྲམ་དེ་ལ་ཕོ་བྲང་སྤྲུལ་ནས། དེར་ཁྲོ་བོ་སེར་པོའི་རྐང་པ་དག་གིས་བརྫིས་པ་བསྒོམས་ཏེ་རང་གི་སྔགས་བསྐུལ་བ་དང་བཅས་པ་བཟླས་ཞེས་སྟོན་པར་འགྱུར་རོ། །དཔུང་དང་ཆོ་ག་དེ་ཁོ་ན་སྟེ་ཡན་མན་བསྐང་བར་བྱའོ། །དཔུང་གཞོམ་པ་ [184b.3]གསུངས་པ། དགྲ་ཡི་འཁོར་གྱི་དམ་ཚིག་གི །ཞེས་པ་ལ་སོགས་པ་སྟེ། འདིས་ཀྱང་ཇི་སྐད་དུ། དཔུང་གི་གཟུགས་བརྙན་རུས་ཕྱེ་དང་། །དུག་དང་ཆུ་འགྲམ་གཉིས་ཀྱི་ས་ལ་སོགས་པས་བྱས་ཏེ་དང་པོའི་ཡི་གེས་བསྐྱེད་ནས་དུར་ཁྲོད་ཀྱི་རས་མ་ལ་ཇི་སྐད་གསུངས་པའི་རྫས་ཀྱིས་བྲིས་པའི་ཕྲེང་བའི་ [184b.4]སྔགས་མིང་དང་བསྐུལ་བར་བཅས་པས་ཁོང་པར་བཅུག་སྟེ་ནང་གི་གཞོམ་པ་དག་བྱས་ནས། ལྕགས་སམ་རུས་པའི་ཕུར་བུ་ཚད་སོར་བརྒྱད་པ་སྟེ་རྩེ་ལྔ་པ་ཧཱུཾ་ལས་བསྐྱེད་པ་ཨོཾ་གྷ་གྷ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དེའི་སྙིང་གར་ཁྲོས་ནས་གདབ་པར་བྱའོ་ཞེས་སྟོན་པར་འགྱུར་རོ། །འདིར་མ་རྫོགས་པ་ནི་ [184b.5]བཅོ་ལྔ་པ་ལས་སྟོན་ཏོ། །བདག་གིས་ནི་ཤེས་པར་སླ་བའི་ཕྱིར་ཚད་གཅིག་ཏུ་བྲིས་སོ། །ད་ནི་རིམས་ལ་སོགས་པ་གཞིལ་བར་གསུངས་པ། གྲོང་ངམ་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་གང་ཡང་རུང་བའི་རྣལ་འབྱོར་པས་ནམ་མཁའ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། སྔགས་ཀྱི་ཕྲེང་ [184b.6]བ་ཤཱནྟིཾ་ཀུ་རུ་ཞེས་བསྐུལ་ནས་བཟླས་པས་རྡོ་རྗེའི་འོད་བསྐལ་པའི་མེ་དང་འདྲ་བས་ནད་བསྲེགས་ནས་སླར་བསྡུས་པ་དང་། རྒྱས་པ་དང་སྐྱོན་དགག་པའི་དོན་དུ་རིན་པོ་ཆེའི་འོད་རྣམས་དང་། སངས་རྒྱས་ཀྱི་སྤྲིན་བདུད་རྩིའི་ཆོས་འཛིན་པ་རྣམས་སྤྲོས་ཏེ་དབང་བསྐུར་བར་བྱའོ་ཞེས་པ་ཡིན་ནོ། །དེའི་ [184b.7]ཡོན་ཏན་གསུངས་པ། འདི་ཡིས་ཞེས་པ་ལ་སོགས་པའོ། །ཡི་དམ་བཅས་པ་རྫོགས་ནས་ཀྱང་། །ཞེས་པ་ནི་གོང་དུ་བསྙེན་པ་རྫོགས་ནས་ཞེས་པ་སྟེ་ཐམས་ཅད་དུ་ཤེས་པར་བྱའོ། །ད་ནི་རི་མོའི་དཀྱིལ་འཁོར་བསྲུང་བའི་དོན་དུ་ཕུར་བུས་གདབ་པ་གསུངས་པ། རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ། ། [185a] [185a.1]ཞེས་པ་ལ་སོགས་པའོ། །འདིའི་དོན་ནི་བསམ་གཏན་གྱིས་བགེགས་བསྐྲད་པ་གསུངས་པ། སེང་ལྡེང་གི་ཕུར་བུ་དྲིས་བསྒོས་པ་སྲད་བུ་དམར་པོས་བཏགས་ཏེ། ཧཱུཾ་ལས་བགེགས་དགྲའི་གཟུགས་སུ་བསམས་ཏེ་སྔོན་དུ་བློ་ཡིས་རབ་ཏུ་བརྟགས་ནས། ཕྱིས་ཕྱོགས་ [185a.2]བཅུར་རམ་གཅིག་ལས་འཕྲོས་པའི་གཟུགས་ཀྱིས་ས་ལ་བསྐོར་ཏེ། གྷ་གྷ་ཞེས་པའི་སྔགས་བརྗོད་ནས། ཐོ་བས་བརྡུངས་པས་ས་ལ་བཟུང་བ་ཡིན་ནོ། །དེ་ཡང་བཟང་པོ་ཞབས་ཀྱིས། ས་ལ་ཡོངས་སུ་བསྐོར་བྱས་ཏེ། །ཞེས་པ་ནས། བགེགས་དེ་ཐམས་ཅད་གཞོམ་པར་བྱ། །ཞེས་བྱ་བའི་བར་ [185a.3]དུ་གསུངས་སོ། །ད་ནི་ཞི་བའི་ལས་གསུངས་པ། མདངས་བཟང་དཀྱིལ་འཁོར་དམ་པ་ནི། །ཞེས་པ་ལ་སོགས་པའོ། །འདིའི་དོན་ནི་རྟག་པའི་རྣལ་འབྱོར་པས་རང་གི་ཡེ་ཤེས་སེམས་དཔའི་སྙིང་གར་དང་པོའི་ཡི་གེས་འདོད་པའི་བསྒྲུབ་བྱ་བསྐྱེད་དེ་རྣམ་པར་ཤེས་པ་དགུག་ལ་དེར་བཞག་ནས། ཨོཾ་རུ་རུ་སྥུ་རུ་ [185a.4]ཛྭ་ལ་ཏིཥྛ་སིདྦྷ་ལོ་ཙ་ནི་སརྦ་སཱ་དྷ་ནི་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཨོཾ་ཞེས་བརྗོད་པས། སྤྱན་ལ་སོགས་པ་རང་གི་རིགས་ཀྱི་ལྷ་མོས་ནམ་མཁའ་ཁྱབ་པར་སྤྲོས་ནས་འོད་ཀྱི་གོང་བུར་སླར་བསྡུས་ཏེ་ནད་པའི་ལུས་ལ་ཁྱབ་ནས་ནད་བསྲེགས་ནས་སླར་སྤྲོ། སྐྱོན་དགག་པའི་དོན་ཡང་བསྡུས་ཏེ་བདུད་རྩི་བུམ་པས་དབང་ [185a.5]བསྐུར་ཏེ་ནད་པ་དེ་གཏང་བར་བྱའོ། །དེའི་ཡོན་ཏན་ནི་དེ་ཡིས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །རྒྱས་པ་གསུངས་པ། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཞེས་པ་ལ་སོགས་པ་སྟེ་འདིའི་དོན་ཡང་ཟླ་བ་ལ་གནས་པའི་དབང་ཆེན་གྱི་སྟེང་དུ་སྣང་བ་མཐའ་ཡས་སེར་པོ་བསམས་ཏེ། སྔགས་ཀྱང་ [185a.6]གང་སྙིང་གར་འདོད་པ་བཞག་པ་སྟེ། ཨོཾ་ཀ་ཊེ་བི་ཀ་ཊེ་ཀ་ཏཾ་ཀ་ཊེ་ཆེ་གེ་མོ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་རྒྱས་པ་ལ་ཨོཾ་གྱི་གནས་སུ་སྭཱ་ཧཱ་གཞུག་པར་བྱ་སྟེ། དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། ཞི་བ་དང་ནི་རྒྱས་པ་དང་། །དབང་དང་དགུག་དང་དབྱེ་བ་དང་། །བསྐྲད་པ་དང་ནི་མངོན་སྤྱོད་ལ། །ཨོཾ་ [185a.7]སྭཱ་ཧཱ་ཧོ་ཛཿཧཱུཾ་ཕཊ། སྔགས་ཀྱི་མཐར་ནི་བསྒྲུབ་པར་བྱ། །ཞེའོ། །དེ་བས་ན་སྭཱ་ཧཱས་བསྐུལ་བས་དཀར་མོ་ལ་སོགས་པས་ནམ་མཁའ་གང་བར་བསྒོམ་སྟེ། དཀར་མོ་ཞེས་པ་ནི་ལ་དཀར་བསྣམས་པའི་ཕྱིར་རོ། །དེ་ནས་ཡང་རིན་པོ་ཆེའི་འོད་ལྟ་བུར་སླར་བསྡུས་ནས་བསྒྲུབ་པའི་ལུས་དང་ངག་དང་སེམས་ལ་ [185b] [185b.1]དགང་བར་བྱ། རྒྱས་པ་ཁོ་ནའི་ཕྱིར་ཡང་སྤྲོས་ཏེ་ནོར་ལ་སོགས་པ་རྒྱས་པར་འདོད་ན། རིན་པོ་ཆེའི་ཆར་གྱིས་དེའི་ཁྱིམ་དགང་བ་དབང་བསྐུར་བ་དག་བྱའོ། །ཆོས་རྒྱས་པར་འདོད་ན་སྣང་བ་མཐའ་ཡས་ཀྱི་གཟུགས་ཀྱིས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་སྤྲིན་བསྟན་ཏོ་ཞེས་ཁྱད་པར་ [185b.2]རོ། །དབང་གསུངས་པ། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཞེས་པ་ལ་སོགས་པ་སྟེ། འདི་ཡང་ཟླ་གམ་ལ་གནས་པའི་ཉི་མའི་སྟེང་དུ་རྡོ་རྗེ་མཁའ་དོན་ཡོད་གྲུབ་པ་ཆོས་མཆོག་དམར་པོའི་གཟུགས་སུ་བསམས་ཏེ། འདོད་པ་སྙིང་གར་བཞག་ནས། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཆེ་གེ་མོ་བ་ཤཾ་ཀུ་རུ་ཧོཿ [185b.3]ཞེས་བརྗོད་པས་སྔ་མ་བཞིན་ལས་ཐམས་ཅད་བྱའོ། །གཟི་བརྗིད་དབབ་པ་ཞེས་པ་ནི་འོད་ཟེར་ལྔའི་སྦྱོར་བས་ཞུགས་ཏེ་བསྒྲུབ་བྱ་གཟི་བྱིན་བསྐྱེད་པ་ཁོ་ནས་འགྲུབ་པོ། །ད་ནི་མངོན་སྤྱོད་དང་འབྲེལ་བའི་ཆོ་ག་གསུངས་པ། ནམ་མཁའ་རྡོ་རྗེ་སྲིན་པོ་དང་། །ཞེས་པ་སྟེ་སྔར་བཤད་ཟིན་ཏོ། །མེ་ཡི་དཀྱིལ་ [185b.4]འཁོར་ལ་གནས་ཏེ། །ཞེས་པ་ནི། མངོན་སྤྱོད་ལ་མི་བསྐྱོད་པ་ལ་སོགས་པ་དག་མེའི་དཀྱིལ་འཁོར་གྲུ་གསུམ་ལ་གནས་ཏེ་བྱ་ཞེས་སོ། །ད་ནི་ལྷ་དེ་དག་གི་མདོག་ལ་སོགས་པའི་བསམ་གཏན་གསུངས་པ་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའོ། །ཞལ་གསུམ་ནི་རྣམ་པར་ཐར་པ་གསུམ་ [185b.5]གྱི་རང་བཞིན་ནོ། །དཀར་པོ་ལ་སོགས་པའི་ཚུལ་གསུམ་ནི་སྐུ་གསུམ་གྱི་དག་པའོ། །ཕྱག་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་དག་པ་སྟེ། དེ་དག་ནི་ཀུན་ལ་སྦྱར་རོ། །དཀྱིལ་འཁོར་གྱི་ལྷ་ལ་ཉེ་བ་དང་དགུག་པ་ལ་སོགས་པའི་ལས་ལ་ཉེ་བའི་ཁྲོ་བོའི་སྒོམ་པ་གསུངས་པ། ཁྲོ་བོ་ཆེན་པོ་གཤིན་རྗེ་ [185b.6]གཤེད། །ཅེས་པ་ལ་སོགས་པ་སྟེ། སྲུང་བའི་འཁོར་ལོ་ཉེ་བ་ནི་མ་ཡིན། འོག་ནས་རྡོ་རྗེ་སེམས་དཔའ་བསྐྱེད་པ་སྣང་བའི་ཕྱིར་རོ། །འོག་ན་ཡང་བསམ་གཏན་ནི་དེ་འདྲའོ། །ལས་ཀྱི་ཁྱད་པར་ལ་ཉེ་བའི་ཁྲོ་བོ་གསུངས་པ། ཊཀྐི་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ་དཀྱིལ་འཁོར་གྱི་ལྷ་མ་ཡིན་པ་དང་། [185b.7]སྔར་བཤད་པའི་གཏན་ཚིགས་ཀྱིས་སྲུང་བ་ལ་སོགས་པ་ཉེ་བ་ནི་མ་ཡིན་ནོ། །ཕྱག་བཞི་ཉེ་བ་ནི་གཉིས་རིག་མ་ལ་འཁྱུད་པ་སྟེ་ཐམས་ཅད་དུ་ཤེས་པར་བྱའོ། །ཞི་བ་ཞེས་པ་ནི་རིན་པོ་ཆེའི་རྒྱན་ནོ། །གཟི་བརྗིད་ཕུང་པོ་ནི་ཧཱུཾ་མཛད་དོ། །གཙུག་ཏོར་རྒྱལ་བ་ནི་གཙུག་ཏོར་རྒྱལ་པོ་སྟེ། གཞན་ཡང་ཞེས་པ་ནི་དེ་ [186a] [186a.1]གཉིས་ནི་བསྲུང་བར་བྱ་བ་ལ་བསྒོམ་མོ་ཞེས་པའི་དོན་ཏོ། །འདི་རྣམས་དང་མཐུན་པ་རུ་ཞེས་པ་ནི་ཤིས་པའི་ལས་དང་མཐུན་པར་ཁྲོ་བོ་དག་སྔགས་གསུངས་ཏེ། འདི་ནི་ཕྲེང་བའི་སྔགས་ཀྱི་རྗེས་ལ་སྦྱར་བའི་དན་ཏོ། །ད་ནི་གོང་མ་དེ་དག་རྡོ་རྗེ་སེམས་དཔའ་ལས་གྱུར་ཏོ་ཞེས་ [186a.2]གསུངས་པ། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཞེས་པ་ལ་སོགས་པ་སྟེ་མེ་ལོང་ལྟ་བུ་ཞེས་པ་ནི་དེའི་ཡེ་ཤེས་ཏེ་དེ་བཞིན་དུ་གཞན་དག་ཀྱང་རང་གི་ཡེ་ཤེས་ལས་བྱུང་བར་སྦྱར་རོ། །མཚན་རྣམས་ཞེས་པ་ནི་སྐུའི་རྡོ་རྗེ་ཉིད་མཚན་ནོ། །སྒྱུ་མ་ཞེས་པ་ནི་མིག་དང་ཡིད་འཕྲོག་པའི་གཟུགས་ [186a.3]ཀྱིས་དགའ་བར་བྱེད་པ་སྟེ་དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བ་ལས། སྒྱུ་མས་དགའ་བྱེད་བཞི་ཡང་སྤྲོ། །ཞེས་སོ། །ཨུཏྤལ་མཐིང་ག་ཞེས་པ་ནི་དམར་པོའོ། །ཨུཏྤལ་ཞེས་པ་ནི་པདྨ་ཉིད་དོ། །སྒྲོལ་མ་ཞེས་པ་ནི་དམ་པའི་ཆོས་ཀྱི་ཕྱག་རྒྱ་བརྐྱང་ནས་སེམས་ཅན་དག་སྒྲོལ་བས་སོ། །གཤིན་རྗེ་གཤེད་ [186a.4]ལ་སོགས་པའི་ཕྱག་མཚན་ནི་ཕྱི་མ་ལས་ཤེས་བར་བྱའོ། །ལྷ་མོ་དང་ཁྲོ་བོ་དེ་དག་ཀྱང་རང་གི་བདག་པོའི་རྣམ་པར་དག་པ་དང་། སྔགས་དང་སྦྱར་ན་འཁོར་ལོའི་བདག་པོ་ཡིན་པས་རྡོ་རྗེ་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྨོས་པ་ཡིན་ནོ། །འདོད་པའི་རྒྱལ་པོ་ཞེས་པ་ནི་གཟུང་བའི་ངོ་བོ་ཡིན་པའི་ [186a.5]ཕྱིར་རོ། །སྟོབས་པོ་ཆེ་ཞེས་པ་ནི་ཡན་ལག་གི་ཚིག་རེ་རེ་འང་སྲེད་མེད་ཀྱི་བུའི་སྟོབས་ལས་ཆེ་བའི་ཕྱིར་རོ། །རྡོ་རྗེ་སྔོན་པོ་ནི་མདོག་ལས་བཏགས་པའོ། །མི་གཡོ་བ་ནི་བྱང་ཆུབ་ཀྱི་དོན་ལ་མི་གཡོ་བ་ཉིད་ཀྱི་ཕྱིར་རོ། །འཁོར་ལོ་འབར་བས་ཡོངས་སུ་བསྐོར། །ཞེས་པ་ནི་འོད་ཟེར་གྱི་ཁ་ [186a.6]ལས་བྱུང་བའི་འཁོར་ལོས་བསྐོར་བའོ། །དེ་ཡང་བདུད་ཀྱི་གཙུག་ཏོར་གྱི་ཡི་གེ་དང་ལྡན་པས་གཙུག་ཏོར་འཁོར་ལོ་ཞེས་སོ། །སུམྦྷ་ནི་སྔགས་རྣམས་ཀྱི་བདག་པོ་གཉིས་བས་མཛེས་པའི་ཕྱིར་རོ། །འགོག་པ་ཞེས་པ་ནི་དབུགས་འགོག་པའི་ཁྲོ་བོའི་སྦྱོར་བ་སྟེ། དེས་དགུག་པ་ལ་སོགས་ [186a.7]པའི་ལས་རྡོ་རྗེ་ལྟར་གཞན་གྱིས་མི་ཕྱེད་པ་གྲུབ་ཅེས་པའི་དོན་ཏོ། །ལེའུ་བཅུ་གསུམ་པའི་འགྲེལ་པ་རྫོགས་སོ།། །།ད་ནི་དྲག་ཤུལ་གཙོར་སྟོན་པའི་ལེའུ་ལས་སྔགས་དང་འབྲེལ་བའི་ལས་དང་པོར་བསྟན་པས་གསུངས་བ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་ཡང་གཉིས་ཏེ་ཤིས་པ་ [186b] [186b.1]དང་ཁྱད་པར་རོ། །ཤིས་པ་ནི་ཞི་བ་དང་། སྲུང་བ་དང་། ཆོས་རྒྱས་པ་དང་། །དབང་དང་། དགུག་པ་དང་། བསྐྲད་པ་དང་། དུག་གཞིལ་བ་དང་། དབྱེ་བ་དང་། གསད་པ་དང་། ཆར་དབབ་པ་དག་སྟེ་བཅུའོ། །ཁྱད་པར་ནི་རང་གི་སྐབས་སུ་དབྱེའོ། །དེ་ལ་ཞི་བ་དམ་ཚིག་མཆོག །ཅེས་པ་ལ་ [186b.2]སོགས་པའི་ཏིང་ངེ་འཛིན་ནི་རང་གི་བདག་པོའི་ཏིང་ངེ་འཛིན་ཏེ་རྗེས་སུ་དཔག་གོ་ཞེས་པ་སྨྲས་ཟིན་ཏོ། །བཙུན་མོ་འདི་ཞེས་པ་ནི་དེ་དང་གཉིས་སུ་མེད་པའི་སྔགས་སོ། །སངས་རྒྱས་རྡོ་རྗེ་རྗེས་སུ་དྲན་པ་ནི་མཐུ་བསྟན་པ་སྟེ་དེའི་དུས་ན་ཡང་དེ་ལྟར་འགྱུར་ལ། རྣལ་འབྱོར་པ་དག་གིས་ཀྱང་དས་བསྐུལ་ [186b.3]ན་ཞི་བ་ལ་སོགས་པའི་ཕྲིན་ལས་དྲན་ནས་མཛད་དོ་ཞེའོ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཞེས་པ་ནི་དེ་ཉིད་མདོག་དང་། གདན་དང་བསྐུལ་བའི་སྔགས་ཀྱིས་བསྒྱུར་ནས་གང་འདོད་པ་བྱེད་དོ་ཞེས་ཏེ། དེ་དག་ནི་ཀུན་ལ་ཤེས་པར་བྱའོ། །རྡོ་རྗེ་དམ་ཚིག་སྐུལ་མཛད་པ། །ཞེས་པ་ནི་རང་གི་ [186b.4]ཡི་དམ་ཞི་བའི་ལས་ལ་དེས་བསྐུལ་བའམ། ཡེ་ཤེས་ཀྱི་བདུད་རྩི་ལས་དབྱངས་ཀྱིས་སྐུལ་བར་བྱེད་པའོ་ཞེས་སོ། །ཤི་བ་སོས་པར་བྱེད་ཅེས་པ་ནི་དེའི་ཤིས་པའི་ལས་ཏེ། འདིའི་ཆོ་ག་ནི་བསྒྲུབ་པའི་མཁན་པོས་ཡོངས་ལ་གྲགས་པའི་ཆོ་གས་ཞིབ་ཏུ་བཤད་པས་དེ་ལས་ཆེར་ཤེས་པར་བྱ་སྟེ་བདག་ [186b.5]གིས་ནི་མ་བྱས་སོ། །འོ་ན་ཡང་སྒྲའི་དོན་ཙམ་ནི་བཤད་པར་བྱ་སྟེ་ཀུན་ལ་དེ་ལྟར་ཤེས་པར་བྱའོ། །སྲུང་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སྲུང་བའི་ཞེས་པ་ནི་འཇིགས་པ་སྲུང་བ་སྟེ། དེ་ཡི་སྦྱོར་བས་སྟོབས་སུ་འགྱུར། །ཞེས་པའི་དོན་ཏོ། །ཆོས་རྒྱས་པ་གསུངས་བ་དེ་ནས་ཞེས་ [186b.6]པ་ལ་སོགས་པའོ། །ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །བཟླས་པ་ཙམ་གྱིས་ཞེས་པ་ནི་ཆོ་ག་ཐམས་ཅད་སྤྱད་དེ། གསུང་གི་བཀའ་བཟླས་པ་ཙམ་གྱིས་ཞེས་པའི་དོན་ཏོ། །དབང་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཡེ་ཤེས་ཐོབ་པར་འགྱུར་ཞེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ [186b.7]རྣམ་པར་དག་པའོ། །དགུག་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། གཟུགས་མཛེས་ཞེས་པ་ནི་སྲུབས་གཅིག་པ་འམ་སྲུབས་གཉིས་པའོ། །བདུད་ནི་མནན་པའི་ཚུལ་ཞེས་པ་ནི་གཡོན་བརྐྱང་བ་སྟེ། དེའི་དོན་ནི་ཇི་སྐད་གསུངས་པའི་ཐོད་པ་ལ་གནས་པའི་བསྒྲུབ་བྱ་གཡོན་བརྐྱང་ནས་ [187a] [187a.1]གཡས་པས་མནན་ནས་སྔགས་ཀྱི་ཕྲེང་བ་སྭཱ་ཧཱའི་གནས་ལ་ཆེ་གེ་མོ་ཨཱ་ཀཱཪྵ་ཡ་ཞེས་བསྐུལ་ལ་ལན་གསུམ་བརྗོད་ན་འགྲུབ་ཅེས་པ་ཡིན་ནོ། །མཱ་མ་ཀཱི་འམ་ཞེས་པ་ནི་དགུག་པའི་དེ་སྲུང་བ་དང་ཞི་བར་བྱ་ཞེས་ཏེ། ཁྲོ་བོས་བཀུག་ལ་ཀུན་ལ་དེ་སྦྱར་རོ། །བསྐྲད་པ་ [187a.2]གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་ཚུལ་བཞིན་བྱས་ན་ཞེས་པ་ནི་རང་གི་ཆོ་ག་གང་ཡིན་པའོ། །དབྱེ་བ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་སྲིན་པོ་ལ་སོགས་པས་ཟིན་པ་ལ་འམ། འདི་རྣལ་འབྱོར་པས་ཆོ་གས་ཐམས་ཅད་རྡོ་རྗེ་སེམས་ཀྱིས་སྦྱར་ནས་ཆེ་གེ་མོ་ [187a.3]རཀྵ་ས་དེ་བི་མོ་ཙ་ཡ་ཞེས་བསྐུལ་ནས་དབྱེ་ཞེས་པ་སྟེ་དེ་བཞིན་དུ་གཞན་ཡང་རང་རང་བསྐུལ་བ་ཤེས་པར་བྱའོ། །དུག་གཞིལ་བ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཁྲོ་བོའི་རྒྱལ་པོ་ཞེས་པ་ནི་དེའི་ཕྲེང་བའི་སྔགས་ཏེ་བསྐུལ་བ་དང་བཅས་པའི་ཞེས་པའི་དོན་ཏོ། །གསད་པ་ [187a.4]གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ་བརྒྱ་རྩ་བརྒྱད་བཟླས་པ་ཞེས་པ་ནི་ཉི་མ་གུང་ངམ་ནམ་ཕྱེད་ན་མིང་དང་བསྐུལ་བར་བཅས་ཏེ་བཟླས་པ་ཡིས་ཞེས་པའི་དོན་ཏོ། །ཆར་དབབ་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཡང་སྔགས་ཀྱི་ཁྱད་པར་དགུག་བར་གསུངས་པ་དེ་ནས་ [187a.5]ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་པ་ནི་རྐྱེན་ལས་བྱུང་བའི་འདོད་པའི་རྒྱལ་པོའི་རྣལ་འབྱོར་པའོ། །ལིངྒ་རྐང་པ་གཡས་པས་མནན། །ཞེས་པ་ནི་གཤིན་རྗེ་གཤེད་ཀྱི་ཆོ་ག་ཁོ་ནས་ཐོད་པ་ལ་མནན་པའི་བསྒྲུབ་བྱ་གཡས་པས་མནན་ཏེ་རང་གི་ལྕགས་ཀྱུ་ [187a.6]དང་ལྡན་པའི་ལྷ་དག་གིས་དགུག་ཅེས་པའི་དོན་ཏོ། །ལྷ་རྣམས་དགུག་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཁྲོ་བོ་ཆེན་པོ་སྔགས་འདི་ཡིས། །ཞེས་པ་ནི་ཇི་སྐད་གསུངས་པའི་སྦྱོར་བ་དང་ལྡན་ཞིང་བསྐུལ་བ་དང་བཅས་པའི་སྔགས་ཀྱིས་ཞེས་པའི་དོན་ཏོ། །ལུས་ནི་ཀུན་དུ་ [187a.7]འགས་བཞིན་དགུག །ཅེས་པ་ནི་ཆུང་མ་ལ་སོགས་པ་བནྡྷ་ལ་གནས་པ་ཇི་སྙེད་པའོ། །ལྷ་ལ་སོགས་པའི་བུ་མོ་དགུག་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ་རྡོ་རྗེ་སེམས་དཔའི་ཞེས་པ་ནི་གནོད་མཛེས་དེ་འབྲས་བུའི་ངོ་བོ་ཡིན་པའི་ཕྱིར་དེ་སྐད་བྱ་སྟེ། ཀུན་བདག་པོ་ཞེས་པ་ནི་ [187b] [187b.1]བདག་པོ་གཉིས་པ་ཡིན་པའི་ཕྱིར་རོ། །ད་ནི་བསམ་གཏན་ལ་བརྟེན་པའི་དགུག་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ། སངས་རྒྱས་རྡོ་རྗེ་སྐུ་གསུམ་ལ། །ཞེས་པས་ནི་སངས་རྒྱས་དགུག་པ་སྟོན་ཏེ་རྡོ་རྗེ་ཞེས་པ་ནི་མི་བསྐྱོད་པའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་སྤྲོ་བའི་ལྷའོ། །སངས་ [187b.2]རྒྱས་སྐུ་ཞེས་པ་ནི་རྟག་པའོ། །གསུང་ནི་སྣང་བ་མཐའ་ཡས་ཏེ་གཙོ་བོ་གསུམ་གྱི་གསུངས་པའོ། །འཁོར་ལོ་ཆེན་པོ་ཞེས་པ་ནི་འཁོར་ཚད་མེད་པའོ། །མིའི་བུ་མོ་དགུག་པ་གསུངས་པ། ཐམས་ཅད་རྡོ་རྗེ་དངོས་ཞི་བ། །ཞེས་པ་ལ་སོགས་བའོ། །རང་སྔགས་སྐྱེས་བུ་ནི་རིག་པའི་ལྷ་གང་ [187b.3]ཡིན་པའི་སྦྱོར་བའོ། །སྙིང་གར་ཞེས་པ་ནི་སྙིང་གའི་པདྨ་ལའོ། །རླུང་གི་དཀྱིལ་འཁོར་ཞེས་པ་ནི་ཡཾ་ལས་བསྐྱེད་པའི་རླུང་སྟེ་བསྒྲུབ་པར་བྱ་བའི་འོག་ཏུ་བསམ་སྟེ་དགུག་པར་བྱ་བ་ཐམས་ཅད་ལ་ཤེས་པར་བྱའོ། །ཟླ་བའི་དཀྱིལ་འཁོར་དག་ལ་ནི། །ཞེས་པ་ལ་སོགས་པས་ནི་ཤ་ཅི་ [187b.4]དགུག་པ་གསུངས་ཏེ་དེའི་དོན་ནི་རྟག་པ་ལས་གྱུར་པའི་ཟླ་བ་ལ་ཤ་ཅི་བཞག་ནས་བདུད་རྩི་འཁྱིལ་པའི་རྣལ་འབྱོར་པས་རང་གི་སྔགས་ལན་ལྔ་བཅུ་ཤ་ཙིའི་མིང་ཨཱ་ཀཱཪྵ་ཡ་ཞེས་བསྐུལ་ན་ངེས་པར་དགུག་ཅེས་པ་འདི་ཡིན་ནོ། །ཡང་འདོད་བའི་རྒྱལ་པོས་དགུག་པ་གསུངས་པ། རྡོ་རྗེ་ཀྱོ་བ་ [187b.5]གཟུགས་ཆེན་པོ། །ཞེས་པ་ལ་སོགས་པའོ། །གཟུགས་པོ་ཆེ་ཞེས་པ་ནི་ཀྱོ་བ་དང་ལྡན་པའི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་པ་ནི་རླུང་གི་དཀྱིལ་འཁོར་རོ། །ནམ་མཁའི་བུ་མོ་ནི་ལྷའི་བུ་མོའོ། །སུམྦྷས་དགུག་པ་གསུངས་པ་རང་གི་ཁྲོ་བོ་ཞེས་པ་ལ་སོགས་པ་སྟེ་ས་འོག་ [187b.6]ན་འོག་གི་ཁྲོ་བོ་ཞེས་པའོ། །དེའི་དོན་ནི་གནོད་མཛེས་ཀྱི་རྣལ་འབྱོར་པས་གསལ་ཤིང་དང་ཀྱོ་བར་ལྡན་པའི་ཁྲོ་བོ་སྤྲོས་ཏེ་གསལ་ཤིང་གིས་བསྒྱེལ་ནས་ཀྱོ་བས་དགུག་ཅེས་པའི་དོན་ཏོ། །ཡང་གསུངས་པ་བཙག་གམ་ཞེས་པ་ལ་སོགས་པ་སྟེ། དེའི་དོན་ནི་གང་ཡང་རུང་བའི་རྣལ་འབྱོར་པས་ [187b.7]ཟླ་བ་གཟས་ཟིན་པའི་ཚེ་བཙག་ལ་སོགས་པ་ལས་ལྕགས་ཀྱུའི་གཟུགས་བྱས་ཏེ། རང་རང་གི་རིག་མའི་སྦྱོར་བའི་བུ་མོའི་གསང་བར་བཅུག་སྟེ། དེ་དང་རང་གི་མཚན་མ་ལས་འོད་ཟེར་ལྕགས་ཀྱུ་འཕྲོ་བ་དེ་ལ་བསྟིམས་ཏེ། རང་གི་སྔགས་ཀྱིས་ཇི་སྲིད་གྲོལ་གྱི་བར་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ [188a] [188a.1]ནས་ལམ་གྱི་བཞི་མདོར་མིང་བསྐུལ་བར་བཅས་པ་བྲི་ཞེས་པ་ཡིན་ནོ། །གནོད་སྦྱིན་མོ་དགུག་པ་གསུངས་པ་རྣམ་པ་མཆོག་རྣམས་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་འཇམ་པའི་འཁོར་ལོའི་རྣལ་འབྱོར་པས་གནོད་སྦྱིན་མོའི་མགོ་བོར་གཤིན་རྗེ་གཤེད་བསྐལ་པའི་མེ་དང་འདྲ་བ་ [188a.2]བསྒོམས་ཏེ་ཀྱོ་བ་དང་སྦྱོར་བའི་ལྷ་རྣམས་ཀྱིས་དགུག་ཅེས་ཇི་སྙེད་པའོ། །ཀུན་གྱི་ཕྱག་རྒྱའི་ཁྱད་པར་དང་། །ཞེས་པའི་དོན་ཏེ་རང་གི་ཕྱག་རྒྱ་ཆེན་པོའི་སྦྱོར་བས་རང་གི་སྔགས་བཟླས་ནས་དགུག་གི་གཞན་གྱི་བཟླས་པས་མ་ཡིན་ཞེས་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་གནོད་ [188a.3]མཛེས་ཏེ། འདི་སྐད་དུ་ཁྱད་པར་མ་སྨོས་པའི་དགུག་པར་བྱ་བ་ཐམས་ཅད་ཀྱི་མགོ་ལ་གནོད་མཛེས་བསམས་ཏེ། དེ་ཉིད་འབྲས་བུའི་ཡེ་ཤེས་རྟག་པའི་ཕྱིར་རོ། །རྡོ་རྗེ་ཐོར་ཚུགས་གཅིག་མ་དང་ཁྲོ་གཉེར་མའི་རིག་སྔགས་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། འདི་ཡང་བསྒྲུབ་པའི་ [188a.4]མཁན་པོས་བཤད་པས་དེ་ཁོ་ན་ལས་ཆེར་ཤེས་པར་བྱ་སྟེ། དེ་བཞིན་དུ་རིག་པའི་ཚོགས་གཞན་ལས་བྱུང་བ་ཐམས་ཅད་ཀྱང་འདིར་རྗེས་སུ་དཔག་ནས་སྦྱར་ཏེ། རིག་པའི་ཚོགས་བྱེ་བ་ཁྲག་ཁྲིག་ཅེས་གསུངས་པའི་ཕྱིར་རོ། །ད་ནི་དགུག་པ་ལ་ཉེ་བར་བརྟགས་ནས་ཐུན་མོང་གི་བསྙེན་པ་ [188a.5]གསུངས་པ། འགོག་པའི་རྡོ་རྗེ་རྒྱལ་པོ་ནི། །ཞེས་པ་ལ་སོགས་པ་སྟེ་དབུགས་འགོག་པ་ལ་སྤྱོད་པའི་སྦྱོར་བ་གསུམ་གྱིས་ཡེ་ཤེས་ཀྱི་མཚན་མ་ཐོབ་པས་ཡོངས་སུ་རྫོགས་པས་རང་གིས་འབུམ་དུ་བཟླས་ན་ཞེའོ། །ཡང་ན་ཞེས་པ་ནི་བཟླས་པ་ཡང་ཞེས་པའི་དོན་ཏོ། །ད་ནི་མངོན་སྤྱོད་ [188a.6]ལས་ཕྱིའི་ཆོ་ག་དང་བསྐྲད་པ་གསུངས་པ། རྡོ་རྗེ་སློབ་དཔོན་སྨོད་པ་དང་། །ཞེས་པ་ལ་སོགས་པ་སྟེ་སྔགས་ཀྱི་དངོས་གྲུབ་ཅེས་པ་ལ་སོགས་པ་ནི་ཐུན་མོང་ངོ་། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱིས། །ཞེས་པ་ལ་སོགས་པ་ནི་ནང་གི་གསད་པ་བྱས་ཏེ་ཕྱིའི་བྱའོ་ཞེས་མཚམས་ [188a.7]སྦྱོར་བའོ། །ཕྱིའི་ཡང་རྣམ་པ་གསུམ་ལས་མཚན་མ་མནན་ནས་བཟླས་པ་གསུངས་པ་ཁྲག་དང་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་ཆུ་འགྲམ་གཉིས་ཀྱིས་དང་། དུག་དང་རྐང་རྗེས་ཀྱི་ས་དང་ཤ་ཆེན་ལ་སོགས་པ་ཁྲག་གམ་བོང་བུའི་བདུད་རྩིས་སྦྲུས་པས་བསྒྲུབ་བྱའི་གཟུགས་ [188b] [188b.1]བྱས་ཏེ་དུར་ཁྲོད་ཀྱི་རས་མ་ལ་དུག་དང་ཚྭ་བ་དང་མར་ནག་དང་སོལ་བ་དང་། མཚོན་གྱིས་ཤི་བའི་ཁྲག་དག་གིས་ཁྲོ་བོའི་རྡོ་རྗེ་ལ་གནས་པའི་སྔགས་དང་མིང་བྲིས་ཏེ་ཁོང་པར་བཅུག་ནས་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས་གཅེར་བུར་ཕུད་དེ་སྐྲ་བཤིག་ནས་ནང་གི་གཞོམ་པ་སྔོན་དུ་བྱས་ཏེ། ལིངྒ་ [188b.2]རྐང་པ་གཡོན་པས་མནན་ནས་བརྒྱ་རྩ་བརྒྱད་བསྐུལ་ན་འཇིག་ཅེས་ཇི་སྙེད་པའོ། །ཆུ་ཡིས་གཤེར་བའི་གོས་ལ་སོགས་པ་ཡང་ཆོ་ག་ནི་དེ་ཁོ་ནའོ། །དེའི་གནས་གསུངས་པ་མ་མོའི་གནས་སམ་ཞེས་པ་ལ་སོགས་པའོ། །ཕུར་བུའི་ཕྱིའི་ཆོ་ག་གསུངས་པ། མི་ཡི་རུས་པ་ལས་བྱས་ [188b.3]པའི། །ཞེས་པ་ལ་སོགས་པ་སྟེ་འདིའི་དོན་ནི་སྔ་མའི་ཕོ་མཚན་དང་། གོང་དུ་གསུངས་པའི་རྫས་ལས་བྱས་པའི་བསྒྲུབ་བྱ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་མིང་རུས་ཀྱི་ཕུར་བུ་ཧཱུཾ་ལས་བསྐྱེད་པ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། གྷ་གྷ་ཞེས་པའི་སྔགས་ཀྱིས་སྙིང་གར་བསྐུལ་ཏེ་བཏབ་ནས་དགྲའི་ [188b.4]སྒོ་ཁར་སྦ་བ་ཡིན་ནོ། །ཤེས་དང་མི་ཤེས་རྣམ་སྤངས་པ། །ཞེས་པ་ནི་རྣམ་པར་རྟོག་པ་སྤངས་པའི་སངས་རྒྱས་སོ། །ད་ནི་བསྐྲད་པའི་ཆོ་ག་གསུངས་པ་ཡང་ན་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་ཐོར་ཚུགས་གཅིག་མའམ། གང་ཡང་རུང་བའི་རྣལ་འབྱོར་པས་ཐོད་པ་མཚན་ [188b.5]དང་ལྡན་པ་ལ་ཤིང་ནིམ་པ་དང་བཙོད་དང་ཞུ་མཁན་གྱི་ལོ་མ་དག་གི་ཁུ་བས་རླུང་ལ་གནས་པའི་གཟུགས་སྒྲོ་རྩའི་སྨྱུ་གུས་བྲིས་ཏེ་སྙིང་གར་སྔགས་ཀྱི་ཕྲེང་བའི་མིང་དང་། ཨུ་ཙ་ཏ་ཡ་ཕཊ་ཅེས་བསྐུལ་ཏེ་བྲིས་ནས་གྲོང་ལ་སོགས་པར་སྦས་ཏེ། ནིམ་པ་དང་རུས་དུམ་གྱིས་བཀབ་སྟེ་བཞག་ན་བསྐྲད་ [188b.6]པར་འགྱུར་རོ། །ཐོད་པ་མ་རྙེད་ན་ཏཱ་ལའི་ལོ་མ་དང་དུར་ཁྲོད་ཀྱི་རས་ལ་སོགས་པ་ལ་སྟེ་ཆོ་ག་དེ་ཁོ་ནའོ། །མ་བསྐྲད་ན་ཡང་འཆི་བའམ་སྐམས་པར་འགྱུར་རོ། །ད་ནི་ཁམས་གསུམ་པ་ལ་གདབ་པའི་ཕུར་བུ་གསུངས་པ། མི་ཡི་རུས་པའི་ཕུར་བུའམ། །ཞེས་པ་ལ་སོགས་པ་སྟེ་དེའི་ཕྱིར་སྐུ་གསུམ་ [188b.7]འཇིག་པར་བྱེད་ཅེའོ། །མིའི་རུས་པ་ཞེས་པ་ནི་སྐུའི་རིགས་ཏེ་དཀར་བའི་ཕྱིར་རོ། །གཞན་ཡང་དེ་ལྟར་ཤེས་པར་བྱའོ། །མདངས་བཟང་པོ་ཞེས་པ་ནི་ཧཱུཾ་གི་ཡེ་ཤེས་ལས་བསྐྱེད་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་མཉམ་གཞག་པ། །ཞེས་པ་ནི་ཐུགས་ལ་གདབ་པའི་ཕུར་བུ་གཞན་གྱིས་མི་ [189a] [189a.1]ཐུབ་པར་བསྒོམས་ཏེ། དེ་བཞིན་དུ་སྐུ་ལ་གདབ་པ་ལ་ཡང་རྣམ་པར་སྣང་མཛད་ཅེས་ཏེ་རང་གི་རིགས་སོ། །དེའི་ཕྱིར་གཤིན་རྗེ་གཤེད་ཅེས་ཏེ་གསུང་ལ་ཡང་རྟ་མགྲིན་གྱི་ཚུལ་ལོ། །དེ་ལྟར་ཡང་ཕྱི་མ་ལས། རིགས་ཀྱི་བྱེ་བྲག་ཚུལ་གྱིས་ནི། །རྡོ་རྗེ་ཕུར་བུས་གདབ་པར་བྱ། ། [189a.2]ཞེའོ། །གདབ་པའི་གནས་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སྦྱོར་བས་ཞེས་པ་ནི་ཁྲོ་བོ་སུམྦྷ་སྟེ་དེས་ནི་སངས་རྒྱས་ལ་གདབ་པོ། །གོང་དུ་འང་དམ་ཚིག་དེ་ཉིད་བྱ། །ཞེས་པ་ནི་གདུག་པ་རྣམས་ལ་ཡང་ཞེས་པའི་དོན་ཏོ། །སྐུ་རྡོ་རྗེ་ལ་གདབ་པའི་སྔགས་དང་ཕྱག་རྒྱ་ [189a.3]གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་ཚིམ་མ་ཞེས་པ་ནི་ཞེ་སྡང་སྤངས་པའོ། །ཕན་ཚུན་དཀྲི་བའི་ཚུལ་དུ་ཞེས་པ་ནི་ལག་པ་རྒྱབ་སྦྱར་ཏེ་སོར་མོ་རྣམས་དེ་ཀྲི་བའོ། །མཐེ་བོང་གཉིས་ནི་རབ་ཏུ་བསྡམ། །ཞེས་པ་ནི་གཡས་པའི་མཐིལ་དུ་མཐེ་བོང་གཉིས་ཁ་སྤྲད་པ་སྟེ་འཁོར་ལོའི་ [189a.4]ཕྱག་རྒྱའོ། །འདིའི་དོན་ནི་ཇི་སྐད་གསུངས་པའི་ཞི་བའི་ཆོ་ག་དག་གིས་མཚན་མ་མ་ཐོབ་པ་ལ་ཇི་སྐད་གསུངས་པའི་རྫས་ལས་བྱས་པའི་སངས་རྒྱས་གཟུགས་མཚན་མ་ཁོང་པ་ན་གནས་པ་ལ་དགུག་པའི་ཆོ་ག་ལ་སོགས་པ་བྱས་ཏེ། བདག་རྣམ་པར་སྣང་མཛད་ཀྱི་ཚུལ་དུ་གནས་ནས་གོང་དུ་ [189a.5]བཤད་པའི་ཕུར་བུ་ཕྱག་རྒྱ་འདིས་བཟུང་སྟེ། བསྐུལ་བའི་བསམ་པས་སྔགས་འདིས་བསྐུལ་བ་དང་བཅས་པས་བཏབ་པའམ། ཡང་ན་སྔགས་དང་ཕྱག་རྒྱ་འདིས་བཟུང་ནས་ཕྱིས་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ་རྡོ་རྗེ་ཐོ་བས་ཨོཾ་བཛྲ་མུངྒ་ར་ཞེས་པ་ལ་སོགས་པའི་སྔགས་ཀྱིས་གདབ་བོ། །དམ་ [189a.6]ཚིག་མཆོག་གིས་ལྡང་བར་འགྱུར། །ཞེས་པ་ནི་དངོས་གྲུབ་སྩོལ་བའི་དོན་ཏོ། །འོག་མ་གཉིས་ལ་ཡང་ཆོ་ག་ནི་དེ་ཁོ་ན་སྟེ་ཁྱད་པར་དུ་རང་གི་ཚུལ་དང་སྔགས་དང་ཕྱག་རྒྱ་མི་འདྲ་བར་ཟད་དོ། །དེ་དག་གི་ཕྱག་རྒྱ་ནི་རྡོ་རྗེ་དང་པདྨའོ། །དེ་ནས་མཉེས་ཏེ་བསྟོད་པ་གསུངས་པ། དེ་ནས་ཞེས་པ་ལ་ [189a.7]སོགས་པ་སྟེ། ཨེ་མའོ་གསང་བའི་གནས་ཀྱི་མཆོག །ཅེས་པ་ནི་གཤིན་རྗེ་གཤེད་ཀྱི་ཕུར་པ་སྟེ་སྐུའི་རིགས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འོག་མ་གཉིས་ཀྱང་ཤེས་པར་བྱ་སྟེ་དེ་གསུམ་ནི་རྡོ་རྗེ་རྣམ་འཇོམས་ཤེའོ། །ལེའུ་བཅུ་བཞི་པའི་འགྲེལ་པ་རྫོགས་སོ།། །། [189b] [189b.1]ད་ནི་དངོས་གྲུབ་ཀྱི་མཚན་མ་རྨི་ལམ་གཙོར་སྟོན་པའི་ལེའུ་གསུངས་པ་ལས། དང་པོ་འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་སྒྲུབ་པ་ཆེན་པོ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་ནི་འདི་རྟག་པའི་སྒྲུབ་པ་སྟེ། སྨེ་ཤ་ཅན་ཞེས་པ་ནི་རྡོ་རྗེའི་རིགས་ཏེ་ལོ་བཅུ་གཉིས་མ་ཉིད་ [189b.2]ཀྱི་ཕྱིར་རོ། །དེ་བས་ན་འདི་ནི་འོག་ཏུ་ཤེས་པར་བྱ་ལ། བཙོ་བླག་མཁན་གྱི་བུ་མོ་ལོ་གྲངས་བཅུ་དྲུག་མ་མདོག་དཀར་མོ་གཟུང་ངོ་། །རྟག་ཏུ་ཞེས་པ་ནི་གཏན་དུ་གཟུང་བའི་དོན་དུ་ཤེས་པར་བྱའོ། །རྡོ་རྗེ་འཁྱིལ་པ་ཞེས་པ་ནི་མཚན་མ་དམ་པ་ཐོབ་པའི་རྣལ་འབྱོར་པ་ཉིད་བདུད་རྩི་འཁྱིལ་ [189b.3]པར་བསྒོམས་ཏེ་བགེགས་བཅོམ་ནས་བཤང་གཅི་ལ་སོགས་པ་འབར་བར་བྱས་ནས་རྣམ་པར་ཐར་པའི་ཁང་པ་གྲུ་བཞི་པ་བྱ་ཞེས་སོ། །མཚན་ཉིད་ཐམས་ཅད་ཅེས་པ་འདིར་ནི་མདོག་དང་ན་སོ་ལ་སོགས་པས་དག་པའི་ཁྱད་པར་རོ། །དཀྱིལ་འཁོར་ལྔ་ཞེས་པ་ནི་རིགས་ལྔས་བྱིན་གྱིས་ [189b.4]བརླབ་པའོ། །མཆོད་པ་ཉམས་དགའ་ཞེས་པ་ནི་བདེ་བ་ཆེན་པོའི་ངོ་བོའོ། འདིར་མ་རྫོགས་པ་ནི་འོག་ནས་ཤེས་པར་བྱའོ། །རྡོ་རྗེ་འཛིན་པས་གསུངས་པ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའམ་མི་བསྐྱོད་པའོ། །ཨུཏྤལ་མཐིང་གའི་མདོག་ཅེས་པ་ནི་སྨེ་ཤ་ཅན་གྱི་བུ་མོ་དང་ [189b.5]སྦྱོར་བ་ཡིན་ནོ། །སྦྱོར་བའི་ཆོ་ག་དེ་ཉིད་ནི། །ཞེས་པ་ནི་རྟག་པའི་སྐབས་སུ་བཤད་པའི་ཆོ་ག་ཐམས་ཅད་འདིར་ཡང་སྦྱར་རོ། །ཆོས་རྣམས་ཀུན་དང་མཚུངས་ཞེས་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐུན་མོང་མ་ཡིན་པ་ཐམས་ཅད་ལ་རེག་པའི་དོན་ཏོ། །སྣང་བ་མཐའ་ [189b.6]ཡས་ཀྱིས་གསུངས་པ། རྡོ་རྗེ་ཆོས་ནི་རྣམ་བསྒོམས་པས། །ཞེས་པ་ལ་སོགས་པའོ། །ས་བཅུ་ལ་ནི་གནས་པར་འགྱུར། །ཞེས་པ་ནི་ས་བཅུའི་འབྲས་བུ་སངས་རྒྱས་ཀྱི་ས་ལ་གནས་པ་སྟེ། རྡོ་རྗེའི་མཚན་མ་ནི་རྡོ་རྗེ་སེམས་དཔའ་ཁོ་ནར་གྱུར་པའོ། །དེ་བས་དོན་བསྡུས་པ་ལས། རྡོ་རྗེ་སེམས་དཔའ་ [189b.7]དངོས་དེ་ཡི། །ས་བཅུ་གསུམ་པ་གནས་པ་ཡིན། །ཞེས་གསུངས་སོ། །ད་ནི་དེ་དག་གི་སྒྲུབ་པའི་ངོ་བོ་གཟུང་བ་གསུངས་པ། རྡོ་རྗེ་ཉི་མ་ནུབ་ནས་ནི། །ཞེས་པ་ལ་སོགས་པའོ། །གསང་བའི་རྡོ་རྗེ་ཁོ་ན་ཉི་མ་སྟེ་པདྨ་ལ་ནུབ་ནས་བསྐྱོད་པའི་ངོ་བོ་སྒྲུབ་པ་བརྩམས་ཏེ་སེམས་བསྡུས་པའི་ངོ་བོ་སྐྱ་རེངས་ [190a] [190a.1]ཤར་བ་དང་། འདོད་ཆགས་མ་ཡིན་ཆགས་བྲལ་མེད། །ཅེས་པ་ལ་སོགས་པ་ཡེ་ཤེས་གསུམ་གྱི་ཆ་རིག་པ་སྟེ་གཏན་དུ་གཟུང་བ་ནི། བསྒོམ་པ་མཆོག་གིས་འགྲུབ་པར་འགྱུར། །ཞེའོ། །སངས་རྒྱས་མཚན་གྱིས་མཚན་པར་འགྱུར། །ཞེས་པ་ནི་རིག་འཛིན་ལྟ་བུ་ནི་མ་ཡིན་ [190a.2]པའི་དོན་ཏོ། །སྦྱོར་བ་ཐམས་ཅད་ཅེས་པ་ནི་ཕྱག་རྒྱའི་ཚོགས་ཐམས་ཅད་བདག་བཞིན་དུ་སྦྱོར་ཞིང་འཛིན་པ་སྟེ་བཤང་གཅིའི་དམ་ཚིག་ཅེས་པ་ནི་དེའི་ཟས་ཏེ་ཐམས་ཅད་མངོན་དུ་འབར་བར་བྱས་ཏེ། དེའི་དུས་ཐམས་ཅད་དུ་ཟ་བའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཞེས་པ་ནི་རྡོ་རྗེ་དང་པདྨ་ཞེས་པ་སྟེ་དེའི་ [190a.3]ཞི་བ་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ་ཆོས་ཉིད་དོ། །གནས་ཞེས་པ་ནི་རྡོ་རྗེ་འཛིན་པ་ཀུན་གྱི་གནས་སོ། །བླ་ན་མེད་པ་ཞེས་པ་ནི་ཐབས་བྱ་ཞེས་པའི་དོན་ཏོ། །འདིར་མ་རྫོགས་པ་ནི་འོག་ཏུ་ཤེས་པར་བྱའོ། །ད་ནི་ཁྱད་པར་གྱི་ལས་སྟོན་ཏེ་དེ་ཡང་གཉིས་ཏེ་གཤིན་རྗེ་གཤེད་ཀྱི་ [190a.4]དང་བགེགས་དགྲའོ། །དེ་ལ་གཤིན་རྗེ་གཤེད་ཀྱི་ཁྱད་པར་གྱི་ལས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་ཡང་ས་བླ་དང་བསམ་གཏན་པ་གཉིས་ལ་དང་པོ་འདིར་བུ་མོ་དགུག་པས་བླ་བ་ཡིན་ནོ། །འདིའི་དོན་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དུར་ཁྲོད་ཀྱི་ཐལ་བ་ལས་ཧོམ་ཁུང་གྲུ་ [190a.5]གསུམ་བྱས་ནས། ཚེར་མའི་མེ་བུས་ཏེ་མེའི་དབུས་སུ་ཡང་དེ་ཉིད་སྤྱན་དྲངས་ནས་ཞག་གསུམ་དུ་ཉི་མ་གུང་ངམ་ནམ་ཕྱེད་ན་དུག་ལ་སོགས་པ་སྟོང་རྩ་བརྒྱད་བསྲེག་ཅིང་། ཨོཾ་ཧྲཱྀཿཥྚཱྀ་བི་ཀྲྀ་ཏཱ་ན་ན་སརྦྦ་ཤཏྲཱུཾ་ན་ཡ་བུ་མོ་ཆེ་གེ་མོ་སྟམྦྷ་ཡ་ཧཱུཾ་ཧཱུཾ་བུ་མོ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ་ཅེས་བསྐུལ་ན་དགུག་གི་ཞེས་ [190a.6]པ་ཡིན་ནོ། །བསམ་གཏན་པ་གསུངས་པ་བཅུ་བཞི་འམ་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་པས་དེས་དུར་ཁྲོད་ཀྱི་སོལ་བ་མར་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་སྟོང་རྩ་བརྒྱད་དང་ཆེ་གེ་མོ་ནཱ་ཤ་ཡ་ཨཱ་ཀཱཪྵ་ཡ་ཞེས་གང་ཡང་རུང་བའི་གདོན་དང་བུ་མོའི་མིང་བསྐུལ་བས་བཏབ་སྟེ། ལམ་གྱི་བཞི་མདོར་ [190a.7]བྲིས་ན་དེས་དེ་སྟེར་བར་འགྱུར་རོ། །ཡང་གསད་པ་གསུངས་པ་ཐོབ་ཅེས་པ་ལ་སོགས་པ་སྟེ། ཟླ་བ་ཤི་བའི་ནུབ་མོ་ཡི་གེ་དང་པོས་བསྐྱེད་པའི་བསྒྲུབ་བྱ་མདུན་དུ་མོས་ཏེ་རྣམ་པར་ཤེས་པ་དགུག་པ་ལ་སོགས་པ་བྱས་ནས་དེའི་ཕྱག་ཆ་ཐོ་བ་བརྒྱབ་ན་འཆི་ཞེའོ། །ཡང་གསུངས་པ་ཧཱུཾ་ཞེས་པ་སྟེ། གོང་ [190b] [190b.1]མ་ཁོ་ན་ལས་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེས་བཏེག་ཅེས་པ་ནི་མི་འདྲ་བར་ཟད་དོ། །ཡང་གསུངས་པ་རྡོ་རྒྱུས་ཞེས་པ་ལ་སོགས་པ་སྟེ་ཇི་ལྟ་བ་བཞིན་དུ་རྡོ་རྒྱུས་ལ་སོགས་པའི་ས་མ་ར་ན་ཞེས་པ་བསྐུལ་བའི་སྔགས་གོང་མ་སྟོང་རྩ་བརྒྱད་བཟླས་ཏེ། དུར་ཁྲོད་ཀྱི་ས་ལ་དེས་བསྒྲུབ་བྱའི་གཟུགས་བྲིས་ [190b.2]ནས་ཧཱུཾ་ལས་བསྐྱེད་པའི་སྟ་རེས་མིད་པ་བཅད་པར་བསམས་ན་མགོ་གཅོད་པར་འགྱུར་རོ། །ཡང་བསམ་གཏན་ལ་བརྟེན་པའི་ལས། ལས་ཆར་པ་བཅད་པ་གསུངས་པ། ལས་ཀྱི་རྡོ་རྗེ་རབ་འབར་བ། །ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་སེར་པོས་ནམ་མཁའ་ཧཱུཾ་ལས་ [190b.3]བསྐྱེད་པའི་ལས་ཀྱི་རྡོ་རྗེ་སེར་པོ། དེའི་ལྟེ་བ་ལ་ཡང་རྡོ་རྗེ་ཕྲ་མོ་སེར་པོ་དེའི་བུམ་པ་ལ་བདག་གནས་ཏེ་དེའི་འོད་དང་བདག་གི་འོད་བསྐལ་པའི་མེ་ལྟ་བུས་ཀླུང་རྣམས་སྐམས་པ་དང་སྤྲིན་ཀུན་གཏུབས་ཏེ་རང་གི་སྔགས་མ་ཧཱ་བྷྲི་སྟེ་ཏེ་དེ་ཞེས་བསྐུལ་ཏེ་བཟླས་ན་ཆར་མི་འབབ་པོ། །ད་ནི་རི་མོའི་ [190b.4]དཀྱིལ་འཁོར་གྱི་རླུང་ལ་སོགས་པ་གཅད་པ་གསུངས་པ། དཀྱིལ་འཁོར་དག་ནི་འདྲི་བ་ནི། །ཞེས་པ་ལ་སོགས་པ་སྟེ་མཆེ་བའི་ཕྱག་རྒྱ་ནི་བགེགས་དགྲའི་ཕྱག་རྒྱ་ཆེན་པོ་སྟེ་དེའི་སྔགས་རིང་པོའི་མཐར་ཕཊ་ཅེས་བསྐུལ་ནས་བསྐྲད་པར་བྱའོ། །དེ་ཡང་བཟང་པོ་ཞབས་ཀྱིས། བདུད་རྩི་ [190b.5]འཁྱིལ་པའི་རྡོ་རྗེ་ཡིས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་དང་སྔགས་རྣམས་གསུངས་སོ། །ད་ནི་ལེའུ་བཅུ་གཅིག་པར་བསྟན་པ་བསྙེན་པ་དང་པོ་ལ་གཏོགས་པ་གསུངས་པ། ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །ཞེས་ཏེ་སྲིད་པ་བར་མའི་སེམས་ཡེ་ཤེས་ཀྱི་བདུད་ [190b.6]རྩི་དེ་ལས་གྱུར་པའི་གཟུགས་རིག་པའི་ལྷ་དབུས་ཀྱི་གདན་ལ་བསྒོམ་ཞེས་བྱའོ། །བུད་མེད་རྟག་ཏུ་གཞག་ཅེས་པ་ནི་དེའི་བསྐུལ་བའི་དོན་དུ་ཤེས་པར་བྱའོ། །ད་ནི་སྒྲུབ་པ་ཆེན་པོ་ལ་གཏོགས་པའི་ཆོ་ག་གསུངས་པ། རྒྱན་རྣམས་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། པདྨོ་རབ་ཏུ་རྒྱས་ [190b.7]བྱས་ཞེས་པ་ནི་རིག་པའི་པདྨོ་མཛུབ་མོ་དང་ལྕེ་དག་གིས་བྲུད་པས་རྒྱས་པར་བྱ་ཞེས་སོ། །ཧཱུཾ་ཞེས་པ་ནི་སྔོན་དུ་པདྨོའི་འདབ་མ་ལ་སོགས་པ་རྫོགས་པར་བྱ་བའི་དོན་ཏོ། །རང་ལུས་ངག་སེམས་རྡོ་རྗེ་ལ། །ཞེས་པ་ནི་ལུས་ལ་སོགས་པའི་ངོ་བོའི་བྷ་ག་དང་གསང་བའི་རྡོ་རྗེའོ། །དེ་གཉིས་ལ་ [191a] [191a.1]རང་རང་གི་སེམས་ཕབ་ནས་གཟུང་ངོ་ཞེས་པའི་དོན་ཏོ། །ད་ནི་རྡོ་རྗེ་འཇམ་པའི་རི་ལུའི་འཕྲོ་གསུངས་པ། བཞིན་བཟང་ཕན་པར་འདོད་པ་ཡིས། །ཞེས་པ་ལ་སོགས་པ་སྟེ་དེ་ནི་འཇམ་དཔལ་གྱི་རྣལ་འབྱོར་པས་རང་གི་རིག་མའི་བུ་མོ་ལ་མཆོད་པ་ལ་སོགས་པ་ [191a.2]བརྩམས་ཏེ། ཇི་སྐད་གསུངས་པའི་རི་ལུ་གསང་བ་དང་བཅས་ཏེ་བཟའ་བ་ཡིན་ནོ། །རི་ལུའི་རྫས་གསུངས་པ་བཤད་པའམ་ཞེས་པ་ལ་སོགས་པ་སྟེ་འམ་ཞེས་པ་ནི་ཉི་མ་ལ་སོགས་པ་ཡིན་ནོ། །ད་ནི་བདུད་རྩི་ལྔ་དང་འབྲས་ཆན་ནམ་ཤ་དག་ལ་སོགས་པ་གང་འབྱོར་བའོ། །བླང་བའི་ཆོ་ག་ [191a.3]གསུངས་པ། བཤད་པ་ཞེས་པ་ལ་སོགས་པ་སྟེ། ཆོ་ག་ནི་བཤད་པ་བླངས་ནས་ཁར་བའི་སྣོད་དུ་ར་དཀར་གྱི་འོ་མས་བསྣུར་ཏེ་བསྐམ་པར་བྱས་ནས། ཁམ་ཕོར་བུག་པ་ཅན་གྱི་སྟེང་དུ་སྦྱར་བ་དེའང་ས་ལ་རླུང་ལ་གནས་པའི་མེའི་དཀྱིལ་འཁོར་བརྐོས་ཏེ་དེ་ལ་གཞག་པར་བྱ། དེར་མེ་བཅུག་ [191a.4]སྟེ་བསྐོལ་ན་བུག་པ་མེད་པ་ལ་འཇིམ་པ་བླངས་ནས་བརྒྱ་རྩ་བརྒྱད་དུ་བསྐུལ་ཏེ་རི་ལུ་བྱ་ཞེས་སོ། །ཁྱི་ཤ་ལ་སོགས་པའི་ཆོ་ག་ནི་ཟངས་ཀྱི་སྣོད་དུ་བ་དམར་མོའི་འོ་མས་བསྐམ་པས་ཁམ་ཕོར་ཆོ་ག་སྔ་མ་བཞིན་དུ་བྱ་ཞེས་སོ། །རྣལ་འབྱོར་པ་གཞན་གྱིས་གསུངས་པ། རྡོ་རྗེ་འཛིན་པ་གང་ཡང་ [191a.5]རུང་། །ཞེས་ཏེ་ཆོ་ག་ནི་འཇམ་དཔལ་དང་མཐུན་ནོ། །དེ་ནས་མཉེས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ་མཆོག་ཏུ་མི་འགྱུར་ཞེས་སོ། །ངོ་བོ་ཉིད་ཀྱང་དག་པ་དང་ཤིན་ཏུ་དྲི་མ་མེད་པའི་ཆོས་ཀྱི་སྐུ་ལ་སོགས་པ་རིམ་པ་བཞིན་ཏེ་དེ་ཁོ་ན་ངོ་མཚར་ཆེ་ཞེའོ། །ད་ནི་དབང་བསྐུར་བའི་ [191a.6]ངེས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། མི་འགྱུར་ཆེ་ཞེས་པ་ལ་སོགས་པ་ནི་སྔ་མ་ཉིད་བསྡུས་པའོ། །སངས་རྒྱས་རྡོ་རྗེ་ཅན་རྣམས་ནི་རྟག་པ་ལ་སོགས་པ་སྟེ་དེ་དག་ནི་རྡོ་རྗེ་སྦྱོར་བ་མི་བསྐྱོད་པས་མཉེས་པ་ཡིན་ནོ། །རྡོ་རྗེ་འཛིན་པ་རྣམས་ནི་རྡོ་རྗེ་རྒྱུ་འབྲས་དབྱེ་བས་སོ། །སྤྱན་ [191a.7]ལ་སོགས་པ་རྣམས་དང་ཁྲོ་བོ་རྣམས་ནི་རང་གི་གཙུག་ཏོར་གང་ཡིན་པའོ། །རིག་འཛིན་ཕོ་དང་མོ་ནི་དཀོན་མཆོག་དཔལ་དང་ཚེ་དཔག་ཏུ་མེད་པའོ། །ཐམས་ཅད་ལས་བྱེད་པའི་ཕྱག་བརྙན་གསུམ་པ་ལ་ནི་དོན་ཡོང་གྲུབ་པའོ། །དཔའ་བོ་རྡོ་རྗེ་ལ་སོགས་པའི་སྔགས་རྣམས་ནི་རྡོ་རྗེ་སེམས་ [191b] [191b.1]དཔའ་མི་བསྐྱོད་པས་སོ། །ལྷག་མ་ནི་གོ་སླ་བས་མ་བཀྲོལ་ལོ། །ད་ནི་དཀྱིལ་འཁོར་དུ་བཅུག་པའི་སློབ་མ་ལ་པྲ་དབབ་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། སྔགས་བཟླས་པ་ཡི་སྦྱོར་བ་ཡིས། །ཞེས་པ་ནི་ཨཱ་བེ་ཤ་ཞེས་པ་ལ་སོགས་པ་དག་གོ། །བསམ་གཏན་ཞེས་པ་ནི་ [191b.2]འཕགས་པ་བཞི་ལ་སོགས་པའི་བསམ་གཏན་ནོ། །དེའི་ཆོ་ག་ནི་དབབ་སྣོད་ཡི་གེ་ཨ་ལས་རྡོ་རྗེ་ཆོས་སུ་བསམས་ཏེ། དེའི་སྙིང་ག་ལ་སོགས་པའི་གནས་གསུམ་དུ་ལཾ་ལ་སོགས་པས་བསྐྱེད་པའི་དབང་ཆེན་ལ་སོགས་པ་ལ་གནས་པའི་ཧཱུཾ་ལ་སོགས་པས་བྱིན་གྱིས་བརླབ་པར་བྱའོ། ། [191b.3]རྐང་མཐིལ་དུ་ཡང་ཡི་གེ་ཛྷཻཾ་འབར་བ་རང་གི་ས་བོན་གྱིས་རླུང་དང་མེ་ལ་བཞག་སྟེ། དེའི་འོད་ཀྱིས་བསྐུལ་བའི་ཧཱུཾ་ལ་སོགས་པའི་འོད་དང་། ཨཱ་བེ་ཤ་ཡ་ཞེས་པ་ལ་སོགས་པའི་སྔགས་དང་དྲིལ་བུའི་སྒྲ་དག་གིས་སྐུ་ལ་སོགས་པ་དབབ་སྟེ། ཡི་གེ་བརྒྱ་པ་ལན་བཞི་བཅུས་བརྟན་པར་བྱས་ [191b.4]ནས་ལྕེ་ལ་ཨ་དམར་པོ་བསམས་ཏེ་ཅིར་འགྱུར་འདྲིས་པ་འདི་ཡིན་ནོ། །དེ་ཡང་བཟང་པོ་ཞབས་ཀྱིས་དེ་ནས་སློབ་མས་སྨྲ་བ་ཞེས་པ་ནས། ཏིཥྛ་བཛྲ་དེ་ལ་ཐིམ། །ཞེས་པའི་བར་དུ་གསུངས་སོ། །ས་བླ་ཞེས་པ་ནི་རླུང་ལ་གནས་པའི་མེའོ། །འཕགས་པ་བཞི་པོ་ཞེས་པ་ནི་ཡི་གེ་བཞིའོ། ། [191b.5]ད་ནི་ཡེ་ཤེས་འགའ་ལ་དབང་ཐོབ་པའི་རྣལ་འབྱོར་པས་རི་མོའི་དཀྱིལ་འཁོར་ལ་ཐིག་དང་རྡུལ་ཚོན་གྱི་དོན་དུ་དབབ་པ་གསུངས་པ། བུ་མོ་ལོ་གྲངས་བཅུ་གཉིས་མ། །ཞེས་པ་ལ་སོགས་པ་སྟེ་ཆོ་ག་ཐམས་ཅད་ཅེས་པ་ནི་སྔར་བཤད་པ་ཁོ་ནའོ། །དེ་ཡང་གསུངས་པ། ཤིན་ཏུ་ཡེ་ [191b.6]ཤེས་འབབས་ཐོབ་པ། །ཞེས་པ་ནས། དེ་ནི་དབབ་པའི་ཆོ་གའོ། །ཞེས་པའི་བར་དུའོ། །རྣམ་པ་གཞན་དུ་བྱས་ན་ནི། །ཞེས་པ་ནི་ཐིག་ལ་སོགས་པ་དེ་བདག་ཉིད་ཀྱིས་བྱས་ན་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ཁྲུ་གང་ཙམ་མམ་ཞེས་པ་ནི་སྐུ་ཕེབས་པའི་ཡོན་ཏན་ཏེ་ངག་ལ་ [191b.7]སོགས་པའི་ཡང་ཡོན་ཏན་དུ་ཤེས་པར་བྱའོ། །སྔ་མ་བཞིན་དུ་ཐམས་ཅད་འགྱུར། །ཞེས་པ་ནི་ལས་དང་པོ་བཞིན་དུ་མཆོད་པ་ལ་སོགས་པ་དག་བྱའོ་ཞེས་པའི་དོན་ཏོ། །ད་ནི་བགེགས་དགྲའི་ཁྱད་པར་གྱི་ལས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། རྩེ་གཅིག་མ་གྱུར་པ་ [192a] [192a.1]ནི་མཚན་མ་མ་ཐོབ་པ་སྟེ་འོ་ན་ཡང་དབུགས་འགོག་པའི་བརྟུལ་ཞུགས་བརྟན་ན་ནི་འདི་ཡིན་ནོ། །ལས་ནི་གདུག་པ་ཐམས་ཅད་གཞིག་པ་སྟེ་དགུག་པ་ལ་སོགས་པ་ནི་མ་ཡིན་ནོ། །འདི་སྐད་དུ་འདིའི་རྣལ་འབྱོར་པས་དུར་ཁྲོད་དུ་དེའི་ཐལ་བ་ལས་ཧོམ་ཁུང་གྲུ་ [192a.2]གསུམ་བྱས་ཏེ་བཤང་གཅིས་བྱུགས་ནས་ཚེར་མའམ་ནིམ་པའི་མེ་སྦར་ཏེ་དེ་ཉིད་སྤྱན་དྲངས་ནས་དེའི་ཞལ་གདངས་པར་ཤ་ཆེན་ལ་སོགས་པའི་གཟུགས་བརྙན་མིང་དང་ཇི་ལྟ་བ་བཞིན་དུ་བྱས་ཏེ། ནང་གི་གསད་པ་ཡང་སྔོན་དུ་བྱས་ནས་མཚོན་རྣོན་པོས་རྐང་པ་གཡོན་ནས་བརྩམས་ཏེ་ [192a.3]གཏུབས་ནས་ཁྲོས་ཏེ་བསྲེགས་ནས་འོག་ནས་འབྱུང་བའི་སྔགས་བསྐུལ་བ་དང་བཅས་ཏེ་སྟོང་རྩ་བརྒྱད་དུ་བཟླས་ཞེས་བྱ་བ་སྟོན་ཏོ། །བསམ་གཏན་པ་གསུངས་པ། དགྲའི་གཟུགས་བརྙན་ཞེས་པ་ལ་སོགས་པ་སྟེ་འདི་ནི་ཆུ་འགྲམ་གཉིས་ཀྱིས་དང་སྐེ་ཆོ་ལ་སོགས་པ་དང་ལྡན་པར་ [192a.4]བྱས་ཏེ། ཇི་ལྟ་བ་བཞིན་དུ་གཟུགས་བརྙན་བྱས་ནས་ཤིན་ཏུ་གདུག་པའི་སྦྲུལ་གྱི་ཚེར་མས་ཏིལ་འབྲུ་ཙམ་དུ་ཕུག་སྟེ་བསྐུལ་ན་ཞེས་པ་ཡིན་ནོ། །སོལ་ཁུས་ཞེས་པ་ལ་སོགས་པ་ནི་རུས་ཕྱེ་ལ་སོགས་པའི་གཟུགས་བརྙན་ལ་ཇི་ལྟ་བ་བཞིན་དུ་བྱས་ཏེ། རང་གི་བསྐུལ་བའི་གསང་སྔགས་ [192a.5]ཆེ་གེ་མོ་ར་ཁྲ་སེ་ཁྲ་ཧ་ཞེས་བསྐུལ་བས་སྲིན་བུས་ཁྱེར་བར་འགྱུར་ཏེ། འོག་མ་ལ་ཡང་ལིངྒ་དེ་ཁོ་ན་ལ་རང་གིས་བསྐུལ་བའི་དབང་གིས་བཤང་གཅི་ལ་སོགས་པ་བླུགས་ན་ཚ་བས་བཏབ་པར་འགྱུར་རོ། །དེའི་ལས་ཀྱི་ཁྱད་པར་གྱི་སྔགས་གསུངས་པ་དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །ནང་གི་བཤད་ [192a.6]པ་ཁོ་ན་ལ་ཉེ་བར་བརྟགས་པ་དང་ཁྲོ་བོ་བསྐྱེད་པའི་རྐྱེན་གསུངས་པ། རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ། །ཞེས་པ་སྟེ་རྡོ་རྗེ་སེམས་དཔའ་ནི་མངོན་སྤྱོད་ཀྱི་ཁྲོ་བོ་བསྐྱེད་པའི་རྐྱེན་ནོ། །ཁྲོ་བོ་ཆེ་ཞེས་པ་ལ་སོགས་པ་ནི་གཞོམ་པའི་དོན་དུ་སྤྲོ་བ་སྟེ་བཅུ་གསུམ་པར་བཤད་ཟིན་ཏོ། །སྦྲུལ་ནག་རབ་ཏུ་ཁྲོ་ [192a.7]བོ་ནི། །ཞེས་པ་ནི་འོག་ཏུ་བཤད་པར་བྱའོ། །ཕྱོགས་བཅུའི་སེམས་ཅན་ཞེས་པ་ལ་སོགས་པ་ཡང་གོང་མ་སྟེ་ཁོ་ན་ལས་གཉེར་བརྟགས་པའོ། །དེ་རྣམས་རྣམ་པར་དག་པ་གསུངས་པ་ཨེ་མ་ཞེས་པ་ལ་སོགས་པ་སྟེ། མ་སྐྱེས་པ་ཉིད་ལས་གསོད་པའི་ཡེ་ཤེས་ལས་སྤྲུལ་པ་ནི་རྡོ་རྗེའི་ཐེག་ [192b] [192b.1]པ་སྟེ་ཨེ་མའོ། །ད་ནི་བསམ་གཏན་ལ་བརྟེན་པའི་ལས་ཕྲན་ཚེགས་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་གང་ཡང་རུང་བའི་རྣལ་འབྱོར་པས་རྡོ་རྗེ་རྒྱུས་ལ་སོགས་པ་ལ་ཁཾ་ཞེས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། རང་གི་དཔྲལ་བར་ལྕེ་གཉིས་ཅན་གྱིས་སྦྲུལ་ནག་ [192b.2]པོ་བྲིས་ཏེ་དེའི་ཁ་ལ་ཁཾ་ཞེས་པ་དུག་གི་རང་བཞིན་བསྐལ་བའི་མེ་འདྲ་བ་བསམས་ནས་དེ་གནས་ལས་འགུལ་ཞིང་། ཡང་དེའི་ཁ་ལ་ཧྲི་འབར་བར་བསམས་ཏེ། དེའི་འོད་ཀྱིས་དུག་རྣམས་དྲངས་ཏེ་ཁཾ་གིས་བསྐུལ་ནས་གཏང་བར་བྱའོ། །ཅི་དེ་འཛིན་པར་འདོད་ན་དེ་ལ་དེ་བཏང་བས་ [192b.3]རེག་པ་ཙམ་གྱིས་དོགས་པ་མེད་དོ། །ཉ་ཀྱི་བ་ལ་སོགས་པ་ལ་ཡང་ཆོ་ག་ནི་དེ་ཁོ་ན་བཞིན་ནོ། །ཡང་གཙོ་བོ་གསུམ་གྱི་སྙིང་པོས་དུག་གཞིལ་བ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པ་སྟེ། ལྟ་བ་རྡོ་རྗེ་ཞེས་པ་ནི་གདུག་པའི་སྦྲུལ་གང་མཐོང་བས་དུག་ཏུ་བྱེད་པའོ། །དེ་བཞིན་དུ་དྲི་ [192b.4]ཚོར་བ་ཙམ་ལ་སོགས་པས་ཀྱང་སྣོམ་པ་རྡོ་རྗེ་ལ་སོགས་པར་འགྱུར་རོ། །ཨོཾ་ཞེས་པ་ནི་རྟག་པའི་རྣལ་འབྱོར་པས་ལག་པ་གཡས་པ་ལ་ཨོཾ་ལས་བསྐྱེད་པའི་འཁོར་ལོའི་ལྟེ་བ་ལ་དེ་ཉིད་བཀོད་དེ། དེའི་འོད་ཀྱིས་བསྒྲུབ་བྱའི་ལུས་ལ་ཁྱབ་སྟེ། དུག་བསྡུས་ནས་འོད་ཟེར་གཞན་གྱིས་གཏོར་ཏེ། [192b.5]ཡང་བདུད་རྩི་འོད་ཟེར་འབབ་པས་ཕྱིར་ལུས་དགང་བར་བྱ་སྟེ་འདི་ནི་འོག་ཏུ་ཡང་ཤེས་པར་བྱའོ། །ཧཱུཾ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་འམ་མི་བསྐྱོད་པ་དཀར་པོར་འགྱུར་བ་སྔ་མ་བཞིན་དུ་ཧཱུཾ་གིས་རྡོ་རྗེ་བསྐྱེད་དེ། དེའི་འོད་བསིལ་བས་བསྒྲུབ་བྱའི་ལུས་ལ་ཁྱབ་སྟེ་སྤྱི་བོ་ལ་སོགས་པའི་གནས་བཞིར་ [192b.6]ལན་གསུམ་དུ་བསྡུས་ཏེ། ཡང་སྙིང་གར་བསྡུས་ནས་སྐྱུགས་པར་བསམས་ན་ནད་མེད་པར་འགྱུར་རོ། །ཨ་ཞེས་པ་ནི་སྣང་བ་མཐའ་ཡས་དཀར་པོར་བསྒྱུར་བས་རྟག་པའི་ཆོ་ག་ཁོ་ནར་སྦྱར་ན་ཉེ་བའི་དུག་མེད་པར་འགྱུར་རོ། །སྡུད་པ་ན་ནི་ཞེས་པ་ནི་དུག་དང་འདྲེས་པའི་ཕྱིར་ནག་པོ་ཡིན་ [192b.7]ལ། བསྐུལ་བ་ནི་དེ་དང་མ་འདྲེས་པ་གཞན་མ་ཡིན་པས་དཀར་པོ་སྟེ་རྟག་པ་ལ་ཡང་འདི་ཤེས་པར་བྱའོ། །ཡང་མཚན་གྱི་སྔགས་ཀྱིས་ཀྱང་རླུང་ལ་སོགས་པའི་ཕྱི་ནང་གི་ནད་བསལ་བ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་ཡི་གེ་གང་གིས་ནད་གཞོམ་པར་ [193a] [193a.1]འདོད་པ་དེའི་གཟུགས་རྟག་པ་ལ་སོགས་པར་བསྒོམས་ལ་ཅི་སྟེ་མི་བསྐྱོད་པའམ་གཞན་ཡིན་ན་མདོག་དང་གདན་ལ་སོགས་པ་རྡོ་རྗེ་ལས་ཀྱི་གོ་འཕང་དཀར་པོ་ལ་སོགས་པ་བསྒྱུར་ཏེ། དེའི་མཚན་མ་འཁོར་ལོ་ལ་སོགས་པ་དང་། ས་བོན་གྱི་འོད་དང་ནང་ [193a.2]བསྐུལ་བའི་ཚིག་རང་གི་མཚན་གྱི་སྔགས་དབུགས་ཀྱི་ཡི་གེས་བཟླས་ཏེ། ཕྱ་ཏི་མ་པ་ན་ཧཱུཾ་ཞེས་པ་བསྐུལ་བས་ནད་པའི་ལུས་ལས་སྤྲེའུ་ལ་སོགས་པ་དང་འདྲ་བའི་གཟུགས་གནས་གསུམ་ནས་བྱུང་བར་བསམས་ཏེ། ཡང་རྡོ་རྗེ་གོ་འཕང་ནག་པོ་ལ་སོགས་པར་བསྒྱུར་ཏེ། དེས་རང་གི་ [193a.3]ས་བོན་དང་མཚན་མ་དག་ལས་ནང་གི་གསད་པ་སྔར་བཤད་པ་བཞིན་སྤྲེའུ་ལ་སོགས་པ་དེ་དག་གཞོམ་སྟེ། དེ་ནས་ཞི་བའི་དོན་དུ་གོ་འཕང་དཀར་པོ་ལ་སོགས་པར་ཡང་བསྒྱུར་ཏེ་བདུད་རྩིས་ནད་པ་ལ་བཀང་བས་ཞི་བར་བྱས་ཏེ། དེ་དག་ཞག་བདུན་དུ་ཉིན་རེ་ལ་ཡང་མཚམས་བཞི་ལ་ [193a.4]བརྒྱ་རྩ་བརྒྱད་བྱས་ན་མངོན་པར་ངེས་པའི་ལས་སྡིག་ལས་བྱུང་བའང་མེད་པར་འགྱུར་ཞེས་ཇི་སྙེད་པའོ། །དེ་ཁོ་ན་གཞན་གྱི་བྱ་བ་གསུངས་པ། ཡང་ན་ཞེས་ཏེ་རང་གི་རིག་པའི་ལྷ་གང་ཡང་རུང་བས་ཆོ་ག་གོང་མས་སོ། །ད་ནི་འདོད་པའི་རྨི་ལམ་གཙོར་སྟོན་པ་གསུངས་པ་དེ་ནས་ཞེས་པ་ [193a.5]ལ་སོགས་པ་སྟེ་ཡེ་ཤེས་ཉིད་དབང་བསྒྱུར་བའི་ཀྱོ་བའོ། །འདོད་པ་ཐར་པ་ཞེས་པ་ནི་སྲིད་པ་དང་མྱ་ངན་ལས་འདས་པའི་བདག་ཉིད་ཅེས་པའི་དོན་ཏོ། །ཆོས་རྣམས་རྨི་ལམ་ལྟ་བུ་ཞེས་པ་ལ་སོགས་པས་ནི་མ་སྐྱེས་པའི་དེ་ཁོ་ན་ཉིད་ལས་རྨི་ལམ་ལ་སོགས་པའི་འཁྲུལ་པ་གསུངས་པས་དེ་ [193a.6]ལ་ཞེན་པར་མི་བྱའོ་ཞེས་སྟོན་ཏོ། །རྟག་ཏུ་མཐོང་ཞེས་པ་ནི་མཐོང་བ་ནི་འདི་དག་གོ་ཞེས་ཏེ་གོ་སླ་བས་མ་བཤད་དོ། །ད་ནི་དེ་ལས་བརྩམས་ཏེ་གསང་བའི་རྒྱུད་ལས་གཞན་དང་ཐུན་མོང་མ་ཡིན་པ་དམ་ཚིག་གི་སྙིང་པོ་རང་གི་སེམས་བརྟག་པ་གསུངས་པ་དེ་ལ་འདི་ནི་ཞེས་པ་ལ་སོགས་ [193a.7]པའོ། །རང་གི་སེམས་རྡོ་རྗེ་ལ་གནས་པ་ཁོ་ན་བརྟག་པས་གནས་ན་ཆོས་ཅན་ལ་སོགས་པའི་ཐ་སྙད་དང་བྲལ་བ་མཐོང་བ་མེད་པའི་ཚུལ་གྱིས་མཐོང་སྟེ། དེས་ན་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་ཐམས་ཅད་རང་བཞིན་གྱིས་གནས་སོ་ཞེའོ། །དེ་ལ་ངོ་མཚར་གསུངས་པ། དེ་ནས་ [193b] [193b.1]ཞེས་པ་ལ་སོགས་པ་སྟེ། འདི་ཅིས་ཞེས་པ་ནི་ཐེ་ཚོམ་གྱི་གནས་སོ། །བཅོམ་ལྡན་འདས་རྣམས་ཀྱིས་ཞེས་པ་ནི་བཤད་པ་ཞེས་འབྲེལ་ཏོ། །ནམ་མཁའ་ལ་ནམ་མཁས་བསྒོམ་དུ་མི་ནུས་ཏེ་གཉི་ག་མེད་པའི་ཕྱིར་རོ། །དེ་བཞིན་ངོ་བོ་མེད་པ་ལས་སངས་རྒྱས་ཀྱི་ཆོས་སོ་ཞེས་པ་ནི་ [193b.2]ངོ་མཚར་གྱི་ལམ་སྟེ་ཨེ་མ་ཞེའོ། །ད་ནི་རྣམ་པར་བྱང་བའི་སྙིང་པོ་དེ་ལས་བརྩམས་ཏེ་ལེའུ་གཉིས་པའི་ལུས་དང་ངག་དང་སེམས་ལྟ་བུ་ཞེས་པའི་བར་དུ་སེམས་ཙམ་དུ་བསྟན་པའི་ཕྱིར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། སེམས་ཀྱི་ངོ་བོ་ཉིད་དོ་ཞེས་པ་ནི་བསྒྲུབ་པར་བྱ་བ་སྟེ་ [193b.3]དེས་ན་དཔེར་ན་ཞེས་པ་ནི་ཡང་དག་པར་ཞེས་པའི་དོན་ཏོ། །ཡང་སེམས་ལུས་ལྟ་བུ་ཞེས་པ་ནི་ཡེ་ཤེས་ཀྱི་གཟུགས་དོན་དམ་པའི་སེམས་རང་བཞིན་མེད་པ་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ་འདིར་ཡང་འདོད་པ་ནི་བྱང་ཆུབ་ཀྱི་སེམས་དེ་ཡང་ལུས་ལ་མི་གནས་ཞེས་ [193b.4]པ་ལ་སོགས་པ་སྟེ་འདིར་ཡང་དཔེར་ན་ཞེས་པ་སྔ་མ་བཞིན་ནོ། །རྨི་ལམ་ལྟ་བུ་ཞེས་པ་ལ་སོགས་པ་ནི་གོ་རིམས་བཞིན་རྣམ་པར་ཐར་པ་གསུམ་དང་སྦྱར་རོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དཔེ་འདི་ནི་གོང་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བར་བྱེད་པ་ཞེས་བྱ་བ་དེ་ལ་ [193b.5]གསུངས་པ་ཡིན་ནོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་རྣམས་རྗེས་སུ་འབྲང་བ་ཞེས་གསུངས་སོ། །གོང་དུ་སེམས་ཙམ་དེ་སྨྲས་པ་ཀུན་རྫོབ་པའི་སེམས་རང་བཞིན་མེད་པར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་འདིར་ཡང་འདོད་པ་ནི་ལུས་དང་ངག་དང་སེམས་རྡོ་རྗེ་དེ་དག་ཀྱང་ཞེས་པ་ [193b.6]ལ་སོགས་པ་སྟེ། གཟུགས་དང་སྒྲ་དང་སེམས་སུ་སྣང་བ་རྣམས། །ཞེས་པའི་དོན་ཏོ། །ཅང་མི་སྨྲ་བར་ཞེས་པ་ནི་མེད་པ་ནི་བརྗོད་པའི་རྒྱུ་མ་ཡིན་པའི་ཕྱིར་རོ། །ལེའུ་བཅོ་ལྔ་པའི་འགྲེལ་པ་རྫོགས་སོ།། །།ད་ནི་བརྟུལ་ཞུགས་ཞེས་གྲགས་པ་དབང་བསྐུར་བ་གཙོར་སྟོན་པའི་ལེའུ་ལས་ [193b.7]དང་པོ་སློབ་དཔོན་གྱི་ལས་ལེའུ་བཞི་པར་གཏོགས་པ་སྟོན་པས་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་གསོལ་བ་བཏབ་ཅེས་པ་ནི་ཡང་མཆོད་པ་བྱས་ཏེ་སྔར་ཞུས་པའི་དཀྱིལ་འཁོར་དག་ལས་གཉིས་དང་། དེའི་ལས་མ་བཤད་པས་ཡང་དང་ཡང་དུ་བསྐུལ་ཞེས་པའི་དོན་ཏོ། ། [194a] [194a.1]དེ་ནས་ཞེས་པ་ནི་དེ་ནི་ཞེས་པའམ་ཡང་ན་བཞི་པར་བཤད་པ་ལྟ་བུ་སྟེ་སྦྱར་བ་དེ་ལྟར་ན་བཤད་པར་བྱ་ཞེས་པ་ནི་བརྩམ་མོ་ཞེས་པའི་དོན་ཏོ། །ཁྲུ་ནི་ཞེས་པ་ལ་སོགས་པ་ནི་སྔར་བཤད་དོ། །སྐུ་ཡི་རྡོ་རྗེ་རབ་ཏུ་གནས། །ཞེས་པ་ནི་རྟག་པའི་རྣལ་འབྱོར་དུ་བདག་ཉིད་ [194a.2]གནས་ཏེ། རྡོ་རྗེ་ཐེག་པའི་ཆོ་ག་ཇི་སྐད་གྲགས་པས་བྲི་ཞེས་པའི་དོན་ཏོ། །ཕྱག་ན་རྡོ་རྗེའི་གནས་སུ་བྱ། །ཞེས་པ་ནི་རྟག་པ་འདིར་གནས་ཀྱང་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ལས་མ་འདས་པས་དེ་སྐད་དོ། །ལྷག་མ་ནི་གོ་སླའོ། །གསུང་གི་དཀྱིལ་འཁོར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་ [194a.3]སྟེ། དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག །ཅེས་པ་ནི་རྒྱུད་གཞན་དག་ལས་ཁྱད་པར་དུ་གྱུར་པ་སྟེ། གོང་དུ་ཡང་དེ་བཞིན་ནོ། །རྡོ་རྗེ་བསྒོམ་པ་ཞེས་པ་ནི་སློབ་དཔོན་ཏེ་དེ་ཁོ་ན་ཉིད་ཀྱི་སྐུའི་ཞེས་པ་ནི་གསུང་གི་སྐུ་རྡོ་རྗེ་སྐུའི་ཡོན་ཏན་སྣང་བ་མཐའ་ཡས་སུ་གནས་ཏེ་བྲི་བ་ལ་སོགས་པ་བྱ་ [194a.4]ཞེས་པའི་དོན་ཏོ། །ཡང་ཡེ་ཤེས་འགའ་ལ་དབང་བས་བྲི་བ་གསུངས་པ་རྒྱལ་པོ་ཆེན་པོ་ཞེས་ཏེ་ཁྱེའུ་དང་བུ་མོ་སྔར་བཤད་པའི་ཆོ་གས་པྲ་ཕབ་སྟེ་བྲི་ཞའོ། །ཆོ་ག་བཞིན་ཞེས་པ་ནི་སྤྱིའི་ཆོ་ག་སྟེ་དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། དེ་ལྟར་ཀུན་ལྡན་དཀྱིལ་འཁོར་ལ། །ཞེས་པ་ [194a.5]ནས། ཐམས་ཅད་སྒོར་ནི་ཤེས་པར་བྱ། །ཞེས་པའི་བར་དུའོ། །རབ་ཏུ་གསང་བའི་དཀྱིལ་འཁོར་ཞེས་པ་ནི་ཅི་སྟེ་རིན་ཆེན་འབྱུང་བ་དང་དོན་ཡོད་རྡོ་རྗེ་ལ་མོས་ན་དེ་ཁོ་ནའི་དཀྱིལ་འཁོར་ལ་དེའི་གཟུགས་དབུས་སུ་བྲི་ན་དེ་བདག་པོར་འགྱུར་བའི་གནས་ཞེས་པའི་དོན་ཏོ། །ད་ནི་སྐུ་ལ་སོགས་ [194a.6]པའི་ངོ་བོ་ཡི་གེ་གསུམ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་ཐིག་གདབ་པའི་དོན་དུ་ཡི་གེ་གསུམ་དང་ལྡན་པའི་སྐུད་པ་བཀལ་བ་སྟེ་དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། ཡི་གེ་གསུམ་ལྡན་རྣལ་འབྱོར་པས། །ཐིག་སྐུད་བཟུང་ནས་བཀལ་པར་བྱ། །ཞེའོ། །ཐིག་གི་ [194a.7]ཆོ་ག་འདི་ཡང་བཟང་པོ་ཞབས་ཀྱིས་གསལ་བར་གསུངས་པས་རྒྱས་པར་མ་བཤད་དོ། །ད་ནི་ཡེ་ཤེས་འགའ་ལ་དབང་ཐོབ་པས་ཐིག་དང་ཚོན་གྱི་ལས་གསུངས་པ། རྡོ་རྗེ་ཐིག་ནི་གདབ་པ་དང་། །ཞེས་པ་ལ་སོགས་པ་སྟེ། སྔགས་ཀྱི་སེམས་དཔའ་ཞེས་པ་ནི་ཡེ་ཤེས་འགའ་ལ་དབང་ [194b] [194b.1]བས་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའི་རང་གི་ལྷ་ནི་དྷཱ་ཏུ་ཞེས་པའི་སྔགས་ཀྱིས་གསལ་བ་ཙམ་དུ་ཟད་པས་སོ། །གནས་སུ་ཞེས་པ་ནི་སྙིང་ལ་སོགས་པ་སྟེ་དེར་ཧཱུཾ་ལ་སོགས་པས་བྱིན་གྱིས་བརླབ་པའོ། །དཀྱིལ་འཁོར་རྣམས་ནི་ཞེས་པ་ནི་དེ་ལ་བྱེད་དུ་གཞུག་ [194b.2]ཅེས་པ་སྟེ་རྣམ་པར་སྣང་མཛད་ཅེས་པ་ནི་དབབ་པར་བྱ་བའོ། །སྐུའི་ཁ་དོག་གོ་འཕང་མཆོག །ཅེས་པ་ནི་སྐུའི་དཀྱིལ་འཁོར་ལ་ཁྱེའུ་ནི་རྟག་པ་དང་བུ་མོ་ནི་སྦྱིན་དུ་བསྒོམ་པ་སྟེ། དེའི་གོ་འཕང་ཡན་ལག་བཞི་དང་ལྡན་པས་སློབ་མའི་ཚུལ་དུ་བསྒོམ་པ་སྟེ་དེ་ཡང་གསུངས་པ། [194b.3]རྡོ་རྗེ་སློབ་དཔོན་སློབ་མ་རྣམས། །རྒྱུ་མཐུན་སོགས་དག་རྣམས་ཀྱིས་ཞེའོ། །དེ་བཞིན་དུ་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དུ་ཡང་དབབ་སྣོད་སྣང་བ་མཐའ་ཡས་ལ་སོགས་པར་བསམ་མོ། །རྡོ་རྗེ་ཆོས་ཞེས་པ་དང་། རྡོ་རྗེ་སེམས་དཔའ་ཞེས་པ་ཡང་དབབ་པར་བྱ་བ་སྣོད་ནི་མ་ཡིན་ནོ། ། [194b.4]ད་ནི་སྔགས་ཀྱི་སེམས་དཔའ་ཞེས་བྱ་བ་དག་སྟོན་པ། སྔགས་ཀྱི་སེམས་དཔས་བྱ་བ་ཡང་། །ཞེས་པ་ལ་སོགས་པ་སྟེ། ཁྲོ་བོའི་རྒྱལ་པོ་ཞེས་པ་ནི་ཨངྒུ་ཤ་ཛཿཞེས་པ་སྟེ། དེ་བཞིན་དུ་གཞུག་པ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དྲི་མེད་རྡོ་རྗེ་གསུམ་ཞེས་པ་ནི་ཕྱི་ནང་གསང་བ་ [194b.5]གསུམ་གྱི་མཆོད་པའོ། །དེ་སྤྱན་དྲང་བ་ལ་སོགས་པ་ན་མར་སྔགས་ཀྱི་སེམས་དཔས་བྱའོ་ཞེས་པ་ཡིན་ནོ། །མཆོད་པ་དེ་ཡང་གསུངས་པ། འཁོར་ལོ་གསལ་བར་གསུངས་ནས་སུ། །བཟླས་དང་བསྒོམས་ནས་དགུག་པར་བྱ། །ཞེས་པའི་བར་དུའོ། །ད་ནི་མཆོད་ནས་ཕྱོགས་སྐྱོང་ [194b.6]ལ་ཕྱི་རོལ་དུ་གཏོར་མ་སྦྱིན་པ་གསུངས་པ། སྔགས་རྣམས་ཞེས་པ་ལ་སོགས་པ་སྟེ་བདུད་རྩི་ལྔའི་སྦྱོར་བས་སྦྱིན་ཏེ། དེ་ཡང་གསུངས་པ། པདྨའི་སྣོད་ལ་གོང་མ་བཞིན། །ཞེས་ཚིགས་སུ་བཅད་པ་གསུངས་སོ། །ལས་དང་པོ་པས་ཐིག་གདབ་པ་གསུངས་པ། ཐིག་གདབ་ [194b.7]པ་ཡི་ཆོ་ག་འདི། །ཞེས་པ་སྟེ་སྐུའི་དཀྱིལ་འཁོར་ལ་རང་རྟག་པའི་སྦྱོར་བ་སྟེ་སྔར་བཤད་དོ། །སློབ་མ་ནི་རྡོ་རྗེ་སེམས་དཔའ་འམ་བདུད་རྩི་འཁྱིལ་པ་ལྟ་བུར་བསྒོམ་མོ། །ལས་ཀྱི་གོ་འཕང་ཞེས་པ་ནི་ལས་ལ་སྤྱོད་པའི་ཡན་ལག་བཞིའི་གོ་འཕང་དང་ལྡན་པ་སྟེ་དེས་ན་དབང་བསྐུར་བ་ཞེས་ [195a] [195a.1]སོ། །ཡེ་ཤེས་ཀུན་ལ་དབང་ཐོབ་པ་ལ་སོགས་པ་གཉིས་ཀྱི་ཆོ་ག་ནི་བཟང་པོ་ཞབས་ཀྱིས་གསུངས་པ་ལས་ཤེས་པར་བྱའོ། །ཐིག་སྐུད་དང་རྡུལ་ཚོན་རིགས་ལྔའི་དཀྱིལ་འཁོར་ལ་ཉི་ཤུ་རྩ་ལྔར་དབྱེ་བ་གསུངས་པ། སངས་རྒྱས་རྒྱལ་པོ་ཞེས་པ་སྟེ་དེ་ཡང་ [195a.2]གསུངས་པ། རྟག་པ་ལ་སོགས་རང་མདོག་འོད། །ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གསུངས་སོ། །སྔར་གཏོར་མ་བྱིན་ནས་ནང་དུ་སོང་སྟེ་དྲིལ་བུ་གསིལ་ཞིང་དཀྱིལ་འཁོར་ལ་བསྐོར་བའི་ཆོ་ག་གསུངས་པ། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །ཞེས་ཏེ་རྡོ་རྗེ་ཧཱུཾ་ [195a.3]ཞེས་པ་ནི་གཟི་བརྗིད་ཕུང་པོ་སྟེ་ནང་དུ་ཞུགས་ཙམ་ན་བདག་གཟི་བརྗིད་ཕུང་པོར་བསྒྱུར་ཏེ་འགྲོ་ཞེས་སོ། །དེ་ཡང་གསུངས་པ། ཁམས་གསུམ་རྣམ་རྒྱལ་བསྒྱུར་ནས་སུ། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གསུངས་སོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག །ཅེས་པ་ [195a.4]ནི་བདག་པོ་གཉིས་གནོད་མཛེས་སུ་གྱུར་པ་སྟེ། དེ་དུས་ཁོ་ན་བྱིན་རླབས་བསྐུལ་བའི་ཕྱིར། །སངས་རྒྱས་ལྔ་དབུལ་བསམ་པ་ཡིན། །ཞེས་ཐོས་སོ། །དེ་བས་ན་དྲག་ཤུལ་གྱི་ཆོ་ག་ལ་ཡང་དེ་ཁོ་ན་བདག་དང་ལྷ་ལ་དབུ་བརྒྱན་པར་ཤེས་པར་བྱའོ། །ད་ནི་བུམ་པ་སྟ་གོན་དུ་གནས་པ་གསུངས་པ། [195a.5]རྡོ་རྗེ་བུམ་པ་ཞེས་པ་ལ་སོགས་པ་སྟེ། སྔགས་ཞེས་པ་ནི་རྣམ་པར་རྒྱལ་བ་ལ་འཁོར་ལོའི་བདག་པོའི་སྔགས་ཀྱིས་དེའི་ལྷར་བྱིན་གྱིས་བརླབ་པ་དང་། གཞན་ཡང་རང་རང་གི་བདག་པོའི་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །རྒྱུད་ཅེས་པ་ནི་ཁ་རྒྱན་དང་ན་བཟའ་དང་དྲི་ཆུ་དང་རིན་པོ་ཆེ་ལ་ [195a.6]སོགས་པ་དང་ལྡན་པའོ། །བདག་པོ་ཞེས་པ་ནི་དེའི་ཕྱག་མཚན་མཛེས་པར་བྱས་པའོ། །ལྕགས་ཀྱུ་ཞེས་པ་ནི་ལྕགས་ཀྱུ་ལ་སོགས་པ་ཡེ་ཤེས་ཀྱི་ལྷ་རྣམས་སྤྱན་དྲངས་ནས་ཕྱག་རྒྱ་ལ་ཐིམ་སྟེ། མེ་ཏོག་ལ་སོགས་པས་མཆོད་ནས་སོ་སོའི་གནས་སུ་གཞག་པའོ། །དེ་ཡང་གསུངས་པ། [195a.7]མགུལ་པ་རས་ཀྱིས་ཡང་དག་དཀྲིས། །ཞེས་པ་ནས། ཆུ་ཡིས་མཐོན་གཏོར་གྱུར་པ་ཡིན། །ཞེས་པའི་བར་དུའོ། །ད་ནི་མཆོད་པ་ལ་སོགས་པའི་སྦྱིན་སྲེག་གསུངས་པ། དངོས་གྲུབ་ཀུན་གྱི་འབྲས་འདོད་པའི། །ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་གསང་བའི་ཞེས་པ་ནི་རྒྱུད་དག་ལས་གསུངས་ [195b] [195b.1]པ་སྟེ་བདུད་རྩི་ལྔའི་ཡིན་ནོ། །དབུས་སུ་ཞེས་པ་ནི་སྔར་མེ་ལྷ་ལ་མཆོད་དེ་ཡང་མེ་ལྷའི་སྙིང་གར་རང་གི་ལྷའི་དཀྱིལ་འཁོར་བཞག་ནས། དེའི་ཞལ་དུ་མཆོད་རྫས་ས་མ་སྲེག་རྫས་འབྲུ་མར་ལ་སོགས་པ་དབབ་ཅེའོ། །དབང་པོ་གཉིས་ཞེས་པ་ནི་རྡོ་རྗེ་པདྨའི་བདུད་རྩིའི་བསྒོམ་པས་སོ། །བརྒྱ་ [195b.2]རྩ་བརྒྱད་ཅེས་པ་ནི་མར་ལ་སོགས་པའི་སྲེག་རྫས་འཁོར་ལོའི་བདག་པོ་ལ་ནི་བརྒྱ་རྩ་བརྒྱད་དོ། །གཞན་དག་ལ་ནི་བདུན་བདུན་དུ་ཤེས་པར་བྱའོ། །དེ་ཡང་གསུངས་པ། སོར་བཞི་ཙམ་ནི་བོར་ནས་སུ། །ཞེས་པ་ནས། གོང་མའི་ཆོ་གས་གཤེགས་པར་བྱ། །ཞེས་པའི་བར་ [195b.3]དུའོ། །ད་ནི་སྤྲོ་བ་བསྐྱེད་པའི་སློབ་མ་སྡིག་པ་བཤགས་པ་ལ་སོགས་པ་དང་ལྡན་པ་ལ་ལྟ་གོན་གྱི་ཆོ་ག་གསུངས་པ། རྣམ་པར་སྣང་མཛད་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་སྟེ་སྐུའི་འཁོར་ལོ་ལའམ། གཞན་མོས་པའི་སློབ་དཔོན་རྟག་པའི་སྦྱོར་བ་ཅན་གྱིས་སོ། །ཨ་ནི་ཞེས་ [195b.4]པ་ནི་མཚོན་པ་སྟེ་ཧཱུཾ་དང་ཨོཾ་ཡང་སྟེ། དེས་ན། རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང་། །ཞེའོ། །རྡོ་རྗེ་གསུམ་ཞེས་པ་ནི་ཡི་གེ་གསུམ་གྱིས་སྤྱི་བོ་ལ་སོགས་པར་བྱིན་གྱིས་བརླབས་ནས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་དྲི་ཆུ་བསྐུ་ཞེས་པ་སྟེ་དེ་ཡང་གསུངས་པ། སྙིང་མགྲིན་སྤྱི་བོར་བསྒོམ་ [195b.5]བྱ་བ། །ཞེས་པ་ནས། སྙིང་མགྲིན་སྤྱི་བོར་བསྐུལ་བྱས་ནས། །ཞེས་པའི་བར་དུ་སྟེ། ཆོ་ག་གཞན་ཡང་དེ་ཁོ་ནས་ཤེས་པར་བྱའོ། །ཡང་གསོལ་བ་འདེབས་པའི་སློབ་མ་ཐུན་མོང་གི་སྡོམ་པ་དང་ལྡན་པ་གདོང་གཡོགས་པ་བྱས་ནས་དཀྱིལ་འཁོར་དུ་གཞུག་པའི་ཚིག་གསུངས་པ། [195b.6]དེ་ལ་འདི་ནི་ཞེས་པ་ལ་སོགས་པ་སྟེ། ཡི་གེ་འདི་དག་གིས་སམ་གཤིན་རྗེ་གཤེད་ལ་སོགས་པའི་སྔགས་ཀྱིས་གཞུག་པར་བྱ་སྟེ་དེ་ཡང་གསུངས་པ། གཤིན་རྗེ་གཤེག་ལ་སོགས་པ་ཡི། །རང་གི་དམ་པའི་སྔགས་ཀྱིས་སམ། །ཞེས་པ་ནས། །ཡི་གེ་ལྔས་ཞེས་པའི་བར་དུའོ། །ཆོ་ག་ [195b.7]གཞན་ཡང་དེ་ཁོ་ན་ལས་ཤེས་པར་བྱའོ། །ད་ནི་རིག་པ་དང་རིག་སྤྱོར་གྱི་དབང་དང་དམ་ཚིག་གསུམ་གྱི་དབང་དང་ལྡན་པའི་སློབ་མ་ལ་ཕྱིར་མི་ལྡོག་པའི་དབང་བསྐུར་བ་གསུངས་པ་དེ་ལ་འདི་ནི་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་སློབ་དཔོན་རང་གི་ཡི་གེ་གསུམ་གྱི་འོད་ཡུངས་ཀར་ལྟ་ [196a] [196a.1]བུས་བསྐུལ་བའི་སངས་རྒྱས་སིལ་སྙན་ལ་སོགས་པའི་སྒྲའི་ཁྱད་པར་དང་སྤྲོས་པ་ལ་སོགས་པ་མཆོད་པའི་ཁྱད་པར་དུ་ལྡན་པ་དང་། ཡེ་ཤེས་ཀྱི་ཆུའི་བུམ་པ་འཛིན་པའི་དམ་ཚིག་གི་ལྷ་མོ་སྤྱན་མ་ལ་སོགས་པ་བཀྲ་ཤིས་པའི་ཚིག་བརྗོད་པ་དག་གིས་དབང་བསྐུར་ [196a.2]ཞེས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཏིང་འཛིན་གནས། །ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལའམ་མོས་པའི་སློབ་དཔོན་གྱིས་ཞེས་སོ། །དེ་ཡང་གསུངས་པ། བཙུད་པ་སྒོ་ཡི་ཁྲིར་གནས་པ། །ཞེས་པ་ནས། ཚིགས་བཅད་འདི་ཡིས་བསྐུལ་བར་བྱ། །ཞེས་པའི་བར་དུ་ཚིགས་སུ་བཅད་ [196a.3]པ་གཉིས་གསུངས་སོ། །རིག་པའི་དབང་དང་རིག་སྦྱོར་གྱི་དབང་དང་། དེ་ཁོ་ན་གསུམ་བསྟན་པ་ལ་སོགས་པ་ཡང་དེ་ཁོ་ནས་ཆེར་ཤེས་པར་བྱའོ། །གསོལ་བ་འདེབས་པའི་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ལ་བསྒོམ་པ་གསུངས་པ། རྡོ་རྗེ་རྣམ་པར་སྣང་མཛད་བསམ། །ཞེས་ཏེ། [196a.4]སློབ་མ་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། སྐུ་ལ་སོགས་པའི་ངོ་བོ་དང་ཐུགས་ཀྱི་རྡོ་རྗེ་སྙིང་ལ་དགོད་དོ་ཞེས་ཏེ། དེ་ཡང་གསུངས་པ། སྔོན་བཞིན་སྐུ་སོགས་འོད་འབར་ཏེ། །ཞེས་པ་དང་། ཐུགས་ཀྱི་རྡོ་རྗེ་སྙིང་ལ་དགོད། །ཅེས་པ་ལ་སོགས་པའོ། །རྡོ་རྗེ་ཆེན་པོ་དབང་བསྐུར་བའི་ [196a.5]ཚིག་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེའི་དོན་དུ་སློབ་མས་ཞུས་པ་གསུངས་པ། དེ་ལ་འདི་ནི་ཞེས་ཏེ་ཞུས་ནས་དབང་བསྐུར་བར་བྱའོ། །དེའི་ཕྱིར་དེ་ནས་དེ་ལ་ཞེས་པ་སྨོས་སོ། །གོང་དུ་བསྟན་པའི་དབང་བསྐུར་བའི་སངས་རྒྱས་དང་ལྷ་མོ་དེ་དག་དབང་ [196a.6]བསྐུར་ནས་དེའི་ཐུགས་ཀར་ཐིམ་སྟེ། ཡེ་ཤེས་སེམས་དཔའ་བསྐྱེད་པ་གསུངས་པ། ལྷ་ཡི་གཟུགས་སུ་སྦྱོར་བ་ཡིས། །ཞེས་སོ། །རྡོ་རྗེ་སློབ་མ་བློ་ལྡན་ལ། །ཞེས་པ་ནི། བཅུག་ནས་གདོང་གཡོགས་དགྲོལ་བ་སྟེ་འདི་ནི་གོང་དུ་བསྟན་པར་བྱའོ། །རིག་པ་དང་། རིག་སྦྱོར་བ་དང་། [196a.7]ཕྱིར་མི་ལྡོག་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་སློབ་མ་ལ་གསང་བའི་དམ་ཚིག་བསྒྲགས་པ་གསུངས་པ། སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །ཞེས་པ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་བསྐུར་བར་བྱ། །ཞེས་པ་ནི་དེ་དག་གི་དོན་བྱའོ་ཞེས་ [196b] [196b.1]པའི་དོན་ཏོ། །དེ་ཡང་གསུངས་པ། དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །ཞེས་པ་ལ་སོགས་པ་དང་། དཀོན་མཆོག་ལ་གནོད་གསད་པར་བྱ། །ཞེས་པ་ལ་སོགས་པའོ། །རིག་པའི་དབང་ལ་སོགས་པ་དང་ལྡན་པ་ལ་སྔགས་དང་ཕྱག་རྒྱ་སྦྱིན་པ་གསུངས་པ། སྔགས་ཀྱིས་བསྐུལ་བ་སྨྲ་ [196b.2]བ་ཡིས། །ཞེས་ཏེ། སྔགས་ཀྱིས་བསྐུལ་བ་ནི། ཕྱིར་མི་ལྡོག་དབང་དཀྱིལ་འཁོར་ལ། །ཞེས་པ་ནས། རྟག་ཏུ་བདག་ནི་སློབ་དཔོན་བགྱིད། །ཅེས་པའི་བར་དུ་གོང་དུ་བསྐུལ་བའི་ངོ་བོའོ། །སྔགས་སྦྱིན་པ་འདི་ཡང་གསུངས་པ། ཡང་དག་དབུགས་འབྱིན་དམ་ཚིག་གསུམ། །ཆོ་ག་རིམ་པས་ [196b.3]སྔགས་ཀྱང་སྦྱིན། །ཞེས་སོ། །གསང་བའི་དབང་བྱིན་པ་ལ་ཤེས་རབ་ཡེ་ཤེས་ཀྱི་སྦྱིན་པ་གསུངས་པ། སྔགས་ཀྱི་རྒྱལ་པོ་ཞེས་པ་སྟེ་བྱང་ཆུབ་སེམས་ཀྱི་དམ་ཚིག་གི་གསང་བའི་དབང་བྱིན་ལ་བརྟག་གོ་ཞེས་ཏེ་དེ་ཡང་གསུངས་པ། དཔལ་དང་ཤེས་རབ་དང་སྦྱོར་བ། །ཞེས་པ་ནས། ནོར་ [196b.4]བུའི་དཀྱིལ་དུ་གནས་པར་བརྟག །ཅེས་པའི་བར་དུའོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བ་ལ་གསང་བའི་དབང་གསུངས་པ། ཁུ་བའམ་ཞེས་པ་ལ་སོགས་པ་སྟེ། བཤད་པ་ཡང་ཆོ་ག་བཞིན་དུ་བྱས་ཏེ། དེ་དང་ལྡན་པའི་སློབ་དཔོན་གྱི་ཁུ་བ་དང་བཟའ་ཞེས་ཏེ། རྡོ་རྗེ་བློ་ཞེས་པ་ནི་རྣམ་པར་སྣང་ [196b.5]མཛད་དུ་སྦྱོར་བའི་སློབ་མའོ། །དེ་ཡང་གསུངས་པ། དེ་ནས་གཟུགས་ལ་སོགས་ལྡན་མ། །ཞེས་པ་ནས། སྣ་ཚོགས་བཞིན་ཏེ་སྣ་ཚོགས་འགྱུར། །ཞེས་པའི་བར་དུའོ། །རྣམ་པ་འདི་བཞི་ཞེས་པ་ནི་གསང་བའི་དབང་གི་སྡོམ་པ་སྟེ། སྲུང་བའི་དམ་ཚིག་བཞི་ཡིན་ནོ། །སྔགས་ཀྱི་འཁོར་ [196b.6]ལོ་ནི་སྔགས་ཀྱིས་བསྐྱེད་པའི་འཁོར་ལོ་འམ། ས་བོན་གསུམ་གྱི་སྔགས་ལས་སྤྲོས་པའི་རྡོ་རྗེ་གསུམ་གྱི་གཟུགས་བརྙན་གྱི་འཁོར་ལོ་སྟེ་ཀུན་ལ་ཤེས་པར་བྱའོ། །སེམས་ཅན་དོན་སྤྱོད་ཕྱིར་གནས་པ། །ཞེས་པ་ནི་འཁོར་ལོ་གསུམ་གྱི་དོན་སྤྱད་པ་སྲུང་བའི་དམ་ཚིག་གོ་ཞེས་པའི་དོན་ [196b.7]ཏོ། །ཟས་འབར་བར་བྱས་ལ་ཉེ་བའི་སློབ་དཔོན་གྱིས་སློབ་མ་སྤྲོ་བ་བསྐྱེད་པའི་དོན་དུ་མཐུ་བསྟན་པ་དང་། ཟས་ཀྱིས་བསྙེན་པ་གསུངས་པ། གླང་པོའི་ཤ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཨོཾ་ལ་སོགས་པས་ཟས་འབར་བར་བྱས་ཏེ་སློབ་མ་ལ་བརྟེན་ནས་བཟའ་ཞེའོ། །གཞན་གྱི་དོན་ [197a] [197a.1]དང་འབྲས་བུ་འབྲེལ་པ་གསུངས་པ། དངོས་གྲུབ་ཐམས་ཅད་བསྒྲུབ་པ་དང་། །ཞེས་པ་ལ་སོགས་པ་སྟེ། དཀྱིལ་འཁོར་དག་གི་ཞེས་པ་ནི་དཀྱིལ་འཁོར་དུ་དབང་བསྐུར་བས་ཞེས་པའི་དོན་ཏོ། །འདི་ནི་རྗེས་སུ་གནང་བའི་དོན་དུ་ཤེས་པར་བྱ་སྟེ་དེ་ཡང་གསུངས་ [197a.2]པ། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །ཞེས་པ་ལ་སོགས་པའོ། །གོང་མའི་ཟས་ཀྱི་འཕྲོ་གསུངས་པ། བཤང་གཅི་ཞེས་ཏེ་ཁམ་ཕོར་ནི་བྷནྡྷའོ། །སྤྱན་མ་ཞེས་པ་ནི་མེ་དང་རླུང་ངོ་། །ལྷན་ཅིག་འཁོར་ཞེས་པ་ནི་ལྷན་ཅིག་བཟའ་ཞེས་པའི་དོན་ཏོ། །ད་ནི་ཐུན་མོང་གི་སྒྲུབ་པ་དག་ལས་ [197a.3]ཕྱག་བརྙན་སྒྲུབ་པ་གསུངས་པ་དེ་ལ་འདི་ནི་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་གང་ཡང་རུང་བའི་རྣལ་འབྱོར་པས་མདུན་གྱི་ནམ་མཁའི་དབུས་ལ་རྡོ་རྗེ་སེམས་དཔའ་ལས་གྱུར་པའི་ཡི་གེ་དྷཱི་འབར་བ་བསམས་ཏེ། དེ་ལ་སངས་རྒྱས་ཀྱི་ཚོགས་འོད་ཀྱིས་ཕབ་ནས་དེ་ལས་གྱུར་ [197a.4]པའི་ཨ་ལ་སོགས་པ་དང་། རང་གི་མཚན་མ་དེ་ལ་གཤིན་རྗེ་གཤེད་ལ་སོགས་པའི་ཕྱག་བརྙན་གསུམ་གྱི་གཟུགས་དོན་ཡོད་གྲུབ་པས་དབུ་བརྒྱན་པ་བསྐྱེད་ནས་བསྐུལ་བ་སྟེ། སྐུ་ལ་སོགས་པ་ནི་དེའི་རིགས་ཀྱི་ཁྲོ་བོ་རྣམས་སོ། །དེ་དག་གི་ཡེ་ཤེས་སེམས་དཔའ་ལ་ཡང་ཨ་ལ་སོགས་ [197a.5]པས་བྱིན་གྱིས་བརླབས་ནས་གསང་བའི་གནས་སུ་གཞག་པར་བྱ་སྟེ་བསྒྲུབ་པར་བྱའོ། །ཕྱག་ན་རྡོ་རྗེ་ཞེས་པ་ནི་གཤིན་རྗེ་གཤེད་དོ། །གསང་བའི་གནས་ནི་གང་ལ་གནས་ནས་དེ་དག་བསྐུལ་བ་སྟེ། ཉི་མ་དང་ཟླ་བ་ལ་གནས་པའི་མི་བསྐྱོད་པ་ལ་སོགས་པའི་འཁོར་ལོ་ཆེན་པོའི་སྦྱོར་བས་ [197a.6]རིགས་བཞི་བསྐུལ་བར་བྱའོ། །དེ་ནས་རྡོ་རྗེ་གསུམ་གྱི་ས་བོན་ཧཱུཾ་ལ་སོགས་པའི་འོད་ཐུན་མོང་གི་དམ་ཚིག་བཞིའི་སྡུག་བསྔལ་བ་དང་། ཨ་ལ་སོགས་པ་ལས་འཕྲོས་པ་ཁྲོ་བོ་བདུད་རྩི་ཆེ་བ་ལ་སོགས་པ་དག་གིས་འོག་ནས་འབྱུང་བའི་ཐུན་མོང་གི་དམ་ཚིག་གི་ཚོགས་རང་གི་ལྷ་དྲག་ཏུ་ [197a.7]བསྐུལ་ཏེ། དེ་དག་གི་ཡེ་ཤེས་སེམས་དཔར་བཅིངས་ནས་རྣལ་འབྱོར་པ་རང་གི་ཡི་གེ་དང་ཨ་ལ་སོགས་པ་བསྐུལ་བ་དང་བཅས་པས་ཇི་སྐད་གསུངས་པ་སངས་རྒྱས་ཞིང་དུ་ཁྲིད་པ་ལ་སོགས་པར་འགྱུར་རོ། །སངས་རྒྱས་ཐོབ་པ་ཞེས་པ་ནི་ས་བོན་ཤིན་ཏུ་གཞག་པར་ཤེས་པར་བྱའོ། །དེ་དག་གི་ [197b] [197b.1]སྒྲུབ་པ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པ་སྟེ་རྡོ་རྗེ་སེམས་དཔའ་ལ་སོགས་པས་བརྒྱན་ནོ་ཞེས་པའི་དོན་ཏོ། །ཡང་དེའི་ཡོན་ཏན་གསུངས་པ། ནམ་མཁའི་དབྱིངས་ཆེན་དག་པ་ནི། །ཞེས་ཏེ་ནམ་མཁའ་ལ་དྷ་ལ་སོགས་པ་རྨད་དུ་བྱུང་བའི་གཟུགས་བྱེད་དོ་ཞེའོ། །ཐུན་ [197b.2]མོང་དུ་གསུངས་པ་དེ་དག་ལས་རྣལ་འབྱོར་པས་ནི་ཕྱག་བརྙན་གཅིག་བསྐུལ་བར་ཤེས་པར་བྱའོ། །བསམ་གཏན་ལ་བརྟེན་པའི་དབང་གསུངས་པ། སངས་རྒྱས་རྡོ་རྗེ་སེམས་དཔའ་འང་རུང་། །ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་རྡོ་རྗེ་འཇམ་པའི་རྣལ་འབྱོར་པས་དབུ་རྒྱན་ [197b.3]དམར་བའི་རྩེ་མོར་མདའ་དམར་པོ་ལྔ་ལག་པ་གཡོན་པའི་ཁུ་ཚུར་གྱིས་བཙུགས་ཏེ། ཆོ་ག་བཞིན་དུ་དེའི་ལིངྒ་ཡི་གེ་དང་པོས་བསྐྱེད་པ་ལ་དགུག་པ་ལ་སོགས་པ་སྔོན་དུ་བྱས་ནས་དེའི་སྤྱི་བོ་ལ་སོགས་པར་མདའ་དེ་དག་ཁྲོ་བོར་བསམས་ཏེ། སྔགས་ཀྱིས་བསྐུལ་ནས་བཙུགས་ [197b.4]པས་བརྒྱལ་བར་བསྒོམས་ན་དབང་དུ་འགྱུར་རོ་ཞེས་པ་ཡིན་ནོ། །བྱིས་པའི་བློ་ནི་གྲངས་ཆེན་གྱིས། །ཞེས་པ་ནི་མཚན་མ་ཐོབ་པའི་དོན་ཏོ། །ད་ནི་གོང་དུ་གསུངས་པའི་ཆོ་ག་གསུངས་པ་སངས་རྒྱས་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྟེ། འདི་ནི་ཇི་སྐད་གསུངས་པའི་རྣམ་པར་སྣང་མཛད་ལྟ་བུའི་སློབ་ [197b.5]མའི་གནས་གསུམ་དུ་རྡོ་རྗེ་ལ་སོགས་པའི་མཚན་མ་ལ་སོགས་པ་ལ་ཧཱུཾ་ལ་སོགས་པ་བཀོད་དེ། མིག་ཏུ་ཡང་ཨོཾ་བཀོད་ནས་མཚན་མའི་གཟུགས་རྡོ་རྗེ་ལ་སོགས་པ་དེ་བདུད་རྩི་འཁྱིལ་པའི་བར་དུ་དཀར་པོ་ལ་སོགས་པའི་ཚུལ་དང་ལྡན་པའི་སྐུ་ཐབས་དང་ཤེས་རབ་ཏུ་བསྟན་ཏོ་ཞེས་པ་ཡིན་ [197b.6]ནོ། །དེ་ཡང་གསུངས་པ། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དེང་། །ཞེས་པ་ནས། བདུད་རྩི་འཁྱིལ་པའི་བར་དུའོ། །རྣལ་འབྱོར་པའི་བཀྲེས་སྐོམ་གཞོམ་པ་གསུངས་པ། བཀྲེས་སྐོམ་ཞེས་པ་ལ་སོགས་པ་སྟེ་འདི་སྐད་དུ་རྟག་པའི་རྣལ་འབྱོར་པས་ལྕེ་ལ་ཨོཾ་བསམས་ནས་དེའི་སྟེང་དུ་ [197b.7]བི་བུམ་པ་ལྟ་བུ་རིན་པོ་ཆེས་བརྒྱན་པ་བཟའ་བས་བཀང་བ་ཁས་ཕུབ་སྟེ་དེ་ལས་བྱུང་བའི་བཟའ་བཏུང་གིས་ལྷ་རྣམས་ཚིམ་པར་བྱའོ་ཞེས་སྟོན་ཏོ། །ད་ནི་ཐུན་མོང་གི་སྒྲུབ་པ་དག་ལས་སྔགས་ཀྱི་ལས་ཅན་རྣམས་ཀྱི་སྒྲུབ་པ་དག་ལས་དཔའ་བོ་རྡོ་རྗེ་སྒྲུབ་པ་གསུངས་པ། དེ་ནས་ཞེས་པ་ལ་ [198a] [198a.1]སོགས་པ་སྟེ། དེ་ནི་གང་ཡང་རུང་བའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་རྐྱེན་དུ་བྱས་པ་བི་སེར་པོ་དང་རྡོ་རྗེ་སེར་པོ་ལས་གྱུར་པའི་དཔའ་བོ་རྡོ་རྗེ་སེར་པོ་ཕྱག་ན་བསྣམས་པ། རིག་མས་འཁྱུད་པ་མི་བསྐྱོད་པས་དབུ་བརྒྱན་པ་ཅུང་ཟད་འགྱིང་བ་ཇི་ལྟ་བ་བཞིན་དུ་ཕྱུང་ [198a.2]ནས་བདག་གི་ཡི་གེ་དང་བསྐུལ་བའི་ཡི་གེས་གང་འདོད་པའི་ལས་ཐམས་ཅད་བསྐུལ་བས་ཉན་པར་བསམས་ནས་འགྲུབ་ཅེས་ཇི་སྙེད་པའོ། །སྐུལ་བྱེད་མའི་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། སྔ་མ་བཞིན་རྡོ་རྗེ་སེམས་དཔའ་རྐྱེན་དུ་བྱས་པའི་ཙུཾ་དང་པདྨ་དཀར་པོ་ལས་ཙུནྡེ་ [198a.3]མ་མདོག་དཀར་པོ་ཐབས་ལ་འཁྱུད་པ་པདྨ་དཀར་པོ་འཆང་བ་མི་བསྐྱོད་པས་དབུ་བརྒྱན་པ་བསམས་ཏེ། ཨོཾ་ན་མཿས་མནྟ་སམྱཀྶཾ་བུདྡྷ་ཀོ་ཊི་ནཾ་ཞེས་པ་ལ་སོགས་པ་ལས་ཀྱི་དབྱེ་བས་སྔགས་ཀྱི་ཚིག་བསྐུལ་ན་འགྲུབ་པོ། །ཡང་ཛམྦྷ་ལ་ལ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། [198a.4]དེ་ཡང་སྔ་མ་བཞིན་ཛཾ་དང་བི་ཛ་པཱུ་ར་ནེའུ་ལེའི་རྒྱལ་པ་སེར་པོ་ལས་གྱུར་པ་གནོད་སྦྱིན་མ་བཞིས་བསྐོར་བའམ། འདི་ལས་གཅིག་པུ་རིག་མ་ལ་འཁྱུད་པ་ཕྱག་རྒྱ་བཞིས་རྒྱས་བཏབ་པ་སྙིང་ག་ལ་སོགས་པའི་གནས་ལྔ་ལ་མི་བསྐྱོད་པ་ལ་སོགས་པ་ལྔས་བརྒྱན་པ་རྡོ་རྗེ་སེམས་དཔའ་མི་བསྐྱོད་ [198a.5]པས་དབུ་ལ་བརྒྱན་པ་བསམ་མོ། །ཕྱག་རྒྱ་བཞི་ནི་གོང་དུ་ཡང་སྦྱར་རོ། །རྡོ་རྗེ་བདུད་རྩི་ཆུ་དག་ནི། །ཞེས་པ་ནི་རྣལ་འབྱོར་པའི་ལག་པ་གཡས་པ་ལ་ཨ་ལས་བསྐྱེད་པའི་ཟླ་བ་ལ་ཛཾ་གིས་བསྐྱེད་པའི་བུམ་པའི་ཆུས་ངེའི་ཞལ་དུ་དྲང་ངོ་ཞེས་པའི་དོན་ཏོ། །དེ་ནས་ནི་ནོར་ལ་སོགས་པའི་འདོད་ [198a.6]པ་བསྐུལ་བར་བྱའོ། །དེ་བཞིན་དུ་སྔགས་ལ་དབང་བ་གཞན་ཡང་རྗེས་སུ་དཔགས་ཏེ་སྦྱར་ཡང་ཉེས་པ་མེད་དོ། །ད་ནི་འཇིག་རྟེན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། འདིར་ཡང་ཇི་ལྟར་གསུངས་པའི་ཕོ་བྲང་དུ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་པས་ལུས་ལ་སོགས་པ་བྱིན་གྱིས་ [198a.7]བརླབ་པ་དང་ལྡན་ཏེ། དེའི་མདུན་དུ་ཀྵི་འབར་བ་ལས་གནོད་སྦྱིན་མོ་རལ་པ་སིལ་བུ་དང་རྣ་ཆ་ལ་སོགས་པ་དང་ལྡན་པ་མཛེས་པའི་གཟུགས་ཕྱག་རྒྱ་བཞི་དང་གཤིན་རྗེ་གཤེད་ཀྱིས་མགོར་བརྒྱན་པ་ཁ་ཕྲད་པར་བསམས་ཏེ། སྙིང་གར་གཤིན་རྗེ་གཤེད་ཀྱི་སྔགས་བཀོད་ནས་དྲག་ཤུལ་དུ་སྦྱོར་ [198b] [198b.1]བ་བརྩམས་པའི་སྒྲས་ནམ་མཁའ་ལ་གནས་པའི་གནོད་སྦྱིན་མོ་ཐམས་ཅད་དེ་ལ་ཕབ་ནས། དེ་བཞིན་དུ་ཡང་འཇིག་རྟེན་པའི་རིག་པ་ཅན་དང་སྲིན་མོ་དང་འཕྲོག་མ་ལ་སོགས་པ་ཡང་རང་གི་ས་བོན་དང་ལས་ལས་འཕགས་ཏེ། ད་ནི་དེ་དག་གི་ཡོན་ཏན་གསུངས་པ། དེ་ནས་ཞེས་པ་ལ་ [198b.2]སོགས་པ་སྟེ། ཀུན་གྲུབ་པ་ཞེས་པ་ནི་རྡོ་རྗེ་འཛིན་པ་གང་གིས་ཡང་མི་སྣང་བ་ནི་མདོག་མཚུངས་སོ། །རིགས་འཛིན་དག་གི་ཞེས་པ་ནི་རིག་འཛིན་གྲུབ་པ་དག་ནི་མཐོང་ནས་གཞན་དགའ་བར་འགྱུར་ཞེའོ། །གནོད་སྦྱིན་ནི་གྲུབ་ན་ནོར་གྱི་བདག་པོར་འགྱུར་ཞེས་སྦྱར་རོ། །ད་ནི་རིག་པའི་ [198b.3]བརྟུལ་ཞུགས་ལ་གཏོགས་པའི་ཆོ་ག་བཤད་པར་བྱ་སྟེ། དེ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེའི་སྐུ་ཉིད་ཅེས་པ་ནི་སྐུ་གསུང་ཐུགས་ཀྱི་དོན་དུ་དམ་པའི་མཚན་མར་ཤེས་པར་བྱའོ། །ཆེན་པོ་ཞེས་པ་ནི་རྟག་པའི་སྦྱོར་བའོ། །ཆོ་ག་བཞིན་ཞེས་པ་ནི་དེའི་ཡན་ལག་ཚུལ་དང་ལྡན་ [198b.4]པའོ། །ལོ་གྲངས་བཅུ་གཉིས་ཞེས་པ་ནི་ངེས་པ་མེད་པའི་དོན་དུ་གསུངས་པའོ། །སྤྱན་གྱི་གོ་འཕང་ཞེས་པ་ནི་དེའི་རིག་མའོ། །གོ་འཕང་ནི་ཡན་ལག་གོ། །རྡོ་རྗེ་མཚན་ཞེས་པ་ནི་གསང་གནས་ཀྱི་སྦྱོར་བ་སྟེ་དེ་དག་གིས་ནི་དམ་ཚིག་གི་དཀྱིལ་འཁོར་བསྟན་ཏོ། །སངས་རྒྱས་བྱང་ཆུབ་ལ་གནས་ [198b.5]ལ། །ཞེས་པ་ནི་རྡོ་རྗེ་འཛིན་པའི་གནས་ཏེ་དམ་ཚིག་གི་ངོ་བོའོ། །དུས་བཞི་ཞེས་པ་ནི་དབང་པོ་དམན་པ་དག་ཟླ་བ་དྲུག་འདས་ན་ལོ་གཅིག་ཏུ་དཔྱིད་ལ་སོགས་པའི་དུས་སུ་ཞེའོ། །ཁ་ཅིག་ནི་ཐོ་རངས་ལ་སོགས་པའོ་ཞེས་ཟེར་ཏེ། དེ་ནི་ལས་དང་པོ་པ་ཡིན་ལ་འདི་ནི་ཡེ་ཤེས་ཀུན་ལ་དབང་ཐོབ་ [198b.6]པས་ཉིན་མཚན་མེད་པར་སྦྱོར་བ་སྟེ་དེ་བས་ན་དེ་ནི་རིགས་སོ། །བཟའ་དང་བཅའ་བ་སྤྱད་པར་བྱ། །ཞེས་པ་ནི་དེ་དག་ལ་བདུད་རྩིའི་སྦྱོར་བ་སྤྱད་པ་སྟེ་དྲུག་ལས་ཟས་གཞན་དག་ནི་མ་ཟོས་ན་ཞེས་པའི་དོན་གྱིས་ཤེས་པར་བྱའོ། །བདག་པོ་ནི་རང་ངོ་། །ཡེ་ཤེས་རྒྱ་མཚོ་ནི་རིག་མའོ། །དེ་དག་ [198b.7]ཀུན་ཞེས་པ་ནི་ཐུན་མོང་གི་དོན་དུ་གསུངས་སོ། །ནོར་རྐུ་ཞིང་ཞེས་པ་ནི་བདག་ཏུ་འཛིན་པའི་ནོར་གྱི་རྫས་འཕྲོག་པ་ཞེས་པའོ། །བསད་པ་ཞེས་པ་ནི་གཉིས་སུ་མེད་པའི་དེ་བཞིན་གཤེགས་པའི་འཁོར་བསད་པ་ཞེས་བྱའོ། །དེ་བཞིན་དུ་སྒྱུ་མའི་རྣམ་པས་བརྫུན་ཞེས་པ་དང་། དེ་གནས་ཀྱིས་གང་ [199a] [199a.1]ཞེས་པའི་འདོད་ཆགས་དག་ནི་བསྲུང་བའི་དམ་ཚིག་བཞི་སྟེ་དེ་ཉིད་སྡོམ་པའོ། །ཀྱོ་བ་མོ་ཞེས་པ་ནི་འདོད་ཆགས་རྡོ་རྗེའི་ཡིད་འཕྲོག་པ་སྟེ་གོས་དཀར་མོ་དང་འདྲ་བའི་རིག་མའོ། །མཆོག་སེམས་ཞེས་པ་ནི་རྡོ་རྗེ་སེམས་དཔའ་འམ་མི་བསྐྱོད་པའོ། །གཞན་གྱི་གོ་འཕང་ [199a.2]གསུངས་པ་རྡོ་རྗེ་ཅན་གྱི་ཞེས་ཏེ། གཞན་དག་གི་ཡང་རང་གི་རིག་མའི་ཕྱག་རྒྱའི་གོ་འཕང་ཞེའོ། །ཡི་གེ་ཞེས་པ་ནི་སྔགས་ཀྱིས་བསྐུལ་བ་ཞེས་པའི་ཐ་ཚིག་གོ། །དེ་ཁོ་ན་ལས་སྒྲུབ་པ་ཉེ་བར་བརྟགས་ཏེ་གསུངས་པ་རྡོ་རྗེ་གསུམ་གྱི་ཡེ་ཤེས་བརྟེན་ཞེའོ། །འཁོར་ལོ་རྡོ་རྗེ་གསུམ་ལས་འབྱུང་། ། [199a.3]ཞེས་པ་ནི་གཙོ་བོ་གསུམ་གཙོར་གསུངས་པའོ། །ལེའུ་བཅུ་དྲུག་པའི་འགྲེལ་པ་རྫོགས་སོ།། །།ད་ནི་སྒྲུབ་པ་ཆེན་པོར་གྲགས་པ་ལ་གཏོགས་པ་བསྲུང་བའི་དམ་ཚིག་གཙོར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། གསོལ་བ་བཏབ་ཅེས་པ་ནི་བསྲུང་བ་ལ་སོགས་པའི་ [199a.4]དམ་ཚིག་ཞུ་བར་འདོད་པའི་བསམ་གཏན་བསྟོད་པའི་ཕྱིར་རོ། །ཡེ་ཤེས་ཆེ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་པས་སོ། །རྡོ་རྗེ་དབྱིངས་ཞེས་པ་ནི་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཟུང་ན་རྐྱེན་དུ་སྨྲ་བ་ཡིན་ནོ། །རྡོ་རྗེ་གསུམ་མཆོག་ནི་སྐུ་ལ་སོགས་པའི་མཆོག་གོ། །དཀྱིལ་འཁོར་ [199a.5]གསུམ་ཞེས་པ་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་ཁོ་ན་མཆོག་ཅེའོ། །དེ་བཞིན་དུ་གཞན་ལ་ཡང་རང་གི་ཡེ་ཤེས་རྣམས་དང་ཡོན་ཏན་ལས་རྗེས་སུ་དཔགས་ཏེ་ཤེས་པར་བྱའོ། །དེའི་དོན་གསུངས་པ། སངས་རྒྱས་ཀུན་གྱིས་བསྐུལ་བ་ཡི། །ཞེས་པ་ལ་སོགས་པའོ། །བསྟོད་ཚིག་ [199a.6]དག་ཁོ་ན་ལ་རྡོ་རྗེ་འཆང་བས་ཡོངས་སུ་དག་པ་བསྡུས་ཏེ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་ཆོས་ཀྱི་དབྱིངས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་དེ་ཨ་ལ་སོགས་པའི་ཡི་གེ་མེད་ཅེའོ། །འོད་གསལ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡོངས་སུ་དག་པ་ནི་བྱ་བ་ནན་ཏན་གྱི་ངོ་བོའོ། ། [199a.7]དྲི་མ་མེད་པ་ནི་ལྷག་མ་གཉིས་ཏེ་ནམ་མཁའི་དབྱིངས་བཞིན་ཞེས་པ་ནི་ཀུན་ལ་སྦྱར་རོ། །ད་ནི་འདོད་པའི་དོན་གསོལ་བ་བཏབ་པ་ཁོ་ན་ལ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དམ་ཚིག་བཞི་ཞེས་པ་ནི་བསྲུང་བར་བྱ་བའི་སྡོམ་པ་བརྟུལ་ཞུགས་ཀྱི་སྐབས་སུ་བསྟན་མ་ཐག་པའོ། ། [199b] [199b.1]ཤ་ཆེན་ཞེས་པ་ནི་བཟའ་བའི་དམ་ཚིག་སྟེ་བཤང་གཅི་ལ་སོགས་པ་ཡང་སྦྱར་རོ། །འདི་ནི་སྐུ་ལ་ཉེ་བར་བརྟགས་པ་སྟེ་དེ་བཞིན་འོག་ཏུ་ཡང་སྦྱར་རོ། །ཁམས་གསུམ་པ་རྣམས་ཀྱི་དམ་ཚིག་ལས་རང་སངས་རྒྱས་ཀྱི་དམ་ཚིག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། ལུས་ཀྱི་སྟོན་པ་ནི་ངག་ [199b.2]གི་ལུས་ཀྱི་བྱ་བས་སེམས་ཅན་དག་གི་དོན་བྱེད་ལ། ཐུགས་རྡོ་རྗེ་ཆེན་པོའི་སྔགས་པས་དེ་བསྡུ་བའི་ཕྱིར་དེའི་ཚུལ་གནས་པ་ནི་རྡོ་རྗེ་སྐུལ་རབ་ཏུ་གནས་ཤེའོ། །འདིར་ནི་རང་སངས་རྒྱས་སྒྲུབ་པ་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་འོག་ཏུ་ཡང་ཤེས་པར་བྱའོ། ། [199b.3]བྱེད་པའི་ཡེ་ཤེས་སྤངས་ཞེས་པ་ནི་གཉིས་སུ་མེད་པ་མི་ཤེས་པའོ། །མོས་པ་ཆུང་ངུ་ཞེས་པ་ནི་ཐེག་པ་ཆེན་པོ་ལ་མ་མོས་པའོ། །གཏི་མུག་ལམ་གྱིས་ཞེས་པ་ནི་མཚན་མའི་རྣམ་པར་ཤེས་པ་མེད་དེ་དེ་ལས་ངག་སྒོམ་པ་ནི་བྱིས་པ་དག་སྐྲག་པར་བྱེད་པས་ན་འཇིགས་ཤིང་ཞེས་ཏེ། དེ་ཁོ་ནས་ [199b.4]སངས་རྒྱས་སུ་སྦྱོར་རོ། །ད་ནི་ཨོཾ་དང་གུནྡྷེ་ལས་གྱུར་པའི་ཚངས་པ་གདོང་བཞི་པ་སེར་པོ་ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པ་གུནྡྷེ་ཐོགས་པ་མི་བསྐྱོད་པས་དབུ་བརྒྱན་པ་བསྒོམས་ཏེ་དེའི་དམ་ཚིག་བསྒོམས་ན་ཕྱིས་འདོད་པ་ཅན་གྱིས་སྐུ་རྡོ་རྗེར་འགྱུར་ཞེས་ཏེ། དེ་བཞིན་དུ་དྲག་པོ་དང་། བྱི་སྣུའི་ [199b.5]རིགས་ལས་ཤེས་པར་བྱའོ། །དེ་ལ་དྲག་པོ་ནི་ཨ་དང་ཏྲི་ཤཱུ་ལ་ལས་བསྐྱེད་པ་ནག་མོའོ། །བྱི་སྣུ་ནི་ཧཱུཾ་དང་དུང་ལས་བསྐྱེད་པ་དཀར་པོའོ། །དེ་གཉིས་ཀྱི་ཡང་འགྱུར་བ་གསུངས་པ། གཏོགས་འདོད་ཅེས་ཏེ་སྨད་ཆེན་ནི་དྲག་པོ་སྟེ་འདོད་པ་ཙམ་གྱིས་གསུང་ཐུགས་རྡོ་རྗེའི་སྐུར་འགྱུར་རོ། །གནོད་ [199b.6]སྦྱིན་མ་ལ་སོགས་པའི་དམ་ཚིག་ཀྱང་ངོ་བོ་ཙམ་གསུངས་ཏེ། དེ་དག་ཀྱང་རང་རང་གི་ས་བོན་ལ་སོགས་པ་སྤྱིའི་ཆོ་གས་བསྒྲུབ་པོ་ཞེས་སྔར་བཤད་ཟིན་ཏོ། །འོག་ཅེས་པ་ནི་ཕལ་ཆེར་རིའི་འོག་ན་གནས་པ་ཡིན་ནོ། །བདུག་པ་ཞེས་པ་ནི་ཚིལ་ཆེན་གྱི་བདུག་པའོ། །གནས་ཀྱི་མཚན་ [199b.7]ཞེས་པ་ནི་མ་མོའི་གནས་སོ། །ཕན་འདོད་པ་ཞེས་པ་ནི་སྙིང་རྗེས་བརླན་པའི་རྣལ་འབྱོར་པ་སྟེ་དེས་བསྡུས་པའི་དངོས་པོ་ངོ་བོ་ཉིད་འབྱུང་བའི་དམ་ཚིག་སྤྱད་པར་བྱ་ཞེས་བསྡུས་པའོ། །ཉན་ཐོས་ལ་སོགས་པ་དག་ཀྱང་ཐེག་པ་ཆེན་པོའི་སྒྲིབ་པ་གདོང་སྦྱོང་བས་ཁམས་གསུམ་པ་ [200a] [200a.1]ཞེའོ། །དེ་དག་གི་དོན་ཡང་གསུངས་པ། ཅི་རིགས་འགྲོ་བའི་དོན་དང་ནི། །ཞེས་སོ། །ཡང་ལུས་ལ་སོགས་པའི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་རྡོ་རྗེ་དྲ་བ་ཞེས་པ་ནི་སྲིད་པས་མ་གོས་པའོ། །ཚིག་གི་ལམ་ནས་ཞེས་པ་ནི་བརྫུན་ལ་སོགས་པ་ [200a.2]བཞིའོ། །ཡིད་ཀྱི་རྡོ་རྗེ་ཞེས་པ་ནི་མནར་སེམས་ལ་སོགས་པ་སྟེ་དེ་ནི་དངོས་སུ་བསྟན་པ་མ་ཡིན་ཏེ་རྩ་བ་ཆད་པའི་ཕྱིར་རོ། །དེས་ནི་གང་བྱུང་ནའང་རྡོ་རྗེ་འཛིན་པའི་རང་བཞིན་ཡོངས་སུ་དག་པར་བསྒོམ་ཞེས་སོ། །དེ་དག་ནི་ཐམས་ཅད་ལ་སྤྱོད་པས་ན་ཀུན་དུ་བཟང་པོ་ཞེས་སོ། །སྦྱོར་བ་ཤིན་ [200a.3]ཏུ་ངེས་པ་རྣམས་ཀྱི་དམ་ཚིག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། སྐུ་གསུང་ཐུགས་སུ་སྦྱོར་བ་ཉིད་ཚོགས་ཡིན་གྱི། ཕྱག་གིས་ནི་མ་ཡིན་ཏེ་ཞེའམ། ཡང་ན་ཕྱིའི་བློས་ཚོགས་མི་འགྱུར་ཞེའོ། །འོ་ན་ཇི་ལྟར་བྱ་ཞེ་ན། དེ་ནས་ཡང་ཞེས་པ་སྟེ། ཀུན་དུ་རྡོ་རྗེ་སེམས་དཔའི་ [200a.4]དཀྱིལ་འཁོར་དབྱེར་མེད་པས་བསམས་ཏེ་ཞེའོ། །རྡོ་རྗེ་གསུམ་སྦྱོར་བ་ཞེས་པ་ནི་དང་པོ་ལ་སོགས་པའི་སྦྱོར་བ་གསུམ་དང་ལྡན་པས་ཞེས་པའི་དོན་ཏོ། །དེ་ནས་ཡང་ཚོགས་ཆེན་པོ་བསམ་པ་གསུངས་པ། སེམས་ཅན་ཁམས་རྣམས་ཞེས་པ་སྟེ། ཐམས་ཅད་བདག་དང་ [200a.5]དབྱེར་མེད་པར་ཕྱག་འཚལ་ལོ་ཞེས་བསམ་པས་བསྐུལ་ལོ་ཞེའོ། །ད་ནི་ཆེན་པོའི་སྒྲུབ་པ་ཆེན་པོ་རྫོགས་ནས། མཆོད་པའི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་འདིར་ནི་ནང་གི་གསུངས་པ་ཡིན་ནོ། །གཉིས་ནི་འོག་ནས་སྟོན་ཏོ། །བསྲུང་བའི་དམ་ཚིག་བཞིའི་རྐྱེན་ [200a.6]གྱི་དམ་ཚིག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། མི་སྣང་བ་ཞེས་པ་ནི་དམ་ཚིག་བཞི་པོ་ཁོ་ན་རྐྱེན་མེད་པའི་བློས་བལྟ་བར་དཀའ་བའི་ཕྱིར་རོ། །རྡོ་རྗེ་མ་ཞེས་པ་ནི་ལས་ཀྱི་ཕྱག་རྒྱ་ཁོ་ན་གསུངས་པ་ཡིན་ཏེ་དེ་ནི་རྐྱེན་ནོ། །ཡང་རྫས་ཀྱང་རྟག་ཏུ་དབྲོག་ཅེས་པ་ནི་དེ་ལ་སྦྱོར་བས་ [200a.7]ཕྱུང་བའི་བྱང་ཆུབ་ཀྱི་སེམས་ཟོས་པས་བདག་ཏུ་འཛིན་པའི་རྫས་ཕྲོགས་པ་སྟེ་སངས་རྒྱས་ཀྱི་འཁོར་གསོད་པ་ལ་སོགས་པ་ཡང་སྦྱོར་རོ། །ཡང་རིག་འཛིན་གྱི་དམ་ཚིག་གསུངས་པ། དེ་ནས་ཞེས་ཏེ་རིག་འཛིན་སྦྱོར་བ་ཕོ་དང་མོ་ལ་དཀོན་མཆོག་དཔལ་དང་ཚེ་དཔག་མེད་དབུ་རྒྱན་དུ་བསམ་ [200b] [200b.1]ཞེས་པའི་དོན་ཏོ། །ལས་དང་པོ་པ་རྣམས་ཀྱི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། ལུས་ཀྱི་རྡོ་རྗེ་ལ་སོགས་པ་ལ་ཕྱི་རོལ་གྱི་ཁ་ཟས་ཁོ་ནའི་སྟོན་མོ་སྤྱད་ཅེས་མདོར་གསུངས་ཏེ། འདིའི་སྦྱོར་བ་ནི་འོག་ནས་སྟོན་ཏོ། །ཕྱི་རོལ་ཞེས་པ་ནི་བསམ་གཏན་གྱི་བསལ་དབང་མ་ [200b.2]ཐོབ་པའི་ཕྱིར་རོ། །ད་ནི་ཐུགས་ཀྱི་ཆོས་བསྟན་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། ཅང་མི་གསུང་ཞེས་པ་ནི་མཉམ་པ་ཉིད་ལ་བརྗོད་དུ་མེད་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེའི་དོན་ཞུས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེའི་ལན་ [200b.3]གསུངས་པ་དེ་ནས་ཞེས་ཏེ། དེ་ནི་བརྗོད་པའི་ཚིག་གང་དམིགས་སུ་མེད་པ་དེ་ལ་ངོ་བོ་ཉིད་མེད་པས་བསམས་ཏེ་མི་གསུང་ཞེའོ། །བསམ་པ་བརྟན་པ་གསུངས་པ་རིགས་ཀྱི་བུ་ཞེས་ཏེ། སྐུ་ལ་སོགས་པ་མ་སྐྱེས་པ་ཉིད་ལ་བརྗོད་པ་ནི་གཞན་དག་སྐྱེས་པའི་རྣམ་པས་ལོག་པར་ཟིན་ཏེ་འགྱུར་སྙམ་ [200b.4]དུ་དགོངས་པ་ཡིན་ནོ། །དེ་ནས་ཡང་ཞུས་པ་ཕྱིན་ཅི་ལོག་ཏུ་ཟིན་པ་ཀུན་འབྱུང་བ་མི་བརྟག་ཏུ་གསོལ་ཞེས་པ་དེ་ཅིའི་ཕྱིར་ཞེ་ན། མཐུའི་ངོ་བོ་ཉིད་སྤྱོད་པར་གྱུར་པ་སྟེ། མི་སྐྱེ་བའི་སྟོན་པ་ཉིད་ཡིན་ལ། བདག་ཅག་ཀྱང་དེའི་རྗེས་སུ་འཛིན་པས་ལོག་པར་མི་འཛིན་ཏེ་ཞེའོ། །ངོ་བོ་ཉིད་མེད་པར་ [200b.5]བསམས་ནས་ཞེས་པ་དེ་ལ་ཞུས་པ། ཚངས་པ་ལ་སོགས་པའི་མངོན་པར་ཤེས་པ་ཐོབ་པ་དག་འོ་ན་ཅི་སྔར་བཤད་པ་དག་ཆོས་རྡོ་རྗེ་སེམས་དཔའི་ངོ་བོ་ཡོད་པར་ཤེས་ནས་འཆད་དམ་སྙམ་པས་ན་དེ་སྐད་མ་གསུང་ཤིག་ཅེས་པའོ། །མངོན་པར་ཤེས་པ་ཞེས་པ་ནི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ [200b.6]ལས་མཉམ་པ་ཉིད་མཐོང་བའི་དོན་ཏོ། །དེའི་ལན་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། རྗེས་སུ་འཛིན་ཞེས་པ་དེ་ངེད་ཀྱིས་ཀྱང་མི་ཤེས་ཤིང་མི་འཛིན་ཞེས་ཏེ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཡང་ཚངས་པ་ལ་སོགས་པ་ནི་སེམས་ཅན་ཆེན་པོ་ཞེས་ཏེ། འདོད་ཆགས་ཆེན་པོས་ [200b.7]འདུལ་བས་ན་ཆེན་པོར་གཏོགས་པའོ། །ཆོས་ཉིད་ཡིན་པའི་ཕྱིར་ཞེས་པ་ནི་དེ་རང་བཞིན་ཅན་དེ་སྣམ་བུ་དཀར་པོ་བཞིན་ཏེ་འབྲས་བུ་ཐོབ་པའི་སྣོད་ཡིན་ནོ། །རྡོ་རྗེ་ཡེ་ཤེས་ཐོབ་ཅེས་པ་ནི་མངོན་པར་ཤེས་པ་ཁོ་ན་སྟེ་རྐྱེན་གྱིས་སངས་རྒྱས་ཐོབ་པའི་ཕྱིར་རྟོག་པ་དེ་མི་འབྱུང་ཞེའོ། །དེ་ཁོ་ནའི་ [201a] [201a.1]རྗེས་སུ་སྟོན་པས་གསལ་བར་གསུངས་པ་དེ་ནས་ཞེས་ཏེ། དེ་ནི་ངོ་བོ་ཉིད་ཀྱིས་ངག་ལ་སྐྱེ་བ་མེད་དོ་ཞེས་ཆོས་ཀྱི་དབྱིངས་སུ་རྟོག་པ་སྨྲ་བ་དག་ནི་ཡང་དག་པར་སྨྲ་བ་མ་ཡིན་ནོ་ཞེས་པའོ། །དེ་ཁོ་ན་བརྟན་པོར་བྱ་བ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། [201a.2]ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ་ཞེས་པ་འདི་ཡིན་ནོ། །དེ་ལ་ངོ་མཚར་གསུངས་པ། ཨེ་མ་ཞེས་པ་ལ་སོགས་པ་སྟེ་ལུས་ལ་སོགས་པའི་དངོས་པོ་མེད་པའི་ཆོས་ཉིད་ཁོ་ན་ལས་ལུས་ལ་སོགས་པ་བསྒོམ་སྟེ་དེ་ཁོ་ན། །ཨེ་མའོ་རྡོ་རྗེ་ཚིག་སྨྲས་པ། །ཞེས་སོ། །ད་ནི་རིག་པའི་ལྷའི་ [201a.3]སྒྲུབ་པ་ཆེན་པོའི་ཕྱིར་གསུངས་པ་དེ་ནི་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེའི་སྐུ་ཞེས་པ་ནི་རྟག་པ་སྟེ་དེའི་སྤྱི་བོར་རྡོ་རྗེ་ཞེས་པ་མི་བསྐྱོད་པའོ། །སྐུ་གསུམ་ལས་བྱུང་བ་ཞེས་པ་ནི་ཁ་དོག་གསུམ་སྟེ། དེས་རྣམ་པར་དག་པའི་ཕྱིར་རོ། །རྣམ་པར་གཡོ་བ་ཞེས་པ་ནི་ཤིང་ལ་སོགས་པ་ལས་ [201a.4]བྱས་པ་ལྟ་བུ་ནི་མ་ཡིན་གྱི། དེ་དང་སེམས་དང་བཅས་པའི་གཡོ་བ་དང་ལྡན་པར་ཤེས་པའི་དོན་ཏོ། །རྡོ་རྗེ་འཁོར་ལོ་འཛིན་ཞེས་པ་ནི་མི་བསྐྱོད་པ་དབུ་ལ་གནས་པ་ནི་རྡོ་རྗེ་འཛིན་ལ་བཞི་ནི་འཁོར་ལོ་འཛིན་ཞེས་པའི་དོན་ཏོ། །གཞན་ཡང་གསུངས་པ། ཐམས་ཅད་རིགས་ཀྱི་བྱེ་བྲག་ [201a.5]གིས། །ཞེས་ཏེ་དེའི་དོན་དུ། སངས་རྒྱས་རྡོ་རྗེ་ཅན་རྣམས་ཀུན། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་རིག་མའི་སྒྲུབ་པ་ཆེན་པོའི་མཐར་ཐུག་ནས་ཆགས་པས་མཉེས་པར་བྱའོ་ཞེས་གསུངས་པ། དབྱིངས་ལས་བྱུང་བར་གྱུར་པའི་ཞེས་པ་ལ་སོགས་པ་སྟེ། ཁྱུ་མཆོག་ [201a.6]ཅེས་པ་ནི་ལྷའི་མཆོག་སྟེ་བདག་ཉིད་དོ། །ཡང་བདག་གི་བསྙེན་པ་ལ་སོགས་པ་དེ་དག་གཅིག་ཏུ་དམ་ཚིག་གསུངས་པ། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། དམ་ཚིག་རྒྱ་ཆེན་ཞེས་པ་བསྙེན་པ་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་ཚོགས་དག་གོ། །ཆོ་ག་བཞིན་དུ་ཞེས་བྱ་ནི་སྔར་བཤད་པ་ [201a.7]བཞིན་དུ་ཞེས་པའི་དོན་ཏོ། །མཚན་ཉིད་ཀུན་གྱིས་ཞེས་པ་ཕུང་པོ་ལ་སོགས་པ་ཞེས་པའམ། ཡང་ན་འབྲིང་པོའི་ཡན་ལག་ལ་སོགས་པས་ཀྱང་གཟུང་ངོ་། །ཡང་གསང་བའི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་སྟེ་སེམས་ཀྱི་ཆོ་ག་ཁོ་ན་གཙོ་བོ་ཡིན་གྱི་ལག་པའི་ཕྱག་རྒྱ་ནི་གཡེང་བའི་རྒྱུ་ [201b] [201b.1]ཡིན་པས་མ་ཡིན་ནོ། །ཡང་བསྐུལ་བ་ལ་སོགས་པའི་དམ་ཚིག་གསུངས་པ་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། བཤང་གཅི་ཞེས་པ་ནི་སྔར་བཤད་ན་ཡང་མི་སྨད་དོ་ཞེས་པ་འདིར་འདོད་དོ། །ཆོ་ག་བཞིན་ཞེས་པ་ནི་བདུད་རྩིའི་སྦྱོར་བ་ཇི་སྐད་བཤད་པའོ། །དམ་ཚིག་ཇི་སྙེད་ཡོད་པ་ཀུན། [201b.2]ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཞེས་པ་སྟེ་རྡོ་རྗེ་གསུམ་ཞེས་པ་ནི་སྦྱོར་བ་གསུམ་སྟེ་དེ་ཁོ་ན་གཅིག་ཏུ་སེམས་ལ་བྱས་པས་སངས་རྒྱས་དག་མཉེས་པར་བྱ་བ་ནི་ཐུགས་ཀྱི་དམ་ཚིག་ཡིན་ནོ། །ད་ནི་ཉེ་བར་སྒྲུབ་པ་ལ་སོགས་པ་རྣམ་པར་དག་པའི་སྦྱོར་བའི་དམ་ཚིག་གསུངས་པ། [201b.3]དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་གནས་ཞེས་པ་ནི་བདག་པོའི་དབང་གིས་ལུས་རྣམས་ལ་ཡང་དེ་སྐད་དེ་སྐྱེ་མཆེད་རྣམ་པར་དག་པའོ། །མཁའ་དབྱིངས་ཞེས་པ་ནི་ཁམས་ཀྱི་ཞར་ལ་གསུངས་པ་སྟེ་རྡོ་རྗེ་ཞེས་པ་ནི་ལྷ་རྣམས་སོ། །འཛིན་པ་ནི་གཞིའི་ནམ་མཁའ་ཞེས་ཏེ་སྟོན་པ་ནི་མ་ཡིན་ [201b.4]ནོ། །མི་ལྡོག་པའི་དབང་གིས་ཡོན་ཏན་དང་རྩ་བའི་དམ་ཚིག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། གསང་བ་འདུས་པས་ཞེས་པ་ནི་རྒྱུ་ནམ་མཁའི་སངས་རྒྱས་ལ་སོགས་པས་གཟུང་བའི་བྱང་ཆུབ་ཀྱི་སེམས་ཏེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་ [201b.5]རྒྱུད་འདིས་ཞེས་ཟེར་ཏེ། དེ་ནི་རྒྱུད་གཞན་ལས་ཀྱང་གསང་བ་འདུས་པས་དབང་བསྐུར་བ་ལ་ཞེས་སྣང་བས་འགལ་ལོ། །ཡང་འཁོར་གྱི་དེ་བཞིན་གཤེགས་པ་དག་གིས་འོག་ཟློས་སུ་ལན་གསུངས་པ། རིགས་ཀྱི་བུ་ཞེས་པ་ལ་སོགས་པའོ། །ཡང་ཞུས་པ་ཅིའི་སླད་དུ་ཞེའོ། །གཏན་ [201b.6]ཚིགས་ཀྱི་ལན་གསུངས་པ། སློབ་དཔོན་དེ་ནི་ཞེས་པ་ལ་སོགས་པ་སྟེ། གསང་བ་འདུས་པ་དབང་བསྐུར་མ་ཐག་ཏུ་སློབ་དཔོན་ཞེས་མིང་ཐོབ་པས་ན་སློབ་དཔོན་དེ་ནི་ཞེའོ། །ཡང་དེ་ལ་སྲི་ཞུ་བྱ་བའི་དོན་གསུངས་པ། རིགས་ཀྱི་བུ་ཞེས་ཏེ། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་ [201b.7]དཔའ་ཕྱོགས་བཅུ་ནས་ལྷགས་ནས་སློབ་དཔོན་དེ་མཆོད་དེ་དེ་ནི་ལུས་ཀྱི་སྲི་ཞུའོ། །ངག་གི་སྲི་ཞུ་ཡང་འདི་སྐད་དུ་བདག་ཅག་དེ་བཞིན་གཤེགས་པ་རྣམས་ཀྱི་སློབ་དཔོན་ཁྱོད་ཕ་ཡིན་ནོ། །དེ་བཞིན་དུ་མ་ཡིན་ནོ། །སྟོན་པ་ཡིན་ནོ་ཞེས་འདོད་དེ། སླར་ཡང་རང་གི་ཞིང་དུ་འགྲོ་བར་འགྱུར་རོ་ཞེས་སོ། །ཡང་ [202a] [202a.1]སློབ་མ་རྣམས་ཀྱིས་དེ་ལ་ཇི་ལྟར་གཟུང་བའི་རྩ་བའི་དམ་ཚིག་གསུངས་པ་འདི་ལྟ་སྟེ་ཞེས་པ་ལ་སོགས་པ་སྟེ། སློབ་མས་དེ་ལྟར་གཟུང་ངོ་ཞེའོ། །ཡང་ཞུས་པ་ཅིའི་སླད་དུ་ཞེའོ། །ལན་བཏབ་པའི་རིགས་ཀྱི་བུ་ཞེས་ཏེ། བྱང་ཆུབ་ཀྱི་སེམས་དང་སློབ་དཔོན་མི་ [202a.2]གཉིས་པས་བྱང་ཆུབ་ཀྱི་སེམས་དེ་སྐད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་འདི་སྙམ་དུ་དེ་འདྲའི་སློབ་དཔོན་ལ་བརྙས་པ་དག་མནར་མེད་པར་སྐྱེའོ་སྙམ་ནས་འཇིགས་པ་སྐྱེས་ཏེ་ཅང་མི་སྨྲ་བར་གྱུར་རོ། །ཡང་སློབ་དཔོན་གྱི་སྲི་ཞུ་བསྟེན་པར་བྱ་བའི་ཕྱིར་ཆེད་དུ་དེ་བཞིན་ [202a.3]གཤེགས་པ་རྣམས་ཀྱིས་གསུངས་པ་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་བདག་པོ་ཞེས་པ་ནི་གསང་བ་འདུས་པས་དབང་བསྐུར་མ་ཐག་སངས་རྒྱས་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་པ་སྟེ། ཚེ་འདི་ལ་སངས་རྒྱས་ཀྱི་གྲངས་སུ་བགྲང་བ་ཡིན་ནོ། །དེ་བས་ན་ཕྱིར་མི་ལྡོག་པའི་དབང་ [202a.4]ཞེའོ། །དེ་ཡང་ཕྱི་མ་ལས་གསུངས་པ། ཤིན་ཏུ་བརྟུལ་ཞུགས་དབང་བསྐུར་བའི། །ཞེས་པ་ལ་སོགས་པ་སྟེ། དབང་བསྐུར་བ་དེ་ཁོ་ན་དངོས་གྲུབ་ཀྱི་སྣོད་དུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ད་ནི་རི་མོའི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་གསུངས་ [202a.5]པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། གོང་དུ་བཞུགས་པའི་ཏིང་ངེ་འཛིན་ལས་བཞེངས་ནས་བཀའ་སྩལ་ཞེས་འབྲེལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཞེས་པ་ལ་སོགས་པ་ནི་ཇི་ལྟ་བའི་གནས་གསུངས་པའོ། །བསམ་གཏན་རྡོ་རྗེས་ཞེས་པ་ནི་ཐབས་དང་ཤེས་རབ་སྦྱོར་ [202a.6]བའི་སྒྲ་དང་ཡེ་ཤེས་སེམས་དཔའི་འོད་ཀྱིས་དེ་དག་བསྐུལ་བ་སྟེ་དེ་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། ཤེས་རབ་འཁྱུད་པ་གོང་མ་བཞིན། །ཞེས་པ་ནས། བགེགས་རྣམས་བསྐྲད་ནས་མངོན་པར་བསྲུང་། །ཞེས་པའི་བར་དུ་ཕྱེད་དང་གཉིས་གསུངས་སོ། །དེ་རྣམས་དགུག་པ་ལ་ [202a.7]སོགས་པ་གསུངས་པ། རྡོ་རྗེའི་དཀྱིལ་འཁོར་ཞེས་ཏེ་འདིར་བསམ་གཏན་ཞེས་པ་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྔགས་ཡིན་ནོ། །ཡེ་ཤེས་འཁོར་ལོ་ཞེས་པ་ནི་ཡེ་ཤེས་སེམས་དཔའི་འོད་ཀྱིས་བསྐུལ་བ་དག་སྟེ། དེ་ལྟར་ཕྱི་མ་ལས། ཡེ་ཤེས་སེམས་དཔའ་གང་རེག་པ། །ཡེ་ [202b] [202b.1]ཤེས་འཁོར་ལོ་ཞེས་སུ་བཤད། །ཅེའོ། །བཞུགས་པ་བྱ་ཞེས་པ་ནི་ཉེ་བའི་སྒྲུབ་པ་ལ་སོགས་པས་དེ་དག་ཞུགས་པར་བྱའོ་ཞེས་པ་སྟེ་དེ་ཡང་གསུངས་པ། གཤིན་རྗེ་གཤེད་ལ་སོགས་པ་ཡིས། །ཞེས་པ་ནས་དབང་བསྐུར་ཞེས་པའི་བར་དུའོ། །མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །ཞེས་པ་ [202b.2]ནི། རྡོ་རྗེ་དྲི་མེད་གསུམ་དག་གིས། །ཞེས་གང་དུ་བསྟན་པ་དེ་ཉིད་ཀྱིས་ཤེས་པའི་དོན་ཏོ། །དེ་ཡང་གསུངས་པ་ཡོན་ཏན་ཞེས་པ་ནས་མགུ་བར་བྱ་ཞེས་པའི་བར་དུ་སྟེ་དེ་དག་ནི་བསམ་གཏན་གྱི་དཀྱིལ་འཁོར་ལ་ཡང་ཤེས་པར་བྱའོ། །དཀྱིལ་འཁོར་དང་བརྟུལ་ཞུགས་དང་འབྲེལ་པ་ [202b.3]གསུངས་པ། སློབ་དཔོན་ཞེས་པ་ལ་སོགས་པ་སྟེ། དེ་ནི་རང་དང་སློབ་མ་དག་ལ་བདག་པོ་སྙིང་གར་བསམ་མོ། །གནས་གསུམ་གྱིས་ཞེས་པ་ནི་ནམ་མཁའི་སངས་རྒྱས་བསྐུལ་བ་ལ་རྡོ་རྗེ་གསུམ་གྱི་གནས་སམ་ཡང་ན་སྤྱི་བོ་ལ་སོགས་པ་སྟེ། སྦྱོར་བ་དེ་ནི་འདིར་གསང་བ་དང་ [202b.4]ཤེས་རབ་ཡེ་ཤེས་ཀྱང་གཟུང་ངོ་། །ད་ནི་བསམ་གཏན་གྱི་ལས་ལ་གཏོགས་པའི་དགྲ་བོ་བསྐམ་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་དུ་རྡོ་རྗེ་སེམས་དཔའ་ལས་གྱུར་པ་སྐུ་ལ་སོགས་པའི་སྙིང་པོ་གསུམ་ལས་གྱུར་པའི་ཏྲི་ཤཱུ་ལ་ལས་བསྐྱེད་པ་རྡོ་རྗེ་མཁའ་འགྲོ་ནག་པོ་ཉི་ [202b.5]མ་ལ་འདུག་པ། ཕྱག་རྒྱ་བཞི་དང་ལྡན་པ། ཏྲི་ཤཱུ་ལ་དང་ཐོ་བ་བསྣམས་པ་མི་བསྐྱོད་པས་དབུ་བརྒྱན་པ། རང་གི་རིག་མ་ལ་འཁྱུད་པར་བདག་ཉིད་བསམས་ཏེ་བསྒྲུབ་བྱའི་ཤ་ལ་སོགས་པས་ནམ་མཁའ་ལ་བཀང་སྟེ། བདག་གི་ལྕེ་ལ་ཡི་གེ་གོང་མ་དག་འོད་ཟེར་ཅན་དུ་བསམས་ [202b.6]ནས་དབུགས་ཀྱི་བསམ་གཏན་དང་། ཨོཾ་བཛྲ་ཌཱ་ཀི་ནཱ་ཨ་མུ་ཀ་སམྷ་རཀྟ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱི་སྦྱོར་བས་ཐོད་པ་དྲངས་ནས་བཏུང་བར་བྱའོ། །དེ་ཉིད་ཀྱི་དོན་དུ་ཕུར་བུ་གདབ་པ་གསུངས་པ། ཏྲི་ཤཱུ་ལ་རྡོ་རྗེ་ཞེས་ཏེ་ཕུར་པའི་སྔགས་ཀྱིས་ཏྲི་ཤཱུ་ལ་དང་བུར་པ་ཡང་དེའི་ [202b.7]གཟུགས་དང་པོའི་ཡི་གེས་བསྐྱེད་པ་མདུན་དུ་མོས་ཏེ་གདབ་པར་བྱའོ་ཞེས་སྟོན་ཏོ། །ལས་དང་པོ་བའི་དམ་ཚིག་གོང་དུ་གསུངས་པའི་སྦྱོར་བ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། ཆོ་ག་བཞིན་ཞེས་པ་ནི་གོང་དུ་བསྟན་པའི་ཆོ་གས་ཤེས་པ་སྟེ་དེ་ལ་གསུངས་པ། སྙིང་ག་ཟླ་བའི་ [203a] [203a.1]དཀྱིལ་འཁོར་ལ། །ཞེས་པ་ནས། ཕྱི་ཡི་སྦྱིན་སྲེག་རྗེས་སུ་དཔག །ཅེས་པའི་བར་དུ་ཚིགས་སུ་བཅད་པ་གཉིས་དང་རྐང་པ་གསུམ་གསུངས་སོ། །ཡང་གོང་དུ་གསུངས་པ་ལས་ཕྱིའི་མཆོད་པ་དང་གསང་བའི་མཆོད་པའི་དམ་ཚིག་གསུངས་པ་དེ་ནས་ཞེས་པ་ [203a.2]ལ་སོགས་པ་སྟེ། ཁུ་བ་ལ་སོགས་པས་ཞེས་པ་ནི་ཁུ་བ་ལས་གྱུར་པའི་ལྷ་མོ་དང་རེག་པ་དག་ཀྱང་ཞེས་པའི་དོན་ཏོ། །ཇི་སྲིད་ཕྱིའི་བུད་མེད་ཡོད་ན་ཁུ་བ་ཉིད་ཀྱང་འབར་བར་བསམས་ཏེ་བདག་གིས་ཁས་བླངས་ནས་ཟོས་པས་མཆོད་པར་བྱའོ། །ཕྱིའི་བུད་མེད་ཁོ་ན་ཆེད་དུ་བཙལ་བ་བསྟན་ [203a.3]པའི་ཕྱིར་ཡང་གསུངས་པ་དེ་ནས་ཞེས་པ་སོགས་པ་སྟེ། དམ་ཚིག་འཛིན་པའི་མ་ཞེས་པ་ནི་གསང་བའི་དབང་གི་སྡོམ་པ་ལེན་པའི་ཕྱིར་དེ་སྐད་དུ་འདིར་སྲིང་མོ་དང་བུ་མོ་ཡང་གཟུང་བར་ཤེས་པར་བྱའོ། །སྔགས་ཀྱི་སྙིང་པོའི་སྡོམ་པ་གསུངས་པ་དེ་ནས་ཞེས་ཏེ། ལུས་དང་ངག་ [203a.4]སེམས་ལོངས་སྤྱོད་ཅེས་པ་ནི་སྒོམ་པ་མཆོག་གི་དངོས་པོའོ། །གསང་བ་གསུམ་ཞེས་པ་ནི་རིག་མའི་གསང་བའོ། །རྡོ་རྗེ་ནི་གསང་པའི་རྡོ་རྗེའོ། །གནས་ཞེས་པ་ནི་དེ་གཉིས་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཏེ། བདག་གིས་གཟུང་བས་བསྒྲུབ་པོ་ཞེས་པའོ། །དེ་ཁོ་ན་ཡེ་ཤེས་ [203a.5]ཆེན་པོ་ཡིན་པས་བཟང་པོ་ཞེའོ། །ཡང་ཉམ་ཆུང་བ་བསལ་བའི་དམ་ཚིག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། ཇི་སྟེ་རང་གི་སྙིང་པོ་རྟོགས་པས་ཉམས་ཞན་ན་རིག་མའི་གླུས་བསྐུལ་ཏེ། བདག་གི་སྤྱི་བོར་མཐོ་གང་ཙམ་དུ་ཟླ་བ་ལ་གནས་པའི་བདུད་རྩི་ལྔ་ལ་ཨོཾ་གྱིས་མཚན་ [203a.6]པ། དབུགས་ཀྱི་ལྕགས་ཀྱུས་དྲངས་ཏེ་ལྷ་རྣམས་ཚིམ་པར་བྱས་སོ་ཞེས་པས་ཏེ་དེ་ཡང་གསུངས་པ། རང་གི་སྙིང་པོ་དེ་ཉིད་སེམས་དཔའི་ཚེ། །ཞེས་པ་ནས། ལུས་ངག་ཡིད་ནི་ཚིམ་པར་བྱ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཡང་སྦྱོར་བ་བརྟན་པ་ [203a.7]རྣམས་ཀྱི་དམ་ཚིག་གསུངས་པ་དེ་ནས་ཞེས་ཏེ། དེ་ལ་ཚ་ཚ་ལ་སོགས་པ་ཕྱིའི་དགེ་བ་དག་གིས་ནི་བྱང་ཆུབ་ལ་སྤྱོད་པར་འདོད་པ་མ་ཡིན་ཏེ། སེམས་ཀྱི་ཆོ་ག་ཁོ་ན་མཆོག་ཏུ་བསླབ་པ་ཡིན་ནོ། །དེ་ཡང་གསུངས་པ་སེམས་ཉིད་ཆོ་ག་ཐམས་ཅད་ཅེས་པ་ལ་སོགས་པའོ། །ད་ནི་བསམ་ [203b] [203b.1]གཏན་པའི་ལས་ལས་ལུས་དུག་འབྱིན་པ་ལ་སོགས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། འབྱིན་པ་ནི་གཏོང་བའོ། །འདྲེན་པ་ནི་བསྡུས་ནས་འབྱིན་པའོ། །བྷྲཱུཾ་ཞེས་པ་འདིར་རྟག་པ་འམ་གཙུག་ཏོར་འཁོར་ལོས་སྒྱུར་བས་ལག་པ་གཡས་པ་ལ་བྷྲཱུཾ་ལས་ [203b.2]བསྐྱེད་པའི་འཁོར་ལོ་ལ་བྷྲཱུཾ་ཉིད་བསམས་ཏེ་གོང་དུ་རྟག་པ་ལ་བསྟན་པ་བཞིན་གཏོར་བར་བྱའོ་ཞེས་སོ། །ཅི་སྟེ་གནོད་པར་འདོད་ན་སྐུ་སེར་པོར་བསྒྱུར་ནས་བྷྲཱུཾ་གྱི་འོད་སེར་པོས་གནས་གསུམ་དུ་བསྡུས་ནས་དེ་ཉིད་དུ་ཁ་ཟས་དུག་གི་སྟེང་དུ་འཁོར་ལོ་སེར་པོ་དང་ཧཱུཾ་གིས་མནན་པར་ [203b.3]བྱའོ། །ཅི་སྟེ་འདྲེན་ན་བྷཱུཾ་ཁོ་ནས་གོང་དུ་ཧཱུཾ་ལ་སྦྱར་བའི་ཆོ་ག་ལྟར་ཤེས་པར་བྱའོ། །འོད་ཟེར་གསུམ་ཞེས་པ་ནི་མནན་པ་སེར་པོ་དང་གཞན་ལ་ནག་པོ་དང་དཀར་པོ་སྟེ་དེ་དག་གིས་གནས་གསུམ་ལ་སོགས་པ་ནས་འབྱིན་པར་འགྱུར་ཞེའོ། །ད་ནི་སྔགས་ཀྱི་ཆོ་ག་གསུངས་པ་དེ་ནས་ཞེས་པ་ལ་ [203b.4]སོགས་པ་སྟེ། འདིའི་དོན་ནི་གང་ཡང་རུང་བའི་རྣལ་འབྱོར་བས་གུར་ཀུམ་ལ་སོགས་པས་གྲོག་འམ་ཤིང་ལོ་དག་ལ་རྡོ་རྗེ་རྒྱ་གྲམ་བྲིས་ཏེ། དེའི་ལྟེ་བ་ལ་ཡང་འཁོར་ལོ་རྩིབས་བརྒྱད་པ། དེའི་ལྟེ་བ་ལ་ཧ་དང་བསྒྲུབ་བྱའི་མིང་ཡང་ཤར་ལ་སོགས་པའི་རྩིབས་ལ་མི་བསྐྱོད་པ་ལ་སོགས་པ་ [203b.5]ཡང་མཚམས་བཞི་ལ་སྤྱན་མ་ལ་སོགས་པ་དེ་བཞིན་དུ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་ཡང་གནས་ཇི་ལྟ་བ་བཞིན་དུ་དགོད་དོ། །གཤིན་རྗེ་གཤེད་ལ་སོགས་པ་ཡང་ཕྱོགས་བཞིར་དགོད་དོ། །མུ་ཁྱུད་ནི་ཕྲེང་བའི་སྔགས་ཀྱིས་བསྐོར་ཏེ་གཞག་གོ། །དེ་ནས་ཡང་དེ་ལ་ཇི་ལྟ་བ་བཞིན་དུ་ [203b.6]ཡེ་ཤེས་ཀྱི་ལྷ་རྣམས་དགུག་པ་ལ་སོགས་པ་བྱས་ནས་ལེགས་པར་མཆོད་དེ་རས་ལ་སོགས་པའི་སྣོད་དུ་བཞུགས་ནས་བསྒྲུབ་བྱ་ཡང་ཁྲུས་ལ་སོགས་པ་ཡང་བྱས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་གཏོང་བ་ལ་སོགས་པ་བྱས་ཏེ་ས་དེའི་མགུལ་པ་འམ་དཔུང་པ་ལ་གདགས་པ་བྱས་ [203b.7]ན་གདོན་ལ་སོགས་པ་བསྲུང་བར་འགྱུར་ཞེའོ། །ད་ནི་ཐུན་མོང་གི་བསྒྲུབ་པ་ལས་ལུས་པ་མིག་རྣོན་གྱི་ཆོ་ག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེའི་དོན་ནི་གང་ཡང་རུང་བའི་རྣལ་འབྱོར་པས་ལམ་གྱི་བཞི་མདོ་ལ་སོགས་པར་ཚེས་ཉི་ཤུ་དགུའི་ནམ་ཕྱེད་ན་བྷནྡྷ་ལ་ཁྲག་ཆེན་ [204a] [204a.1]པོས་པདྨོ་བྲིས་པའི་སྟེང་དུ་འདུག་སྟེ། ཡང་བྷནྡྷ་གཅིག་གི་ནང་དུ་བདུད་རྩི་ལྔ་དང་ཚིལ་ཆེན་པོ་ལ་སོགས་པའི་བཞུས་པའི་མར་ལ་རས་ཀྱི་སྐུད་པ་སྡོང་བུ་པདྨའི་རྩ་བའི་སྐུད་པས་དཀྲིས་ཏེ་མེ་བཏང་བས་བྷནྡྷ་གཅིག་གིས་སྟེང་ནས་ཕུབ་སྟེ་སྔགས་བཟླ་བར་བྱའོ། ། [204a.2]དེ་ནས་ཡང་བྷནྡྷ་བླངས་ཏེ་གོང་དུ་གསུངས་པའི་ཕྲེང་བའི་སྔགས་བརྒྱ་རྩ་བརྒྱད་བཏབ་སྟེ་མིག་ལ་བསྐུས་ན་སྐུ་ལ་སོགས་པའི་དངོས་གྲུབ་ཏུ་འགྱུར་ཞེས་པ་ཡིན་ནོ། །ད་ནི་རྒྱུད་འདི་ནི་ཡི་གེ་གསུམ་གྱིས་བསྡུས་པའི་ཆེ་བ་སྟོན་ཏེ། དེ་ནས་ཞེས་པ་ནི་གསང་བའི་ཡི་གེ་རྣམ་པར་དག་པའི་ཕྱིར་ [204a.3]རོ་ཞེས་པ་ནས་ཅང་མི་སྨྲ་བར་གྱུར་ཏོ་ཞེས་པ་ནི་དེ་མ་ཐག་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཅེས་པ་ནི་འོག་ནས་འབྱུང་བའི་གསང་བའི་ཡི་གེ་མ་ཐོབ་ཅིང་མངོན་པར་སངས་རྒྱས་སོ་ཞེས་པ་དག་གོ། །དད་ཅིང་སྒྲུབ་པར་འགྱུར་ཞེས་པ་ནི་ཇི་ལྟར་ན་སྐུལ་བ་མཆིས་ཤིང་སྒྲུབ་པར་ [204a.4]འགྱུར་ཞེས་པའོ། །ད་ནི་རྒྱུད་འདི་རྙེད་པར་དཀའ་བ་དང་ལམ་ཉེ་བ་དང་འབྲས་བུ་ཆེན་པོ་དག་གིས་གཞན་ལས་ཁྱད་པར་དུ་གྱུར་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་དངོས་གྲུབ་རྣམས་སུ་འགྱུར་རོ་ཞེས་པའི་དེ་མ་ཐག་གོ། །ལྷག་མ་ནི་གོ་སླའོ། ། [204a.5]དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནི་མ་གསུངས་པའི་རྒྱུ་འདྲི་བའོ། །ལན་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ་དེའི་དུས་སེམས་ཅན་རྣམས་ལ་གསང་བ་ཆེན་པོ་བཤད་པའི་སྐལ་བ་མེད་དོ་ཞེས་པ་ཡིན་ནོ། །དེས་ནི་རྙེད་པར་དཀའ་བ་སྟོན་ཏོ། །འོན་ཀྱང་ཞེས་པ་ནི་དོན་ཆེན་པོ་ [204a.6]བྱེད་པ་ཡིན་ནོ་ཞེས་པ་སྟེ་སྐད་ཅིག་ཅེས་པ་ལ་སོགས་པ་ནི་ལམ་ཉེ་བར་སྟོན་ཏོ། །སངས་རྒྱས་ཀྱི་བྱང་ཆུབ་ཅེས་པ་ལ་སོགས་པས་ནི་འབྲས་བུ་ཆེན་པོ་སྟོན་ཏེ། ཁྱད་པར་གྱུར་པ་ཁོ་ན་ཡིན་ནོ། །ཚེ་འདི་ཉིད་ལ་ཞེས་པ་ནི་དབང་བསྐུར་བ་དག་གི་རྐྱེན་གྱིས་སངས་རྒྱས་དང་དབང་བསྐུར་ནས་ [204a.7]ཆོ་ག་ཆེན་པོས་བསྒྲུབ་པ་དག་ནི་བླ་ན་མེད་པའི་སངས་རྒྱས་ཚེ་འདི་ཉིད་ལ་འགྲུབ་པའི་ཕྱིར་རོ། །སྡུག་བསྔལ་གསུམ་ཞེས་པ་ནི་ལུས་ལ་སོགས་པའི་སྡུག་བསྔལ་ལོ། །གསང་བའི་ཡི་གེ་རྣམ་པར་དག་པ་ཞེས་པ་ནི་ཤིན་ཏུ་ཟབ་པར་སྟོན་ཏོ། །ད་ནི་ལེའུ་དང་པོ་ལ་གཏོགས་པའི་དེ་བཞིན་ [204b] [204b.1]གཤེགས་པའི་ཕྲིན་ལས་ལ་འབྲས་བུ་རྡོ་རྗེ་འཆང་བསྐྱེད་པའི་ཕྱིར་རོ། །ཆོས་ཀྱི་སྐུར་བཞུགས་པ་ལ་གོང་དུ་ཕྱུང་བའི་མཚམས་ཀྱི་ལྷ་མོས་བསྐུལ་བ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་འོག་ནས་འབྱུང་བའི་ཆོས་མ་ཡིན་ཞེས་པ་ནས་ཅང་མི་གསུང་བར་གྱུར་ [204b.2]ཏོ་ཞེས་པའི་དེ་མ་ཐག་གོ། །གནས་ཀྱི་དབང་ཕྱུག་ཅེས་པ་ནི་གནས་ཀྱི་བདག་པོའོ། །དགའ་བ་ཞེས་པ་ནི་རེག་པ་ལས་བྱུང་བའོ། །ཡིད་འོང་ཞེས་པ་ནི་བདེ་བའོ། །དེ་ཁོ་ན་དོན་ཆེན་ཏེ་བསྒྲུབ་པར་བྱ་བའི་མཆོག་ཡིན་པའི་ཕྱིར་རོ། །འདོད་པ་ཞེས་ཀྱང་དེ་ཁོ་ནས་ཏེ་དེས་བསྐྱབ་ཏུ་གསོལ་ [204b.3]ཞེས་ནས་གནད་ལ་བོར་ཏེ་བསྐུལ་བ་གསུངས་པ། མགོན་པོ་གལ་ཏེ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་གོ་སླ་བས་བདག་གིས་ནི་མ་བཤད་དོ། །དམ་ཚིག་གི་འཁོར་ལོ་ཞེས་པ་ནི་དེ་མ་ཐག་དམ་ཚིག་ལས་གྱུར་པ་འཁོར་ལོའི་རྒྱན་ཉེ་བར་གནས་པའི་ཚུལ་ [204b.4]གྱིས་ཞེས་པའི་དོན་ཏོ། །ད་ནི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ལ་གཏོགས་པ། རྡོ་རྗེ་སེམས་དཔའི་ཐུགས་ཀར་སངས་རྒྱས་ཐམས་ཅད་ཞུགས་པའི་དེ་མ་ཐག་ཏུ་དབང་བསྐུར་བ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་ལེའུ་དང་པོ་ལས་ཐུགས་ཀར་ཞུགས་སོ་ཞེས་ [204b.5]པའི་དེ་མ་ཐག་གོ། །ནམ་མཁའི་དབྱིངས་ཞེས་པ་ནི་རིག་མའི་གསང་བའི་ནང་ངོ་། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཞེས་པ་ནི་སྐུ་ལ་སོགས་པའི་བཞི་ཆོས་ཀྱི་སྐུ་ཡེ་ཤེས་ལྔ་སྟེ་མངོན་པར་ཤེས་པའོ། །ཀུན་དུ་བཟང་པོ་ཞེས་པ་ནི་སྤྱིའི་རྣམ་པ་སྟེ། ཕྱེ་ནས་ནི་དམ་ཚིག་རྡོ་རྗེ་ལ་སོགས་པ་དེ་ [204b.6]ཡང་གསུངས་པ། ས་ཡི་སྙིང་པོ་ལ་སོགས་དྲུག །ཅེས་པ་ལ་སོགས་པའོ། །རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ། །ཞེས་པ་ནི་ཡེ་ཤེས་ཁོ་ན་རྡོ་རྗེ་སྟེ་དེ་ཐོབ་པར་བྱེད་པའི་སྤྱོད་པའོ། །བཙུན་མོ་ལས་འདས་ཞེས་པ་ནི་རྡོ་རྗེ་སེམས་དཔའི་བཙུན་མོའི་བྷ་ག་ལས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་འཐོན་ [204b.7]ཞེས་པ་སྟེ་འཐོན་ཞེས་ཀྱང་གོང་མའི་དོན་ལ་ངོ་མཚར་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །འདོད་ཆགས་ཀྱི་ཡི་གེ་ཞེས་པ་ནི་འདོད་ཆགས་ལས་གྱུར་པའི་བྱང་ཆུབ་ཀྱི་སེམས་སོ། །ལྷག་མ་ནི་གོ་སླའོ། །ད་ནི་སྒྲར་སྣང་བའི་རྒྱུད་ཀྱིས་ཕན་གདགས་པའི་ཕྱིར་བཀའ་ [205a] [205a.1]བསྒྲགས་པའི་དོན་དུ་བསྒོ་བ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་གོང་དུ་འདི་གསུམ་མོ་ཞེས་པ་ནས་ཕྱག་འཚལ་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་པའི་དེ་མ་ཐག་སྟེ། འདི་ནི་སྤྱིར་བསྒོ་བ་ཡིན་ནོ། །ཡང་དམིགས་ཀྱིས་ [205a.2]རྡོ་རྗེ་ཆོས་ལ་བསྒོ་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཡང་ཁས་བླངས་པ་གསུངས་པ་དེ་ནས་ཞེས་ཏེ། ཅང་མི་གསུང་བ་ཞེས་པ་ནི་འདོད་པའི་དོན་རྫོགས་པའི་དོན་ཏོ། །ད་ནི་བསྒོ་བ་དེ་ཁོ་ན་དེ་བཞིན་བགྱིའོ་ཞེས་ཁས་བླངས་ནས་སེམས་ཅན་རྣམས་ལ་ [205a.3]བསྒྲགས་པའི་ཕྲིན་ལས་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་རྩ་བ་དང་ཕྱི་མའི་སྒྲའི་རྒྱུད་ཀྱི་རྣམ་པ་མཐའ་དག་རྫོགས་པའི་དེ་མ་ཐག་གོ། །དེ་ནས་སེམས་ཅན་རྣམས་ལ་རྡོ་རྗེ་གསུམ་སེམས་དཔའི་རྒྱུད་བསྒྲགས་སོ་ཞེས་པ་སྟེ་ཡོངས་སུ་རྫོགས་ [205a.4]པའི་དོན་ཏོ། །རྩ་བའི་རྒྱུད་རྫོགས་ནས་རང་གི་ལས་ལ་ཞུགས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་དེ་བཞིན་བགྱིའོ་ཞེས་པ་ནས་ཅང་མི་གསུང་ཞེས་པའི་དེ་མ་ཐག་གོ། །ཅང་མི་གསུང་བར་གྱུར་ཏོ་ཞེས་པ་ནི་ཁམས་གསུམ་ཐམས་ཅད་ཀྱི་ལུས་དང་དེ་ [205a.5]བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཉམ་པ་ཉིད་ལ་དམིགས་པ་ཁོ་ནའི་ཕྱིར་ཏེ། འདིའི་ཕྱིར་རྣལ་འབྱོར་པ་དག་ཀྱང་སྦྱོར་བ་རྣམ་པ་གསུམ་རྫོགས་ནས་གཤེགས་སུ་གསོལ་བ་ལ་རྡོ་རྗེ་གསུམ་གྱི་ཐུགས་ཀར་མཐའ་དག་བསྡུས་ཏེ། དེ་ཡང་ནམ་མཁའ་ལྟར་མཉམ་པ་ཉིད་དུ་བསམས་ [205a.6]པའོ། །དེ་ཡང་གསུངས་པ། དེ་ཉིད་བདག་ཉིད་གསུང་ལྡན་པའི། །སངས་རྒྱས་ཐོགས་མེད་སླར་གཤེགས་གསོལ། །ཞེའོ། །ལེའུ་བཅུ་བདུན་པའི་འགྲེལ་པ་རྫོགས་ཏེ། རྩ་བའི་རྒྱུད་ཀྱི་འགྲེལ་པ་རྫོགས་སོ།། །།ད་ནི་ཕྱི་མ་ཞེས་གྲགས་པ་བཤད་པར་བྱ་སྟེ། ཁ་ཅིག་ན་ [205a.7]རེ་སངས་རྒྱས་ཀྱིས་ནི་རྩ་བའི་རྒྱུད་ལས་རྟོགས་ལ། བྱང་ཆུབ་སེམས་དཔས་ནི་མ་རྟོགས་པས་བྱམས་པ་ལ་སོགས་པས་ཞུས་ཞེས་ཟེར་རོ། །དེ་ཡང་རིགས་པར་ཁོ་བོས་ནི་མ་མཐོང་སྟེ་ཅིའི་ཕྱིར་ཞེ་ན། ཐོས་ཏེ་རྟོགས་ནས་ཞེས་པ་དང་། སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཞེས་པའི་ [205b] [205b.1]ཚིག་གིས་ན་མ་རྟོགས་པ་ཡང་མ་ཡིན་ལ་རང་གི་ཆེད་ཀྱང་མ་ཡིན་ནོ། །བྱམས་པ་ལ་སོགས་པས་གསོལ་ཏོ་ཞེས་འབྲེལ་ཏོ། །ཅི་དང་ལྡན་ཞེ་ན། དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ་སྨོས་ཏེ་བདེ་བ་ལ་སོགས་པ་གསུམ་ནི་དབང་སྟེ། དེ་ཡང་རིམ་པས་དྲི་མ་བསལ་བའི་ཆོས་ཉིད་ [205b.2]མཐོང་བར་འདོད་དེ་རིགས་པའི་ཆོས་སོ། །སྐུ་གསུང་ཐུགས་ཀྱི་གསང་བ་ནི་སྒྲར་སྣང་བ་སྟེ་ལུང་ངོ་། །དེ་གཉིས་བསྟན་པའོ། །ཇི་ལྟ་བུར་ཞེས་པ་ནི་ཕྱིན་ཅི་མ་ལོག་པའོ། །དངོས་པོ་ཐམས་ཅད་ཀྱིས་ཞེས་པ་ནི་ཡེ་ཤེས་མ་ལུས་པས་སོ། །དམ་ཚིག་ཇི་ལྟ་བ་བཞིན་ཞེས་པ་ནི་གཞིའི་ལེའུ་ [205b.3]ལ་སོགས་པའི་རིམ་པས་སོ། །མཐོང་ཞིང་ཞེས་པ་ནི་རིགས་པའི་ཆོས་ཏེ་ཡེ་ཤེས་ཀྱི་མིག་གིས་ཤེས་པའི་ཐ་ཚིག་གོ། །ཐོས་ཏེ་རྟོགས་ཞེས་པ་ནི་ལུང་གི་བདག་ཉིད་དོ། །དེ་བཞིན་གཤེགས་པ་རྣམས་ལ་ཞེས་པ་ནི་འཁོར་རྣམས་ལ་འགྲོ་བའི་ཚུལ་ལོ། །ཆོས་མཐོང་བ་དང་ལྡན་ཞེས་པ་ [205b.4]ནི་གཙོར་སྨོས་པ་སྟེ་ཐོས་ཏེ་རྟོགས་ཞེས་པ་ཡང་སྦྱར་རོ། །ཆོས་དེ་གཉིས་ཉིད་གསོལ་བ་ཨེ་མའོ་ཞེས་པ་ལ་སོགས་པའོ། །ཐམས་ཅད་བཟང་བས་ན་ཀུན་དུ་བཟང་པོ་སྟེ། དེའི་རྡོ་རྗེ་གསུམ་ལ་ཀུན་གྱི་ནི་ཞེས་པ་ལ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་བཞུགས་ཞེས་ཏེ། དེས་ནི་སངས་རྒྱས་ [205b.5]རྣམས་གཉིས་སུ་མེད་དོ་ཞེས་སོ། །སེམས་ཅན་ཐམས་ཅད་ཅེས་པ་ནི་སེམས་ཅན་དང་གཉིས་སུ་མེད་པར་སྟོན་ཏོ། །ངོ་བོ་ཉིད་ཅེས་པ་ནི་ཆོས་ཉིད་ཅེས་པའི་ཐ་ཚིག་གོ། །དེ་ནི་ལུང་རྟོགས་པའི་མཆོག་གསོལ་བ་སྟེ་རྡོ་རྗེ་སེམས་དཔའི་ངོ་བོའོ། །བྱང་ཆུབ་སེམས་གནས་ཐོབ་པ་ཞེས་པ་ [205b.6]རིགས་པ་སྟེ་རྡོ་རྗེ་སེམས་དཔས་དབང་བསྐུར་བའི་རྐྱེན་གྱིས་སངས་རྒྱས་ཐོབ་པའོ། །རྫུ་འཕྲུལ་ཆེ་ཞེས་པ་ནི་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་ཏེ་དེ་ནི་ཕྲིན་ལས་སོ། །དེ་ནི་གཉིས་སུ་ཀུན་དུ་བཟང་པོའི་སྐུ་གསུང་ཐུགས་ཀྱི་ངེས་པ་ཞེས་བྱའོ། །དེ་གཉིས་ཁོ་ན་ལས་ཚིགས་སུ་བཅད་པ་གཅིག་ [205b.7]གིས་ངོ་མཚར་གསུངས་པ་ཨེ་མ་ཞེས་པ་ལ་སོགས་པའོ། །འདི་ཞེས་པ་ནི་ངོ་བོའོ། །དེས་ནི་ངོ་མཚར་སྨྲས་སོ། །དབང་པོ་ལས་འདས་པའི་ཕྱིར་ཞིབ་སྟེ་དམ་པའོ། །ཨེ་མའོ་འཁོར་བ་དག་གི་རྒྱན་ཞེས་པ་ཕྱེད་འོག་མས་ཕྲིན་ལས་ལ་ངོ་མཚར་བ་དང་དམ་པའོ། །དེ་ནས་མངོན་པར་ [206a] [206a.1]འདོད་པའི་དོན་ཞུ་བར་བརྩམས་པ། གསང་བ་དང་ཞེས་པ་ལ་སོགས་པ་སྟེ་བླ་ན་མེད་པ་ཞེས་པ་ནི་ནང་གིའོ། །ཞུ་བའི་དོན་དམིགས་ཀྱིས་བསལ་བས་གསུངས་པ། ཨེ་མའོ་ཤིན་ཏུ་རྙེད་དཀའ་བའི། །ཞེས་པ་ལ་སོགས་པའོ། །གང་གསུངས་ཡང་དག་གསུངས་ [206a.2]བ་ཡི། །རྟོགས་དཀའ་གསོལ་ཞིང་མཆིས་ཞེས་སྦྱར་རོ། །ཅིའི་དོན་དུ་ཞེ་ན་དེ་ཉིད་ཀྱི་དོན་ཆེད་དུ་དེའི་རིམ་པས་སེམས་ཅན་བྱང་ཆུབ་དང་སྦྱོར་བ་ལ་ཕན་པའི་ཕྱིར་རོ། །ལེགས་སོ་ཞེས་པ་ནི་ཞུས་པའོ། །ཡང་ལེགས་སོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཉིད་ལའོ། །ཡང་ལེགས་སོ་ཞེས་པ་ནི་ [206a.3]ཞུས་པ་དེ་དོན་ཡོད་པས་སོ། །ཞུས་པའི་ཚིག་རྣམས་ནི་ལན་ལས་བཤད་དོ། །རྡོ་རྗེ་འཛིན་པ་ཆེན་པོ་ལ་དམིགས་པ་ནི་གཉིས་སུ་མེད་པ་ལ་གཞག་པ་སྟེ། དེའི་དོན་བརྗོད་དུ་མེད་པས་ན་ཅང་མི་གསུང་ཞེས་རྩ་བའི་སྐབས་སུ་བཤད་དོ། །དེ་ནས་ཡང་དང་ཡང་དུ་བསྐུལ་བ་དང་། ཐུགས་རྡོ་རྗེ་རྗེས་སུ་ [206a.4]གཟུང་བ་གསུངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །ཞེས་པ་ལ་སོགས་པའོ། །རྡོ་རྗེ་འཛིན་པའི་བདག་ཉིད་ལ་རང་རང་གི་ངོ་བོ་ཉིད་དུ་གཞོག་ལ་ཚུལ་བཞིན་དུ་ཉོན་ཞེས་བའོ། །རྗེས་སུ་གཟུང་བའི་དམ་ཚིག་སྤྱི་བོས་བླངས་ཞེས་པ་ནི་དེ་བཞིན་དུ་བགྱི་ཞེས་ཁས་བླངས་པའོ། །ཅང་མི་ [206a.5]གསུང་བ་ནི་རྡོ་རྗེ་འཛིན་པ་བསམ་པའི་ཕྱིར་ཏེ་ཡང་དང་ཡང་དུ་བཤད་དོ། །ཐུགས་རྗེ་ཆེན་པོ་ནི་གཞན་གྱི་དོན་ལ་བརྩེ་བར་གྱུར་པས་དེ་དམིགས་ནས་སོ། །བྱིན་གྱིས་བརླབས་ཞེས་པ་ནི་ལེའུ་དང་པོ་ཉིད་དུ་སྟེ་འདིར་དྲན་པར་བྱས་སོ། །གསུང་གཅིག་ཏུ་ཞེས་པ་ནི་ཚངས་པའི་གསུང་ཁོ་ནས་ [206a.6]ཞེས་པའི་ཐ་ཚིག་གོ། །དེ་ལ་འགྲོ་བའི་ཚུལ་གྱིས་ལན་གསུངས་པ། གསང་བ་ཞེས་བྱར་བསྟན་པ་ནི། །ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཞེས་པ་ནི་དེའི་རང་བཞིན་ཡི་གེ་གསུམ་ཧོ་དང་བཅས་པའི་ཐ་ཚིག་གོ། །དབྱངས་ཀྱིས་བསྐུལ་བའི་དེ་མ་ཐག་འོད་ཀྱིས་སངས་རྒྱས་ [206a.7]ཐམས་ཅད་བསྡུས་པ་ནི་འདུས་པ་ཞེས་སོ། །རྒྱུད་ཀྱི་འབྲེལ་བའི་ལན་གསུངས་པ་ལྔ་པ་ཞེས་པ་ལ་སོགས་པའོ། །བཞི་པོ་དེ་ལས་དམ་ཚིག་བཞི་དང་ལྡན་པའི་སྔགས་པ་དང་། དེའི་ངོ་བོའི་དེ་ཁོ་ན་ཉིད་དང་དེའི་ངོ་བོའི་སྲུང་བ་དང་བཟའ་བའི་དམ་ཚིག་གོ་རིམས་བཞིན་དུ་གསུངས་ཏེ། དེ་ནི་ [206b] [206b.1]སྒྲུབ་པ་ཆེན་པོ་ཞེས་མིང་དུ་བཏགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔགས་དང་ཀུན་དུ་སྤྱོད་པའི་དམ་ཚིག་ཏུ་གསུངས་སོ། །བཞི་པ་དང་ནི་ཞེས་བྱ་བ་ལ་སོགས་པ་བཞིས་ནི་གཞན་གྱི་དོན་དང་འབྲས་བུའི་ངོ་བོ་གསུངས་ཏེ། དེ་ཡང་བཞི་པ་ལས་ནི་དཀྱིལ་ [206b.2]འཁོར་ཞེས་མིང་དུ་བཏགས་པ་སློབ་མ་གཞུག་པ་ལ། མཐར་ཐུག་པའི་སློབ་དཔོན་གྱི་ལས་གསུངས་སོ། །བཅུ་དྲུག་པ་ལས་དབང་གསུངས་སོ། །བརྒྱད་པ་ལས་མཆོད་པའི་སྡོམ་པ་གསུངས་སོ། །བཅུ་གཉིས་པ་ལས་ཐུན་མོང་གི་དངོས་གྲུབ་གསུངས་ཏེ། སྡོམ་པ་དང་ཐུན་མོང་གི་ [206b.3]དངོས་གྲུབ་ནི་རང་གི་དོན་ལ་ཡང་འབྲེལ་ཏེ། འདིར་ལེའུ་བཞིར་བྱས་པ་མཛེས་པ་དང་། དེ་ཡང་འབྲེལ་བའི་ཕྱིར་གསུངས་ཏེ། དེ་བཞིན་དུ་འོག་ནས་འབྱུང་བའི་དྲུག་པ་དང་བདུན་པ་ལ་སོགས་པ་ཡང་རྗེས་སུ་དཔག་གོ། །བརྒྱད་པ་དང་ནི་ཞེས་པ་ལ་སོགས་པས་ནི་རང་གི་དོན་གཉིས་ [206b.4]ལས་དྲག་ཤུལ་གྱི་སྒྲུབ་པ་གསུངས་ཏེ་བརྒྱད་པ་ནི་དྲུག་པའོ། །དེ་ལས་ནི་རྗེས་སུ་ཆགས་པ་དང་ཉེ་བར་སྒྲུབ་པ་གསུངས་པ། གཉིས་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པ་གསུངས་པ་བཅུ་པ་དང་བཅུ་བཞི་པ་ལས་དྲག་ཤུལ་གྱི་ཆོ་ག་གསུངས་ཏེ། ལེའུ་དེ་རྣམས་ཀྱིས་རང་གི་དོན་ལ་ཞག་ [206b.5]བདུན་དུ་བསྒྲུབ་པར་བྱ་ཞེས་པར་འབྲེལ་ཏེ། གཞན་ལ་ཡང་དེ་ལྟར་ཤེས་པར་བྱའོ། །བདུན་པ་དང་ནི་ཞེས་པ་ལ་སོགས་པས་རང་གི་དོན་བསྙེན་པའི་ངོ་བོ་རྗེས་སུ་དྲན་པ་ལ་སོགས་པའམ། ཁ་ཅིག་འདོད་པ་དེ་ལྟར་མ་ཡིན་པའི་ངོ་བོ་གསུངས་ཏེ། བདུན་པ་ལས་སྒྲུབ་པའི་སྡོམ་པ་རྗེས་སུ་དྲན་ [206b.6]པ་གསུངས། གསུམ་པ་ལས་མཆོག་གི་བསྙེན་པར་གཏོགས་པ་གསུངས། གཅིག་ལས་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཀུན་གྱི་ལས་གསུངས། བཅུ་གཅིག་པ་ལས་དངོས་གྲུབ་ཀྱི་ཞིང་རི་དང་དགོན་པ་ལ་སོགས་པ་གསུངས། བཅོ་ལྔ་པ་ལས་རྨི་ལམ་གྱི་མཚན་ [206b.7]མ་གསུངས་ཏེ་འདི་ཡང་རི་དང་དགོན་པ་ལ་སོགས་པའི་བཞི་ནས་མཚན་མ་བྱུང་བའི་བར་དང་། རྗེས་སུ་དྲན་པའི་བར་གྱི་ཆོས་ཐམས་ཅད་སྦྱར་ཏེ་འདི་རྣམས་ནི་ལེའུའི་ཆོས་གཙོར་གཟུང་བར་ཟད་དོ། །དེ་ལྟར་ལེའུའི་དོན་གྱི་འབྲེལ་པ་རྣམས་གསུངས་ནས་གཞན་ཡང་ལྷུར་འབྲེལ་པ་རྣམས་ [207a] [207a.1]གསུངས་པ། དུལ་བ་གདུལ་དཀའ་ཞེས་པ་ལ་སོགས་པའོ། །དེ་ལ་ཞི་བའི་སེམས་ཅན་ནི་དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པར་འབྲེལ་ཏོ། །གདུལ་དཀའ་བའི་གདུག་པ་ཅན་རྣམས་ནི་དྲག་པོས་ཚར་བཅད་པར་འབྲེལ་ཏོ། །ཐུན་མོང་དང་མཆོག་གི་ལྷ་བསྐྱེད་ [207a.2]པ་ལ་རྡོ་རྗེ་བཞི་དང་ཆོ་ག་བཞིས་བསྙེན་པར་འབྲེལ་ཏོ། །ཐུན་མོང་དང་མཆོག་གི་དངོས་གྲུབ་དང་དེའི་ལས་ཀྱི་གཞུང་འབྲེལ་ཏོ། །དཀྱིལ་འཁོར་ལས་དང་བརྟུལ་ཞུགས་སོ། །དེ་ལྟ་བུའི་གཞུང་དེ་རྣམས་དང་སློབ་དཔོན་ནོ། །ཡང་སློབ་དཔོན་དང་སློབ་མ་སྟེ་དེ་ལྟ་བུའི་དབང་བསྐུར་བ་ནི་བདག་ཉིད་ཆེན་ [207a.3]པོ་ཞེས་ཏེ། དེ་ཁོ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣལ་འབྱོར་བསྟན་པ་ཉིད་ཀྱིས་ཡོངས་སུ་གྲོལ་བར་འདོད་དོ། །སྦྱོར་བའི་ལན་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་སྟེ། དེའི་ངོ་བོ་ནི་སྟོང་པ་དང་སྙིང་རྗེ་ལས་བྱུང་བའི་མཚན་ཉིད་དེ་ཟབ་པ་དང་རྒྱ་ཆེ་བའོ། །རྒྱུད་ཀྱི་འབྲེལ་ [207a.4]པ་ཞེས་པ་དང་། འདིའི་སྦྱོར་བ་ཞེས་པའི་སྒྲའི་དོན་གསུངས་པ། རྒྱུད་ཅེས་བྱ་བར་འབྲེལ་པའི་དོན་ཞེས་པ་ལ་སོགས་པའོ། །དེ་ལ་གཞི་ནི་གཞིའི་ཏིང་ངེ་འཛིན་ཏེ་དེ་ནི་ཐབས་ཞེས་མིང་དུ་བཏགས་སོ། །རང་བཞིན་ནི་ལྷ་རྣམས་སྦྱོར་བ་སྟེ་དེ་ཡང་མྱ་ངན་ལས་འདས་པ་ཞེས་པ་རང་བཞིན་ [207a.5]མེད་པར་འདོད་པའི་རྒྱུའོ། །འདུ་བ་མེད་པ་ནི་འབྲས་བུ་སྟེ་འདུ་བའི་རྣམ་པ་ཐམས་ཅད་དང་བྲལ་བས་སོ། །བྱེ་བྲག་ཅེས་པ་ནི་རྒྱུ་འབྲས་ཀྱི་རིམ་པ་ཐ་དད་པས་གསུམ་ཞེས་ཏེ། དེ་གསུམ་ནི་དེ་བཞིན་གཤེགས་པའི་རྒྱུད་དེ་ལེའུ་དང་པོར་གསུངས་ལ། རྣལ་འབྱོར་པའི་ཡང་དེ་བཞིན་ཞེས་ [207a.6]པའི་སྒྲས་ཤེས་པར་བྱའོ་ཞེས་པ་ལ་འདོད་དོ། །བདག་ཅག་གི་བླ་མ་གཅིག་པ་ཁ་ཅིག་ན་རེ། འདིར་རྒྱུ་དང་འབྲས་བུའི་སྐྱེ་བ་ནི་འབྲེལ་པ་སྟེ། དེ་ལ་རྒྱུའི་རྣམ་པ་རྡོ་རྗེ་སེམས་དཔའ་ནི་གཞི་སྟེ་དེ་ནི་ཐབས་སོ། །རང་བཞིན་ནི་དེའི་ཤེས་རབ་སྟེ་དེ་ནི་རང་བཞིན་མེད་པའི་དངོས་པོའོ། །འདིར་རྒྱུའི་སྒྲ་ནི་ [207a.7]དངོས་པོའི་སྒྲའོ། །འདུ་བ་མེད་པ་ནི་རེག་པའི་ལྷ་སྟེ་འབྲས་བུའི་རྣམ་བ་ཁོ་ནས་འདུ་བ་མེད་པ་ཞེས་སོ། །དེ་དག་གི་འདོད་པ་ནི་གསང་བ་འདུས་པ་ནི་བདག་སྟེ་རིག་པའི་ལྷའི་སྐུ་གསུང་ཐུགས་ཀྱིས་འདུས་པའི་ཕུང་པོ་ལ་སོགས་པ་ཇི་སྙེད་པ་གང་ཟག་གཅིག་གི་རྒྱུད་དུ་བསྡུས་པ་ནི་འདུས་པ་ [207b] [207b.1]ཡིན་ལ། བདག་ཕ་མ་ལས་འབྱུང་བ་ནི་དེའི་རྒྱུད་དོ་ཞེས་ངེས་པའི་ཚིག་གོ། །ཡང་གཞན་གྱི་མན་ངག་ལས་གསང་བ་ནི་རིག་པའི་ལྷའི་གསང་བས་བསྡུས་པའི་ཕུང་པོ་ལ་སོགས་པའོ། །འདུས་པ་ནི་དེའི་རིག་མ་དང་གཉིས་སུ་མེད་པར་སྦྱོར་བ་སྟེ་འདུས་པ་ནི་ཚོགས་པའོ། །དེ་ཡང་འབྲེལ་པ་ནི་ [207b.2]སྔ་མ་བཞིན་ཏེ། རིག་པའི་ལྷ་ནི་གཞི་སྟེ་ཐབས་ཞེས་པ་ལ་སོགས་པའོ། །འདུ་བ་མེད་པ་ནི་ཚོགས་པ་ཐ་དད་པའོ་ཞེས་སྨྲས་ཏེ། གང་ཕྱིར་རྣམ་གསུམ་རྒྱུད་ཀྱི་དོན་དུ་བསྡུས། །ཞེས་འབྱུང་བའི་ཕྱིར་དེ་དག་ལྟར་ཡང་མི་འཐད་དོ། །དེ་བས་ན་དྲིས་ཚིག་དང་པོའི་དོན་ལས་བྱུང་བའི་གཞི་ལ་ [207b.3]སོགས་པ་གསུམ་ནི་རྒྱུད་དོ་ཞེས་བྱ་བ་ནི་རིག་པ་སྟེ་གཞི་ལ་སོགས་པའི་བཤད་པ་ནི་འདས་མ་ཐག་པ་བཞིན་ནོ། །རྒྱུད་ཀྱི་དབྱེ་བ་གསུངས་པ། རིགས་ནི་རྣམ་པ་ལྔ་དང་ཞེས་སོ། །ཕྱི་མའི་དོན་གསུངས་པ་བྱང་ཆུབ་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་རྡོ་རྗེས་བཅས་པ་ལ་རིགས་ལྔ་རྣམས་ཀྱི་བཤད་ [207b.4]པ་ནི་ཕྱི་མ་ཞེས་བྱའོ། །དེ་ཁོ་ན་ཉིད་རྣམ་པ་དུ་གསུངས་ཞེས་པ་ལ་སོགས་པ་བཞི་ལ་གསུངས་པ། དེ་ཁོ་ན་ཉིད་རིགས་ལྔར་གསུངས་ཞེས་པ་ལ་སོགས་པའོ། །རིགས་བརྒྱ་ཞེས་པ་ནི་རྒྱུ་དང་འབྲས་བུ་རྣམ་པར་དབྱེ་བ་སྟེ། རྒྱུ་ལས་ཡེ་ཤེས་ལྔ་དང་འབྲས་བུ་བཅུ་དགུ་ལ་ལྔ་ལྔ་སྟེ་བརྒྱའོ། །གཞན་ [207b.5]དག་གིས་ནི་གཞན་དུ་བཤད་དེ་དེ་ནི་མ་ཡིན་ནོ། །འདི་རྣམས་ནི་ལན་དང་སྦྱར་ནས་གསུངས་ཀྱི། དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ངོ་བོ་སའི་སྙིང་པོ་དང་འདོད་པའི་རྒྱལ་པོ་དང་དཔའ་བོ་རྡོ་རྗེ་ལ་སོགས་པ་རང་གི་རིག་པ་ཡེ་ཤེས་ལྔར་འདུས་པ་རྣམས་ཀྱི་དབྱེ་བ་མཐའ་ཡས་སོ། །བྱང་ཆུབ་ [207b.6]སེམས་ཀྱི་ལན་གསུངས་པ། སྐྱེ་འགག་མེད་པ་ཞེས་པ་ལ་སོགས་པ་སྟེ། དངོས་དང་དངོས་མེད་མི་ཟད་ཅེས་པ་ནི་དེ་གཉིས་ཀ་རང་བཞིན་མེད་ཅེའོ། །གཙོ་ཞེས་བྱ་བ་ནི་མཆོག་གི་སྒྲའོ། །ཐབས་དང་ཤེས་རབ་གཉིས་མེད་པ། །ཞེས་པ་ནི་གཉིས་སུ་མེད་པའི་སྦྱོར་བ་ལས་བྱུང་ཞེས་པའི་ཐ་ཚིག་གོ། ། [207b.7]དེའི་རྣམ་པ་ལ་ཆོས་ཐམས་ཅད་འདུ་བ་གསུངས་པ། སྲིད་དང་ཞི་བ་འབྱུང་བ་ཀུན། །ཞེས་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་རྣམ་པ་གཅིག་གོ་ཞེས་པའི་ཐ་ཚིག་གོ། །དེའི་དོན་ནི་རྩ་བ་ལས་ཀྱང་། རང་གི་སེམས་ནི་བརྟག་པ་ལ། །ཞེས་པ་ལ་སོགས་བས་གསལ་བར་གསུངས་སོ། ། [208a] [208a.1]རིག་པའི་སྐྱེས་བུའི་ལན་གསུངས་པ། རང་གི་ལུས་ངག་ཅེས་པ་ལ་སོགས་པ་སྟེ། མི་ཕྱེད་པ་དེ་གཉིས་ཀྱི་རྣམ་པར་ཕྱེ་ནས་རིག་པ་དེས་ན་ལྡན་པ་དེ་དེའི་སྐྱེས་བུ་ཞེས་སོ། །བཛྲ་དྷྲྀག་ལ་སོགས་པ་ལྔའི་ལན་གསུངས་པ། རྒྱུ་ལྔ་དག་གི་ཞེས་པ་ལ་སོགས་པའོ། །དེ་ལ་ [208a.2]འོག་དང་སྟེང་ན་ལྔ་ལྔ་གནས་པ་ནི་རྒྱུ་དང་འབྲས་བུ་སྟེ་ཡེ་ཤེས་ལྔའི་རྡོ་རྗེའོ། །དྷྲྀཀ་ཅེས་བྱ་བ་ནི་དེ་གང་གི་ཆང་པས་འཛིན་པའོ། །རྣམ་ཤེས་ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། དེས་རྣམ་པར་དག་པའི་རྒྱུ་འབྲས་གཉིས་གཟུང་ངོ་། །ཡོད་མེད་དབུས་ལས་འདས་པའི་ངོ་བོ་ལས། སེམས་ [208a.3]ཅན་ཀུན་གྱི་འབྱུང་བ་དང་དེ་ལས་གྱུར་པའི་བྱུང་བ་ཉིད་ཀྱིས་སྐྱེས་པ་དེ་རྣམ་པར་དག་པ་རྒྱལ་བས་འཛིན་ཅེས་སོ། །གཟུགས་ཞེས་པ་ཡང་དེའི་ཕུང་པོ་སྟེ་ངེས་རྣམ་པར་དག་པའི་སྣང་མཛད་དོ། །དེའི་ཕྱིར་ཕྱག་ན་འཁོར་ལོ་ཐོགས་མ་ལ་སོགས་པའི་རིམ་པ་མེད་པ་རྣམས་སོ། །དོན་ཐམས་ཅད་ [208a.4]འབྱུང་བས་ན་སེམས་ལ་རིན་ཆེན་ཞེས་སོ། །ཚོར་བ་ཞེས་པ་ནི་གོང་མ་བཞིན་ནོ། །ཚོར་བ་དེས་སེམས་རང་རིག་ཅིང་འཛིན་པས་ན་དེའི་ཕྱག་ན་རིན་ཆེན་བསྣམས་སོ། །ཐམས་ཅད་ནས་ཞེས་པ་ནི་རྣམ་པའོ། །ཐམས་ཅད་དུ་ཞེས་པ་ནི་དུས་སོ། །རོལ་བའི་མཚན་ཉིད་ཐམས་ཅད་མཚོན་ཅིང་ [208a.5]ཞེས་པས་ཨཱ་རོ་ལྀ་ཀ་གོ། །འདོད་པའི་མཚན་ཉིད་མཚོན་ཞེས་པ་ནི་འདུ་ཤེས་ཏེ་འདི་ཡང་སྔར་བཤད་པ་བཞིན་ནོ། །དེའི་ཕྱིར་འདིའི་ཕྱག་ན་ཐམས་ཅད་ཤེས་པའི་མ་ཆགས་པའི་པདྨ་བསྣམས་སོ། །རྣམ་ཤེས་ཞེས་པ་ནི་མཚོན་པ་སྟེ་གཟུགས་ལ་སོགས་པའི་ཕུང་པོ་ལྔའི་མཚན་ཉིད་གསལ་ [208a.6]བར་བྱེད་པ་ནི་ཤེས་རབ་བོ། །འདུ་བྱེད་ཅེས་པ་ཡང་ཕུང་པོ་སྟེ་འདུ་བྱེད་དེས་ཤེས་རབ་འཛིན་ཏེ་དེའི་གཞི་ཡིན་པས་སོ། །དེའི་ཕྱིར་ཕྱག་ན་རལ་གྲི་འཛིན་ཏོ། །རིགས་ཀྱི་ལན་གསུངས་པ་རིགས་ནི་རྒྱུད་ཅེས་པ་ལ་སོགས་པའོ། །རིགས་དང་རྒྱུད་ཀྱི་སྒྲ་འདྲའོ་ཞེས་ཏེ། དེའི་ཐོག་མ་ནི་གཉིས་སུ་མེད་ [208a.7]པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེས་ན་སྒྲ་ལས་ཀྱང་ཐོག་མར་འདིར་མཚོན་པར་བྱེད་པ་ཨེ་ཝཾ་ཞེས་སོ། །དེ་ལྟར་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། གཉིས་མེད་ཐོག་མ་བཞིར་ལྡན་པ། །ཡི་གེ་གཉིས་ཀྱི་དེ་བཞིན་མཚོན། །ཞེས་སོ། །དེའི་གཙོ་བོ་ནི་སྐྱེ་འགག་མེད་པའི་སྟོང་པ་སྟེ་སྟོང་པ་ [208b] [208b.1]ཉིད་ཀྱི་ཡེ་ཤེས་དག་པའི་རྒྱུ་འབྲས་ནི་རིགས་ལྔའི་གཙོ་བོ་ཞེས་སོ། །གོང་དུ་གསུངས་པའི་སྐུ་དེ་ལ་ཡེ་ཤེས་ལྔ་དང་སྦྱོར་བ་གསུངས་པ། རྣམ་ཤེས་ཞེས་པ་ལ་སོགས་པའོ། །དེ་ལ་རྣམ་ཤེས་ནི་གོང་དུ་བསྟན་པའི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའི་སྐུའོ། །དེ་གཉིས་སུ་ [208b.2]མེད་པའི་ཡེ་ཤེས་དང་སྦྱོར་བས་ན་ཞེ་སྡང་ཞེས་ཏེ། ཕན་ཚུན་ཐུག་པ་ནི་ཞེ་སྡང་ཞེས་འོག་ནས་འབྱུང་ངོ་། །ཡེ་ཤེས་དེ་ནི་སྐུ་གཉིས་དང་སྦྱོར་བས་ན། རྒྱུ་དང་འབྲས་བུ་གཉིས་སུ་གྲགས། །ཞེས་སོ། །གཟུགས་ཞེས་པ་ནི་གོང་དུ་བསྟན་པ་བཞིན་ཏེ་འོག་མ་ཀུན་ལ་ཡང་སྦྱར་རོ། །དེ་ནི་མཚན་ [208b.3]མའི་རྣམ་པར་ཤེས་པ་མེད་པས་ན་གླེན་པའི་མེ་ལོང་ལྟ་བུའི་ཡེ་ཤེས་དང་སྦྱར་ཏེ། དེས་ན་གཏི་མུག་ཅེས་བཏགས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཞེན་ཅིང་གོང་རློམ་པ་དེ་ནི་ང་རྒྱལ་ཞེས་སོ། །སོ་སོར་རྟོག་པའི་མཚན་ཉིད་གང་གཉིས་སུ་མེད་པའི་དངོས་པོ་ལ་ཆགས་པས་འདོད་ཆགས་ཞེས་སོ། ། [208b.4]བྱ་བ་ནན་ཏན་གྱི་ངོ་བོ་རྟག་ཏུ་སེམས་ཅན་གྱི་དོན་ལ་བརྩོན་པ་ལ་བདག་ཉིད་ཁོ་ན་རོལ་ཅིང་གཏོང་བས་ཕྲག་དོག་གོ། །གཞིའི་ལེའུ་ལས་གསུངས་པ། འདོད་དང་གྲོལ་བ་རབ་སྒྲུབ་པའོ། །ཞེས་པ་དོན་གསུངས་པ། འདོད་ཆགས་ཞེ་སྡང་ཞེས་པ་ལ་སོགས་པ་སྟེ། འདིར་ཡེ་ཤེས་གསུམ་གསུངས་ [208b.5]པ་ནི་གཙོ་བོ་སྟེ་གཉིས་ཀྱང་སྦྱར་རོ། །མཚན་ཉིད་སྣ་ཚོགས་འདྲ་བའི་རྡོ་རྗེ་སེམས་དཔའ་སྟེ་དེ་ནི་འདོད་པ་དེ་ལ་ཕྱོགས་ཤིང་བསྒོམས་པའི་འབྲས་བུའོ། །མོ་ཧ་ལ་སོགས་པ་བཞི་དང་། དེའི་དགའ་མ་དང་ཕུན་སུམ་ཚོགས་པའི་ལན་གསུངས་པ། གཉིས་མེད་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པའོ། ། [208b.6]ཕྱི་རོལ་ཞེས་པ་ནི་མཚན་མའོ། །ང་རྒྱལ་ཞེས་པ་ནི་མཚན་མའི་རྣམ་པ་མི་ཤེས་པ་སྟེ་དེ་ནི་མེ་ལོང་ལྟ་བུ་གོང་དུ་གཏི་མུག་ཏུ་བསྟན་ཏོ། །ཕན་ཚུན་ཐུག་པ་ནི་གཉིས་སུ་མེད་ཅེས་གོང་དུ་བསྟན་ཟིན་ཏོ། །འདིས་ཀྱང་ཡེ་ཤེས་ཀྱང་གཉིས་སུ་མེད་པ་ཡོད་པ་དེ་ནི་ཞེ་སྡང་ངོ་ཞེས་བསྟན་ཏོ། །འདོད་ཆགས་ཀྱང་ [208b.7]དེ་བཞིན་དུ་ཤེས་པར་བྱའོ། །ཡེ་ཤེས་འདི་ཞེས་བྱ་བ་ནི་དབྱེར་མེད་པས་རྡོ་རྗེའོ། །གཙོ་བོ་རྣལ་འབྱོར་པ་དེ་རྣམས་ཀྱི་དགའ་བ་ནི་ལྷ་མོ་བཞིའི་རེག་པའི་ལོངས་སྤྱོད་ལས་བྱུང་བ་དེ་རྣམས་ནི་དགའ་མ་ཞེས་སོ། །བུད་མེད་དེ་རྣམས་ཁོ་ན་ལས་དགའ་བའི་རིམ་པས་ཡང་དག་པའི་བདེ་བ་ཡེ་ཤེས་ཀྱི་རང་ [209a] [209a.1]བཞིན་པས་མཆོག་ཕུན་སུམ་ཚོགས་པ་དེ་འབྱུང་བས་ན་ཕུན་སུམ་ཚོགས་ཞེས་སོ། །དེ་ནི་ཞེས་པ་དེ་དགའ་བ་ཉིད་དོ། །དེའི་རིམ་པས་བདེ་བའི་ཡེ་ཤེས་སངས་རྒྱས་ཐོབ་པས་ན་ཉོན་མོངས་པའི་དགའ་བ་ཉིད་རྡོ་རྗེ་ཐེག་པའོ། །ཁ་ཅིག་གིས་དེ་ནི་ཞེས་པ་དགའ་མ་བཞི་ [209a.2]བཟུང་སྟེ་དེ་ཡང་མི་འཐད་དེ། དེ་བཞི་ནི་ཤེས་རབ་ཡིན་པས་ཐབས་ཞེས་བྱ་བའི་སྒྲ་དང་མི་འབྱོར་བ་དང་། དེ་ལྟར་ན་ཐབས་ཀྱང་རྡོ་རྗེ་ཐེག་པར་འགྱུར་བ་ལས་མ་བཟུང་བས་སོ། །ཡ་མཱནྟ་ཀྲྀཏ་ལ་སོགས་པ་བཞིའི་ལན་གསུངས་པ། རྣམ་པར་མི་འཇོག་ཅེས་པ་ལ་སོགས་པའོ། །བཞི་པོ་འདིའི་ [209a.3]སྒྲ་ནི་ཕྲིན་ལས་ཀྱི་སྒོ་ནས་འཇུག་པ་སྟེ། དེ་ལ་ཡ་མཱནྟ་ཀྲྀཏ་ཀྱིས་སྤྱན་དྲངས་པའི་སྐུས་འདུལ་བའི་ཞིང་རྣམས་ལ་སྐྱེ་བ་མེད་པའི་ཕྱིར་འཇིག་པ་དང་བྲལ་བའི་ཆོས་བསྟན་པ་སྟེ་ཕྲིན་ལས་སོ། །དེ་ནི་དངོས་པོ་ཀུན་ཞེས་པ་མེ་ལོང་ལྟ་བུ་དང་། སྙིང་རྗེ་དང་སྦྱིན་པ་ལ་སོགས་པ་མི་འདའ་བའི་དམ་ [209a.4]ཚིག་གོ། །དེ་ནས་གཤིན་རྗེ་གཤེད་མཐར་བྱེད་དེ་ཞེས་པ་ནི་ཕྲིན་ལས་དེས་འོག་ནས་བྱུང་བའི་མ་རིག་པ་ལ་སོགས་པ་མཐར་བྱེད་པས་སོ། །འདིར་བཤད་པ་འདི་ནི་ཀུན་ལ་སྦྱར་རོ། །རྣམ་པར་མི་ཤེས་ཞེས་པ་ནི་ཨ་ལ་སོགས་པའི་ཡི་གེ་མེད་པའི་ཕྱིར་འཛིན་པའི་ཤེས་པ་མེད་པར་བསྟན་པའོ། ། [209a.5]སེམས་ཞེས་པ་སྟོང་པ་ཉིད་དང་བྱམས་པ་དང་ཚུལ་ཁྲིམས་ལ་སོགས་པའོ། །མིང་དང་གཟུགས་ཀྱི་བློ་ནི་བརྗོད་པའི་རྒྱུ་སྟེ་དེ་མེད་པས་བརྗོད་དུ་མེད་ཅེས་པའོ། །ཆོས་རྣམས་ནི་སོ་སོར་རྟོག་པ་ལ་སོགས་པའོ། །གཟུགས་ལ་སོགས་པ་རང་བཞིན་གྱིས་ཞི་བས་རྣམ་པར་མི་རྟོག་པའི་ཆོས་བསྟན་ [209a.6]པའོ། །ཤེས་ན་བདེ་བ་ཐོབ་པར་འགྱུར། །ཞེས་པ་ནི་དེ་ལྟར་བསྟན་པའི་འདུལ་བའི་ཞིང་དག་གིས་སོ། །ད་ནི་སྒྲ་འཇུག་པའི་དོན་གསུངས་པ་གཏི་མུག་ཅེས་པ་ལ་སོགས་པའོ། །དག་པའི་གཏི་མུག་ལོངས་སྤྱོད་པས་གཏི་མུག་ཆེན་པོ་མེ་ལོང་ལྟ་བུ་དེའི་དམ་ཚིག་ཕྱིན་ཅི་ལོག་གི་གཏི་མུག་གོང་དུ་བསྟན་ [209a.7]པའི་ཁྲོ་བོའི་ལས་ཀྱིས་ཟད་པར་བྱེད་དོ། །གཟུགས་རྣམས་ཞེས་པ་ནི་དེའི་འཇིག་ཚོགས་ལ་ལྟ་བ་སྤངས་པའོ། །ཤེས་བྱ་ཞེས་པ་ནི་ཤེས་བྱའི་སྒྲིབ་པའོ། །ཉེས་པ་ནི་ཞེ་སྡང་ངོ་། །སེམས་ཞེས་པ་ནི་མཐར་འཛིན་པར་ལྟ་བའོ། །ཚིག་ཅེས་པ་ནི་ལོག་པར་ལྟ་བ་སྟེ་ལྟ་བ་གསུམ་ལ་ལུས་ངག་ཡིད་གསུམ་གྱི་ [209b] [209b.1]མིང་དུ་བསྟན་པ་ནི་དེའི་རིགས་ཀྱི་ཕྱིར་རོ། །སྙོམས་འཇུག་ཅེས་པ་ནི་སྐྱེ་བའི་སྒྲིབ་པའོ། །ཉོན་མོངས་ཀུན་ཞེས་པ་ནི་གཏི་མུག་ལ་སོགས་པ་གསུམ་མོ། །རྡོ་རྗེ་ཀུན་ཞེས་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་སྟེ། ལྟ་བ་གོང་མ་ཀུན་ལ་འཛིན་པས་སོ། །སྒྲིབ་པ་ཀུན་ཞེས་པ་ནི་ལས་ཀྱི་སྒྲིབ་པ་སྟེ་ཐམས་ཅད་ཀྱི་ [209b.2]ལས་ཡིན་པས་སོ། །གོང་དུ་ཤེས་པ་ནི་བདེ་བ་ཐོབ་པར་འགྱུར་ཞེས་པ་དེ་བཤད་པ། སེམས་ཅན་ཉོན་མོངས་རྡོ་རྗེ་སྒྲིབ། །ཅེས་ཏེ་སྔོན་ལྟ་བུའི་ཆོས་བསྟན་པས་གནས་ལ་ཞེན་པའི་སེམས་ཀྱི་ཉོན་མོངས་པ་དང་རྡོ་རྗེའི་སྒྲིབ་པ་དག་ནི་ཤེས་བཞི་ཞེས་པའོ། །དེ་དང་ལྡན་ན་མ་ལུས་པ་ལ་སོགས་པའི་ལས་ [209b.3]དག་པར་འགྱུར་རོ། །དེ་དག་ནི་དེའི་འབྲས་བུ་བདེ་བའོ། །དེ་དག་གི་དོན་ཡང་བཟང་པོ་ཞབས་ཀྱིས་གསུངས་པ་ལས་ཤེས་པར་བྱའོ། །དྲིས་པ་མེད་ན་ཡང་ཁྲོ་བོ་དྲུག་ལ་སོགས་པའི་དོན་གསུངས་པ། གཟུང་བ་དང་ཞེས་པ་ལ་སོགས་པའོ། །དེ་ལ་གཟུང་བ་ནི་བྱང་ཆུབ་ཀྱི་དོན་འཛིན་པའོ། །དགའ་ [209b.4]བ་ནི་དེ་ལ་ཆགས་པའོ། །དེ་བཞིན་ནི་དེ་འདྲ་བའོ། །མི་གཡོ་བ་ནི་དེ་ལ་སེམས་བརྟན་པའོ། །རྒྱུ་ནི་དེ་ཉིད་རྒྱུའི་ངོ་བོའོ། །འབྲས་བུ་ནི་རྒྱུ་དེ་ཉིད་གསལ་བར་གྱུར་བའོ། །ཐུགས་ལས་ཡང་དག་བྱུང་ཞེས་པ་ནི་དེ་དག་ནི་གོང་དུ་ཡང་རི་མོ་བྲི་བ་མ་ཡིན་གྱི་ཡང་དག་པའི་ཏིང་ངེ་འཛིན་ལས་འབྱུང་ངོ་ [209b.5]ཞེས་པའི་དོན་ཏོ། །ལྷག་མ་ནི་གསལ་ལོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཞེས་པ་ནི་སྤྱིའི་སྔགས་ཡི་གེ་གསུམ་མོ། །བདག་ཉིད་ཆེན་པོ་ཞེས་པ་ནི་ཡེ་ཤེས་ལས་གྲུབ་པའི་བདག་ཉིད་ཅན་གྱི་ལྷ་མོ་དྲུག་སྟེ་དེ་དག་འབྱིན་པར་བཤད་དོ། །སྤྱོད་པ་གཉིས་ཀྱི་ལན་གསུངས་པ། རྫོགས་པའི་རིམ་ [209b.6]པར་ཞེས་པ་ལ་སོགས་པའོ། །དེ་ལ་རྫོགས་པའི་རིམ་པ་ནི་བསྐྱེད་པ་དང་རྫོགས་པ་སྟེ་དེའི་སྦྱོར་བས་ཤེས་རབ་དང་ཐབས་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ལྷ་རྣམས་འབྱུང་བ་དེ་བསྡུས་པའི་སྦྱོར་བ་ངེས་པར་བྱས་ནས་རྒྱུ་ཞིང་སྤྱད་ཅེས་སོ། །བསམ་པ་ཅི་དང་ལྡན་ཞེ་ན། དག་པར་མོས་པ་ལ་ [209b.7]སོགས་པ་སྟེ་དག་པར་མོས་པ་ནི་གཉིས་སུ་མེད་པར་མོས་པའོ། །འཇིགས་པ་སྤངས་པ་ནི་ཐམས་ཅད་ཟིལ་གྱིས་མནན་པའོ། །དོགས་པ་མེད་པ་ནི་དགའ་བའོ། །སེང་གེ་བཞིན་ཞེས་པ་ནི་ང་རྒྱལ་དང་ལྡན་པས་སོ། །འདི་ལ་མི་བྱ་ཞེས་པ་ལ་སོགས་པ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་མ་ [210a] [210a.1]བཀག་པའོ། །མཉམ་གཞག་མེད་པ་ནི་ལངས་པའོ། །མཉམ་པར་གཞག་ཅེས་པ་ནི་ལྷག་པའི་ལྷའི་སྦྱོར་བའོ། །དེ་ལྟར་བཟང་པོ་ཞབས་ཀྱིས། ཏིང་ངེ་འཛིན་ལས་ལངས་ནས་སུ། །ཞེས་པ་ལ་སོགས་པ་གསུངས་སོ། །ཡུལ་དང་དབང་པོ་ལ་བརྟེན་པའི་ཤེས་ [210a.2]པ་ནི་མཱན་ཞེས་བྱའོ། །ཏྲ་ཞེས་པ་ནི་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པའོ། །དེའི་སྤྱོད་པ་ནི་འཇིག་རྟེན་སྤྱོད་པས་གྲོལ་བ་སྟེ་སྲོག་གཅོད་པ་ལ་སོགས་པ་གང་ཉེས་པས་མ་གོས་པའོ། །དེ་ལྟ་བུའི་དམ་ཚིག་བསྐྱང་བ་ནི་སྔགས་ཀྱི་སྤྱོད་པ་སྟེ་སྡོམ་པ་ནི་རྩ་བ་བསྐང་པ་འམ་རྣམ་གྲངས་སོ། །དེ་ལྟར་ཡང་ [210a.3]བཟང་པོ་ཞབས་ཀྱིས། འགྲོ་བའི་དོན་དུ་ཅི་རིགས་པར། །ཞེས་པ་ལ་སོགས་པ་གསུངས་སོ། །བཟླས་བརྗོད་ཀྱི་ལན་གསུངས་པ། སོ་སོ་རང་གི་ངོ་བོ་དག །ཅེས་པ་ལ་སོགས་པ་སྟེ་དེ་ལ་སོ་སོ་རང་གི་ངོ་བོ་དག་ནི་ཡི་གེ་རྣམས་སོ། །སྙིང་ལ་ཞེས་པ་ནི་ཕྱག་རྒྱ་བཞིའི་སྙིང་གར་རོ། །དེ་ལས་སྤྲོ་བ་དང་ [210a.4]བསྡུ་བ་ལ་དེ་ཁོ་ནའི་སྔགས་བྱེ་བྲག་ཏུ་བརྗོད་དོ་ཞེས་ཐུན་མོང་གི་ཆོ་ག་གསུངས་ནས། ཡེ་ཤེས་སེམས་དཔའི་གསུངས་པ་ཞེས་པ་སྟེ། སྣ་ཚོགས་རྡོ་རྗེ་ནི་རིགས་ལྔའི་བདག་ཉིད་ཀྱི་སངས་རྒྱས་སོ། །དེ་རྣམས་ཡེ་ཤེས་སེམས་དཔའི་ས་བོན་ཁོ་ནས་སྤྲོ་བ་དང་བསྡུ་བ་དང་གཟུང་བ་དག་བྱའོ་ཞེས་ཇི་སྙེད་པའོ། །རྡོ་རྗེ་ [210a.5]གསུམ་གྱི་གསུངས་པ། གཟུགས་བཞིན་ཞེས་ཏེ་དེ་ལས་ནི་རང་དང་འདྲ་བའི་གཟུགས་ཁོ་ན་སྤྲོ་ཞེས་སོ། །དེ་ཞེས་པ་ནི་གཟུགས་གསུམ་སྟེ་སྤྲོ་བ་དང་བསྡུ་བ་དང་གཟུང་བ་དག་བྱ་བ་ནི་བཟླས་ཤེའོ། །ལྷ་རྣམས་ཀྱིས་སྔགས་ཀྱིས་ངོ་བོ་ས་བོན་བཞི་བརྗོད་པ་ནི་བཟླས་པ་ཞེས་བྱ་སྟེ། སྔགས་དེ་ཡང་ [210a.6]དབུགས་ཀྱི་རྒྱུན་དང་འགྲོགས་པས་ན་དབུགས་ཀྱི་རང་བཞིན་དེ་ཁོ་ན་ཉིད་གསུམ་གྱིས་བསྐུལ་ལོ། །ཇི་ལྟར་སྙིང་གར་ཞེས་པ་ལ་སོགས་པས་མཆོད་པ་གསུངས་སོ། །ཏིང་ངེ་འཛིན་ཡང་དེ་བཞིན་ནོ། །ཞེས་པ་ནི་རང་གི་རིགས་ཀྱི་ལྷ་མོ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཡང་རྩ་བ་ཉིད་ལས། ལུས་ཀྱི་སྐུ་ཡི་ངོ་ [210a.7]བོ་ཉིད། །ཅེས་པ་ལ་སོགས་པ་གསུངས་སོ། །སྤྱི་བོར་དབང་བསྐུར་ཞེས་པ་ནི་མཆོད་པའི་བསྙེན་སྒྲུབ་གསུངས་པ་སྟེ་དབང་བསྐུར་ནི་གཙོར་གསུངས་པའོ། །རིག་མ་དང་སྦྱོར་ལྡན་ཞེས་པ་ལ་སོགས་པས་ནི་སྤྲོ་བའི་ལྷ་རྣམས་ཀྱི་ལོངས་སྤྱོད་བཞི་གསུངས་པ་སྟེ་རྡོ་རྗེ་འཛིན་ནི་བདག་རང་ངོ་། །དེའི་ལོངས་ [210b] [210b.1]སྤྱོད་བཞི་བཞིན་དུ་དང་པོར་ནི་རང་བྱིན་གྱིས་བརླབ་བོ། །དེ་ནས་རིག་མ་ལ་སོགས་པའི་དྲན་པར་བྱ་ཞེས་སོ། །དེ་ལྟར་བཟང་པོ་ཞབས་ཀྱིས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །ཞེས་པ་ནས། སྦྱོར་བ་བསྙེན་སོགས་དེ་བཞིན་བསྒོམ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་གསུངས་སོ། །རྒྱས་ [210b.2]འདེབས་ཀྱི་ལན་གསུངས་པ་དཔའ་བོ་ཞེས་པ་ལ་སོགས་པའོ། །དཔའ་བོ་ནི་སེམས་དཔའ་རྣམས་སོ། །རྡོ་རྗེ་ནི་རྒྱལ་བ་རྣམས་སོ། །རྒྱུད་གཞན་ལས་རིགས་ལྔ་གསུངས་པ་འདི་མ་ཡིན་པར་བསྟན་པ་རེ་རེ་ཞེས་སོ། །བསྟན་པ་དེ་གང་ཞེ་ན་སྙིང་པོ་ཞེས་པ་ལ་སོགས་པ་སྟེ་སྙིང་པོ་ནི་རྡོ་རྗེ་ [210b.3]སེམས་དཔའོ། །ཕྱག་རྒྱ་ནི་ཕྱག་རྒྱར་འདོད་པ་གསུམ་མོ། །སྔགས་ནི་དེ་ལ་མ་གཏོགས་པ་གཉིས་སོ། །དེ་རྣམས་ཀྱིས་རང་གི་རིགས་བཞིན་གདབ་པོ། །འོ་ན་རྒྱུ་འབྲས་གཉིས་ཇི་ལྟ་ཞེ་ན། རྒྱུ་ལ་ཞེས་ཏེ་ཕན་ཚུན་རྒྱས་གདབ་ཅེས་བྱ་སྟེ་འབྲས་བུ་ནི་མི་བསྐྱོད་པའོ། །ཅི་ཐམས་ཅད་ཀྱང་ [210b.4]དེའི་འབྲས་བུ་ཡིན་ན་འདི་འབའ་ཞིག་ལ་འབྲས་བུ་ཞེས་བྱ་ཞེ་ན། དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་རྣམ་པར་དག་པ་གཅིག་པས་གཙོ་བོ་སྟེ། དཔེར་ན་རྒྱལ་པོ་དཔུང་དང་བཅས་པའི་ནང་ན་ཕ་སྤད་དུ་གྱུར་པ་མང་ཡང་ཡབ་སུས་ཞེས་བྱ་བ་མི་ཕྱེད་ཡང་རྒྱལ་པོ་ལ་བྱ་བ་བཞིན་ནོ། །ཆོས་ཀྱི་འབྱུང་ [210b.5]གནས་ཀྱི་ལན་གསུངས་པ། ལོངས་སྤྱོད་བཞི་དང་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཅན་ཞུ་བ་ལས་བྱུང་བ་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གི་རྒྱུ་གསུམ་དུ་བསྒོམ་མོ། །འདིའི་གནས་ནི་འཁོར་ལོ་སྟེ། དེའི་དབུས་ནི་དེའི་ལྟེ་བའོ། །གནས་དེའི་བསྒོམ་པ་གསུངས་པ། ཡེ་ཤེས་བཅུ་ཞེས་པ་ལ་སོགས་ [210b.6]པའོ། །ཡེ་ཤེས་བཅུ་ནི་སྡུག་བསྔལ་དང་སྒྲ་ཇི་བཞིན་པ་ལ་ཐུག་པའོ། །རྫོགས་པ་ཞེས་པ་ནི་འདིའི་སྦྱོར་བ་རྫོགས་པའི་ཚུལ་ལོ། །རྩེ་གཅིག་ནི་དམིགས་པ་གཅིག་གོ། །མཛེས་པ་ནི་ཁྲོ་བོའི་ཚུལ་ལོ། །མི་གཡོ་ལྟ་བུ་ཞེས་པ་ནི་ཤིན་ཏུ་མྱུར་བའི་ཕྱིར་རོ། །སྤྲོ་ཞེས་པ་ནི་དེ་རྣམས་ཁོ་ན་ལས་འོད་ [210b.7]དུ་འཕྲོ་བའོ། །དྲི་མ་མེད་ཅེས་པ་ནི་དཀར་པོའི་མདོག་ཏུ་བསྒོམ་ཞེའོ། །ཞི་ཞེས་པ་ནི་ཞི་བའི་སངས་རྒྱས་ཀྱི་འོད་འཕྲོ་བའོ། །སྐད་ཅིག་ཉིད་དུ་ཞེས་པ་ནི་རྗེས་ཐོགས་སོ། །སངས་རྒྱས་སྤྱན་ཞེས་པ་ནི་དེས་དེའི་བདག་པོ་རྣམ་པར་སྣང་མཛད་མཚོན་པ་གཞལ་ཡས་ཀྱི་རྒྱུ་བསྒོམ་ཞེའོ། །འདི་ [211a] [211a.1]ཡང་བཟང་པོ་ཞབས་ཀྱིས་གསུངས་པ་ལས་གསལ་ལོ། །སྡོམ་པའི་ལན་གསུངས་པ། རྡོ་རྗེ་ཅན་གྱིས་ཞེས་པ་ལ་སོགས་པའོ། །བསྐྱེད་པ་དང་རྫོགས་པ་ལ་བརྟེན་པའི་བསྟན་པ་ལ་རྗེས་སུ་སྒྲུབ་ཅིང་ནན་ཏན་བྱེད་པ་ནི་དམ་ཚིག་སྡོམ་པ་སྟེ། དེ་ནི་སྔོན་དུ་རྩ་བའི་ [211a.2]རྒྱུད་ཁོ་ན་ལས་བཤད་ཅེའོ། །དེ་ལྟར་ཡིན་ཡང་བྱང་ཆུབ་སེམས་དཔའི་འདོད་པའི་སྡོམ་པ་ཁོ་ན་བྱེ་བྲག་ཏུ་གསུངས་པ་གཟུགས་སྒྲ་ཞེས་པ་ལ་སོགས་པའོ། །གང་འདོད་པ་རྣམས་ལ་བདེ་བ་དང་སྡུག་བསྔལ་གྱི་རྣམ་པ་བསྐྱེད་པས་འདོད་ཆགས་དང་ཞེ་སྡང་བར་མ་རྣམས་ལས་མུན་པ་འབྱུང་སྟེ། དེ་ [211a.3]འདོད་ཆགས་ནི་རྡོ་རྗེ་དང་། ཞེ་སྡང་ནི་རིན་ཆེན་འབྱུང་བ་དང་། མུན་པ་ནི་གཏི་མུག་རྡོ་རྗེའི་ངོ་བོར་བསམ་ཞེའོ། །ཡང་སྤྲོས་པའི་རྣམ་པ་མེད་པ་གསུངས་པ་དམ་ཚིག་འདྲ་ཞེས་ཏེ། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པའོ། །འདོད་ཆགས་ལ་སོགས་པས་ཇི་ལྟར་དོན་བྱེད་པ་དེ་ལ་གསུངས་ [211a.4]པ་རྣམ་པ་མེད་པའི་ཞེས་པ་ལ་སོགས་པའོ། །རྣམ་པ་མེད་པའི་རྣམ་པ་ནི་ཤེས་རབ་དང་ཐབས་ཀྱི་རྣམ་པའོ། །དེའི་ཡན་ལག་ནི་གནས་གསུམ་དུའོ། །ཡི་གེ་གསུམ་གྱི་བདག་པོ་ནི་རྡོ་རྗེ་གསུམ་མོ། །དེའི་ས་བོན་ལས་བསད་པ་དང་དབྲོག་པ་ལ་སོགས་པའི་དོན་དུ་བཟླས་ཤིང་སྤྲོ་ཞེས་ཏེ་བསྡུ་བ་ལ་ [211a.5]སོགས་པ་ཡང་གཟུང་ངོ་། །ས་གསུམ་དུ་ནི་བསྐྱེད་བྱ་ཞིང་། །ཞེས་པས་སྒྲུབ་པ་བསྟན་ཏོ། །ཀུན་དུ་རྒྱས་གདབ་ཅེས་པའི་བར་ནི་སྒྲུབ་པ་ལ་སོགས་པ་གསུངས་ཏེ། འདི་ཡང་འོག་ཉིད་ནས། སྒྲུབ་པ་ཆེན་པོའི་མཐའ་རུ་ཡང་། །བྱས་ནས་ལས་སུ་བརྩམ་པར་བྱ། །ཞེའོ། །དེ་ལྟར་སྤྱིའི་ཆོ་ག་ [211a.6]གསུངས་ནས་རང་རང་གི་གསུངས་པ། རྣལ་འབྱོར་བ་ཡིས་ཞེས་པ་ལ་སོགས་པའོ། །ཞེ་སྡང་ཚུལ་ཞེས་པ་ནི་ཞེ་སྡང་ཉིད་དེའི་དོན་བྱེད་པས་ཐབས་སོ། །འོག་མ་ལ་ཡང་དེ་ལྟར་སྦྱར་ཏེ་དེ་ཡང་། གང་དག་འདོད་ཆགས་སྙོམས་འཇུག་པ། །དེ་ནི་འདོད་ཆགས་ཉིད་ཀྱིས་སྦྱར། །ཞེས་བསྟན་ [211a.7]ཏེ། ཞེ་སྡང་འཁོར་ལོ་ནི་མི་བསྐྱོད་པ་ལ་སོགས་པ་དྲུག་པོ་རྣམས་གཙོར་གྱུར་པའི་འཁོར་ལོའོ། །རྡོ་རྗེ་གཏུམ་པོས་བཅོམ་ཞེས་པ་ནི་གཞོམ་པའི་སྦྱོར་བ་ཆོ་ག་བཞིན་བྱས་ནས་བསྡུ་བ་ལ་སོགས་པ་བྱ་ཞེས་སོ། །ཡེ་ཤེས་རྡོ་རྗེ་ཅན་ནི་མཚན་མ་ཐོབ་པ་ཡེ་ཤེས་ཀྱི་རྡོ་རྗེའོ། །དེའི་ཡོན་ཏན་ནི་བདག་ [211b] [211b.1]ཉིད་ཞེ་སྡང་རྡོ་རྗེ་ཞེས་པ་ལ་སོགས་པའོ། །གཏི་མུག་འཁོར་ལོ་ནི་སེར་སྣ་ཅན་གྱི་དོན་དུ་རྟག་པ་གཙོར་གྱུར་པའི་འཁོར་ལོའོ། །དགའ་བསྡུས་བདེ་ཞེས་པ་ནི་རིག་པའི་དགའ་བ་དང་བསྡུས་པའི་བདེ་བའི་སྦྱོར་བའོ། །དེ་རྣམས་ཀྱི་ཐུན་མོང་གི་ཡོན་ཏན་གསུངས་བ། དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། ། [211b.2]ལས་ནི་ཞི་ལ་སོགས་པའོ། །དེ་དག་བྱིན་གྱིས་བརླབས་ཙམ་གྱིས་འགྲུབ་ཅེས་ཏེ་དེ་དག་ནི་ལེའུ་དགུ་པ་ཉིད་ལས་ཞིབ་ཏུ་བཤད་དོ། །དཀྱིལ་འཁོར་དང་ཕྱག་རྒྱ་དགོད་པའི་ལན་གསུངས་པ་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི་རིག་པའི་པདྨ་ལ་གནས་ [211b.3]པའོ། །བྷ་གའི་ནི་ཆོས་ཀྱི་དབྱིངས་ན་གནས་པའོ། །ལུས་ནི་ཕྱག་རྒྱ་རྣམས་ཀྱི་གནས་ཏེ་བརྟག་ཅེས་པ་ནི་སྔགས་ཀྱིས་བསྐྱེད་པ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་གྱི་དོན་ཉིད་ནི་ཕྱག་རྒྱ་དགོད་པས་གསལ་བར་བྱེད་དེ་ཕུང་པོ་ནི་རིགས་ལྔའོ། །སྐྱེ་མཆེད་ནི་ལྷ་མོ་དྲུག་གོ། །ཁམས་ནི་བཞིའོ། ། [211b.4]དེ་དག་ལ་ཉེ་བའི་སྒྲུབ་པ་ལ་སོགས་པའི་ངོ་བོའི་ཕྱག་རྒྱ་བཀོད་པས་སྙིང་པོ་རྣམས་འདུས་པ་ནི་དཀྱིལ་འཁོར་ཏེ། དེ་ལྟར་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། སྙིང་པོ་འདུས་ཕྱིར་དཀྱིལ་འཁོར་རོ། །ཞེས་སོ། །ཕྱག་རྒྱ་དགོད་པའི་སྐབས་སུ་ཁྲོ་བོ་རྣམས་ཀྱི་ཕྱག་མཚན་དང་ཁ་དོག་གསུངས་ [211b.5]པ་ལྕགས་ཀྱུ་ཞེས་པ་ལ་སོགས་པའོ། །གྲྭ་རུ་རྣམ་པར་དགོད་ཅེས་པ་ནི་གྲྭ་ལ་གནས་པའི་ཁྲོ་བོའི་ཕྱག་མཚན་ནོ་ཞེས་པའི་དོན་ཏོ། །གནོད་མཛེས་ཞེས་པ་ནི་རྡོ་རྗེའོ། །དེ་གཉིས་ནི་འོག་དང་སྟེང་ངོ་། །འདི་རྣམས་ཀྱི་ཁ་དོག་ནི་འོག་ནས་འབྱུང་ངོ་། །ཉེ་བའི་སྒྲུབ་པའི་ངོ་བོའི་ཕྱག་རྒྱ་དག་གི་ཕྱག་མཚན་ [211b.6]དང་ཁ་དོག་གསུངས་པ་རིག་པའི་རྒྱལ་པོ་ཞེས་ཏེ། སེམས་དཔའ་དྲུག་པོ་ཕྱག་མཚན་དང་ཁ་དོག་ནི་འཁོར་ལོས་སྒྱུར་བ་དྲུག་གིའོ། །སེམས་མ་དྲུག་ནི་ཕྱིའི་དཀྱིལ་འཁོར་དང་འདྲ་བར་ནང་དུ་ཡང་ཞེའོ། །རྡོ་རྗེ་ཅན་ཞེས་པ་སྟེ་རྒྱལ་པོ་དྲུག་གོ། །དེའི་ཁ་དོག་གིས་ཤེའོ། །སྒྲུབ་པ་དང་སྒྲུབ་པ་ [211b.7]ཆེན་པོའི་ངོ་བོའི་ཕྱག་རྒྱ་གསུངས་པ་སངས་རྒྱས་ཞེས་ཏེ་ལྔ་དང་། བྱང་ཆུབ་སེམས་དཔའི་ངོ་བོ་ལྷ་མོ་རྣམས་དང་། ཁྲོ་རྒྱལ་བཞི་ལ་རྡོ་རྗེ་གསུམ་དང་། ཡེ་ཤེས་སེམས་དཔའ་དང་དབུ་རྒྱན་དང་ལྔས་གདབ་ཅེས་ཏེ། རྩ་བ་ལས་ཀྱང་དེ་བཞིན་གསུངས་སོ། །རྒྱས་འདེབས་དང་ཁ་དོག་གི་ངོ་བོ་ [212a] [212a.1]དྲུག་གི་གསུངས་པ། དེ་ནས་གཞན་ཡང་ཞེས་ཏེ་དཔའ་བོ་ནི་མི་འཁྲུགས་པའོ། །ཁ་དོག་ཀྱང་རིགས་ཀྱི་བརྟག་ཅེའོ། །ཁ་དོག་ནི་ཀུན་དུ་བཟང་པོ་དང་གནོད་མཛེས་ལ་དཔའ་བོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཞེས་འདོད་དེ། དེ་ལྟར་ཡང་གང་གི་ཕྱིར་ཀུན་དུ་ [212a.2]བཟང་པོ་ལ་སོགས་པ་ཉེ་བའི་སྒྲུབ་པ་ལ་གཏོགས་པ་རིན་པོ་ཆེའི་དབུ་རྒྱན་ཁོ་ན་ཡིན་ལ། ཕྱིའི་ནི་བཤད་ཟིན་པ་དང་གནོད་མཛེས་ཀྱང་རྩ་བ་ལས། མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །ཞེས་གསལ་བར་བཤད་པའི་ཕྱིར་མི་འཐད་དོ། །མེ་ཏོག་དང་མཆོད་རྟེན་གྱི་ལན་ནི་འདི་ལ་མེ་ཏོག་ཅེས་པ་ [212a.3]ལ་སོགས་པ་སྟེ་གོ་སླའོ། །ཡེ་ཤེས་འཁོར་ལོའི་ལན་ནི་སེམས་ཅན་ཤེས་པ་སེམས་དཔའ་ཞེས་པ་སྟེ་ཡེ་ཤེས་སེམས་དཔའི་འོད་ཀྱིས་རེག་ཅིང་བསྐུལ་བ་ནི་དེ་སྐད་ཅེས་བྱའོ། །སྔགས་ཀྱི་ཐབས་ལ་སོགས་པའི་ལན་གསུངས་པ། ཡི་གེ་ཞེས་པ་ལ་སོགས་པའོ། །ས་བོན་ནི་ཐབས་སོ། ། [212a.4]དེ་ལས་འོད་འཕྲོ་བ་ནི་སྟོང་པའོ། །དེས་གྲུབ་པ་འདོད་པ་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པ་བྱིན་གྱིས་བརླབ་པའི་དོན་དུ་གཤེགས་ཤིང་སྨྲས་པ་ནི་བོད་པའོ། །དེ་ནས་ཚིགས་སུ་བཅད་པ་སྨྲ་བ་ནི་བསྐུལ་བའོ། །དེ་ནས་ཐམས་ཅད་ཀྱི་ཡི་གེ་ལ་བསྡུས་པ་ནི་བཅིངས་པའོ། །དབང་བསྐུར་ [212a.5]གྱི་ལན་གསུངས་པ། སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་རྒྱ་ཞེས་པ་ནི་གཙོར་གསུངས་པ་སྟེ་ཐམས་ཅད་སྦྱར་རོ། །རྒྱུད་འདི་ཞེས་པ་ནི་རྩ་བ་ལས་སོ། །བུམ་པ་ཞེས་པ་ནི་ཕྱིར་མི་ལྡོག་པའི་ངོ་བོ་ཇི་སྙེད་པའོ། །དེ་ལྟར་དེ་བཞིན་ཞེས་པ་གཉི་གལ་བཞི་པའོ་ [212a.6]ཞེས་པ་སྦྱར་ཏེ། དེ་ལྟར་ཞེས་པས་དབང་ལ་བསྙེགས་སོ། །དེ་བཞིན་ཞེས་པས་ཡེ་ཤེས་སུ་སྨྲ་སྟེ་འདིའི་དོན་ནི་བླ་མའི་ཁ་ལས་འབྱུང་བ་དེ་ཡང་དབང་དང་ཡེ་ཤེས་སོ་ཞེས་སྨྲས་སོ། །ཁ་ཅིག་ན་རེ་ཤེས་རབ་དང་ཡེ་ཤེས་ལ་སྦྱར་ཞེས་ཟེར་རོ། །དེས་ནི་དགའ་བ་ལ་ཤེས་རབ་ཏུ་འདོད་ལ་ [212a.7]བདེ་བ་ལ་ཡེ་ཤེས་སུ་འདོད་དོ། །དེ་ནི་མ་ཡིན་ཏེ་ཤེས་རབ་ནི་འདིར་རིག་མར་འདོད་ལ་དགའ་བ་ནི་རེག་པ་ལས་བྱུང་བར་འོག་ནས་སྟོན་ཏོ། །གཞན་དག་ནི་ཤེས་རབ་ནི་སེམས་པར་སྨྲ་ལ་ཡེ་ཤེས་ནི་ཤེས་བྱའི་འབྱུང་བ་ཟད་པ་ཞེས་སྦྱོར་ཏེ། དེ་ལྟར་ན་ཡང་སེམས་རྩེ་གཅིག་པ་ཁོ་ན་ཉིད་ཡིན་པས་ [212b] [212b.1]བསམ་གཏན་གྱི་ཡན་ལག་དྲུག་ཏུ་འགྱུར་བས་ཁོ་བོས་ནི་དེ་ལྟར་མ་རངས་སོ། །མེ་ཏོག་བཅས་ཞེས་པ་ནི་དུས་སུ་འབྱུང་བ་འམ་མེ་ཏོག་གི་ཕྲེང་བ་དང་ལྡན་པའོ། །གནས་མཆོག་ཅེས་པ་ནི་ཐབས་ཉིད་དོ། །སྦྱོར་བ་གཅིག་གོམས་ཞེས་པ་ནི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་བསླབས་ [212b.2]པའོ། །དམ་ཚིག་ཅེས་པ་ནི་རྒྱུད་ལ་བསླབས་པའོ། །གཟུངས་མ་འདིའི་སྦྱོར་བ་སློབ་དཔོན་གྱི་བྱ་བར་གསུངས་པ། དེ་ལ་བླ་མས་ཞེས་སོ། །གཏི་མུག་ཅེས་པ་ནི་བདག་ཉིད་གཏི་མུག་རྡོ་རྗེར་སྦྱོར་བ་སྟེ། རྒྱུན་གྱི་ཞེས་པ་ནི་གཏི་མུག་དགའ་མ་སློབ་མའི་སྙིང་ལ་ཐིམ་པར་བྱའོ་ཞེའོ། །དེ་བཞིན་ [212b.3]དུ་ཀུན་ལ་སྦྱར་རོ། །དབང་དེ་གཉིས་ཀྱང་བཟང་པོ་ཞབས་ཀྱིས་བཤད་པ་ལས་གསལ་བས་འབད་པ་མ་བྱས་སོ། །རིག་པའི་བརྟུལ་ཞུགས་ཀྱི་ལན་གསུངས་པ། དེ་ཉིད་ཀྱི་ལྷ་མོ་ཞེས་པ་ལ་སོགས་པ་སྟེ། དེ་ཉིད་ནི་གོང་དུ་བསྟན་པའི་གཟུངས་མ་དེ་ཁོ་ནའོ། །སློབ་མས་དེ་བཞིན་གཤེགས་ [212b.4]པ་ཀུན་དུ་དྲན་པར་བྱས་ལ་བླ་མས་སྨྲའོ། །དེ་ཡང་གང་ཞེ་ན། ཐམས་ཅད་ཆོས་ནི་ཞེས་པ་ལ་སོགས་པའོ། །བདུད་རྩི་ལྔའི་ལན་གསུངས་པ། ལུས་ཀྱི་ཆོས་ལ་རང་བཞིན་གྱིས། །ཞེས་པ་ལ་སོགས་པའོ། །ཡེ་ཤེས་ལྔ་ཞེས་པ་ནི་ཡི་གེ་ལྔའི་ངོ་བོའོ། །དྲོ་བ་དང་ནི་འབར་བ་ཡིས། ། [212b.5]ཞེས་པ་ནི་མེས་བསྐོལ་བར་བྱའོ་ཞེའོ། །སྔགས་ཀྱི་གཟུགས་ནི་ཞེས་པ་ལྷའི་རྣམ་པའོ། །དེ་ལྟར་བཟའ་ཞེས་གསུངས་ནས་དེའི་ཆོ་ག་གསུངས་པ། བར་སྣང་ཞེས་ཏེ་རང་གི་ས་བོན་ལས་བྱུང་བའི་རླུང་དང་མེ་ལ་གནས་པའི་པདྨ་ཨས་བསྐྱེད་དེ། དེར་བཟའ་བའི་དམ་ཚིག་ལྔ་རིམ་པར་བཞག་ [212b.6]ནས་རིམ་པར་ཡི་གེ་ལྔས་བརླབས་ཏེ་དེའི་བར་སྣང་ལ་ཧཱུཾ་གིས་བསྐྱེད་པའི་རྡོ་རྗེ་བཞག་ནས། དེ་གཉིས་མཉམ་པར་སྦྱོར་བའི་ངོ་བོ་རྡོ་རྗེའི་འོད་ཀྱིས་མེ་འབར་བར་བྱས་པས་བསྐོལ་ཏེ། དྲི་མ་བསལ་ཞིང་འབར་བ་དཔེ་མེད་པའི་རོས་ཚིམ་ཞིང་རྒྱས་པར་བྱས་ཏེ། ཡང་དེ་ལ་ཨོཾ་བཀོད་ནས་སངས་རྒྱས་ [212b.7]ཀྱི་ངོ་བོས་ཡེ་ཤེས་ཀྱི་བདུད་རྩི་དེའི་འོད་ཀྱི་མཚོན་ཆས་དྲངས་ནས་ཐིམ་སྟེ། ལྕེ་དག་པ་ལ་སོགས་པ་བཟའ་བའི་སྦྱོར་བ་བྱས་ཏེ་བཟའ་ཞེས་པའོ། །དཔའ་བོ་ལན་གསུངས་པ། ཡི་གེ་གསུམ་ཞེས་པ་ལ་སོགས་པའོ། །ཡི་གེ་གསུམ་ནི་ཨོཾ་ཨཱཿཧཱུཾ་ངོ་། །ཚུལ་ཞེས་པ་ནི་གོང་དུ་བསྟན་པའི་ཆོ་ [213a] [213a.1]གའོ། །བསྒྲུབ་བྱ་ཞེས་པ་ནི་མི་སྣང་བ་ལ་སོགས་པའོ། །དེ་ལྟར་བཟང་པོ་ཞབས་ཀྱིས། ཉི་མ་ཟླ་བ་ཆུ་སྨན་དྲི། །ཞེས་པ་ལ་སོགས་པ་གསུངས་སོ། །ཐུན་མོང་དང་མཆོག་གི་དངོས་གྲུབ་ཀྱི་ལན་གསུངས་པ། མི་སྣང་བ་ལ་སོགས་ཞེས་པ་ལ་སོགས་པའོ། ། [213a.2]སངས་རྒྱས་པ་ནི་རྐྱེན་གྱི་སངས་རྒྱས་མ་ཡིན་པའི་དོན་ཏོ། །དེའི་ཐབས་ཀྱི་ལན་གསུངས་པ། བྱང་ཆུབ་རྡོ་རྗེས་གསུངས་པ་ནི། །ཞེས་པ་ལ་སོགས་པའོ། །དེ་ལ་བསྙེན་པ་ནི་རང་གི་ཆོ་གའོ། །ཉེ་བར་སྒྲུབ་པ་ནི་རིག་མའི་ཆོ་གའོ། །སྒྲུབ་པ་ནི་དེ་གཉིས་ཀྱི་སྙོམས་པར་འཇུག་པའོ། །སྒྲུབ་པ་ [213a.3]ཆེན་པོ་ནི་དེ་ལས་བྱུང་བའི་རྒྱལ་བ་མཆོག་གི་ལྷ་རྣམས་ཀྱི་ཆོ་གའོ། །དེ་ནི་ལེའུ་བཅུ་གཉིས་པ་ལས་ཀྱང་ཞིབ་ཏུ་བཤད་དེ། གལ་ཏེ་འདིར་བསྒྲུབ་པར་བྱ་བ་ཞེས་པའི་ཚིག་གིས་ཐབས་མ་ཡིན་ནོ་ཞེ་ན། རྡོ་རྗེ་ཅན་གྱི་ཐེག་པ་མེད་དེ་འབྲས་བུ་ཡང་རྒྱུའི་རྣམ་པར་འཇུག་ལ། རྒྱུ་གསལ་བ་ཡང་འབྲས་ [213a.4]བུའོ་ཞེས་སྔར་སྨྲས་པའི་ཕྱིར་རོ། །ཐུན་མོང་མཆོག་ཅེས་པ་ལ་སོགས་པ་ནི་བསྙེན་པའི་ངོ་བོར་འདོད་པའི་བྱེ་བྲག་ཇི་སྙེད་པའོ། །དེ་ལ་རྡོ་རྗེ་བཞི་དང་སྦྱོར་བའི་ཡན་ལག་དྲུག་གི་ཐུན་མོང་གིའོ། །ཡེ་ཤེས་བདུད་རྩི་དང་མཆོག་གྲུབ་པའི་བསྙེན་པ་ནི་མཆོག་གིའོ། །རྡོ་རྗེ་བཞི་གསུངས་པ། དང་པོ་ [213a.5]སྟོང་པའི་ཞེས་ཏེ་སྟོང་པ་ནི་རིག་མ་སྟེ། དེའི་པདྨ་ལ་གནས་པའི་སེམས་ནི་དང་པོའོ། །ཡིག་འབྲུ་ནི་གཉིས་པའོ། །དེ་ལ་ཕྱི་ནང་གི་འཁོར་ལོ་རྫོགས་པ་ནི་གསུམ་པའོ། །ཡི་གེ་བཛྲ་དྷྲྀཀ་ལ་སོགས་པས་སྤྱན་དྲངས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནས་མཉེས་པའི་དགོད་པ་ཡན་ཆད་ནི་བཞི་ [213a.6]པའོ། །ཡེ་ཤེས་བདུད་རྩི་ཉིད་ཅེས་པ་ལ་འདིར་གཅིག་པུར་འཛིན་པ་མ་ཡིན་ཏེ་རྩ་བ་ལས་བཤད་པ་དེ་ཉིད་མཆོག་ཡིན་ནོ་ཞེས་དྲན་པའོ། །སྦྱོར་བའི་ཡན་ལག་དྲུག་ཅེས་པ་ལ་སྦྱོར་བ་ནི་ཏིང་ངེ་འཛིན་གསུམ་མོ། །དེའི་ཡན་ལག་ནི་ཆའོ། །དེ་ནི་སོ་སོར་སྦོང་བ་དང་ཞེས་པ་ལ་སོགས་པའོ། ། [213a.7]སོ་སོར་སྤོང་བ་བཤད་པ་དབང་པོ་རྣམ་བཅུ་ཞེས་ཏེ། ཀུན་དུ་སྤྱོད་པའི་ངོ་བོ་གང་ཡུལ་རྣམས་འདོད་པའི་ངོ་བོ་ལྟར་རང་རང་གནས་པས་ཕྱི་རོལ་གྱི་ངོ་བོ་སྤོང་བ་སྟེ། ཁྱིའུའི་ཁྱེའུ་འབྱིན་པའི་ཚུལ་ལོ། །བསམ་གཏན་ནི་འདི་སྟེ། འདོད་པ་ལྔ་ནི་འདོད་ཆགས་ཆེན་པོ་ལ་སོགས་པ་སྟེ། དེ་ལ་འདོད་ [213b] [213b.1]ཆགས་ཞེ་སྡང་གཏི་མུག་གི་སེམས་ནི་འདོད་པར་གསུངས་པ་སྟེ་ཞེས་གོང་དུ་བཤད་དོ། །དེ་རྣམས་གཙོ་བོ་ལྔར་སྦྱར་བ་ནི་གཙོར་གསུངས་པ་སྟེ། གཞན་ཡང་ཚད་མེད་པ་དང་ཕ་རོལ་ཏུ་ཕྱིན་པ་དང་སྟོབས་ལྔ་ཡང་བསྡུས་ནས་ལྷ་མོ་རྣམས་དང་ཁྲོ་བོར་སྦྱར་རོ་ཞེས་ཏེ། སྦྱོར་བ་དང་པོ་དང་ [213b.2]ཆེན་པོའི་ལྷའི་སྦྱོར་བ་ནི་བསམ་གཏན་དུ་བཞེད་དོ། །དེ་ཡང་ཡན་ལག་ལྔ་སྟེ། བསམ་གཏན་རྟོག་པ་ལ་སོགས་པ་ཞེས་སོ། །དེ་ཡང་གསང་བ་གསུམ་ཡང་མཆོག་གི་ལྷའི་ཕྱིར་ན་གཙོར་གསུངས་པ་སྟེ། ཉེ་བར་སྒྲུབ་པ་ལ་སོགས་པ་ཡང་རྟོག་པར་སྦྱོར་རོ། །དེ་རྣམས་ནི་གོང་དུ་སྨོས་ [213b.3]བའི་ལྷ་ལས་ལྷག་པའི་ལྷ་དང་དེའི་རིག་མ་ལ་བྱའོ། །དེ་ཉིད་གཉིས་སུ་མེད་པར་སྦྱོར་བ་ནི་གཉིས་པའོ། །དེའི་རེག་པ་ལས་བྱུང་བའི་དགའ་བ་ནི་གསུམ་པའོ། །དེ་གཉིས་ཀྱི་སེམས་རྡོ་རྗེ་དང་པདྨ་ལ་བསྡུས་པའི་བདེ་བ་ནི་བཞི་པའོ། །རང་གི་སེམས་དེ་ཤེས་བྱའི་འབྱུང་བ་ཟད་པའི་ཡེ་ཤེས་ནི་ [213b.4]ལྔ་པའོ། །ཡན་ལག་གསུམ་པ་གསུངས་པ་སངས་རྒྱས་ཀུན་གྱི་ཞེས་པ་ལ་སོགས་པ་སྟེ་སངས་རྒྱས་ཀུན་ནི་རང་གི་སེམས་སོ། །དེའི་དངོས་གཞི་ནི་དེའི་བཞོན་པའི་དབུགས་སོ། །འདོད་པ་ཐམས་ཅད་ནི་དངོས་གྲུབ་བོ། །ཡེ་ཤེས་ལྔ་དང་འབྱུང་བ་ལྔ་ནི་དབུགས་ཏེ། ཁ་དོག་ལྔ་དང་ [213b.5]གང་དེའི་རང་བཞིན་དུ་ལྡན་པའོ། །དེའི་འོད་ཀྱི་གོང་བུ་ལྟ་བུར་རྡོ་རྗེ་ལས་བྱུང་ནས་སྣ་རྩེ་ལ་བསྒོམ་སྟེ། ཁ་དོག་ལྔ་པ་རིན་པོ་ཆེ་ཞེས་པ་ནི་ཕྱི་ནང་གི་འཁོར་ལོ་དང་ལྡན་པའི་ངོ་བོ་སྟེ་དེས་ནི་ཕྲ་མོའི་སྦྱོར་བ་གསུངས་སོ། །ཇི་སྟེ་དེ་བཞིན་དུ་འགྱུར་ཞིང་ཉམས་ན་སླར་ཡང་གཟུང་བ་གསུངས་པ། [213b.6]རང་སྔགས་ཞེས་པ་ལ་སོགས་པ་སྟེ། དེ་ལས་ཉམས་པའི་རྣལ་འབྱོར་པས་ཕྲ་མོའི་གཙོ་བོ་རང་གི་ངོ་བོ་ཡེ་ཤེས་སེམས་དཔའི་སྙིང་ལ་ས་བོན་བཀོད་པའི་ཐིག་ལེ་ལ་དབུགས་ཡེ་ཤེས་ཀྱི་འོད་དུ་བསྒོམས་ནས་སྔར་གྱི་རིན་པོ་ཆེ་དེ་སླར་ཡང་གཟུང་ཞེའོ། །དེས་ཡང་མཚན་མ་དབྱུང་སྟེ་དེ་ནས་ [213b.7]དབུགས་དེ་རྡོ་རྗེའི་ལམ་ནས་པདྨ་ལ་སྤྲོའོ། །ཅི་སྟེ་དེ་ལས་ཀྱང་ཉམས་ན་དེ་ནི་དབང་པོ་ཤིན་ཏུ་རྟུལ་བས་ཕྱི་རོལ་ལས་ཀྱི་ཕྱག་རྒྱ་མ་བཙལ་ཏེ་ལེའུ་བདུན་པ་ལྟར་སྦྱར་ནས་ཡང་དེའི་ཚུལ་དུ་སྤྲོས་ནས་སོ་སོར་སྣང་བ་ནི་རྗེས་སུ་དྲན་པའོ། །ཏིང་ངེ་འཛིན་གསུངས་པ་ཐབས་དང་ཞེས་པ་ལ་སོགས་པ་སྟེ། [214a] [214a.1]ཡེ་ཤེས་ཐམས་ཅད་ལ་དབང་ཐོབ་པས་དངོས་པོ་ཀུན་བསྡུས་ཏེ་གོང་བུ་རྡོ་རྗེ་ལས་བྱུང་ནས་ཤིན་ཏུ་ཕྲ་བའི་རྡུལ་ལྟ་བུའི་ནང་དུ་ལྷའི་གཟུགས་རྣམས་ཀྱི་ཡེ་ཤེས་སྐད་ཅིག་མས་རྫོགས་པའི་ཚུལ་དུ་གཞན་ལ་ཕན་པའི་དོན་དུ་སྤྲོ་བ་དང་བསྡུ་བ་དག་བྱེད་པ་དམ་པའི་མཚན་མ་ཐོབ་པ་ནི་ [214a.2]ཏིང་ངེ་འཛིན་ནོ། །དེ་རྣམས་ཀྱི་ཡོན་ཏན་གསུངས་པ་སོ་སོར་སྤོང་བ་ཞེས་པ་ལ་སོགས་པའོ། །དེ་ལྟར་ཐུན་མོང་གི་བསྙེན་པ་གསུངས་ནས། དེའི་ཞར་ལ་ཐུན་མོང་དེ་ཁོ་ནའི་སྒྲུབ་པའི་ངོ་བོ་དྲག་ཤུལ་གསུངས་པ། ཟླ་བའི་རྡོ་རྗེ་ཞེས་པ་ལ་སོགས་པའོ། །དེ་ལ་སྙིང་ལ་གནས་པའི་ཟླ་བ་ལ་ [214a.3]སེམས་ཀྱི་ངོ་བོའི་ས་བོན་བཀོད་ནས་དེ་ལས་འཕྲོས་པའི་སྔགས་རང་དང་འདྲ་བའི་གཟུགས་ཀྱི་མཚོན་གྱིས་རང་གི་དཀྱིལ་འཁོར་འདུས་པའི་ལྷ་རྣམས་དྲངས་ནས་མཆོད་པ་ལ་སོགས་པའི་ཆོ་ག་སྦྱར་ཏེ་རང་གི་ཚིགས་བཅད་བརྗོད་ནས་དེ་རྣམས་སེམས་དེ་ལ་ཐིམ་ནས། སེམས་དེ་རྣམས་འོད་ཟེར་ [214a.4]རྣམ་པ་ལྔ་གསལ་བར་འབར་བའི་ཡེ་ཤེས་སུ་བྱས་པ་ནི་ཉེ་བར་སྒྲུབ་པ་ཞེས་བརྟགས་ཏེ། རང་གི་བྱང་ཆུབ་ཅེས་པས་ནི་རིག་མ་ལ་སོགས་པའི་ཚིགས་བཅད་མི་བརྗོད་པའི་དོན་ཏོ། །འདི་ཡང་ཆེད་དུ་སྒྲུབ་པས་གཙོར་གསུངས་ཀྱི་ཐམས་ཅད་སྦྱར་རོ། །དེ་ལྟ་བུ་དེས་བརྟན་པའི་མཚན་མ་མཐོང་ [214a.5]ནས་འདོད་པ་ལ་ལོངས་སྤྱོད་ནས་ཟླ་བ་དྲུག་དང་དེས་མ་འགྲུབ་ན་བཅོ་བརྒྱད་དུ་བརྩམ་ཞེས་ཏེ། དེ་བཞིན་གྱིས་ནི་གཞན་དུ་བཤད་དོ། །གཉིས་བ་ཞེས་པ་ནི་ཞི་བ་དང་དྲག་ཤུལ་ཞེའོ། །མཐོང་བར་མ་གྱུར་ཞེས་པ་ནི་ལྷའི་གཟུགས་ཀྱི་ཡེ་ཤེས་སྐད་ཅིག་གིས་བརྟན་པར་མ་མཐོང་བའོ། །མ་ [214a.6]གྲུབ་ཅེས་པ་ནི་སྐུ་གསུམ་གྱི་སེམས་འོད་འབར་བའི་བྱང་ཆུབ་པའོ། །དེ་ལྟར་ཡང་མ་གྲུབ་ན་སྒྲུབ་པའི་ངོ་བོ་དྲག་ཤུལ་ཏེ་དགུག་པ་ལ་སོགས་པ་བྱས་ནས། རང་གི་རིགས་ཀྱི་ཁྲོ་བོའི་ཕུར་བས་མནན་ནོ། །དབང་དུ་བྱ་དང་སྲུང་བ་ཡང་། །ཞེས་པ་ནི་རྩ་བ་ལས་བཤད་པའི་དབང་དུ་བྱས་པས་ཀྱང་བསྒྲུབ་ [214a.7]བོ་ཞེས་ཏེ་སྲུང་བ་ཡང་མཱ་མ་ཀཱིས་གཉི་ག་ལ་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་འདས་མ་ཐག་པ་དེ་གཉིས་ནི་ཏིང་ངེ་འཛིན་གྱི་ཆོ་གར་མངོན་ནོ། །གོང་དུ་བཤད་པའི་བསམ་གཏན་དེ་སྦྱོར་བ་གཉིས་ཀྱི་རྣམ་པ་གསུངས་པ། འདོད་ཆགས་ཆེན་པོའི་ཚུལ་ཞེས་པ་ལ་སོགས་པའོ། །དེ་ཡང་འདོད་ཆགས་ [214b] [214b.1]ཆེན་པོའི་ཚུལ་ལ་སོགས་པ་ནི་ལེའུ་དང་བོར་བཤད་དོ། །དེའི་རིམ་པའི་ཆོ་གས་བདུད་རྩིར་ཞུ་བ་ལ་གོང་དུ་ཕྱུང་བའི་བུད་མེད་བཞིས་བསྐོར་རོ་ཞེས་གསུངས་པ། དཀྱིལ་འཁོར་ཕྱག་རྒྱ་བཞི་དག་གིས། །དེ་ཡང་ཡོངས་སུ་བསྐོར་བ་བརྟག །ཅེའོ། །བདག་ཉིད་དབུས་སུ་གནས་བྱས་ཞེས་པ་ལ་སོགས་ [214b.2]པས་ནི་འདི་ལྟར་གསུངས་ཏེ། ལྷ་མོའི་དབུས་ན་གནས་པ་དེས་བསྐུལ་མ་ཐག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་བསྡུས་ཏེ་ཀུན་གྱི་ངོ་བོར་བྱས་ནས་བྱང་ཆུབ་དེ་བསྒོམ་ཞེའོ། །དེ་ནས་ཡང་དེ་ལ་བསྐུལ་བ་ཁོ་ནའི་ཕྱིར་ཡེ་ཤེས་ལྟ་བུའི་སྐུར་བསྒོམ་པ་གསུངས་པ། རྣམ་བཞིའི་དབྱངས་ཀྱིས་ [214b.3]བསྐུལ་བ་ཡིས། །ཞེས་པ་ལ་སོགས་པའོ། །དེའི་ཁ་དོག་ནི་མ་ངེས་ཏེ་ལྷག་མའི་ཆ་གང་འདོད་པས་དེ་འགྱུར་རོ། །དེས་ནི་མཆོག་གི་བསྙེན་པ་གསུངས་ནས། ཉེ་བའི་སྒྲུབ་པ་ལ་སོགས་པ་གསུངས་པ། དེ་བཞིན་རོ་ཡི་ཐུགས་སུ་འགྱུར། །ཞེས་པ་ལ་སོགས་པ་སྟེ། རོའི་མཐུས་ཐུགས་ [214b.4]ནི་ཉེ་བའི་སྒྲུབ་པ་དང་སྒྲུབ་པའི་རོ་བསྒོམ་ཞེའོ། །རང་གི་རྒྱུས་ཀྱང་དབང་བསྒྱུར་བ། །ཞེས་པ་ནི་སྒྲུབ་པ་ཆེན་པོའོ། །དེ་ལ་རྒྱུ་དེ་ནི་གཞིའི་ངོ་བོའི་འབྲས་བུ་ཁོ་ནས་བྱེ་བྲག་ཏུ་འགྱུར་རོ། །སྒྲུབ་པ་ཆེན་པོ་འདི་ཁོ་ན་ལས་ལེའུ་བཅུ་བཞི་པའི་ཚིག་གི་དོན་ཞར་ལ་འོངས་པ་གསུངས་པ། འཁོར་ལོས་ [214b.5]སྒྱུར་བའི་ཞེས་པ་ལ་སོགས་པའོ། །དེ་ནི་བསྙེན་པ་བདག་གི་ཆོ་ག་ཤེས་པ་ལ་བཞིར་ཕྱེ་བ་ལ་ཆུང་ངུའི་བསྙེན་སྒྲུབ་བོ། །རིག་མའི་ཆོ་ག་ཉེ་བའི་སྒྲུབ་པ་ལ་བཞིར་ཕྱེ་བ་གསུངས་པ་གསང་སྔགས་ཀྱིས་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཡིན་ན་ཡང་དེ་རང་དང་དུས་གཅིག་ཏུ་ས་བོན་དེ་ཁོ་ན་ལས་ [214b.6]བསྐྱེད་པ་གསུངས་པ་གསང་སྔགས་ཀྱིས་ནི་ཞེས་སོ། །ཐབས་ཀྱི་རྒྱ་ཞེས་པ་ནི་དེའི་ཡེ་ཤེས་སེམས་དཔའ་ཡང་ཕོའི་ངོ་བོ་ཞེས་ཏེ། གཟུགས་ཀྱི་ནི་མོའི་ཚུལ་ལོ། །ཆོ་ག་འདིའི་ཚུལ་ཞེས་པ་ནི་ཡན་ལག་བཞི་པོ་དེ་རང་གི་ཆོ་ག་ཁོ་ན་ལྟར་བྱའོ་ཞེའོ། །ཡེ་ཤེས་ནི་རིག་མའོ། །ལུས་ནི་བདག་ [214b.7]གོ། །ལུས་དང་ངག་ཡིད་རྡོ་རྗེ་དག །གཉིས་སུ་མེད་པར་བྱས་ཏེ་བསྒྲུབ། །ཅེས་པ་ནི་དེའི་གཉིས་སུ་མེད་པ་ཁོ་ན་ལ་སྒྲུབ་པར་བརྟགས་སོ་ཞེས་པའི་དོན་ཏོ། །འདི་ཡང་ཡན་ལག་བཞི་ནི་འོག་ནས་སྟོན་ཏོ། །དེ་ལྟར་འདོད་པ་ཆེན་པོའི་ཚུལ་ནས་ཐུག་པ་འདི་ནི་གཉིས་ལས་དང་པོའི་སྦྱོར་ [215a] [215a.1]བའོ། །ད་ནི་ཆེན་པོ་སྟོན་ཏེ་གོང་དུ་སྨོས་པའི་ཞེས་པ་ལ་སོགས་པའི་དོན་ཏོ། །རིམ་པ་ཁོ་ནས་རྒྱལ་བ་མཆོག་གི་ལྷ་རྣམས་རང་དང་འདྲ་བའི་ཡན་ལག་བཞི་དང་ལྡན་པར་ཕྱུང་བ་ལ་སྒྲུབ་པ་ཆེན་པོར་འདོད་ཅེས་པ་འདི་ཡིན་ནོ། །དེ་ཁོ་ནའི་ཡན་ལག་བཞི་གསུངས་པ། བསྙན་ [215a.2]དུས་གཙུག་ཏོར་ཆེན་པོའི་ཞེས་པ་ལ་སོགས་པ་སྟེ། གཙུག་ཏོར་ཆེན་པོ་ནི་བདག་པོའོ། །དེའི་ཤེས་རབ་དང་སྦྱོར་བ་ལས་བྱུང་བ་དེ་བསྙེན་པ་ཞེས་ཏེ། དེས་ན་སྒྲུབ་པ་ཆེན་པོར་འདོད་པ་འདི་རྣམས་ནི་བསམ་གཏན་གྱི་ཡན་ལག་སྤྱོད་པར་འདུས་ཏེ་དེའི་འབྲས་བུའི་རིམ་པ་ཡིན་པའི་ཕྱིར་རོ། །གཟུགས་ [215a.3]ནས་ཞེས་པ་ནི་ཉེ་བར་སྒྲུབ་པ་འདི་ནི་གཟུགས་ནས་བརྩམས་ཏེ་བྱ་བར་གསུངས་ཏེ་རྣམ་པར་ཤེས་པ་རང་གི་ངོ་བོར་གཟུང་བའོ། །དེ་ནི་སྔར་རང་ལ་ཐིམ་པར་བྱ་བ་མ་ཡིན་ཞེས་པའི་དོན་ཏོ། །ཆོ་ག་བཞིན་ཞེས་པ་ནི་གོང་དུ་བཤད་པའི་ཆོ་ག་བསྐུལ་བ་དང་སྔགས་མ་གཏོགས་པའོ། །བྱེ་བྲག་ཅེས་པ་ནི་བཞི་ [215a.4]ལ་ཆེ་འབྲིང་གི་ཡན་ལག་བཅུ་དྲུག་ཏུ་ཕྱེ་བ་སྟེ་རྩ་བར་བཤད་པ་བཞིན་ནོ། །ད་ནི་སྒྲུབ་པའི་ཡན་ལག་བཞི་མཆོག་ལ་སྦྱར་ཏེ་གསུངས་པ། བསྒྲུབ་བྱ་ཞེས་པ་ལ་སོགས་པ་སྟེ། ཚུལ་ཞེས་པ་ནི་ཧཱུཾ་གིས་རྡོ་རྗེ་བསྐྱོད་པ་ལ་སོགས་པ་དེ་ཉིད་ཡང་དག་བའི་ཐབས་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །རང་བཞིན་གྱིས་ [215a.5]ཞི་བའི་བདེ་བ་དེ་ཁོ་ན་སྒྲུབ་པ་ཆེན་པོ་སྟེ་མཆོག་ཡིན་པས་སོ། །འདིར་བཤད་པ་བཞི་པོ་འདི་ནི་ལས་ཀྱི་ཕྱག་རྒྱ་དང་སྦྱོར་བ་ཀུན་ལ་ཡང་ཐུན་མོང་དུ་གྱུར་པའོ། །དེ་ལྟར་བསམ་གཏན་གྱི་སྦྱོར་བ་གཉིས་གསུངས་སོ། །ལས་ཀྱི་མཆོག་གི་དབུགས་དགག་གཏོང་བ་ལ་སོགས་པས་བསྟན་ཏེ། དེས་ན་ [215a.6]ཡན་ལག་དྲུག་པོ་ཆ་དང་བཅས་ཏེ་ལས་དང་པོ་པ་ལ་སོགས་པའི་སྦྱོར་བ་གསུམ་གསུངས། དེ་ལ་ཆ་ནི་ཐིག་ལེ་དང་བཟླས་པ་སྟེ་དེ་ལྟར་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། ཡེ་ཤེས་སེམས་དཔའི་སྙིང་པོ་ཡི། །ཐིག་ལེ་རང་སེམས་འོད་བཀོད་དེ། །སྔགས་ཀྱི་རྣམ་ཤེས་བསྒོམ་པ་ནི། །སྦྱོར་བའི་ཆ་ [215a.7]ཞེས་བཤད་པ་ཡིན། །བྱིང་བའི་སེམས་ལས་སློང་བ་ཡི། །དེ་བཞིན་བཟླས་པའི་ངོ་བོ་ཡང་། །ཞེས་སོ། །ཐབས་བྱའི་ལན་གསུངས་པ། དཔལ་ལྡན་ཞེས་པ་ལ་སོགས་པ་སྟེ་གོང་དུ་བསྟན་པའི་ཞི་བ་དེ་ཁོ་ན་སངས་རྒྱས་ཀུན་གྱི་བདག་ཉིད་དང་གནས་དང་ཆོས་ཉིད་ཡིན་ཞེས་ཏེ་བཅོ་ལྔ་པ་ལས་ [215b] [215b.1]གསུངས་པ། རང་གི་སེམས་ནི་བརྟག་པ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་སོ། །བཀའ་ཇི་ལྟར་སྩལ་པའི་ལན་གསུངས་པ། གང་ལས་དང་ཞེས་པ་ལ་སོགས་པ་སྟེ། ཞི་བ་ལ་སོགས་པའི་ལས་གང་དང་མཐུན་པའི་རྟག་པ་ལ་སོགས་པའི་སྦྱོར་བ་བྱས་ཏེ། [215b.2]དེའི་ལས་དང་རྗེས་སུ་མཐུན་པའི་ཕྲེང་བའི་སྔགས་དང་། ཤཱནྟིཾ་ཀུ་རུ་ཨོཾ་ཞེས་པ་ལ་སོགས་པའི་བསྐུལ་ཚིག་གི་ཆོ་ག་ཇི་སྐད་གསུངས་པ་ལྷ་ཐམས་ཅད་ལ་བཀའ་སྩལ་པའོ། །ལས་དེ་ལ་ཡང་སྲུང་བ་གསུངས་པ། དམ་ཚིག་མི་ཟད་པ་སྒོམ་པར་བྱ། །ཞེས་པ་ལ་སོགས་པའོ། །ཡང་ [215b.3]ན་དཀྲུགས་པ་ལ་ལྟོས་པ་ཉིད་ཀྱིས་ཆོས་ཀྱི་འབྱུང་གནས་ཀྱི་སྐབས་སུ་སྦྱར་རོ། །གདུག་པའི་སེམས་ཅན་ལ་ལས་སྣ་ཚོགས་ཀྱི་ལན་གསུངས་པ། གང་ཞིག་བསྒྲུབ་བྱའི་ལུས་ཀུན་ཡང་། །ཞེས་པ་ལ་སོགས་པའོ། །ཡང་ཞེས་པའི་དོན་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ [215b.4]བསྡུའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་འཁོར་ལོ་རྡོ་རྗེ་ཕུང་པོ་དག་གིས་འདི་ནི་ཉེས་པ་ཆེན་པོ་ཞེས་རང་གིས་བསྒོ་ནས། དེའི་གཞོམ་པའི་སྦྱོར་བ་བྱ་བ་ནས་ཕུར་བུའི་བྱ་བ་ལས་གསུངས་པ། དངོས་པོ་ཐམས་ཅད་དྲངས་ནས་ནི། །རང་གི་ཕུར་བུས་གདབ་པར་བྱ། །ཞེའོ། །དེ་ལྟར་མདོར་ [215b.5]གསུངས་ནས་དེའི་ཆོ་ག་ཞིབ་ཏུ་གསུངས་པ། ཇི་སྐད་གསུངས་པའི་རྫས་ལྡན་པ། །ཞེས་པ་ལ་སོགས་པ་སྟེ་རྩ་བ་ལས་བཤད་པའི་རྫས་ཀྱིས་ལིངྒ་བྱས་ནས་ཁྲོ་བོའི་སེམས་ཀྱིས་མནན་པའོ། །དེའི་རྫས་ལ་ནང་གི་མངོན་སྤྱོད་གསུངས་པ། དེ་ནས་ཁྲོ་བོ་ཞེས་ཏེ། བཀའ་ནོད་པ་ནི་ཆོས་ [215b.6]ཀྱི་རྗེ་བཀའ་ཅི་སྩལ་ཞེས་ནོད་པའོ། །དེ་ཡང་གང་འོད་ལས་སྤྲུལ་པའི་རྡོ་རྗེ་སྲིན་པོ་བྱ་རྒོད་ལ་སོགས་པ་དེའི་འཁོར་གྱིས་བསྐོར་བ་ཕྲེང་བ་དང་བསྐུལ་བའི་སྔགས་ཀྱིས་ཕྱུང་སྟེ། ཀྱོ་བ་དང་ཞགས་པས་བཟུང་ཞིང་བཅིངས་ཏེ་ཁྲིད་ནས་ཐོ་བ་ལ་སོགས་པས་བརྡེག་ཅིང་བསྐྲད་པ་དང་གཞུག་པ་ [215b.7]བྱས་ནས་གསད་པའི་ཕྱིར་སྦྱོར་བ་ཞེས་ཇི་སྙེད་པའོ། །དེ་ཡང་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། གསོད་པའི་ཡེ་ཤེས་ལས་སྤྲུལ་པ། །ནང་གི་ཡང་ནི་ཞེས་པ་ལ་སོགས་པ་སྟེ་དེ་ཁོ་ན་འདིར་བལྟའོ། །དེའི་རྗེས་ཐོགས་ལ་ཕྱིའི་མངོན་སྤྱོད་ཕུར་པ་གདབ་པ་གསུངས་པ། དེ་ནས་བསྒྲུབ་བྱ་དྲང་ཞེས་པ་ལ་ [216a] [216a.1]སོགས་པ་སྟེ། དེའི་ལིངྒ་ལ་གཞུག་པ་དང་བཅིང་བ་ལ་སོགས་པ་བྱས་ཏེ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཕུར་བུས་གདབ་བོ། །ལིངྒ་དེ་ཁོ་ན་ལ་ཡུལ་གྱི་འཚེ་བ་ལ་སོགས་པ་མངོན་སྤྱོད་བྱ་བར་གསུངས་པ། དེ་ནས་བསྒྲུབ་བྱ་དྲང་ཞེས་པ་ལ་སོགས་པ་སྟེ། དེ་ [216a.2]ལྟར་ཕུར་པ་བཤད་ནས་གཉིས་ཀྱང་གསུངས་པ། དེ་བཞིན་སྦྱོར་བ་ཐམས་ཅད་ནི། །ཞེས་ཏེ་ཆོ་ག་ཇི་སྐད་གསུངས་པ་ཞེས་པ་དེ་ནི་ལེའུ་བཅུ་བཞི་པ་དང་བཅོ་ལྔ་པར་རོ། །ཐབས་ནི་ལུས་ཀྱི་ལས་སོ། །སྔགས་ནི་ངག་གི་ལས། སྦྱོར་བ་ཡིད་ཀྱིའོ། །བྱེ་བྲག་ཅེས་པ་ནི་གཉིས་ཀྱི་ངོ་བོ་སྟེ་དེ་ཁོ་ན་གསུངས་པ། [216a.3]མཚན་མ་མནན་ནས་བཟླས་པའམ་གདུག་བའི་སེམས་ཅན་སྦྱིན་སྲེག་ཏུ་དབུལ་ལོ། །ཕྱིའི་ངོ་བོ་དེ་རྣམས་ཀྱང་སྒྱུ་འཕྲུལ་དྲ་བ་ལས། མི་རུས་ལས་བྱུང་ཕུར་བུ་འམ། །ཞེས་པ་ལ་སོགས་པའོ། །དེ་ལ་ཕུར་བུ་བཟླས་པ་ནི་ལེའུ་བཅུ་བཞི་པར་གསུངས་ལས་བླང་བ་ནི་བཅོ་ [216a.4]ལྔ་པར་བཤད་དེ། ནང་གི་མངོན་སྤྱོད་དེ་འོག་མ་གཉིས་ལ་ཡང་ཤེས་པར་བྱའོ། །དེ་ནས་ཞེས་པ་ལ་སོགས་པ་སྡུད་པ་པོའི་ནན་ཚིག་ཏུ་གསུངས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པ་སྔོན་དུ་བྱས་ནས་བཤད་པ་ཁོ་ན་ལ་ཐེ་ཚོམ་ཞུས་པས་གསུངས་པ། དེ་ནས་ [216a.5]ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་མཛད་ཅེས་པ་ནི་མངོན་སྤྱོད་གཙོར་བྱས་ནས་གསུངས་པའོ། །སྐུ་གསུང་ཐུགས་ནི་སངས་རྒྱས་ཀྱིའོ། །ལུས་ངག་ཡིད་ནི་སེམས་ཅན་ཏེ་ཐམས་ཅད་སངས་རྒྱས་ཀྱི་ངོ་བོར་མཉམ་པས་ན་བསྒྲུབ་བྱ་དང་སྒྲུབ་བྱེད་ག་ལ་ཡོད་ཅེས་བྱ་བ་འདི་ནི་ཐེ་ཚོམ་ [216a.6]གཅིག་ཡིན་ནོ། །གཉིས་པ་ནི་མཉམ་པ་ཉིད་ཀྱིས་སྒྲུབ་པ་པོ་དེ་ནི་སངས་རྒྱས་གསོད་པ་ཡིན་ཏེ། དེས་ན་ཇི་ལྟར་རང་སྡིག་པས་མི་གོས་ཏེ་སྡིག་པ་ཤིན་ཏུ་ཆེ་བས་འབྲས་བུ་ཇི་ལྟར་ཐོབ་སྙམ་པ་ཡིན་ནོ། །དེ་ནས་ལེགས་སོ་ཞེས་སྔོན་དུ་གསུངས་ནས་ལན་གསུངས་པ་དེ་ནས་ཞེས་པ་ལ་ [216a.7]སོགས་པའོ། །དེ་ལ་སེམས་དཔའ་ཆེ་ཞེས་པ་ནི་བོད་པའོ། །བདག་ཉིད་ནི་སྐུའོ། །དབྱངས་ནི་ངག་གོ། །ཆེ་བ་ནི་ཐུགས་སོ། །གཉིས་སུ་ཡོད་པར་གསུངས་པ། བྱང་ཆུབ་ཅེས་པ་ལ་སོགས་པ་སྟེ་སློབ་དཔོན་དེ་དང་བྱང་ཆུབ་རྡོ་རྗེ་འདྲ་སྟེ་སངས་རྒྱས་ཀུན་གྱི་བདག་ཉིད་ཡིན་ལ། དེ་ལྟ་ [216b] [216b.1]བུ་དེས་སྒྱུ་མ་ལྟར་ཤེས་ནས་སྤྲོ་བ་དང་བསྡུ་བ་དག་བྱེད་དེ། དེས་ན་སྒྱུ་མའི་རྣམ་པ་ལྟར་གཉིས་སུ་སྣང་བའི་དོན་ཏོ། །འབྲས་བུ་གསུངས་པ་དེ་ནས་ཞེས་ཏེ་སྒྱུ་མ་ནི་ཡང་དག་པར་མེད་པས་བསོད་ནམས་དང་སྡིག་པ་མེད་དོ། །གང་ཡང་མེད་པ་ནི་བྱང་ཆུབ་ཉིད་དུ་འགྱུར་བའི་དོན་ཏོ། །བསྒྲུབ་ [216b.2]བྱའི་ཡང་འབྲས་བུ་གསུངས་པ། མགོན་པོ་དེ་ཡིས་ཞེས་པ་ལ་སོགས་པ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རྒྱས་བཏབ་པས་ན་ཡོན་ཏན་དེ་དག་ཏུ་འགྱུར་རོ། །སྒྲུབ་པ་ཆེན་པོའི་མཐའ་ནི་སྒྲུབ་པ་ཆེན་པོ་སྟེ་ཡང་ཞེས་པ་ནི་ལས་ནི་མཆོག་ཀྱང་བྱས་ནས་ལས་བྱ་ཞེས་སོ། [216b.3]དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལེགས་པར་བརྗོད་ནས་ངོ་མཚར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །མགོན་པོ་ཞེས་པ་ནི་བོད་པའོ། །ཐུབ་པ་དང་ཆོས་དང་ཐུགས་རྗེ་ནི་སྐུ་ལ་སོགས་པ་རིམ་བཞིན་ནོ། །ཀྱེ་མ་ནི་འདི་ལ་ངོ་མཚར་བའོ། །དེ་ནས་བྱང་ཆུབ་སེམས་ [216b.4]དཔའ་དག་ཡིད་ཆེས་ནས་དེ་བཞིན་གཤེགས་པས་ནན་ཚིག་ཏུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་འཇིགས་པར་མི་བྱ་ཞེ་ན་ཞེ་སྡང་རྡོ་རྗེ་ཞེས་ཏེ། ཞེ་སྡང་རྡོ་རྗེ་ནི་མངོན་སྤྱོད་ཀྱི་ལས་གཙོར་བྱེད་པའོ། །དེ་ཡང་གོང་དུ་སྨོས་པའི་ཚུལ་གྱིས་བྱང་ཆུབ་རྡོ་རྗེའི་རྒྱུར་འགྱུར་བས་ [216b.5]ན་ལས་དེ་མི་སྤང་བར་སྤྱད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་བཟང་པོ་ཞབས་ཀྱིས་གསུངས་པ། ཇི་སྐད་གསུངས་པའི་ཆོ་ག་ཡིས། །འཇིགས་པ་མེད་པར་སྡང་རྣམས་ལ། །ཞེས་པ་ལ་སོགས་པའོ། །དེ་ལྟར་ཡང་ཐེ་ཚོམ་མེད་པར་བྱས་པས་དྲིན་ལེན་དུ་བསྟོད་པ་དེ་ནས་ཞེས་ [216b.6]བ་ལ་སོགས་བའོ། །དུས་གསུམ་རྡོ་རྗེ་འབྱུང་བ་ནི་རྒྱུད་དང་བོར་འགྲོ་བ་སྟེ་དེས་ན་རིགས་ནི་ཐོག་མ་ཞེས་གོང་དུ་བྱས་སོ། །སྲིད་པ་ལས་ཐར་པ་ནི་མྱ་ངན་ལས་འདས་པའོ། །སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་ལ་སོགས་པའོ། །དངོས་པོ་ཞི་བ་ནི་དབང་པོ་ལས་འདས་པའོ། །དེ་ཁོ་ན་དབང་ཕྱུག་སྟེ་བྱང་ཆུབ་རྡོ་རྗེའོ། ། [216b.7]དེ་ལྟར་རང་གི་དོན་ལ་བསྟོད་ནས་གཞན་གྱི་དོན་འབྱུང་བའི་སྐུ་རྣམས་ལ་བསྟོད་པ། གང་དག་གཟུགས་དང་ཞེས་པ་ལ་སོགས་པའོ། །དེ་རྣམས་ཁོ་ན་འདོད་ཆགས་ལ་སོགས་པ་དག་ཅིང་རང་གི་རིག་མ་དང་སྦྱོར་བ་ལས་བྱུང་བའི་རིམ་པས་དངོས་གྲུབ་མཆོག་དང་ལྡན་པས་ཕྱག་འཚལ་བར་གསུངས་པ། གང་དག་འདོད་ [217a] [217a.1]ཆགས་ཞེས་པ་ལ་སོགས་པའོ། །གོང་དུ་སྨོས་པ་ལ་གཏོགས་པའི་ཁྲོ་བོ་རྣམས་ལ་བསྟོད་པ། དང་པོར་གཟུང་དང་ཞེས་པ་ལ་སོགས་པ་སྟེ་སེམས་དང་འབྲེལ་པ་ནི་མུན་པ་ལ་སོགས་པའོ། །གོང་དུ་སྨོས་པའི་རིམ་པས་ཕྱིན་ཅི་ལོག་གི་མུན་པ་སྟེ། དེ་དག་གཞོམ་པ་ནི་སྲིད་པ་ལ་སོགས་ [217a.2]པ་དང་ཤེས་བྱ་ལ་སོགས་པའི་སྒྲིབ་པ་དང་། །ལྟ་བའི་རྡོ་རྗེ་ཟད་པར་བྱེད་པས་ཁྲོ་བོ་བཞི་ནི་ཞེའོ། །དེ་ལྟར་མངོན་དུ་གྱུར་པའི་སངས་རྒྱས་རྣམས་ལ་བསྟོད་ནས་དེས་ཡོངས་སུ་སྨིན་པའི་སེམས་ཅན་གང་གསང་བའི་དབང་ལ་སོགས་པ་དང་ལྡན་པ་ལ་ཡང་བསྟོད་པ་གསུངས་པ། །གང་དག་ཐོག་པ་ [217a.3]མེད་པའི་ཞེས་པ་ལ་སོགས་པའོ། །གང་དག་དངོས་གྲུབ་ཀྱི་ཐབས་བཞི་སྒོམ་པ་དེ་ལ་ཡང་བསྟོད་པ་འདོད་ཆགས་ཞེ་སྡང་ཞེས་པ་ལ་སོགས་པའོ། །གང་མཚམས་བཞི་ལ་སྦྱོར་བ་གསུམ་སྒོམ་པའི་ལས་དང་པོ་པ་དེ་ལ་ཡང་བསྟོད་པ། གང་དག་གིས་མཚམས་ཞེས་པ་ལ་སོགས་པའོ། །གང་དག་ [217a.4]རྒྱུད་འདི་ཉན་པ་ལ་སོགས་པ་ལ་ཡང་བསྟོད་པ་གང་གིས་ཤིན་ཏུ་ཞེས་པ་ལ་སོགས་པའོ། །གང་དག་མངོན་སྤྱོད་ལ་སོགས་པའི་ཡུལ་དུ་གྱུར་པ་ཡང་ཡེ་ཤེས་ཀྱི་རྒྱས་བཏབ་པས་བསྟོད་པ། གང་ཞིག་བསྒྲུབ་བྱ་ཞེས་པ་ལ་སོགས་པའོ། །གང་དག་བླ་མ་ལ་ཕྱོགས་པ་དེ་དག་ཀྱང་ཤིན་ཏུ་དགེ་བས་བསྟོད་པ་གང་ [217a.5]དག་གིས་ཀྱང་ཞེས་པ་ལ་སོགས་པའོ། །དེ་ལྟར་བསྟོད་པས་མཉེས་པ་གསུངས་པ། བསྟོད་ཚིག་ཞི་བ་ཞེས་པ་ལ་སོགས་པའོ། །ཡང་རྒྱུད་འདི་ཐུན་མོང་མ་ཡིན་པའི་གླེང་གཞིའི་ངོ་བོར་འདོད་པ་གསུངས་པ་ལེགས་པར་གསུངས་པའི་ཞེས་པ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་གསང་བ་གཉིས་སུ་མེད་པ་དེ་ལས་བྱུང་ [217a.6]ཞེས་ཏེ་འདིས་ཀྱང་ཐོག་མའོ། །དེ་ནས་ཅང་མི་གསུང་ཞེས་ཏེ་བྱ་བ་རྫོགས་ནས་གཉིས་སུ་མེད་པ་བསམ་པས་ན་ཅང་མི་གསུང་བའི་དོན་ཏོ། །འདི་ལྟར་བདག་ནི་གྲུབ་པ་མེད་ཅིང་ཤེས་རབ་མཆོག་མེད་དེ། །འོན་ཀྱང་དམ་ཆོས་ཚོལ་ལ་ཤིན་ཏུ་འབད་པ་བྱས་པ་ཡིས། །སྦྱོར་རྒྱུད་དག་དང་ [217a.7]བཤད་རྒྱུད་གཞན་དང་དཔོན་གཞན་བཤད་པ་དག །མང་དུ་མཐོང་ཡང་བླ་མའི་གཞུང་འདི་མཆོག་ཏུ་མཐོང་བས་བྲིས། །དེ་ལྟར་བཟང་པོ་ཞབས་སོགས་བླ་མའི་རྗེས་འགྲོ་བདག་གིས་ནི། །ཚིག་མང་སྐྱོན་གྱི་འཇིགས་པས་སྒྲ་ཡི་སྦྱོར་བ་མ་བྱས་ཤིང་། །མི་ཤེས་དབང་གིས་གང་ཡང་ [217b] [217b.1]འདིར་ནི་ལོག་པར་སྨྲས་པ་དག །རྡོ་རྗེ་འཛིན་ལ་སོགས་པས་བཟོད་པ་དང་དུ་བཞེས་པར་མཛོད། །དེ་ལྟར་བླ་མའི་དྲིན་ལས་བྱུང་བའི་བདག་གི་རྩོལ་བ་ཡིས། །བསྐྲུན་པའི་དགེ་བ་གང་ཡིན་དྲི་མེད་ཟླ་བ་ལྟ་བུ་དེས། །འགྲོ་བ་ཐམས་ཅད་ཐབས་དང་ཤེས་རབ་སྦྱོར་ལྡན་ཡོངས་འགྱུར་ཏེ། །ད་ལྟ་ [217b.2]ཉིད་དུ་དེ་ལས་བྱུང་བའི་བདེ་མཆོག་སྐུ་ཐོབ་ཤོག །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བ་འདུས་པའི་འགྲེལ་པ་བླ་མའི་མན་ངག་ཉིད་ལས་བྲིས་པ་དམ་པ་རྣམས་ཀྱི་སྤྱི་བོས་བླངས་པ་པཎྜི་ཏ་ཆེན་པོ་སྨྲི་ཏི་ཛྙཱན་ཀཱི་རྟིས་མཛད་ཅིང་པཎྜི་ཏ་དེ་ཉིད་ཀྱིས་རང་འགྱུར་དུ་མཛད་པ་རྫོགས་སོ།། །། [217b.3]{T1915}༄༅༅། །རྒྱ་གར་སྐད་དུ། ཙ་ཏུར་དེ་བ་ཏི་པ་རི་པྲྀཾཙྪ་བྱཱ་ཁྱ་ནཾ་ཨུ་པ་དེ་ཤ་བཽཥྚ་ཀཎཱ་མ། བོད་སྐད་དུ། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྣམ་པར་བཤད་པ་མན་ངག་རྒྱས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདོད་ཆེན་བཅོམ་ལྡན་དགའ་ཆེན་པོ། །བདེ་ཆེན་ཀུན་བདག་ཆགས་ [217b.4]ཆེན་པོ། །མགོན་པོ་རྡོ་རྗེ་སེམས་དཔའ་ལ། །བཏུད་ནས་རྣམ་བཤད་འདི་བྲིས་སོ། །རྒྱུད་དོན་བླ་མ་ལ་ཐོས་པ། །སློབ་མས་ཞུས་པས་འདི་བྱས་ཀྱང་། །འདི་ལ་སྐྱོན་ཡོད་བདག་ཉེས་ཏེ། །མཁས་པས་སླད་ནས་དཔྱད་དུ་གསོལ། །རྒྱུད་འདི་ནི་ཐམས་ཅད་གསང་བའི་མཆོག་ཅེས་བྱ་བ་སྟོང་ཕྲག་གཅིག་བཞུགས་ [217b.5]ཏེ། དེའི་རྒྱུད་ཕྱི་མ་ལྷ་མོ་བཞིས་ཡོངས་སུ་ཞུས་པ་འདིའོ། །འདིའི་བཤད་པ་ལ་རྟོག་པ་སྔོན་དུ་བྱེད་པའི་ཤེས་རབ་ལ་རྗེས་སུ་འབྲང་བའི་སེམས་ཅན་དད་པ་ལ་རྗེས་སུ་འབྲང་བར་བྱ་བའི་དོན་དུ་ཚིག་དང་དོན་དང་ཚིག་དང་དོན་མཚམས་འབྲེལ་པ་དང་། དགོས་པ་དང་དགོས་པའི་ཡང་དགོས་པ་ལྔ་ [217b.6]ཡང་གདོན་མི་ཟ་བར་བརྗོད་པར་བྱའོ། །དེ་ལ་ཚིག་ནི་གསུམ་སྟེ། གཞུང་ཚིག་དང་། ལེའུའི་ཚིག་དང་། ཚིགས་བཅད་དོ། །དེ་ལ་གཞུང་ཚིག་ནི་རྒྱུད་དོ། །ལེའུའི་ཚིག་ནི་ལེའུ་བཞིའོ། །ཚིགས་བཅད་ནི་ཚིག་རྐང་བཞིའོ། །དོན་ནི་གསུམ་སྟེ། བསྡུས་པའི་དོན་དང་། རྒྱས་པའི་དོན་དང་། ཁྱད་པར་གྱི་དོན་ཏོ། ། [217b.7]ལྷག་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་ལྷ་མོ་བཞིས་ཡོངས་སུ་བསྐོར་བ་ནི་བསྡུས་པའི་དོན་ཏོ། །ཆོས་ཀྱི་དབྱིངས་འཕྲོ་བ་དང་། ཆོས་ཀྱི་དབྱིངས་ཀྱི་རིམ་པ་དང་། ཆོས་ཀྱི་དབྱིངས་བསྡུ་བ་དང་། ཆོས་ཀྱི་དབྱིངས་ཀྱི་དོན་སྒྲུབ་པ་ནི་རྒྱས་པའི་དོན་ཏོ། །ཡིག་འབྲུ་ [218a] [218a.1]གཞོམ་པ་ལ་སོགས་པ་ནི་ཁྱད་པར་གྱི་དོན་ཏོ། །ཚིག་དང་དོན་མཚམས་འབྲེལ་པ་ནི་བསྡུས་པའི་དོན་གཞུང་ཚིག་དང་འབྲེལ་ཞིང་རྒྱས་པའི་དོན་ལེའུའི་ཚིག་དང་འབྲེལ་ལ། ཁྱད་པར་གྱི་དོན་ཚིགས་བཅད་དང་འབྲེལ་ཏོ། །དགོས་པ་ནི་རྣམ་པར་མི་རྟོག་པའི་བདེ་བ་ཆེན་ [218a.2]པོའི་ཡེ་ཤེས་མངོན་དུ་བྱ་བ་ཤིན་ཏུ་སྦྱོར་བས་སྐྱེ་བོ་རྣམས་ཀྱི་ལོག་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྐྱོན་ཅན་བཅོམ་ནས་ཡང་དག་པའི་འདོད་ཆགས་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པའོ། །དགོས་པའི་ཡང་དགོས་པ་ནི་སངས་རྒྱས་ཟིན་ [218a.3]ནས་ཀྱང་སེམས་ཅན་གྱི་དོན་བྱེད་པའོ། །འོ་ན་འདོད་ཆགས་ཁོ་ན་སྲིད་པ་ན་འཁོར་བ་ལ་འཇིག་རྟེན་པ་ལས་འགལ་བར་འདོད་ཆགས་བྱང་ཆུབ་ཀྱི་རྒྱུར་བྱས་ནས་འདི་ལྟ་བུའི་རྒྱུད་བཅོམ་ལྡན་འདས་ཀྱིས་བསྟན་པ་ཅིའི་ཕྱིར་ཞེས་སྨྲ་ན་ལན་བཏབ་པ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་ [218a.4]ཐམས་ཅད་ཐབས་གཞན་གྱིས་སངས་རྒྱས་ཉིད་དུ་མི་འགྱུར་ཏེ། དེ་བས་ན་སེམས་ཅན་གྱི་དོན་དུ་འདོད་ཆགས་ཡང་དག་པར་སྤྱོད་པའི་སྒོ་ནས་བྱང་ཆུབ་པ་བཅོམ་ལྡན་འདས་ཀྱིས་བསྟན་པ་སྟེ། ཅིའི་ཕྱིར་ཞེ་ན། འདོད་ཆགས་ཞེས་བྱ་བའི་ཉོན་མོངས་པ་དོན་དམ་པར་ནི་རང་བཞིན་མེད་ཅིང་མི་ [218a.5]དམིགས་པའོ་ཞེས་དེ་ལྟར་ཡང་དབུ་མ་ལས་གསུངས་པ། གང་ངམ་ཆགས་པ་གང་དུའམ། །ཆགས་པ་གང་གིས་སམ་ཆགས་པ། །ཆོས་དེ་དག་ནི་མི་དམིགས་ཏེ། །དམིགས་སུ་མེད་པའི་ཆགས་པ་ནི་སྐྱོན་མེད་ཅེས་སོ། །ཡང་མཉམ་སྦྱོར་ལས་ཀྱང་གསུངས་པ། ཆགས་མེད་ [218a.6]ཆགས་པ་དང་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་ཏེ། །བུད་མེད་ཐམས་ཅད་སྒྱུ་མའི་རྒྱུ། །གཉིས་སུ་མེད་པའི་ཐེག་བའི་མཆོག །ཅེས་པའོ། །དེ་བས་ན་དེ་ཁོ་ན་བཞིན་དུ་ཞེ་སྡང་སྤྱོད་པའི་སེམས་ཅན་རྣམས་ལ་ཡང་ཕན་པའི་དོན་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་ [218a.7]འདས་ཀྱིས་ཀྱང་སྡང་བའི་ཚུལ་ཁྲོ་བོའི་རྒྱུད་བསྟན་པའོ། །དེ་ལྟར་ཡང་དག་པའི་ཆོས་ལས་གསུངས་པ། སྣོད་མི་རུང་བའི་བུ་རྣམས་ལ། །དེ་རྣམས་སྣོད་རུང་མཛད་བཞེད་པས། །ཐུགས་རྗེ་ཁྲོ་རྒྱུད་བསྟན་པ་སྟེ། །སྡང་བ་ནོར་འདོད་མ་ཡིན་ནོ། །ཡང་མཉམ་སྦྱོར་ལས་ཀྱང་གསུངས་ [218b] [218b.1]པར་ཤིན་ཏུ་སྡང་ཞིང་གཏུམ་པ་ལ། ཞི་བ་ཉིད་ནི་མི་འབྱོར་ཏེ། །སྡང་བ་ཐབས་དང་ཤེས་རབ་དངོས། །དེ་བཞིན་གཤེགས་པ་ཀུན་གྱིས་མཛད། །ཅེས་སོ། །དེ་ལྟར་གཏི་མུག་ཅན་གྱི་སེམས་ཅན་རྣམས་ལ་ཡང་གཏི་མུག་གི་དབང་གིས་བདག་དང་བདག་གིས་འཛིན་པ་ལ་སོགས་པའི་ཕྱིན་ [218b.2]ཅི་ལོག་གི་ལྟ་བ་གཞོམ་པའི་དོན་དུ་ཉན་ཐོས་ཀྱི་ཐེག་པ་ལ་གང་ཟག་ལ་བདག་མོད་པའི་དོན་བསྟན་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཆོས་ལ་བདག་མེད་པའི་དོན་བསྟན་པ་དང་། བླ་མ་དང་བཅས་པའི་སངས་རྒྱས་ལ་ཆོས་ཐམས་ཅད་བདག་མེད་པར་བསྟན་པ་དང་། རྡོ་རྗེའི་ཐེག་ [218b.3]པ་ལ་མ་རིག་པ་གཞོམ་པའི་དོན་དུ། ཤེས་རབ་ཀྱི་འཁོར་ལོ་བསྒོམ་པ་ལ་སོགས་པ་ཞི་བའི་ཕོ་གཟུགས་ཀྱི་ལྷ་བསྒོམ་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ལྟར་ཡང་ཐམས་ཅད་གསང་ཆེན་རྒྱུད་ལས་གསུངས་པ། ཆོས་བདག་མེད་པའི་སྦྱོར་བ་ཡིས། །བཅོམ་ནས་རང་ [218b.4]ཉིད་འཇིགས་བྱས་ཏེ། །རང་སེམས་ཁོ་ན་སངས་རྒྱས་ཉིད། །རང་སེམས་ཁོ་ན་ཤེས་པར་བྱ། །ཞེས་སོ། །དེ་ལྟར་ཡེ་ཤེས་ཞབས་ཀྱིས་ཀྱང་གསུངས་པ། ཡང་དག་བྱང་ཆུབ་སེམས་བསྐྱེད་ནས། །བྱམས་པ་ཆེན་པོར་རབ་འབྱོར་ཏེ། །ཆོས་ཐམས་ཅད་ལ་བདག་མེད་པར། །དེ་ལྟར་ཤེས་ན་ [218b.5]རྣམ་པར་གྲོལ། །ཞེས་སོ། །དེ་བས་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅན་གྱི་སེམས་ཅན་རྣམས་ལ་དུ་མའི་ཐབས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ལ་འགལ་བ་མེད་དོ། །དེ་ལྟར་ཡང་བཀྲ་ཤིས་སྒྲུབ་པ་ལས་གསུངས་པ། གང་དང་གང་གིས་བཅིངས་འགྱུར་བའི། །སྐྱེ་བོ་དྲག་ [218b.6]པོའི་ལས་རྣམས་ཀྱི། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་བཅིང་བ་ལས་གྲོལ་ལོ། །ཞེས་པའོ། །དེ་ལྟར་ཡང་དེ་ཉིད་བསྡུས་པའི་རྒྱུད་ལས་གསུངས་པ། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །སེམས་ཅན་རང་བཞིན་དུ་ནི་འགྲོ། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་ལ་སོགས་ [218b.7]དག་པས་བྱ། །ཞེས་སོ། །དེ་ལྟ་བས་ན་རྣལ་འབྱོར་མའི་དེ་ཁོ་ན་ཉིད་ཀྱི་རྒྱུད་འདི་ཡང་འདོད་ཆགས་ཅན་ལ་ཕན་འདོགས་པའི་དོན་དུ་བསྟན་ཏོ། །དེ་ནས་དང་ལ་སྡུད་པ་པོ་རྣམས་ཀྱི་རྒྱུད་དག་པར་བྱ་བའི་དོན་དུ་ཕུན་སུམ་ཚོགས་པ་བྲིས་པ། ལྷ་མོ་བཞི་དང་མཉམ་ལྡན་ཞིང་། །སངས་རྒྱས་ [219a] [219a.1]གཟུགས་ཀྱིས་ཉེར་བརྒྱན་པ། །ཤིན་ཏུ་དགའ་བའི་སྦྱོར་ཆེན་ལ། །རྡོ་རྗེ་སེམས་དཔའ་ཆེར་བཞུགས་ཏེ། །ཞེས་ཏེ། དེ་ལ་ལྷ་མོ་བཞི་ཞེས་པ་ནི། སྡུད་པ་པོ་ཕུན་སུམ་ཚོགས་པ་སྟེ། འོག་ནས་སྤྱན་མ་ལ་སོགས་པ་བཞིས་ཞུས་པའི་ཕྱིར་རོ། །ལྷ་མོ་ཞེས་པ་ [219a.2]ནི་རང་གི་འོད་ལ་ལོངས་སྤྱོད་པ་དང་། ལྷའི་རིས་སུ་གྱུར་པའི་ཕྱིར་རོ། །ལྷ་མོ་ཡང་དེ་བཞི་ཡང་དེ་ཉིད་པས་ལྷ་མོ་བཞི་ཞེས་པ་ནི་གསུམ་དང་ལྔའི་གྲངས་སུན་ཕྱུང་བ་སྟེ་རང་བཞིན་ཚད་མེད་པ་བཞི་དང་འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ལྷ་མོ་དེ་དག་གིས་ཡོངས་སུ་བསྐོར་བ་ནི་ [219a.3]དེ་དག་མཉམ་ལྡན་ཞེས་པ་སྟེ། ལྷ་མོ་དེ་བཞིས་ཡང་དག་པར་ལྡན་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་རོ། །འདི་ལྟ་སྟེ། དབུས་ཀྱི་གཙོ་བོ་ནི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བཞུགས་པ་ལས་མེ་མཚམས་ན་སྤྱན་མ་དང་། བདེན་བྲལ་གྱི་མཚམས་ན་མཱ་མ་ཀཱི་དང་། རླུང་གི་མཚམས་ནན་བཟའ་ [219a.4]དཀར་མོ་དང་། དབང་ལྡན་གྱི་མཚམས་ན་སྒྲོལ་མ་བཞིའི་སྐུ་སྟེ་ཕྱག་རྒྱ་བཞིས་བསྐོར་ནས་བཞུགས་པའོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། སྤྲོས་ནས་ཕྱག་རྒྱ་བཞི་དག་ནི། །དཀྱིལ་འཁོར་དེ་ལ་བསྐོར་བར་བརྟག །བདག་ཉིད་དབུས་སུ་གནས་བྱས་ཏེ། ། [219a.5]འཁོར་ལོ་ཐམས་ཅད་བསྡུ་བར་བྱ། །ཞེས་སོ། །ཡང་ན་ལྷ་མོ་བཞི་དང་མཉམ་ལྡན་ཞེས་པ་ནི་གསང་བའི་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་ཐབས་དང་ཤེས་རབ་རོལ་པ་ལ་རྡོ་རྗེ་སེམས་དཔའ་ལྷ་མོ་བཞི་དང་ལྡན་ཏེ། བསྙེན་པ་ལ་སྤྱན་མ། ཉེ་བར་སྒྲུབ་པ་ལ་མཱ་མ་ཀཱི། །སྒྲུབ་པ་ལ་ན་བཟའ་ [219a.6]དཀར་མོ། །སྒྲུབ་པ་ཆེན་པོ་ལ་སྒྲོལ་མ་རང་གི་རིག་མ་ལ་སྒོམ་པའི་ཕྱིར་རོ། །གསང་བའི་བསྙེན་སྒྲུབ་བཞི་ནི་འདི་ལྟ་སྟེ། ཐབས་དང་ཤེས་རབ་སྐུ་སྦྱོར་བ་ནི་བསྙེན་པའོ། །གསང་བའི་རྡོ་རྗེ་དང་པདྨར་སྦྱོར་བ་ནི་ཉེ་བའི་བསྙེན་པའོ། །བསྐུལ་ཞིང་སྔགས་བཟླ་བ་ནི་སྒྲུབ་པའོ། །བདེ་བ་ཆེན་པོ་ནི་ [219a.7]སྒྲུབ་པ་ཆེན་པོའོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། བསྒྲུབ་བྱ་སྒྲུབ་པར་སྦྱོར་བ་གང་། །དེ་ནི་བསྙེན་པ་ཞེས་སུ་གསུངས། །རྡོ་རྗེ་པདྨོ་མཉམ་སྦྱོར་བ། །ཉེ་བར་བསྙེན་པ་ཞེས་བྱ་སྟེ། །ཧཱུཾ་ཕཊ་ཚུལ་དང་ལྡན་པ་རུ། །བསྐྱོད་པ་སྒྲུབ་པར་གསུངས་པའོ། །རང་ [219b] [219b.1]བཞིན་རང་བདེ་ཞི་བ་ནི། །སྒྲུབ་པ་ཆེན་པོ་ཞེས་བྱའོ། །ཞེས་སོ། །ཞིང་ཞེས་བ་ནི་གཞན་གྱི་དོན་ལ་བསྙེགས་པ་སྟེ། །ལྷ་མོ་བཞི་ཁོ་ན་དང་ལྡན་པ་མ་ཡིན་ཏེ། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་དང་ཡང་ལྡན་པའི་དོན་སྟོན་པའོ། །འཁོར་ཕུན་སུམ་ཚོགས་པ་བསྟན་པ། སངས་རྒྱས་གཟུགས་ [219b.2]ཀྱིས་ཉེར་བརྒྱན་པ། །ཞེས་ཏེ། དེ་ལ་སངས་རྒྱས་ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་ལྔ་དང་། རིག་མ་བཞི་དང་། ལྕགས་ཀྱུ་མ་ལ་སོགས་པ་བཞི་དང་། སྤོས་མེ་མ་ལ་སོགས་པ་བཞི་དང་། སྒེག་མོ་ལ་སོགས་བ་བཞི་དང་། བྱང་ཆུབ་སེམས་དཔའ་བརྒྱད་དེ། [219b.3]པདྨ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་ནས་མ་ལུས་པར་བྱང་ཆུབ་ལ་བློ་རྒྱས་པའི་ཕྱིར་རོ། །དེ་དག་གི་སྐུ་ཕྱག་རྒྱ་ནི་སངས་རྒྱས་གཟུགས་ཞེས་སོ། །སངས་རྒྱས་ཀྱི་གཟུགས་དེས་རྡོ་རྗེ་སེམས་དཔའི་ཕུང་པོ་ལྔ་དང་། འབྱུང་བ་ཆེན་པོ་བཞི་དང་། རྣམ་པར་ཤེས་པ་བརྒྱད་དང་། [219b.4]ཡབ་ཡུམ་གྱི་བདུད་རྩི་ལ་སོགས་པའི་རིགས་ལྔ་ལ་སོགས་པར་ཉེ་བར་སྦྱོར་བ་དང་ལྡན་པས་ན། སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ། །ཞེས་པ་ནི་མཛེས་པའོ། །ཡང་ན་སྐུ་གསུང་ཐུགས་དང་ལྡན་ཞིང་སྤྲོ་བ་དང་བསྡུ་བ་མཛད་པས་སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ་ཞེས་སོ། །གནས་ [219b.5]ཕུན་སུམ་ཚོགས་པ་བསྟན་པ། ཤིན་ཏུ་དགའ་བའི་སྦྱོར་ཆེན་ལ། །ཞེས་པ་སྟེ། དེ་ལ་ཤིན་ཏུ་དགའ་བའི་ཞེས་པ་ནི་ཁྱད་པར་དུ་སྐྱོན་མེད་ཅིང་རྟག་པར་ཀུན་དུ་ཁྱབ་པའི་སེམས་ཅན་གྱི་དོན་ལ་ཆགས་པའི་རྡོ་རྗེ་འཛིན་པའི་སྐུའི་གསང་བའོ། །དེ་ལྟར་ཡང་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ལས་གསུངས་པ། [219b.6]སྐྱོན་མེད་རྟག་པ་གཏན་དུ་ནི། །ཐམས་ཅད་འདོད་ཆགས་རྗེས་ཆགས་པས། །དེ་ཉིད་གསང་བ་བཅོམ་ལྡན་འདས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །ཞེས་སོ། །ཡང་ན་ཤིན་ཏུ་དགའ་བའི་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་བདེ་བ་ཆེན་པོའོ། །དེ་གཉིས་མངོན་དུ་བྱ་བའི་དོན་ [219b.7]དུ་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བ་ནི་སྦྱོར་ཆེན་ཞེས་པ་སྟེ། །སེམས་ཅན་གྱི་དོན་ཆེན་པོ་མཛད་པའི་ཕྱིར་རོ། །ལ་ཞེས་པ་ནི་གནས་དེ་ལ་ཞེས་པའི་དོན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་བསྟན་པ། རྡོ་རྗེ་སེམས་དཔའ་ཞེས་པ་སྟེ་དེ་ཡང་དམ་ཚིག་སེམས་དཔའི་སྒོ་ནས་ནི་རིགས་ལྔའི་ [220a] [220a.1]བདག་ཉིད་ཡེ་ཤེས་ལྔའི་ངོ་བོ་ཉིད་དོ། །འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་རྡོ་རྗེ་སྟེང་འོག་གི་རྩེ་ལྔ་ནི་རིགས་ལྔ་དང་ཡེ་ཤེས་ལྔའི་དོན་བསམ་པ་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། རྒྱུད་ལྔ་དང་ནི་འབྲས་དག་ [220a.2]ནི། །རྡོ་རྗེ་ཞེས་སུ་བསྟན་པ་ཡིན། །ཞེས་སོ། །ཡིག་འབྲུ་འཇོམས་པ་ནི། རྡོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་པར་སྣང་མཛད། རྗེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་རིན་ཆེན་འབྱུང་ལྡན། སེ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་སྣང་བ་མཐའ་ཡས། མ་ནི་བྱ་བ་ནན་ཏན་གྱི་ཡེ་ [220a.3]ཤེས་དང་དོན་ཡོད་གྲུབ་པ། ས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་མི་བསྐྱོད་པ། དེ་དག་དང་ལྡན་པའི་དོན་ནི་དཔའ་བའོ། །ཡང་ན་རྡོ་རྗེ་སེམས་དཔའ་ཞེས་པ་ནི་ཡེ་ཤེས་སེམས་དཔའི་གནས་སྐབས་སུ་མཆོག་གི་བྱང་ཆུབ་ཡེ་ཤེས་ལས་བྱུང་བའོ། །དེ་ལྟར་ཡང་ཐམས་ཅད་གསང་བའི་རྒྱུད་ལས་ [220a.4]གསུངས་པ། མཆོག་གི་བྱང་ཆུབ་དངོས་ཡེ་ཤེས། །དེ་ནི་རྡོ་རྗེར་འདིར་གསུངས་ཏེ། །རྡོ་རྗེ་ཡེ་ཤེས་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་གསུངས། །ཞེས་སོ། །དུས་ཕུན་སུམ་ཚོགས་པ་མཚོན་པ་ནི་ཆེར་བཞུགས་ཏེ་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་སྦྱོར་བ་ཆེན་པོ་ལ་བཞུགས་པའི་ [220a.5]དུས་སུ་རྒྱུད་འདི་བསྟན་པ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལ་ཆེར་ཞེས་པ་ནི་ཐབས་དང་ཤེས་རབ་རོལ་པ་རྣམ་པ་སྣ་ཚོགས་རྣམ་པ་གཅིག་ཏུ་བསྐལ་པ་གཞན་དང་གཞན་གྱི་མཐའ་མེད་པར་བདེ་བ་ཆེན་པོའི་ལོངས་སྤྱོད་ལ་བཞུགས་པའོ། །བཞུགས་སོ་ཞེས་པ་ནི་བཅོམ་ལྡན་འདས་བདེ་བ་ཆེན་ [220a.6]པོའི་ངོ་བོ་བྱང་ཆུབ་སེམས་ཀྱི་ཐིག་ལེར་ཡུམ་གྱི་གསང་བའི་པདྨར་གནས་པའོ། །དེ་ལྟ་བས་ན་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ལྷ་དང་སྦྱོར་བ་མངོན་དུ་བྱེད་འདོད་ན་འདི་ལ་གོམས་པར་བྱའོ། །ད་ནི་རེ་ཞིག་བཅོམ་ལྡན་འདས་ཀྱིས་སྐུའི་སྒོ་ནས་ཆོས་བསྟན་པ་འོད་ཟེར་འཆང་ཞིང་ཞེས་པ་ལ་སོགས་ [220a.7]པ་སྟེ། དེ་ལ་འོད་ཟེར་ཞེས་པ་ནི་དེ་བཞིན་གཤེགས་པའི་ངོ་བོ་ཁ་དོག་ལྔ་དང་ལྡན་པའི་དོན་ཏོ། །འཆང་ཞིང་ཞེས་པ་ནི་འོད་ཟེར་གྱིས་ཆོས་ཀྱི་འབྱུང་གནས་ལ་ཆགས་པའོ། །འཁྲིགས་པའི་ཞེས་པ་ནི་སྔ་མ་བསྡུ་བ་དང་ཕྱི་མ་བསྣོལ་བའོ། །གསང་ཆེན་ཞེས་པ་ནི་བདེ་བ་ཆེན་པོའི་རྣམ་པར་མི་ [220b] [220b.1]རྟོག་པའི་ཡེ་ཤེས་ཏེ་ཐེག་པ་འོག་མ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཡོན་ཏན་དེ་དག་དང་ལྡན་པའི་ཆོས་ཀྱི་འབྱུང་གནས་ནི། འོད་ཟེར་འཆང་ཞིང་འཁྲིགས་པ་ཡི། །གསང་ཆེན་ཆོས་ཀྱི་འབྱུང་གནས་ཞེས་པ་སྟེ་གསང་བ་ནི་གསང་བའི་པདྨའོ། །དེ་ལ་ཆོས་ཞེས་པ་ནི་ཕུང་པོ་དང་ཁམས་དང་ [220b.2]སྐྱེ་མཆེད་ལ་སོགས་པའི་འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དེ། མཚན་ཉིད་འཛིན་པས་ཆོས་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་སྐྱེ་གནས་ནི་ཆོས་ཀྱི་འབྱུང་གནས་ཞེས་སོ། །འདི་ལྟ་སྟེ་ཆོས་ཀྱི་འབྱུང་གནས་ཨེ་གྲུ་གསུམ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་ [220b.3]པ་དང་། ཆོས་ཐམས་ཅད་སྐུ་གསུང་ཐུགས་ཁོ་ན་འཕྲོས་པ་ཡིན་ནོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །གྲུ་གསུམ་ལ་ནི་རྣམ་པར་བསྒོམ། །ཞེས་སོ། །ཡང་དེ་ཁོ་ལས་གསུངས་པ། སེམས་ཅན་ཐམས་ཅད་འབྱུང་བ་ནི། ། [220b.4]དུས་གསུམ་རྡོ་རྗེའི་ངོ་བོ་ཉིད། །ཅེས་པའོ། །ལ་ཞས་པ་ནི་འཕྲོས་པའི་གནས་མཚོན་པའོ། །བྱང་ཆུབ་སེམས་ཞེས་པ་ནི་གསང་བའི་རྡོ་རྗེ་དང་པདྨའི་སྦྱོར་བ་ལས་བྱུང་བ་བརྗོད་ཀྱིས་མི་ལང་བའི་བདེ་བ་ཆེན་པོའི་ངོ་བོ་ལྷག་པའི་བྱང་ཆུབ་ཀྱི་སེམས་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཐོབ་པའི་ [220b.5]རྒྱུར་གྱུར་པའོ། །དེ་ལྟར་ཡང་ཟླ་གསང་ཐིག་ལེའི་རྒྱུད་ལས་གསུངས་པ། བྱང་ཡིག་རྡོ་རྗེ་ཞེས་གསུངས་ཏེ། །ཡི་གེ་ཆུབ་ནི་གཟུངས་མའི་ཚིག །སེམས་ཡིག་བཞུ་བ་གསུངས་པ་ཏེ། །ཡི་གེ་དཔའ་ནི་བདེ་བ་ཆེ། །ཞེས་སོ། །འཕྲོས་ནས་སུ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཐིག་ལེའི་ [220b.6]གཟུགས་སེམས་ཅན་གྱི་བདག་ཉིད་ཡེ་ཤེས་ལྔའི་ངོ་བོ་ལྷག་པའི་བྱང་ཆུབ་སེམས་སུ་གྱུར་ནས་གསང་བའི་རྡོ་རྗེ་ནས་གསང་བའི་པདྨ་ལ་ཕབ་པའོ། །ཆོས་ཀྱི་དབྱིངས་ཞེས་པ་ལ་ཆོས་ཞེས་པ་ནི་བཤད་ཟིན་ཏོ། །དབྱིངས་ཞེས་པ་ནི་རྒྱུའོ། །དོན་ནི་འདི་ལྟ་སྟེ་ཆོས་ཐམས་ཅད་ཀྱི་ས་བོན་ཕྲ་མོའི་ཡིག་འབྲུ་ཡི་གེ་ [220b.7]ཀྵཱུཾ་གི་ངོ་བོར་བཞུགས་པའོ། །ཡི་གེ་འབྲུ་དེ་ཞུ་མཛད་དོ། །ཞེས་པ་སྟེ། འོད་ཀྱི་གོང་བུར་བྱེད་པའོ། །ད་ནི་གསུང་གི་སྒོ་ནས་ཆོས་བསྟན་པ་ཐོས་པར་འདོད་ནས་ལྷ་མོ་སྤྱན་མས་ཆོས་ཀྱི་དབྱིངས་འཕྲོ་བའི་དོན་ཞུས་པ། ཞུ་བའི་དངོས་པོ་དེ་མཐོང་ནས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞུ་བའི་དངོས་ [221a] [221a.1]པོ་ཞེས་པ་ནི་བཤད་ཟིན་ཏོ། །དེ་མཐོང་ནས་ཞེས་པ་ནི་སྐུའི་སྒོ་ནས་ཆོས་སྟོན་པའི་རྡོ་རྗེ་སེམས་དཔའ་དེ་མཐོང་ནས་ལྷ་མོ་སྤྱན་མས་ཡོངས་སུ་ཞུས་པ་ཞེས་ཏེ། དེ་ལ་ལྷ་མོ་ནི་བཤད་ཟིན་ཏོ། །ལྷ་མོ་ཡང་དེ་སྤྱན་མ་ཡང་དེ་བས་ན་ལྷ་མོ་སྤྱན་མ་ཞེས་ཏེ། སྤྱན་དང་འདྲ་བའི་དམ་ [221a.2]ཚིག་གི་ཕྱག་རྒྱའི་བདག་མོ་ཡིན་པའི་ཕྱིར་རོ། །ཡོངས་ཤེས་པ་ནི་དོན་མ་ལུས་པའོ། །ཞུས་པ་ཞེས་པ་ནི་རང་གི་སྟན་ལས་ལངས་པ་དང་བླ་གོས་ཕྲག་པ་གཅིག་ཏུ་གཟར་བ་དང་། ལན་གསུམ་བསྐོར་ནས་ཕྱག་བྱས་པ་དང་། པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་རྣམས་ཞུ་བའི་ཚུལ་ལྔས་གསོལ་ [221a.3]བ་བཏབ་པའོ། །གང་ལ་ཞུས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཞེས་ཏེ། སྟོན་པ་པོ་ལ་ཞུས་པའི་ཐ་ཚིག་གོ། །ཡིག་འབྲུ་འཇོམས་པ་ནི་བཅོམ་ལྡན་འདས་ཡང་སྟེ། རྡོ་རྗེ་སེམས་དཔའ་ཡང་དེ་ཡིན་པས་བཅོམ་ལྡན་རྡོ་རྗེ་སེམས་དཔའོ། །དེ་ལ་བཅོམ་ལྡན་ཞེས་པ་ནི་ཐེག་པ་ [221a.4]བཞིའི་བྱེ་བྲག་གིས་བཤད་དེ། རྡོ་རྗེའི་ཐེག་པ་ལ་ཐེག་པ་འོག་མའི་དོན་བཅུག་ཀྱང་མི་འགལ་ཏེ། རྡོ་རྗེ་སེམས་དཔའ་ཐེག་པ་ཀུན་ལས་སངས་རྒྱས་པའི་ཕྱིར་རོ། །དེ་ལྟར་ཡང་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས་གསུངས་པ། སེམས་དང་སེམས་དཔའི་ཏིང་འཛིན་དང་། །བྱང་ཆུབ་ [221a.5]སྤྱོད་པ་སྣ་ཚོགས་ཉིད། །བདུད་དང་དེ་བཞིན་བདུད་ལས་རྒྱལ། །བྱང་ཆུབ་སངས་རྒྱས་དེར་འགྱུར་རོ། །ཞེས་དང་། ཡང་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ལས་གསུངས་པ། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ལ་སོགས་ལྷག་པའི་ལྷ། །རྒྱལ་པོ་རྡོ་རྗེ་འཛིན་པ་ཆེ། །ཡིག་འབྲུ་དམ་པ་ [221a.6]མཆོག་ཏུ་དགའ། །ཞེས་སོ། །འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་བཅོམ་ལྡན་ཞེས་པ་ནི་ཉོན་མོངས་པ་དང་། འཆི་བདག་དང་། ཕུང་པོ་དང་། ལྷའི་བུའི་བདུད་བཞི་བཅོམ་ཞིང་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང་ལྡན་པའོ། །དེ་ལྟར་ཡང་མདོ་ལས་གསུངས་པ། ཉོན་མོངས་ལས་དང་སྐྱེ་བ་ [221a.7]དང་། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །རྣམ་པར་སྨིན་ཆོས་གང་དེ་ནི། །བཅོམ་པས་དེས་ན་བཅོམ་ལྡན་འདོད། །ཅེས་པའོ། །བཅོམ་པའི་རིམ་པ་ནི་འདི་ལྟ་སྟེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྡོ་རྗེའི་གདན་མནན་པའི་དུས་སུ་སྲོད་ཀྱི་དུས་དང་པོ་ལ་འདོད་པའི་ཟག་པ་ཟད་བས་ལྷའི་བུའི་བདུད་ [221b] [221b.1]བཅོམ། ནམ་ཕྱེད་ཀྱི་དུས་གཉིས་པ་ལ་ལྷའི་སྤྱན་ཕྱེ་བས་འཇིག་རྟེན་ཐམས་ཅད་གཟིགས་ཏེ་ཐོ་རངས་ཀྱི་དུས་གསུམ་པ་ལ་མ་རིག་པའི་ཟག་པ་ཟད་པས་ཉོན་མོངས་པའི་བདུད་བཅོམ། རྩྭ་མཆོག་གི་གྲོང་ཁྱེར་དུ་ཡོན་བདག་བྲམ་ཟེ་མོ་ཛེ་ཏཱའི་དོན་དུ་ཟླ་བ་གསུམ་སྲོག་གི་འདུ་བྱེད་བྱིན་ [221b.2]གྱིས་བརླབས་ཏེ་སྲིད་པའི་ཟག་པ་ཟད་པས་ཤི་བའི་བདུད་བཅོམ་མོ། །དེའི་འོག་ཏུ་མྱ་ངན་ལས་འདས་པའི་དུས་མཁྱེན་ནས་རང་གི་ཚེའི་འདུ་བྱེད་བཏང་སྟེ་ལྟ་བའི་ཟག་པ་ཟད་པས་ཕུང་པོའི་བདུད་བཅོམ་མོ། །དེ་གཉིས་གཞོམ་པ་ནི་ཁ་ཅིག་ཆུ་བོ་ནི་རཉྫ་ནཱའི་འགྲམ་ན་ཏིལ་ཕྱེད་ཀྱི་ཟས་ [221b.3]ལ་བརྟེན་ནས་ལོ་དྲུག་གི་བར་དུ་དཀའ་ཐུབ་མཛད་པའི་དུས་སུ་འཆི་བའི་བདུད་དང་། ཕུང་པོའི་བདུད་བཅོམ་ཞེས་ཟེར་ན་དེ་ཡང་བདེན་ཏེ། དེར་བཅོམ་པར་གྱུར་ན་ཡང་འདིར་བཅོམ་པའི་དོན་མངོན་དུ་བསྟན་པའོ། །དེ་བས་ན་ལང་ཀར་གཤེགས་པའི་ནང་ན་རྩྭ་མཆོག་གི་གྲོང་ཁྱེར་དུ་ཤི་བའི་ [221b.4]བདུད་དང་ཕུང་པོའི་བདུད་བཅོམ་ཞེས་བསྟན་ཏོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་བཅོམ་ལྡན་ཞེས་པ་ནི་དབུལ་པོ་དང་། ངན་སོང་དང་། མི་སྡུག་པའི་གཟུགས་དང་། གྲགས་པ་མེད་པ་དང་། དཔལ་མེད་པ་དང་། མ་རིག་པ་གོ་རིམས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བཅོམ་སྟེ། [221b.5]འབྲས་བུ་དབང་ཕྱུག་དང་། མཆོག་དང་། གཟུགས་བཟང་དང་། གྲགས་པ་དང་། དཔལ་དང་། ཡེ་ཤེས་རྣམས་དང་ལྡན་པའི་ཕྱིར་རོ། །ད་ལྟར་ཡང་གསུངས་པ། དབང་ཕྱུག་དང་ནི་མཆོག་དང་ནི། །གཟུགས་བཟང་དང་ནི་གྲགས་དང་དཔལ། །ཡེ་ཤེས་ནན་ཏན་ཐོས་པ་དྲུག །བཅོམ་ [221b.6]ལྡན་ཞེས་བྱ་འདོད་པའོ། །རྡོ་རྗེའི་ཐེག་པ་ལ་བཅོམ་ལྡན་ཞེས་པ་ནི་སེམས་ཙམ་གྱི་ལྟ་བ་ལ་ཀུན་གཞི་དང་ཉོན་མོངས་པའི་ཡིད་དང་། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དང་། སྒོ་ལྔའི་རྣམ་པར་ཤེས་པ་བཅོམ་ཞིང་མེ་ལོང་དང་། མཉམ་པ་དང་། སོ་སོ་དང་། བྱ་བ་དང་། ཆོས་ཀྱི་དབྱིངས་ [221b.7]དང་། རྡོ་རྗེ་ལྟ་བུའི་ཡེ་ཤེས་དྲུག་དང་ལྡན་པའི་ཕྱིར་རོ། །དབུ་མའི་གནས་སྐབས་སུ་གཉིས་སུ་མེད་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ཐམས་ཅད་བཅོམ་ཞིང་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའོ། །དེ་ཡང་གསུངས་པ། ཉོན་མོངས་ཤེས་རབ་ཀྱིས་བཅོམ་ནས། །ཤེས་རབ་བཅོམ་ [222a] [222a.1]ཞེས་འདོད་པའོ། །ཞེས་སོ། །དེ་ལྟ་བུའི་ཁྱད་པར་ཅན་རྡོ་རྗེ་སེམས་དཔའ་ལ་ཞེས་པ་སྟེ་བཤད་ཟིན་ཏོ། །ཚིག་འདི་དག་ནི་ཞེས་པ་ནི། ཆོས་ཀྱི་དབྱིངས་རྣམས་འཕྲོ་བ་ནི། །ཞེས་པ་ནས། བདག་གི་ཐེ་ཚོམ་ལྷས་བཀའ་སྩལ། །ཞེས་བྱ་བའི་བར་གྱི་ཚིག་ལ་ [222a.2]མཚོན་པའོ། །ཆོས་ཀྱི་དབྱིངས་རྣམས་འཕྲོ་བ་ནི། །གང་ལས་སྐྱེ་བར་འགྱུར་བ་ལགས། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཁུངས་ཞུས་པ་སྟེ་ཡིག་འབྲུ་ནི་བཤད་ཟིན་ཏོ། །དང་པོ་ཇི་ལྟར་འོང་བ་ཡིན། །ཞེས་པ་ནི་ཆོས་ཀྱི་དབྱིངས་འཕྲོ་བའི་ལམ་ཞུས་པའོ། །དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལགས། ། [222a.3]ཞེས་པ་ནི་ཆོས་ཀྱི་དབྱིངས་འཕྲོ་བའི་གནས་ཞུས་པའོ། །ཡན་ལག་མེད་པ་གང་དེ་ནི། །ཞེས་པ་ནི་ཆོས་ཀྱི་དབྱིངས་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཞུས་པའོ། །ཡན་ལག་དང་བཅས་གྱུར་ནས་སུ། །ལུས་དངོས་འགྱུར་བ་ཇི་ལྟར་ལགས། །ཞེས་པ་ནི་རང་གི་མཚན་ཉིད་རགས་པའི་དོན་ཞུས་པའོ། ། [222a.4]ལུས་དེའི་ཉིང་ལག་སྐྱེ་མཆེད་དང་དབང་པོའི་དོན་ཞུས་པའོ། །མིག་དང་རྣ་བ་སྣ་དང་ནི། །དེ་བཞིན་ལྕེ་དང་ལུས་དང་ཡིད། །དབང་པོ་ཞེས་པ་སྟེ་དེ་ལ་མིག་ཅེས་པ་ནི་མིག་གི་རྣམ་པར་ཤེས་པའི་རྟེན་ནང་གི་གཟུགས་དང་བ་གོ་སྙོད་ཀྱི་མེ་ཏོག་འདྲ་བ་གང་དེ་མིག་གི་དབང་པོའོ། །རྣ་བ་ཞེས་པ་ནི་ [222a.5]རྣ་བའི་རྣམ་པར་ཤེས་པའི་རྟེན་ནང་གི་གཟུགས་དང་གྲོ་ག་གཅུས་ཏེ་བཅད་པ་འདྲ་བ་གང་དེ་རྣ་བའི་དབང་པོའོ། །སྣ་དང་ནི་ཞེས་པ་ནི་སྣའི་རྣམ་པར་ཤེས་པའི་རྟེན་ནང་གི་གཟུགས་དང་བ་ཟངས་ཀྱི་མོ་ཁབ་གཤིབས་པ་འདྲ་བ་གང་དེ་སྣའི་དབང་པོའོ། །དེ་བཞིན་ལྕེ་དང་ཞེས་པ་ནི་ལྕེའི་རྣམ་པར་ཤེས་པའི་ [222a.6]རྟེན་ནང་གི་གཟུགས་དང་ལྕེའི་དཀྱིལ་ན་ཟླ་བ་ཁམ་པ་འདྲ་བ་གང་དེ་ལྕེའི་དབང་པོའོ། །ལུས་དང་ཞེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་ནང་གི་གཟུགས་དང་བ་བྱ་རེག་འཇམ་གྱི་པགས་པ་འདྲ་བ་གང་དེ་ལུས་ཀྱི་དབང་པོའོ། །ཡིད་ཅེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་འདས་ [222a.7]པའོ། །དེ་ལྟར་ཡང་ཆོས་མངོན་པ་ལས་གསུངས་པ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་སོ། །དབང་པོ་ཞེས་པ་ནི་མིག་ལ་སོགས་པ་ལྔས་བཞི་ལ་དབང་བྱེད་པའི་ཕྱིར་རོ། །བཞི་གང་ཞེ་ན། བདག་མཛེས་པར་བྱ་བ་དང་། བདག་གིར་བྱ་བ་དང་། རང་རང་གི་ [222b] [222b.1]རྣམ་པར་ཤེས་པ་སྐྱེད་པ་དང་། རང་རང་གི་སྤྱོད་ཡུལ་ལ་སྤྱོད་པ་བཞིའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། དབང་པོ་ལྔས་ནི་དོན་བཞི་ལ་དབང་བྱེད་ཅེས་སོ། །ཡིད་ནི་གཉིས་ལ་དབང་བྱེད་དེ། །སྲིད་པ་གཞན་ལ་འབྲེལ་པ་དང་། །དངོས་ལ་འཇུག་པ་ལ་དབང་བྱེད་པའོ། །ཡང་ [222b.2]ཕུང་པོ་དང་ཁམས་ཀྱི་སྒོ་ནས་ཞུས་པ་ཕུང་པོའི་དངོས་རྣམས་དང་། ཁམས་རྣམས་སུ་ནི་འཇུག་པ་ཡང་། །ཞེས་པ་སྟེ། དེ་ལ་ཕུང་པོ་ཞེས་པ་ནི་འདུས་པའི་དོན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །འདི་ལྟ་སྟེ། དེ་ལ་གཟུགས་ཀྱི་ཕུང་པོ་ནི་དབང་པོ་ལྔ་དང་ཡུལ་ལྔ་སྟེ་བཅུའོ། །དེ་ [222b.3]ཡང་དུས་གསུམ་གྱི་གཟུགས་བཟང་ངན་དང་ཆེ་ཕྲ་གཅིག་ཏུ་འདུས་པའོ། །གཞན་བྱེ་བྲག་ཏུ་སྨྲ་བ་ན་རེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་འདོད་དོ། །ཚོར་བའི་ཕུང་པོ་ནི་མྱོང་བའི་མཚན་ཉིད་དེ་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་ [222b.4]བ་ཡང་མ་ཡིན་པ་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་དྲུག་གསུམ་བཅོ་བརྒྱད་འདུས་པའོ། །འདུ་ཤེས་ཀྱི་ཕུང་པོ་ནི་མཚན་མར་འཛིན་པའི་མཚན་ཉིད་དེ། དཀར་པོ་ཞེས་བྱ་བ་དང་། ནག་པོ་ཞེས་བྱ་བ་དང་། བཟང་པོ་ཞེས་བྱ་བ་དང་། ངན་པ་ཞེས་བྱ་བ་དང་། རིང་པོ་ཞེས་བྱ་བ་དང་། ཐུང་ [222b.5]ངུ་ཞེས་བྱ་བ་ལ་སོགས་པ་འདུས་པའོ། །གཞན་མདོ་སྡེ་པ་ན་རེ། དེ་ཡང་གོང་མ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ལ་སོགས་པ་བཅོ་བརྒྱད་ལ་འདུ་ཤེས་ཞེས་ཟེར་རོ། །འདུ་བྱེད་ནི་ཕུང་པོ་བཞི་ལ་མ་གཏོགས་པའི་འདུ་བྱེད་ཀྱི་ཆོས་ཀུན་ཏེ་སེམས་ལསེ་བྱུང་བའི་ [222b.6]ཆོས་ཅན་བཞི་ཀས་འདུས་བྱས་པའི་ཕྱིར་རོ། །སེམས་ཙམ་པ་ན་རེ། སེམས་ལས་བྱུང་བའི་ཆོས་ལ་སོགས་པ་འདུ་བྱེད་ལྔ་བཅུ་རྩ་གཅིག་གོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཡུལ་ཐ་དད་པ་སོ་སོར་ཤེས་པའི་མཚན་ཉིད་དེ། མིག་ལ་སོགས་པའི་རྣམ་པར་ཤེས་བ་དྲུག་དང་ཡིད་དང་བདུན་ [222b.7]འདུས་པའོ། །དེ་ཡང་སེམས་ཙམ་པ་ན་རེ། གོང་མ་བདུན་དང་ཀུན་གཞི་རྣམ་པར་ཤེས་པ་དང་བརྒྱད་འདུས་པ་ལ་འདོད་དོ། །དེ་བཞིན་དུ་དབུ་མ་པ་ན་རེ། རྣམ་པར་ཤེས་པ་དྲུག་འདུས་པ་ལ་འདོད་དེ། དེ་དག་གི་ཁུངས་ནི་བསྟན་བཅོས་ལ་གསལ་བས་མ་བྲིས་སོ། །དངོས་རྣམས་དང་ཞེས་པ་ནི་ [223a] [223a.1]འབྱུང་བ་ཆེན་པོ་བཞིའོ། །ཁམས་རྣམས་སུ་ནི་འཇུག་པ་ཡང་། །ཞེས་པ་ནི་དེ་ལ་ཁམས་ནི་རིགས་ཀྱི་དོན་ཏེ། ཆོས་ཀུན་གྱི་འབྱུང་ཁུངས་ཡིན་པའི་ཕྱིར་རོ། །ཁམས་དེ་རྣམས་ཀྱི་སྒྲས་ནི་གྲངས་བཅོ་བརྒྱད་འདྲེན་པའོ། །འདི་ལྟ་སྟེ། མིག་གི་དབང་པོའི་ཁམས་དང་། [223a.2]རྣ་བའི་དབང་པོའི་ཁམས་དང་། སྣའི་དབང་པོའི་ཁམས་དང་། ལྕེའི་དབང་པོའི་ཁམས་དང་། ལུས་ཀྱི་དབང་པོའི་ཁམས་དང་། ཡིད་ཀྱི་དབང་པོའི་ཁམས་དང་། གཟུགས་ཀྱི་ཁམས་དང་། སྒྲའི་ཁམས་དང་། དྲིའི་ཁམས་དང་། རོའི་ཁམས་དང་། རེག་བྱའི་ཁམས་དང་། ཆོས་ཀྱི་ [223a.3]ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་སོ། །འཇུག་པའང་ [223a.4]ཞེས་པ་ནི་ཆོས་ཀྱི་དབྱིངས་དེ་དག་གི་རྣམ་པ་ལ་ཁྱབ་ཅིང་འཇུག་པ་ཇི་ལྟར་ལགས་ཞེས་ཞུས་པའི་ཐ་ཚིག་གོ། །འང་ཞེས་པ་ནི་ཞུས་པའི་རྣམ་གྲངས་བསྙག་པའོ། །ཉོན་མོངས་པའི་སྒོ་ནས་ཞུས་པ། མ་རིག་བག་ཆགས་སྲེད་པ་ཡིས། །བཅིངས་པའི་ཉོན་མོངས་འདོད་ཆགས་སོགས། ། [223a.5]ཞེས་པ་སྟེ། དེ་ལ་མ་རིག་ཅེས་པ་ནི་ཚེ་སྔ་མའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྟེ་ཡང་དག་པའི་དོན་མཐོང་བའི་སྒྲིབ་པའི་ཕྱིར་རོ། །བག་ཆགས་ཞེས་པ་ནི་འདུ་བྱེད་དེ་ཚེ་སྔ་མའི་དགེ་སྡིག་གི་ལས་བག་ལ་ཉལ་བས་ཚེ་འདིའི་རྣམ་པར་ཤེས་པ་ལ་འདེབས་པའི་ཕྱིར་རོ། །སྲིད་པ་ཡིས་ [223a.6]ཞེས་པ་ནི་འདོད་ཆགས་ལ་ཆགས་པ་སྟེ་ཚེ་ཕྱི་མ་བྱེད་པའོ། །དེ་བས་ན་བཅིངས་པ་ཞེས་པ་སྟེ་ཚེ་སྔ་མའི་མ་རིག་པ་དང་། འདུ་བྱེད་ཀྱིས་ཚེ་འདི་ལ་གྲོལ་བར་མི་བྱེད་པ་དང་། ཚེ་འདིའི་སྲེད་པས་ཚེ་ཕྱི་མའི་སྲིད་པ་ལས་མི་གྲོལ་བར་བྱེད་པའི་ཕྱིར་རོ། །བཅིངས་པའི་དངོས་པོ་ཉོན་མོངས་པ་ [223a.7]གང་ཞེ་ན། དངོས་པོ་དེ་བསྟན་པ་ཉོན་མོངས་འདོད་ཆགས་སོགས་ཞེས་ཏེ་དེ་ལ་ཉོན་མོངས་ཞེས་པ་ནི་མནར་མེད་པའི་དམྱལ་བ་ནས་སྲིད་པའི་རྩེ་མོའི་བར་གྱི་སེམས་ཅན་གྱི་སེམས་སྡུག་བསྔལ་གྱི་ས་བོན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། འདིར་ནི་ [223b] [223b.1]ཉོན་མོངས་ས་བོན་ཡིན། །ཀླུ་བཞིན་རྩྭ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་བཞིན་དུ་འདོད། །ཅེས་སོ། །ཉོན་མོངས་པ་ཡང་དེ་འདོད་ཆགས་ཀྱང་དེ་བས་ན། ཉོན་མོངས་འདོད་ཆགས་སོགས་ཞེས་པ་སྟེ། དེ་ཡང་དེ་ལ་འདོད་ཆགས་ཞེས་པ་ནི་ཞེན་པའི་མཚན་ཉིད་དེ། དེ་ཡང་ [223b.2]འདོད་པའི་འདོད་ཆགས་དང་སྲེད་པའི་འདོད་ཆགས་སོ། །སོགས་པའི་སྒྲས་ནི་ཞེ་སྡང་དང་གཏི་མུག་ལ་བཟུང་སྟེ། དེ་ལ་ཞེ་སྡང་ནི་གཞན་ལ་གནོད་པར་སེམས་པའོ། །གཏི་མུག་ནི་དགེ་བ་དང་མི་དགེ་བ་ལ་ཁྱད་པར་དུ་མི་ཤེས་པའོ། །དེ་དག་བཅིང་བ་གསུམ་ཡིན་ཏེ། ཚོར་བ་གསུམ་གྱི་རང་ [223b.3]བཞིན་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ་འདོད་ཆགས་ནི་བདེ་བ་ཚོར་བའི་མཚན་ཉིད་དོ། །ཞེ་སྡང་ནི་སྡུག་བསྔལ་བ་ཚོར་བའི་མཚན་ཉིད་དོ། །གཏི་མུག་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཚོར་བའི་མཚན་ཉིད་དོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་ཀྱང་གསུངས་པ། ཚོར་ [223b.4]བའི་དབང་གིས་འཆིང་བ་གསུམ། །ཞེས་སོ། །ཉོན་མོངས་པ་དེས་བཅིང་བའི་རྣམ་པར་ཤེས་པ་དང་། ཁམས་གསུམ་དུ་གྱུར་པ་དང་བསྡུ་བའི་དོན་ཞུས་པ། རྣམ་པར་ཤེས་པ་སྣ་ཚོགས་པ། །ཇི་ལྟར་དངོས་སུ་འདུས་པ་ལགས། །ཞེས་པ་སྟེ། དེ་ལ་རྣམ་པར་ཤེས་པ་ཞེས་པ་ [223b.5]ནི་སེམས་ཙམ་ལ་འདོད་དེ། དེ་ལྟར་ཡང་རབ་ཏུ་བྱེད་པ་ཉི་ཤུ་པ་ལས་གསུངས་པ། སེམས་དང་ཡིད་དང་རྣམ་པར་ཤེས། །རྣམ་པར་རིག་པ་ཞེས་རྣམ་གྲངས། །ཞེས་སོ། །སྣ་ཚོགས་པ་ཞེས་པ་ནི་རྣམ་པར་ཤེས་པ་དེ་ཁམས་གསུམ་གྱི་སྣོད་དང་བཅུད་དེ་དངོས་སུ་གྱུར་པའོ། །ཇི་ [223b.6]ལྟར་དངོས་སུ་འདུས་པ་ལགས། །ཞེས་པ་ནི་འཇིག་པའི་བསྐལ་བ་ལ་ཁམས་གསུམ་དེ་ཡང་རྣམ་པར་ཤེས་པ་ཙམ་དུ་ཇི་ལྟར་འདུས་པ་ལགས་ཞེས་ཞུས་པའི་ཐ་ཚིག་གོ། །བསྒོམ་པའི་དོན་ཞུས་པ། དངོས་པོ་མེད་པ་བསྒོམ་པའི་གཟུགས། །ཞེས་པ་སྟེ་དེ་ལ་དོན་འདི་ཡོད་མ་ཐག་བྱེད་པ་ནི་ [223b.7]དངོས་པོ་ཞེས་སོ། །དེ་ཡང་དོན་དམ་པར་དཔྱད་ན་མི་རུང་བ་ནི་དངོས་པོ་མེད་ཅེས་པ་སྟེ། གཟུང་འཛིན་ཀུན་བརྟགས་ཀྱི་ཕྱིར་དང་། ཡོད་པ་དང་མེད་པ་མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་དངོས་པོ་དངོས་མེད་ལ་སྐུ་ཕྱག་རྒྱ་ལ་སོགས་པ་ཁྱད་པར་དུ་བསྒོམ་པའི་གཟུགས་ཞེས་པ་སྟེ་བསམ་པའོ། །ཡང་ [224a] [224a.1]གོང་དུ་འཕྲོ་འདུ་གཟུགས་ལ་སོགས་པའི་སྐྱེ་མཆེད་ཀྱི་སྒོ་ནས་ཞུས་པ། གཟུགས་སོགས་སྤྱོད་ཡུལ་མཚན་ཉིད་རྣམས། །ཞེས་པ་སྟེ་དེ་ལ་གཟུགས་སོགས་ཞེས་པ་ནི་གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་བར་དུ་དྲུག་སྟེ། དེ་ལ་ཡང་གཟུགས་ནི་ཉི་ཤུ་སྟེ། སྔོན་པོ་དང་། སེར་ [224a.2]པོ་དང་། དམར་པོ་དང་། དཀར་པོ་དང་། རིང་པོ་དང་། ཐུང་ངུ་དང་། ལྷམ་པ་དང་། ཟླུམ་པོ་དང་། མཐོན་པོ་དང་། དམའ་བ་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པ་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། གྲིབ་མ་དང་། ཉི་མ་དང་། སྣང་བ་དང་། མུན་པའོ། །སྒྲ་ཡི་སྐྱེ་ [224a.3]མཆེད་ནི་བརྒྱད་དེ། ཟིན་པའི་འབྱུང་བ་ཆེན་པོ་བཞིའི་རྒྱུན་ཅན་དང་། མ་ཟིན་པའི་འབྱུང་བ་ཆེན་པོ་བཞིའི་རྒྱུན་ཅན་དང་། སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་བཞི་ཕྲག་གཉིས་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བས་ཏེ་བརྒྱད་དོ། །དྲིའི་སྐྱེ་མཆེད་ནི་བཞི་སྟེ། དྲི་ཞིམ་པ་དང་། དྲི་ང་བ་དང་། [224a.4]དྲི་མཉམ་པ་དང་། དྲི་མི་མཉམ་པའོ། རོའི་སྐྱེ་མཆེད་ནི་དྲུག་སྟེ། རོ་མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཚ་བ་དང་། ཁ་བ་དང་། བསྐ་བའོ། །རེག་བྱའི་སྐྱེ་མཆེད་ནི་བཅུ་གཅིག་སྟེ། འབྱུང་བ་ཆེན་པོ་བཞི་དང་། འཇམ་པ་དང་། རྩུབ་པ་དང་། ལྕི་བ་དང་། ཡང་བ་དང་། གྲང་བ་དང་། [224a.5]བཀྲེས་པ་དང་། སྐོམ་པའོ། །ཆོས་ཀྱི་སྐྱེ་མཆེད་ནི་བདུན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། ནམ་མཁའོ། །སྤྱོད་ཡུལ་ཞེས་པ་ནི་གཟུགས་ལ་སོགས་ [224a.6]པ་དེ་དག་མིག་གི་དབང་པོས་དམིགས་པའི་རྟེན་ཡིན་པའི་ཕྱིར་རོ། །མཚན་ཉིད་རྣམས་ཞེས་པ་ནི་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་དོ། །གོང་དུ་བཤད་པའི་སྔོན་པོ་དང་སེར་པོ་ལ་སོགས་པའོ། །རང་བཞིན་མེད་ཅིང་ཞེས་པ་ནི་གཟུགས་ལ་སོགས་པའི་སྤྱོད་ཡུལ་ཏེ། གཅིག་དང་དུ་མ་ [224a.7]མི་འབྱོར་བའི་ཕྱིར་རོ། །དེ་ལྟར་ཡང་དབུ་མ་རྒྱན་ལས་གསུངས་པ། དེ་བཞིན་ཉིད་དུ་བརྗོད་པ་ཡི། །དངོས་པོ་འདི་དག་རང་བཞིན་མེད། །གཅིག་དང་དུ་མ་མི་འབྱོར་ཕྱིར། །རང་བཞིན་གྱིས་ནི་གཟུགས་བརྙན་འདྲ། །ཞེས་སོ། །རང་བཞིན་མེད་ཅིང་དམིགས་མེད་ལ། །ཞེས་པ་སྟེ་དབང་པོ་ལ་འདས་ [224b] [224b.1]པའི་ཕྱིར་རོ། །དེ་འདྲ་བ་ཡི་སྤྱོད་ཡུལ་ལ། །དམིགས་པ་དང་བཅས་ཇི་ལྟར་ལགས། །ཞེས་ཞུས་པའོ། །ཞུས་པའི་མཇུག་བསྡུས་པ། དེ་དག་ངོ་མཚར་ཆེན་པོ་ནི། །བདག་གི་ཐེ་ཚོམ་ལྷས་བཀའ་སྩལ། །ཞེས་པ་དེ་ལ་དེ་དག་ཅེས་པ་ནི་གོང་དུ་ཐལ་བའི་ཞུས་པའི་ཚིག་རྣམས་སོ། །ངོ་མཚར་ [224b.2]ཆེན་པོ་ནི་ཞེས་པ་ནི་སྔོན་མ་རྟོགས་པའོ། །བདག་ཅེས་པ་ནི་ལྷ་མོ་སྤྱན་མ་སྟེ། དེའི་ཐེ་ཚོམ་ཞེས་པ་ནི་སོམ་ཉིར་གྱུར་པའོ། །ལྷ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ལྷའི་རྗེས་སུ་སྐྱེ་བ་མཛད་པ་དང་། རང་གི་འོད་ཟེར་ལ་ལོངས་སྤྱོད་པའི་ཕྱིར་རོ། །བཀའ་སྩལ་ཞེས་པ་ནི་ཐེ་ཚོམ་ [224b.3]དེ་དག་བསལ་བར་བྱ་བའི་དོན་དུ་གནས་རྣམ་པ་ལྔ་དང་ལྡན་པའི་གསུང་གི་སྒོ་ནས་སྟོན་ཅིག་པར་ཞུས་པའོ། །གནས་རྣམ་པ་ལྔ་ནི་འདི་ལྟ་སྟེ། ངེས་པའི་ཚིག་དང་། དེའི་རྒྱུ་དང་། དཔེ་དང་། ཉེ་བར་འགྲོ་བ་དང་། ངེས་པར་འགྲོ་བའོ། །དེ་ལ་ངེས་པའི་ཚིག་ནི་འདུས་བྱས་པའི་ཆོས་ཐམས་ [224b.4]ཅད་མི་རྟག་པ་ཞེས་སྨྲ་བ་ལྟ་བུའོ། །རྒྱུ་ནི་རྒྱུ་རྐྱེན་ཚོགས་ནས་འདུས་བྱས་པའི་ཕྱིར་ཞེས་སྨྲ་བ་ལྟ་བུའོ། །དཔེ་ནི་བུམ་པ་དང་འདྲ་ཞེས་སྨྲ་བ་ལྟ་བུའོ། །ཉེ་བར་འགྲོ་བ་ནི་ཇི་ལྟ་བ་ནི་འཇིམ་པ་དང་། འཁོར་ལོ་དང་། སྐུད་པ་དང་། རྫ་མཁན་རྣམས་འདུས་ནས་བྱས་པའི་ཕྱིར་བུམ་པ་ [224b.5]མི་རྟག་པ་ཡིན་ཞེས་སྨྲ་བ་ལྟ་བུའོ། །ངེས་པར་འགྲོ་བ་ནི་དེ་བཞིན་དུ་འདུས་བྱས་པའི་ཆོས་ཀྱང་རྐྱེན་རྣམས་ཚོགས་ནས་བྱས་པས་མི་རྟག་གོ་ཞེས་སྨྲ་བ་ལྟ་བུའོ། །དེ་ལྟར་ཡང་ཚིག་དོན་ཐམས་ཅད་ལ་ཡང་གནས་རྣམ་པ་ལྔ་ཤེས་པར་བྱའོ། །ད་ནི་གསུང་གི་སྒོ་ནས་ཆོས་བསྟན་པས་ [224b.6]ཞུས་པའི་ལན་གསུངས་པ། དེ་ལྟར་ཞུས་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ལྟར་ཞེས་པ་ནི་གོང་དུ་ཞུས་པའི་ཚིག་ལ་བསྙེག་པའོ། །ཞུས་མ་ཐག་ཏུ་ནི་ཞེས་པ་ནི་དེ་མ་ཐག་པའི་དོན་ཏོ། །ལྷ་མོས་ཞུས་པ་སྟེ་ཁོ་ནར་དུས་གཞན་དུ་མ་བསྙད་པར་ལན་བཏབ་པོ་ཞེས་པའི་ཐ་ཚིག་གོ། ། [224b.7]བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས། །ཞེས་པ་ནི་སྟོན་པ་པོ་སྟེ་བཤད་ཟིན་ཏོ། །གསུངས་ཞེས་པ་ནི་བརྗོད་ཀྱིས་མི་ལང་བའི་ཆོས་ཡིན་ཡང་ཐུགས་རྗེའི་དབང་གིས་བཤད་པའོ། །སྟོན་པའི་ཆོས་ཉིད་ཀྱི་དོན་མཚོན་པ། ཤེས་རབ་ཟབ་པ་ཟད་མེད་ནི། །ཞེས་པ་སྟེ་དེ་ལ་ཤེས་རབ་ཅེས་པ་ནི་ [225a] [225a.1]གཉིས་སུ་མེད་པའི་ཤེས་རབ་སྟེ། གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་དང་། ཡོད་པ་དང་མེད་པ་དང་བྲལ་བའི་ཕྱིར་རོ། །དེ་བས་ན་དེ་ཉིད་ཟབ་པ་ཞེས་པ་སྟེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ལྟར་ཡང་འཇིག་རྟེན་སྣང་བ་ལས་ཀྱང་གསུངས་པ། མི་རྟོག་པ་ནི་ཟབ་པ་ཡིན། [225a.2]བདག་གཞན་འབྱུང་བ་རྒྱས་པའོ། །ཟད་མེད་ཅེས་པ་ནི་ཆོས་ཉིད་དེ་འདུས་མ་བྱས་པའི་ཕྱིར་བསྐལ་པ་གྲངས་མེད་པ་གཞན་དུ་ཡང་དེ་བཞིན་དུ་གནས་པའི་ཕྱིར་རོ། །དེ་ལྟར་ཡང་དེ་ཉིད་དུ་འདུས་པ་ལས་གསུངས་པ། དེ་བཞིན་གཤེགས་པ་བྱུང་ཡང་རུང་དེ་བཞིན་གཤེགས་པ་མ་བྱུང་ཡང་རུང་ [225a.3]ཆོས་ཉིད་དེ་བཞིན་དུ་གནས་པའོ་ཞེས་སོ། །ཉོན་ཅིག་ཅེས་པ་ནི་བུམ་པ་ཁ་མར་སྦུབས་བ་དང་། བུམ་པ་ཞབས་རྡོལ་བ་དང་། བུམ་པ་མི་གཙང་བས་གང་བ་ལྟ་བུའི་སྐྱོན་གསུམ་སྤངས་ཏེ། དད་པ་དང་། བརྩོན་འགྲུས་དང་། ཡང་དག་པའི་ལྟ་བ་གསུམ་དང་ལྡན་ན། །རྣ་བའི་དབང་ [225a.4]པོས་སྒྲ་ལ་དམིགས། །ཞེས་སྨྲ་བའོ། །ཡང་ན་ཤེས་རབ་གསུམ་དང་ལྡན་ནས་ཉོན་ཅིག་ཅེས་སྨྲ་བའོ། །སྤྱན་མ་ཞེས་པ་ནི་བོད་པའི་ཚིག་གོ། །བཤད་པར་བྱ་ཞེས་པ་ནི་གནང་བའི་ཚིག་གོ། །བཤད་པར་དམ་བཅའ་བའོ། །ད་ནི་རེ་ཞིག་ཆོས་ཉིད་དེའི་ཡོན་ཏན་བསྟན་པ་ནི་དཔྱད་དུ་མེད་ [225a.5]ཅིང་ཞེས་པ་ལ་སོགས་པ་སྟེ། དེ་ལ་དཔྱད་དུ་མེད་ཅིང་ཞེས་པ་ནི་མངོན་སུམ་དང་རྗེས་སུ་དཔག་པས་ཤེས་སུ་མེད་པའོ། །དེ་ལ་མངོན་སུམ་གྱིས་མི་ཤེས་པ་ནི་དབང་པོའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པས་དཔྱད་དུ་མེད་པ་ལ་སོ་སོ་ཡང་དག་པར་རིག་པ་དང་རྣམ་ [225a.6]པར་མི་རྟོག་པའི་ཡེ་ཤེས་ཀྱིས་དཔྱད་པའོ། །འོ་ན་གཉིས་ཀྱིས་དཔྱད་པ་དེ་ལ་དཔྱད་དུ་མེད་ཅིང་ཞེས་བསྟན་པའི་ཕྱིར་ཞེ་ན་ལན་བཏབ་པ། དབང་པོའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཀྱིས་དཔྱད་དུ་མེད་པའི་ཕྱིར་རོ། །དཔེར་ན་རྟ་རྐང་ལག་གསུམ་ཡོད་བཞིན་དུ་ལག་པ་ [225a.7]གཅིག་བཅད་ན་འཇིག་རྟེན་པས་རྟ་རྐང་མེད་གཅིག་ཅེས་བརྗོད་པ་ལྟ་བུའོ། །རྗེས་སུ་དཔག་པ་གཉིས་ཀྱིས་ཀྱང་དཔྱད་དུ་མེད་པ་སྟེ། མཚན་གསུམ་དང་རྟགས་གསུམ་གྱིས་དཔྱད་དུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ནི་ཇི་ལྟར་སྣང་བ་དེ་བཞིན་དུ་མ་ཡིན་པའི་ཕྱིར་རོ། །དེ་བས་ [225b] [225b.1]ན་ཤེས་བྱ་མིན་ཞེས་པ་སྟེ་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་གྱི་ཕྱིར་རོ། །དེ་ལྟར་ཡང་རབ་ཏུ་བྱེད་པ་ཉི་ཤུ་པ་ལས་གསུངས་པ། རང་སེམས་ཡེ་ཤེས་མི་ཤེས་པས། །ཇི་ལྟར་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་སོ། །དེའི་ཕྱིར། །དེ་བཞིན་དཔྱད་མཁན་གྱིས་ཤེས་དཀའ། །ཞེས་པ་སྟེ་ [225b.2]ཤེས་རབ་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིས་མཐོང་བ་དང་ཐོས་པ་ཙམ་གྱིས་མི་རྟོགས་པའི་ཕྱིར་རོ། །འོ་ན་ཅི་འདྲ་ཞེ་ན་གསུངས་པ། སངས་རྒྱས་ཀུན་གྱི་གསང་ཆེན་ནི། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་ལོ། །ཞེས་པ་སྟེ་དེ་ལ་སངས་རྒྱས་ཀྱང་དེ་ཀུན་ཡང་དེ་བས་སངས་རྒྱས་ཀུན་ཞེས་པ་ [225b.3]སྟེ། ཕྱོགས་བཅུ་ན་བཞུགས་པའི་གངྒཱའི་ཀླུང་གི་བྱེ་མ་ལྟ་བུའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་འདིར་འདོད་དེ་འདི་ལྟ་སྟེ། གསང་བའི་རྒྱུད་རྡོ་རྗེ་ཐེག་པ་ལས་སངས་རྒྱས་པ་ནི་བླ་ན་མེད་པ་ཡིན་ཏེ་དེའི་གོང་དུ་ཐེག་པ་གཞན་མེད་པའི་ཕྱིར་རོ། [225b.4]ཡང་དག་པ་ཡང་ཡིན་ཏེ་ཐེག་པ་ཆེན་པོ་ལ་གནས་པའི་ཕྱིར་རོ། །སྦྱོར་བའི་རྒྱུད་དང་། བྱ་བའི་རྒྱུད་དང་། མདོ་སྡེ་ཆེན་པོའི་ཐེག་པ་ལ་སངས་རྒྱས་པ་ནི་ཐེག་པ་གོང་ན་ཡོད་པས་བླ་དང་བཅས་པ་ཡིན་ལ་ཡང་དག་པར་རྫོགས་པ་ཡིན་ཏེ། ཐེག་པ་ཆེན་པོ་ལ་གནས་པའི་ཕྱིར་རོ། །ཐེག་ [225b.5]པ་ཆུང་ངུ་ལས་སངས་རྒྱས་པའི་ཉན་ཐོས་དང་རང་སངས་རྒྱས་ནི་བླ་དང་བཅས་པ་ཡང་མ་ཡིན། ཡང་དག་པར་རྫོགས་པ་ཡང་མ་ཡིན་ཏེ། ཐེག་པ་གོང་ན་ཡོད་པའི་ཕྱིར་དང་ཡང་ཐེག་པ་ཆུང་ངུ་ལས་ཕྱིར་ལྡོག་དགོས་པའི་ཕྱིར་རོ། །དེ་ལྟ་བས་ན་སངས་རྒྱས་རྣམ་པ་གསུམ་དུ་ཤེས་པར་ [225b.6]བྱའོ། །དེ་རྣམས་ཀྱི་གསང་ཆེན་ནི་ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་ལོ། །ཞེས་པ་ནི་སྟོང་པ་ཉིད་ཀྱི་སེམས་ཀྱིས་དམིགས་པ་མེད་པར་སྟོང་པ་ཉིད་བསྒོམ་པའོ། །དེ་ལྟར་ཀླུ་སྒྲུབ་ཞབས་ཀྱིས་དབུ་མ་ལས་གསུངས་པ། དམིགས་པ་མེད་པའི་སེམས་དག་ [225b.7]ནི། །ནམ་མཁའི་མཚན་ཉིད་དུ་གནས་ཏེ། །ནམ་མཁའི་སྒོམ་པ་ཁོ་ན་དེ། །སྟོང་པ་ཉིད་བསྒོམ་འདོད་པའོ། །ཞེས་སོ། །དེ་བས་ན་གསང་ཆེན་ནི་ཐེག་པ་ཆུང་ངུ་བ་རྣམས་ཀྱིས་ཀྱང་མི་ཤེས་པའི་དོན་གསུངས་པ། མི་ཤེས་མུན་པས་སྒྲིབ་པས་ན། །ཉན་ཐོས་རྣམས་ཀྱིས་ཤེས་པ་མིན། ། [226a] [226a.1]ཞེས་པ་སྟེ། དེ་ལ་མི་ཤེས་ཞེས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པས་མི་ཤེས་པ་སྟེ། ཉན་ཐོས་རྣམས་དང་རང་སངས་རྒྱས་ལ་ཐམས་ཅད་མཁྱེན་པ་དང་མི་ལྡན་པའི་ཕྱིར་རོ། །མི་ཤེས་ཀྱང་དེ་མུན་པ་ཡང་དེ་བས་ན་མི་ཤེས་མུན་པ་ཞེས་པ་སྟེ། ཡང་དག་པའི་དོན་རྣམ་པར་མི་རྟོག་པའི་ཡེ་ [226a.2]ཤེས་ལ་མི་གསལ་བར་བྱེད་པའི་ཕྱིར་རོ། །དེས་བསྒྲིབས་པ་ནི་མི་ཤེས་མུན་པས་བསྒྲིབས་པས་ཞེས་པ་སྟེ། ཉན་ཐོས་ཀྱིས་ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར་རོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། རབ་འབྱོར་དེ་བཞིན་གཤེགས་པའི་ཟག་པ་མེད་པའི་ཕུང་པོ་མཐོང་ངམ། [226a.3]བཅོམ་ལྡན་འདས་མ་མཐོང་ཞེས་སོ། །དེ་ལྟ་བས་ན། ཉན་ཐོས་རྣམས་ཀྱིས་ཤེས་པ་མིན། །ཞེས་པ་སྟེ། དེ་ལ་ཉན་ཐོས་ཞེས་པ་ནི་ཉན་ཐོས་ཀྱི་སངས་རྒྱས་ཏེ། སྟོན་པ་ལ་ཉན་ཞིང་ཐོས་ནས་ངེས་པར་འབྱེད་པའི་ཆ་བཞི་མཐར་ཕྱིན་ཏེ་མཐོང་བའི་ལམ་མངོན་དུ་གྱུར་པའི་ཕྱིར་རོ། །དེ་རྣམས་ཀྱིས་ཤེས་པ་མིན་ཞེས་པ་ [226a.4]སྟེ་གཟུང་བ་དང་འཛིན་པ་མ་སྤངས་པའི་ཕྱིར་རོ། །སྤྱོད་ཡུལ་ཞེས་པ་སྟེ་གཟུགས་ལ་སོགས་པའི་ཕྱིའི་སྐྱེ་མཆེད་དྲུག་གོ། །དེ་དག་ཚེ་སྔ་མའི་ལས་ཀྱི་དབང་གིས་མེད་པར་སྣང་བ་ནི་སྤྱོད་ཡུལ་བག་ཆགས་ཞེས་སོ། །དེ་ནི་ཀུན་བརྟགས་ཙམ་དུ་རྟོགས་པ་ནི། སྤྱོད་ཡུལ་བག་ཆགས་ཤེས་མཁན་ནི། །རང་སངས་ [226a.5]རྒྱས་སུ་སྤྲུལ་པ་སྟེ། །ཞེས་པ་སྟེ། དེ་ལ་རང་སངས་རྒྱས་ཞེས་པ་ནི་ཚེ་འདིའི་སྔོན་དུ་ངེས་པར་འབྱེད་པའི་ཆ་བཞི་མཐར་ཕྱིན་ནས་མཐོང་བའི་ལམ་དུ་ཞུགས་མ་ཁད་ལ་ཚེ་འདས་ནས་ཕྱི་མའི་ཚེ་ལ་སྟོན་པ་ལ་ཉན་ཞིང་ཐོས་མི་དགོས་པར་རང་གིས་ངེས་པར་འབྱེད་པའི་ཆ་བཞི་མཐར་ཕྱིན་ཏེ་མཐོང་བའི་ལམ་རང་ [226a.6]མངོན་དུ་གྱུར་པའི་ཕྱིར་རོ། །སྤྲུལ་པ་སྟེ་ཞེས་པ་ནི་དབྱུང་བའོ། །དེ་ཀུན་གྱིས་ཀྱང་ཞེས་པ་ནི་རང་སངས་རྒྱས་ཀུན་གྱིས་ཀྱང་མི་ཤེས་པ་སྟེ། འཛིན་པའི་རྟོགས་པ་མ་སྤངས་པའི་ཕྱིར་རོ། །དེ་ལྟར་ཡང་མངོན་པར་རྟོགས་པའི་རྒྱན་ལས་གསུངས་པ། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ [226a.7]ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པས་ཤེས་པར་བྱ། །ཞེས་སོ། །ཀྱང་གི་སྒྲས་ནི་ཉན་ཐོས་ཀྱིས་མི་ཤེས་པ་དེ་རང་སངས་རྒྱས་ཀྱིས་ཀྱང་ཤེས་པ་མ་ཡིན་ནོ་ཞེས་པའི་དོན་སྙེག་པ་ཡིན་པའོ། །ཤེས་མེད་སོ་སོའི་སྐྱེ་བོ་ཡིས། །ཞེས་པ་ནི་མི་ཤེས་པའི་སྒྲ་ནི་གོང་མ་ལ་སྙེག་པ་སྟེ། སོ་སོའི་སྐྱེ་བོ་ [226b] [226b.1]ཡིས་ཀྱང་མི་ཤེས་ཞེས་པའི་ཐ་ཚིག་གོ། །དེ་ལ་ཤེས་མེད་ཅེས་པ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པ་སྟེ་སོ་སོའི་སྐྱེ་བོ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཅན་ཡིན་པའི་ཕྱིར་རོ། །ཤེས་མེད་ཀྱང་དེ་སོ་སོའི་སྐྱེ་བོ་ཡང་དེ་བས་ན་ཤེས་མེད་སོ་སོའི་སྐྱེ་བོའི་ཞེས་པ་སྟེ། འཕགས་པ་ལས་གཞན་དུ་གྱུར་པ་སྟེ། [226b.2]འཕགས་པའི་ཆོས་མཐོང་བའི་ལམ་མ་ཐོབ་པའི་ཕྱིར་དང་མི་དགེ་བ་ལས་མ་གྲོལ་བའི་ཕྱིར་རོ། །དུས་ཀུན་ལ་མི་ཤེས་པའི་དོན་བསྟན་པ། མ་འོངས་པ་དང་། འདས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་ལ་ཞེས་པ་སྟེ་གོ་སླའོ། །བྱོལ་སོང་ཞེས་པ་ནི་ལྷ་དང་མིའི་འགྲོ་བ་ལས་བྱོལ་ནས་སོང་ [226b.3]བ་ངན་སོང་གསུམ་མོ། །དེའི་མི་དགེ་བའི་ལས་ནི་བྱོལ་སོང་བག་ཆགས་ཞེས་སོ། །དེ་ལས་སྐྱེ་བ་ནི་དེ་ལས་བྱུང་བའི། དུད་འགྲོ་ཡི་དགས་སྐྱེ་བ་རྣམས། །ཞེས་པ་སྟེ། དེ་ལ་དུད་འགྲོ་ཞེས་པ་ནི་ལྷ་དང་མིའི་འགྲོ་བ་མ་གཏོགས་པར་ཕྱུགས་ཀྱི་ཁམས་སུ་གཏོགས་པ་ཡིན་པ་དེ་དུད་དེ་འགྲོ་བས་ན་དུད་ [226b.4]འགྲོ་ཞེས་པ་སྟེ་དེ་ནི་མི་འམ་ཅི་ལ་སོགས་པའོ། །འོན་ཀྱང་ཕྱུགས་ལ་སོགས་པ་དོན་གྱིས་ཤེས་པར་བྱའོ། །ཡི་དགས་ཞེས་པ་ནི་འདི་ལས་ཡེ་ནས་ཕྱིར་མི་ལྡོག་པར་འདས་པའོ། །ཡང་ན་བཀྲེས་པ་དང་སྐོམ་པས་སྡུག་བསྔལ་བའོ། །འགྲོ་བ་དེ་གཉིས་ལ་ལྷུང་བ་ནི། དུད་འགྲོ་ཡི་དགས་སྐྱེས་པ་རྣམས། །ཞེས་པའོ། ། [226b.5]དེ་ཀུན་གྱིས་ཀྱང་མི་ཤེས་ཏེ། །ཞེས་པ་ནི་ངན་སོང་གསུམ་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པའི་ཕྱིར་རོ། །མི་ཤེས་པ་གང་ཞེ་ན་གསུངས་པ། སངས་རྒྱས་སྤྱོད་ཡུལ་གསང་ཆེན་ནི། །ཞེས་པ་སྟེ་ཡིག་འབྲུ་ནི་བཅོམ་ཟིན་ཏོ། །དེ་ལྟར་ཆོས་ཉིད་ཀྱི་ཆེ་བའི་ཡོན་ཏན་བསྟན་ཟིན་ནས། ད་ནི་དོན་བསྟན་པ་ལ། རེ་ཞིག་དང་ལ་ [226b.6]ཆོས་ཀྱི་དབྱིངས་རྣམ་པར་འཕྲོ་བ་ནི། གང་ལས་སྐྱེ་བར་འགྱུར་བ་ལགས། །ཞེས་པའི་ལན་གསུངས་པ། སྙིང་པོ་ཤིན་ཏུ་སྙིང་པོ་མཆོག །ཅེས་པ་ལ་སོགས་པ་སྟེ། དེ་ལ་སྙིང་པོ་ཞེས་པ་ནི་ཕྱིའི་དཀྱིལ་འཁོར་ཏེ། གཡོ་བ་མེད་པའི་ཕྱིར་དང་། འདོད་པའི་འབྲས་བུ་སྨིན་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་འཇིག་ [226b.7]རྟེན་སྣང་བ་ལས་ཀྱང་གསུངས་པ། སྙིང་པོ་འདུས་ཕྱིར་དཀྱིལ་འཁོར་གསུངས། །ཞེས་པ་སྟེ། དཀྱིལ་འཁོར་དེ་ལས་ཁྱད་པར་དུ་གྱུར་པ་ནི། སྙིང་པོ་ཤིན་ཏུ་སྙིང་པོ་མཆོག །ཅེས་པ་སྟེ་འོག་ནས་འབྱུང་བའི་ལུས་ཀྱི་དཀྱིལ་འཁོར་ཕྲ་མོའི་ཏིང་ངེ་འཛིན་ཏེ་དཀྱིལ་འཁོར་ཤིན་ཏུ་ཟབ་པའི་ཕྱིར་རོ། །དེ་མྱ་ངན་ལས་འདས་ [227a] [227a.1]བའི་ངོ་བོར་གྱུར་པའི་ཕྱིར་མཆོག་ཅེས་སོ། །ཡང་ན་སྙིང་པོ་ཞེས་པ་ནི་སྐུ་གསུང་ཐུགས་ཏེ། ཁམས་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྐུ་གསུང་ཐུགས་དེའི་རང་བཞིན་དུ་གྱུར་པ་ནི་ཤིན་ཏུ་སྙིང་པོ་ཞེས་པ་སྟེ། རྡོ་རྗེ་སེམས་དཔའི་ངོ་བོ་བདེ་བ་ཆེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སོ། །དེ་ཡང་ཅི་ [227a.2]འདྲ་ཞེ་ན། གང་དེ་ཀུན་བདག་ལ་གནས་པ། །ཞེས་པ་སྟེ་བཅུད་དང་སྣོད་ཀྱི་རང་བཞིན་དུ་ཁྱབ་པའོ། །སངས་རྒྱས་ཀུན་གྱི་གསང་ཆེན་ནི། །ལྷ་མོ་ཁྱོད་ལ་བཤད་པར་བྱ། །ཞེས་པ་ནི་བཤད་ཟིན་ཏོ། །ཕྲ་མོའི་ཏིང་ངེ་འཛིན་བསྟན་པ་བྱང་ཆུབ་སེམས་ཞེས་པ་ལ་སོགས་པ་སྟེ། དེ་ལ་བྱང་ཆུབ་སེམས་ཞེས་པ་ནི་བཤད་ཟིན་ [227a.3]ཏོ། །དེ་ཉིད་བདག་ཅེས་པ་སྟེ་གཟུང་བ་དང་འཛིན་པའི་སྐྱོན་གྱིས་མ་གོས་པའི་ཕྱིར་རོ། །དེ་ལྟར་སེམས་ཙམ་ལས་གསུངས་པ། གཞན་གྱི་བློ་ཡིས་ཚོར་བ་མིན། །དེས་ཀྱང་གཞན་ལ་ཚོར་བ་མིན། །གཟུང་འཛིན་དང་ནི་བྲལ་བའི་ཕྱིར། །རང་དེ་ཁོ་ནར་སྣང་བར་འགྱུར། །ཞེས་པའོ། །དེ་བས་ན་རང་བཞིན་འོད་གསལ་བ་ཞེས་པ་སྟེ། [227a.4]ནམ་མཁའ་བཞིན་དུ་ཉོན་མོངས་པའི་དྲི་མ་གློ་བུར་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རབ་ཏུ་བྱེད་པ་དབུས་མཐའ་ལས་གསུངས་པ། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་སོ། །ཕྲ་མོའི་ཏིང་ངེ་འཛིན་དེའི་མདོག་བསྟན་པ། ཟླ་བའི་ཤེལ་དང་མཉམ་པའི་འོད། །ཅེས་པ་སྟེ་ཆུ་ཤེལ་གྱི་ [227a.5]མདོག་དང་འདྲ་བ་དཀར་བའོ། །ཕྲ་མོའི་ཏིང་ངེ་འཛིན་གྱི་དངོས་པོ་བསྟན་པ། དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། །ཞེས་པ་སྟེ་དེ་ལ་དེ་ཉིད་ཅེས་པ་ནི་བསྐལ་པ་གཞན་དང་གཞན་དུ་ཡང་མི་འགྱུར་བའི་ཕྱིར་རོ། །ཡང་ན་དེ་ཉིད་ཅེས་པ་ནི་རིགས་ལྔའི་རང་བཞིན་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ [227a.6]ལས་གསུངས་པ། དེ་ཁོ་ན་ཉིད་རིགས་ལྔར་གསུངས། །ཞེས་སོ། །ཡེ་ཤེས་ལྔ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཀུན་ [227a.7]གཞི་གནས་གྱུར་པ་དེ་བཞིན་ཉིད་དང་སྟོབས་བཅུའི་ངོ་བོ་རྡོ་རྗེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཤེས་བྱའི་སྒྲིབ་པ་བསལ་བར་བྱེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དཔེར་ན་མེ་ལོང་ལ་བསྟན་པའི་རྫས་གསལ་བ་བཞིན་དུ་ཆོས་ཉིད་ལ་ཆོས་ཐམས་ཅད་གསལ་བར་རྟོགས་པའི་ཕྱིར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཉོན་མོངས་པའི་ [227b] [227b.1]ཡིད་གནས་གྱུར་པ་ཡང་དག་པའི་མཐའ་དང་མི་འཇིགས་པ་བཞིའི་ངོ་བོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉོན་མོངས་པའི་སྒྲིབ་པ་བསལ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། བདག་དང་གཞན་དུ་མི་འབྱེད་པའི་ཕྱིར་རོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་གནས་གྱུར་པ་ [227b.2]མཚན་མ་མེད་པ་དང་། ཡང་དག་པར་རིག་པ་བཞིའི་ངོ་བོར་གྱུར་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལས་ཀྱི་སྒྲིབ་པ་བསལ་བ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་དོན་དམ་ [227b.3]པ་དང་སྙིང་རྗེ་ཆེན་པོའི་ངོ་བོར་གྱུར་པ་མི་དམིགས་པའི་སྙིང་རྗེ་ཆེན་པོའི་རང་བཞིན་སྐྱེ་བའི་སྒྲིབ་པ་བསལ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སེམས་ཅན་ཀུན་གྱི་དོན་བྱེད་པའི་ཕྱིར་རོ། །དེ་བཞིའི་ནི་བར་ཆད་མེད་པའི་ལམ་ལ་ཟད་པའི་ཡེ་ཤེས་ངོས་འཛིན་པར་བྱའོ། །ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ [227b.4]ཡེ་ཤེས་ནི། ཆོས་ཀྱི་དབྱིངས་དང་སྟོབས་ལ་སོགས་པ་གོང་གི་ཆོས་བཞིའི་ངོ་བོར་རྣམ་པར་གྲོལ་པའི་ལམ་དུ་མི་སྐྱེ་བའི་རང་བཞིན་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སངས་རྒྱས་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྔའི་ངོ་བོར་གྱུར་པ་ནི་ཡེ་ཤེས་ལྔའི་དངོས་ཞེས་པ་སྟེ། ཡེ་ཤེས་ལྔ་དང་ཕྲ་མོ་ [227b.5]དབྱེར་མེད་པའི་ཕྱིར་རོ། །ཕྲ་མོའི་ཚད་གསུངས་པ། ཡུངས་ཀར་ཆེ་བའི་ཚད་ཙམ་མོ། །ཞེས་ཏེ་གོ་སླའོ། །དེའི་དབུས་སུ་ཞེས་པ་ནི་ཡུངས་ཀར་གྱི་དཀྱིལ་ལོ། །དེ་ལ་བཀོད་པའི་ཡི་གེ་ཀྵཱུཾ་ནི་བཞུགས་པའི་ལྷ་ཞེས་པ་སྟེ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཅི་འདྲ་ཞེ་ན། མི་གསལ་གསལ་བའི་གཟུགས་ཅན་ཏེ། ། [227b.6]ཞེས་པ་སྟེ། དེ་ལ་མི་གསལ་ཞེས་པ་ནི་འཁོར་བའི་དུས་སུ་རང་རིག་པའི་ཡེ་ཤེས་ནི་བུ་མོའི་བདེ་བ་བཞིན་དུ་གཞན་ལ་བསྟན་དུ་མེད་པའི་ཕྱིར་རོ། །གསལ་བ་ཞེས་པ་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་དུས་སུ་མངོན་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་སུམ་ཅུ་པ་ལས་གསུངས་པ། དགྲ་བཅོམ་ཉིད་ལ་དེ་འགྱུར་ཏེ། །དེ་ལ་ [227b.7]བརྟེན་ནས་གནས་པའོ། །ཞེས་སོ། །དེ་འདྲ་བའི་ངོ་བོ་ནི་མི་གསལ་བའི་གཟུགས་ཅན་ཏེ་ཞེས་པའོ། །ཕྱེད་ཚད་ཙམ་གྱི་ཕྲ་མོའི་མཆོག །ཅེས་པ་ནི་ཡུངས་ཀར་གྱི་ཕྱེད་ཕྲ་བ་ཡིག་འབྲུའི་མཆོག་གི་ཚད་དོ། །དོན་ནི་འདི་ལྟར་བསྒོམ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་ཐིམ་ནས། ལྷག་པའི་བྱང་ཆུབ་སེམས་སུ་ [228a] [228a.1]གྱུར་ནས་གསང་བའི་རྡོ་རྗེའི་ལམ་ནས་ཕྱུང་སྟེ། རང་གི་རིག་མའི་གསང་བའི་པདྨའི་སྣའི་རྩེ་མོ་ལ་རྡོ་རྗེར་གྱུར་པ་བསྒོམས་ཏེ། རྡོ་རྗེ་དེའི་དཀྱིལ་དུ་ཡུངས་ཀར་གྱི་ཚད་ཕྲ་མོ་ལ་ཡེ་ཤེས་ཀྵཱུཾ་བསྒོམ་པའོ། །དེ་མཚན་མ་ལྔ་མ་བྱུང་གི་བར་དུ་བསྒོམ་པ་སྟེ། མཚན་མ་ལྔ་བྱུང་མ་ཐག་འཕྲོ་བ་བསྒོམ་པའོ། །མཚན་མ་ལྔ་ནི་གསང་ [228a.2]བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། དང་པོ་སྨིག་རྒྱུ་འདྲ་བ་དང་། གཉིས་པ་ལ་ནི་དུ་བའི་ཚུལ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་བཞིན་དུ་འབར། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་པ་ཡི་ནམ་མཁའ་བཞིན། །ཞེས་སོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ལས་གསུངས་པ། རིན་ཆེན་ཁ་ [228a.3]དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་རེད་ནས་སྤྲོ། །བརྟན་པར་མ་གྱུར་ཡང་མི་སྤྲོ། །ཞེས་སོ། །དེ་ལྟར་ཕྲ་མོའི་ཏིང་ངེ་འཛིན་བསྟན་ནས། ཐིག་ལེའི་ཏིང་ངེ་འཛིན་བསྒོམ་པ་བསྟན་པ། ཡིད་ཀྱི་དངོས་པོ་ཐིག་ལེའི་གཟུགས། །ཞེས་པ་ [228a.4]ལ་སོགས་པ་སྟེ། དེ་ལ་ཡིད་ཅེས་པ་ནི་རྣམ་པར་མི་རྟོག་པའི་ངོ་བོའོ། །དེ་ལྟར་ལང་ཀར་གཤེགས་པའི་མདོ་ལས་ཀྱང་གསུངས་པ། ལས་ནི་སེམས་ཀྱིས་སྡུད་པར་བྱེད། །ཡིད་ཀྱིས་ཀྱང་ནི་རྣམ་པར་བརྟགས། །རྣམ་ཤེས་ཀྱིས་ནི་ཤེས་བྱ་སྟེ། །ལྔ་དག་གིས་ནི་མཐོང་བར་བརྟགས། །ཞེས་སོ། །དེའི་ངོ་བོར་གྱུར་པའི་ཐིག་ལེ་ནི་ཡིད་ [228a.5]ཀྱི་དངོས་ཞེས་པ་སྟེ་ཡིད་དང་ཐིག་ལེ་དབྱེར་མེད་པའི་ཕྱིར་རོ། །དོན་དེ་ཁོ་ན་སྟོན་པ་ཐིག་ལེའི་གཟུགས་ཞེས་པ་སྟེ་སྲན་མའི་འབྲུ་ཚད་ཙམ་གྱི་ཐིག་ལེའོ། །དེ་ལྟར་ཡང་གསང་བ་འདུས་པའི་སྒྲུབ་ཐབས་ཟླ་བ་ལས་གསུངས་པ། འབྲུ་ཙ་ན་ཀའི་ཐིག་ལེའི་འབྲས་བུ་ཞེས་སོ། །དེའི་གནས་བསྟན་པ། རྟག་ཏུ་སྙིང་གའི་དབུས་གནས་ [228a.6]པ། །ཞེས་ཏེ་དེ་ལ་རྟག་ཏུ་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་དང་དུས་གསུམ་མོ། །སྙིང་ཞེས་པ་ནི་ལུས་ཀྱི་ཡན་ལག་སྒོ་ལྔ་ལྟ་བུ་ལ་བྱ་སྟེ། འདིར་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནི་མ་ཡིན་ནོ། །དབུས་གནས་པ་ཞེས་པ་ནི་ཐིག་ལེ་རང་གི་སྙིང་གི་དཀྱིལ་དུ་བསྒོམ་པའོ། །འོད་ཟེར་ཆེན་པོ་འབར་བ་ཅན། །ཞེས་པ་ནི་ [228a.7]ཐིག་ལེ་སྟེ་ཀུན་དུ་འོད་ཟེར་སྣང་བར་བྱེད་པའོ། །དོན་ནི་འདི་ལྟར་བསྒོམ་སྟེ། རྣལ་འབྱོར་པ་རང་གི་སྙིང་གའི་དཀྱིལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ཏེ། བྱང་ཆུབ་སེམས་ཀྱི་འོད་དུ་གྱུར་ནས་འབྲུ་ཙ་ན་ཀའི་ཚད་ཡིད་དང་དབྱེར་མེད་པའི་ཐིག་ལེ་བསྒོམས་ནས་དེའི་དཀྱིལ་དུ་ཡི་གེ་ཀྵཱུཾ་གོང་མ་བཞིན་དུ་བསྒོམས་ཏེ། དེ་ལས་བྱུང་ [228b] [228b.1]བའི་འོད་ཀྱི་ཐིག་ལེ་གསལ་བར་བྱས་ཏེ། དེ་ལས་བྱུང་བས་རང་གི་སྙིང་ག་གསལ་བར་བྱེད། སྙིང་ག་ནས་བྱུང་བས་རང་གི་ལུས་ཀུན་གསལ་བར་བྱེད། ལུས་ཀྱི་བ་སྤུ་ནས་བྱུང་སྟེ་འཇིག་རྟེན་ཐམས་ཅད་གསལ་བར་བྱས་ཏེ། ཕྱིར་ལོག་པ་རིམ་པ་བཞིན་དུ་ཐིམ་ནས་ཡིག་འབྲུ་དང་གཅིག་ཏུ་གྱུར་པར་བསྒོམ་མོ། །དེ་ནི་བསྒོམ་པའི་ [228b.2]མན་ངག་གོ། །ཡང་ལྷག་པའི་བྱང་ཆུབ་སེམས་ཚེས་གྲངས་ཀྱི་རིམ་པས་གནས་པའི་གནས་བསྟན་པ། ཇི་སྙེད་དགུག་པའི་བར་དུ་ནི། །ཞེས་ཏེ་ནུ་མ་དང་། ལག་པའི་རྩེ་མོ་དང་། མགྲིན་པ་དང་། མཆུ་དང་། འགྲམ་པ་དང་། མིག་དང་རྣ་བའི་རྩ་དང་། སྤྱི་བོ་དང་། གསང་བའི་ཡན་ལག་མཆོག་རྣམས་ཏེ་དགུའོ། །དེ་རྣམས་ལ་ཡང་ངོ་ལ་ནི་ [228b.3]མར་བརྩི་སྟེ་མར་ངོ་ལ་ནི་ཡར་བརྩི་བར་བྱའོ། །དེ་ལྟར་འདོད་པའི་གཙུག་ལག་བརྒྱད་བརྒྱད་ལ་ཡང་གསུངས་པ། ནུ་མ་ལག་རྩེ་མགྲིན་པ་དང་། །མ་མཆུ་དེ་བཞིན་འགྲམ་པ་མིག །སྣ་རྩེ་སྤྱི་བོ་ཡན་ལག་མཆོག །དེ་དག་ཀུན་ལ་གདུང་བྱེད་པས། །ནམ་ཟླ་ཡར་ཚེས་མར་ཡར་ནི། །ཟླ་བ་མར་ཚེས་ལོག་པར་བཤད། །ཅེས་སོ། །ཡང་ལྷག་ [228b.4]པའི་བྱང་ཆུབ་སེམས་ཀྱི་གནས་བཅོ་ལྔ་ལ་སྒྲ་ཡིག་བཅུ་དྲུག་ཏུ་བསྒོམ་པ་བསྟན་པ། དཔྲལ་བ་ལ་གནས་རྐང་མཐིལ་བར། །ཞེས་པ་སྟེ་མཐེ་བོང་རྩ་ལ་ཡི་གེ་ཨ། རྗེ་ངར་ལ་ཨཱ་དང་། བརླ་གཉིས་ལ་ཨི་དང་། གསང་བ་ལ་ཨཱི་དང་། ལྟེ་བ་ལ་ཨུ་དང་། གསུས་པ་ལ་ཨཱུ་དང་། ནུ་མ་ལ་རྀ་དང་། ལག་པ་ལ་རཱྀ་དང་། མགྲིན་ [228b.5]པ་ལ་ལྀ་དང་། མ་མཆུ་ལ་ལཱྀ་དང་། འགྲམ་པ་ལ་ཨེ་དང་། མིག་གཉིས་ལ་ཨཻ་དང་། རྣ་བའི་རྩ་ལ་ཨོ་དང་། སྤྱི་བོར་ཨཽ་དང་། ལུས་ཀུན་ལ་ཨཾ་ཨཿརྣམས་ཀྱི་གཟུགས་སུ་བསྒོམ་པའོ། །དེ་ལྟར་ཡང་འདོད་པའི་གཙུག་ལག་བརྒྱད་བརྒྱད་ལས་གསུངས་པ། མཐེ་བོ་རྩེར་ནི་ཡི་གེ་ཨ། །རྗེ་ངར་གཉིས་ལ་དེ་བཞིན་ཨཱ། །བརླ་གཉིས་ [228b.6]ལ་ནི་ཡི་གེ་ཨི། །ཡི་གེ་ཨཱི་ནི་གསང་བར་རྟེན། །ལྟེ་བའི་རྩ་ལ་ཡི་གེ་ཨུ། །དེ་བཞིན་གསུས་པར་ཡི་གེ་ཨཱུ། །ནུ་མའི་རྩེ་ལ་ཡི་གེ་རྀ། །ཡི་གེ་རཱྀ་ནི་ལག་པར་གནས། །མགྲིན་པ་ཁོ་ནར་ཡི་གེ་ལྀ། །དེ་བཞིན་མ་མཆུར་ཡི་གེ་ལཱྀ། འགྲམ་པའི་ཕྱོགས་སུ་ཡི་གེ་ཨེ། །དེ་བཞིན་ཨཻ་ནི་མིག་གཉིས་ལ། །རྣ་བའི་རྩར་ནི་ [228b.7]ཡི་གེ་ཨོ། །ཡི་གེ་ཨཽ་ནི་སྤྱི་བོར་གནས། །ཨཾ་ཨཿཡན་ལག་ཀུན་ལ་གནས། །ཆོ་ག་རྣམས་ནི་སྦྱར་བར་བྱ། །ཞེས་སོ། །ཐིག་ལེ་དེ་ཁོ་ནར་བསྡུས་ཏེ་ཞེས་པ་ནི་གནས་དགུ་དང་བཅོ་ལྔ་ལ་ཁྱབ་པའི་བྱང་ཆུབ་སེམས་སྙིང་གའི་པདྨའི་ཐིག་ལེ་ལ་དང་ལ་འདུས་པའི་དོན་ཏོ། །ལྟེ་བའི་དབུས་སུ་རྣམ་པར་གནས། ། [229a] [229a.1]ཞེས་པ་ནི་སྙིང་གི་པདྨ་ལས་བབས་ཏེ་ལྟེ་བའི་པདྨར་གནས་པའོ། །དེ་ལྟར་ཆོས་ཀྱི་དབྱིངས་སྐྱེ་བའི་ཁུངས་བསྟན་ནས། དང་པོ་ཇི་ལྟར་འོང་བ་ཡིན། །ཞེས་པའི་ལན་གསུངས་པ་ལ། རེ་ཞིག་གོང་དུ་བསྒོམ་པའི་ཡིག་རྩིས་བསྟན་པ། ཆ་ཤས་ལྔ་པ་ཅན་ཡིན་ཏེ། །ཞེས་པ་སྟེ་ཡི་གེ་ཀྵཱུཾ་ཡན་ལག་ལྔ་དང་ [229a.2]ལྡན་པའི་ཕྱིར་རོ། །འདི་ལྟ་སྟེ། ཐིག་ལེ་དང་། ཟླ་ཚེས་དང་། ཀ་དང་། ཥ་དང་། ཞབས་སྐྱེད་རིང་པོ་ཨུ་རྣམས་ཏེ་ལྔའོ། །དོན་དེ་བསྟན་པ། བཅུ་གཉིས་ཀྱི་ནི་ཐ་མ་ལ། །ཞེས་པ་སྟེ། མ་ནིང་གི་ཡི་གེ་རྀ་རཱྀ་དང་ལྀ་ལཱྀ་གཞག་པའི་སྒྲ་ཡིག་ཨཾ་ཨ་ལ་སོགས་པའི་བཅུ་གཉིས་ཀྱི་ཐ་མ་ནི་ཀའོ། །ཆ་ཤས་དྲུག་པས་མཚན་པ་ [229a.3]ཉིད། །ཅེས་པ་ནི་ཡ་ལ་སོགས་པ་དྲུག་པས་མཚན་པ་སྟེ་ཡི་གེ་ཥའོ། །ང་རོ་ཞེས་པ་ནི་ཞབས་སྐྱེད་ཨུའོ། །ཐིག་ལེས་རྒྱན་བྱེད་པ་ཞེས་པ་ནི་སྟེང་གི་ཟླ་ཚེས་དང་ཐིག་ལེའོ། །རྡོ་རྗེ་ཁོ་ནས་ཕྱུང་ནས་སུ། །ཞེས་པ་ནི་གསང་བའི་རྡོ་རྗེའི་ལམ་ནས་ལྷག་པའི་བྱང་ཆུབ་སེམས་ཡི་གེ་ཀྵཱུཾ་གི་ངོ་བོ་འཕྲོ་བ་བསྒོམ་པའོ། །ད་ནི། དེ་བཞིན་ཕྱིར་ [229a.4]འགྲོ་ཇི་ལྟར་ལགས། །ཞེས་པའི་ལན་གསུངས་པ། ས་བོན་སྐྱེ་གནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ས་བོན་ཞེས་པ་ནི་ཡི་གེ་ཀྵཱུཾ་སྟེ། ཁམས་གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །སྐྱེ་གནས་དབུས་གཞག་སྟེ་ཞེས་པ་གསང་བའི་པདྨའི་ནང་དུ་ཕབ་པའོ། །ཆོས་ཀྱི་དབྱིངས་ནི་བཞུ་བར་བྱེད། །ཅེས་པ་ནི་ཡི་གེ་ཀྵཱུཾ་ཆོས་ཐམས་ [229a.5]ཅད་ཀྱི་རྒྱུ་ལྷག་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའི་ཆུའི་ཁམས་སུ་གྱུར་པའོ། །ད་ནི། ཡན་ལག་མེད་པ་གང་དེ་ནི། །ཞེས་པ་ནས། ཁམས་རྣམས་སུ་ནི་འཇུག་པ་ཡང་། །ཞེས་པའི་བར་གྱིས་ལན་གསུངས་པ། དེ་ནི་རིམ་པར་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནི་ཞེས་པ་ནི་ཡན་ལག་མེད་པའི་ཆོས་ཀྱི་དབྱིངས་སོ། །རིམ་པར་བསྐྱེད་བྱས་ [229a.6]ནས་ཞེས་པ་ནི་མེར་མེར་པོ་དང་། ནུར་ནུར་པོ་དང་། ལྟར་ལྟར་པོ་དང་། མཁྲང་འགྱུར་དང་། རྐང་ལག་འདུས་པ་མངལ་གྱི་རིམ་པས་ལྔས་མིང་དང་གཟུགས་སུ་གྱུར་པའོ། །དོན་དེ་གསུངས་པ། སྒོ་དགུ་ལ་ནི་ཀུན་དུ་འགྲོ། །ཞེས་པ་སྟེ། སྤྱི་བོ་ཚངས་པའི་བུ་ག་དང་། མིག་དང་། རྣ་བ་དང་། སྣ་དང་། ཁ་དང་། སྙིང་ག་དང་། ལྟེ་བ་དང་། [229a.7]གསང་བ་དང་། ཆུ་མིག་གི་བུ་ག་རྣམས་ཏེ་དགུའོ། །དེ་རྣམས་ལ་བྱང་ཆུབ་ཀྱི་སེམས་ཁྱབ་པར་གྱུར་ཏོ་ཞེས་པའི་ཐ་ཚིག་གོ། །དེ་ལས་ཀྱང་འཕྲོ་བའི་དོན་གསུངས་པ། ཁྱབ་ཅིང་ཁྱབ་ནས་འགྲོ་ཀུན་ལ། །མི་གཡོ་ལ་སོགས་གཡོ་དང་བཅས། །ཞེས་ཏེ་གོ་རིམས་སུ་འགྲོ་བ་ཀུན་ལ་ནི་ཁྱབ་ཅིང་མི་གཡོ་བ་ལ་སོགས་པ་ནི་ཁྱབ་ལ་གནས་ [229b] [229b.1]པར་གྱུར་ཏོ་ཞེས་པའི་ཐ་ཚིག་གོ། །དེ་ལ་འགྲོ་ཀུན་ཞེས་པ་ནི་དུས་གསུམ་དང་ཁམས་གསུམ་གྱི་བཅུད་ཀྱི་འཇིག་རྟེན་འགྲོ་བ་རིགས་དྲུག་སྟེ། འདི་ནས་གཞན་དང་གཞན་དུ་བསྐྱེད་པའི་ཕྱིར་རོ། །མི་གཡོ་ཞེས་པ་ནི་རི་རབ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་ནོ། །སོགས་པའི་སྒྲས་ནི་གཞལ་ཡས་ཁང་ལ་སོགས་པའོ། །གཡོ་དང་བཅས་ [229b.2]ཞེས་པ་ནི་བར་སྣང་ལ་ལྡིང་བའི་གཞལ་ཡས་ཁང་ངོ་། །དོན་དེ་ཁོ་ན་གསལ་བར་བྱེད་པ་གསུངས་པ། ཚངས་སོགས་ལྷ་དང་ལྷ་མིན་གྱི། །གཞི་ནི་དེ་ལས་གྱུར་པའོ། །ཞེས་ཏེ་དེ་ལ་ཚངས་པ་ཞེས་པ་ནི་འདོད་པའི་ཉོན་མོངས་པ་ཞི་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་མུ་སྟེགས་པའི་གཞུང་གིས་ཚངས་པ་ཞེས་པ་ནི་བདེན་པ་དང་། དཀའ་ [229b.3]ཐུབ་དང་། དབང་པོ་དུལ་བ་ལ་འདོད་དོ། །བྱཱ་ཀ་ར་ཎའི་སྒྲ་ལས་ནི་ཚངས་པ་ཞེས་པ་ནི་ས་འོག་མའི་ཚེ་དང་བྱད་གཟུགས་དང་ལོངས་སྤྱོད་ལ་སོགས་པ་འཕེལ་བར་བྱེད་པ་ལ་འདོད་དོ། །སོགས་ཞེས་པའི་སྒྲས་ནི་ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། ཉི་མ་དང་ཟླ་བ་ལ་སོགས་པའོ། །ཡང་ན་སོགས་ [229b.4]པའི་སྒྲས་ནི་རྒྱལ་ཆེན་རིགས་བཞི་ནས་འོག་མིན་གྱི་བར་གྱི་ལྷ་རིས་ལ་གཟུང་བར་བྱའོ། །ཚངས་པ་ལ་སོགས་པ་ཡང་དེ་ལྷ་ཡང་དེ་བས་ན་ཚངས་སོགས་ལྷ་ཞེས་པ་སྟེ། རང་གི་འོད་ལ་ལོངས་སྤྱོད་པའི་ཕྱིར་རོ། །ལྷ་མིན་ཞེས་པ་ནི་ལྷའི་རིས་ལས་སྨད་པའི་རབ་ཀྱི་ཁོང་པ་དང་བར་སྣང་ལ་གནས་པ། གཟའ་རཱ་ཧུ་ལ་ལ་སོགས་པ་ [229b.5]སྟེ། རིན་པོ་ཆེའི་འོད་ལ་ལོངས་སྤྱོད་པའི་ཕྱིར་རོ། །ལྷ་དང་ལྷ་མིན་དེ་དག་ཆོས་ཀྱི་དབྱིངས་དེ་ཁོ་ན་ལས་སྐྱེས་པས་ན་གཞི་ནི་དེ་ལས་གྱུར་པའོ་ཞེས་སོ། །གང་ལས་གཙོ་བོ་སྐྱེད་བྱེད་པ། །ཞེས་པ་ནི་གཟུགས་དང་གཟུགས་མེད་པ་གང་དུ་ཡང་ཆོས་ཀྱི་དབྱིངས་ལས་འཕྲོ་བ་ཡིན་ནོ་ཞེས་པའི་ཐ་ཚིག་སྟེ། །ཆོས་ཐམས་ཅད་ [229b.6]ཀྱི་ས་བོན་གཙོར་གྱུར་པའི་ཕྱིར་རོ། །ས་དང་ནམ་མཁའི་ངོ་བོ་ཡང་ཆོས་ཀྱི་དབྱིངས་ཡིན་པ་བསྟན་པ། ས་དང་ནམ་མཁའ་དེ་ཞེས་གསུངས། །ཞེས་པ་སྟེ་དེ་ལས་ཞེས་པ་ནི་དབྱིབས་དང་ཁ་དོག་ལ་མཚོན་པའོ། །དེ་ཡང་ས་འོག་ས་བླ་ས་སྟེང་གསུམ་སྟེ། དེ་ལ་ས་འོག་ནི་འཛམ་བུའི་གླིང་མན་ཆད་དམྱལ་བ་ཡན་ཆད་དོ། །ས་བླ་ནི་ [229b.7]ཉི་མས་གར་ཁྱབ་པའོ། །ས་སྟེང་ནི་རི་རབ་ཀྱི་རྩེ་མོའོ། །ནམ་མཁའ་ཞེས་པ་ནི་མི་སྒྲིབ་པར་གོ་འབྱེད་པའོ། །དེ་ཞེས་གསུངས་ཞེས་པ་ནི་ཆོས་ཀྱི་དབྱིངས་ལས་འཕྲོ་ཞེས་པའི་ཐ་ཚིག་གོ། །མ་རིག་བག་ཆགས་ཞེས་པ་ནས། ཇི་ལྟར་དངོས་སུ་འདུས་པ་ལགས། །ཞེས་པའི་བར་གྱི་ཚིག་གི་ལན་གསུངས་པ། ཇི་སྙེད་ [230a] [230a.1]ལུས་ལ་གནས་པའི་བར། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཇི་སྙེད་ཅེས་པ་ནི་ལུས་ཀྱི་ཚད་མཚོན་པའོ། །ལུས་ཞེས་པ་ནི་གཟུགས་ཀྱི་ཕུང་པོའོ། །གནས་པའི་ཞེས་པ་ནི་མིང་བཞིའི་ཕུང་པོར་གྱུར་པའོ། །བར་ཞེས་པ་ནི་དུས་ཀྱི་ཚད་དོ། །དེ་ཡིས་ཞེས་པ་ནི་ཆོས་ཀྱི་དབྱིངས་ལ་ [230a.2]གཟུང་ངོ་། །ལས་དང་ཞེས་པ་ནི་ལུས་ངག་ཡིད་ཀྱི་དགེ་བའི་ལས་ཏེ་འཇིག་རྟེན་དུ་བསྔགས་པའི་ཕྱིར་རོ། །ལས་མིན་ཞེས་པ་ནི་ལུས་ངག་ཡིད་ཀྱི་ལས་མི་དགེ་བ་ཁོ་ན་སྟེ་འཇིག་རྟེན་པས་སྨད་པའི་ཕྱིར་རོ། །དེ་གཉིས་ལ་འཇུག་པས་ན་བྱེད་པའོ། །དེ་ལྟར་ཡང་མཚན་ཡང་དག་པར་བརྗོད་པའི་རྣམ་པར་ [230a.3]བཤད་པ་ལས་གསུངས་པ། སྐྱེ་བའི་དགེ་བ་འབའ་ཞིག་མེད། །ཅེས་པའོ། །དོན་ནི་འདི་ལྟ་སྟེ། ཇི་སྙེད་ཆོས་ཀྱི་དབྱིངས་ཀྱི་ལུས་ལ་གནས་པ་དེ་སྙེད་ཀྱི་བར་དགེ་བ་དང་མི་དགེ་བའི་ལས་སྣ་ཚོགས་པ་བྱེད་པར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །དེ་སྙེད་ཀྱི་སྒྲ་མེད་ན་ཡང་དོན་གྱིས་འབྲེལ་པར་ཤེས་པར་བྱ་ [230a.4]སྟེ། གང་དང་དེ་ནི་རྟག་ཏུ་འབྲེལ། །ཞེས་སྒྲ་ལས་གསུངས་པའི་ཕྱིར་རོ། །དོན་དེ་ཁོ་ན་གསལ་བར་མཛད་པ། བཅོམ་ལྡན་འདས་ཉིད་ཀྱིས་ཡང་གསུངས་པ། དགེ་དང་མི་དགེ་བསམ་པ་ཀུན། །བྱ་བའི་ལས་ཀུན་བྱེད་པ་ཡིན། །ཞེས་པ་སྟེ་དེ་ལ་དགེ་དང་ཞེས་པ་ནི་འདོད་ཆགས་དང་། ཞེ་སྡང་ [230a.5]དང་། གཏི་མུག་མེད་པ། ལུས་ངག་གི་ལས་སྲོག་གཅོད་པ་ལ་སོགས་པ་མེད་པ། ལུས་ངག་གི་ལས་བཅུ་ནི་འཇིག་རྟེན་པས་སྨད་པ་ལས་འདས་པའི་ཕྱིར་རོ། །ཡང་ན་དགེ་བ་དང་ཞེས་པ་ནི་རྩྭ་ཀུ་ཤ་བཞིན་དུ་རྣོ་བའི་ཤེས་རབ་བསྟེན་པར་བྱེད་པའི་ཕྱིར་རོ། །མི་དགེ་ཞེས་པ་ནི་འདོད་ཆགས་དང་། ཞེ་སྡང་ [230a.6]དང་། གཏི་མུག་དང་ལྡན་པའི་ལུས་ངག་ཡིད་ཀྱི་ལས་སྲོག་གཅོད་པ་ལ་སོགས་པ་ལུས་ངག་གི་ལས་ཏེ། འཇིག་རྟེན་གྱིས་སྨད་པ་ལ་འཇུག་པའི་ཕྱིར་རོ། །ཡང་ན་མི་དགེ་ཞེས་པ་ནི་མ་རིག་པ་སྦྱིན་པའི་ཕྱིར་རོ། །དེ་གཉིས་ལ་རྣམ་པར་རྟོག་པ་ནི། བསམ་པ་ཡང་ཞེས་པ་སྟེ། སེམས་ཀྱི་ལས་གཙོར་གྱུར་པའི་ [230a.7]ཕྱིར་རོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། བསམ་པ་ཡིད་ཀྱི་ལས་ཡིན་ཏེ། །དེ་སྐྱེད་ངག་དང་ལུས་ཀྱི་ལས། །ཞེས་སོ། །དེ་ལྟར་དགེ་བ་དང་མི་དགེ་བའི་ལས་བྱེད་པས་ན་བྱ་བའི་ལས་ཀུན་ཞེས་པ་སྟེ། དེ་ལ་ཀུན་ཞེས་པའི་སྒྲས་ནི་ལུང་དུ་མ་བསྟན་པའི་ལས་ལ་ཤེས་པར་བྱའོ། ། [230b] [230b.1]དེ་བས་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱེད་པའི་ཆོས་དང་། དགེ་བ་དང་མི་དགེ་བའི་ཆོས་ཀུན་ཆོས་ཀྱི་དབྱིངས་ལས་འཕྲོས་པ་ཡིན་པར་ཤེས་པར་བྱའོ། །དངོས་པོ་མེད་ལ་ཞེས་པ་ནས། དམིགས་པ་དང་བཅས་ཇི་ལྟར་ལགས། །ཞེས་པའི་བར་གྱི་ཚིག་གི་ལན་གསུངས་པ། སྦྱོར་བ་རྟག་ཏུ་དེ་ [230b.2]གསུངས་ཏེ། ཞེས་པ་ལ་སོགས་པ་སྟེ། དེ་ལ། སྦྱོར་བ་རྟག་ཏུ་དེ་གསུངས་ཏེ། །ཞེས་པ་ནི་གང་གི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཕྲ་མོའི་ཏིང་ངེ་འཛིན་དང་། ཐིག་ལེའི་ཏིང་ངེ་འཛིན་དང་རྟག་ཏུ་སྦྱོར་བའོ། །དེ་ལྟར་སྦྱོར་བས་ཐབས་དང་ཤེས་རབ་ཀྱི་གསང་བའི་མཆོད་པ་ནི། མཆོད་པ་བསྒོམ་ [230b.3]པར་གྱུར་པ་ཡིན། །ཞེས་སོ། །དོན་ནི་འདི་ལྟ་སྟེ། རྣལ་འབྱོར་པ་དང་། རྣལ་འབྱོར་མས་ལེའུ་བཞི་པའི་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྒོམ་སྟེ། ཕྲ་མོའི་ཏིང་ངེ་འཛིན་དང་། ཐིག་ལེའི་ཏིང་ངེ་འཛིན་བསྒོམས་ནས། ཐབས་དང་ཤེས་རབ་རོལ་པའི་གསང་བའི་མཆོད་པས་དེ་བཞིན་ [230b.4]གཤེགས་པ་མཉེས་པར་བྱའོ། །དེ་ལྟར་བསྒོམས་པས་ཅིར་འགྱུར་ཞེ་ན། དེའི་འབྲས་བུ་གསུངས་པ། གང་ཚེ་ལས་ཀྱི་ལུས་ཞིག་ན། །ཞེས་པ་ལ་སོགས་པ་སྟེ། དེ་ལ་གང་ཚེ་ཞེས་པ་ནི་ཤི་བའི་དུས་མཚོན་པའོ། །ལས་ཀྱི་ལུས་ཞེས་པ་ནི་ལུས་ཀྱི་དཀྱིལ་འཁོར་བསྒོམས་ [230b.5]པའི་དག་པའི་བག་ཆགས་དང་ལྡན་པའི་ཕུང་པོའོ། །དེ་གནས་གྱུར་པ་ནི་ལུས་ཞིག་ན་ཞེས་པ་སྟེ་འཆི་འཕོ་བའོ། །དེའི་ཚེ་ཞེས་པ་ནི་གང་ཚེ་དང་འབྲེལ་པའོ། །དེའི་རང་མཐུ་ཡིས་ཞེས་པ་ནི་རྣལ་འབྱོར་པའི་བསྒོམ་པའི་བྱིན་གྱི་རླབས་ཀྱིས་དེ་འདྲའི་ལུས་སུ་ཞེས་པ་ནི་ལུས་ཀྱི་དཀྱིལ་ [230b.6]འཁོར་གྱི་བདག་ཉིད་དེ་རྣལ་འབྱོར་པས་ཐོབ་པར་འགྱུར་ཏེ་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་གྱུར་པ་སྟེ། སྐྱེ་བ་དང་འཇིག་པ་ཐ་སྙད་ཙམ་གྱི་ཕྱིར་རོ། །དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས་དབུ་མ་ལས་གསུངས་པ། གནས་པ་སྐྱེ་བ་ཤི་བ་ཡོད་མེད་དམན་པ་མཉམ་པ་ཁྱད་ [230b.7]པར་ནི། །འཇིག་རྟེན་ཐ་སྙད་དབང་གིས་གསུང་གི་དེ་བཞིན་ཉིད་དབང་གིས་མ་ཡིན། །ཞེས་སོ། །དེ་བས་ན་ཆོས་ཀྱི་དབྱིངས་གང་གིས་གཡོ་དང་མི་གཡོ་ཁྱབ་པར་ནི་ནམ་མཁའ་མཉམ་པ་ཉིད་འདྲ་བ་ཐ་སྙད་ལ་ནི་ཡོད་ལ་དོན་དམ་པར་ནི་མེད་པ་ཀུན་ནས་ཀུན་དུ་ཁྱབ་པ་བཞིན་དུ། ཆོས་ཀྱི་དབྱིངས་དེ་ནི་གནས་ [231a] [231a.1]པ་སྣང་བ་རྣལ་འབྱོར་པས་ཤེས་པར་བྱའོ། །དེ་ལྟར་ས་བཅུ་པ་ལས་གསུངས་པ། རྒྱལ་བའི་སྲས་ཁམས་གསུམ་ནི་སེམས་ཙམ་ཡིན་ཞེས་སྨྲས་པའོ། །ད་ནི་དེ་ལྟར་བསྒོམས་པའི་རྣལ་འབྱོར་པའི་ཡོན་ཏན་གསུངས་པ། བཅུ་གཉིས་མཐའ་ཡི་ཚིག་གི་དོན། །ཞེས་པ་ལ་ [231a.2]སོགས་པ་སྟེ། དེ་ལ་བཅུ་གཉིས་མཐའི་ཚིག་དོན་ཞེས་པ་ནི་ཡི་གེ་ཀྵཱུཾ་ངོ་། །རྣལ་འབྱོར་པ་གང་གིས་རྟག་ཏུ་རྒྱུན་མི་འཆད་པར་གང་གི་རིམ་པས་ཡི་གེ་ཀྵཱུཾ་བསྒོམ་བྱས་ན་རྣལ་འབྱོར་པ་དེས་ནི་མཆོག་གི་དངོས་གྲུབ་མི་གནས་པའི་མྱ་ངན་ལས་འདས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་རྒྱས་ [231a.3]པའི་རྡོ་རྗེ་འཛིན་པར་ནི་སྒྲུབ་པ་པོ་བདག་ཉིད་ཀྱི་བསྒོམས་པའི་སྟོབས་ཀྱིས་འགྱུར་ཞེས་སོ། །དེ་ལྟར་ཡང་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པ། ཀུན་དུ་བཟང་པོའི་ཡེ་ཤེས་ནི། །རང་ཉིད་ཁོ་ནས་ཐོབ་པའོ། །ཞེས་སོ། །དེ་ལ་རྡོ་རྗེ་འཛིན་པ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། །རྡོ་རྗེ་ [231a.4]ཕྱག་ཏུ་ལྡན་པའི་ཕྱིར་རོ། །གནོད་སྦྱིན་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་པ་ནི་མ་ཡིན་པའོ། །རྣལ་འབྱོར་པས་བསྒོམ་པའི་ཡིག་འབྲུ་དེ་ལ་ཡང་དོན་དམ་པར་རང་བཞིན་མེད། སྟོང་པ་ཉིད་ཀྱི་དོན་བསྟན་པ་སོ་དང་མཆུ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ [231a.5]སོ་དང་མཆུ་དང་རྐན་དང་ལྕེ་ཞེས་པ་ནི་གོ་སླའོ། །དེ་དག་འདུས་ནས་བྱུང་བའི་ཡིག་འབྲུའི་སྒྲ་ནི། མགུལ་ནས་གང་ལ་ཡོད་པ་ནི། །ཞེས་པའོ། །དེའི་ཕྱིར་གང་ལ་དེ་ནི་ཡིག་འབྲུ་ཉིད་ཅེས་ཏེ་ཡིག་འབྲུའི་ངོ་བོ་མེད་དོ་ཞེས་པའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ [231a.6]ཞེ་ན། དེ་ནི་ཟད་དང་གནས་ཕྱིར་རོ། །ཞེས་པ་སྟེ་ཡིག་འབྲུ་ཀྵཱུཾ་དེ་ནི་རང་བཞིན་མི་རྟག་པར་གནས་པའོ། །འདི་ལྟ་སྟེ། ཀ་བརྗོད་ཙམ་ན་ཥ་མེད་ཥ་བརྗོད་ཙམ་ན་ཀ་ཐལ་ཏེ་འགྲོའོ། །དེ་བཞིན་དུ་ཞབས་སྐྱེད་བརྗོད་ཙམ་ན་ཀ་དང་ཥ་ཐལ་ཏེ་འགྲོ་བས་ཐིག་ [231a.7]ལེ་མ་བྱུང་། ཐིག་ལེ་བརྗོད་ཙམ་ན་གོང་མ་ཐལ་ལོ། །དེ་ལྟར་མི་རྟོག་པ་ནི་སྟོང་པའོ། །དེ་ལྟར་ཡང་བྱང་ཆུབ་སེམས་འགྲེལ་ལས་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། མི་རྟག་པ་ཡི་སེམས་ཀྱི་ནི། །སྟོང་པ་ཉིད་དུ་མི་འགལ་ལོ། ། [231b] [231b.1]ཞེས་སོ། །འོ་ན་ཡིག་འབྲུའི་རང་བཞིན་བྱང་ཆུབ་སེམས་ཅི་འདྲ་བ་འདོད་ཅེ་ན། གསུངས་པ། བརྗོད་པ་མེད་ཅིང་ཐེ་ཚོམ་པ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་བརྗོད་པ་མེད་ཅིང་ཞེས་པ་ནི་མིང་དང་གཟུགས་ཀྱི་ངོ་བོ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་གསང་བ་འདུས་པའི་ [231b.2]རྒྱུད་ཕྱི་མ་ལས་གསུངས་པ། བརྗོད་དུ་མེད་པའི་བདག་ཉིད་ཆོས། །མིང་དང་གཟུགས་བློའི་ངོ་བོ་མེད། །ཅེས་སོ། །ཐེ་ཚོམ་པ་ཞེས་པ་ནི་དངོས་པོ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་ཆོས་ཉིད་མྱ་ངན་ལས་འདས་པར་འདོད་པའི་ཕྱིར་རོ། །དེ་ལྟར་ཆོས་ [231b.3]ཀྱི་སྐུའི་བསྟོད་པ་ལས་གསུངས་པ། གང་ཞིག་གཅིག་མིན་དུ་མ་མིན། །བདག་གཞན་ཕན་ཕྱིར་བཀྲ་ཤིས་རྟེན། །དངོས་པོ་ཡོད་མིན་མེད་པའང་མིན། །ནམ་མཁའ་འདྲ་བར་རོ་མཉམ་པ། །སྡུག་བསྔལ་མེད་པའི་རང་བཞིན་ཅན། །འགྱུར་ [231b.4]བ་མེད་པ་ཉེས་མེད་པ། །ཞི་བ་མཉམ་མེད་མཉམ་པས་ན། །ཁྱབ་ཅིང་སྤྲོས་མེད་དཔེ་མེད་པའི། །སོ་སོ་རང་རིག་རྒྱལ་བ་ཡི། །ཆོས་སྐུ་དེང་འདིར་བདག་ཕྱག་འཚལ། །ཞེས་སོ། །དེ་ལྟར་ཡང་རིན་པོ་ཆེའི་ཕྲེང་བ་ལས་གསུངས་པ། དངོས་མེད་མྱ་ངན་ལས་ [231b.5]འདས་མིན། །དངོས་ཉིད་དེ་ནི་གང་ལ་ཡིན། །དངོས་དང་དངོས་མེད་མཆོག་འཛིན་པ། །ཟད་པ་མྱ་ངན་འདས་པར་གསུངས། །ཞེས་སོ། །སྒྲ་ཡིག་རྣམ་པར་སྤངས་པ་ཡི། །ཞེས་པ་ནི་ཨ་ལ་སོགས་པ་བཅུ་དྲུག་གི་ངོ་བོ་མེ་ཡིན་པའི་ཕྱིར་རོ། །རང་གི་ཕྱི་ནང་ཞེས་པ་ནི་ཕྱི་ནང་གི་ [231b.6]སྐྱེ་མཆེད་བཅུ་གཉིས་ཀྱི་ངོ་བོར་གནས་པའོ། །དེ་བཞིན་ཉིད་ཅེས་པ་ནི་འགྱུར་བ་མེད་པའོ། །དེ་འདྲ་བའི་མཚན་ཉིད་ནི་བྱང་ཆུབ་སེམས་ནི་རྒྱུད་འདིར་གསུངས་སོ། །ཞེས་འདོད་པའོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ཞེས་པ་ནི་རྒྱུད་ཀྱི་སྤྱིའི་མཚན་ཏེ་གོ་སླའོ། །ལས་ཞེས་པ་ནི་དེའི་ནང་དུ་ཡང་ལྷ་མོ་སྤྱན་མས་ཡོངས་སུ་ཞུས་པ་ཞེས་ [231b.7]པ་སྟེ། སྤྱན་མས་གཙོར་སྡུད་པ་པོ་བྱས་པའི་ཕྱིར་རོ། །ལེའུ་ཞེས་པ་ནི་རིམ་པར་ཕྱེ་བའོ། །དང་པོ་ཞེས་པ་ནི་གཉིས་པའི་གོང་མའོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པའི་ལེའུ་དང་པོའི་རྣམ་པར་བཤད་པའོ།། །།ད་ནི་ལེའུ་གཉིས་པ་ལ་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་ཀྱི་རིམ་པ་མཱ་མ་ཀཱིས་ཞུས་པ། དེ་ནས་ལྷ་མོ་ [232a] [232a.1]མཱ་མ་ཀཱིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་ལེའུ་དང་པོ་དང་གཉིས་པའི་མགོ་མཇུག་སྦྱོར་བའི་ཚིག་གོ། །ལྷ་མོ་ཞེས་པ་ནི་བཤད་ཟིན་ཏོ། །ལྷ་མོ་ཡང་དེ་མཱ་མ་ཀཱི་ཡང་དེ་ཉིད་པས། ལྷ་མོ་མཱ་མ་ [232a.2]ཀཱིས་ཞེས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའོ། །རྡོ་རྗེ་ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ་ཕྱག་ན་རྡོ་རྗེ་དང་ལྡན་པའི་ཕྱིར་རོ། །ལ་ཞེས་པ་ནི་ཞུས་པའི་གནས་བསྟན་པའོ། །འདི་ཞེས་པ་ནི་འོག་ནས་འབྱུང་བའི་ཞུས་ཚིག་གོ། །ཞུས་ཏེ་ཞེས་པ་ནི་ཞུ་བའི་རིམ་པ་ལྔ་གོང་དུ་བཤད་ཟིན་ཏོ། ། [232a.3]བྱང་ཆུབ་སེམས་ཞེས་པ་ནི་ཆོས་ཀྱི་དབྱིངས་སོ། །དེའི་རིམ་པ་ནི་བྱང་ཆུབ་སེམས་ཀྱི་རིམ་པའོ་ཞེས་པ་སྟེ་འོག་ཏུ་འབྱུང་བའི་གནས་དང་། ཁ་དོག་གི་རིམ་པར་བསྐྱེད་པ་དང་། མདོར་བསྡུས་པའི་རིམ་པའོ། །དེ་ཞུས་པ། ཁ་སྙིང་ལྟེ་བ་གསང་བ་ལ། །འགྲོ་དང་ཕྱིར་འོང་བསྟན་པ་ནི། །ཞེས་པ་སྟེ་གོ་སླའོ། །རྡོ་རྗེ་ [232a.4]ཆེན་པོས་ཞེས་པ་ནི་སྟོན་པ་རྡོ་རྗེ་སེམས་དཔའ་སྟེ། ཀུན་དུ་ཁྱབ་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །བཀའ་སྩལ་འཚལ་ཞེས་པ་ནི་བཤད་ཟིན་ཏོ། །ཆ་ཤས་རྣམ་པ་དུ་ཞིག་གསུངས། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཡན་ལག་གི་སྒོ་ནས་ཞུས་པའོ། །གནས་ཀྱི་རྣམ་པ་བསྒྱུར་བ་དུ། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ [232a.5]བྱང་ཆུབ་སེམས་ཀྱི་གནས་ཞུས་པའོ། །ཁ་དོག་རྣམ་པ་དུ་ཞིག་གསུངས། །ཞེས་པ་ནི་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་ཀྱི་ཁ་དོག་གི་རིམ་པ་ཞུས་པའོ། །དེ་བཞིན་གདན་ཡང་ཇི་ལྟར་འཚལ། །ཞེས་པ་ནི་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་ཀྱི་གདན་ཞུས་པའོ། །ད་ནི་སྟོན་པས་ལན་གསུངས་པ། །རྡོ་རྗེ་ཅན་གྱིས་ [232a.6]བཀའ་སྩལ་པ། །ཞེས་པ་སྟེ་གོང་དུ་བཤད་ཟིན་ཏོ། །ཆ་ཤས་རྣམ་པ་དུ་ཞིག་གསུངས། །ཞེས་པའི་ལན་གསུངས་པ། ཆ་ཤས་བཞི་དང་མཉམ་ལྡན་ཞིང་། །ཞེས་པ་སྟེ་ཡི་གེ་ཀྵ་དང་ཡི་གེ་ཨོཾ་དང་། ཡི་གེ་ཧཱུཾ་དང་། ཡི་གེ་ཨཱཿརྣམས་ཀྱི་ཆ་བཞི་དང་ལྡན་པའི་ཕྱིར་རོ། །གནས་ཀྱི་རྣམ་པ་བསྒྱུར་བ་དུ། །ཞེས་ [232a.7]པའི་ལན་གསུངས་པ། པདྨ་བཞི་ལ་ཡང་དག་གནས། །ཞེས་པ་སྟེ་ཁའི་པདྨ་དང་། སྙིང་གི་པདྨ་དང་། ལྟེ་བའི་པདྨ་དང་། གསང་བའི་པདྨའོ། །ཁ་དོག་རྣམ་པ་དུ་ཞིག་གསུངས། །དེ་བཞིན་གདན་ཡང་ཇི་ལྟར་འཚལ། །ཞེས་པའི་ལན་གསུངས་པ། སྙིང་གི་པདྨ་ལ་གནས་གནག །ཅེས་པ་ལ་སོགས་པ་ [232b] [232b.1]སྟེ་དེ་ལ་སྙིང་གི་པདྨ་ལ་གནས་གནག་ཅེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཨོཾ་ཀྱི་གཟུགས་སུ་ཁ་དོག་གནག་པར་གནས་པའོ། །ཁ་ཡི་པདྨ་ལ་གནས་དཀར། །ཞེས་པ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཀྵའི་གཟུགས་སུ་མདོག་དཀར་བར་གནས་པའོ། །ང་རོ་ལྟེ་པའི་པདྨར་གནས། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཧཱུཾ་གི་ [232b.2]གཟུགས་ཁ་དོག་དམར་བར་གནས་པའོ། །གསང་བའི་པདྨར་ང་རོ་མཐའ། །ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཨའི་གཟུགས་སུ་ཁ་དོག་སེར་བར་གནས་པའོ། །དེ་ལྟ་བུའི་རིམ་པས། སྟབས་ཀྱིས་མཐའ་རུ་འགྲོ་བྱེད་ནས། །ཞེས་པ་སྟེ་ཆགས་པའི་དུས་སུ་འཇིག་རྟེན་ཀུན་བསྐྱེད་པར་བྱས་ནས། འཇིག་ [232b.3]པའི་དུས་སུ་ཡང་ཐིག་ལེའི་དབྱིངས་སུ་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས། ཐིག་ལེའི་སྦྱོར་བས་རབ་ཏུ་གནས། །ཞེས་པའོ། །དེ་ལྟ་བུའི་རིམ་པས་བསྐྱེད་པའི་དོན་ཏེ་གསལ་པོར་གསུངས་པ། སྣོམ་བྱེད་པ་དང་ཐོས་བྱེད་པ་དང་གང་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྣོམ་བྱེད་ཅེས་པ་ནི་སྣའི་རྣམ་པར་ཤེས་པས་ [232b.4]དྲི་ལ་བྱེད་པའོ། །དེ་བཞིན་དུ་ཐོས་བྱེད་ལ་སོགས་པ་ཡང་ཤེས་པར་བྱའོ། །དབང་པོའི་གོ་རིམས་འཁྲུལ་ན་ཡང་བཅོམ་ལྡན་འདས་ཀྱི་བཀའ་ལ་སྐུར་བ་གདབ་པར་མི་བྱ་སྟེ་མདོ་སྡེ་གཞན་དུ་རིམ་པར་ཤེས་པར་བྱའོ། །དེ་ལ་བདེ་བ་ཞེས་པ་ནི་སིམ་པའོ། །བདེ་བ་མ་ཡིན་སྡུག་བསྔལ་ཞེས་པ་ནི་སིམ་པ་མ་ཡིན་པའོ། ། [232b.5]དེ་གཉིས་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་པ་ལས་མྱོང་བ་ནི་ཚོར་བའོ། །ཚོར་བ་དེ་ཡང་ཆོས་ཀྱི་དབྱིངས་ཀྱིས་བྱེད་པས་ན་ཚོར་བྱེད་ཅེས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། མིག་གི་འདུས་ཏེ་རེག་པས་ཚོར་བ་དང་ཞེས་པ་ལ་སོགས་པའོ། །གང་ལས་ཞེས་པ་ལ་སོགས་ [232b.6]པ་ནི་གོ་སླའོ། །འབྱེད་པ་ཞེས་པ་ནི་ཤིང་ལ་སོགས་པ་གཉིས་སུ་གྱུར་པའོ། །གཅོད་པ་ཞེས་པ་ནི་སྟ་རེ་ལ་སོགས་པའོ། །དེ་ཁོ་ནས་ཞེས་པ་ནི་དེ་དག་ཀྱང་ཆོས་ཀྱི་དབྱིངས་ཀྱིས་བྱེད་དོ་ཞེས་པའི་ཐ་ཚིག་གོ། །ཆོ་ག་རྣམ་པ་མང་པོ་ཤེས། །ཞེས་པ་ནི་དེ་ལས་གཞན་ཡང་འཇིག་རྟེན་གྱི་གཙུག་ལག་ཐམས་ཅད་དོ། ། [232b.7]རྒྱལ་པོའི་རིགས་སུ་གྱུར་པ་ལ་སོགས་པའི་རིས་ཀྱང་ཆོས་ཀྱི་དབྱིངས་ལས་གཞན་མེད་པའི་དོན་བསྟན་པ། རྒྱལ་པོའི་དོན་ཡང་བྱེད་འགྱུར་དང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ་རྒྱལ་པོ་ཞེས་པ་ནི་རྣམ་པ་གཉིས་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། མཁར་གྱི་རྒྱལ་པོའོ། །དེ་གཉིས་རྒྱལ་བར་བྱེད་པ་ནི། རྒྱལ་ [233a] [233a.1]པོའི་དོན་ཡང་བྱེད་པར་འགྱུར། །ཞེས་པའོ། །འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞི་ལ། གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། གླིང་བཞི་མཁར་གྱི་རྒྱལ་པོ་ལ་སོགས་པ་ཚུར་འོང་ནས་མངའ་དབུལ་ཏེ་རྒྱལ་པོའོ། །དངུལ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་བྱང་སྒྲ་མི་སྙན་མ་ [233a.2]གཏོགས་པ་གླིང་གསུམ་ལ་ཕར་འགྲོ་སྟེ་འདུལ་ནས་རྒྱལ་པོའོ། །ཟངས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྒྲ་མི་སྙན་དང་། ལུས་འཕགས་མ་གཏོགས་པ་གླིང་གཉིས་ལ་ཕར་འགྲོ་སྟེ། གཡུལ་བཤམས་ནས་འདུལ་བས་རྒྱལ་པོའོ། །ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་སྒྲ་མི་སྙན་དང་། ལུས་ [233a.3]འཕགས་པོ་དང་། བན་གླང་སྤྱོད་གསུམ་མ་གཏོགས་པ་འཛམ་བུ་གླིང་གཅིག་ལ་ཕར་འགྲོ་སྟེ། འཐབ་ནས་འདུལ་བས་རྒྱལ་པོའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་ [233a.4]བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམ་དང་། མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་པའོ། །མཁར་གྱི་རྒྱལ་པོ་རྣམས་ནི། །དམག་གི་དཔུང་གི་སྟོབས་ཀྱིས་ཕ་རོལ་ལ་གནོན་པ་བྱས་ཏེ་འདུལ་བས་རྒྱལ་པོའོ། །དེ་རྣམས་ཀྱང་དབྱིངས་ཀྱི་རང་བཞིན་ལས་ [233a.5]གཞན་མེད་པའི་དོན་ཏོ། །ཡང་ཞེས་པའི་སྒྲ་ནི་དོན་གཞན་སྙེག་པའོ། །དབང་ཕྱུག་དོན་ཡང་དེ་བཞིན་དུ། །ཞེས་པ་ནི་ཤིང་སཱ་ལ་ལྟ་བུ་ཕྱུག་པའི་ཁྱིམ་བདག་གི་ལོངས་སྤྱོད་བྱེད་པ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའོ། །དེ་བས་ན་གཞན་ཡང་བྲན་དུ་གྱུར་པའི་སེམས་ཅན་དང་སྡུག་བསྔལ་བའི་སེམས་ཅན་ [233a.6]ཡང་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་ཁོ་ན་དོན་གྱིས་ཤེས་པར་བྱ་སྟེ། ཆོས་ཀུན་གཉིས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཆོས་བདག་མེད་པ་ལས་བྱུང་བ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །ཆོས་ཉིད་དམ་པ་ཡེ་ཤེས་ནི། །ཆོས་ཀྱི་ [233a.7]དབྱིངས་ཞེས་བྱ་བའོ། །ཞེས་པའོ། །བྲམ་ཟེ་ཞེས་པ་ནི་བསྐལ་པ་དང་པོ་ན་དགོན་པར་བསྙགས་ཤིང་ཁྱིམ་སྤངས་ཏེ། བྲང་བརྗེ་བའི་ཕྱིར་རོ། །རྒྱལ་པོ་ཞེས་པ་ནི་བསྐལ་བ་དང་པོ་ན་རྐུན་མ་ཚར་གཅོད་པའི་དོན་དུ་འབྲས་སཱ་ལུའི་ཞིང་སྲུང་བའི་སྲུང་མར་བསྐོས་པའོ། །རྗེའུ་རིགས་དང་ཞེས་པ་ནི། བསྐལ་པ་དང་པོར་ [233b] [233b.1]ཕྱུགས་ལ་བརྟེན་པའི་ཕྱིར་རོ། །དམངས་རིགས་ཞེས་པ་ནི་བསྐལ་བ་དང་པོར་ཞིང་ལ་བརྟེན་ཅིང་གནས་པའོ། །སྨད་པ་ཞེས་པ་ནི་རིགས་ནི་ལྔ་སྟེ། སོག་མིག་ཅན་དང་། ཉ་ལས་པ་དང་། མདའ་མཁན་དང་། བཙོ་བླག་མཁན་རྣམས་ཏེ། སྨད་པའི་ལས་ལ་འཇུག་པའི་ཕྱིར་རོ། །དེ་དག་དང་པོ་བཟུང་ནས་བརྒྱུད་ [233b.2]པའི་རིམ་པ་ནི་རིགས་རྣམས་དང་ཞེས་པའོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། རིགས་ནི་བརྒྱུད་མར་བསྟན་པ་སྟེ། རྒྱུད་ནི་ཐོག་མ་ཞེས་བྱའོ། །ཞེས་སོ། །བུད་མེད་དུ་མ་སྤྲུལ་པར་བྱེད། །ཅེས་པ་ནི་བསྐལ་བ་དང་པོ་ཁོ་ན་ལ་འོད་གསལ་གྱི་ལྷ་བབས་པ་ཕོ་འབའ་ཞིག་ཁོ་ན་ལས་ [233b.3]འདོད་ཆགས་ཀྱི་དབང་གིས་མོའི་གཟུགས་སུ་སྤྲུལ་པའོ། །དེ་དག་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མ་བསྐྱེད་པ་ལས་གཞན་མེད་ཅེས་པའི་ཐ་ཚིག་གོ། །དུད་འགྲོ་ཡི་དགས་སྐྱེ་བ་དང་། །ཞེས་པ་ནི་ཡིག་འབྲུ་བཅོམ་ཟིན་ཏོ། །གཟུགས་ཅན་རྣམས་དང་ཞེས་པ་ནི། གཟུགས་ཀྱི་ཁམས་བསམ་གཏན་བཞིའི་ལྷ་ [233b.4]སྟེ། གཟུགས་ཀྱི་ཁམས་ལ་ཆགས་ནས་སྐྱེ་བའི་ཕྱིར་རོ། །དེ་ལ་བསམ་གཏན་དང་པོའི་གནས་གསུམ་སྟེ་ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོའོ། །བསམ་གཏན་གཉིས་པ་ལ་ཡང་གནས་གསུམ་སྟེ་འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་ལོ། །བསམ་གཏན་ [233b.5]གསུམ་པ་ལ་ཡང་གནས་གསུམ་སྟེ། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་སོ། །བསམ་གཏན་བཞི་པ་ནི་གནས་བརྒྱད་དེ། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། དེ་ལ་གཏོགས་པ་གནས་གཙང་མ་ལྔ་སྟེ། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་ [233b.6]མཐོང་བའོ། །འོག་མིན་ནི་གནས་བཅུ་བདུན་ནོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེ་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡང་། །བཞི་པ་ས་ནི་བརྒྱད་པ་ཡིན། །ཞེས་པའོ། །གཟུགས་མེད་དང་ཞེས་པ་ནི། གཟུགས་ [233b.7]མེད་པའི་ཁམས་ཀྱི་སེམས་ཅན་བཞི་སྟེ། གནས་ནི་མེད་པ་གཟུགས་མེད་པའི་ཁམས་ལ་ཆགས་ནས་སྐྱེ་བའི་ཕྱིར་རོ། །འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། ཡོད་མིན་མེད་མིན་སྐྱེ་མཆེད་བཞིའོ། །དེ་ལྟར་ཡང་ཆོས་ [234a] [234a.1]མངོན་པ་མཛོད་ལས་གསུངས་པ། གཟུགས་མེད་ཁམས་ན་གནས་མེད་དེ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་པའོ། །དེ་བཞིན་འདོད་པའི་སྲིད་རྣམས་ལས། །ཞེས་པ་ནི་འདོད་ཁམས་གནས་རིས་ཉི་ཤུ་སྟེ། འདོད་པ་ལ་ཆགས་ནས་སྐྱེ་བའི་ཕྱིར་རོ། །འདི་ལྟ་སྟེ། དམྱལ་བ་ཆེན་པོ་ [234a.2]བརྒྱད་དེ། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཡི་དགས་དང་། བྱོལ་སོང་དང་། འཛམ་བུའི་གླིང་དང་། ལུས་འཕགས་པོ་དང་། བན་གླང་སྤྱོད་དང་། སྒྲ་མི་སྙན་དང་། རྒྱལ་ཆེན་རིགས་ [234a.3]བཞི་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ཏེ་ཉི་ཤུའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། དམྱལ་བ་ཡི་དགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་དྲུག་དག །འདོད་པའི་ཁམས་ཡིན་དམྱལ་བ་ [234a.4]དང་། །གླིང་དབྱེ་བ་ལ་དེ་ཉི་ཤུ། །ཞེས་སོ། །འབྱུང་བ་ཐམས་ཅད་ཅེས་པ་ནི་ས་དང་། ཆུ་དང་། མེ་དང་། རླུང་རྣམས་སོ། །དེ་དག་ཀྱང་ཆོས་ཀྱི་དབྱིངས་ལས་སྐྱེ་བའི་ཕྱིར་སྐྱེད་བྱེད་པ་ཞེས་སོ། །དེ་ཁོ་ན་ཉིད་ཅེས་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གྱུར་པ་ནི། དེ་ཁོ་ན་ [234a.5]ཉིད་རྫུ་འཕྲུལ་གནས་ཞེས་པ་སྟེ་གཅིག་ལས་དུ་མར་གྱུར་པའི་ཕྱིར་རོ། །མོ་གཟུགས་དང་ནི་ཞེས་པ་ནི་སྐད་ཕྲ་བ་དང་། ནུ་མ་ཆེ་བ་དང་། མོའི་དབང་པོ་རྣམས་ཀྱིས་མཚན་པའོ། །ཕོའི་གཟུགས་ཞེས་པ་ནི་ང་རོའི་སྐད་དང་། ཁ་སྤུ་དང་། ཕོའི་དབང་པོས་མཚན་པའོ། །དེ་གཉིས་ཀྱི་འཁྲིག་པའི་འདོད་ [234a.6]པའི་བདེ་བ་ངོ་བོར་ཡང་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་གནས་པས་ན། བདེ་བ་ཆེན་པོའི་གོ་འཕང་གནས། །ཞེས་སོ། །དེ་ལྟར་ཞེས་པ་ནི་གོང་དུ་བསྟན་པའི་དོན་ལ་སྙེག་པའོ། །དེ་བཞིན་ཉིད་ཅེས་པ་ནི་འགྱུར་བ་མེད་ཅིང་ཀུན་དུ་ཁྱབ་པའོ། །ཤེས་པ་ཞེས་པ་ནི་རྟོགས་ནས་དོན་དམ་པའི་ཡིག་འབྲུ་ [234a.7]མྱ་ངན་ལས་འདས་པའི་ངོ་བོ་ཀྵ་ཨོཾ་ཧཱུཾ་ཨཱཿཤེས་པའི་རྣལ་འབྱོར་པ་གང་དེ་ནི་གསང་ཆེན་ཤེས་པ་སྟེ་ཡིག་འབྲུ་བཤད་ཟིན་ཏོ། །དེ་ཅི་འདྲ་བ་ཡིན་ཞེ་ན་ཁྱད་པར་གསུངས་པ། གང་དེས་བདག་ཉིད་ཀུན་གནས་པ། །ཞེས་པ་དེ་བཅུད་དང་སྣོད་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །གོང་དུ་བསྟན་པའི་ཡིག་ [234b] [234b.1]འབྲུའི་ཁ་དོག་གི་འཕྲོ་བསྟན་པ། ཁ་དོག་མེད་ཅིང་ཁ་དོག་དམར། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁ་དོག་མེད་ཅིང་ཞེས་པ་ནི་ནག་པོ་སྟེ། དཀར་པོ་ལ་སོགས་པ་ཁ་དོག་མེད་པའི་ཕྱིར་རོ། །ཁ་དོག་དམར་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཐིག་ལེའི་གཟུགས་སུ་གྱུར་པ་དེ། །ཞེས་པ་ནི་ཡིག་འབྲུ་དེ་ [234b.2]དག་ཙ་ན་ཀའི་ཚད་ཀྱི་ཐིག་ལེའི་དབུས་སུ་གནས་པའོ། །འགྲོ་དང་ཕྱིར་འོང་རྣམ་པར་བསྟན། །ཞེས་པ་ནི་པདྨ་རྣམ་པ་བཞི་ལས་ཕྱིར་འགྲོ་བ་ལ་ཁམས་གསུམ་དུ་ཁྱབ་ཅིང་ཕྱིར་བསྡུ་བའི་དོན་ཏོ། །དོན་དེ་ཁོ་ན་གསལ་པོར་བསྟན་པ། གང་དེ་རིག་པ་རྫུ་འཕྲུལ་ཆེ། །མཐའ་ཡས་བཅས་པ་སྣ་ཚོགས་གཟུགས། ། [234b.3]ཞེས་པ་སྟེ་གང་ཆོས་ཀྱི་དབྱིངས་དེ་རིག་པ་རྫུ་འཕྲུལ་ཆེ་ཞེས་པ་སྟེ་གཅིག་ལས་དུ་མའི་ལས་བྱེད་པའི་ཕྱིར་རོ། །མཐའ་ཡས་བཅས་པ་ཞེས་པ་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྲངས་མེད་པར་གྱུར་པའོ། །མཐའ་ཡས་བཅས་པ་ཡང་དེ། སྣ་ཚོགས་གཟུགས་ཀྱང་དེ་བས་ན། །མཐའ་ཡས་བཅས་པ་སྣ་ [234b.4]ཚོགས་གཟུགས། །ཞེས་པ་སྟེ་སེམས་ཅན་གྱི་ལས་ཀྱི་དབང་གིས་བཅུད་སྣ་ཚོགས་པའོ། །འདི་ལྟ་སྟེ། བཅུད་ཀྱི་འཇིག་རྟེན་འགྲོ་བ་རིགས་ལྔའི་ནང་ན་ཆེ་བ་དང་། ཆུང་བ་དང་། བཟང་བ་དང་། ངན་པ་དང་། ཕྲ་བ་དང་། སྤོམ་པ་དང་། དགེ་བ་དང་། མི་དགེ་བ་དང་། ཕོ་དང་། མོ་དང་། བདེ་བ་དང་། མི་བདེ་ [234b.5]བ་ལ་སོགས་པ་སྣ་ཚོགས་པའོ། །སྣོད་ཀྱི་འཇིག་རྟེན་ལ་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་དང་། ཐུང་ངུ་དང་། རིང་པོ་དང་། ཟླུམ་པོ་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པ་དང་། རྡུལ་དང་། རི་རབ་ལ་སོགས་པ་སྣ་ཚོགས་པའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་ [234b.6]པ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །ཞེས་པའོ། །དེ་ལྟར་ཁམས་གསུམ་དུ་ཁྱབ་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་དབྱིངས་དང་པོ་སྐྱེ་བ་དང་། འཇིག་རྟེན་པའི་དུས་སུ་བསྡུ་བའི་དོན་ཡང་གསལ་པོར་བྱེད་པ་གསུངས་པ། སྐྱེ་དང་བསྡུས་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྐྱེ་བ་དང་ཞེས་པ་ནི་སྣོད་དང་བཅུད་ [234b.7]ཆགས་པའོ། །འདི་ལྟ་སྟེ། ཆགས་པའི་བསྐལ་པ་ལ་ནམ་མཁའ་ལ་སེམས་ཅན་གྱི་ལས་ཀྱི་དབང་གིས་རླུང་གི་དཀྱིལ་འཁོར་དང་། ཆུའི་དཀྱིལ་འཁོར་དང་། དབང་ཆེན་གྱི་དཀྱིལ་འཁོར་དང་། རི་བདུན་དང་། རི་རབ་དང་། སུམ་ཅུ་རྩ་གསུམ་ནས་བསམ་གཏན་གསུམ་པའི་བར་དུ་མས་བར་གྱི་བསྐལ་པ་ [235a] [235a.1]གཅིག་གི་བར་དུ་སྐྱེ། བཅུད་ནི་བསམ་གཏན་བཞི་པའི་ལྷ་རྣམས་གཞལ་ཡས་ཁང་དང་བཅས་པར་སྐྱེ་སྟེ། དེ་ལས་མར་བབ་པ་མནར་མེད་པའི་དམྱལ་བ་ན་གཅིག་སྐྱེས་པའི་བར་དང་། བར་གྱི་བསྐལ་བ་བཅུ་དགུའི་དུས་ཚད་དོ། །བསྡུས་ན་འཇིག་པ་ལ་ཞེས་པ་ནི་འཇིག་པའི་བསྐལ་པ་མེད་ [235a.2]པ་འཇིག་པའི་འཇིག་རྟེན་མནར་མེད་པའི་དམྱལ་བ་ན་དམྱལ་བ་མི་སྐྱེ་སྟེ། འཇིག་རྟེན་གཞན་གྱི་དམྱལ་བ་ན་སྐྱེར་སོང་བ་དང་པོ་བཟུང་ནས་ཡར་འཕོ་སྟེ་བསམ་གཏན་བཞི་པའི་ལྷ་གཞལ་ཡས་ཁང་དང་བཅས་པར་མི་སྣང་བའི་བར་དུ་བར་གྱི་བསྐལ་བ་བཅུ་དགུར་རོ། །སྣོད་འཇིག་པ་ནི་མེས་འཇིག་པའི་དུས་སུ་ [235a.3]མནར་མེད་པའི་དམྱལ་བ་པ་ནས་བསམ་གཏན་དང་པོའི་བར་དུ་འཇིག་པ་དང་། ཆུས་འཇིག་པའི་དུས་སུ་བསམ་གཏན་གཉིས་པའི་བར་དུ་འཇིག་པ་དང་། རླུང་གིས་འཇིག་པའི་དུས་སུ་བསམ་གཏན་གསུམ་པའི་བར་དུ་འཇིག་གོ། །དེ་ལྟར་འཇིག་རྟེན་སྐྱེ་བ་དང་། འཇིག་པའི་དུས་སུ་བྱང་ཆུབ་སེམས་ཆོས་ཀྱི་ [235a.4]དབྱིངས་ཡིག་འབྲུ་ཅན་ཐིག་ལེའི་གཟུགས་སུ་བསྡུས་ནས་རབ་ཏུ་གནས་སོ་ཞེས་སོ། །ད་ནི་ཡོན་ཏན་གསུངས་པ། གང་གིས་བརྒྱད་ཁྲི་རྩ་བཞིའི་ཆོས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་གང་ཞིག་ཅེས་པ་ནི་རྣལ་འབྱོར་པའམ་མཁས་པ་སྤྱི་ལ་ཤེས་པར་བྱའོ། །བརྒྱད་ཁྲི་རྩ་བཞིའི་ཆོས་ཞེས་པ་ནི་སེམས་ཅན་གྱི་ [235a.5]ཉོན་མོངས་པ་བརྒྱད་ཁྲི་རྩ་བཞིའི་གཉེན་པོའོ། །ལམ་གྱི་བདེན་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་རྩ་བཞིའི་ཆོས་བསྟན་པའོ། །ཕྲག་དེ་གཅིག་ནས་གཉིས་སུ་བརྩིས་པ་སྟོང་ཕྲག་བརྒྱ་ཞེས་པ་ནི་འབུམ་ཕྲག་གཅིག་གོ། །དེ་སྙེད་ཆོས་ཀྱི་དོན་ཤེས་ན་ཡང་མཁས་པ་དེ་ཡིས་ཆོས་ཀྱི་དབྱིངས་དེ་ཉིད་མི་ཤེས་པ་སྟེ་རྟོགས་པ་མ་ [235a.6]ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དེ་བས་ན་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ཤེས་མ་ཐག་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཤེས་པའི་མཁས་པ་དེ་དག་ཀུན་ཀྱང་བླ་ན་མེད་པའི་མྱ་ངན་ལས་འདས་པའི་འབྲས་བུ་མེད་དོ་ཞེས་པའོ། །ད་ནི་གོང་གི་ཆ་ཤས་ཀྱི་ཡི་གེ་སྭས་བསྟན་པ། བཅུ་གཉིས་ལྔ་ཡི་ལྔ་པ་ཡང་། །ཞེས་པ་ལ་ [235a.7]སོགས་པ་སྟེ། དེ་ལ་བཅུ་གཉིས་ཞེས་པ་ནི་ཨ་ལས་བརྩིས་པའི་ཡི་གེ་བཅུ་གཉིས་ཀྱི་མཐའ་མ་ཨའོ། །ལྔའི་ཞེས་པ་ནི་པའི་སྡེ་སྟེ་ཀའི་སྡེ་ལས་བརྩིས་པའི་ལྔ་པ་ནི་པའི་སྡེའོ། །དེའི་ལྔ་པ་ཞེས་པ་ནི། པ་ལས་བརྩིས་པའི་ཡི་གེ་མའོ། །དེས་ཨོཾ་གྱི་ཀླད་ཀོར་བྱས་མ་ཐག་ཨོཾ་འདོད་པའོ། །བརྒྱད་ཀྱི་མཐའ་ [235b] [235b.1]ཞེས་པ་ནི་ཡི་གེ་ཡ་ལས་བརྩིས་པའི་ཡི་གེ་ཧའོ། །འབྱུང་བ་འདུས་ཞེས་པ་ནི་འབྱུང་བ་ཆེན་པོ་བཞིས་བསྐོར་བའི་ཧའོ། །སྒྲ་ཡིག་དང་པོ་ཡི་གེ་ཨ། །ཞེས་པ་ནི་གོ་སླའོ། །ལྔ་པ་ཡིས་ནི་ཞེས་པ་ནི་ཡི་གེ་མའོ། །དེས་ཨ་ལ་ཀླད་ཀོར་བྱས་པ་སྟེ་ཡང་དག་བརྒྱན་ཞེས་པ་ནི་ཡི་གེ་ཨོཾ་མོ། སྙིང་རྗེ་ཆེན་པོ་ལས་བྱུང་བ། [235b.2]ཞེས་པ་ནི་ཡི་གེ་ཀའོ། །རྒྱ་གར་གྱི་སྐད་ལ་ཀ་ཀ་རུ་ཞེས་བྱ་བ་ནི་སྙིང་རྗེ་ཡིན་པའི་ཕྱིར་རོ། །དྲུག་པ་ཞེས་པ་ནི་ཡ་ལས་བརྩིས་པའི་ཡི་གེ་ཥའོ། །དེའི་ཡི་གེ་ཀ་ལ་བཏགས་པ་ནི་དྲུག་པས་བཏགས་པ་དེ་ཞེས་ཏེ་ཡི་གེ་ཀྵའོ། །ཁ་མར་ལྟ་ཞེས་པ་ནི། ཁའི་པདྨར་མགོ་མར་ལྟ་བ་བསྒོམ་པའོ། །ཡི་གེ་འབྲུ་ [235b.3]དེའི་ཁྱད་པར་གསུངས་པ། གདོད་མ་ཐ་མ་མེད་པའི་ལྷ། །ཞེས་པ་སྟེ། དེ་ལ་གདོད་མ་ཞེས་པ་ནི་སྐྱེ་བའོ། །ཐ་མ་ཞེས་པ་ནི་འཇིག་པའོ། །དེ་གཉིས་མེད་པའི་རང་བཞིན་ཡིག་འབྲུ་ཡིན་པས་ན་གདོད་མ་ཐ་མ་མེད་ཅེས་པ་སྟེ། མུ་སྟེགས་པའི་བྱེད་པ་པོ་ལྟར་སྔོན་དུ་བྱས་པ་མ་ཡིན་པའི་ཕྱིར་དང་། རྡོ་རྗེ་ལྟ་བུ་ [235b.4]དོན་དམ་པར་འཇིག་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གདོད་མ་ཐ་མ་ནི་ནམ་མཁའ་ལས་འབྱུང་བའི་མཚན་མ་ཙམ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ལས་གསུངས་པ། ནམ་མཁའ་ལས་བྱུང་མཚན་མའི་ཕྱིར། །གདོད་མ་ཐ་མ་མེད་པའི་མཆོག །ཅེས་པའོ། །ལྷ་ཞེས་པ་ནི་ཡིག་འབྲུ་དེ་ [235b.5]དག་འོད་ཟེར་དང་ལྡན་པའི་ཕྱིར་དང་། རྡོ་རྗེ་སེམས་དཔའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེར་ནི་སྤྱི་བོར་བསྟན་པ་ཡིན། །ཞེས་པ་ནི་ཡི་གེ་ཀྵ་གོང་ན་བཞག་པའི་ཐ་ཚིག་གོ། །དེ་དག་ཅེས་པ་ནི་ཡིག་འབྲུ་བཞི་པོ་དེ་དག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་ན་གསང་ཆེན་ཞེས་ཏེ་བཤད་ཟིན་ཏོ། །དམ་པ་ཞེས་ [235b.6]པ་ནི་ཡིག་འབྲུ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ། །ལྷ་མོ་ཞེས་པ་ནི་མཱ་མ་ཀཱི་སྟེ་བོད་པའི་ཚིག་གོ། །བདག་གིས་ཞེས་པ་ནི་སྟོན་པ་རྡོ་རྗེ་སེམས་དཔའོ། །རབ་ཏུ་བསྟན་ནོ་ཞེས་པ་ནི་བྱང་ཆུབ་སེམས་ཆོས་ཀྱི་དབྱིངས་ཀྱི་རིམ་པ་བཤད་ཟིན་ཏོ་ཞེས་པའི་ཐ་ [235b.7]ཚིག་གོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ཞེས་པ་ནི་གོང་མ་དང་མཐུན། གཉིས་པའོ་ཞེས་པ་ནི་དང་པོའི་འོག་མའོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པའི་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།ད་ནི་ལེའུ་གསུམ་པ་ལ། ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་བསྡུ་བ་ལྷ་མོ་ན་བཟའ་དཀར་མོས་ཞུས་པ། [236a] [236a.1]དེ་ནས་གོས་དཀར་མོས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་ལེའུ་གཉིས་པ་དང་གསུམ་པ་ལ་མགོ་མཇུག་འབྲེལ་བའི་ཚིག་གོ། །ལྷ་མོ་ཞེས་པ་ནི་བཤད་ཟིན་ཏོ། །དེ་ནས་གོས་དཀར་མོས་ཞེས་པ་ནི་རྒྱུད་གཞན་གྱི་ནང་ནས་སྐུ་མདོག་དཀར་བའི་ཕྱིར་རོ། །ཡང་ན་ལྷ་མོ་ན་ [236a.2]བཟའ་ཁ་དོག་དཀར་བ་བསྣམས་པ་ལ་བཏགས་པའི་མཚན་མ་སྟེ། འདུལ་བ་ལ་གོས་དཀར་ཅན་གྱི་སྡེ་ཞེས་པ་བཏགས་པ་བཞིན་ནོ། །ཡན་ལག་ཀུན་གྱིས་བཏུད་ནས་སུ། །ཞེས་པ་ནི་ལུས་ཀུན་ས་ལ་བརྐྱང་ནས་ཕྱག་བྱས་ཏེ་ཤིན་ཏུ་རབ་ཏུ་སྟོན་པ་པོ་བསྐུལ་བའི་ཕྱིར་རོ། །ཐལ་མོ་སྙིམ་པ་སྦྱར་བྱས་ཏེ། ། [236a.3]ཞེས་པ་ནི་ལན་གསུམ་བསྐོར་བ་བྱས་ནས་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། སྙིང་གར་སྙིམ་པའི་ཐལ་མོ་སྦྱར་ནས། རྡོ་རྗེ་སེམས་དཔའ་ལ་གསོལ་བ་ཞེས་པའོ། །ཞུ་བའི་རིམ་པ་དེ་ནི་ལྷ་མོ་གཞན་ལ་ཡང་ཤེས་པར་བྱའོ། །གསོལ་བའི་ཚིག་ནི། ཆོས་ཀྱི་དབྱིངས་ཀྱི་བསྡུ་བ་དང་། །ཞེས་པ་ནས། [236a.4]ཐུབ་པ་ཆེན་པོས་བཀའ་སྩོལ་མཛོད། །ཅེས་པའི་བར་དུ་སྟེ། དེ་ལ་ཆོས་ཀྱི་དབྱིངས་ཞེས་པ་ནི་བཤད་ཟིན་ཏོ། །བསྡུ་བ་དང་ཞེས་པ་ནི་གཅིག་ཏུ་གྱུར་པའི་དོན་དུ་ཞུས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཞེས་པ་ནི་སྐུའི་རྡོ་རྗེ་དང་། གསུང་གི་རྡོ་རྗེ་དང་། ཐུགས་ཀྱི་རྡོ་རྗེའི་ངོ་བོར་བྱང་ཆུབ་སེམས་བསྡུ་བ་ཞུས་ [236a.5]པའོ། །རང་བཞིན་ཉིད་ནི་ཇི་ལྟར་ལགས། །ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོར་བསྡུ་བའི་དོན་ཞུས་པའོ། །ལྷའི་དབང་ཕྱུག་ཅེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོར་གྱུར་པའི་ཕྱིར་རོ། །དེ་ལ་བོད་ཅིང་གསོལ་བ་བཏབ་པ་ནི་ཁྱོད་ལ་ཞུ་ཞེས་པ་སྟེ། སེམས་ཅན་གྱི་དོན་ [236a.6]དུ་བདག་གཞན་ཕྱེ་བའི་ཕྱིར་རོ། །གང་གི་འོད་ཀྱིས་གོང་བུར་བསྡུ། །ཞེས་པ་ནི་བདུད་རྩིའི་ངོ་བོ་འཇིག་རྟེན་ལས་འདས་པའི་འོད་ཀྱི་གོང་བུའི་སྒོ་ནས་ཞུས་པའོ། །རྡོ་རྗེ་སེམས་དཔའ་ཇི་ལྟར་ལགས། །ཞེས་པ་ནི་འོད་ཀྱི་གོང་བུ་དེ་རྡོ་རྗེ་སེམས་དཔའི་ངོ་བོར་ཡང་བསྡུ་བ་ཞུས་པའོ། །གསུངས་ཤིག་དེ་ཉིད་ཡིག་ [236a.7]འབྲུའི་ཚིག །འདུས་པ་ཇི་ལྟར་འགྱུར་བ་ལགས། །ཞེས་པ་ནི་སྔགས་ཀྱི་སྒོ་ནས་བསྡུ་བ་ཞུས་པའོ། །ཆུ་ཡི་ཁམས་དང་མེ་ཡི་ཁམས། །ཇི་ལྟར་རོ་ནི་མཉམ་པོར་འགྱུར། །ཞེས་པ་ནི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ [236b] [236b.1]ཁམས་དང་། རྣམ་པར་ཤེས་པའི་ཁམས་དྲུག་གི་དངོས་པོའི་སེམས་ཅན་གྱི་ཕུང་པོ་ཆུ་དང་མེའི་ཁམས་ཇི་ལྟར་འདུ་བར་འགྱུར་ཞེས་ཞུས་པའོ། །དེ་ཁོ་ན་ཡང་རྒྱས་པར་ཞུས་པ། མ་ལས་སྐྱེ་བའི་གསུམ་ཙམ་དང་། །དེ་བཞིན་ཕ་ལས་སྐྱེ་བ་གསུམ། །དེ་དག་དྲུག་རྫོགས་གོང་བུ་ལས། །ཇི་ལྟར་མི་ [236b.2]རྣམས་སྐྱེ་བ་ལགས། །ཞེས་པ་སྟེ་འཇིག་རྟེན་པའི་ཕུང་པོ་གོང་བུའི་སྒོ་ནས་ཞུས་པའོ། །སངས་རྒྱས་གཟུགས་ནི་བདག་མི་འཚལ། །ཞེས་པ་ནི་ཕུང་པོའི་སྒོ་ནས་བསྡུ་བ་ལ་ཞུས་པའོ། །ཐུབ་པ་ཆེན་པོས་བཀའ་སྩོལ་མཛོད། །ཅེས་པ་ནི་ཞུས་པའི་ཚིག་བསྡུས་པ་སྟེ། དེ་ལ་ཐུབ་པ་ [236b.3]ཆེན་པོ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། སྐུ་གསུང་ཐུགས་རྟག་པར་མཉམ་པར་གཞག་པ་ཉིད་ཀྱི་ཕྱིར་རོ། །དེའི་ལན་གསུངས་པ། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ། ཞེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་ཅན་གྱིས་བཀའ་སྩལ་པ། །ཞེས་པ་ནི་བཤད་ཟིན་ཏོ། །དེ་ལ་རེ་ཞིག །ཆོས་ཀྱི་ [236b.4]དབྱིངས་ཀྱི་བསྡུ་བ་དང་། །ཞེས་པའི་ལན་གསུངས་པ། གསང་ལས་ཤིན་ཏུ་གསང་འགྱུར་བ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་གསང་ཞེས་པ་ནི་གསང་བའི་རྡོ་རྗེའོ། །ཤིན་ཏུ་གསང་འགྱུར་བ་ཞེས་པ་ནི་གསང་བའི་པདྨའོ། །དེ་ལྟར་ཡང་གསང་བའི་ནོར་བུ་ཐིག་ལེའི་རྒྱུད་ལས་གསུངས་ [236b.5]པ། རྡོ་རྗེ་དེ་ནི་གསང་བ་སྟེ། །དེ་ལས་པདྨ་ཤིན་ཏུ་གསང་། །ཞེས་སོ། །ཉོན་ཅིག་ལྷ་མོ་བཤད་པར་བྱ། །ཞེས་པ་ནི་གསང་བའི་ཚིག་སྟེ་ཡིག་འབྲུ་བཤད་ཟིན་ཏོ། །ཤིན་ཏུ་གསང་བ་དེ་ཁོ་ནའི་དོན་བཤད་པ། སྐྱེ་གནས་དབུས་སུ་རྩ་གཉིས་ནི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ [236b.6]སྐྱེ་གནས་ཞེས་པ་ནི་གསང་བའི་པདྨའོ། །དེའི་དཀྱིལ་ནི་སྐྱེ་གནས་དབུས་སུ་ཞེས་སོ། །དེ་བྱ་ལྕེའི་གཡས་གཡོན་གྱི་རྩ་ནི་རྩ་གཉིས་ནི་གཡོན་དང་དེ་བཞིན་གཡས་པ་སྟེ་ཞེས་སོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་གསལ་བར་གསུངས་པ། གཡོན་དུ་བྱང་ཆུབ་སེམས་ཞེས་པ་ནི་གཡོན་ [236b.7]གྱི་རྩ་ལས་ནི་ལྷག་པའི་བྱང་ཆུབ་སེམས་འབབ་པའོ་ཞེས་པའི་དོན་ཏོ། །གཡས་སུ་དེ་བཞིན་རཀྟའོ། །ཞེས་པ་ནི་གཡས་པའི་རྩ་ལ་ནི་རཀྟ་འབབ་པའོ། །དེ་གཉིས་ཕྲད་ནས་ཞེས་པ་ནི་ཐབས་དང་ཤེས་རབ་རོལ་བའི་དུས་སུ་རྩ་དེ་གཉིས་ལས་བྱང་ཆུབ་སེམས་དང་རཀྟ་བདེ་བ་ཆེན་པོའི་ངོ་བོ་བབས་ [237a] [237a.1]ཏེ་ཆུ་དང་འོ་མ་འདྲེས་པ་ལྟར་གཅིག་པར་གྱུར་པ་ཞེས་སོ། །དེ་ནི། ཀྱེ་ལྷ་མོ་ཆོས་ཀྱི་དབྱིངས་ནི་འདུས་པ་ཡིན། །ཞེས་བསྟན་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །རང་བཞིན་ཉིད་ནི་ཇི་ལྟར་ལགས། །ཞེས་པའི་ལན་བཏབ་པ། མུན་པ་སྐུ་དེ་རྡུལ་གསུང་གཟུགས། ། [237a.2]ཞེས་པ་ལ་སོགས་པ་སྟེ། དེ་ལ་མུན་པ་ཞེས་པ་ནི་མ་རིག་པའི་མུན་པའོ། །དེའི་རང་བཞིན་གནས་གྱུར་པ་ནི་སྐུ་ཞེས་པ་སྟེ་སྐུའི་རྡོ་རྗེའོ། །རྡུལ་ཞེས་པ་ནི་འདོད་ཆགས་ཏེ། དེའི་རང་བཞིན་གནས་གྱུར་པ་ནི་གསུང་ཞེས་པ་སྟེ་གསུང་གི་རྡོ་རྗེའོ། །གཟུགས་ཞེས་པ་ནི་ཡང་བ་གསལ་བའོ། ། [237a.3]དེ་སེམས་ཀྱི་རང་བཞིན་ཡིན་པས་གཟུགས་ཐུགས་ཀྱི་རང་བཞིན་ཞེས་སོ། །དེ་ནས་སྙིང་སྟོབས་ཏེ་ཞེས་པ་སྟེ་ཐུགས་ཀྱི་རྡོ་རྗེའོ། །དེ་ལྟར་མུན་པ་དང་རྡུལ་དང་སྙིང་སྟོབས་སྐུ་གསུང་ཐུགས་ཞེས་ཤེས་པར་བྱའོ། །དེ་ཡུམ་གྱི་དོན་བཅོམ་ལྡན་འདས་ཉིད་ཀྱིས་ཡང་གསལ་པོར་བསྟན་པ། རྡུལ་ནི་རཀྟ་ [237a.4]བྱང་སེམས་ནི། །མུན་པ་དེ་བཞིན་བསྐྱེད་པ་ཡིན། །ཞེས་པ་སྟེ་དེ་ལ་རྡུལ་ནི་རཀྟ་ཞེས་པ་ནི་རཀྟ་ལ་མུ་སྟེགས་པས་རྡུལ་ཞེས་བཏགས་པ་སྟེ། རས་གཤེར་བ་ལ་རྡུལ་ཆགས་པ་བཞིན་དུ་འདོད་ཆགས་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་ནི་མུན་པ་ཞེས་པ་ནི་ལྷག་པའི་བྱང་ཆུབ་སེམས་ [237a.5]ཁུ་བ་ལ་མུ་སྟེགས་པས་མུན་པ་ཞེས་བཏགས་ཏེ་གཏི་མུག་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་བསྐྱེད་པ་མིན་ཞེས་པ་ནི་དེ་བཞིན་དུ་རྒྱུ་འབྲས་ལ་ཞེ་སྡང་བའི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ཅན་སྐྱེ་བའི་ངོ་བོར་གྱུར་པ་ལ་མུ་སྟེགས་པས་སྙིང་སྟོབས་ཞེས་བཏགས་ཏེ། དེ་གསུམ་འདུས་ནས་སྐྱེ་བར་ [237a.6]འགྱུར་བའི་ཕྱིར་རོ། །མུན་པ་དང་། རྡུལ་དང་། སྙིང་སྟོབས་ཀྱི་རང་བཞིན་སྐུ་གསུང་ཐུགས་དེ་ཇི་ལྟར་རང་བཞིན་གཅིག་ཏུ་གྱུར་ཞེ་ན་བཤད་པ། རྡོ་རྗེ་པདྨ་མཉམ་སྦྱར་ནས། །རང་བཞིན་མཉམ་པའི་རོར་འགྱུར་རོ། །ཞེས་པ་སྟེ། ཐབས་དང་ཤེས་རབ་ཕྱག་རྒྱའི་གསང་བར་རྡོ་རྗེ་དང་པདྨ་སྦྱོར་བའི་ [237a.7]བདེ་བ་ཆེན་པོ་ལས་སྐུ་གསུང་ཐུགས་ཀྱི་རང་བཞིན་མཉམ་པ་རོ་གཅིག་ཏུ་འགྱུར་བའོ་ཞེས་པ་སྟེ། ཡང་དག་པར་སྐུ་གསུང་ཐུགས་ཀྱི་རང་བཞིན་ལས་དབྱེར་མེད་པའི་ཕྱིར་རོ། །གང་གི་འོད་ཀྱིས་གོང་བུར་བསྡུ། །ཞེས་པའི་ལན་གསུངས་པ། དྲི་ཆེན་ཆུ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་དྲི་ཆེན་ [237b] [237b.1]ཞེས་པ་ནི་བཤང་གཅིའོ། །ཆུ་དང་ཞེས་པ་ནི་གསང་བའི་རྡོ་རྗེའི་ཆུའོ། །ཤེལ་ཞེས་པ་ནི་ལུས་ཀྱི་སྣ་ལས་བྱུང་བ་སྟེ། ཤེལ་དང་ཁ་དོག་མཐུན་པའི་ཕྱིར་རོ། །མེ་ཏོག་ཅེས་པ་ནི་པདྨ་རཀྟ་སྟེ། འབྲས་བུ་ལ་ཉེ་བའི་ཕྱིར་རོ། །དེ་བཞིན་ལྔ་པ་བྱང་ཆུབ་སེམས། །ཞེས་པ་ནི་ལྷག་པའི་བྱང་ཆུབ་སེམས་ཁུ་བ་སྟེ། བྱང་ཆུབ་ [237b.2]སེམས་དང་འདྲ་བའི་བདེ་བ་ཆེན་པོའི་སེམས་སྐྱེད་པར་བྱེད་པའི་ཕྱིར་རོ། །ལྔ་པ་ཞེས་པའི་སྒྲས་ནི་དྲུག་དང་བཞི་སུན་དབྱུང་བ་སྟེ་ཤ་ཆེན་ལ་སོགས་པའི་ལྕགས་ཀྱུ་ལྔ་ལ་གཏོགས་པའི་ཕྱིར་རོ། །དེ་བས་ན་བདུད་རྩི་ནི་ལྔ་ཁོ་ནར་ཤེས་པར་བྱའོ། །རྫས་དེ་རྣམས་བདུད་རྩི་ལྔ་ཞེས་པ་སྟེ། འཁོར་བའི་སྡུག་བསྔལ་གཞོམ་ [237b.3]པའི་རྩི་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ། དྲི་ཆེན་དང་ཆུའི་ནི་ལུས་ཀྱི་རིམས་དང་འབྲས་གཞོམ་པའོ། །ཤེལ་གྱིས་ནི་འཚེ་བ་དང་ནད་མེད་པ་འཕེལ་བར་བྱེད་པའོ། །དེ་རྣམས་ནི་འཇིག་པའི་ཡོན་ཏན་ནོ། །མེ་ཏོག་གིས་ནི་སྐུ་གསུང་ཐུགས་གྲུབ་པར་བྱེད་པའོ། །བྱང་ཆུབ་སེམས་ཀྱིས་ནི་ཡེ་ཤེས་ཤེས་བྱ་གྲུབ་པར་བྱེད་ [237b.4]པའོ། །དེ་དག་ནི་འཇིག་རྟེན་ལས་འདས་པའི་ཡོན་ཏན་ནོ། །དེ་ལྟར་རྫས་དེ་ལྔས་ནད་དང་འཚེ་བའི་བར་ཆད་ལ་སོགས་པའི་འཁོར་བའི་སྡུག་བསྔལ་འཇོམས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བདུད་རྩི་ཞེས་བསྟན་ཏོ། །དེ་ལྟར་ཡང་བདུད་རྩིའི་རྒྱུད་ལས་གསུངས་པ། ཡེ་ཤེས་ཤེས་བྱ་བསྒྲུབ་པའི་ཕྱིར། །ཞེས་པ་ [237b.5]ལ་སོགས་པའོ། །དེ་ལྔ་དང་དབྱེར་མེད་པའི་འོད་ཀྱི་གོང་བུ་ནི་བདུད་རྩི་ལྔ་དངོས་གོང་བུར་བསྡུས་ཞེས་པ་སྟེ། འོད་ཀྱི་གོང་བུ་དང་བདུད་རྩི་ལྔ་ཐ་མི་དད་པའི་ཕྱིར་རོ། །ད་ནི་འཇིག་རྟེན་ལས་འདས་པའི་འོད་ཀྱི་གོང་བུར་བསྡུ་བ་བསྟན་པའོ། །རྡོ་རྗེ་སེམས་དཔའ་ཇི་ལྟར་ལགས། །ཞེས་པའི་ལན་བཏབ་པ། དེ་ལས་ [237b.6]རྡོ་རྗེ་འདིར་གསུངས་སོ་ཞེས་པ་སྟེ། འོད་ཀྱི་གོང་བུ་འདུས་པ་དེ་ལས་གྲུབ་པ་རྡོ་རྗེ་སེམས་དཔའི་རྒྱུད་འདིར་གསུངས་སོ་ཞེས་པ་སྟེ། མངོན་པར་ཤེས་པ་ལྔའི་རང་བཞིན་ཡེ་ཤེས་ལྔ་དང་རིགས་ལྔའི་ངོ་བོ་བདུད་རྩི་ལྔ་ལས་གྲུབ་པའི་བདག་ཉིད་རྡོ་རྗེ་སེམས་དཔའ་ཡིན་པའི་ཕྱིར་རོ། །གསུངས་ཤིག་དེ་ཉིད་ཡིག་འབྲུའི་ཚིག ། [237b.7]ཅེས་པའི་ལན་བཏབ་པ་ཆ་ཤས་གཉིས་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཆ་ཤས་གཉིས་པ་དང་ལྡན་པ་ཞེས་པ་ནི་ཡིག་འབྲུ་ཀྵ་དེ་ཀ་དང་ཥ་བརྩེགས་པའི་ཕྱིར་རོ། །ཡིག་འབྲུ་དེ་གསལ་བར་མཛད་པས་ཡང་གསུངས་པ། དེ་བཞིན་དགུ་པ་ཡང་ཡིན་ནོ། །ཞེས་པ་སྟེ། ཡའི་སྡེ་ལས་བརྩིས་པའི་དགུ་པ་ནི་ཡི་གེ་ཀྵ་ཁོ་ནའོ། །དོན་ [238a] [238a.1]ནི་འདི་ལྟ་སྟེ། ཀྵ་དེ་ལ་མ་དང་ར་དང་ཡ་བཏགས་ནས་ཞབས་སྐྱེད་རིང་པོར་བྱས་ཏེ། ཟླ་ཚེས་དང་ཐིག་ལེ་བརྩེགས་པའི་ཡིག་འབྲུ་ཀྵྨྲྱཱུཾ་འདོད་དེ་དེ་ནི་མན་ངག་གོ། །དོན་དེ་གསལ་བར་མཛད་པས་བཅོམ་ལྡན་འདས་ཉིད་ཡང་གསུངས་པ། དེ་སྐད་གསུངས་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སུམ་ཅུ་ [238a.2]ཞེས་པ་ནི་རྀ་རཱྀ་ལྀ་ལཱྀ་མ་བརྩིས་པའི་ཡི་གེ་ཨ་ལས་བརྩིས་པའི་ཧའི་བར་དུའོ། །བཅུ་དང་ནི་ཞེས་པ་ནི་ཡི་གེ་དྷ་ནས་བརྩིས་པའི་རའི་བར་དུའོ། །དེ་བཞིན་ལྔ་པ་ཞེས་པ་ནི་ཡི་གེ་ལ་ནས་ཧའི་བར་དུའོ། །ས་བོན་ཞེས་པ་ནི་ཧ་དེའི་འོག་མ་ཡི་གེ་ཀྵའོ། །ཆ་ཤས་གཉིས་པ་ཞེས་པ་ནི་ཀྵའི་དངོས་བསྟན་པའོ། །ལྔ་ཡིས་ཞེས་ [238a.3]པ་ནི་ཀྵ་ལ་མ་དང་ར་དང་ཡ་དང་ཐིག་ལེ་བྱས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡིག་འབྲུ་བསྡུ་བ་དང་གསུངས་པའོ་ཞེས་པའོ། །འདུས་པ་ཇི་ལྟར་གྱུར་པ་ལགས། །ཞེས་པའི་ལན་བཏབ་པ། ཡིག་འབྲུ་བྷྲཱུཾ་དང་ཆོས་ཀྱི་དབྱིངས་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡིག་འབྲུ་བྷྲཱུཾ་ཞེས་པ་ནི་གོ་སླའོ། །ཆོས་ཀྱི་དབྱིངས་ཡང་ཞེས་ [238a.4]པ་ནི་གོང་གི་ཡི་གེ་ཀྵྨྲྱཱཾ་ངོ་། །སྐྱེ་གནས་པདྨ་ཞེས་པ་ནི་གསང་བའི་པདྨའོ། །ལ་གནས་པ་ཞེས་པ་ནི་གསང་བའི་པདྨར་ཡི་གེ་དེ་རྣམས་བཀོད་པའོ། །ཡིག་འབྲུ་དེ་གཉིས་འགྱུར་བ་མེད་པའི་ཕྱིར་ན་དེ་ཉིད་ཅེས་སོ། །དེ་ཉིད་ས་བོན་ཞེས་པ་ནི་སྐྱེ་བ་རྣམས་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །སྭཱ་ཧཱ་མཐའ་ཞེས་པ་ནི། སྔགས་ཀྱིས་ [238a.5]མཐའ་ན་སྭཱ་ཧཱ་སྦྱོར་བའོ། །འདི་ལྟ་སྟེ། བྷཱུཾ་ཀྵཱུ་སྭཱཧཱ། འདུས་པ་ལ་ནི་ཤེས་པར་བྱ། །ཞེས་པ་ནི། ཆོས་ཀྱི་དབྱིངས་ཡིག་འབྲུ་དེ་ལྟ་བུའི་ངོ་བོར་འདུས་པ་ཡིན་ཞེས་པའི་ཐ་ཚིག་གོ། །ཆུ་ཁམས་དང་ནི་ཞེས་པ་ནས། །ཇི་ལྟར་མི་རྣམས་སྐྱེ་བ་ལགས། །ཞེས་པའི་བར་གྱི་ལན་བཏབ་པ། ཆུ་ཁམས་པ་ལས་སྐྱེ་ [238a.6]ཞེས་བྱ། །ཞེས་པ་ལ་སོགས་པ་སྟེ་དེ་ལ། ཆུ་ཁམས་ཕ་ལས་སྐྱེ་ཞེས་བྱ། །ཞེས་པ་ནི་ཆུའི་ཁམས་ནི་ཕ་ལས་འབའ་ཞིག་ཏུ་སྐྱེ་བ་བསྟན་པའོ། །མེའི་ཁམས་ནི་མ་ལས་སྐྱེ། །ཞེས་པ་ནི་མེའི་ཁམས་ནི་མ་ལས་འབའ་ཞིག་ཏུ་སྐྱེ་བ་བསྟན་པའོ། །ས་དང་། རླུང་དང་། རྣམ་པར་ཤེས་པ་དང་། ནམ་མཁའི་ [238a.7]ཁམས་ནི་གཉི་ག་ལ་སྐྱེ་བ་དོན་གྱིས་སྐྱེ་བ་ཤེས་པར་བྱའོ། །དེ་ལ་ས་ལ་སོགས་པའི་ཁམས་བཞི་ནི་བཤད་ཟིན་ཏོ། །ནམ་མཁའི་ཁམས་ནི་ཕུང་པོའི་སྒོ་དགུའི་བུ་གའོ། །དེ་ལྟར་ཆོས་མངོན་པ་མཛོད་ལས་ཀྱང་གསུངས་པ། བུ་ག་ནམ་མཁའི་ཁམས་ཞེས་བྱ། །སྣང་དང་མུན་པ་དག་ཡིན་ནོ། །ཞེས་སོ། །རྣམ་ [238b] [238b.1]པར་ཤེས་པའི་ཁམས་ནི་ཟག་པ་དང་བཅས་པའི་རྣམ་པར་ཤེས་པའི་ཁམས་སོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་ཀྱང་གསུངས་པ། ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། །ཞེས་སོ། །ཆུ་དང་མེའི་ཁམས་ཀྱི་དོན་དེ་གསལ་བར་མཛད་པས་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་པ། ཤ་ [238b.2]དང་ཁྲག་དང་པགས་པ་དང་། མ་ལས་སྐྱེ་བ་ཞེས་བཤད་དེ། ཚིལ་དང་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེ་ཞེས་བཤད་པ་ཡིན། །ཞེས་ཏེ་གོ་སླའོ། །གོང་བུར་ཡང་དག་པར་འདུས་པ་ནི་ཞེས་པ་ནི་འཇིག་རྟེན་པའི་གོང་བུ་ཕུང་པོར་འདུས་པའོ། །བསྡུས་པ་གང་ཞེ་ན་དེ་དག་ཙམ་དུ་ཞེས་པ་སྟེ། མའི་ཁམས་གསུམ་དང་། ཕའི་ [238b.3]ཁམས་གསུམ་དྲུག་ཙམ་འདུས་པ་ནི་བཤད་པ་ཡིན་ཞེས་སོ། །སངས་རྒྱས་གཟུགས་ནི་བདག་མི་འཚལ། །ཞེས་པའི་ལན་གསུངས་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་སྟེ། ཕྱིན་ཅི་ལོག་པའི་གླེན་པའི་གཟུགས་རྣམ་པར་དག་པ་ [238b.4]གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་གཏི་མུག་ཆེན་པོའོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། གཟུགས་ནི་གཏི་མུག་ཅེས་བསྟན་པ། །གླེན་པས་བཅིངས་པའི་ངོ་བོའོ། །ཞེས་སོ། །ཚོར་བ་དང་ཞེས་པ་ནི་ཚོར་བའི་ཕུང་པོ་སྟེ། ཕྱིན་ཅི་ལོག་གི་ང་རྒྱལ་རྣམ་པར་དག་པ་མེ་ཐམས་ཅད་ལ་མི་དམིགས་པའི་ [238b.5]ང་རྒྱལ་ཅན་མཉམ་པ་ཉིད་ཀྱི་བདག་ཉིད་དོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། ཚོར་བ་འདོད་པས་མྱོས་བསྟན་པ། །ང་རྒྱལ་གྱི་ནི་ངོ་བོ་ལ། ཞེས་སོ། །འདུ་ཤེས་དང་ཞེས་པ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། ཕྱིན་ཅི་ལོག་པར་དངོས་པོ་ལ་མཚན་མར་ཆགས་པ་རྣམ་པར་དག་པ་དང་། རིག་པའི་ཡེ་ [238b.6]ཤེས་ཀྱི་ངོ་བོ་ལ་ཆགས་པའོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། འདུ་ཤེས་འདོད་ཆགས་བདག་ཉིད་ནི། །དངོས་པོ་ལ་ནི་རགས་པའི་མཚན། །ཞེས་སོ། །དེ་བཞིན་འདུ་བྱེད་ཅེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། ཕྱིན་ཅི་ལོག་པའི་རང་དོན་འདུ་བྱེད་རྣམ་པར་དག་པ་ཡང་དག་པའི་ཕྲག་དོག་གི་རང་ [238b.7]བཞིན་ཏེ། སེམས་ཅན་གྱི་དོན་དང་རང་ཁོ་ནས་བྱེད་འདོད་པའོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རྩེ་གཅིག་བདག་ཉིད་སྟོང་པའོ། །ཞེས་སོ། །རྣམ་ཤེས་རྣམས་ནི་ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ་རྒྱུ་འབྲས་དབྱེ་བ་ལ་སྡང་བའི་ཞེ་སྡང་ཆེན་པོའོ། །དེ་ [239a] [239a.1]ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། རྣམ་ཤེས་ཞེ་སྡང་ཞེས་བསྟན་ཏེ། །རྒྱུ་དང་འབྲས་བུ་ཞེས་སུ་གྲགས། །ཞེས་སོ། །དེ་ལྟ་བུའི་རང་བཞིན་གོ་རིམས་སུ། སངས་རྒྱས་དངོས་པོ་ལྔ་ཡི་གཟུགས། །ཞེས་པ་སྟེ་གཟུགས་ནི་རྣམ་པར་སྣང་མཛད། ཚོར་བ་ནི་རིན་ཆེན་འབྱུང་ལྡན་འདུ་ [239a.2]ཤེས་ནི་སྣང་བ་མཐའ་ཡས། འདུ་བྱེད་ནི་དོན་ཡོད་གྲུབ་པ། རྣམ་པར་ཤེས་པ་ནི་མི་བསྐྱོད་པའོ། །དེ་ལྟར་རིགས་ལྔར་སངས་རྒྱས་པ་རྣལ་འབྱོར་པའི་གཟུགས་ལ་སོགས་པ་ཕུང་པོ་ཞེས་བྱ་བ་ལྔ་ཤིན་ཏུ་སྦྱོར་བ་ལ་བཤད་པ་ཡིན་ཞེས་སོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ཞེས་པ་ནི་གོང་མ་དང་མཐུན་གསུངས་ [239a.3]པའོ་ཞེས་པ་ནི་གཉིས་པའི་འོག་མའོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པའི་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།ད་ནི་ལེའུ་བཞི་པ་ལས་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་བསྒྲུབ་པ། ལྷ་མོ་སྒྲོལ་མས་ཞུས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་ལེའུ་གསུམ་པ་དང་བཞི་པ་མགོ་ [239a.4]མཇུག་འབྲེལ་བའི་ཚིག་གོ། །བཞད་པའི་ཞལ་གྱུར་ཏེ་ཞེས་པ་ནི་བཞད་པའི་སྒོ་ནས་མཆོད་པ་བྱས་པ་སྟེ་ཐུགས་ལ་དགྱེས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་འཕགས་པ་གདན་བཞི་པ་ལས་གསུངས་པ། མཆོད་པ་ཉི་ཤུ་ལས་བཤད་པ་དང་ཁྲོ་བ་ལ་སོགས་པ་ཡང་མཆོད་པར་གསུངས་སོ། །ལྷ་མོ་ཞེས་པ་ནི་བཤད་ [239a.5]ཟིན་ཏོ། །ལྷ་མོ་ཡང་དེ་སྒྲོལ་མ་ཡང་དེ་ཉིད་པས་ལྷ་མོ་སྒྲོལ་མ་ཞེས་པ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་དག་པར་དོན་བསྟན་པའི་ཕྱག་བརྐྱང་ནས་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་རོ། །ལྷ་མོ་དེ་ཁོ་ནའི་ཁྱད་པར་གསུངས་པ། བཅོམ་ལྡན་འདས་མས་ཞེས་པ་སྟེ་འབྲེལ་ཟིན་ཏོ། །རྡོ་རྗེ་སེམས་དཔའ་ལ་ཞུས་ [239a.6]པ་ཞེས་པ་ནི་གོང་མ་དང་མཐུན་ནོ། །ཆོས་ཀྱི་དབྱིངས་ཀྱི་བསྒྲུབ་པ་ནི་ཞེས་པ་ནི་ཆོས་ཀྱི་དབྱིངས་གང་གིས་གྲུབ་པར་བྱེད་པ་དེ་ནི་སྒྲུབ་པ་སྟེ་རྒྱུའི་ངོ་བོར་གྱུར་བའོ། །གསུངས་ཤིག་རྡོ་རྗེ་འཆང་ཆེན་པོ། །ཞེས་པ་སྟེ་ཆོས་ཀྱི་དབྱིངས་བསྒྲུབ་པའི་སྒོ་ནས་ཞུས་པའོ། །ཡང་རྫས་བསྒྲུབ་པ་ཞུས་པ། རྫས་རྣམས་བསྒྲུབ་པ་བཀའ་ [239a.7]སྩལ་འཚལ། །ཞེས་པ་སྟེ། དེ་ལ་རྫས་རྣམས་ཞེས་པ་ནི་དམ་ཚིག་གི་སྨན་རྣམས་སོ། །དེ་བཞིན་རིག་པའི་སྔགས་རྣམས་ཀྱང་། །ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་བྱེད་པའི་སྔགས་སོ། །དེ་ལྟར་འཇིག་རྟེན་སྣང་བ་ལས་ཀྱང་གསུངས་པ་ལས་བྱེད་པ་ནི་རིག་པའི་སྔགས་ཞེས་སོ། །དེ་ནི་སྔགས་ཀྱི་སྒོ་ནས་ཆོས་ཀྱི་ [239b] [239b.1]དབྱིངས་བསྒྲུབ་པ་ཞུས་པའོ། །དཀྱིལ་འཁོར་རྣམས་ནི་བརྟགས་པ་དང་། །ཞེས་པ་ནི་དཀྱིལ་འཁོར་བསྒྲུབ་པ་ཞུས་པའོ། །དེ་ལ་དཀྱིལ་ཞེས་པ་ནི་སྙིང་པོའམ་དབྱིངས་འདུས་པའོ། །འཁོར་ཞེས་པ་ནི་དེ་ལྟ་བུ་དང་དུ་བླངས་པའོ། །དཀྱིལ་འཁོར་དེ་བསྒོམ་པ་ནི་བརྟགས་པ་དང་ཞེས་པའོ། སྦྱིན་སྲེག་སོ་སོར་བྱ་བ་ [239b.2]དང་། །ཞེས་པ་ནི་སྦྱིན་སྲེག་གི་སྒྲུབ་པ་ཞུས་པའོ། །དེ་ལ་སྦྱིན་སྲེག་ཅེས་པ་ནི་གསོལ་ཟས་ཀྱིས་ལྷ་ལ་མཆོད་པ་དབུལ་བའི་དོན་དུ་མེ་ལ་བསྲེག་པའི་མིང་ངོ་། །སོ་སོར་བྱ་བ་དང་ཞེས་པ་ནི་སྦྱིན་སྲེག་གིས་ཞི་བ་ལ་སོགས་པའི་ལས་བྱ་བའོ། །དེ་བཞིན་མཆོད་པའི་ཆོ་ག་ཡང་། །ཞེས་པ་ནི་མཆོད་པས་སྒྲུབ་པ་ཞུས་ [239b.3]པའོ། །དེ་ལ་མཆོད་པ་ཞེས་པ་སྟེ། ཕ་རོལ་མཉེས་པར་བྱེད་པའོ། །ཆོ་ག་ཡང་ཞེས་པ་ནི་རིམ་པའོ། །ཁྱད་པར་དུ་ཡང་ཞེས་པ་ནི་མཆོད་པ་ཡང་ཕྱི་ནང་གི་ཁྱད་པར་དུ་བཀའ་སྩལ་འཚལ་ཞེས་སོ། །དེ་ནི་ཞུས་པའི་ལན་བཏབ་པ། །དེ་ལྟར་ལྷ་མོས་ཞུས་མ་ཐག །རྡོ་རྗེ་སེམས་དཔས་བཀའ་སྩལ་པ། །ཞེས་པ་སྟེ་ [239b.4]དེ་ལ་དེ་ལྟར་ཞེས་པ་ནི་གོང་མའི་ཚིག་ལ་བསྙེགས་པའོ། །གཞན་ནི་བཤད་ཟིན་ཏོ། །དེ་ལ་རེ་ཞིག་ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ནི་ཞེས་པའི་ལན་བཏབ་པ། ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ནི། །ཞེས་པ་ལ་སོགས་པ་སྟེ། གོང་མ་དང་མཐུན་ནོ། །གཟུགས་དང་སྒྲ་དང་དྲི་དང་ནི། །དེ་བཞིན་རོ་དང་རེག་ལ་སོགས། ། [239b.5]ཁམས་བཅོ་བརྒྱད་པོ་དེ་དག་ཀྱང་། །ཆོས་ཀྱི་དབྱིངས་ཞེས་བྱ་བའོ། །ཞེས་པ་ནི་ཁམས་བཅོ་བརྒྱད་པོ་དེ་དག་ནི་མདོར་ན་ཆོས་ཀྱི་དབྱིངས་སུ་ཤེས་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་རང་བཞིན་དང་འདྲ་བའི་ཕྱིར་རོ། །དེ་ལྟར་ཡང་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ལས་གསུངས་པ། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་ [239b.6]རེག་བྱ་ཁོ་ན་ཡང་། །དེ་རྣམས་རྡོ་རྗེ་སེམས་དང་མཉམ། །ཞེས་སོ། །ཡང་ན་སྤྱི་དང་རང་གི་མཚན་ཉིད་དང་ལྡན་པའི་ཕྱིར་ནི་ཆོས་ཀྱི་ཁམས་ནི་དབྱིངས་ཏེ། དེ་གཉིས་རྒྱུའམ་རིགས་སུ་དོན་གཅིག་པའི་ཕྱིར་རོ། །དེ་དག་ཉིད་ལས་བྱུང་བ་ནི་ཞེས་པ་ནི་ཁམས་བཅོ་བརྒྱད་དེ་དག་ལས་སྐྱེ་བ་ནི། བྱང་ཆུབ་སེམས་ཞེས་ཤེས་པར་ [239b.7]བྱ། །ཞེས་པ་སྟེ་ལྷག་པའི་བྱང་ཆུབ་སེམས་ལས་གོང་བུ་སྐྱེ་ཞེས་པ་ནི་ལྷག་པའི་བྱང་ཆུབ་སེམས་དེ་ལས་ཀྱང་ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་ཀྱི་བདག་ཉིད་གོང་བུ་སྐྱེའོ། །གོང་བུ་ལས་ཀྱང་ཡིད་སྐྱེད་དོ། །ཞེས་པ་ནི་གོང་བུ་དེ་ལས་ཡང་རྣམ་པར་ཤེས་པའི་ཁམས་སྐྱེད་པ་སྟེ། ཡིད་དང་རྣམ་པར་ཤེས་པ་ [240a] [240a.1]རྗེས་སུ་དབྱེར་མེད་པས་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་ཤེས་པར་བྱའོ། །ཡིད་ལས་ནམ་མཁའི་ཁམས་ཀྱང་ནི། །ཞེས་པ་ནི་ཡིད་དེ་ལས་ནམ་མཁའི་ཁམས་སྒོ་དགུའི་བུ་གར་གྱུར་པའོ། །འདི་ལྟ་སྟེ། སྤྱི་བོ་ཚངས་པའི་བུ་ག་དང་། མིག་དང་། རྣ་བ་དང་། སྣ་དང་། ཁ་དང་། སྙིང་ [240a.2]ག་དང་། ལྟེ་བ་དང་། གསང་བ་དང་། ཆུ་མིག་གི་བུ་གའོ། །དེ་བཞིན་དུ་ཡིད་ཁོ་ན་ལས་ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་། དབང་པོ་དྲུག་དང་། ཕུང་པོ་ལྔ་དང་། འབྱུང་བ་ཆེན་པོ་བཞི་ཡང་སྐྱེས་པའོ། །དེའི་དོན་བསྟན་པ། ཁམས་རྣམས་དང་ནི་སྐྱེ་མཆེད་རྣམས། །དབང་པོ་ཕུང་པོ་ [240a.3]འབྱུང་བ་རྣམས། །ཞེས་པ་སྟེ་ཡིག་འབྲུ་བཅོམ་ཟིན་ཏོ། །དེ་ལྟར་དབྱིངས་སུ་བསྡུ་བ་སྟེ། །ཞེས་པ་ནི་དེ་ལ་དེ་ལྟར་ཞེས་པ་ནི། ཁམས་བཅོ་བརྒྱད་ལས་ལྷག་པའི་བྱང་ཆུབ་སེམས་ཀྱི་ཁུ་བ་སྐྱེད་དེ། ཁུ་བ་དེ་ལས་ཡང་གོང་བུ་ལས་བྱུང་བ་ཆེན་པོའི་བར་དུ་འཁོར་བར་སྐྱེས་པ། དེ་ནི་དབྱིངས་སུ་བསྡུ་བ་སྟེ། །ཞེས་ [240a.4]པ་ནི་ཕན་ཚུན་རྒྱུ་རྐྱེན་དུ་གྱུར་ནས་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཐ་མ་མེད་པའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། སྲིད་པའི་འཁོར་ལོ་ཐ་མ་མེད། །ཅེས་སོ། །བསྡུ་བ་དེ་ནི་བསྟན་བྱས་པ། །ཞེས་པ་ནི་བསྡུ་བ་ཕན་ཚུན་དུ་རྒྱུར་གྱུར་པ་བསྒོམ་པའི་སེམས་མི་གཡོ་བ་རྩེ་གཅིག་པར་བྱེད་པ་ [240a.5]ནི། ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ཡིན། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་དོན་དུ་གྱུར་པ་ཡིན་ཞེས་པའི་ཐ་ཚིག་གོ། །ཅིའི་ཕྱིར་ཆོས་ཀྱི་དབྱིངས་སྒྲུབ་པའི་དོན་དེ་ལྟར་ཡིན་པ། དེ་བས་ཐམས་ཅད་ནན་ཏན་གྱིས། །སྒྲུབ་པ་ཡང་དག་སྤྱད་པར་བྱ། །ཞེས་པ་སྟེ་དེ་ལ་དེ་བས་ཞེས་པ་ནི་གཏན་ཚིགས་ཀྱི་དོན་འདྲེན་པའོ། ། [240a.6]ཐམས་ཅད་ཅེས་པ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་གྱི་དུས་ཐམས་ཅད་དོ། །ནན་ཏན་གྱིས་ཞེས་པ་ནི་ཐོས་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་རྣམ་པ་གསུམ་གྱིས་ཇི་བཞིན་དུ་བྱེད་པའོ། །སྒྲུབ་པ་ཞེས་པ་ནི་ཆོས་ཀྱི་དབྱིངས་མངོན་དུ་བྱེད་པའི་རྒྱུའི་ངོ་བོའོ། །དེ་ལ་ཕྱིན་ཅི་མ་ལོག་ [240a.7]པར་སྒྲུབ་པ་ལ་འཇུག་པ་ནི་ཡང་དག་སྤྱད་པར་བྱ་ཞེས་པ་སྟེ་བསྒྲུབ་པར་བྱའོ་ཞེས་སོ། །གང་གི་རིམ་པས་བསྒྲུབ་པར་བྱ་བ་ཡིན་ཞེ་ན། ཇི་ལྟར་གལ་པོ་ཞེས་དངོས་ཀྱིས། །བསྒྲུབ་པར་བྱ་བ་རབ་ཏུ་བརྟགས། །ཞེས་པ་སྟེ། དེ་ལ་ཇི་ལྟར་ཞེས་པ་ནི་སྒྲུབ་པའི་གཏན་ཚིག་འདྲེན་པའོ། །གལ་པོ་ཞེས་པ་ནི་རྒྱུད་ [240b] [240b.1]ཀྱི་ནང་ནས་འབྱུང་བའི་སྒྲུབ་པའི་ཐབས་སོ། །དེའི་དོན་དང་མཐུན་པའི་རང་བཞིན་ནི་གལ་པོ་ཞེས་དངོས་ཀྱིས། བསྒྲུབ་པར་བྱ་བ་རབ་ཏུ་བརྟགས། །ཞེས་པ་སྟེ་ཆོས་ཀྱི་དབྱིངས་སྒྲུབ་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །རྫས་རྣམས་བསྒྲུབ་པ་བཀའ་སྩལ་འཚལ། །ཞེས་པའི་ལན་གསུངས་པ། ཆོས་རྣམས་བསྒྲུབ་པ་ [240b.2]བཤད་ནས་སུ། །ཞེས་པ་ལ་སོགས་པ་སྟེ་དེ་ལ། ཆོས་རྣམས་བསྒྲུབ་པ་བཤད་ནས་སུ། །ཞེས་པ་ནི་ཆོས་ཀྱི་དབྱིངས་སྒྲུབ་པ་བཤད་ཟིན་མ་ཐག་ཏུ། རྫས་བརྒྱད་ཡན་ལག་བསྒྲུབ་པ་བཤད། །ཅེས་པ་སྟེ་དེ་ལ་རྫས་བརྒྱད་ཡན་ལག་ཅེས་པ་ནི་ཐུན་མོང་གི་དངོས་གྲུབ་ཡན་ལག་བརྒྱད་དང་རྫས་ཀྱིས་བསྒྲུབ་པའི་ཕྱིར་རོ། །བརྒྱད་ [240b.3]ནི་འདི་ལྟ་སྟེ། རི་ལུའི་དངོས་གྲུབ་དང་། མིག་སྨན་གྱི་དངོས་གྲུབ་དང་། ས་འོག་གི་དངོས་གྲུབ་དང་། རལ་གྲིའི་དངོས་གྲུབ་དང་། ནམ་མཁའ་ལ་འཕུར་པའི་དངོས་གྲུབ་དང་། མིག་རྣོན་གྱི་དངོས་གྲུབ་དང་། འཆི་འཕོ་མེད་པའི་དངོས་གྲུབ་དང་། ནད་འཇོམས་པའི་དངོས་གྲུབ་དང་བརྒྱད་དོ། །དོན་དེ་ཁོ་ན་གསུངས་པ་ [240b.4]རི་ལུ་མིག་སྨན་དངོས་གྲུབ་དང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ་རི་ལུ་ཞེས་པ་ནི་བཅོམ་ལྡན་འདས་ཉིད་ཀྱིས་འོག་ཏུ་རྒྱས་པར་བཤད་པས་འདིར་མ་བཀྲོལ་ལོ། །མིག་སྨན་དངོས་གྲུབ་དང་ཞེས་པ་ནི་འདི་ལྟ་སྟེ། ཟླ་བ་མར་ངོའི་ཚེས་ཉི་ཤུ་དགུའི་ནམ་ཕྱེད་ལ་ལམ་གྱི་བཞི་མདོ་ན་ཐོད་པའི་སྟེང་ན་འདུག་སྟེ། མདུན་ན་ཡང་ [240b.5]ཐོད་པ་གསུམ་སྒྱེད་པུ་ལྟར་བཙུགས་ནས། དེ་གཉིས་ཀྱི་བར་དུ་བདུད་རྩི་ལྔ་དང་བསྲེས་པའི་ཚིལ་ཆེན་གྱིས་བཀང་བའི་བྷནྡྷ་གཞག་སྟེ། དེའི་དཀྱིལ་དུ་ཁྲག་དང་དྲི་ཆེན་ལ་སོགས་པ་དང་བསྲེས་པའི་ཤིང་ཨརྒའི་བལ་ལ་པདྨའི་སྐུད་པས་དཀྲིས་པའི་སྙིང་པོ་བཙུགས་ནས་མེ་མར་བལྟམ་པར་བྱའོ། །ཤིང་ཨརྒའི་བལ་ [240b.6]དང་པདྨའི་སྐུད་པ་མ་རྙེད་ན་ཡང་གཞན་ཅི་འཚལ་བ་ལ་བྱའོ། །མེ་མར་གྱི་མེ་ལྕེའི་དུ་བ་ལ་མར་བྷནྡྷ་གཅིག་གིས་བཀབ་ནས་སྒྱེད་པུ་གསུམ་ལ་གཞག་གོ། །དེ་ལ་རྡོ་རྗེས་རེག་ནས་ཕུང་པོ་ལྔ་རིགས་ལྔར་བསྒོམས་པའི་རྣལ་འབྱོར་པས་སྔགས་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་ནམ་མ་ལངས་བར་དུ་བཟླ་བར་བྱའོ། །དེ་ནས་དུད་ [240b.7]པ་དེ་བླངས་ནས་རང་གི་མིག་ལ་བསྐུས་ན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགྲུབ་བོ། །དེ་ལྟར་གསང་བ་འདུས་པའི་རྒྱུད་ལས་གསུངས་པ། ལམ་གྱི་བཞི་མདོ་ཤིང་གཅིག་དྲུང་། །མ་མོའི་གནས་སམ་ཞི་གནས་སུ། །དེ་རུ་རྡོ་རྗེ་ཨ་ཛ་ན། །ཐོད་པ་དག་ཏུ་དབབ་པར་བྱ། །ཞེས་པ་ལ་སོགས་པའོ། །ས་འོག་ཅེས་པ་ [241a] [241a.1]ནི་ས་འོག་གི་དངོས་གྲུབ་སྟེ། ལྷ་མ་ཡིན་དང་ཀླུའི་བུ་མོ་སྒྲུབ་པའོ། །འདི་ལྟ་སྟེ། འཕགས་པ་རྡོ་རྗེ་ས་འོག་ཞལ་གསུམ་ཕྱག་དྲུག་པ་ཞགས་པ་དང་དགྲ་སྟ་དང་། རྩེ་གསུམ་པ་དང་ལྕགས་ཀྱུ་འཛིན་པ། ཕྱག་དང་པོ་གཉིས་ཀྱིས་ལྷ་མོ་ལ་འཁྱུད་པ། སྐུ་མདོག་ནག་པོ་བསྒོམ་པའི་རྣལ་འབྱོར་ [241a.2]པས་བཙག་གམ། རྡོ་རྒྱུས་སམ། བབ་བླས་ཤིང་ཏ་ལའི་ལོ་མ་ལ་སོགས་པ་ལ་རྡོ་རྗེ་ལྕགས་ཀྱུ་བྲིས་ཏེ། དེའི་ཁ་ལ་(གཙུགས་,བཙུགས་)ནས་གཟས་ཟླ་བ་ཟིན་པའི་དུས་སུ་ལྕགས་ཀྱུ་ཡང་ནས་ཡང་དུ་ཁ་ལས་འཕྲོས་པས་ཀླུའི་བུ་མོའམ་ལྷ་མ་ཡིན་གྱི་བུ་མོ་དགུག་པ་བསྒོམས་ནས། སྔགས་ཨོཾ་ཨཱཿཧཱུཾ་ཨཱ་ཀཪྵ་ཡ་ཛཿཞེས་ [241a.3]པ་བཟླ་བར་བྱའོ། །དེས་ནི་ཀླུ་དང་ལྷ་མ་ཡིན་གྱི་བུ་མོ་གང་གི་མིང་སྨྲས་པ་དེ་དགུག་གོ། །དེ་ལྟར་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། བཙག་གམ་རྡོ་རྒྱུས་ཞེས་པ་ལ་སོགས་པའོ། །རལ་གྲིའི་དངོས་གྲུབ་ཅེས་པ་ནི་གྱོ་མོའམ་གསེར་ལ་སོགས་པ་ལ་མཚན་ཉིད་དང་ལྡན་པའི་གཟུགས་ [241a.4]བྱས་ཏེ། མདུན་ན་རལ་གྲི་བཞག་ནས། བདུད་རྩི་རྣམ་པ་ལྔས་བྱུགས་ཏེ། རིགས་ལྔའི་གཙོ་བོ་དོན་ཡོད་གྲུབ་པ་བསྒོམས་ནས། ཨོཾ་ཨཱཿཧཱུཾ་ཞེས་བཟླས་ནས། རལ་གྲི་ལ་སྐུ་གསུང་ཐུགས་ཐིམ་པར་བསྒོམས་ཏེ་འོད་ཟེར་འབར་བར་བསྒོམ་པའོ། །རལ་གྲི་དེ་འཕར་མ་ཐག་ཏུ་གོང་གི་སྔགས་བཟླས་ཏེ་ལག་པར་ [241a.5]བླངས་ནས་བླངས་མ་ཐག་ཏུ་རལ་གྲིའི་རིག་འཛིན་དུ་གྲུབ་བོ། །སྒྲུབ་པ་དེ་ཁོ་ནའི་མཐུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་རྒྱུ་བས་ན་ནམ་མཁར་འཕུར་ཞེས་སོ། །དེ་ལྟར་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། མདུན་དུ་རལ་གྲི་གཞག་བྱས་ཏེ། །ཞེས་པ་ལ་སོགས་པའོ། །མིག་ [241a.6]སྨན་ཞེས་པ་ནི་མིག་རྣོན་གྱི་དངོས་གྲུབ་པོ། །འདི་ལྟ་སྟེ། ལམ་གྱི་བཞི་མདོ་ལ་སོགས་པར་ཐོད་པ་འདུག་པ་ལ་སོགས་པ་གོང་མ་བཞིན་བྱས་ནས། འདིར་ནི་ཞ་ཉེའི་གོང་བུ་ལ་ཚིལ་ཆེན་གྱིས་བཀང་ནས། ས་ལ་མ་ལྷུང་བའི་རོ་དཀྲིས་པའི་རས་ཀྱིས་སྙིང་པོ་བྱས་ཏེ་མེ་མར་བལྟམ་པར་བྱའོ། །ཕུང་པོ་ལྔ་རིགས་ལྔར་ [241a.7]བསྒོམས་པའི་རྣལ་འབྱོར་པས་ཨོཾ་ཨཱཿཧཱུཾ་བཟླ་བར་བྱའོ། །དུད་པ་དེ་བླངས་ནས་མིག་ལ་བསྐུས་ན། མི་སྣང་བ་སྐུ་གསུང་ཐུགས་རྡོ་རྗེ་ལ་སོགས་པ་ལྷ་ཀླུ་ཀུན་མཐོང་བར་འགྱུར་རོ། །དེ་ལྟར་ཡང་འཕགས་པ་གདན་བཞི་ལས་གསུངས་པ། མ་ལྷུང་བ་ཡི་རོ་དཀྲིས་རས། །ཞེས་པ་ལ་སོགས་པའོ། །འཆི་མེད་དང་ [241b] [241b.1]ཞེས་པ་ནི་བདུད་རྩི་དྲི་ཆེན་གྱི་བདུད་རྩི་སློང་བས་ཚེ་བསྒྲུབ་པའོ། །འདི་ལྟ་སྟེ། དྲི་ཆེན་ཕྱེ་མར་བརྡུངས་ནས་མར་དང་སྦྲང་རྩི་དང་བསྲེས་ལ་རྟོག་པ་སྤངས་ཏེ་རིགས་ལྔ་བསྒོམས་པའི་རྣལ་འབྱོར་པས་ཨོཾ་ཨཱཿཧཱུཾ་བཟླས་ཏེ། ལོ་གསུམ་གྱི་བར་དུ་ཟོས་ན་ཉི་ཟླ་དང་འདྲ་བའི་ཚེ་གྲུབ་བོ། །དེ་ལྟར་ཡང་རྣམ་པར་སྣང་མཛད་གལ་ [241b.2]པོ་ལས་གསུངས་པ། དྲི་ཆེན་ཕྱེ་མར་གཏགས་ནས་སུ། །མར་དང་སྦྲང་རྩི་བསྲེས་ནས་བཟའ། །ལོ་གསུམ་ནས་ནི་ལྷ་ཡི་ལུས། །ཉི་ཟླ་སྐར་མ་བཞིན་དུ་ཚེ་འགྱུར་རོ། །ཞེས་སོ། །བདུད་རྩི་སློང་བ་དེ་ཁོ་ནས་ལྷའི་ལུས་སུ་འགྱུར་བའོ། །ནད་འཇོམས་དང་ཞེས་པ་སྟེ་རིམས་དང་བཀྲེས་སྐོམ་ལ་སོགས་པའི་ [241b.3]ནད་མེད་པའི་ཕྱིར་རོ། །དངོས་གྲུབ་དེ་རྣམས་ཀྱང་ཆོས་ཀྱི་དབྱིངས་ཁོ་ན་འགྲུབ་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་དབྱེར་མེད་པའི་ཕྱིར་རོ། །ད་ནི་རི་ལུ་བསྒྲུབ་པའི་རྫས་བསྟན་པ། མི་དང་གླང་པོ་ཆེ་དང་རྟ། །གླང་དང་ཁྱི་དང་བོང་བུ་དང་། །རྔ་མོ་མ་ཧེ་སྤྱང་གི་རྣམས། །ཞེས་པ་སྟེ། སེམས་ཅན་གྱི་ཁྱད་པར་ [241b.4]དེ་རྣམས་ཀྱི་ཤ་ལ་ཤེས་པར་བྱའོ། །ཡོན་ཏན་ནི་འདི་ལྟ་སྟེ། མིའི་ཤས་ནི་སྐུ་གསུང་ཐུགས་འགྲུབ་པ་དང་། གླང་པོ་ཆེའི་ཤས་ནི་མངོན་པར་ཤེས་པ་འགྲུབ་པ་དང་། རྟའི་ཤས་ནི་མི་སྣང་བ་འགྲུབ་པ་དང་། བ་གླང་གི་ཤས་ནི་འགུགས་པ་འགྲུབ་པ་དང་། ཁྱིའི་ཤས་ནི་སྒྲུབ་པ་ཐམས་ཅད་འགྲུབ་པ་ [241b.5]དང་། བོང་བུ་ལ་སོགས་པའི་ཤས་ནི་གོང་མའི་སྤྱིའི་དངོས་གྲུབ་པོ། །ཅིའི་ཕྱིར་སེམས་ཅན་དེ་རྣམས་ཀྱི་ཤ་ལ་བརྟེན་ནས་དེ་ལྟ་བུའི་དངོས་གྲུབ་ཐོབ་ཅེ་ན། འདི་ལྟ་སྟེ། འཇིག་རྟེན་པའི་གཙང་བ་དང་མི་གཙང་བའི་རྣམ་པར་རྟོག་པས་གཟིར་བའི་སེམས་ཅན་ཐམས་ཅད་ཤ་འདི་དག་སྐུ་གསུང་ཐུགས་ཀྱི་ [241b.6]རང་བཞིན་དང་དབྱེར་མེད་པར་རྟོགས་ནས་ཟོས་ན་རྣམ་པར་རྟོག་པ་གཞོམ་མོ། །རྣམ་པར་རྟོག་པ་མེད་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་བོ། །དེ་རྣམས་ཀྱི་བྱིན་གྱི་རླབས་ཀྱི་ཡོན་ཏན། འདི་དག་ཐོབ་པར་ཤེས་པར་བྱའོ། །དེ་ལྟར་ཡང་གསང་བ་འདུས་པ་ལས་གསུངས་པ། ཤ་ [241b.7]ཆེན་དམ་ཚིག་མཆོག་གིས་ནི། །ཞེས་པ་ནས། སངས་རྒྱས་ཐམས་ཅད་ཀྱིས་བྱིན་བརླབས། །ཞེས་པའི་བར་རོ། །ཤ་དེ་རྣམས་མང་ཉུང་མེད་པ་ནི། ཆ་ནི་མཉམ་པོར་བྱ་བའོ། །ཞེས་སོ། །ཤ་དེ་ཁོ་ནའི་ཡང་ཚད་གསུངས་པ། མཐེ་བོའི་ཚིགས་ཙམ་ཚད་དུ་ནི། །ཞེས་པ་སྟེ། ཤ་རྣམ་པ་དགུ་པོ་དེ་དག་བསྡུ་བའི་ [242a] [242a.1]ཚད་དེ་སྲིད་པའི་སྒོ་ནས་ཤ་དེ་དག་མང་དུ་ཚོགས་པ་མི་རུང་བའི་ཕྱིར་རོ། །ཤིན་ཏུ་མཉམ་པར་བཞག་ནས་སྦྱར། །ཞེས་པ་ནི་ཤ་དེ་དག་སྦྱང་བ་དང་། དག་པའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་པའི་སྔགས་བཟླས་ཏེ་སྦྱོར་ཞེས་པའི་ཐ་ཚིག་གོ། །བདུད་རྩིའི་ཚད་གསུངས་པ་དྲི་ཆེན་ཞེས་པ་ལ་ [242a.2]སོགས་པ་སྟེ། དེ་ལ་བདུད་རྩི་བཞི་སྨོས་ནས་ཤེལ་མེད་པ་ནི་དོན་གྱིས་ཤེས་པར་བྱའོ། །ནས་ཙམ་ཚད་དུ་ནི་ཞེས་པའི་བདུད་རྩི་ལྔའི་རིལ་ལུ་དེ་དག་འབྲུ་ནས་ཙམ་དུ་བསྡུ་བ་སྟེ། དམ་ཚིག་ཙམ་དུ་འདོད་ལ་མང་བ་ན་སྐྱོན་ཡིན་པའི་ཕྱིར་རོ། །སྔགས་བཟླས་ནས་ནི་སྦྱང་བྱས་ཏེ། །ཞེས་པ་ནི་འདིར་ཡང་སྦྱང་བ་དང་དག་པའི་ [242a.3]སྔགས་བཟླས་ཏེ། སྦྱང་བའི་ཏིང་ངེ་འཛིན་ལ་ཡང་མཉམ་པར་གཞག་ནས་སྦྱར་ཞེས་པའི་ཐ་ཚིག་གོ། །དེ་ལྟར་སྦྱར་ཟིན་མ་ཐག་ཏུ་ཡང་བྱིན་གྱིས་བརླབས་ཀྱང་བྱའོ་ཞེས་པ་སྟེ་སྔགས་ཀྱིས་བསྟན་པར་བྱ་བའོ། །བྱིན་གྱིས་བརླབ་པའི་སྔགས་བསྟན་པ། །ཕྱག་འཚལ་དང་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕྱག་ [242a.4]འཚལ་དང་ནི་ཡི་གེ་ཨོཾ་སྟེ་སྔགས་ཀུན་གྱི་མགོ་ན་བཞག་པའི་ཕྱིར་རོ། །ཡི་གེ་ཨཱཿདབུས་སུ་ཞེས་པ་ནི། ཨོཾ་དང་ཧཱུཾ་གི་བར་ན་ཡི་གེ་ཨཱཿགཞག་པའོ། །དེ་བཞིན་ཧཱུཾ་བྱས་ཏེ་ཞེས་པ་ནི་མཐའ་ན་ཡི་གེ་ཧཱུཾ་གཞག་པའོ། །འདི་ལྟ་སྟེ། ཨོཾ་ཨཱཿཧཱུཾ་ཞེས་སོ། །སྔགས་འདི་ནི་གོང་གི་མིག་སྨན་ལ་སོགས་པ་ལ་ཡང་ [242a.5]བཟླ་བ་ཤེས་པར་བྱའོ། །དག་པའི་སྔགས་དང་སྦྱར་བའི་བསྒོམ་པ་གསུངས་པ། འབར་བའི་ཧྲཱིཿཡིག་འབར་བྱེད་པ། །ཞེས་པ་སྟེ། དེའི་དོན་ནི་འདི་ལྟ་སྟེ། ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་སྐྱེས་པའི་པདྨ་བྷནྡྷ་ལ་ཤ་རྣམ་པ་དགུ་དང་ [242a.6]བདུད་རྩི་རྣམ་པ་ལྔ་བཞག་སྟེ། དེའི་དཀྱིལ་དུ་ཡི་གེ་དྷཱིཿབཀོད་ནས། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་བསྒོམ་སྟེ། རླུང་གི་དཀྱིལ་འཁོར་གྱིས་མེའི་དཀྱིལ་འཁོར་བུས་ནས་མེ་འབར་བས་པདྨ་བྷནྡྷ་ལ་བདུད་རྩི་བཙོ་བར་བྱེད་པ་དང་། སྟེང་དུ་རྡོ་རྗེ་ཁ་གབ་ལས་འོད་མར་ཐུར་དུ་འབར་བས་ཤ་དང་བདུད་རྩི་སྦྱར་བ་ [242a.7]བསྒོམ་པར་བྱའོ། །དེ་ནས་ཡང་ཡི་གེ་ཧྲཱིཿའི་འོད་ཀྱིས་ཁམས་གསུམ་གྱི་བདུད་རྩི་བསྡུས་ནས་གཅིག་ཏུ་གྱུར་པ་དཀར་པོར་བསྒོམ་པར་བྱས་ནས་ཕྱིན་ཅི་ལོག་གི་མཐུ་གཞོམ་སྟེ་དག་པར་བྱ་བ་བསྒོམ་མོ། །དེ་ལྟར་ཀུན་དུ་བཟང་མོ་ལས་ཀྱང་གསུངས་པ། ཕྱག་འཚལ་དགའ་བས་བྱིན་གྱིས་བརླབས་པའི་རླུང་། །མེ་ཡི་ [242b] [242b.1]དཀྱིལ་འཁོར་ལ་གནས་འབར་བ་ཡིན། །ཞེས་སོ། །རྒྱུད་སོ་སོ་ཡིན་པས་འདིའི་གནས་སྐབས་སུ་ནི་ཨོཾ་མ་ཡིན་ཡི་གེ་ཧྲཱིཿལ་ཤེས་པར་བྱའོ། །དགུ་པ་དེ་ནི་རབ་ཏུ་བསྒྲུབ། །ཅེས་པ་ནི་བདུད་རྩི་ལྔ་ཁོ་ན་འདི་ལྟར་བསྒྲུབ་པ་མ་ཡིན་གྱི་ཤ་དགུ་ཡང་དེ་ལྟར་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་དག་པའི་རྫས་ [242b.2]དེ་དག་རི་ལུ་བྱ་བའི་ཐབས་བསྟན་པ། ལན་ནི་ཉི་ཤུ་རྩ་གཅིག་ཏུ། །སྔགས་བཟླས་ནས་ནི་ཕྱེ་མར་བཏགས། །ཞེས་པ་སྟེ་ནུབ་ཏུ་ཁ་བལྟས་ནས་སོར་ཉི་ཤུ་རྩ་གཅིག་ཏུ་བཏགས་པའོ། །ཡུངས་ཀར་ལྔ་ཡི་ཚད་ཙམ་དུ། །ཞེས་པ་ནི་ཡུངས་ཀར་ནི་གོ་སླའོ། །དེ་ཙམ་ལྔ་གཅིག་ཏུ་བྱས་པའོ། །ལྔ་དང་ལྔ་ [242b.3]ནི་འབྱོར་བར་བྱ། །ཞེས་པ་ནི་ཡུངས་ཀར་ལྔ་གཅིག་ཏུ་བསྡུ་བའི་ཚད། དེ་ལྔ་ཡང་གཅིག་ཏུ་བྱ་བའི་དོན་ཏོ། །སྒྲུབ་པའི་དུས་བསྟན་པ། ཚེས་བརྒྱད་དང་ནི་བཅུ་བཞི་ལ། །ཞེས་པ་སྟེ་གོ་སླའོ། །རི་ལུ་རྣམས་ནི་བྱས་ནས་ནི། །ཞེས་པ་ནི་གོང་དུ་གསུངས་པའི་ཚད་དུ་རི་ལུ་དྲིལ་བའོ། །པདྨའི་སྣོད་ཅེས་པ་ནི་ [242b.4]བྷནྡྷའོ། །དེ་ལ། བཀང་ནས་རི་ལུ་གཞག་བྱས་ཏེ། །སྟོང་ཕྲག་བརྒྱད་ནི་བཟླ་བར་བྱ། །ཞེས་པ་སྟེ། ཨོཾ་ཨཱཿཧཱུཾ་སྟོང་ཕྲག་བརྒྱད་བཟླས་ནས་བྱིན་གྱིས་བརླབ་པའོ། །མཚམས་བཞི་ལ་ནི་བསྒོམ་བྱས་ནས། །ཞེས་པ་ནི་སྔ་དྲོ་དང་ཉིན་ཕྱེད་དང་། ཕྱི་དྲོ་དང་ནམ་ཕྱེད་ལ་གོང་མ་བཞིན་དུ་སྦྱར་བ་དང་དག་པའི་སྒོམ་པའོ། ། [242b.5]དེ་ལྟར་བསྒོམས་ཟིན་མ་ཐག་ཏུ་དུས་བཞི་ལ་རི་ལུ་རེ་རེ་རྒྱུན་མི་འཆད་པར་བཟའ་བ་ནི། ཉིན་དང་མཚན་དུ་བཟའ་བར་བྱ། །ཞེས་སོ། །ད་ནི་དེའི་ཡོན་ཏན་གསུངས་པ། དེ་ནི་བསྐལ་པའི་ཐ་མར་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནི་ཞེས་པ་ནི་རི་ལུ་ཟོས་པའི་རྣལ་འབྱོར་པའོ། །བསྐལ་པའི་ཐ་མར་ཡང་ [242b.6]ཞེས་པ་ནི་གྲངས་མེད་པའི་བསྐལ་པ་མཐའ་ཡས་པའོ། །དངོས་གྲུབ་རྒྱས་པར་འགྲོ་བ་སྟེ། །ཞེས་པ་ནི་རི་ལུ་ལ་བརྟེན་ནས་མི་གནས་པའི་མྱ་ངན་ལས་འདས་པར་འགྲོ་བའོ། །གཟི་བརྗིད་ཅེས་པ་ནི་འོད་ཟེར་དང་ལྡན་པའོ། །མདངས་དང་ཞེས་པ་ནི་གསེར་བཙོ་མའི་སྐུ་མདོག་ཏུ་གྱུར་པའོ། །སྟོབས་ཞེས་པ་ [242b.7]ནི་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པའོ། །སྲེད་མེད་ཀྱི་བུའི་སྟོབས་ནི་འདི་ལྟ་སྟེ། གླང་པོ་ཆེ་ཕལ་པ་བཅུའི་སྟོབས་ནི་སྤོས་ཀྱི་གླང་པོ་ཆེའི་སྟོབས། སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་ནི་གཅེར་བུ་ཆེན་པོའི་སྟོབས་གཅེར་བུ་ཆེན་པོའི་སྟོབས་བཅུ་ནི་ཕུང་པོའི་སྟོབས་ཕུང་པོའི་སྟོབས་བཅུ་ནི་ཡན་ལག་མཆོག་གི་ [243a] [243a.1]སྟོབས་དེ་བཅུ་ནི་སྟོབས་མཆོག །དེ་བཅུ་ནི་སྲེད་མེད་ཀྱི་བུའི་སྟོབས་ཞེས་བྱའོ། །བརྩོན་འགྲུབ་ཞེས་པ་ནི་དགེ་བ་ལ་བྲོད་པའོ། །དེ་ཡང་གསུམ་སྟེ་སྦྱོར་བའི་བརྩོན་འགྲུས་དང་། གོ་ཆའི་བརྩོན་འགྲུས་དང་། མི་འགོང་མི་ལྡོག་ཆོག་པར་མི་འཛིན་པའི་བརྩོན་འགྲུས་སོ། །ལྔ་པ་ [243a.2]ལ་ནི་སྨོན་ལམ་ཡང་། །ཞེས་པ་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་པར་འདོད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། རང་གི་ཚོགས་ལ་རབ་ཏུ་འབྲེལ་པའི་སྨོན་ལམ་དང་། སེམས་ཅན་གྱི་དོན་ལ་རབ་ཏུ་འབྲེལ་བའི་སྨོན་ལམ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་དང་ [243a.3]གསུམ་མོ། །མངོན་པར་ཤེས་པ་ལྔ་ཞེས་པ་ནི་ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དྲན་པའི་ཤེས་པ་དང་། རྫུ་འཕྲུལ་བྱ་བའི་ཤེས་པའོ། །དེ་ལ་ལྷའི་མིག་དང་རྣ་བ་ནི་ཀུན་རྫོབ་ཀྱི་ཤེས་པ་སྟེ། བསྒྲིབས་པ་དང་ [243a.4]བསྲིངས་པ་དང་། ཕྲ་བ་ཐམས་ཅད་སྤྱོད་ཡུལ་ཉིད་ཀྱི་ཕྱིར་རོ། །ཕ་རོལ་གྱི་སེམས་ཤེས་པ་ནི་ཆོས་དང་རྗེས་སུ་དང་ལམ་དང་། ཀུན་རྫོབ་དང་། ཕ་རོལ་གྱི་སེམས་ཤེས་པ་རྣམས་ཏེ། བསྟེན་པའི་ཆོ་འཕྲུལ་ཆེན་པོའི་ཕྱིར་རོ། །སྔོན་གྱི་གནས་དང་འཆི་འཕོ་རྗེས་སུ་དྲན་པའི་ཤེས་པ་ནི་ཀུན་རྫོབ་ཀྱི་ [243a.5]ཤེས་པ་སྟེ། ཚེ་སྔོན་གྱི་མ་རིག་པ་དང་ཚེ་ཕྱི་མའི་མ་རིག་པ་བཟློག་པའི་ཕྱིར་རོ། །རྫུ་འཕྲུལ་བྱ་བའི་ཤེས་པ་ནི་ཀུན་རྫོབ་ཀྱི་ཤེས་པ་སྟེ། ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་པའི་ཕྱིར་རོ། །རྫུ་འཕྲུལ་དེ་ཡང་རྣམ་པ་གཉིས་ཏེ་འགྲོ་བ་དང་སྤྲུལ་པའོ། །དེ་ལ་འགྲོ་བ་ཡང་གསུམ་སྟེ། ཕྱིན་བྱེད་དང་། མོས་པ་ [243a.6]ལས་བྱུང་བ་དང་། ཡིད་མགྱོགས་པའོ། །དེ་གསུམ་ལ་དེ་བཞིན་གཤེགས་པའི་ཡིད་མགྱོགས་པ་མ་གཏོགས་པ་འདིར་གཉིས་ཐོབ་བོ། །རྫུ་འཕྲུལ་ནི་གཅིག་ལས་དུ་མར་གྱུར་པ་དང་། དུ་མ་ལས་གཅིག་ཏུ་གྱུར་པ་ལྟ་བུ་སྟེ། འདོད་ཁམས་ལ་གཏོགས་པ་དང་། གཟུགས་ཁམས་ལ་གཏོགས་པ་ [243a.7]གཉིས་སོ། །ཐོབ་པ་ཞེས་པ་ནི་གོང་གི་གཟི་བརྗིད་ནས་མངོན་པར་ཤེས་པའི་བར་དུ་ཡོན་ཏན་མངོན་དུ་གྱུར་པའོ། །དེ་དག་གང་ལས་མངོན་དུ་གྱུར་པ་ཡིན་ཞེ་ན། རི་ལུ་ཆེན་པོ་ཟོས་ཕྱིར་རོ། །ཞེས་པ་སྟེ། གོང་གི་རི་ལུ་ཟོས་པའི་ཡོན་ཏན་ཞེས་པའི་ཐ་ཚིག་གོ། །དེ་བཞིན་རིག་པའི་སྔགས་རྣམས་ཀྱང་། །ཞེས་ [243b] [243b.1]པའི་ལན་བཏབ་པ། རྫས་ཀྱི་སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ་རྫས་ཀྱི་དངོས་གྲུབ་ནི་བཤད་ཟིན་ཏོ། །ཀྱེ་བཅོམ་ལྡན་འདས་ད་ནི་རིག་པ་སྔགས་རྣམས་བདག་ལ་སྩོལ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་རིག་པའི་སྔགས་བསྟན་པ། ཨེ་ཡིག་དང་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཨེ་ཡིག་དང་ནི་ཞེས་ [243b.2]པ་ནི་ཡི་གེ་རཾ་ལས་བསྐྱེད་པའི་ཟུར་གསུམ་པ་མེའི་དཀྱིལ་འཁོར་རོ། །བཾ་ཡིག་དང་ཞེས་པ་ནི་ཡི་གེ་བཾ་ལས་བསྐྱེད་པ་ཟླུམ་པོ་ཆུའི་དཀྱིལ་འཁོར་རོ། །ལཾ་ཡིག་ཅེས་པ་ནི་ཡི་གེ་ལཾ་ལས་བསྐྱེད་པ་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞིའོ། །དབུས་སུ་ཡང་དག་གནས་ཞེས་པ་ནི་མེའི་དཀྱིལ་འཁོར་གྱི་དབུས་སུ་ [243b.3]ཡི་གེ་རཾ། ཆུའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་བཾ། དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ལཾ་དགོད་པའོ། །དང་པོ་མདོག་ནི་དམར་པོ་སྟེ། །ཞེས་པ་ནི་མེའི་དཀྱིལ་འཁོར་དང་ས་བོན་རཾ་གྱི་ཁ་དོག་གོ། །གཉིས་པ་ཡིན་ནི་མདོག་དཀར་བ། །ཞེས་པ་ནི་ཆུའི་དཀྱིལ་འཁོར་དང་ས་བོན་བཾ་གྱི་ཁ་དོག་གོ། ། [243b.4]གསུམ་པ་ཁ་དོག་སེར་བ་ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དང་ས་བོན་ལཾ་གྱི་ཁ་དོག་གོ། །དེ་རྣམས་གང་འགུགས་པར་བྱེད་པའི་བུད་མེད་ཀྱི་བྷ་གའི་དབུས་སུ་བརྩེགས་པར་བསྒོམ་པར་བྱ་ཞེས་སོ། །དཀྱིལ་འཁོར་དེ་དག་ཀྱང་ཇི་ལྟར་བསྒོམ་ཞེ་ན། འཁོར་ལོ་ལྟར་ནི་བསྐོར་བ་ནི། །ཞེས་པ་སྟེ་རྫ་མཁན་གྱི་ [243b.5]འཁོར་ལོ་ཇི་ལྟར་མྱུར་བར་འཁོར་བ་དེ་བཞིན་དུ་མེའི་དཀྱིལ་འཁོར་ལ་སོགས་པ་བྷ་གའི་ནང་དུ་འཁོར་བ་བསྒོམ་པའོ། །དུས་གང་དུ་ཞེ་ན། ཉིན་ཕྱེད་དང་ནི་མཚན་ཕྱེད་ལ། །ཞེས་པ་སྟེ་ཉིན་ཕྱེད་དང་མཚན་ཕྱེད་ལ་སེམས་ཅན་ཐམས་ཅད་སེམས་ཀྱི་སྟོབས་ཉམས་པས་དབང་དུ་བྱས་པའི་དུས་ཡིན་པའི་ཕྱིར་རོ། །དེའི་ [243b.6]ཡོན་ཏན་བསྟན་པ་རིག་པ་དེ་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་རིག་པ་དེ་ནི་ཞེས་པ་ནི་གོང་གི་མེའི་དཀྱིལ་འཁོར་ལ་སོགས་པ་སྟེ། བུ་མོ་དགུག་པའི་ལས་བྱེད་པའི་ཕྱིར་རོ། །རབ་འབྱོར་ན་ཞེས་པ་ནི་བྷ་གའི་ནང་དུ་བསྒོམ་པའོ། །དེ་ནི་སྐད་ཅིག་ཁོ་ནར་འགྲུབ། །ཅེས་པ་ནི་མྱུར་བར་འགྲུབ་པའི་ཐ་ཚིག་སྟེ། དེ་ [243b.7]ལ་དེའི་སྐད་ཅིག་མ་ནི་སྐད་ཅིག་མ་བརྒྱ་ཉི་ཤུའི་དུས་ཀྱི་ཚད་སེ་གོལ་ལན་གཉིས་གཏོགས་པ་ལ་སྐད་ཅིག་མ་བརྒྱད་ཀྱིས་མཆོག་པའོ། །སྒྲུབ་པ་དངོས་བསྟན་པ། ལྷ་མོ་ལྷ་མིན་བུ་མོའམ། །ཞེས་པ་ནི་དེ་ལ་ལྷ་མོ་ཞེས་པ་ནི་བཤད་ཟིན་ཏོ། །ལྷ་མིན་བུ་མོ་ཞེས་པ་ནི་རིན་པོ་ཆེའི་འོད་ལ་ལོངས་སྤྱོད་པའི་ཕྱིར་རོ། །འམ་ [244a] [244a.1]ཞེས་པ་ནི་རྣམ་གྲངས་བསྟན་པའོ། །མིའི་ཞེས་པ་ནི་ཤེས་པ་ལས་བྱུང་བའི་ཕྱིར་ན་སྟེ། དེ་ལས་སྐྱེ་བའི་མིའི་རིགས་ནི་མིའི་བུ་མོའི་ཞེས་སོ། །དེ་ཡང་རྣམ་པ་བཞིས་ཞེས་པ་ནི་པདྨ་ཅན་དང་། དུང་ཅན་མ་དང་། རི་མོ་ཅན་མ་དང་། གླང་པོ་ཆེ་ཅན་མའོ། །དེ་ལ་པདྨ་ཅན་མ་ནི་པདྨའི་དྲི་བྲོ་བ་དང་། ངོ་ཟླུམ་པ་ [244a.2]དང་། སྣ་རྩེ་ཏིལ་གྱི་མེ་ཏོག་འདྲ་བ་དང་། སེན་མོ་དམར་བ་དང་། རྒྱབ་ཅུང་སྒུར་བ་དང་། རྐང་མཐིལ་ཀུན་གྱིས་ས་ལ་རེག་པ་དང་། ནུ་མ་ཏིལ་གྱི་ཤིང་ཏོག་དང་འདྲ་བ་དང་། བ་སྤུ་འཁྱིལ་བ་དང་ལྡན་པའི་སོར་མོ་ཅན་གསུས་པའི་གཉེར་མ་གསུམ་དང་ལྡན་པ་དང་། བྲང་མཛེས་པ་དང་། གླང་པོ་ཆེ་ལྟར་དལ་བུས་ [244a.3]འགྲོ་བ་སྟེ། དེ་རྣམས་ཀྱི་མཚན་ཉིད་དོ། །དུང་ཅན་མ་ནི་བ་ཚྭའི་དྲི་བྲོ་བ་དང་། སྐྲ་རིང་བ་དང་། སྣ་རིང་བ་དང་། ནུ་མ་ཆེ་ལ་ཤིང་ཏོག་ན་རང་ག་འདྲ་བ་དང་། འོ་མ་དང་། ཞོ་ལ་སྲེད་པ་རྣམས་ཀྱི་མཚན་ཉིད་དོ། །རི་མོ་ཅན་མ་ནི་ཤའི་དྲི་བྲོ་བ་དང་། ལུས་ཆུང་བ་དང་། བརླ་མཛེས་པ་དང་། ཤིང་ཏོག་ཤིང་པ་ལ་ [244a.4]ལྟ་བུའི་ནུ་མ་དང་། ངོ་ཚ་མི་ཤེས་པ་དང་། ཁྲོ་འདོད་པ་དང་། རྟག་ཏུ་འཐབ་མོ་ལ་དགའ་བ་དང་། རྗེ་ངར་བྱ་རོག་དང་འདྲ་བ་དང་། ཕྱི་རྒན་དུ་ཉལ་བ་དང་། མཆུ་འཕྱང་བ་དང་། ཕུག་རོན་གྱི་སྐད་འདྲ་བ་དེ་རྣམས་ཀྱི་མཚན་ཉིད་དོ། །གླང་པོ་ཆེ་ཅན་མ་ནི། ཆང་གི་དྲི་བྲོ་བ་དང་། བྱིན་པ་སྦོམ་པ་དང་། སྣ་ཡོ་བ་དང་། [244a.5]མདོག་རྡུལ་སྐྱ་བ་དང་། དྲི་ང་བ་དང་། ལུས་སྦོམ་པ་དང་། སྤྱོད་པ་རྩོམ་པ་དེ་རྣམས་ཀྱི་མཚན་ཉིད་དོ། །སའི་དཀྱིལ་འཁོར་ཀུན་དུ་ནི། །ཞེས་པ་ནི་ས་འོག་དང་ས་སྟེང་དང་ས་བླའོ། །སྔགས་ཀྱིས་བཀུག་ནས་སྤྱད་པར་བྱ། །ཞེས་པ་ནི་གོང་དུ་གསུངས་པའི་སྔགས་ཀྱི་མཐུ་ཡིས་བཀུག་སྟེ། བུ་མོ་ཐམས་ཅད་སྤྱད་པར་ [244a.6]བྱའོ་ཞེས་པའི་ཐ་ཚིག་གོ། །དཀྱིལ་འཁོར་རྣམས་ནི་བརྟགས་པ་དང་། །ཞེས་པའི་ལན་བཏབ་པ། བསྒོམ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་བསྒོམ་པ་ཞེས་པ་ནི་གོང་དུ་མེའི་དཀྱིལ་འཁོར་ལ་སོགས་པ་བསྒོམ་པའོ། །དེ་བཞིན་རིག་པའི་སྔགས་ཞེས་པ་ནི་རཾ་དང་བཾ་དང་ལཾ་དང་ངོ་། །དེ་དག་གི་མན་ངག་ཏུ། ཀྱེ་ལྷ་ [244a.7]མོ་བདག་གིས་བཤད་པ་ཟིན་བྱས་ཏེ་ཞེས་སོ། །ད་ནི། དཀྱིལ་འཁོར་རྣམས་ནི་བཤད་པར་བྱ། །དགའ་མ་སེམས་ཀྱིས་རྩེ་གཅིག་ཉོན། །ཞེས་པ་སྟེ། བཤད་པར་དམ་བཅས་པའི་ཚིག་གོ། །དེ་ལ་དགའ་མ་ཞེས་པ་ནི་ལྷ་མོ་སྒྲོལ་མ་བོད་པའི་ཚིག་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་ལ་བྱོན་པའི་ཕྱིར་རོ། །སེམས་ [244b] [244b.1]ཀྱིས་རྩེ་གཅིག་ཞེས་པ་ནི་བུམ་པ་ཁ་མར་ཕུབ་པ་ལྟ་བུའི་སྐྱོན་དང་། བུམ་པ་ཞབ་རྡོལ་བ་ལྟ་བུའི་སྐྱོན་དང་། བུམ་པ་མི་གཙང་བས་གང་བ་ལྟ་བུའི་སྐྱོན་གསུམ་སྤངས་ནས་དད་པ་དང་བརྩོན་འགྲུས་དང་ཡང་དག་པའི་ལྟ་བ་གསུམ་དང་ལྡན་པར་ཉོན་ཞེས་པ་སྟེ་གནང་བའི་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་ [244b.2]འཁོར་བསྟན་པ། དཀྱིལ་འཁོར་ལུས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དཀྱིལ་འཁོར་ལུས་ཞེས་གསུངས་པ་སྟེ་ཞེས་པ་ནི་ཕུང་པོ་ལྔ་རིགས་ལྔར་བསྟན་པ་དང་། འོག་ཏུ་བཤད་པས་འདིར་མ་བཀྲལ་ལོ། །དཀྱིལ་འཁོར་བྷ་གར་བསྟན་པ་ཡིན། །ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཨེ་གྲུ་གསུམ་གྱི་ནང་དུ་བསྒོམ་ [244b.3]པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བྱང་ཆུབ་སེམས་དང་ནི། །ཞེས་པ་ནི་ལྷག་པའི་བྱང་ཆུབ་སེམས་ལས་བསྐྱེད་པའི་ས་བོན་ལས་གསང་བའི་པདྨའི་ནང་དུ་བསྒོམ་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གསུམ་དུ་བརྟགས་པ་ཡིན། །ཞེས་པ་ནི་དེ་ལྟར་ལུས་དང་། བྷ་ག་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ [244b.4]གསུམ་ཁོ་ན་གཉིས་དང་བཞི་མ་ཡིན་པར་གསང་བའི་རྒྱུད་ལས་ཡང་དག་པར་བརྟགས་སོ་ཞེས་སོ། །དཀྱིལ་འཁོར་མིང་ཇི་ལྟར་བཏགས་ཤེ་ན་གསུངས་པ། བཏགས་པ་རྣམས་ཀྱང་འདུས་པ་སྟེ། །ཞེས་པ་སྟེ་དཀྱིལ་འཁོར་མིང་བཏགས་པ་ནི་སྙིང་པོ་འདུས་པའི་ཕྱིར་རོ། །དེ་ལྟར་འཇིག་རྟེན་སྣང་བ་ལས་ཀྱང་ [244b.5]གསུངས་པ། སྙིང་པོ་འདུས་ཕྱིར་དཀྱིལ་འཁོར་རོ། །ཞེས་སོ། །སྙིང་པོ་གང་ཞེ་ན་གསུངས་པ། གང་དུ་གཙོ་བོ་སྐྱེད་པར་བྱེད། །ཅེས་པ་སྟེ་དེ་ལ་གང་དུ་ཞེས་པ་ནི་གནས་གང་དང་གང་དུའོ། །གཙོ་བོ་ཞེས་པ་ནི་ཁྱབ་བདག་རྡོ་རྗེ་སེམས་དཔའ་སྟེ། སྣང་བའི་སྒོ་ནས་ཀུན་དུ་ཁྱབ་པའོ། །སྐྱོད་པར་བྱེད་ཅེས་པ་ནི་རྒྱུ་བའོ། ། [244b.6]དེའི་དོན་ནི་འདི་ལྟ་སྟེ། རྡོ་རྗེ་སེམས་དཔའི་ངོ་བོ་རིགས་ལྔ་ལ་སོགས་པའི་ལྷ་དང་ལྷ་མོའི་འདོད་པའི་འབྲས་བུ་མྱ་ངན་ལས་འདས་པ་སྨིན་པར་བྱེད་པས་ན་སྙིང་པོར་འདོད་དེ། དེ་དག་གང་དང་གང་དུ་འདུས་པ་དེ་དང་དེ་ནི་དཀྱིལ་འཁོར་ཞེས་མིང་བཏགས་པའི་ཐ་ཚིག་གོ། །ད་ནི་ལུས་ཀྱི་དཀྱིལ་འཁོར་བཅོམ་ལྡན་འདས་ [244b.7]ཉིད་ཀྱིས་རྒྱས་པར་བསྟན་པ། ཕུང་པོ་རྣམས་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕུང་པོ་རྣམས་ནི་སངས་རྒྱས་གསུངས། །ཞེས་པ་ནི་ཕུང་པོ་ལྔ་རིགས་ལྔར་བསྒོམ་པའོ། །འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དེ་དེ་ལ་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་འཕྲོ་བའི་སྦྱོར་བས་ཕྲ་མོའི་ [245a] [245a.1]ཡེ་ཤེས་དང་པོའི་སྦྱོར་བ་དེ་བཞིན་གཤེགས་པའི་སེམས་སོ། དེ་ལྟར་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། སེམས་ཀྱི་ཕྲ་མོ་སྦྱོར་བ་ཡིས། །ཡེ་ཤེས་ཕྲ་མོ་དང་སྦྱོར་བ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྣམ་པར་སྣང་མཛད་ཅེས་སུ་འདོད། །ཅེས་སོ། །ཚོར་བའི་ཕུང་པོ་ནི་རིན་ [245a.2]ཆེན་འབྱུང་ལྡན་ཏེ་དེ་ལ་རིན་ཆེན་འབྱུང་ལྡན་ནི། སྙིང་རྗེ་འཕྲོ་བའི་སྦྱོར་བས་སེམས་ཅན་གྱི་དོན་བྱེད་པ་དང་ལྡན་པའི་སེམས་སོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། སྙིང་རྗེ་འཕྲོ་བའི་སྦྱོར་བ་ཡིས། །ཐམས་ཅད་ཕན་དོན་བྱེད་པའོ། །སེམས་ཅན་དོན་དང་ལྡན་སེམས་ནི། །རིན་ཆེན་ [245a.3]འབྱུང་ལྡན་ཞེས་གསུངས་སོ། །ཞེས་སོ། །འདུ་ཤེས་ཀྱི་ཕུང་པོ་ནི་སྣང་བ་མཐའ་ཡས་ཏེ། དེ་ལ་སྣང་བ་མཐའ་ཡས་ནི་དགའ་བ་སྦྱོར་བའི་འཕྲོ་བས་རང་བཞིན་གྱིས་འོད་གསལ་བ་དག་པའི་སེམས་སོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། དགའ་བ་འཕྲོ་བའི་སྦྱོར་བ་ཡིས། །ཐེག་ [245a.4]ཆེན་དྲི་མ་མེད་པའི་མཆོག །རང་བཞིན་འོད་གསལ་དག་སེམས་ནི། །སྣང་བ་མཐའ་ཡས་དེ་གསུངས་སོ། །ཞེས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་གྲུབ་པ་སྟེ། དེ་ལ་དོན་ཡོད་གྲུབ་པ་ནི་བཏང་སྙོམས་འཕྲོ་བའི་སྦྱོར་བས་གདོན་མི་ཟ་བར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་སེམས་སོ། །དེ་ལྟར་ཡང་ [245a.5]གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། བཏང་སྙོམས་འཕྲོ་བའི་སེམས་ཀྱིས་ནི། །སེམས་ཅན་ཐམས་ཅད་ཤེས་བྱེད་པ། །ཐོགས་མེད་བླ་མེད་དོན་བྱེད་པ། །དོན་ཡོད་གྲུབ་པ་དེ་གསུངས་སོ། །ཞེས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་མི་བསྐྱོད་པ་སྟེ་དེ་ལ་མི་བསྐྱོད་པ་ནི། བྱམས་པ་འཕྲོ་བའི་སྦྱོར་བས་ཟག་ [245a.6]པ་མེད་པ་བརྟན་པར་གྱུར་པའི་བརྟན་པའི་སེམས་སོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། བྱམས་པ་འཕྲོ་བའི་སྦྱོར་བ་ཡིས། །མཆོག་གི་སྤྱོད་པ་སྤྱོད་བྱེད་པ། །ཟག་པ་མེད་པར་བརྟན་འགྱུར་བ། །སེམས་ནི་མི་བསྐྱོད་པར་གསུངས་སོ། །ཞེས་སོ། །དེ་ལྟར་ཕུང་པོ་ལྔ་སེམས་ལས་ [245a.7]གཞན་མེད་པའི་ཕྱིར་རོ། །སེམས་དེ་དག་ནི་རིགས་ལྔར་གསུངས་སོ། །དེ་ལྟར་ཡང་འཕགས་པ་ས་བཅུ་པ་ལ་གསུངས་པ། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་ཡང་སེམས་ཙམ་མོ། །དུས་གསུམ་ཡང་སེམས་ཙམ་མོ། །ཕུང་པོ་ལྔ་ཡང་སེམས་ཙམ་མོ། །ཞེས་སོ། །འབྱུང་བ་རིག་མར་བཏགས་པའོ་ཞེས་པ་ལ་ [245b] [245b.1]འབྱུང་བ་ནི་ས་དང་ཆུ་དང་མེ་དང་རླུང་སྟེ། རང་རང་གི་མཚན་ཉིད་ཉེ་བར་བླངས་ནས་གཟུགས་འཛིན་པའོ། །རིག་མར་ཞེས་པ་ནི་སྤྱན་མ་དང་མཱ་མ་ཀཱི་དང་ན་བཟའ་དཀར་མོ་དང་། སྒྲོལ་མ་སྟེ་ཞི་བ་ལ་སོགས་པའི་ལས་བྱེད་པའི་ཕྱིར་རོ། །འདི་ལྟ་སྟེ། ས་ནི་སྤྱན་མ་སྟེ་བྱང་ཆུབ་སེམས་ཀྱི་མཐུས་སངས་རྒྱས་ཉིད་དུ་ཕྱིན་པའི་ [245b.2]བདག་ཉིད་དོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། བྱང་ཆུབ་སེམས་ཀྱི་མཐུ་ཡིས་ནི། །སངས་རྒྱས་ཉིད་དུ་ཕ་རོལ་ཕྱིན། །ཐོབ་པའི་ཕ་རོལ་ཕྱིན་ཞེས་པ། །སེམས་མའི་རྡོ་རྗེ་མ་ཞེས་བཏགས། །ཞེས་སོ་འདིར་ནི་སྤྱན་མ་ལ་ཤེས་པར་བྱ་སྟེ་སྤྱན་མ་དང་སེམས་མའི་རྡོ་རྗེ་མ་གཉིས་ཀྱིས་ཕ་རོལ་ཏུ་ [245b.3]ཕྱིན་པའི་རང་བཞིན་གཅིག་པའི་ཕྱིར་རོ། །ཆུ་ནི་མཱ་མ་ཀཱི་སྟེ་བསྡུ་བའི་དངོས་པོ་བཞི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། བསྡུ་བའི་དངོས་པོ་བཞི་རྣམས་ལ། །ཤེས་རབ་ཕ་རོལ་ཕྱིན་དགེ་བ། །ཆོས་བཞི་གཅིག་ཏུ་འབྱུང་བ་ནི། །རིན་ཆེན་རྡོ་ [245b.4]རྗེ་མ་རུ་འདོད། །ཅེས་སོ། །འདིར་ཡང་མཱ་མ་ཀཱི་ལ་ཤེས་པར་བྱ་སྟེ་མཱ་མ་ཀཱི་དང་རིན་ཆེན་རྡོ་རྗེ་མ་ནི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གཅིག་པའི་ཕྱིར་རོ། །དེ་ནི་ན་བཟའ་དཀར་མོ་སྟེ། དེ་ཁོ་ན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། གསང་བའི་ཆོས་ཀྱི་ཐེག་ཆེན་ [245b.5]ལ། །དེ་ཉིད་ཕ་རོལ་ཕྱིན་དགེ་བ། །ཕ་རོལ་ཕྱིན་ཞེས་འབྱུང་བ་ནི། །ཆོས་ཀྱི་རྡོ་རྗེ་མ་རུ་འདོད། །ཅེས་སོ། །འདིར་ཡང་ན་བཟའ་དཀར་མོ་ལ་ཤེས་པར་བྱ་སྟེ། ན་བཟའ་དཀར་མོ་དང་ཆོས་ཀྱི་རྡོ་རྗེ་མ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གཅིག་པའི་ཕྱིར་རོ། །རླུང་ནི་སྒྲོལ་མ་སྟེ་རྡོ་རྗེ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །དེ་ [245b.6]ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཕ་རོལ་ཕྱིན་བཞི་རྒྱལ་མོ་སྟེ། །རྡོ་རྗེ་ཕ་རོལ་ཕྱིན་པ་དགེ ། སྦྱོར་བའི་བཅས་ལ་བཏགས་པ་ནི། །ལས་ཀྱི་རྡོ་རྗེ་མ་ཞེས་འདོད། །ཅེས་སོ། །འདིར་ཡང་སྒྲོལ་མ་ལ་ཤེས་པར་བྱ་སྟེ། སྒྲོལ་མ་དང་ལས་ཀྱི་རྡོ་རྗེ་མ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གཅིག་པའི་ [245b.7]ཕྱིར་རོ། །ཆགས་པ་ལྕགས་ཀྱུ་ཁོ་ན་སྟེ། །ཞེས་པ་ནི་རིག་མ་ལ་སོགས་པ་ལྔའི་སྒོ་ནས་དབྱེར་མེད་པའི་ཐབས་ཆེན་པོས་སྤྱོད་ཡུལ་འཛིན་པའི་སེམས་ནི་རྡོ་རྗེ་ལྕགས་ཀྱུ་མའོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། འདོད་ཀུན་ལ་ནི་ཐབས་ཆེ་བ། །རྡོ་རྗེ་ལྕགས་ཀྱུ་ལ་འདོད་དོ། །ཞེས་སོ། །ཞགས་ [246a] [246a.1]པ་པདྨོར་ཆུད་བྱེད་པ། །ཞེས་པ་ནི་འཁྲིག་པའི་འདོད་ཆགས་ལ་སྲེད་པའི་སྒོ་ནས་མ་ཡིན་པ་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སྤྱོད་པའི་སྒོ་ནས་པདྨ་ལ་གསང་བའི་རྡོ་རྗེ་བཅུག་པའི་སེམས་ནི་རྡོ་རྗེ་ཞགས་པའོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། [246a.2]སྤྱོད་པ་བྱང་ཆུབ་ཏུ་སྤྱོད་པ། །རྡོ་རྗེ་ཞགས་པ་ཞེས་འདོད་དོ། །ཞེས་སོ། །ཁ་ཕྲད་པ་ནི་སྒྲོག་ཡིན་པར་ཞེས་པ་ནི་རྣལ་འབྱོར་པ་དང་། རྣལ་འབྱོར་མས་བྱང་ཆུབ་ཀྱི་སྤྱོད་པ་བསྒོམས་པ་ལས་སེམས་མི་གཡོ་བར་ཁ་ཕྲད་པ་ནི་རྡོ་རྗེ་སྒྲོག་གོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། གང་ཞིག་དེ་ལ་ [246a.3]བརྟེན་པ་གང་། །རྡོ་རྗེ་སྒྲོག་ཅེས་འདོད་པའོ། །ཞེས་སོ། །སྒྲ་གྲག་པ་ནི་དྲིལ་བུར་བཤད། །ཅེས་པ་ནི་ཆོས་ཐམས་ཅད་ནི་མི་སྐྱེ་བ་ཡིན་ནོ་ཞེས་པའི་སྔགས་ཀྱི་སྒྲ་བརྗོད་ནས་ཐབས་དང་ཤེས་རབ་རོལ་པ་ནི་རྡོ་རྗེ་དྲིལ་བུའོ། །བཟླས་པའི་སྔགས་ནི། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཅེས་སོ། །ད་ལྟར་ཡང་གསང་ [246a.4]ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཆོས་ཐམས་ཅད་ནི་མ་སྐྱེས་པ། །ནམ་མཁའ་དང་མཉམ་གདོད་ཞི་བ། །དེ་ལྟར་ངག་ནི་སྨྲར་འཇུག་པ། །རྡོ་རྗེ་དྲིལ་བུ་ཞེས་འདོད་དོ། །ཞེས་སོ། །སྤོས་ནི་དྲི་ཆེན་ཞེས་གསུངས་ཏེ། །ཞེས་པ་ནི་གཙང་བ་དང་མི་གཙང་བ་རྣམ་པར་མི་རྟོག་པར་མཉམ་པ་ཉིད་དུ་འགྱུར་བ་ནི་ཤེས་རབ་ཀྱི་ཕ་རོལ་ [246a.5]ཏུ་ཕྱིན་པའི་རང་བཞིན་སྤོས་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཐམས་ཅད་དུ་ནི་མཉམ་པའི་མཆོག །ཤེས་རབ་ཕ་རོལ་ཕྱིན་པ་སྤོས། །ཞེས་སོ། །མེ་ཏོག་རཀྟ་ཞེས་འདོད་དེ། །ཞེས་པ་ནི་ཕྱིན་ཅི་ལོག་པའི་འདོད་ཆགས་ཀྱིས་མ་གཡོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ [246a.6]རང་བཞིན་མེ་ཏོག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། འདོད་པའི་འདམ་སྐྱེས་མ་གོས་པ། །བསམ་གཏན་ཕ་རོལ་ཕྱིན་མེ་ཏོག །ཅེས་སོ། །མར་མེ་ཤ་རྣམས་ཁོ་ན་ཡིན། །ཞེས་པ་ནི་གཙང་བ་དང་། མི་གཙང་བའི་ཤ་རྣམས་ཀུན་གྱི་རྣམ་པར་རྟོག་པ་སྤངས་པ་ལ་སྨོན་པའི་རང་ [246a.7]བཞིན་མེ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཕྱོགས་ཀུན་དུ་ནི་གསལ་བྱེད་པ། །སྨོན་ལམ་ཕ་རོལ་ཕྱིན་མར་མེ། །ཞེས་སོ། །དྲི་ནི་བྱང་ཆུབ་སེམས་ཤེས་འདོད། །ཅེས་པ་ནི་ལྷག་པའི་བྱང་ཆུབ་སེམས་དྲི་ང་བ་ན་ཡང་ཐབས་ཀྱིས་དགེ་བའི་བདེ་བར་གྱུར་བའི་རང་བཞིན་ནི་དྲི་འདོད་པའོ། ། [246b] [246b.1]དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། དྲི་ང་བ་ཡང་དགེ་བའི་བདེ། །ཐབས་ཀྱི་ཕ་རོལ་ཕྱིན་པའི་དྲི། །ཞེས་པའོ། །སྒེག་མོའི་ལིངྒར་འདོད་པ་སྟེ། །ཞེས་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་འབུལ་བའི་སྒོ་ནས་རྣལ་འབྱོར་པའི་དགེ་བའི་རོལ་བའི་རང་བཞིན་ནི་སྒེག་མོ་ཡིན་པའོ། །དེ་ལྟར་ཡང་གསང་ [246b.2]ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཅི་ཕྱིར་དགེ་བའི་རོལ་པ་ནི། །སྦྱིན་བའི་ཕ་རོལ་ཕྱིན་སྒེག་མོ། །ཞེས་སོ། །ཕྲེང་བ་བྷ་ག་ཁོ་ན་ཡིན། །ཞེས་པ་ནི་དམ་ཚིག་ཚུལ་དང་ལྡན་པའི་རྣལ་འབྱོར་མས་དེ་བཞིན་གཤེགས་པ་རྣམས་ཐུགས་མཉེས་པར་བྱེད་པའི་རང་བཞིན་ནི་ཕྲེང་བ་མར་འདོད་པའོ། །དེ་ལྟར་ཡང་གསང་ཆེན་ [246b.3]ཐམས་ཅད་རྒྱུད་ལས་གསུངས་པ། བརྒྱན་པའི་ལུས་ཅན་ཡིད་འཕྲོག་མ། །ཚུལ་ཁྲིམས་ཕ་རོལ་ཕྱིན་ཕྲེང་མ། །ཞེས་སོ། །དབྱངས་མ་དབུགས་སུ་བསྟན་མ་དང་། །ཞེས་པ་ནི་ཐབས་དང་ཤེས་རབ་རོལ་བའི་དུས་སུ་སྔགས་ཆེད་དུ་བརྗོད་པ་བཟོད་པའི་རང་བཞིན་ནི་དབྱིངས་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་གསང་ [246b.4]ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཆེད་དུ་བརྗོད་པས་ལེགས་བརྗོད་པས། །བཟོད་པའི་ཕ་རོལ་ཕྱིན་དབྱངས་མ། །ཞེས་སོ། །གར་མཁན་མ་ནི་ཁ་སྦྱོར་ཏེ། །ཞེས་པ་ནི་སངས་རྒྱས་པར་བྱ་བའི་དོན་དུ་གཉེར་བའི་རྣལ་འབྱོར་དང་རྣལ་འབྱོར་མ་སྦྱོར་ནས་ལྷ་བསྒོམ་པའི་བརྩོན་འགྲུས་ཀྱི་རང་བཞིན་ནི་གར་ཞེས་འདོད་ [246b.5]པའི་ཕྱིར་རོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། མྱུར་བར་སངས་རྒྱས་ཉིད་སྦྱིན་པ། །བརྩོན་འགྲུས་ཕ་རོལ་ཕྱིན་གར་མཁན། །ཞེས་སོ། །དེ་ལྟ་བུའི་ལུས་ཀྱི་དཀྱིལ་འཁོར་ནི་བྷ་གའི་དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་ཁྱད་པར་དུ་གྱུར་པ་ལ་ནི་བཅོམ་ལྡན་འདས་ཀྱིས་བཟང་ [246b.6]པོར་གསུངས་ཞེས་པ་སྟེ་ཤིན་ཏུ་སྦྱོར་བ་ཡིན་པའི་ཕྱིར་རོ། །དེ་རྟོགས་པ་ནི་བསྐལ་བཟང་ཡིན། །ཞེས་པ་ནི་ལུས་ཀྱི་དཀྱིལ་འཁོར་བཟང་པོའི་དོན་དེ་རྟོགས་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད་གང་ཡིན་པ་དེ་ནི་བསྐལ་བཟང་ཡིན་ཞེས་པ་སྟེ། སྔར་སངས་རྒྱས་པའི་ཕྱིར་རོ། །རྟོགས་པ་ཞེས་པ་ནི་རྣམ་པར་ཤེས་པའི་ [246b.7]ཚོགས་བརྒྱད་དོ། །དེ་རྣམས་བྱམས་པ་ལ་སོགས་ཞེས་པ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་བྱམས་པ་ལ་སོགས་པའི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བརྒྱད་བསྒོམ་མོ་ཞེས་པའི་ཐ་ཚིག་གོ། །འདི་ལྟ་སྟེ། ཀུན་གཞིའི་རྣམ་པར་ཤེས་པའི་བྱམས་པ་སྟེ། དེ་རྣམས་བྱམས་པའི་སྒོ་ནས། སེམས་ཅན་གྱི་ [247a] [247a.1]དོན་བྱེད་པའི་ཕྱིར་རོ། །ཉོན་མོངས་པའི་ཡིད་ནི་འཇམ་དཔལ་ལོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཀུན་དུ་བཟང་པོའོ། །མིག་གི་རྣམ་པར་ཤེས་པ་ནི་སའི་སྙིང་པོའོ། །རྣ་བའི་རྣམ་པར་ཤེས་པ་ནི་ཕྱག་ན་རྡོ་རྗེའོ། །སྣའི་རྣམ་པར་ཤེས་པ་ནི་ནམ་མཁའི་སྙིང་པོའོ། །ལྕེའི་རྣམ་པར་ཤེས་པ་ནི་འཇིག་རྟེན་ [247a.2]དབང་ཕྱུག་གོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །དེ་ལྟར་ནང་གི་བདག་ཉིད་གསུངས། །ཞེས་པ་ནི་དེ་ལྟར་ནང་གི་ལུས་ཀྱི་དཀྱིལ་འཁོར་རྣལ་འབྱོར་པ་དང་། རྣལ་འབྱོར་མས་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའི་ཐ་ཚིག་གོ། །དཀྱིལ་འཁོར་རྣམ་པ་གསུམ་ལས་གཉིས་ [247a.3]མ་བཤད་པ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་གཞན་ནི་སྔོན་བཤད་ཟིན། །ཞེས་པ་སྟེ་རྩ་བའི་རྒྱུད་ལས་བྷ་གའི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྒྱས་པར་བཤད་ཟིན་པའི་ཕྱིར་རོ། །སྦྱིན་སྲེག་སོ་སོར་བྱ་བ་དང་། །ཞེས་པའི་ལན་བཏབ་པ། སྦྱིན་སྲེག་ལས་ནི་བཤད་པར་བྱ། །ཞེས་པ་ལ་སོགས་ [247a.4]པ་སྟེ་དེ་ལ་སྦྱིན་སྲེག་ཅེས་པ་ནི་བཤད་ཟིན་ཏོ། །དེའི་ལས་ཞེས་པ་ནི་ལུས་ངག་གི་ལས་བྱ་བའི་ངོ་བོའོ། །ཉོན་ཅིག་ཅེས་པ་ནི་ལྷ་མོ་སྒྲོལ་མ་ལ་བོད་པའི་ཚིག་གོ། །སྦྱིན་སྲེག་རྣམ་པ་བཞི་ཞེས་པ་ནི་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོའོ། །དེ་ལ་ཞི་བ་ནི་གནོད་པ་དང་། ནད་དང་། འཚེ་བ་ཞི་བར་བྱེད་པའོ། །རྒྱས་ [247a.5]པ་ནི་ཚེ་དང་། སྲིད་དང་། ལོངས་སྤྱོད་རྒྱས་པར་བྱེད་ཅིང་འཕེལ་བར་བྱེད་དོ། །དབང་ནི་གཞན་གྱི་སེམས་བསྒྱུར་ཞེས་རང་གི་ཅི་འདོད་པ་བཞིན་དུ་བྱར་བཅུག་པའོ། །དྲག་པོ་ནི་གཞན་ལ་གནོད་ཅིང་ཕུང་བར་བྱེད་པའོ། །དེ་བཞིན་ཡང་ཕྱི་ནང་དུ་དབྱེ་བ་གསུངས་པ། སྦྱིན་སྲེག་ཕྱི་དང་ནང་གསུངས་ཏེ། །ཞེས་པ་སྟེ་དེ་ལ་སྦྱིན་ [247a.6]སྲེག་ཕྱི་དང་ཞེས་པ་ནི་ཕྱི་རོལ་དུ་ཧོམ་ཁུང་བརྩིགས་པ་ལ་སོགས་པའི་སྦྱིན་སྲེག་གི་ཆོ་གའོ། །དེ་ནི་རྩ་བའི་རྒྱུད་ལས་བསྟན་ཟིན་པས་ན། ཕྱི་ནི་སྔོན་དུ་བསྟན་པ་ཡིན། །ཞེས་སོ། །ནང་གི་སྦྱིན་སྲེག་གསུངས་པ་ཉོན་ཅིག་ཅེས་པ་ནི་སོགས་པ་སྟེ། །དེ་ལ། ཉོན་ཅིག་ཁྱོད་ཀྱི་ནང་གི་ནི། །ཞེས་པ་ནི་ཀྱེ་ལྷ་མོ་སྒྲོལ་མ་ནང་གི་སྦྱིན་ [247a.7]སྲེག་རྒྱས་པར་བཤད་ཀྱིས་ཉོན་ཅིག་ཅེས་པའི་ཐ་ཚིག་གོ། །པདྨ་བཞི་རྣམས་འབྱོར་པ་ནི། །ལུས་ཀྱི་དབུས་སུ་ཉེ་བར་གནས། །ཞེས་པ་ནི་གསང་བ་དང་། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་བཞི་ལ་པདྨའི་གདན་རེ་རེ་བསྒོམ་པའོ། །མེ་དང་ཞེས་པ་ནི་ལྟེ་བའི་པདྨའི་སྟེང་དུ་རཾ་ལས་བསྐྱེད་པའི་ཟུར་ [247b] [247b.1]གསུམ་པ་མེའི་དཀྱིལ་འཁོར་དམར་པོའི་དཀྱིལ་དུ་ས་བོན་རཾ་གྱིས་མཚན་པ་བསྒོམ་མོ། །དེ་བཞིན་རླུང་དང་ནི་ཞེས་པ་ནི་གསང་བའི་པདྨའི་གདན་ལ་ཡཾ་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ཟླ་གམ་མདོག་སྔོན་པོའི་དཀྱིལ་དུ་ཡི་གེ་ཡཾ་གིས་མཚན་པ་བསྒོམ་པའོ། །དབང་ཆེན་དང་ནི་ཞེས་པ་ནི་སྙིང་གའི་པདྨར་ [247b.2]ཡི་གེ་ལཾ་ལས་སྐྱེས་པ་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་མདོག་སེར་པོ་དཀྱིལ་དུ་ཡི་གེ་ལཾ་གྱིས་མཚན་པ་བསྒོམ་པར་བྱའོ། །ཆུ་དེ་བཞིན་ཞེས་པ་ནི་མགྲིན་པའི་པདྨར་ཡི་གེ་བཾ་ལས་བསྐྱེད་པ་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་བ་དབུས་སུ་ཡི་གེ་བཾ་གྱིས་མཚན་པ་བསྒོམ་པའོ། །དེ་དག་གི་ལས་ [247b.3]གསུངས་པ། རླུང་གིས་མེ་ལ་འབར་བར་བྱེད། །ཅེས་པ་སྟེ་གསང་བའི་རླུང་གི་དཀྱིལ་འཁོར་ལས་མེའི་དཀྱིལ་འཁོར་ལ་འབུད་པའོ། །ཆུ་ཡིས་ཡོངས་སུ་སྨིན་པར་བྱེད། །ཅེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་དྲོད་བྱུང་བས་ཟས་ཐམས་ཅད་མགྲིན་པའི་ཆུའི་དཀྱིལ་འཁོར་ལ་སྨིན་པར་བྱེད་པའོ། །དེའི་དོན་ཁོ་ [247b.4]ན་གསུངས་པ། དབང་ཆེན་དཀྱིལ་འཁོར་ལས་བྱུང་བ། །ཞེས་སོ། །དབང་ཆེན་གྱི་དྲོད་ཇི་ལྟར་འབྱུང་ཞེ་ན། གང་དུ་མེ་ནི་བསྐྱོད་པའོ། །ཞེས་པ་སྟེ་མེའི་དཀྱིལ་འཁོར་གྱི་འོད་ཀྱིས་དབང་ཆེན་གྱི་དཀྱིལ་འཁོར་ལ་རེག་པའོ། །དེ་ལྟར་དཀྱིལ་འཁོར་གྱི་གོ་རིམས་སུ་རྒྱུད་ལས་མ་བསྟན་པ་ནི་བླ་མའི་མན་ངག་ལ་བརྟེན་ [247b.5]པར་བྱ་བའི་ཕྱིར་དང་། ཤེས་རབ་ཅན་གྱི་ང་རྒྱལ་བཅག་པའི་ཕྱིར་རོ། །དེ་དག་གི་ཡོན་ཏན་གསུངས་པ། ར་ཡིག་ཅེས་པ་ལ་སོགས་པ་སྟེ་གོ་སླའོ། །སྲེག་རྫས་གསུངས་པ། གང་ཞིག་ཟས་དང་བཏུང་བ་ནི། །ཞེས་པ་ནི་དེ་ལ་གང་ཞིག་ཟས་དང་ཞེས་པ་ནི་རྣལ་འབྱོར་པའི་ཟས་གཙང་བ་དང་མི་གཙང་བ་ཐུན་མོང་དུ་ [247b.6]བཟུང་བའོ། །དེ་ལ་གཙང་བ་ནི་འབྲས་ཆན་དང་ཞོ་དང་བུ་རམ་ལ་སོགས་པ་སྟེ། འཇིག་རྟེན་པས་གཙང་བར་བརྟགས་པའི་ཕྱིར་རོ། །མི་གཙང་བ་ནི་ཤ་དགུ་དང་བདུད་རྩི་ལྔ་ལ་སོགས་པའོ། །འཇིག་རྟེན་པས་མི་གཙང་བར་བརྟགས་པའི་ཕྱིར་རོ། །བཏུང་བ་ཞེས་པ་ནི། ཆང་དང་འོ་མ་ལ་སོགས་པའོ། །དེ་དག་ཐམས་ཅད་ཆུ་ [247b.7]ལ་སྟེ། །ཞེས་པ་ནི་ཟས་དང་བཏུང་བ་དེ་དག་ཆུའི་དཀྱིལ་འཁོར་ལ་སྦྱིན་སྲེག་བྱའོ་ཞེས་པའི་ཐ་ཚིག་གོ། །པདྨར་ཀྵ་ཡིག་ཁ་མར་བལྟས། །ཞེས་པ་ནི་མགྲིན་པའི་པདྨའི་སྟེང་གི་ཆུའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་ཀྵ་མདོག་དཀར་བ་ཁ་ཐུར་དུ་བལྟ་བ་འོད་ཟེར་མར་འབར་བ་ཁ་གབ་ཀྱི་ཚུལ་དུ་བསྒོམ་པའོ། །སྲེག་རྫས་དེ་ [248a] [248a.1]དག་ཀྱང་ཆུའི་དཀྱིལ་འཁོར་ལས་མར་བབས་ཏེ་སྙིང་གའི་པདྨར་བཙུད་པར་བྱའོ། །ལྟེ་བའི་པདྨར་འགྲོ་ཞེས་སོ། །སྦྱིན་སྲེག་དེ་ཇི་ལྟར་བྱ་བ་ཡིན་ཞེ་ན་ཕྱི་རོལ། །ཁ་སྦྱོར་ཚུལ་གྱི་སྦྱོར་བ་ཡིས། །ཞེས་པ་སྟེ་ཕྱི་རོལ་དུ་ཐབས་དང་ཤེས་རབ་སྦྱོར་བས་སྦྱིན་སྲེག་བྱ་བའོ། །ཡང་ཕྱི་རོལ་གྱི་སྦྱིན་སྲེག་ [248a.2]ལ་མངོན་པར་རྟོགས་པའི་ལྷ་བསྒོམ་པ་ཇི་ལྟ་བ་བཞིན་དུ། ལུས་ཀྱི་དཀྱིལ་འཁོར་ལ་ལྷ་བསྒོམ་པ་དང་སྦྱར་ནས་སྦྱིན་སྲེག་བྱ་བའི་ཐ་ཚིག་གོ། །གསང་བའི་པདྨར་འགྲོ་མ་ཐག །ཐལ་བར་མཐའ་རུ་རྣམ་པར་བསྟན། །ཞེས་པ་ནི་སྲེག་རྫས་དེ་དག་གི་བདུད་རྩིས་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚིམ་སྟེ་སྙིགས་མ་ཚིག་ [248a.3]པར་བསྒོམ་པར་བྱ་ཞེས་པའི་ཐ་ཚིག་གོ། །ཡོན་ཏན་གསུངས་པ། དེ་རྣམས་སྦྱིན་སྲེག་བདག་བཤད་པ། །ཞེས་པ་ལ་སོགས་པ་སྟེ་དེ་ལ་བདག་ཅེས་པ་ནི་སྟོན་པའོ། །ཚེ་འདི་ཁོ་ནར་འགྲུབ་པར་འགྱུར། །ཞེས་པ་ནི་དེ་བཞིན་གཤེགས་པའི་ཞིང་ཁྱད་པར་ཅན་ལ་མཆོད་པ་དང་། བསམ་པ་ཁྱད་པར་ཅན་དུ་གྱུར་པས་ [248a.4]ཚེ་འདི་ཁོ་ན་ལ་ཆོས་མཐོང་ནས་མྱོང་བའི་འབྲས་བུར་གྱུར་པའོ། །དེ་ལྟར་ཡང་ཆོས་མངོན་བ་མཛོད་ལས་གསུངས་པ། ཞིང་དང་བསམ་པའི་ཁྱད་པར་ལས། །མཐོང་ཆོས་འབྲས་བུ་ཅན་གྱི་ཡིན། །ཞེས་སོ། །གས་པ་མེད་ཅིང་ཞེས་པ་ནས་སེམས་ཅན་ཐམས་ཅད་དགའ་བར་སྨྲ། །ཞེས་པའི་བར་ནི་གོ་སླའོ། །མཐོང་བ་ [248a.5]ཙམ་གྱིས་སྐུལ་བྱེད་དོ། །ཞེས་པ་ནི་རྣལ་འབྱོར་པ་དེ་སེམས་ཅན་གཞན་གྱིས་མཐོང་བ་ཙམ་གྱིས། འཇིག་རྟེན་པ་ཐམས་ཅད་ཆགས་པར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །དེ་བཞིན་མཆོད་པའི་ཆོ་ག་ཡང་། །ཞེས་པའི་ལན་བཏབ་པ། སྦྱིན་སྲེག་ལས་རྣམས་བཤད་བྱས་ནས། །ཞེས་པ་ལ་སོགས་པ་སྟེ་དེ་ལ་ [248a.6]ལྷ་མོ་ཞེས་པ་ནི་སྒྲོལ་མ་ལ་པོད་པའི་ཚིག་གོ། །མཆོད་པ་ཞེས་པ་ནི་ནང་གི་མཆོད་པ་སྟེ་བཀུར་སྟི་བྱ་བའོ། །ཕྲེང་ཞེས་པ་ནི་མེ་ཏོག་གི་ཕྲེང་བའོ། །སོགས་པའི་སྒྲས་ནི་མར་མེ་གཟུང་བར་བྱའོ། །གཞན་ནི་གོ་སླའོ། །དབང་པོ་གཉིས་ནི་རབ་སྦྱོར་ནས། །ཞེས་པ་ནི་གསང་བའི་མཆོད་པ་སྟེ། ཐབས་དང་ [248a.7]ཤེས་རབ་རོལ་པ་སྟེ། མཆོད་པ་དེ་དག་གིས་གང་དུ་མཆོད་ཅེ་ན། བདག་ལ་མཆོད་པ་རྣམས་ནི་བྱ། །ཞེས་པ་སྟེ་རང་གི་ལུས་ཁོ་ན་ལ་མཆོད་པར་བྱ་ཞེས་པའི་ཐ་ཚིག་གོ། །ཅིའི་ཕྱིར་འཕགས་པའི་སྐུ་ཚད་མཆོད་རྟེན་ལ་སོགས་པ་ལ་མཆོད་པ་མི་བྱེད་ཅེ་ན་གསུངས་པ། བདག་ནི་ཐམས་ཅད་སངས་རྒྱས་ཉིད། །ཅེས་པ་སྟེ་རང་གི་ [248b] [248b.1]ཕུང་པོ་ལྔ་དང་། སྐྱེ་མཆེད་ལ་རིགས་ལྔ་དང་། བྱང་ཆུབ་སེམས་དཔའ་ཉིད་དུ་བསྒོམ་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་གནས་ཡིན་ཏེ། །ཞེས་པ་ནི། ཇི་ལྟར་མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི་གཞིར་འགྱུར་བ། དེ་བཞིན་དུ་དབང་དང་མན་ངག་ཐོབ་པའི་རྣལ་འབྱོར་པའི་ལུས་ལ་ཡང་སངས་རྒྱས་ཐམས་ཅད་ཀྱི་ [248b.2]གནས་སུ་གྱུར་པའོ། །དེ་ལྟར་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་ཀྱང་གསུངས་པ། རྡོ་རྗེ་སློབ་དཔོན་ནི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ནས་མཆོད་དོ་ཞེས་པ་ལ་སོགས་པའོ། །དེ་ལྟར་རྡོ་རྗེ་སློབ་དཔོན་སངས་རྒྱས་རྣམས་ཀྱིས་ཀྱང་མཆོད་གནས་སུ་གྱུར་པ་ཅིའི་ཕྱིར། དེ་བས་ནན་ [248b.3]ཏན་ཐམས་ཅད་ཀྱིས། །རྣལ་འབྱོར་པས་ནི་རྟག་ཏུ་མཆོད། །ཅེས་པ་སྟེ། དེ་ལ་ཐམས་ཅད་ཅེས་པ་ནི། མཆོད་པ་ཐམས་ཅད་དོ། །ཡང་ན་དུས་ཐམས་ཅད་དོ། །ནན་ཏན་ཞེས་པ་ནི་བདག་ཉིད་ལྷར་བསྒོམ་པ་ལ་བརྩོན་པའོ། །མཆོད་པ་གཞན་གསུངས་པ། གང་ཞིག་འགའ་ཡང་བྱ་བའི་ལས། །ཞེས་ [248b.4]པ་སྟེ་ངག་གིས་དབྱངས་ལེན་པ་ལ་སོགས་པ་དང་། ལུས་ཀྱིས་གར་བྱེད་པ་ལ་སོགས་པའོ། །རྣལ་འབྱོར་པ་ཡིས་མཆོད་པར་བསྒོམ། །ཞེས་པ་ནི་ལུས་ངག་གི་ལས་དེ་དག་རྣལ་འབྱོར་པས་ལུས་ཀྱི་དཀྱིལ་འཁོར་ལ་མཆོད་པར་བསྒོམས་ན་ཚིག་འཚལ་བ་དང་། ངག་འཁྱལ་པར་མི་འགྱུར་ཞེས་པའི་ཐ་ཚིག་ [248b.5]གོ། །མཆོད་པ་བསྒོམ་པ་བསྟན་པ་ཟས་དང་ཞེས་པ་ལ་སོགས་པ་སྟེ་དེ་ལ། རིག་མ་བཞི་ཡིས་རྣམ་བརྒྱན་པའི། །བདག་ནི་ལྷ་ཉིད་བསམ་པར་བྱ། །ཞེས་པ་སྟེ། འབྱུང་བ་ཆེན་པོ་བཞིའི་ངོ་བོར་གྱུར་པ་ཟས་ལ་སོགས་པ་གང་དེ་རྣམས་ལྷ་མོ་བཞིའི་རང་བཞིན་དང་། རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསྒོམ་མོ། །དེ་ [248b.6]ལྟར་ཡང་གསང་བ་འདུས་པ་ལས་གསུངས་པ། ཡང་ན་འདི་ལ་བསྒོམ་པ་ནི། །རིགས་ཀྱི་བསྒོམ་པར་རྣམ་པར་བསྒོམ། །ཞེས་སོ། །དོན་ནི་འདི་ལྟ་སྟེ། སའི་རང་བཞིན་དུ་གྱུར་པའི་ཟས་རྣམས་སྤྱན་མར་བསྒོམ་པ་དང་། ཆུའི་རང་བཞིན་དུ་གྱུར་པའི་བཏུང་བ་རྣམས་མཱ་མ་ཀཱིར་བསྒོམ་པ་ལྟ་བུའོ། །ད་ནི་ཐུགས་ཀྱི་སྒོ་ [248b.7]ནས་ཆོས་སྟོན་པ་དེ་ལྟར་བཤད་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ལྟར་བཤད་ནས་ཞེས་པ་ནི་ལེའུ་དང་པོ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པའི་ཚིག་དང་པོ་བཟུང་ནས་ལེའུ་འདི་ལ་བདག་ཉིད་བསམ་པར་བྱ་ཞེས་པའི་བར་དུ་གསུང་གི་སྒོ་ནས་ཆོས་བསྟན་པའོ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །དེ་ [249a] [249a.1]ཞེས་པ་སྐུ་དང་གསུང་གི་སྒོ་ནས། གོང་དུ་ཆོས་སྟོན་པ་པོ་རྡོ་རྗེ་སེམས་དཔའ་གང་དེ་ཁོ་ན་བཅོམ་ལྡན་འདས་ཆོས་བརྗོད་དུ་མེད་པའི་དོན་སྟོན་འདོད་པས་ཅང་མི་གསུང་བར་དངོས་པོར་བཞུགས་ཞེས་པ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དོན་དམ་པར་བརྗོད་དུ་མེད་པའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ [249a.2]ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་བསྟན་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་འདི་ལྟ་སྟེ། ཐུགས་རྗེ་ཆེན་པོའི་དབང་གིས་ཀུན་རྫོབ་ཏུ་བསྟན་པར་ཟད་ཀྱི་དོན་དམ་པར་ནི་བསྟན་པ་མེད་དོ། །དེ་བས་ན་མདོ་ལས་ཀྱང་། བདག་མངོན་པར་རྫོགས་པར་སངས་རྒྱས་ནས་མྱ་ངན་ལས་འདས་ཀྱི་བར་དུ་བདག་གིས་ཆོས་བསྟན་པ་མེད་པས་ [249a.3]ཞེས་གསུངས་སོ། །དེ་ལྟར་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་ཐེག་པ་ཆེན་པོ་ཉི་ཤུ་པ་ལས་གསུངས་པ། ཚིག་གིས་བརྗོད་དུ་མི་ལང་བའི། །ཆོས་རྣམས་སྙིང་རྗེས་གང་གིས་བསྟན། །སངས་རྒྱས་ཐོགས་མེད་མཁྱེན་པ་ཡིས། །བསམ་མེད་སྒོ་དེ་ལ་ཕྱག་འཚལ། །ཞེས་སོ། །དེ་ལྟར་བཅོམ་ལྡན་འདས་གཉིས་སུ་མེད་པའི་ཡེ་ [249a.4]ཤེས་མངོན་དུ་གྱུར་པ་མཐོང་མ་ཐག་འཁོར་གྱིས་ཅི་བྱེད་ཅེ་ན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་དེ་ལ་རྣམ་པར་མི་རྟོག་པ་ཐོབ་སྟེ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་འཁོར་བ་དང་མྱ་ངན་ལས་འདས་པ་སོ་སོ་མ་ཡིན་ཐ་མི་དད་པར་མངོན་དུ་གྱུར་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ་ཞེས་ཏེ། [249a.5]ཆོས་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ། །གསུང་རབ་གཞན་གྱི་གཞུང་ན་ནི་མངོན་པར་བསྟོད་དོ་ཞེས་འབྱུང་བ་ལ་རྒྱུད་འདིར་ནི་ཅང་མི་གསུང་བར་གྱུར་པ་ནི། ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟན་པའི་ཆོས་ལ་ཐུགས་ཀྱི་སྒོ་ནས་བསྟན་པའི་ཆོས་གཙོ་བོར་གྱུར་པས། ཐུགས་ཀྱི་སྒོ་ནས་ [249a.6]བསྟན་པའི་ཆོས་ལ་གཉིས་སུ་མེད་པའི་ཤེས་རབ་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པས་ཅང་མི་གསུང་བར་གྱུར་པར་ཤེས་པར་བྱའོ། །ལྷ་མོ་བཞིས་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །བཞི་པའོ། །ཞེས་པ་ནི་གསུམ་གྱི་ཕྱི་མའོ། །ཐམས་ཅད་གསང་བའི་ཞེས་པ་ནི་གསང་བའི་རྒྱུད་རྣམས་སོ། ། [249a.7]དེ་རྣམས་ལས་ཡང་དང་ཡང་དུ་རབ་ཏུ་གྱུར་པའི་རྒྱུད་འདི་ནི་ཐམས་ཅད་ཀྱི་གསང་བའི་མཆོག་ཆེན་པོ་ཞེས་པ་སྟེ། ཆོས་ཀྱི་དབྱིངས་དོན་འབའ་ཞིག་གི་སྒོ་ནས་བསྟན་པའི་ཕྱིར་དང་། ཐབས་དང་ཤེས་རབ་ཀྱི་དོན་བསྟན་པའི་ཕྱིར་རོ། །དམ་པ་ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། ། [249b] [249b.1]གསང་ཆེན་ཞེས་པ་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། རྡོ་རྗེ་སེམས་དཔས་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་ཞེས་པ་ནི་མཚན་གྱི་གཏན་ཚིགས་འདྲེན་པའོ། །རྒྱུད་ཅེས་པ་ནི་མགོ་མཇུག་རབ་ཏུ་འབྲེལ་བ་སྟེ་ཆོས་ཀྱི་དབྱིངས་འཕྲོ་བ་ལ་སོགས་པའི་དོན་རྒྱུད་པའི་ཕྱིར་རོ། །ལྷ་མོ་བཞིས་ཆོས་ཀྱི་ [249b.2]དབྱངས་ཡོངས་སུ་ཞུས་པ་ནི་ལྷ་མོ་རྣམས་ཀྱིས་སྡུད་པ་པོ་བྱས་པ་ཡིན་ལ། ཕྱག་ན་རྡོ་རྗེ་ལ་སོགས་པས་སྡུད་པ་པོ་བྱས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། རྒྱུད་འདི་ནི་ཤིན་ཏུ་གསང་བའི་དོན་ཡིན་པས་གཙོར་བྱས་པ་རྣལ་འབྱོར་མ་རྣམས་ལ་བསྟན་པའི་ཕྱིར་རོ། །ལྷ་མོ་ཁོ་ནས་སྡུད་པ་པོ་ [249b.3]བྱས་པའོ། །རྒྱུད་ཀྱི་བསྟན་པའི་གནས་གསུངས་པ། དཔལ་ཨུ་རྒྱན་ལས་བྱུང་བ་ཞེས་པ་སྟེ་དེ་ལ་དཔལ་ཞེས་པ་ནི་བསོད་ནམས་ཀྱི་གཞིར་གྱུར་པའི་ཕྱིར་རོ། །ཨུ་ཌྱན་གྱི་ཡུལ་ཞེས་པ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་དོན་བྱ་བའི་སྤྱོད་པ་བྱེད་པ་རྣམས་ཀྱི་ཡུལ་ལོ། །དེ་བས་སྟོན་པ་པོ་རྣམས་ཀྱིས་ཀྱང་གསང་བའི་ [249b.4]རྒྱུད་རྣམས་དེར་བསྟན་ལ། བྱ་རྒོད་ཕུང་པོའི་རི་ལ་སོགས་པ་རྣམས་ལ་ནི་བསྟན་པ་མ་ཡིན་ནོ། །ཡུལ་དེ་ལས་རྙེད་པའི་རྒྱུད་འདི་ནི་དཔལ་ཨུ་ཌྱན་ལས་བྱུང་བ་ཞེས་སོ། །སྟོན་པ་པོས་རྒྱུད་འདི་ཡོངས་སུ་གཏད་པའི་འཁོར་གསུངས་པ། རྣལ་འབྱོར་མ་ཆེན་མོའི་དེ་ཁོ་ན་ཉིད་ཅེས་པ་སྟེ། དེ་ལ་རྣལ་འབྱོར་མ་ [249b.5]ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་བསྒོམ་ལ་ཕུང་པོ་དང་ལྷ་སྦྱོར་བའི་ཕྱིར་རོ། །དེ་རྣམས་ཀྱི་མན་ངག་གི་རྒྱུས་འདི་འགྱུར་བ་མེད་པས་ན་དེ་ཁོ་ན་ཉིད་ངེས་སོ། །རྫོགས་སོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་དོན་བཤད་པའི་རིམ་པར་ཕྱེ་བའི་ཚིག་མཐར་ཕྱིན་པའོ། །དཔལ་ལྡན་རྒྱུད་རྒྱལ་ཐམས་ཅད་ [249b.6]གསང་མཆོག་དམ་པ་གསང་ཆེན་རྒྱུད། །འདི་ཡི་རྣམ་བཤད་བདག་གིས་བྱས་པས་དགེ་བ་ཐོབ་པ་གང་། །དེ་ཡིས་སེམས་ཅན་ཐམས་ཅད་ཆོས་དབྱིངས་མངོན་དུ་གྱུར་ནས་སུ། །བླ་མེད་ཡང་དག་གོ་འཕང་དཔལ་ལྡན་རྡོ་རྗེ་སེམས་པར་ཤོག །རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ [249b.7]ཀཱི་རྟིས་མཛད་པ་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྣམ་པར་བཤད་པ་མན་ངག་རྒྱས་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རྡོ་རྗེ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་བཤད་ནས་གཏན་ལ་ཕབ་པའོ།། །། [250a] [250a.1]{T1916}༄༅༅། །རྒྱ་གར་སྐད་དུ། ཙ་ཏུར་དེ་བ་ཏི་པ་རི་པྲྀ་ཙྪ་ཊཱི་ཀཱ། བོད་སྐད་དུ། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆགས་ཆེན་བཅོམ་ལྡན་དགྱེས་ཆེན་པོ། །བདེ་ཆེན་ཀུན་བདག་ཆེན་པོའོ། །མགོན་པོ་རྡོ་རྗེ་སེམས་ [250a.2]དཔའ་ལ། །བཏུད་ནས་རྣམ་པར་བཤད་པ་བརྩམ། །དེ་ལ་ཉན་པ་པོ་འཇུག་པར་བྱ་བའི་ཕྱིར། དང་པོར་བརྗོད་པར་བྱ་བ་ནི་གང་ཞིག་འབྲེལ་བ་ནི་ཅི། དགོས་པ་ནི་ཇི་ལྟ་བུ། དགོས་པའི་དགོས་པ་ནི་ཅི་ཞིག་སྙམ་དུ་རྟོག་ན་དེ་རྣམས་ཀྱི་དོན་བསྟན་ཏེ། དེ་ལ་རྡོ་རྗེ་སེམས་དཔའ་ལྷ་མོ་བཞིའི་མཚན་ཉིད་ [250a.3]དང་བཅས་པ་ནི་བརྗོད་པར་བྱ་བའོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་དང་འབྲེལ་བ་ནི་འབྲེལ་པའོ། །དགོས་པ་ནི་སོ་སོའི་སྐྱེ་བོ་འདོད་ཆགས་ལ་སོགས་པ་ལས་བཟློག་ནས་ཡང་དག་པའི་འདོད་ཆགས་ལ་སོགས་པ་བསྐྱེད་པའོ། །དེའི་དགོས་པ་ནི་ཐེག་པ་ཆེན་པོའི་ལམ་རྒྱུ་དང་འབྲས་བུར་བཅས་ [250a.4]པས་མངོན་པར་རྫོགས་པར་བྱང་ཆུབ་སྟེ་སེམས་ཅན་གྱི་དོན་བྱེད་པའོ། །ཅིའི་ཕྱིར་འདི་སྐད་བདག་གིས་ཐོས་པ་མ་སྨོས་ཤེ་ན། འདི་ནི་གསང་བ་འདུས་པའི་བཤད་པའི་རྒྱུད་ཡིན་པས་རྩ་བའི་མདོར་གསུངས་པས་ཉེས་པ་མེད་དོ། །གང་གི་ཕྱིར། གང་ཞིག་མཐོང་ནས་གང་ལ་ཞུས་ཤེ་ན། [250a.5]གསུངས་པ། ལྷ་མོ་བཞི་དང་མཉམ་ལྡན་ཞིང་། །ཞེས་རྒྱ་ཆེར་འབྱུང་བ་ལ་ལྷ་མོ་ཡང་ཡིན་ལ་བཞི་ཡང་ཡིན་པས་ལྷ་མོ་བཞིའོ། །བཞི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །ཇི་ལྟར་ཞེ་ན། འབྱུང་བ་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་ལ་དེ་དག་གིས་བསྐོར་བའི་རང་བཞིན་ [250a.6]ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་རྡོ་རྗེ་སེམས་དཔའི་མཚམས་བཞིར་ལྷ་མོ་བཞིས་བསྐོར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་སྤྲོས་ནས་ཕྱག་རྒྱ་བཞི་དག་ནི། །དཀྱིལ་འཁོར་དེ་ལ་བསྐོར་བར་བརྟག །བདག་ཉིད་དབུས་སུ་གནས་བྱས་ཏེ། །འཁོར་ལོ་ཐམས་ཅད་བསྡུ་བར་བྱ། ། [250a.7]ཞེས་གསུངས་སོ། །དེ་ལྟ་བུ་ནི་གསང་བའི་བསྙེན་སྒྲུབ་བཞི་སྟེ། དེ་ཡང་། བསྒྲུབ་བྱ་སྒྲུབ་པར་སྦྱོར་བ་གང་། །དེ་ནི་བསྙེན་པར་གསུངས་པ་ཡིན། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །དེ་ནི་ཉེ་བར་སྒྲུབ་པའོ། །ཧཱུཾ་ཕཊ་ཚུལ་དང་ལྡན་པ་རུ། །བསྐྱོད་པའི་སྒྲུབ་པ་གསུངས་པའོ། །རང་ [250b] [250b.1]བཞིན་ཞི་བར་གསུངས་པ་ནི། །སྒྲུབ་པ་ཆེན་པོར་གསུངས་པའོ། །ཞེས་གསུངས་སོ། །ཞི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་མ་ཡིན་ཏེ་གཞན་དང་ལྡན་ཞེས་བྱ་བའི་ཚིག་ལྷག་མའོ། །དེ་གང་ཞེ་ན། སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ། །ཞེས་བྱའོ། །སངས་རྒྱས་ཉིད་གཟུགས་ [250b.2]ཏེ་དེ་ལ་དེ་སྐད་ཅེས་བྱའོ། །གང་ལ་བརྒྱན་ཞེ་ན། རྡོ་རྗེ་སེམས་དཔའི་ཕུང་པོ་ལ་སོགས་པའོ། །རིགས་ལྔ་དང་། ལྷ་མོ་བཞི་དང་། ལྕགས་ཀྱུ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་དྲུག་ལ་ནི་སངས་རྒྱས་གཟུགས་ཞེས་བྱའོ། །དེས་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་ [250b.3]པ་ལ་བརྒྱན་ཞེས་དེ་སྐད་དུ་བྱའོ། །རྒྱན་དེ་ཙམ་དུ་ཟད་དམ་ཞེ་ན། རབ་ཏུ་དགའ་བའི་སྦྱོར་ཆེན་ལ། །ཞེས་གསུངས་ཏེ། དེ་ལ་སེམས་ཅན་གྱི་དོན་མཛད་པའི་རབ་ཏུ་དགྱེས་པའི་དགའ་བ་དང་ལྡན་པ་ལ་དགའ་བ་ཞེས་བྱའོ། །དེ་སྐད་དུ། སྐྱོན་མེད་རྟག་པར་གཏན་དུ་ནི། །ཐམས་ཅད་ལ་ནི་ [250b.4]རྗེས་ཆགས་པས། །དེ་ཉིད་གསང་བ་བཅོམ་ལྡན་འདས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །ཞེས་གསུངས་སོ། །ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལ་རྡོ་རྗེ་སེམས་དཔའ་བཞུགས་སོ་ཞེས་གསུངས་སོ། །དེ་ཡང་རྡོ་རྗེ་ནི་སྟོང་པ་ཉིད་ལ་སོགས་པའི་ཡེ་ཤེས་ལྔའོ། །དེ་ཡང་རྒྱུ་ལྔ་དག་ [250b.5]གི་འབྲས་དག་ནི། །རྡོ་རྗེ་ཞེས་སུ་བསྟན་པ་ཡིན། །ཞེས་འབྱུང་ངོ་། །དེ་ཉིད་ལ་སེམས་ཞེས་བྱ་སྟེ། །བྱང་ཆུབ་ཉིད་དངོས་ཡེ་ཤེས་ནི། །དེ་ནི་རྡོ་རྗེར་འདིར་གསུངས་ཏེ། །རྡོ་རྗེ་ཡེ་ཤེས་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་གསུངས། །ཞེས་བྱའོ། །ཇི་ལྟར་བཞུགས་ཤེ་ན། ཆེར་ [250b.6]བཞུགས་ཞེས་གསུངས་ཏེ་སྦྱོར་བ་ཆེན་པོ་ལ་བཞུགས་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ངོ་བོ་ཉིད་ནི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཡུམ་གྱི་པདྨ་ལ་གནས་པའོ། །བཞུགས་པ་དེའི་ལས་བསྟན་པ། །འོད་ཟེར་འཆང་ཞིང་འཁྲིགས་པ་ཡི། །ཞེས་པ་ནི་འོད་ཟེར་འཆང་བ་ནི་ལྡན་པའོ། ། [250b.7]འཁྲིགས་པ་ནི་འདུ་བའོ། །དེ་ནི་གསང་བར་བྱ་བས་ན་གསང་ཆེན་ཏེ་གསང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །གཞི་གང་ལ་ཞེ་ན། ཆོས་ཀྱི་འབྱུང་གནས་ལ་ཞེས་བྱ་བ་གསུངས་ཏེ། པདྨའོ་ཞེས་ཁོང་ནས་དྲང་ངོ་། །ཆོས་ནི་ཕུང་པོ་ལ་སོགས་པའོ། །དེའི་གནས་ [251a] [251a.1]ནི་ཆོས་ཀྱི་འབྱུང་གནས་སོ། །དེ་ཡང་རྒྱས་པར་ནི་རང་བཞིན་གྱིས་གྲུབ་པའི་རིམ་པ་ལས་བལྟ་བར་བྱའོ། །ཆོས་ཀྱི་འབྱུང་གནས་ཨེ་གྲུ་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་ཁོ་ནའོ། །དེ་ཡང་། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཟུར་གསུམ་ལ་ནི་རྣམ་པར་ [251a.2]བསྒོམ། །ཞེས་གསུངས་སོ། །ལ་ཞེས་བྱ་བ་བདུན་པ་འདི་ཡང་གནས་གཞི་སྟེ་ཤིང་ལ་བྱ་ཡི་གནས་བཅས་ཞེས་བྱ་བ་ལྟ་བུའོ། །དེའི་བྱེད་པ་གང་ཞེ་ན། བྱང་ཆུབ་སེམས་ནི་འཕྲོས་ནས་སུ། །ཞེས་བྱ་བ་ལ་འཕྲོས་པ་ནི་ཞུ་བའོ། །དེ་ཡང་ཐབས་དང་ཤེས་རབ་སྦྱོར་བ་ལས་བྱུང་བ་བརྗོད་ཀྱིས་མི་ [251a.3]ལང་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དོན་དམ་པ་རྟོགས་པའི་རྒྱུར་གྱུར་པའོ། །དབྱངས་ཡིག་རྡོ་རྗེ་ཞེས་བསྟན་ཏེ། །ཡི་གེ་བཅུ་ནི་གཟུགས་མའོ། །སེམས་ཡིག་བཅུ་པ་གསུངས་པ་སྟེ། །ཡི་གེ་ས་ནི་བདེ་བ་ཆེ། །ཞེས་འབྱུང་བས་འདིས་བཤད་པར་རིག་པར་ [251a.4]བྱའོ། །དེའི་བྱེད་པའི་རང་གི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་གསང་བའི་པདྨ་ལ་ཕབ་པོ་ཞེས་མན་ངག་གོ། །དེ་ཇི་ལྟ་བུ་ཞེ་ན། ཆོས་ཀྱི་དབྱིངས་ནི་ཞུ་མཛད་དོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་དེ་ཡིག་འབྲུར་བྱིན་གྱིས་བརླབ་པ་ནི་ [251a.5]བྱང་ཆུབ་སེམས་ནི་ཞེས་བྱའོ། །ཆོས་ནི་བཤད་ཟིན་ཏོ། །དབྱིངས་ནི་རྒྱུའོ། །ཞུ་བ་ནི་ཡི་གེ་ཞུ་བའོ། །དེ་ཡང་འོད་ཀྱི་གོང་བུར་གྱུར་པའོ། །ཞུ་བའི་དངོས་པོ་དེ་མཐོང་ནས། །ཞེས་བྱ་བ་ནི་ཞུ་བ་ཡང་ཡིན་ལ་དངོས་པོ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །ལྷ་མོ་འདི་ལ་མཐོང་བ་ཡོད་པས་ [251a.6]མཐོང་བའོ། །ལྷ་མོ་ཡང་ཡིན་ལ་སྤྱན་མ་ཡང་ཡིན་པས་སྤྱན་མའོ། །དེས་ཞུས་ཞེས་བྱ་བ་དང་སྦྱར་རོ། །གང་ལ་ཞེ་ན། བཅོམ་ལྡན་འདས་ཏེ། བཅོམ་ལྡན་འདས་ཉིད་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ །འདིར་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་བཅོམ་ལྡན་འདས་སོ། ། [251a.7]རྡོ་རྗེ་སེམས་དཔའ་ནི་བཤད་ཟིན་ཏོ། །ཚིག་ནི་འོག་ནས་གསལ་བའོ། །ཆོས་ཀྱི་དབྱིངས་རྣམས་འཕྲོ་བ་ནི། །གང་ལས་སྐྱེ་བར་འགྱུར་བ་ལགས། །ཞེས་པ་ནི་ཁུངས་ཞུས་པའོ། །དང་པོ་ཅི་ལས་འོང་བ་ཡིན། །ཞེས་བྱ་བས་ནི་དེའི་ལམ་ཞུས་པའོ། །དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལགས། །ཞེས་བྱ་བས་ནི་གནས་ཞུས་ [251b] [251b.1]པའོ། །ཡན་ལག་མེད་པ་གང་དེ་ནི། །ཞེས་བྱ་བས་ནི་སྤྱིའི་མཚན་ཉིད་ཞུས་པའོ། །ཡན་ལག་དང་བཅས་གྱུར་ནས་སུ། །ལུས་དངོས་གྱུར་པ་ཇི་ལྟར་ལགས། །ཞེས་བྱ་བས་ནི་རང་གི་མཚན་ཉིད་རིག་པའོ། །དེ་ཉིད་ལ་སྐྱེ་མཆེད་ཀྱི་སྒོ་ནས་ཞུས་པ་ནི། མིག་ [251b.2]ནས་དབང་པོའི་བར་རོ། །ཕུང་པོ་དང་ཁམས་ཀྱི་སྒོ་ནས་ཞུས་པ་ནི། ཕུང་པོ་ཞེས་པ་ནས་འཇུག་ཅེས་པའི་བར་རོ། །ཉོན་མོངས་པའི་སྒོ་ནས་ཞུས་པ་ནི། མ་རིག་པ་ནས་འདོད་པ་ལ་སོགས་པའི་བར་རོ། །དེ་རྣམས་བསྡུས་པའི་སྒོ་ནས་ཞུས་པ་ནི་རྣམ་ [251b.3]པར་ཤེས་པ་ནས་འདུས་པ་ལགས་ཀྱི་བར་རོ། །བསྒོམ་པའི་སྒོ་ནས་ཞུས་པ་ནི། །དངོས་པོ་མེད་པར་བསྒོམ་པའི་གཟུགས། །ཞེས་བྱ་བས་བསྟན་ཏོ། །གོང་དུ་ཞུས་པའི་འཕྲོ་གཟུགས་ལ་སོགས་པའི་སྒོ་ནས་ཞུས་པ་ནི། གཟུགས་ལ་སོགས་ཞེས་པ་ནས་ཇི་ལྟར་ [251b.4]ལགས་ཞེས་བྱ་བའི་བར་དུའོ། །ལྷག་མ་ནི་མཇུག་བསྡུས་པའོ། །དེ་ལྟར་བསྡུས་པའི་དོན་བརྗོད་ནས་ཡན་ལག་ཐམས་ཅད་བཤད་པར་བྱ་སྟེ་དེ་ལ། ཆོས་ཀྱི་དབྱིངས་ནི་རྣམ་འཕྲོ་བ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །གང་ལས་ཞེས་བྱ་བ་ནི་འབྱུང་ཁུངས་ཏེ་ཨ་མྲ་ལས་མེ་ཏོག་ཅེས་ [251b.5]བྱ་བ་ལྟ་བུའོ། །དང་པོ་ཇི་ལྟར་བྱུང་བ་ནི་འགྲོ་བའི་ལམ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིར་འགྲོ་བ་ནི་འདུ་བའོ། །ཡན་ལག་མེད་པ་ཉིད་ཡིན་པས་ཡན་ལག་མེད་པ་སྟེ་ས་བོན་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་བཅས་པ་ནི་ཡན་ལག་དང་བཅས་པའོ། །ལུས་ཀྱང་ཡིན་ལ་ [251b.6]དངོས་གྱུར་ཀྱང་ཡིན་པས་དེ་སྐད་ཅེས་བཤད་དོ། །མིག་ལ་སོགས་པའི་ཐ་མར་དབང་པོ་ཞེས་སེམས་ཀུན་ལ་སྦྱར་བར་བྱའོ། །དངོས་པོ་རྣམས་ནི་འབྱུང་བ་བཞིའོ། །འཇུག་པ་ནི་ཡུལ་བསྐྱེད་པའོ། །གང་གི་སྒྲས་ནི་དགེ་བ་དང་མི་དགེ་བ་སྡུད་དོ། །ས་བོན་ལ་མ་རིག་བག་ཆགས་ཞེས་བྱའོ། །སྲེད་པ་ནི་ [251b.7]ཆགས་པའོ། །དེ་ནི་ཉོན་མོངས་པ་ཡང་ཡིན་ལ་འདོད་ཆགས་ལ་སོགས་པ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །སོགས་པ་ནི་ཞེ་སྡང་ལ་སོགས་པའོ། །རྣམ་པར་ཤེས་པ་ནི་ཀུན་གཞིའོ། །སྣ་ཚོགས་ནི་ལྷག་མའོ། །དེའི་ཕྱིར་ཁམས་གསུམ་པ་ནི་སེམས་ཙམ་མོ། ། [252a] [252a.1]མདོ་ལས་ཀྱང་ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་སོ། །གཟུགས་ལ་སོགས་པ་ནི་སྤྱོད་ཡུལ་ཏེ། དེ་ཡང་དངོས་པོར་གྲུབ་པ་ནི་མེད་དེ་ཀུན་བརྟགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། བདག་དང་གཞན་སྨྲ་དངོས་འདི་དག །ཡང་དག་ [252a.2]དུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་བྱ་བའི་ཚད་མ་འདི་གསུངས་སོ། །དམིགས་པ་ནི་ཡུལ་ལ་དེ་དག་དང་བཅས་པ་ནི་འཛིན་པའོ། །དངོས་པོ་མེད་བཞིན་དུ་རྟོག་ཅེས་བྱ་བའི་ཐ་ཚིག་གོ། །དེ་དག་ཅེས་བྱ་བ་ནི་ཞུས་པ་དེ་ [252a.3]དག་གོ། །ངོ་མཚར་ཆེ་བ་ནི་མ་ཡིན་གྱི་མ་རྟོགས་པ་ལ་ངོ་མཚར་དུ་རྟོགས་པའོ། །བདག་ནི་སྤྱན་མའོ། །ཐེ་ཚོམ་ནི་ཡིད་གཉིས་ཟ་བའོ། །ལྷའི་སྒྲ་ནི་རྡོ་རྗེ་སེམས་དཔའོ། །ཇི་ལྟར་ཞེ་ན། དབང་ཕྱུག་ཆེན་པོ་ལ་སོགས་པ་འདུལ་བའི་ཕྱིར། དེའི་གཟུགས་སུ་སྤྲུལ་པས་ལྷ་མོའོ། །དེ་ལྟར་ནི་ཞུས་ [252a.4]པའོ། །ཞུས་མ་ཐག་པ་ནི་དེ་མ་ཐག་པའོ། །གསུངས་པ་དེ་བཀའ་སྩལ་པའོ། །གཟུང་བ་དང་འཛིན་པ་དང་བྲལ་བ་ནི་ཤེས་རབ་བོ། །དེ་ཉིད་ཟབ་པས་དེ་སྐད་བཤད་དོ། །ཉོན་ཅིག་ནི་གདམས་པའོ། །འདི་ལ་ཡང་དག་པའི་ཤེས་རབ་མངའ་བས་སྤྱན་མའོ། །བཤད་པར་བྱ་བ་ནི་དམ་བཅའ་བའོ། །ད་ནི་ཆོས་ཉིད་དེའི་ཆེ་བ་གསུངས་པ་ནི་ [252a.5]ཚད་མ་ལས་འདས་པས་དཔྱད་དུ་མེད་པའོ། །དེའི་ཕྱིར་ཆོས་འདི་དེ་ནི་ཤེས་པར་བྱ་བའི་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་དུ་བཞག་སྟེ། དེ་སྐད་དུ་ཡང་། གཞན་སེམས་རིག་པས་ཤེས་པ་ནི། །རང་སེམས་ཤེས་པས་སངས་རྒྱས་ཀྱི། །སྤྱོད་ཡུལ་ཇི་བཞིན་མ་ [252a.6]ཤེས་ཕྱིར། །བསམ་ཡས་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་འབྱུང་ངོ་། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀུན་གྱི་གསང་ཆེན་ནོ། །ཞེས་གསུངས་སོ། །སངས་རྒྱས་ཀུན་ཁོ་ན་ནི་གསང་བ་ཡིན་ཏེ། དཔེར་ན་སྲིད་སྒྲུབ་ཁོ་ན་གཞུ་ཐོགས་བྱ་བ་ལྟ་བུ་ཡིན་གྱི། ནག་པོ་ཁོ་ན་གཞུ་ཐོགས་པ་ལྟ་ [252a.7]བུ་བྱ་བ་ནི་མ་ཡིན་ནོ། །དེ་ཡང་ཡེ་ཤེས་ནམ་མཁའ་ལྟ་བུ་ཡིན་ཏེ་དེ་མ་གྲུབ་པར་བསྟན་པའི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། དམིགས་པ་མེད་པའི་སེམས་དག་ནི། །ནམ་མཁའ་ལྟ་བུར་གནས་པ་སྟེ། །ནམ་མཁའ་ཁོ་ནར་བསྒོམ་པ་སྟེ། །སྟོང་ཉིད་འདོད་པ་བསྒོམ་པའོ། ། [252b] [252b.1]ཞེས་གསུངས་སོ། །དེ་གང་གི་ཡུལ་དུ་འགྱུར་ཞེ་ན། མི་ཤེས་མུན་པས་བསྒྲིབས་པས་ན། །ཉན་ཐོས་རྣམས་ཀྱིས་ཤེས་པ་མིན། །ཞེས་གསུངས་སོ། །དེ་ནི་ཉོན་མོངས་པ་དང་བྲལ་བ་མི་ཤེས་པ་སྟེ། དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མི་ལྡན་པའི་ཕྱིར་རོ། །ཉན་ཐོས་ཀྱང་ཡིན་ལ་རྣམས་ཀྱང་ཡིན་པས་ཉན་ [252b.2]ཐོས་རྣམས་ཏེ་དེས་ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར་རོ། །དེ་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ་སྙམ་ན་ཡང་སྤྱོད་ཡུལ་བག་ཆགས་ཞེས་གསུངས་ཏེ། སྤྱོད་ཡུལ་ནི་གཟུགས་ལ་སོགས་པའི་སྐྱེ་མཆེད་དྲུག་གོ། །དེ་བག་ཆགས་བརྟས་ནས་སྣང་མོད་ཀྱིས་དེ་བརྟགས་པའི་ཕྱིར་རོ། །དེ་བས་ཡེ་ཤེས་ནམ་མཁའ་ནི། ། [252b.3]རང་སངས་རྒྱས་སུ་སྤྲུལ་པ་སྟེ། །ཞེས་པ་ནི་གོམས་པ་ལས་རང་འབྱུང་བས་རང་སངས་རྒྱས་ཏེ་དེའི་སྤྲུལ་པའོ། །དེས་ཀྱང་མི་ཤེས་པའི་འཛིན་རྟོག་མ་སྤངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱིས་ཀྱང་། གཟུང་བའི་རྟོག་པ་ཉམས་ཕྱིར་དང་། །འཛིན་པ་མ་སྤངས་ [252b.4]ཕྱིར་གྱིས་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་གསུངས་སོ། །ཀྱང་གི་སྒྲ་ནི་ཉན་ཐོས་ཀྱིས་མ་མཐོང་བ་དེ་རང་སངས་རྒྱས་ཀྱིས་མི་མཐོང་ངོ་ཞེས་སོ། །ཡང་ན་ཀྱང་གི་སྒྲས་མ་བཤད་པ་བསྡུ་སྟེ་མུ་སྟེགས་དག་གིས་ཞེས་བསྡུའོ། །གལ་ཏེ་ཚངས་པ་ལ་སོགས་པས་ཀྱང་། [252b.5]འཇིག་རྟེན་ཆགས་པ་ལ་སོགས་པ་ཤེས་པས་དེ་ཤེས་པར་མི་རུང་ངམ་ཞེ་ན། ཤེས་མེད་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཤེས་མེད་ཉིད་སོ་སོའི་སྐྱེ་བོའོ། །དེས་ནི་དུས་གསུམ་གྱི་མཚན་ཉིད་ཀྱང་མི་རྟོགས་ན། དེ་ལྟ་བུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད་རེ་སྐན། བྱོལ་སོང་རིག་པ་དང་ལྡན་པ་འགའ་ཡང་ [252b.6]ཡོད་པས་དེས་མི་ཤེས་སམ་ཞེ་ན། དུད་འགྲོ་ཡི་དྭགས་ཏེ་བག་ཆགས་ལས་སྐྱེས་པ་ཞེས་སྦྱར་རོ། །དུད་འགྲོ་ནི་གླང་པོ་ཆེ་ལ་སོགས་པའོ། །ཡི་དྭགས་ནི་ཁ་འབར་མའོ། །དེ་ཀུན་གྱིས་ཀྱང་མི་ཤེས་ཏེ་ཞེས་བྱ་བ་འདིའི་དགག་པ་འདི་ནི་མ་ཡིན་པར་དགག་པ་ཡིན་གྱི་མེད་པར་དགག་པ་མ་ཡིན་ནོ། །གསང་བ་ [252b.7]ཆེན་པོ་དེའི་ནི་སུའི་སྤྱོད་ཡུལ་ཡང་མ་ཡིན་ནམ་ཞེ་ན་དེའི་ཕྱིར། སངས་རྒྱས་སྤྱོད་ཡུལ་གསང་ཆེན་ནོ། །ཞེས་གསང་བར་གསུངས་ཏེ་དེའི་དོན་བཤད་ཟིན་ཏོ།། །།ད་ནི་ཆོས་དབྱིངས་རྣམ་པར་འཕྲོ་བ་ནི། །གང་ལས་སྐྱེ་བར་འགྱུར་བ་ལགས། །ཞེས་བྱ་བ་དེའི་ལན་གསུངས་པ། སྙིང་པོ་ཤིན་ཏུ་སྙིང་ [253a] [253a.1]པོའི་མཆོག །ཅེས་རྒྱས་པར་འབྱུང་བ་ལས་སྙིང་པོ་ནི་སྐུ་གསུང་ཐུགས་སོ། །དེའི་རང་བཞིན་ནི་ཤིན་ཏུ་སྙིང་པོའི་མཆོག་གོ། །དེ་ནི་རྡོ་རྗེ་སེམས་དཔའི་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེའི་ངོ་བོ་ནི་གང་། དེ་ཀུན་བདག་ལ་གནས་པ་ཡི། །ཞེས་བྱ་བ་ནི་ཐམས་ཅད་ལ་ཁྱབ་པའོ། །སངས་རྒྱས་ཀུན་གྱི་གསང་ [253a.2]ཆེན་ནི། །ལྷ་མོ་ཁྱོད་ལ་བཤད་པར་བྱ། །ཞེས་པ་ནི་བཤད་ཟིན་ཏོ། །ཕྲ་མོའི་ཏིང་ངེ་འཛིན་གསུངས་བ་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལ། བྱང་ཆུབ་སེམས་ནི་བཤད་ཟིན་ཏོ། །དེ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའོ། །དེ་ཡང་། གཞན་གྱི་སེམས་ཀྱིས་རིག་པ་མེད། །དེས་ཀྱང་གཞན་སེམས་རིག་པ་ [253a.3]མེད། །གཟུང་དང་འཛིན་དང་བྲལ་བའི་ཕྱིར། །རང་དེ་ཙམ་དུ་སྣང་བར་གནས། །ཞེས་གསུངས་སོ། །ཕྲ་མོའི་ཏིང་ངེ་འཛིན་གྱིས་ཁ་དོག་གསུངས་པ། ཟླ་བ་ཤེལ་དང་མཉམ་པའི་འོད། །ཅེས་བྱ་བ་སྟེ་དཀར་བ་དང་དངས་པ་དང་ལྡན་པའོ། །དེའི་ངོ་བོ་ནི། དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། །ཞེས་བྱའོ། །དེ་ཉིད་ཅེས་བྱ་བ་གང་ཞེ་ན། དེ་ཁོ་ན་ནི་རིགས་ལྔར་ [253a.4]གསུངས་ཞེས་བྱའོ། །དེ་ཡང་མེ་ལོང་ལྟ་བུ་ལ་སོགས་པའོ། །དེ་ཡང་ཚིག་མང་པོར་བྱས་པ་ནི་འདོད་བའི་དབང་དུ་བྱས་པ་ཡིན་ཏེ། དངོས་པོའི་དབང་དུ་བྱ་བ་ནི་མ་ཡིན་པའི་ཕྱིར་རོ། །དཔེར་ན་ཁྱེད་ཅག་ལ་ཞེས་བྱ་བ་ལྟ་བུའོ། །དེ་བས་ན་ཕྲ་མོ་དང་ཡེ་ཤེས་ཐ་དད་པར་ག་ལ་འགྱུར། །དེའི་ཚད། ཡུངས་ཀར་ཆེ་བའི་འབྲུ་ཚད་ཙམ། ། [253a.5]ཞེས་གསུངས་ཏེ་ཚད་དེ་ཙམ་དུ་ཤེས་བར་བྱའོ། །དེའི་གནས་ནི། དེ་ཡི་དབུས་སུ་བཞུགས་པའི་ལྷ། །ཞེས་བྱ་བ་ལ་དབུས་ནི་རིག་མའི་དབྱིངས་སོ། །བཞུགས་པ་དེ་ཉིད་ལྷའོ། །ཐུན་མོང་དུ་ན་དབུས་ནི་རྡོ་རྗེའི་དཀྱིལ་ལ་བཞུགས་པའི་ལྷ་ནི་ཡིག་འབྲུའོ། །དེ་རྣལ་འབྱོར་པ་གང་གི་སྤྱོད་ཡུལ་ཡིན་ཞེ་ན། མི་གསལ་གསལ་བའི་ [253a.6]གཟུགས་ཅན་དེ། །ཞེས་བྱ་བ་ལ། དེ་ཡང་མི་གསལ་བའི་གཟུགས་ཅན་དང་གསལ་བའི་གཟུགས་ཅན་ཞེས་སྦྱར་རོ། །དེ་ལ་ཡང་ལས་དང་པོ་པ་དང་ཡེ་ཤེས་འགའ་ཙམ་དབང་དུ་གྱུར་པའི་དབང་དུ་བྱས་ནས་དེ་སྐད་བཤད་ཀྱིས། རྣལ་འབྱོར་པ་འཕགས་པའི་གོ་འཕང་ཐོབ་པ་རྣམས་ཀྱིས་ནི་མངོན་སུམ་དུ་གཟིགས་པས་ [253a.7]གསལ་ཞེས་བཤད་དོ། །ཕྱེད་ཚད་ཙམ་གྱི་ཕྲ་མོ་མཆོག །ཅེས་བྱ་བ་འདིར་ཡིག་འབྲུའི་ཚད་ཙམ་ཡིན་ལ་གོང་དུ་དེའི་རྟེན་རྡོ་རྗེའི་ཚད་དུ་གསུངས་པས་ཟློས་པའི་ཉེས་པ་མེད་དོ། །རྟེན་གྱི་ཕྱེད་ཀྱི་ཚད་དུ་རྟེན་ཅན་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་ཐིམ་ནས། བྱང་ཆུབ་སེམས་སུ་གྱུར་ [253b] [253b.1]ཏེ་རྡོ་རྗེའི་ལམ་ནས་བྱུང་ནས། རིག་མའི་པདྨའི་སྣ་རྩེར་རྡོ་རྗེར་གྱུར་ཏེ། དེའི་དཀྱིལ་དུ་དེའི་ཕྱེད་ཚད་ཙམ་གྱི་ཡིག་འབྲུ་བསམ་མོ་ཞེས་བསྟན་པར་འགྱུར་རོ། །དེ་དུས་ཇི་སྲིད་བསྒོམ་པའི་ཚད་ཀྱང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། མཚན་མ་བྱུང་གི་བར་དུ་བསྒོམ་པར་གསུངས་ཏེ། དང་པོ་ནི་ [253b.2]སྨིག་རྒྱུ་འདྲ་བ་སྟེ། ཞེས་བྱ་བ་རྒྱས་པར་གསུངས་སོ། །རྩ་བའི་མདོ་ལས་ཀྱང་། རིན་ཆེན་ཁ་དོག་རྣམ་ལྔ་པ། །ཞེས་རྒྱས་པར་འབྱུང་ངོ་། །ཐིག་ལེའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས་གསུངས་པ། ཡིད་ཀྱི་དངོས་པོ་ཐིག་ལེ་ཞེས་བྱ་བ་རྒྱས་པར་གསུངས་སོ། །ཡིད་ནི་རྣམ་པར་རྟོག་པའོ། །དེའི་ངོ་བོ་ནི་ཐིག་ལེའི་ [253b.3]དངོས་པོ་སྟེ། ཡིད་དང་ཐིག་ལེ་ནི་དབྱེར་མེད་པའི་ཕྱིར་དེ་ཉིད་གཟུགས་ཏེ་སྲན་མའི་འབྲུ་ཙམ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་སྙིང་གི་དབུས་སུ་བསམ་པར་བྱའོ། །དེའི་མཚན་ཉིད་བསྟན་པའི་ཕྱིར། །འོད་ཟེར་ཆེན་པོ་འབར་བ་ཅན། །ཞེས་བྱ་བ་སྟེ་དེ་ལ་འོད་འབར་བ་ཡོང་བའོ། །འདི་སྐད་དུ་རྣལ་འབྱོར་པས་རང་གི་སྙིང་གི་དབུས་སུ་དེ་བཞིན་ [253b.4]གཤེགས་པ་ཐམས་ཅད་འདུས་ཏེ། བྱང་ཆུབ་སེམས་ཀྱི་འོད་དུ་གྱུར་ནས་ཙན་ཀའི་ཚད་ཙམ་གྱི་ཐིག་ལེ་ཡིད་དང་དབྱེར་མེད་པར་གྱུར་ནས་ཐིག་ལེ་བསྒོམ་པར་བྱའོ། །དེའི་དཀྱིལ་དུ་ཡིག་ཀྵཱུཾ་བསྒོམ་ཏེ། དེའི་འོད་ཀྱིས་ཐིག་ལེ་གསལ་བར་བྱ་སྟེ། དེ་ལས་བྱུང་བས་རང་གི་སྙིང་ག་གསལ་བར་བྱེད། སྙིང་ག་ནས་བྱུང་ [253b.5]བས་ལུས་ཀུན་གསལ་བར་བྱེད། དེ་ལས་ལུས་ཀྱི་བ་སྦུའི་བུ་ག་ཐམས་ཅད་ནས་བྱུང་སྟེ་འཇིག་རྟེན་ཐམས་ཅད་སྣང་བར་བྱས་ཏེ་འོད་ཕྱིར་འདུས་ནས་ཡིག་འབྲུ་དང་གཅིག་པར་གྱུར་པ་ནི་མན་ངག་གོ། །དེའི་ཚེས་གྲངས་ཀྱི་རིམ་པས་གནས་བསྟན་པ། ཇི་སྙེད་དགུ་ཡི་བར་དུ་ནི། །ཞེས་བྱ་བ་ནི། ནུ་མ་དང་། [253b.6]ལག་པའི་རྩེ་མོ་དང་། མགྲིན་པ་དང་། མཆུ་དང་། འགྲམ་པ་དང་། མིག་དང་། རྣ་བའི་རྩ་དང་། སྤྱི་བོ་དང་། ཡན་ལག་མཆོག་རྣམས་སོ། །དེ་ཡང་། ནུ་མ་ལག་རྩེ་མགྲིན་པ་དང་། །མ་མཆུ་དེ་བཞིན་འགྲམ་པ་མིག །རྣ་རྩེ་སྤྱི་བོ་ཡན་ལག་མཆོག །དེ་དག་ཀུན་ལ་སྡོད་བྱེད་པ། །ནམ་ཟླ་ཡར་ཚེས་མར་ཡང་ནི། ། [253b.7]ཟླ་བ་མར་ཚེས་ལོག་པར་བཤད། །ཅེས་གསུངས་སོ། །དེ་ཡང་གནས་བཅོ་ལྔ་ལ་སྒྲ་ཡིག་བཅུ་དྲུག་པ་བསྒོམ་པའི་དོན་བསྟན་པ། དཔྲལ་བ་ལ་གནས་རྐང་མཐིལ་བར། །ཞེས་གསུངས་སོ། །མཐེ་བོའི་རྩ་བ་ལ་ཨ། རྗེ་ངར་ལ་ཨཱ། བརླ་གཉིས་ལ་ཨི། གསང་བ་ལ་ཨཱི། ལྟེ་བ་ལ་ཨུ། གསུས་པ་ལ་ཨཱུ། ནུ་མ་ལ་རྀ། ལག་པ་ལ་རཱྀ། [254a] [254a.1]མགྲིན་པ་ལ་ལྀ། མཆུ་ལ་ལཱྀ། འགྲམ་པ་ལ་ཨེ། མིག་གཉིས་ལ་ཨཻ། རྣ་བའི་རྩེ་མོ་ལ་ཨོ། །སྤྱི་བོར་ཨཽ། ལུས་ཀུན་ལ་ཨཾ་ཨཱཿདེ་རྣམས་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །དེ་ཡང་། མཐེ་པོའི་རྩར་ནི་ཡི་གེ་ཨ། །རྗེ་ངར་གཉིས་ལ་དེ་བཞིན་ཨཱ། །བརླ་གཉིས་ [254a.2]ལ་ནི་ཡི་གེ་ཨི། །ཡི་གེ་ཨཱི་ནི་གསང་བ་སྟེ། །ལྟེ་བའི་རྩ་ལ་ཡི་གེ་ཨུ། །དེ་བཞིན་གསུས་བར་ཡི་གེ་ཨཱུ། །ནུ་མའི་རྩེ་ལ་ཡི་གེ་རྀ། །ཡི་གེ་རཱྀ་ནི་ལག་པར་གནས། །མགྲིན་པ་ཁོ་ནར་ཡི་གེ་ལྀ། དེ་བཞིན་མ་མཆུར་ཡི་གེ་ལཱྀ། །འགྲམ་པའི་ཕྱོགས་སུ་ཡི་གེ་ཨེ། །དེ་བཞིན་ཨཻ་ནི་མིག་གཉིས་ [254a.3]ལ། །རྣ་བའི་རྩེ་མོར་ཡི་གེ་ཨོ། །དེ་བཞིན་ཨཽ་ནི་སྤྱི་བོར་གནས། །ཨཾ་ཨཿཡན་ལག་ཀུན་ལ་གནས། །ཆོ་ག་རྣམས་ཀྱིས་སྦྱོར་བར་བྱ། །ཞེས་གཙུག་ལག་བརྒྱད་པ་ལས་གསུངས་སོ། །དེ་དག་གང་དུ་བསྡུ་ཞེ་ན་སྨྲས་པ། ཐིག་ལེ་དེ་ཁོ་ནར་བསྡུ་སྟེ་ཞེས་བྱ་བ་གསུངས་སོ། །གནས་དགུ་ [254a.4]དང་བཅོ་ལྔ་ལ་ཁྱབ་པའི་བྱང་ཆུབ་ཀྱི་སེམས། སྙིང་གའི་པདྨའི་ཐིག་ལེ་ལ་འདུས་ཞེས་བྱ་བའི་དོན་ཏོ། །ལྟེ་བའི་དབུས་སུ་རྣམ་པར་གནས། །ཞེས་བྱ་བ་ནི་སྙིང་གའི་པདྨ་ལས་བབས་ཏེ་ལྟེ་བའི་པདྨ་ལ་གནས་སོ། །དེ་ལྟར་ཆོས་ཀྱི་དབྱིངས་སྐྱེ་བའི་ཁུངས་བསྟན་ནས། དེ་ནི་དང་པོ་ལྟར་ [254a.5]འོང་བ་ཡིན་ཞེས་བྱ་བའི་ལན་རེ་ཞིག་གོང་དུ་ཡིག་འབྲུ་བསྒོམ་པའི་སྦས་པ་བསྟན་པ། ཆ་ཤས་ལྔ་པ་ཅན་ཡིན་ཏེ། །ཞེས་པ་ནི་ཡི་གེ་ཀྵཱུཾ་དེ་ཡན་ལག་ལྔ་དང་ལྡན་པའི་ཕྱིར་རོ། །འདི་ལྟ་སྟེ་ཐིག་ལེ་དང་། ཟླ་ཚེས་དང་། ཀ་དང་། ཥ་དང་། ཞབས་སྐྱེད་རིང་པོ་དང་ཨུ་རྣམས་སོ། །དེ་ [254a.6]བསྟན་པ་བཅུ་གཉིས་ཀྱི་མཐའ་མ་ལ་ཞེས་བྱ་བ་ནི་མ་ནིང་གི་ཡི་གེ་བཞི་མ་གཏོགས་པ་གཞན་ཨ་ལ་སོགས་པའི་མཐའ་མ་ཀའོ། །ཆ་ཤས་དྲུག་གིས་མཚན་པ་ཉིད། །ཅེས་བྱ་བ་ནི་ཡལ་སོགས་པ་དྲུག་པས་མཚན་པ་སྟེ་ཥའོ། །ང་རོ་ཞེས་བྱ་བ་ནི་ཨུའི་ཞབས་སྐྱེད་ལ་བྱའོ། །ཐིག་ལེས་ [254a.7]བརྒྱན་པ་ཞེས་བྱ་བ་ནི་ཟླ་ཚེས་དང་ཐིག་ལེའོ། །རྡོ་རྗེ་ཁོང་ནས་ཕྱུང་ནས་སུ། །ཞེས་བྱ་བ་ནི་གསང་བའི་རྡོ་རྗེའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཡི་གེ་ཀྵཱུཾ་གི་ངོ་བོར་འཕྲོ་བའོ། །དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལགས། །ཞེས་ཞུས་པའི་ལན་ས་བོན་སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ [254b] [254b.1]ལ་ས་བོན་ནི་ཡི་གེ་ཀྵཱུཾ་སྟེ། དེ་སྐྱེ་གནས་སུ་ཕབ་པ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དབྱིངས་ནི་ཞུ་བར་བྱེད། །ཅེས་བྱ་བ་ནི། གསང་བའི་རྡོ་རྗེའི་ལམ་ནས་ཡི་གེ་ཀྵཱུཾ་ཆོས་ཐམས་ཅད་ཀྱི་རྒྱུ་བྱང་ཆུབ་སེམས་ཆུའི་ཁམས་སུ་གྱུར་པའོ། །ད་ནི། ཡན་ལག་མེད་བ་གང་དེ་ནི། །ཞེས་བྱ་བ་ནས། ཁམས་ [254b.2]གསུམ་རྣམས་སུ་འཇུག་པའང་། །ཞེས་བྱ་བའི་བར་གྱི་ཞུས་ལན་གསུངས་པ། དེ་ནི་རིམ་པར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་ཞེས་བྱ་བ་ནི་ཡན་ལག་མེད་པ་ཆོས་ཀྱི་དབྱིངས་སོ། །རིམ་པར་བསྐྱེད་བྱས་ནས་ཞེས་བྱ་བ་ནི། མེར་མེར་པོ་དང་། ནུར་ནུར་པོ་དང་། ལྟར་ལྟར་བོ་དང་། མཁྲང་ [254b.3]འགྱུར་དང་། རྐང་ལག་འགྱུས་པ་མངལ་གྱི་རིམ་པ་ལྔས་མིང་དང་གཟུགས་སུ་འགྱུར་བའོ། །དེ་ཉིད་བསྟན་པའི་ཕྱིར། སྒོ་དགུ་ལ་ནི་ཀུན་དུ་འགྲོ། །ཞེས་བྱ་བ་སྤྱི་བོ་ཚངས་པའི་བུ་ག་དང་། མིག་དང་རྣ་བ་སྣ་དང་ཁ་དང་སྙིང་ག་དང་། ལྟེ་བ་དང་གསང་བ་ཆུ་མིག་གི་བུ་ག་དང་རྣམ་པ་དགུའོ། །དེ་དག་ལ་ [254b.4]བྱང་ཆུབ་སེམས་ཀྱིས་ཁྱབ་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཙམ་དུ་ཁྱབ་ཅེ་ན། ཁྱབ་ཅིང་ཞེན་ཞེས་བྱ་བ་ནི་གོ་རིམས་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འགྲོ་བ་ལྔའོ། །མི་གཡོ་བ་ནི་རི་རབ་ལ་སོགས་པའི་རྣམ་པའོ། །སོགས་པའི་སྒྲ་ནི་གཞལ་ཡས་ཁང་ལ་སོགས་པའོ། །གཡོ་དང་བཅས་ [254b.5]པ་ནི་རབ་ཏུ་ལྡིང་བའི་གཞལ་ཡས་ཁང་ལ་སོགས་པའོ། །དེ་ཡང་ཚངས་པ་ལ་སོགས་པའོ། །ཚངས་པ་ནི་གདོང་བཞི་པའོ། །སོགས་པས་ནི་ཁྱབ་འཇུག་ལ་སོགས་པའོ། །དེ་ཉིད་ལྷ་ཡིན་པས་ཚངས་ལྷའོ། །མིང་ནི་རཱ་ཧུ་ལ་ལ་སོགས་པའོ། །དེ་རྣམས་ནི་ཆོས་ཀྱི་དབྱིངས་ལས་བྱུང་པས་གཞི་ [254b.6]ནི་དེ་ལྟར་གྱུར་པའོ་ཞེས་བྱའོ། །ས་འོག་དེ་གཙོ་བོ་ཡིན་པའི་ཕྱིར། གང་ལས་གཙོ་བོར་སྐྱེད་བྱེད་པ། །ཞེས་གསུངས་ཏེ། དེ་ཡང་ས་ཞེས་བྱ་བ་ལ་སོགས་པ་སྟེ། ས་འོག་ནི་འཛམ་བུ་གླིང་མན་ཆད་དེ། ས་བླ་ནི་ཉི་མས་ཁྱབ་པའོ། །ས་སྟེང་ནི་གང་རི་རབ་ཀྱི་རྩེ་མོའོ། །ནམ་མཁའ་ནི་མ་བསྒྲིབས་ [254b.7]པ་ལ་བྱའོ། །དེ་གསུངས་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ལས་འཕྲོས་ཞེས་བྱ་བའི་ཐ་ཚིག་གོ། །མ་རིག་བག་ཆགས་ཞེས་བྱ་བ་ནས། དངོས་སུ་ཇི་ལྟར་འདུས་པ་ལགས། །ཞེས་བྱ་བའི་བར་གྱི་ལན། ཇི་སྙེད་ལུས་ལ་གནས་པའི་བར། །ཞེས་རྒྱས་པར་འགྱུར་བ་ལ། ཇི་སྙེད་ནི་ལུས་ཀྱི་ཚད་ [255a] [255a.1]མཚོན་པའོ། །ལུས་ནི་གཟུགས་ཀྱི་ཕུང་པོའོ། །དེ་ལ་གནས་པ་མིང་གཞིའོ། །བར་ནི་ལུས་ཀྱི་ཚད་དོ། །དེ་ཡིས་ནི་ཆོས་ཀྱི་དབྱིངས་སོ། །ལས་ནི་ལུས་ངག་ཡིད་དོ། །ལས་མིན་ནི་དེ་ལས་བཟློག་པའོ། །དེ་ལས་འཇུག་པ་ནི་བྱེད་པའོ། །དོན་དེ་ལྟར་གསུངས་པ། དགེ་དང་ཞེས་བྱ་བ་ [255a.2]ལ་སོགས་པ་གསུངས་པའོ། །དགེ་བ་ནི་སྲོག་གཅོད་པ་སྤོང་བའོ། །དེ་ལས་བཟློག་པ་ནི་མི་དགེ་བའོ། །བསམ་པ་དེའི་འབྲས་བུ་ནི་ལས་ཀུན་བྱེད་པའོ། །དེ་གཉི་ག་ཡང་ཆོས་ཀྱི་དབྱིངས་ལ་འཕྲོས་པ་ཡིན་པར་ཤེས་པར་བྱའོ། །དངོས་པོ་མེད་ལ་ཞེས་བྱ་བ་ནས། དམིགས་པ་དང་བཅས་ཇི་ལྟར་ [255a.3]ལགས། །ཞེས་པའི་ལན་གསུངས་པ། སྦྱོར་བ་རྟག་ཏུ་དེ་གསུངས་ཏེ། །ཞེས་པ་ལ་སོགས་པ་ལ་དེ་ལ་སྦྱོར་བ་རྟག་ཏུ་དེ་གསུངས་ཞེས་བྱ་བ་ནི། གོང་དུ་ཆོས་ཀྱི་དབྱིངས་ཕྲ་མོའི་ཏིང་ངེ་འཛིན་དང་། ཐིག་ལེའི་ཏིང་ངེ་འཛིན་རྟག་ཏུ་སྦྱོར་བའོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་མཆོད་པས་མཆོད་པ་ནི། [255a.4]མཆོད་པ་བསྒོམ་པར་འགྱུར་བ་ཡིན། །ཞེས་བྱའོ། །དེ་སྐད་དུ་རྣལ་འབྱོར་ཕ་དང་མས་ལེའུ་བཞིའི་ལུགས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྒོམ་སྟེ་ཕྲ་མོ་དང་ཐིག་ལེའི་ཏིང་ངེ་འཛིན་བསྒོམས་ཏེ་ཐབས་དང་ཤེས་རབ་ཀྱི་རོལ་པས་མཆོད་ན་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འབྲས་བུ་གསུངས་པ། [255a.5]གང་ཚེ་ལས་ཀྱི་ལུས་ཞིག་ན། །ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་ལུས་ཞིག་ན་སེང་ཤི་བའི་ཚེའོ། །ལུས་ལྷའི་དཀྱིལ་འཁོར་དུ་བསྒོམས་པའི་དགེ་བའི་ལས་ཀྱི་བག་ཆགས་དང་ལྡན་པའི་ཕུང་པོའོ། །དེ་འཆི་བའི་ཚེ་ན། དེའི་མཐུས་རྣལ་འབྱོར་ [255a.6]པ་བསྒོམས་པའི་རང་མཐུས། དེ་དང་འདྲ་བའི་ལུས་སུ་ཞེས་པ། ལུས་ཀྱི་དཀྱིལ་འཁོར་དེ་རྣལ་འབྱོར་པས་ཐོབ་པར་འགྱུར་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཐོབ་པ་མེད་པ་ཇི་ལྟར་འཐོབ་པ་བསྟན་པའི་ཕྱིར། གཡོ་དང་ཞེས་བྱ་བ་ལ་སོགས་པའོ། །ཀུན་ལ་ཁྱབ་མོད་ [255a.7]ཀྱི་ནམ་མཁའ་ལ་ཐ་སྙད་ཡོད་པ་དང་འདྲ་བར་རྣལ་འབྱོར་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེའི་ཡོན་ཏན་གསུངས་པ། བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ་བཅུ་གཉིས་མཐའ་ཚིག་ནི་ཡི་གེ་ཀའོ། །དེ་ཡང་དངོས་སུ་ཀྵཱུཾ་ངོ་། །དེ་སྒོམ་པ་གོམས་པ་ན་མི་གནས་པའི་མྱ་ངན་ལས་འདས་པའི་ [255b] [255b.1]བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པར་འགྱུར་རོ། །དེ་ཡང་དཔལ་མཆོག་དང་པོ་ལས། །ཀུན་དུ་བཟང་པོའི་ཡེ་ཤེས་ནི། །རང་ཉིད་ཁོ་ནས་འཐོབ་པའོ། །ཞེས་གསུངས་སོ། །དེ་ལ་རྡོ་རྗེ་འཛིན་པ་ནི་རྡོ་རྗེ་སེམས་དཔའོ། །དེ་འཛིན་པས་རྡོ་རྗེ་འཛིན་པའོ། །གནོད་སྦྱིན་ལག་ན་རྡོ་རྗེ་འཛིན་ [255b.2]པ་ལ་སོགས་པ་ནི་མ་ཡིན་ནོ། །ཡིག་འབྲུ་ཡང་མ་གྲུབ་པར་བསྟན་པ། སོ་དང་མ་མཆུ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དེ་དག་འདུས་ནས་འབྱུང་བའི་སྒྲ་ནི། །མགུལ་ནས་གང་ལ་ཡོད་པ་ནི། །ཞེས་བྱའོ། །དེའི་ཕྱིར། གང་ལ་དེ་ནི་ཡིག་འབྲུ་ཉིད། །ཅེས་བྱ་བ་ནི་ཡིག་འབྲུ་ཡང་སྟོང་པ་ [255b.3]ཉིད་དོ། །དེ་ནི་ཟད་དང་འགག་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ། ཡི་གེ་ཀྵཱུཾ་ནི་རང་བཞིན་གྱིས་མི་རྟག་པའི་ཕྱིར་རོ། །འདི་ལྟ་སྟེ། ཀ་བརྗོད་ཙམ་ན་ཤ་མེད། ཤ་བརྗོད་ཙམ་ན་ཀ་འགགས། དེ་བཞིན་དུ་ཞབས་སྐྱེད་དང་ཐིག་ལེ་ཡང་བརྗོད་པར་བྱའོ། །དེ་ལྟར་དངོས་པོར་མ་གྲུབ་པ་སྟེ། ཀླུ་སྒྲུབ་ [255b.4]ཀྱིས་ཀྱང་། མི་རྟག་པ་ཡི་སེམས་ཀྱིས་ནི། །སྟོང་པ་ཉིད་དུ་མི་འགལ་ལོ། །ཞེས་གསུངས་སོ། །ཡི་གེའི་རང་བཞིན་བརྗོད་པ་མེད་ཅིང་ཐེ་ཚོམ་པ། །ཞེས་བྱ་བ་ནི་བརྗོད་པ་ལས་འདས་པའི་ཕྱིར་རོ། །དེ་ཡང་། བརྗོད་དུ་མེད་པའི་བདག་ཉིད་ཆོས། །མིང་དང་གཟུགས་ལྡན་ངོ་བོ་མེད། །ཅེས་གསུངས་ [255b.5]སོ། །ཐེ་ཚོམ་ནི་ཡོད་མེད་ལས་འདས་པས་མྱ་ངན་ལས་འདས་པའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་སྐུའི་བསྟོད་པ་ལས། གང་ཞིག་གཅིག་མིན་དུ་མ་མིན། །བདག་གཞན་ཕལ་ཆེར་བཀྲ་ཤིས་རྟེན། །ཞེས་བྱ་བ་ལ་སོགས་པའོ། །ཨ་ལ་སོགས་པའི་ངོ་བོ་མ་ཡིན་པས་སྒྲ་ཡིག་རྣམ་པར་སྤངས་ [255b.6]ཞེས་བྱའོ། །རང་གི་ཕྱི་ནང་གི་སྐྱེ་མཆེད་དོ། །འགྱུར་བ་མེད་པས་དེ་བཞིན་ཉིད་དོ། །དེའི་མིང་ནི་བྱང་ཆུབ་སེམས་ཞེས་བྱའོ། །གང་དུ་ཞེ་ན་འདིར་རོ། །ཅི་ཞེ་ན་གསུངས་སོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ལྷ་མོ་སྤྱན་མས་ཞུས་པའི་ལེའུ་དང་པོའི་རྣམ་པར་བཤད་པའོ།། །། [255b.7]ད་ནི་བྱང་ཆུབ་སེམས་ཀྱི་རིམ་པ་མཱ་མ་ཀཱིས་ཞུས་པ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་ལ་བྱའོ། །ལྷག་མ་ནི་གོ་སླའོ། །བྱང་ཆུབ་སེམས་ནི་ཆོས་ཀྱི་དབྱིངས་སོ། །དེའི་རིམ་པ་ནི་བྱང་ཆུབ་སེམས་ཀྱི་རིམ་པའོ། །གནས་དང་ཁ་དོག་གི་རིམ་པ་བསྐྱེད་པ་དང་མདོར་བསྡུས་པའི་རིམ་ [256a] [256a.1]པའོ། །ཁ་སྙིང་ལྟེ་བ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ཆ་ཤས་རྣམ་པ་དུ་ཞིག་གསུངས། །ཞེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་ཡན་ལག་གི་སྒོ་ནས་ཞུས་པའོ། །གནས་ཀྱི་རྣམ་པར་བསྒྱུར་བ་དུ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་གནས་ཞུས་པའོ། །ཁ་དོག་རྣམ་ [256a.2]པ་དུ་ཞིག་གསུངས། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་ཁ་དོག་གི་རིམ་པ་ཞུས་པའོ། །དེ་བཞིན་གདན་ཡང་ཇི་ལྟར་འཚལ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གདན་གྱི་རིམ་པ་ཞུས་པའོ། །ད་ནི་ལན་གསུངས་པ། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཆ་ཤས་རྣམ་པ་དུ་ [256a.3]ཞིག་གསུངས། །ཞེས་བྱ་བའི་ལན་གསུངས་པ། ཆ་ཤས་བཞི་དང་མཉམ་ལྡན་ཞིང་། །ཞེས་བྱ་བ་ནི་ཡི་གེ་ཀྵཱུཾ་དང་། ཨོཾ་དང་། ཧཱུཾ་དང་། ཨཱཿརྣམས་ནི་ཆ་ཤས་བཞི་དང་ལྡན་པའི་ཕྱིར་རོ། །གནས་ཀྱི་རྣམ་པར་བསྒྱུར་བ་དུ། །ཞེས་བྱ་བའི་ལན། པདྨ་བཞི་ལ་ཡང་དག་གནས། །ཞེས་བྱ་བ་སྟེ་ཁ་དང་ [256a.4]སྙིང་དང་ལྟེ་བ་དང་། གསང་བར་པདྨ་རེ་རེའོ། །ཁ་དོག་རྣམ་པ་དུ་ཞིག་གསུངས། །དེ་བཞིན་གདན་ཡང་ཇི་ལྟར་འཚལ། །ཞེས་ཞུས་པའི་ལན་གསུངས་པ། སྙིང་གའི་པདྨ་ལ་གནས་གནག །ཅེས་བྱ་བ་ལ་སོགས་པའོ། །དེ་ནི་ཨོཾ་ཁ་དོག་ནག་པོར་གནས་པ་ཡིན་པར་ཤེས་པར་བྱའོ། །ལ་ནི་པདྨ་ [256a.5]ལ་གནས་དཀར། །ཞེས་བྱ་བ་ནི་ཡི་གེ་ཀྵཱུཾ་དཀར་པོའོ། །ང་རོ་པདྨའི་ལྟེ་བར་གནས། །ཞེས་བྱ་བ་ནི་ཧཱུཾ་ཁ་དོག་དམར་པོའོ། །གསང་བའི་པདྨ་ངོར་མཐའ། །ཞེས་བྱ་བ་ནི་ཨ་ཁ་དོག་སེར་པོའོ། །དེ་ལྟ་བུའི་རིམ་པས། སྟོབས་ཀྱིས་མཐའ་རུ་འགྲོ་བྱེད་གནས། །ཞེས་བྱ་བ་ནི་ཆགས་པའི་དུས་སུ་འཇིག་ [256a.6]རྟེན་ཀུན་ལ་བསྐྱེད་པར་བྱས་ནས། འཇིག་པའི་དུས་སུ་ཡང་ཐིག་ལེ་ཆོས་ཀྱི་དབྱིངས་སུ་བྱས་ནས་སེམས་ཐིག་ལེའི་སྦྱོར་བས་རབ་ཏུ་གནས་ཞེས་བྱའོ། །དེ་ལ་དོན་གསལ་བར་གསུངས་པ། །སྣོམ་བྱེད་པ་དང་ཐོས་བྱེད་པ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྣོམ་བྱེད་ནི་སྣའི་རྣམ་པར་ཤེས་པ་ [256a.7]དྲི་ལ་སྤྱོད་པའོ། །ཕྱི་མ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དབང་པོའི་གོ་རིམས་འཁྲུལ་པར་སྣང་སྟེ། འདིར་ཡང་བཅོམ་ལྡན་འདས་ཀྱི་བཀའ་ལ་སྐུར་བ་གདབ་པར་མི་བྱ་སྟེ། རྒྱུད་དང་མདོག་གཞན་གྱི་རིམ་པ་བཞིན་དུ་ཤེས་པར་བྱའོ། །བདེ་བ་ནི་སིམ་པའོ། །དེ་ལས་བཟློག་པ་ནི་སྡུག་བསྔལ་ལོ། [256b] [256b.1]དེ་མྱོང་བ་ནི་ཚོར་བའོ། །དེ་ཡང་ཆོས་ཀྱིས་ཚོར་བར་བྱེད་པས་ཚོར་བྱེད་དོ། །གང་ལས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བྱེད་པ་ནི་ཤིང་ལ་སོགས་པའོ། །གཅོད་པ་ནི་སྟ་རེ་ལ་སོགས་པའོ། །དེ་ཁོ་ནས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱིས་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོ་ག་རྣམ་པ་མང་པོས་ཞེས་བྱ་ [256b.2]བ་ནི་དེ་ལས་གཞན་པ་འཇིག་རྟེན་གསུམ་གྱི་གཙུག་ལག་ཐམས་ཅད་དོ། །རྒྱལ་པོ་ལ་སོགས་པ་ཆོས་ཀྱི་དབྱིངས་ཏེ། རྒྱལ་པོས་དོན་ཡང་བྱེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་པོ་ནི་ཁམས་དང་འཁོར་ལོས་སྒྱུར་བའི་རྒྱལ་པོའོ། །དེ་ལ་འཁོར་ལོས་སྒྱུར་བ་ནི་གླིང་བཞི་པ་དང་། གསུམ་ [256b.3]པ་དང་། གཉིས་པ་དང་། གཅིག་ལ་དབང་བ་སྟེ། གསེར་དང་། དངུལ་དང་། ཟངས་དང་། ལྕགས་ཏེ། གོ་རིམས་བཞིན་དུ་སྦྱར་རོ། །གླིང་དེ་རྣམས་ནས་ཁམས་ཀྱི་རྒྱལ་པོ་འོངས་ནས་མངའ་དབུལ་བྱེད་དོ། །དེ་ལྟར་སྣང་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཡང་ཞེས་བྱ་བའི་སྒྲས་ [256b.4]ནི་དམག་དཔུང་བསྡུ་བའི་སྒྲའོ། །དབང་ཕྱུག་དོན་ཡང་དེ་བཞིན་ཏེ། །ཞེས་བྱ་བ་ནི་ཁྱིམ་བདག་ཤིང་སཱ་ལ་ལྟ་བུ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་སེམས་ཅན་ཕལ་པ་བསྡུའོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཁོ་ནར་ཤེས་པར་བྱ་སྟེ་ཆོས་ཀུན་ [256b.5]གཉིས་སུ་མེད་པར་གནས་པའི་ཕྱིར་རོ། །དེ་ཡང་གསང་ཆེན་ཐམས་ཅད་ཀྱི་རྒྱུད་ལས་གསུངས་པ། ཆོས་བདག་མེད་པ་ལས་བྱུང་བ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །ཆོས་ཉིད་དམ་པའི་ཡེ་ཤེས་ནི། །ཆོས་ཀྱི་དབྱིངས་ཞེས་བྱ་བའོ། །ཞེས་གསུངས་སོ། །བྲམ་ཟེ་ནི་བསྐལ་པ་དང་པོ་ [256b.6]ལ་དགོན་པར་བསྙགས་ཏེ་ཁྱིམ་སྤངས་པས་བྲམ་ཟེའི་ཕྱིར་རོ། །རྒྱལ་པོ་ནི་བསྐལ་པ་དང་པོ་ལ་རྐུན་མ་ལ་སོགས་པ་ལ་ཚར་གཅོད་ཅིང་བསྲུང་བར་བསྐོས་པའོ། །རྗེའུ་རིགས་ནི་བསྐལ་པ་དང་པོ་ལ་ཕྱུགས་ཀྱི་ལས་ལ་བརྟེན་པའི་ཕྱིར་རོ། །དམངས་རིགས་ནི་བསྐལ་པ་དང་པོ་ཞིང་ལ་བརྟེན་པའི་ཕྱིར་ [256b.7]རོ། །སྨད་པ་ནི་རིགས་ངན་པ་ལྔ་སྟེ་སོག་མིག་ཅན་དང་། ཉ་པ་དང་། གདོལ་པ་དང་། མདའ་མཁན་དང་། བཙོ་བླག་མཁན་དང་ལྔ་ནི་དང་པོར་སྨད་པའི་ལས་ལ་འཇུག་པའི་ཕྱིར་རོ། །དེ་རྣམས་དང་པོ་དེ་ལས་བརྒྱུད་པའི་ཕྱིར་རོ། །དེ་ཡང་རིགས་ནི་རྒྱུད་མར་བསྟན་པ་སྟེ་རྒྱུད་ནི་ཐོག་མ་ཞེས་ [257a] [257a.1]བྱའོ་ཞེས་གསུངས་སོ། །བུད་མེད་དུ་མ་སྤྲུལ་བྱེད་པ། །ཞེས་བྱ་བ་ནི་བསྐལ་པ་དང་པོ་ལ་འོད་གསལ་གྱི་ལྷ་ལས་བབས་པ་ཕོ་འབའ་ཞིག་ལས་མེད་པ་ལས། འདོད་ཆགས་ཀྱི་དབང་གིས་མོའི་གཟུགས་སུ་སྤྲུལ་པའོ། །དེ་དག་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་བྱ་བའི་ [257a.2]ཐ་ཚིག་གོ། །དུད་འགྲོ་ཡི་དྭགས་སྐྱེ་བ་དང་། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །གཟུགས་མེད་པའི་ཁམས་ནི་གཟུགས་མེད་ཅེས་བྱའོ། །འདི་ལ་གཟུགས་ཡོད་པས་གཟུགས་ཅན་ཞེས་བྱའོ། །རྣམས་ཀྱི་སྒྲས་ནི་ཁམས་བཅུ་བདུན་སྟོན་པར་བྱེད་དོ། །སྐྱེ་མཆེད་བཞིར་སྐྱེས་པའི་སེམས་ཅན་ནི་ [257a.3]གཟུགས་མེད་དེ། །གང་ལ་གཟུགས་རྣམས་མེད་པ་ནི་གཟུགས་མེད་དེ་རྣམས་ཞེས་བྱ་བ་འདིར་ཡང་སྦྱར་རོ། །འདོད་ཆགས་ལ་སོགས་པའི་སྤྱོད་པའི་སེམས་ཅན་ནི་འདོད་པའི་སྲེད་པ་སྟེ། གང་འདོད་པ་ལ་ཆགས་པ་གང་ལ་ཡོད་པ་དེ་ནི་དེ་སྐད་ཅེས་བྱའོ། །རྣམས་ཞེས་བྱ་བའི་སྒྲ་ནི་གནས་རིགས་ཉི་ [257a.4]ཤུ་ལ་བསྙེགས་སོ། །ས་ལ་སོགས་པ་ལས་འབྱུང་བ་ཐམས་ཅད་ཅེས་གསུངས་སོ། །དེ་དག་ཀྱང་ཆོས་ཀྱི་དབྱིངས་ལས་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཁོ་ན་ནི་ཆོས་ཀྱི་དབྱིངས་སོ། །དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གྱུར་པ་ནི། དེ་ཁོ་ན་ཉིད་རྫུ་འཕྲུལ་གནས། ། [257a.5]ཞེས་བྱའོ། །དེ་ཡང་གཅིག་ལས་དུ་མར་གྱུར་པའི་ཕྱིར་རོ། །ནུ་མ་དང་། སྐད་ཕྲ་མོ་དང་། མོའི་དབང་པོས་མཚན་པ་ནི་མོའི་གཟུགས་སོ། །ང་རོ་དང་སྐད་དང་ཁ་སྤུ་དང་ཕོའི་དབང་པོས་མཚན་པ་ནི་ཕོའི་གཟུགས་སོ། །དེ་གཉིས་ཀྱིས་འཁྲིག་པའི་འདོད་ཆགས་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ [257a.6]པས། བདེ་བ་ཆེན་པོའི་གོ་འཕང་ནས། །ཞེས་གསུངས་སོ། །དེ་ལྟར་ནི་གོང་དུ་བསྟན་པའོ། །མི་འགྱུར་བས་དེ་བཞིན་ཉིད་དོ། །དེ་རྟོགས་པ་ནི་ཤེས་རབ་བོ། །དེ་ལས་དམ་པའི་ཡིག་འབྲུ་མྱ་ངན་ལས་འདས་པའི་ངོ་བོ་ཀྵ་ཨོཾ་ཧཱུཾ་ཨཱཿདེ་ལྟ་བུ་ཤེས་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི། དེས་ནི་ [257a.7]གསང་ཆེན་ཞེས་པ་སྟེ། །ཞེས་གསུངས་ཏེ་དོན་ནི་བཤད་ཟིན་ཏོ། །དེའི་ཁྱད་པར་གསུངས་པ། གང་དེ་བདག་ཉིད་ཀུན་གནས་པ། །ཞེས་བྱ་བ་ནི་སྣོད་བཅུད་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །གོང་དུ་ཡིག་འབྲུ་བསྟན་པའི་ཡིག་འབྲུའི་ཁ་དོག་གི་འཕྲོ་བསྟན་པ། ཁ་དོག་མེད་ཅིང་དམར་བ་ [257b] [257b.1]དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཁ་དོག་མེད་པས་ནག་པོ་དཀར་པོ་ལ་སོགས་པ་མེད་པའི་ཕྱིར་རོ། །ཁ་དོག་དམར་པོ་ལ་སོགས་པ་ནི་གོ་སླའོ། །ཡིག་འབྲུའི་ཚད་ཙ་ན་ཀའི་ཚད་ཙམ་ཐིག་ལེའི་དབུས་སུ་གནས་པ་ལས། ཐིག་ལེའི་གཟུགས་སུ་བསྒྱུར་བ་དེ། །ཞེས་བྱའོ། ། [257b.2]དེ་སྤྲོ་བ་དང་བསྡུ་བར་བྱ་བ་ནི། འགྲོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །པདྨ་བཞི་ལས་ཕྱིར་སྤྲོ་བ་དང་། ནང་དུ་བསྡུ་བའོ། །གཤེགས་དང་བྱོན་པ་ཙམ་མཛད་དམ་ཞེ་ན་སྨྲས་པ་གང་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཆོས་ཀྱི་དབྱིངས་དེར་རིག་པ་རྫུ་འཕྲུལ་ཆེ་སྟེ་གཅིག་ལས་དུ་ [257b.3]མ་མེད་པའི་ཕྱིར་རོ། །མཐའ་ཡས་པ་དེ་ཉིད་སྣ་ཚོགས་སོ་ཞེས་དེ་སྐད་ཅེས་བྱའོ། །གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་གྱི་དོན་མཛད་པའོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་དང་། འཇུག་པའི་དོན་བསྡུ་བའི་དོན་གསལ་བར་གསུངས་པ། སྐྱེ་དང་ཞེས་བྱ་བ་ལ་སོགས་པའོ། ། [257b.4]སེམས་ཅན་གྱི་ལས་ཀྱི་དབང་གིས་བསྐལ་པ་འཇིག་ཆགས་བྱུང་བའི་ཚེ་ཡང་། བྱང་ཆུབ་ཀྱི་སེམས་ཡིག་འབྲུའི་ངོ་བོ་ཅན་དེའི་ཐིག་ལེའི་གཟུགས་སུ་བསྡུས་ནས་གནས་སོ་ཞེས་ཤེས་པར་བྱའོ། །བྱང་ཆུབ་སེམས་དེའི་སྐྱོན་དང་ཡོན་ཏན་བསྟན་པ། གང་གིས་ཞེས་བྱ་བ་ལ་སོགས་པ་ནི། རྣལ་འབྱོར་ [257b.5]པ་གང་གིས་ཉོན་མོངས་པའི་གཉེན་པོ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དེ་སྙེད་དོ། །དེ་གཅིག་དང་གཉིས་སུ་བརྩིས་པ་སྟོང་ཕྲག་བརྒྱ་ལ་འབུམ་ཕྲག་གཅིག་གོ། །ཐ་སྙད་ཀྱི་དོན་དེ་ཙམ་ཤེས་མོད་ཀྱི། རྣལ་འབྱོར་པ་མཁས་པ་དེས་ཀྱང་དེ་ཁོ་ནའི་དོན་མི་ཤེས་ན་ཆོས་ཀྱི་ཕུང་པོ་དེ་དག་ལ་མཁས་པ་ [257b.6]མྱ་ངན་ལས་འདས་པའི་འབྲས་བུ་མེད་ཅེས་བྱའོ། །དེ་ནི་གོང་དུ་ཆ་ཤས་ཀྱི་ཡིག་རྩིས་བསྟན་པའི་འཕྲོ། །བཅུ་གཉིས་ལྔ་ཡི་ལྔ་པ་ཡང་། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྒྲ་ཡིག་ཨཱཿལ་སོགས་པ་མ་ནིང་མ་གཏོགས་པ་བཅུ་གཉིས་ཀྱི་མཐའ་མ་ནི་ཨཱཿའོ། །ལྔ་པའི་ཞེས་བྱ་བ་ནི་ལྔ་པ་ [257b.7]སྟེ་ཀ་སྡེ་ལས་བརྩིས་པའི་ལྔ་པ་ནི་པའི་སྡེའོ། །དེའི་ལྔ་པ་ནི་པ་ནས་བརྩིས་པའི་ཡི་གེ་མའོ། །དེས་ཨོའི་ཀླད་ཀོར་དུ་བྱས་མ་ཐག་ཏུ་ཨོཾ་དུ་འགྱུར་རོ། །བརྒྱད་ཀྱི་མཐའ་ཞེས་པ་ནི། ཡ་ནས་བརྩིས་པའི་ཡི་གེ་ཧའོ། །འབྱུང་བ་བསྡུས་ཞེས་བྱ་བ་ནི་འབྱུང་བ་བཞིས་བསྐོར་བའི་ཡི་གེ་དྷིའོ། །སྒྲ་ཡིག་ [258a] [258a.1]དང་པོ་ཡི་གེ་ཨའོ། །དེ་ནི་གོ་སླའོ། །ལྔ་པ་ཡིས་ནི་ཡང་དག་བརྒྱན། །ཞེས་བྱ་བ་ནི་ལྔ་པ་ནི་མའོ། །དེས་ཨ་ལ་ཀླད་ཀོར་དུ་བརྒྱན་པ་ནི་ཨོཾ་ལ་བྱའོ། །སྙིང་རྗེ་ཆེན་པོ་ལས་བྱུང་བ། །ཞེས་བྱ་བ་ནི་ཀའོ། །དེ་ནི་མན་ངག་ཏུ་བྱ་བའི་ཚིག་གོ། །དྲུག་པ་ནི་ཡ་ནས་བརྩིས་པའི་ [258a.2]ཥའོ། །ཡི་གེ་ཐུགས་རྗེས་བརྟགས་པ་ནི་ཀྵའོ། །ཁ་མར་བལྟ་ཞེས་བྱ་བ་ནི་ཁའི་པདྨར་མགོ་བོ་མར་བལྟ་བར་བྱའོ། །དེའི་ཁྱད་པར་གསུངས་པ། གདོད་མ་ཐ་མ་མེད་པའི་ལྷ། །ཞེས་གསུངས་སོ། །དེ་ལ་གདོད་མ་ནི་སྐྱེ་བའོ། །ཐ་མ་ནི་འཇིག་པའོ། །དེ་དང་བྲལ་བ་མ་ཡིན་པས་དེ་ [258a.3]སྐད་ཅེས་བྱའོ། །དེ་ཡང་བྱེད་པ་པོས་མ་བྱས་ཏེ། བྱང་ཆུབ་ཀྱི་སེམས་ནམ་མཁའ་དང་འདྲ་བར་རིག་པར་བྱའོ། །དེ་ཡང་། ནམ་མཁའ་ལས་བྱུང་མཚན་མའི་ཕྱིར། །གདོད་མ་ཐ་མ་མེད་པའི་མཆོག །ཅེས་གསུངས་སོ། །ལྷ་ཞེས་བྱ་བ་ནི་ཡིག་འབྲུ་འོད་དང་ལྡན་པ་དང་། རྡོ་རྗེ་སེམས་ [258a.4]དཔའི་རང་བཞིན་ཡིན་པའི་ཕྱིར་རོ། །དེར་ནི་སྤྱི་བོར་བསྟན་པ་ཡིན། །ཞེས་བྱ་བ་ནི་ཡི་གེ་ཀྵ་གོང་དུ་གཞག་པའི་ཐ་ཚིག་གོ། །ཡིག་འབྲུ་དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་གསང་ཆེན་ནོ། །ཡིག་འབྲུ་དེ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་ཡིན་པས་དམ་པའོ། །ལྷ་མོ་ནི་བོད་པའི་ [258a.5]ཚིག་གོ། །བདག་གིས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །རབ་བསྟན་ནོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རིམ་པ་བཤད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས། ལྷ་མོ་མཱ་མ་ཀཱིས་ཞུས་པའི་ལེའུ་གཉིས་པའི་བཤད་པའོ།། །།ད་ནི་ཆོས་ཀྱི་དབྱིངས་བྱང་ཆུབ་ [258a.6]ཀྱི་སེམས་སུ་བསྡུ་བ་ལྷ་མོ་ན་བཟའ་དཀར་མོས་ཞུས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ནི་འདས་མ་ཐག་པའོ། །འདི་ལ་ན་བཟའ་དཀར་མོའོ། །ཡན་ལག་ཀུན་གྱིས་བཏུད་ནས་སུ། །ཞེས་བྱ་བ་ནི་ཤིན་ཏུ་ཡང་བཀུར་བའི་ཕྱིར་རོ། །ཐལ་མོ་ཞེས་བྱ་བ་ལ་སོགས་པ་ནི་ [258a.7]གོ་སླའོ། །རྡོ་རྗེ་སེམས་དཔའ་ལ་གསོལ་བ། །ཞེས་བྱ་བ་ནི་ཞུ་བའི་རིམ་པ་ཞུས་པའོ། །ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །བསྡུ་བའི་དོན་ནི་གཅིག་ཏུ་གྱུར་པའི་དོན་ཞུས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཞེས་པ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞུས་པའོ། །རང་བཞིན་ཉིད་ནི་ཇི་ [258b] [258b.1]ལྟར་ལགས། །ཞེས་བྱ་བ་ནི། ཐབས་དང་ཤེས་རབ་བསྡུ་བ་ཞུས་པའོ། །ལྷའི་དབང་ཕྱུག་ནི་རྡོ་རྗེ་སེམས་དཔའོ། །བོད་པའི་སྒོ་ནས་གསོལ་བ་གདབ་པ་ནི་ཁྱོད་ལ་སྟེ། སེམས་ཅན་གྱི་ཆེད་དུ་ཞེས་བྱ་བའི་དོན་ཏོ། །གང་གིས་འོད་ཀྱི་གོང་བུ་ཞེས་བྱ་བ་ནི་བདུད་རྩིའི་ངོ་བོ་བསྡུ་བའི་སྒོ་ནས་ཞུས་པའོ། ། [258b.2]རྡོ་རྗེ་སེམས་དཔའ་ཇི་ལྟར་ལགས། །ཞེས་བྱ་བ་ནི། འོད་ཀྱི་གོང་བུ་དེ་རྡོ་རྗེ་སེམས་དཔར་བསྡུ་བ་ཞུས་པའོ། །གསུངས་ཤིག་དེ་ནི་ཡིག་འབྲུའི་ཚོགས། །འདུས་པ་ཇི་ལྟར་འབྱུང་བ་ལགས། །ཞེས་བྱ་བ་ནི། སྔགས་བསྡུ་བའི་སྒོ་ནས་ཞུས་པའོ། །ཆུའི་ཁམས་ལ་སོགས་པ་ཡི། །ཇི་ [258b.3]ལྟར་རོ་ནི་མཉམ་པར་འགྱུར། །ཞེས་བྱ་བ་ནི་སེམས་ཅན་གྱི་ཕུང་པོ་ལ་སོགས་པའི་བསྡུ་བ་ཞུས་པའོ། །དེ་ཁོ་ན་རྒྱས་པར་ཞུས་པ་ནི། མ་ལས་སྐྱེ་བ་གསུམ་ཙམ་དང་། །དེ་བཞིན་ཕ་ལས་སྐྱེ་བ་གསུམ། །དེ་དག་དྲུག་ཚོགས་གོང་བུ་ལས། །ཇི་ལྟར་མི་རྣམས་སྐྱེ་བ་ལགས། །ཞེས་བྱ་བ་ [258b.4]ནི་འཇིག་རྟེན་པའི་ཕུང་པོ་གོང་བུའི་སྒོ་ནས་བསྡུ་བར་ཞུས་པའོ། །སངས་རྒྱས་གཟུགས་ནི་བདག་མི་འཚལ། །ཞེས་བྱ་བ་ནི་ཕུང་པོའི་སྒོ་ནས་བསྡུ་བར་ཞུས་པའོ། །ལྷག་མས་ནི་ཞུས་པའི་མཇུག་སྡུད་དོ། །ད་ནི་ལན་གསུངས་པ། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ [258b.5]ཟིན་ཏོ། །དེ་ལ་རེ་ཞིག །ཆོས་ཀྱི་དབྱིངས་ནི་བསྡུ་བ་དང་། །ཞེས་པའི་ལན་གསུངས་པ་ལ་སོགས་པའོ། །དེ་ལ་གསང་བ་ནི་གསང་བའི་རྡོ་རྗེའོ། །ཤིན་ཏུ་གསང་བར་གྱུར་པ་ནི་གསང་བའི་པདྨའོ། །དེ་ཡང་གསང་བ་ནོར་བུ་ཐིག་ལེ་ཞེས་བྱ་བའི་རྒྱུད་ལས། རྡོ་རྗེ་དེ་ནི་གསང་བ་སྟེ། །དེ་ལས་པདྨ་ [258b.6]ཤིན་ཏུ་གསང་། །ཞེས་གསུངས་སོ། །ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཤིན་ཏུ་གསང་བའི་དོན་གསལ་བར་གསུངས་པ། སྐྱེ་གནས་དབུས་སུ་རྩ་གཉིས་ནི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྐྱེ་གནས་ནི་གསང་བའི་པདྨའོ། །དེའི་དཀྱིལ་ནི་དབུས་སོ། །དེའི་བྱ་ལྕེའི་རྩ་ [258b.7]གཡས་གཡོན་གྱི་རྩ་གཉིས་སོ། །རྩ་གཡས་གཡོན་དེ་ལ་ནི། གཡོན་དང་དེ་བཞིན་གཡས་པར་ཞེས་བྱ་བའོ། །དེ་ཡང་གསལ་བར་གསུངས་པ། གཡོན་དུ་བྱང་ཆུབ་སེམས་ཞེས་པ་ནི། གཡོན་པའི་རྩ་ལ་ནི་ལྷག་པའི་བྱང་ཆུབ་ཀྱི་སེམས་འབབ་པོ་ཞེས་བྱའོ། །གཡས་སུ་དེ་བཞིན་རཀྟའོ། ། [259a] [259a.1]ཞེས་བྱ་བ་ནི། གཡས་པའི་རྩ་ལ་ནི་རཀྟ་འབབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉིས་ཕྲད་ནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་རོལ་པའི་དུས་སུ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དུས་སུ་ཆུ་དང་འོ་མ་ལྟར་འདྲེས་ཞེས་བྱ་བའི་དོན་ཏོ། །དེ་ལ། ཀྱེ་ལྷ་མོ་ཆོས་ཀྱི་དབྱིངས་ནི་འདུས་པ་ [259a.2]ཡིན། །ཞེས་གསུངས་སོ། །དེ་གཉིས་འདུས་པ་ལ་དེ་སྐད་ཅེས་བྱའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །རང་བཞིན་ཉིད་ནི་ཇི་ལྟར་ལགས། །ཞེས་པའི་ལན་གསུངས་པ། མུན་པ་སྐུ་སྟེ་རྡུལ་གསུང་གཟུགས། །ཞེས་བྱ་བ་ནི་དེ་ལ་མ་རིག་པ་ནི་མུན་པ་སྟེ་དེའི་རང་བཞིན་གནས་གྱུར་པ་ནི་སྐུ་སྟེ་ [259a.3]སྐུའི་རྡོ་རྗེའི་རང་བཞིན་དུ་ཤེས་པར་བྱའོ། །རྡུལ་དེ་ནི་འདོད་ཆགས་ཏེ་དེ་གནས་གྱུར་པ་ནི་གསུང་གི་རྡོ་རྗེ་ཞེས་བྱའོ། །གཟུགས་ནི་གསལ་བ་སྤངས་པ་སྟེ་དེ་ནི་སེམས་ཏེ་དེ་གནས་གྱུར་པ་ནི་ཐུགས་ཀྱི་རྡོ་རྗེ་ཞེས་བྱའོ། །དེ་ཡང་སྙིང་སྟོབས་ཏེ་ཐུགས་རྡོ་རྗེའོ། །འདི་སྐད་དུ་རྡུལ་དང་མུན་པ་དང་། སྙིང་ [259a.4]སྟོབས་གསུམ་སྐུ་གསུང་ཐུགས་སོ། །དེ་གསལ་བར་གསུངས་པ། རྡུལ་ནི་རཀྟ་བྱང་ཆུབ་སེམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྡུལ་ནི་རཀྟ་སྟེ་མུ་སྟེགས་པས་རྡུལ་ཞེས་བརྟགས་ཏེ་རས་ལ་རྡུལ་ཆགས་པ་བཞིན་དུ་ཆགས་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་ལ་ནི་ [259a.5]མུན་པ་ཞེས་བརྟགས་ཏེ་དེ་ནི་གཏི་མུག་ཆེན་པོའོ། །རང་བཞིན་བསྐྱེད་པ་ཡིན་ཞེས་བྱ་བ་ནི། རྒྱུ་འབྲས་ལ་ཞེ་སྡང་གི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་སེམས་ཅན་སྐྱེ་བའི་ངོ་བོར་གྱུར་པ་ལ། མུ་སྟེགས་པས་སྙིང་སྟོབས་ཞེས་བརྟགས་ཏེ་གསུམ་འདུས་ནས་སྐྱེ་བའི་ཕྱིར་རོ། །དེ་སྐུ་གསུང་ཐུགས་ [259a.6]སུ་ཇི་ལྟར་གཅིག་ཅེ་ན་རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཐབས་དང་ཤེས་རབ་ཀྱི་ངོ་བོ་གསང་བའི་རྡོ་རྗེ་དང་པདྨ་བདེ་བ་ཆེན་པོ་དེ་ལས་ལོགས་ཤིག་ན་སྐུ་གསུང་ཐུགས་མེད་པའི་ཕྱིར་རོ། །གོང་གི་འོད་ཀྱིས་གོང་བུར་བསྡུས། །ཞེས་པའི་ལན། དྲི་ཆེན་དྲི་ཆུ་དང་ཞེས་བྱ་བ་ལ་སོགས་པ་སྟེ། [259a.7]དྲི་ཆེན་ནི་བཤང་གཅིའོ། །དྲི་ཆུ་ནི་གསང་བའི་རྡོ་རྗེའི་ཆུའོ། །ཤེལ་ནི་ལུས་ཀྱི་སྣ་ལས་བྱུང་བའི་ཕྱིར་ཏེ་ཤེལ་དང་མཐུན་པའི་ཕྱིར་རོ། །མེ་ཏོག་ནི་པདྨའི་རཀྟ་སྟེ་འབྲས་བུ་ལ་ཉེ་བའི་ཕྱིར་རོ། །དེ་བཞིན་ལྔ་པ་བྱང་ཆུབ་སེམས། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ཁུ་བ་སྟེ། བྱང་ཆུབ་སེམས་དང་འདྲ་སྟེ་བདེ་བ་སྐྱེད་ [259b] [259b.1]པའི་ཕྱིར་རོ། །འཁོར་བའི་བདུད་འཇོམས་པས་ན་ལྔ་ཁོ་ནའོ། །དེ་ཡང་། དྲི་ཆེན་དང་དྲི་ཆུས་ནི། ལུས་ཀྱི་རིམས་ལ་སོགས་པ་འཇོམས་པའི་ཕྱིར་རོ། །ཤེལ་གྱིས་ནི་ནད་མེད་པ་འཕེལ་བར་བྱེད་དོ། །མེ་ཏོག་གིས་ནི་སྐུ་གསུང་ཐུགས་འགྲུབ་པར་བྱེད་དོ། །བྱང་ཆུབ་སེམས་ཀྱིས་ཡེ་ཤེས་འགྲུབ་པར་ [259b.2]བྱེད་དོ། །འདི་ནི་འཇིག་རྟེན་ལས་འདས་པའི་འཕགས་པའོ། །རྫས་འདི་དག་ནི་བདུད་རྩི་འབྱུང་བའི་རྒྱུད་ལས། ཡེ་ཤེས་ཞེས་བྱ་བསྒྲུབ་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་ལྔ་དང་དབྱེར་མེད་པའི་འོད་ཀྱི་གོང་བུར་བསྡུས་པ་ནི་བདུད་རྩི་ལྔ་ཞེས་བྱ་སྟེ་གོང་བུ་དང་བདུད་རྩི་ལྔ་ [259b.3]ཐ་མི་དད་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཇི་ལྟར་ལགས། །ཞེས་བྱ་བའི་ལན་གསུངས་པ། དེ་ལ་རྡོ་རྗེ་འདི་གསུངས་སོ། །ཞེས་བྱ་སྟེ་འོད་ཀྱི་གོང་བུ་ལས་རྡོ་རྗེ་སེམས་དཔའ་གྲུབ་པར་རྒྱུད་འདི་ལས་གསུངས་སོ། །མངོན་པར་རྟོགས་པ་ལྔའི་རང་བཞིན་ཡེ་ཤེས་ལྔ་དང་རིགས་ལྔ་དང་། བདུད་རྩི་ལྔ་ [259b.4]དབྱེར་མེད་པ་འོད་ཀྱི་གོང་བུ་རྡོ་རྗེ་སེམས་དཔའ་ཡིན་པའི་ཕྱིར་རོ། །གསུངས་ཤིག་དེ་ཉིད་ཡིག་འབྲུའི་ཚོགས། །ཞེས་བྱ་བའི་ལན་གསུངས་པ། ཆ་ཤས་གཉིས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཆ་ཤས་གཉིས་པ་དང་ལྡན་པ་ཞེས་བྱ་བ་ནི་ཀྵ་སྟེ། ཀ་དང་ཥ་ལ་སོགས་པ་ཡིན་པའི་ཕྱིར་ [259b.5]རོ། །དེ་ཉིད་གསལ་བར་གསུངས་པ། དེ་བཞིན་དགུ་པ་ཡང་ཡིན་ནོ། །ཞེས་གསུངས་སོ། །ཡའི་སྡེ་ཚན་ལ་སོགས་པ་དགུ་ནི་ཡི་གེ་ཀྵ་ཁོ་ནའོ། །དེ་འདི་སྐད་དུ་བསྟན་ཏེ། ཀྵ་དེ་ལ་མ་དང་ར་དང་ཡ་བཏགས་ནས་ཞབས་སྐྱེད་རིང་པོར་བྱས་ཏེ། ཟླ་བ་ཙམ་དང་ཐིག་ལེ་བརྩེགས་པའི་ཡིག་འབྲུ་ [259b.6]ནི་ཀྵྨྲྱཱུཾ་དེ་ནི་མན་ངག་གོ། །དེ་ཡང་གསལ་བར་གསུངས་པ། དེ་སྐད་གསུངས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སུམ་ཅུ་ཞེས་བྱ་བ་ནི་མ་ནིང་གི་ཡི་གེ་མ་བརྩིས་པའི་ཨ་ལ་སོགས་པ་ནས་ཧའི་བར་དུའོ། །བཅུ་དང་ཞེས་བྱ་བ་ནི་དྷ་ནས་རའི་བར་དུའོ། །དེ་བཞིན་ལྔ་པ་ཞེས་བྱ་བ་ནི་ལ་ནས་ཧའི་ [259b.7]བར་དུའོ། །ས་བོན་ཞེས་བྱ་བ་ནི་ཧ་དེའི་མགོ་ལ་ཡི་གེ་ཀྵའོ། །ཆ་ཤས་གཉིས་པ་ནི་ཀྵའོ། །ལྔའི་ནི་ཞེས་བྱ་བ་ཀྵ་ལ་མ་དང་ར་དང་ཐིག་ལེ་བྱས་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡི་གེའི་བསྡུ་བ་གསུངས་པ་ཡིན་ནོ། །འདུས་པ་ཇི་ལྟར་འགྱུར་བ་ལགས། །ཞེས་པའི་ལན། ཡིག་འབྲུ་བྷྲཱུཾ་དང་ཆོས་ [260a] [260a.1]དབྱིངས་ཀྱང་། །ཞེས་བྱ་བ་ནི། བྷྲཱུཾ་ནི་གོ་སླའོ། །ཆོས་ཀྱི་དབྱིངས་ཀྱང་ཞེས་བྱ་བ་ནི་ཡི་གེ་ཀྵའོ། །སྐྱེ་གནས་པདྨ་ནི་གསང་བའི་པདྨོའོ། །ལ་གནས་ཞེས་བྱ་བ་ནི་གསང་བའི་པདྨར་ཡི་གེ་རྣམས་བཀོད་པའོ། །དེ་མི་འགྱུར་བས་དེ་ཉིད་ཅེས་བྱའོ། །ཀྵྨྲྱཱུཾ་ཀྵྨྲྱཱུཾ་ཀྵྨྲྱཱུཾ་དེ་ཉིད་ [260a.2]ས་བོན་ཞེས་བྱ་སྟེ། སྐྱེ་བ་རྣམས་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །སྭཱ་ཧཱའི་མཐའ་ནི་སྔགས་ཀྱི་མཐའ་ན་སྭཱ་ཧཱ་ཡོད་པའི་ཕྱིར་རོ། །འདི་ལྟ་སྟེ་བྷྲཱུཾ་ཀྵུཾ་སྭཱ་ཧཱ། འདུས་པ་ལས་ནི་ཤེས་པ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ཀྱི་ཡི་གེ་འབྲུ་དེ་ལྟ་བུ་དེ་འདུས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆུ་ [260a.3]ཁམས་ཞེས་བྱ་བ་ནས། ཇི་ལྟར་མི་རྣམས་སྐྱེ་བ་ལགས། །ཞེས་བྱ་བའི་བར་གྱི་ལན། ཆུ་ཁམས་ཕ་ལས་སྐྱེས་ཞེས་བྱ་བ་ལ་སོགས་པའོ། །ཆུ་ཁམས་འབའ་ཞིག་ཕ་ལས་སྐྱེས་པའོ། །མེའི་ཁམས་འབའ་ཞིག་མ་ལས་སྐྱེས་པའོ། །ས་དང་། རླུང་དང་། རྣམ་པར་ཤེས་པ་དང་། [260a.4]ནམ་མཁའི་ཁམས་ནི་དོན་གྱིས་ན་གཉི་ག་ལས་སྐྱེས་པར་ཤེས་པར་བྱའོ། །དེ་ཡང་དཔེར་ན་ལག་བཟངས་ཀྱི་བུ་ཞེས་བྱ་བ་ལྟ་བུའོ། །དེ་ཡང་ནམ་མཁའི་ཁམས་ནི་བུ་ག་དགུའོ། །རྣམ་པར་ཤེས་པའི་ཁམས་ནི་ཟག་པ་དང་བཅས་པའི་ཁམས་སོ། །ཤ་དང་ཁྲག་གང་ལས་ཤེ་ན། ཤ་དང་ཁྲག་དང་ [260a.5]པགས་པ་དང་། །དེ་ཡང་མ་ལས་སྐྱེས་ཞེས་བཤད། །ཅེས་བྱའོ། །ཚིལ་དང་རྐང་དང་ཁུ་བ་གོང་ལས་སྐྱེས་ཤེ་ན། ཚིལ་དང་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པར་བཤད་པ་ཡིན། །ཞེས་བྱའོ། །གཉིས་ལས་སྐྱེས་པ་ཇི་ལྟ་བུ་ཞེ་ན། གོང་བུར་ཡང་དག་འདུས་པ་ནི། །དེ་དག་ [260a.6]ཙམ་དུ་བཤད་པ་ཡིན། །ཞེས་བྱའོ། །སངས་རྒྱས་གཟུགས་ནི་བདག་མི་འཚལ། །ཞེས་བྱ་བའི་ལན། གཟུགས་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གཟུགས་ནི་གླེན་པའི་ངོ་བོ་སྟེ། དེ་རྣམ་པར་དག་པ་ནི་གཉིས་སུ་མེད་པའི་ངོ་བོ་སྟེ་གཏི་མུག་ཆེན་པོའོ། །ཚོར་བའི་ཕུང་པོ་དང་། [260a.7]འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། མེ་ལོང་ལྟ་བུའོ། །དེ་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། གཟུགས་ནི་གཏི་མུག་ཏུ་བསྟན་པའོ་ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །དེའི་ཕྱིར་ [260b] [260b.1]དངོས་པོ་ལྔ་ཡི་གཟུགས། །ཕུང་པོ་ལྔ་ཞེས་བྱ་བར་བཤད། །ཅེས་གསུངས་སོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས། ལེའུ་གསུམ་པ་གོས་དཀར་མོས་ཞུས་པའི་བཤད་པའོ།། །།ད་ནི་བྱང་ཆུབ་སེམས་ཀྱི་སྒྲུབ་པའི་ཐབས་ལྷ་མོ་སྒྲོལ་མས་ཞུས་པ། དེ་ནས་ [260b.2]ཞེས་བྱ་བ་ལ་སོགས་པའོ། །བཞད་པ་ནི་མི་འགྱུར་བ་དང་ངོ་། །ད་ནི་མཉེས་པར་བྱེད་པའི་མཚན་མའོ། །བཞད་པ་མཆོད་པ་ཡིན་པར་ནི་འཕགས་པ་རྡོ་རྗེ་གདན་བཞི་པའི་མཆོད་པ་ཉི་ཤུ་ལས་གསལ་བར་བསྟན་ཏོ། །ལྷ་མོ་ཡང་ཡིན་ལ་སྒྲོལ་མ་ཡང་ཡིན་ཏེ་སེམས་ཅན་འཁོར་བའི་ [260b.3]རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་མའོ། །ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ནི་གང་གིས་སྒྲུབ་པར་བྱེད་པ་དེ་ནི་སྒྲུབ་པ་སྟེ་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །གསུངས་ཤིག་རྡོ་རྗེ་ཅན་ཆེན་པོ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པའི་སྒོ་ནས་ཞུས་པའོ། །རྫས་ [260b.4]སྒྲུབ་པ་ཡང་བཀའ་སྩལ་འཚལ། །ཞེས་བྱ་བ་ནི། སྨན་བསྒྲུབ་པའི་སྒོ་ནས་ཞུས་པའོ། །དེ་བཞིན་རིག་པའི་སྔགས་རྣམས་ཀྱང་། །ཞེས་བྱ་བ་ནི་ལས་བཞིའི་སྒོ་ནས་ཞུས་པའོ། །དཀྱིལ་འཁོར་དེ་ནི་བརྟགས་པ་དང་། །ཞེས་བྱ་བ་ནི། དཀྱིལ་འཁོར་ [260b.5]སྒྲུབ་པ་ཞུས་པའོ། །སྦྱིན་སྲེག་སོ་སོ་བྱ་བ་དང་། །ཞེས་བྱ་བ་ནི་སྦྱིན་སྲེག་གི་སྒོ་ནས་ཞུས་པའོ། །དེ་བཞིན་མཆོད་པའི་ཆོ་ག་ཡང་། །ཞེས་བྱ་བ་ནི་མཆོད་ནས་སྒྲུབ་པ་ཞུས་པའོ། །དེའི་ལན་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་དབྱིངས་བསྒྲུབ་པའི་ལན། ཆོས་ཀྱི་ [260b.6]དབྱིངས་ནི་སྒྲུབ་པ་ནི། །ཞེས་པ་ལ་སོགས་པའོ། །གཟུགས་སྒྲ་ཞེས་བྱ་བ་ནི་མདོར་ན་ཆོས་ཀྱི་དབྱིངས་སུ་ཤེས་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཁོ་ན་སྟེ་དེ་ལྔ་ནི་རྡོ་རྗེ་སེམས་དཔའ་དང་མཉམ་མོ། །ཞེས་གསུངས་ [260b.7]སོ། །དེ་དག་ཉིད་ལས་བྱུང་བ་ནི། །ཁམས་ལ་སོགས་པ་དེ་ལས་སྐྱེས་པའི་ཕྱིར་རོ། །བྱང་ཆུབ་སེམས་ཞེས་བཤད་པར་བྱ་བ་སྟེ་ལྷག་པའི་བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་སེམས་ལས་གོང་བུ་སྐྱེ། །ཞེས་བྱ་བ་ནི་དེ་ལས་ས་ལ་སོགས་པའི་གོང་བུ་སྐྱེའོ། །གོང་བུ་ལས་ཀྱང་ཡིད་བསྐྱེད་ [261a] [261a.1]དོ། །ཞེས་བྱའོ། །གོང་བུ་ལས་རྣམ་པར་ཤེས་པའི་ཁམས་སྐྱེ་སྟེ། རྣམ་པར་ཤེས་པ་རྫས་དང་དབྱེར་མེད་པའི་ཕྱིར་རྣམ་པར་ཤེས་པའི་ཁམས་སུ་ཤེས་པར་བྱའོ། །ཡིད་ལས་ནམ་མཁའི་ཁམས་ཀྱང་ནི། །ཞེས་བྱ་བ་ནི་ཡིད་དེ་ལས་ནམ་མཁའི་ཁམས་ [261a.2]སྒོ་དགུའི་བུ་ག་ནམ་མཁའི་ཁམས་སུ་གྱུར་པའོ། །དེ་ལས་ཁམས་ལ་སོགས་པ་འབྱུང་བ་བསྟན་པ། ཁམས་རྣམས་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །དེ་ལྟར་དབྱིངས་སུ་བསྡུ་བ་སྟེ། །ཞེས་བྱ་བ་ནི་ཁམས་བྱང་ཆུབ་ཀྱི་སེམས། དེ་ལས་གོང་བུ། དེ་ལས་འབྱུང་བ་ཆེན་པོའི་བར་དུ་ [261a.3]འཁོར་བར་སྐྱེས་པ་ནི་དབྱིངས་སུ་བསྡུས་པ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཐོག་མ་དང་ཐ་མ་མེད་པའོ། །བསྡུ་བ་དེ་བཞིན་བརྟན་བྱས་ལ། །ཞེས་བྱ་བ་ནི། བསྡུ་བ་ཕན་ཚུན་རྒྱུར་གྱུར་པའི་བསྒོམ་པའི་སེམས་རྩེ་གཅིག་པར་གྱུར་པ་ནི། ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ཡིན། །ཞེས་བྱའོ། ། [261a.4]དེ་ཅིའི་ཕྱིར་ཞེ་ན། དེ་བས་ཐམས་ཅད་ནན་ཏན་གྱིས། །སྒྲུབ་པ་ཡང་དག་སྤྱད་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་དུས་ཐམས་ཅད་དུ་ཉན་པ་ལ་སོགས་པའི་ནན་ཏན་གྱིས་མངོན་དུ་སྤྱོད་པར་བྱའོ། །ཐམས་ཅད་ཇི་ལྟར་བསྒྲུབ་ཅེ་ན། །གལ་པོའི་རྒྱུད་ཀྱི་ནང་ནས་འབྱུང་བའི་སྒྲུབ་ཐབས་ [261a.5]ཀྱིས་སོ། །དེ་དང་མཐུན་པའི་རང་བཞིན་ནོ། །གལ་པོ་དངོས་ཀྱིས་ཀྱང་བསྒྲུབ་པར་བྱ་བ་རབ་ཏུ་བརྟག་གོ་ཞེས་བྱ་བའི་ཐ་ཚིག་གོ། །རྫས་ལས་བསྒྲུབ་པའི་ལན། ཆོས་དབྱིངས་སྒྲུབ་པ་བཤད་ནས་ནི། །ཞེས་བྱ་བ་ནི་དེ་མ་ཐག་ཏུ་ཞེས་བྱ་བའི་ཚིག་གོ། །རྫས་བརྒྱད་ཡན་ལག་སྒྲུབ་པ་ [261a.6]བཤད། །ཅེས་བྱ་བ་ནི་ཐུན་མོང་ངོ་། །ཡན་ལག་བརྒྱད་ནི། རི་ལུ་དང་། མིག་སྨན་དང་། ས་འོག་དང་། རལ་གྱི་དང་། རལ་གྱི་དང་། ནམ་མཁའ་ལ་འགྲོ་བ་དང་། མིག་རྣོ་བ་དང་། འཆི་འཕོ་མེད་པ་དང་། ནད་འཇོམས་པའི་དངོས་གྲུབ་དང་བརྒྱད་དོ། །དེ་ཡང་གསལ་བར་གསུངས་པ། རི་ལུ་ [261a.7]ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རི་ལུ་ནི་འོག་ནས་བཤད་དོ། །མིག་སྨན་ནི་ཟླ་བ་མར་གྱི་ངོ་ཚེས་ཉི་ཤུ་དགུའི་ནམ་ཕྱེད་ན། ལམ་གྱི་བཞི་མདོར་ཐོད་པའི་སྟེང་དུ་འདུག་གོ། །མདུན་དུ་ཡང་སྒྱེད་པུ་བཙུགས་ནས་ཐོད་པ་གཉིས་བཞག་སྟེ། དེ་གཉིས་ཀྱི་བར་དུ་བདུད་རྩི་ལྔ་དང་ཚིལ་ཆེན་ [261b] [261b.1]བསྲེས་པས་བཀང་བའི་བྷནྡྷ་གཞག་སྟེ། དེའི་ནང་དུ་ཁྲག་དང་དྲི་ཆེན་ལ་སོགས་པ་ཤིང་ཨ་མྲའི་བལ་ལ་པདྨའི་སྐུད་པས་དཀྲིས་པའི་སྙིང་པོ་བཙུགས་ནས་མར་མེ་བལྟམ་པར་བྱའོ། །ཤིང་ཨ་མྲ་དང་པདྨའི་སྐུད་པ་མེད་ན་ཡང་གཞན་ཅི་འཚམ་པར་བྱའོ། །མེ་མར་གྱི་ལྕེའི་དུ་བ་ལ་བྷནྡྷ་གཅིག་བཀབ་ནས་ [261b.2]སྒྱེད་པུ་གཉིས་ལ་གཞག་གོ། །དེ་ལ་རྡོ་རྗེས་རེག་ནས་ཕུང་པོ་ལྔ་ལ་རིགས་ལྔར་བསྒོམས་པའི་རྣལ་འབྱོར་པས། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ནམ་ལངས་པར་བཟླ་བར་བྱའོ། །དེ་ནས་དུད་པ་བླངས་ལ་རང་གི་མིག་ལ་བསྐུས་ན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ་པོ། །དེ་ཡང་གུ་ཧྱ་ས་མ་ཛ་ལས། ལམ་གྱི་ [261b.3]བཞི་མདོ་འམ་ཤིང་གཅིག་ཏུ། །མ་མོའི་གནས་སམ་ཞི་གནས་སུ། །དེ་རུ་རྡོ་རྗེ་ཨཉྫ་ན། །ཐོད་པ་དག་ཏུ་དབབ་པར་བྱ། །ཞེས་གསུངས་སོ། །ས་འོག་ནི་ས་འོག་གི་དངོས་གྲུབ་སྟེ། ལྷ་མ་ཡིན་དང་ཀླུའི་བུ་མོ་བསྒྲུབ་པའོ། །དེ་ཡང་འདིར་འཕགས་པ་རྡོ་རྗེ་ས་འོག་ཞལ་གསུམ་ཕྱག་དྲུག་པ་གཡས་ [261b.4]བར་མ་ན་ཞགས་པ། དེའི་འོག་མ་ན་དགྲ་སྟ། གཡོན་པ་ན་རྩེ་གསུམ་པ། བར་མ་ན་ལྕགས་ཀྱུ། དང་པོ་གཉིས་ཀྱིས་ལྷ་མོ་ལ་འཁྱུད་པ། སྐུ་མདོག་ནག་པོར་བསྒོམས་ལ། བཙག་ལ་སོགས་པས་ཏ་ལ་ལ་སོགས་པའི་ལོ་མ་ལ་རྡོ་རྗེ་ལྕགས་ཀྱུ་གཉིས་བྲིས་ཏེ། དེ་ཁར་བཅུག་ལ་ཟླ་བ་གཟས་ཟིན་པའི་དུས་ [261b.5]སུ་ལྕགས་ཀྱུ་འཕྲོས་པས་ལྷ་མ་ཡིན་གྱི་བུ་མོ་བཀུག་པར་བསྒོམས་ནས་སྔགས་ཨོཾ་ཨཱཿཧཱུཾ་ཨཱ་ཀཪྵ་ཡ་བཟླ་བར་བྱའོ། །ལྷ་མ་ཡིན་གྱི་བུ་མོ་ལ་སོགས་པ་གང་མིང་ནས་སྨོས་པ་དེ་དགུག་གོ། །དེ་ལྟར་ཡང་གསང་བ་འདུས་པ་ལས། བཙག་གམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རལ་ [261b.6]གྲིའི་དངོས་གྲུབ་ཅེས་བྱ་བ་ནི། གྱོ་མོའམ་གསེར་ལ་སོགས་པ་རལ་གྲི་མཚན་དང་ལྡན་པ་བྱས་ལ་མདུན་དུ་རལ་གྲི་གཞག་སྟེ། བདུད་རྩི་རྣམ་པ་ལྔས་བྱུགས་ཏེ། དོན་ཡོད་གྲུབ་པ་བསྒོམ་པ་དང་། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ནས་རལ་གྲི་ལ་སྐུ་གསུང་ཐུགས་ཐིམ་པར་བྱས་ཏེ། འོད་ཟེར་འབར་བ་བསྒོམ་ [261b.7]པར་བྱའོ། །རལ་གྲི་དེ་འཕྲོས་མ་ཐག་ཏུ་གོང་མའི་སྔགས་དེ་བཟླས་ཏེ་ལག་པར་བླངས་མ་ཐག་ཏུ་རིག་འཛིན་དུ་འགྲུབ་བོ། །སྒྲུབ་པ་དེ་ཁོ་ནའི་མཐུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་རྒྱུ་བས་ན་ནམ་མཁར་འཕུར་དང་ཞེས་བྱའོ། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ [262a] [262a.1]ཀྱང་། རལ་གྲི་མདུན་དུ་གཞག་བྱས་ཏེ། །ཞེས་བྱ་བ་རྒྱས་པར་གསུངས་སོ། །མིག་སྨན་ཞེས་བྱ་བ་ནི་མིག་རྣོན་གྱི་དངོས་གྲུབ་བོ། །ལམ་གྱི་བཞི་མདོ་ལ་སོགས་པར་ཐོད་པ་ལ་འདུག་པ་ལ་སོགས་པ་གོང་མ་བཞིན་བྱས་ལ། འདིར་ནི་ཞ་ཉེའི་ཀོང་བུ་ལ་ཚིལ་གྱིས་བཀང་ནས་ [262a.2]ས་ལ་མ་ལྷུང་བའི་རོ་དཀྲིས་པའི་རས་ཀྱིས་སྙིང་པོ་བྱས་ཏེ་མར་མེ་བལྟམ་པར་བྱའོ། །ཕུང་པོ་ལྔ་རིགས་ལྔར་བསྒོམས་པའི་རྣལ་འབྱོར་པས། ཨོཾ་ཨཱཿཧཱུཾ་ཞེས་བཟླ་བར་བྱའོ། །དུད་པ་དེ་བླངས་ནས་མིག་ལ་བསྐུས་ན་སྣང་བ་སྐུ་གསུང་ཐུགས་རྡོ་རྗེ་ལྷ་ཀླུ་ཀུན་མཐོང་བར་འགྱུར་རོ། །དེ་ཡང་ [262a.3]འཕགས་པ་གདན་བཞི་པ་ལས་མ་ལྷུང་བའི་རོ་དཀྲིས་རས་ཞེས་བྱ་བ་ལ་སོགས་པའོ། །འཆི་བ་མེད་དང་ཞེས་བྱ་བ་ནི། དྲི་ཆེན་གྱིས་ཚེ་སྒྲུབ་པ་སྟེ། འདི་ལྟ་སྟེ་དྲི་ཆེན་གྱི་ཕྱེ་མ་དང་། མར་དང་། སྦྲང་རྩི་བསྲེས་ལ་རྟོག་པ་སྤངས་ལ་རིགས་ལྔར་བསྒོམས་པའི་རྣལ་འབྱོར་པས། ཨོཾ་ཨཱཿཧཱུཾ་བཟླས་ [262a.4]ཏེ་ལོ་གསུམ་གྱི་བར་དུ་ཟོས་ན་ཉི་མ་དང་འདྲ་བའི་ཚེ་འགྲུབ་པར་བྱེད་དོ། །དེ་ཡང་རྣམ་པར་སྣང་མཛད་ཀྱི་གལ་པོ་ལས་གསུངས་པ། དྲི་ཆེན་ཕྱེ་མར་བཏགས་ནས་སུ། །མར་དང་སྦྲང་རྩི་བསྲེས་ནས་བཟའ། །ལོ་གསུམ་ན་ནི་ལྷ་ཡི་ལུས། །ཉི་ཟླ་སྐར་མ་བཞིན་ཚེར་འགྱུར། །ཞེས་གསུངས་སོ། །ནད་ [262a.5]འཇོམས་དང་ཞེས་བྱ་བ་ནི་རིམས་ལ་སོགས་པ་མེད་པའི་ཕྱིར་རོ། །ད་ནི་རི་ལུའི་བསྒྲུབ་པ་གསུངས་པ། མི་དང་གླང་པོ་ཞེས་བྱ་བ་ལ་སོགས་པའོ། །ཡོན་ཏན་འདི་ལྟ་སྟེ་མིའི་ཤས་སྐུ་གསུང་ཐུགས་འགྲུབ་པ་དང་། གླང་པོ་ཆེའི་ཤས་མངོན་པར་ཤེས་པ་འགྲུབ་པ་དང་། རྟའི་ཤས་ནི་མི་སྣང་ [262a.6]བ་འགྲུབ་པ་དང་། བ་ལང་གི་ཤས་ནི་དགུག་པའི་ལས་འགྲུབ་པ་དང་། ཁྱིའི་ཤས་ནི་འགུགས་པའི་ལས་འགྲུབ་པ་དང་། བོང་བུ་ལ་སོགས་པའི་ཤས་སྤྱིའི་ལས་འགྲུབ་བོ། །ཅིའི་ཕྱིར་ཤ་དེ་རྣམས་ལ་དངོས་གྲུབ་ཏུ་འགྱུར་ཞེ་ན། འཇིག་རྟེན་པ་ནི་གཙང་སྨེ་ལ་རྟོག་པ་ཡིན་པས་དེ་རྣམས་སྐུ་ [262a.7]གསུང་ཐུགས་དབྱེར་མེད་པར་བྱས་ཏེ་ཟོས་ན་རྣམ་པར་རྟོག་པ་བཅོམ་པའོ། །དེ་མ་ཐག་ཏུ་དེ་བཞིན་གཤེགས་པས་བྱིན་གྱིས་རློབ་པོ། །འདི་རྣམས་ཀྱང་གསང་བ་འདུས་པར། ཤ་ཆེན་དམ་ཚིག་མཆོག་གིས་ནི། །ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །དེ་རྣམས་ཀྱི་ཚད་གསུངས་པ། ཆ་ [262b] [262b.1]བཞི་མཉམ་པར་སྦྱར་བྱའོ། །ཞེས་བྱ་བའི་ཚད་དོ། །དེ་ཡང་གསལ་བར་གསུངས་པ། མཐེ་བོ་ཚིགས་ཙམ་ཚད་དུ་ནི། །ཞེས་བྱ་བ་ནི་ཤ་རྣམས་ཏེ་བསྡུ་བའི་ཚད་དེ། སྲེད་པའི་སྒོ་ནས་ཤ་དེ་དག་མང་དུ་ཚོགས་པ་ནི་མི་རུང་བའི་ཕྱིར་རོ། །ཤིན་ཏུ་མཉམ་པོར་གཞག་ནས་སྦྱར། །ཞེས་བྱ་བ་ནི་སྦྱོང་བ་ལ་ [262b.2]སོགས་པ་བྱའོ། །ཚད་གསུངས་པ་དྲི་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་ལ་བཞི་སྨོས་ནས་ཤེལ་མ་སྨོས་པ་ནི་དོན་གྱིས་ཤེས་པར་བྱའོ། །ནས་ཙམ་ཚད་དུ་ནི་ཞེས་བྱ་བ་ནི། བདུད་རྩི་ལྔ་ལས་ནས་འབྲུ་ཙམ་རེ་བསྡུ་སྟེ་མང་བ་ནི་སྐྱོན་བའི་ཕྱིར་རོ། །སྔགས་བཟླས་ནས་ནི་སྦྱང་བྱས་ཏེ། །ཞེས་ [262b.3]བྱ་བ་ནི་སྦྱོང་བ་ལ་སོགས་པ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱངས་ཟིན་མ་ཐག་ཏུ་ཡང་སྔགས་ཀྱིས་བརྟན་པར་བྱའོ། །བྱིན་གྱིས་བརླབ་པའི་སྔགས་བསྟན་པ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་འཚལ་ནི་ཨོཾ་ལ་བྱ་སྟེ། སྔགས་ཀུན་གྱི་མགོ་ལ་བཞག་པའི་ཕྱིར་རོ། །ཡི་གེ་ཨཱཿདབུས་ [262b.4]སུ་ཞེས་བྱ་བ་ནི་ཨོཾ་དང་ཧཱུཾ་གི་བར་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཧཱུཾ་ཞེས་བྱ་སྟེ་ཞེས་བྱ་བ་ནི། མཐའ་མར་ཡི་གེ་ཧཱུཾ་གཞག་པར་བྱའོ། །འདི་ལྟ་སྟེ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སྔགས་འདི་ནི་གོང་གི་མིག་སྨན་ལ་སོགས་པ་ལ་ཡང་ཤེས་པར་བྱའོ། །ཐབ་གསུངས་པ། འབར་བའི་ཧྲི་ཡིག་འབར་ [262b.5]བྱེད་པ། །ཞེས་བྱ་བ་ནི། དེའི་དོན་ནི་འདི་ལྟ་སྟེ་ཡཾ་ལས་རླུང་། དེའི་སྟེང་དུ་རཾ་ལས་མེ། དེའི་སྟེང་དུ་པཾ་ལས་བསྐྱེད་པའི་པདྨ་བྷནྡྷའི་ནང་དུ་ཤ་རྣམ་པ་དགུ་དང་། བདུད་རྩི་རྣམ་པ་ལྔ་གཞག་སྟེ། དེ་ལ་ཧྲི་བཀོད་ནས། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་བསྒོམས་ཏེ་རླུང་གིས་མེ་བུས་ཏེ། བྷནྡྷའི་ནང་གི་ [262b.6]བདུད་རྩི་བཙོས་པ་དང་། སྟེང་གི་རྡོ་རྗེ་ཁ་གབ་ལས་འོད་ཐུར་དུ་འབར་བས་ཤ་དང་བདུད་རྩི་སྦྱངས་པར་བསྒོམ་པར་བྱའོ། །ཡང་ཧྲི་ལས་འོད་འཕྲོས་པས་ཕྱིན་ཅི་ལོག་གི་མཐུ་བཅོམ་སྟེ་དག་པར་བསྒོམ་མོ། །དེ་ལྟར་ཀུན་དུ་བཟང་མོ་ལས་ཀྱང་གསུངས་པ། ཕྱག་འཚལ་འབར་བས་བྱིན་ [262b.7]བརླབས་པའི། །རླུང་གི་དཀྱིལ་འཁོར་རབ་འབར་བའི། །ཞེས་བྱ་བ་འདི་གསུངས་སོ། །འདིར་ནི་ཨོཾ་མ་ཡིན་ཏེ། ཧྲི་ཡིན་ཏེ་རྒྱུད་སོ་སོའི་ཡིན་པའི་ཕྱིར་རོ། །དགུ་པ་དེ་ནི་རབ་ཏུ་བསྒྲུབ། །ཅེས་བྱ་བ་ནི་བདུད་རྩི་ལྔ་དེ་ལྟར་བསྒྲུབ་པར་མ་ཟད་དེ། ཤ་དགུ་ཡང་དེ་ལྟར་བསྒྲུབ་པར་བྱའོ་ཞེས་པའོ། ། [263a] [263a.1]རི་ལུ་བྱ་བའི་ཐབས་བསྟན་པ། །ལན་ནི་ཉི་ཤུ་རྩ་གཅིག་ཏུ། །ཞེས་བྱ་བ་ལ་སོགས་པ་ལ་ནུབ་ཏུ་ཁ་བལྟས་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བརྟགས་སོ། །ཡུངས་ཀར་ཚད་ཙམ་ནི་གོ་སླའོ། །དེ་ལྔ་ཙམ་གཅིག་ཏུ་བྱས་པའོ། །ལྔ་དང་ལྔ་ནི་འབྱོར་པར་བྱ། །ཞེས་བྱ་བ་ནི་ཡུངས་ཀར་ལྔ་ [263a.2]ཚད་གཅིག་ཏུ་བྱ་བའི་ཚད་དོ། །དུས་ནི་ཚེས་བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རི་ལུ་བསྒྲིལ་པ་ནི་རི་ལུ་རྣམས་ནི་བྱས་ནས་ཞེས་པའོ། །པདྨའི་སྣོད་ནི་བྷནྡྷའོ། །དེ་ལ། བཀང་ནས་རི་ལུ་གཞག་བྱས་ཏེ། །སྟོང་ཕྲག་བརྒྱད་ནི་བཟླ་བར་བྱ། །ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་སྟོང་ཕྲག་བརྒྱད་བཟླས་ནས་བྱིན་གྱིས་ [263a.3]བརླབས་པའོ། །མཚམས་བཞི་ལ་ནི་བསྒོམ་བྱས་ནས། །ཞེས་བྱ་བ་ནི་སྔ་དྲོ་དང་ཉིན་ཕྱེད་དང་ཕྱི་དྲོ་དང་། ནམ་ཕྱེད་ལ་གོང་མ་བཞིན་དུ་སྦྱང་བར་བྱའོ། །དེ་ལྟར་བསྒོམས་ཟིན་པ་དང་། རི་ལུ་དེ་རེ་རེ་བཟའ་བ་ནི་རྒྱུན་དུ་བཟའ་བར་བྱའོ། །ཞེས་བྱའོ། །དེའི་ཡོན་ཏན་དེ་ནི་བསྐལ་པ་མཐའ་ཡས་པར་ [263a.4]ཞེས་བྱ་བ་ལ་སོགས་པ་སྟེ་གོ་བར་ཟད་དོ། །སྲེད་མེད་ཀྱི་བུའི་སྟོབས་ནི། གླང་པོ་ཆེ་བཅུའི་སྟོབས་ནི། སྤོས་ཀྱི་གླང་པོ་ཆེ་གཅིག་གོ། །དེ་བཅུའི་སྟོབས་ནི་གཅེར་བུའི་སྟོབས་གཅིག་གོ། །དེ་བཅུ་ནི་ཕུང་པོའི་སྟོབས་གཅིག་གོ། །དེ་བཅུ་ནི་ཡན་ལག་མཆོག་གི་སྟོབས་གཅིག་གོ། །མཆོག་ [263a.5]གི་སྟོབས་བཅུ་ནི་སྲེད་མེད་ཀྱི་བུའི་སྟོབས་ཞེས་བྱའོ། །བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བའོ། །ལྔ་པ་ལ་ནི་སྨོན་ལམ་ཡང་། །ཞེས་བྱ་བ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་པར་འདོད་པའོ། །མངོན་པར་ཤེས་པ་ལྔ་ཞེས་བྱ་བ་ནི། ལྷའི་མིག་རྣ་བ་སེམས་ཤེས་པ་དང་གནས་དང་འཆི་འཕོ་རྫུ་ [263a.6]འཕྲུལ་ལྔའོ། །ཐོབ་པ་ནི་གོང་གི་ཡོན་ཏན་དེ་ལྔའོ། །དེ་གང་ལས་གྱུར་ཅེ་ན། རི་ལུ་ཆེན་པོ་ཟོས་ཕྱིར་རོ། །ཞེས་བྱ་བ་སྟེ། དེའི་མཐུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་རིག་པའི་སྔགས་རྣམས་ཀྱང་། །ཞེས་པའི་ལན། རྫས་ཀྱི་སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྫས་ཀྱི་དངོས་གྲུབ་བཤད་ [263a.7]ཟིན་ཏོ། །ཨེ་ཡིག་དང་ནི་ཞེས་བྱ་བ་ནི། རཾ་ལས་སྐྱེས་པའི་ཟུར་གསུམ་པའི་དཀྱིལ་འཁོར་རོ། །བཾ་ཡིག་ནི་ཆུའི་དཀྱིལ་འཁོར་ཟླུམ་པོའོ། །ལཾ་ཡིག་ནི་སའི་དཀྱིལ་འཁོར་གྲུ་བཞིའོ། །དབུས་སུ་ཡང་དག་གནས་ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་གྱི་དབུས་སུ་རཾ་མོ། །ཆུའི་དབུས་སུ་བཾ། [263b] [263b.1]དབང་ཆེན་ལ་ལཾ། དང་པོའི་མདོག་ནི་མེ་དང་རཱ་གའི་མདོག་དམར་བའོ། །གཉིས་པ་ཡི་ནི་མདོག་དཀར་བ། །ཞེས་བྱ་བ་ནི་ཆུའོ། །གསུམ་པ་ནི་སེར་པོ་དབང་ཆེན་ནོ། །དེ་གང་དུ་བསྒོམ་ཞེ་ན། དགུག་པར་བྱ་བའི་བྷ་གའི་དབུས་སུའོ། །ཐབས་ཇི་ལྟར་བསྒོམ་ཞེ་ན། འཁོར་ལོ་ལྟར་ནི་བསྐོར་བ་ནི། །ཞེས་ [263b.2]བྱ་བ་ནི་རྫ་མཁན་གྱི་འཁོར་ལོ་བཞིན་དུ་མེའི་དཀྱིལ་འཁོར་ལ་སོགས་པ་བྷ་གའི་ནང་དུ་འཁོར་བར་བསམ་མོ། །དུས་ནི། ཉིན་ཕྱེད་དང་ནི་མཚན་ཕྱེད་དང་། །ཞེས་བྱ་སྟེ་དུས་དེ་གཉིས་ན་སེམས་ཀྱི་སྟོབས་ཉམས་པའི་ཕྱིར་རོ། །དེའི་ཡོན་ཏན་དེ་ལ་རིག་པ་ནི་བུ་མོ་དགུག་པའི་ལས་བྱེད་པའི་ཕྱིར་རོ། །རབ་འབྱོར་ [263b.3]དེ་ནི་བྱ་བ་ནི་པདྨ་དང་བྷ་གའི་ནང་དུ་དཀྱིལ་འཁོར་བསྒོམ་པའོ། །དེ་ཡིས་སྐད་ཅིག་ཁོ་ནར་འགྲུབ། །ཅེས་བྱ་བ་ནི་མྱུར་བར་རོ། །བསྒྲུབ་བྱ་དངོས་ནི་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རྣམ་བཞི་ཞེས་བྱ་བ་ནི་པདྨ་ཅན་དང་། དུང་ཅན་དང་། རི་མོ་ཅན་དང་། གླང་པོ་ཅན་མའོ། །དེ་ལ་པདྨ་ [263b.4]ཅན་ནི་པདྨའི་དྲི་བྲོ་བ་དང་། ངོ་ཟླུམ་པ་ལ་སོགས་པའོ། །དུང་ཅན་མ་ནི་བ་ཚའི་དྲི་བྲོ་བ་དང་། སྐྲ་དང་སྣ་རིང་བ་ལ་སོགས་པའོ། །རི་མོ་ཅན་ནི་ཤའི་དྲི་བྲོ་བ་དང་། ལུས་ཆུང་བ་དང་། མཛེས་པ་ལ་སོགས་པའོ། །གླང་པོ་ཆེ་ནི་ཆང་གི་དྲི་བྲོ་བ་དང་། བྱིན་པ་སྦོམ་པ་དང་། སྣ་ཡོ་བ་ལ་སོགས་ [263b.5]པའོ། །ས་འོག་མ་ལ་སོགས་པ་ནི་སའི་དཀྱིལ་འཁོར་རོ། །སྔགས་ཀྱིས་བཀུག་ཅེས་བྱ་བ་ནི་གོང་དུ་གསུངས་པའི་སྔགས་ཀྱིས་སོ། །བུ་མོ་ཐམས་ཅད་སྤྱད་པར་བྱ། །ཞེས་བྱ་བའི་ཐ་ཚིག་གོ། །དཀྱིལ་འཁོར་རྣམས་ནི་བརྟགས་པ་དང་། །ཞེས་བྱ་བའི་ལན་མེའི་དཀྱིལ་འཁོར་ལ་སོགས་ [263b.6]པ་བསྒོམ་པའོ། །དེ་བཞིན་རིག་པའི་སྔགས་ཞེས་བྱ་བ་ནི་རཾ་དང་ལཾ་དང་བཾ་མོ། །དེ་ནི་མན་ངག་གོ། །ཀྱེ་ལྷ་མོ་བདག་གིས་བཤད་པ་ཟིན་མཛད་དེ། །ཞེས་གསུངས་སོ། །ད་ནི། དཀྱིལ་འཁོར་རྣམས་ནི་བཤད་པར་བྱ། །དགའ་མའི་སེམས་ཀྱིས་རྩེ་གཅིག་ཉོན། །ཞེས་བྱ་བ་ནི་དམ་ [263b.7]བཅས་པའི་ཐ་ཚིག་གོ། །དེ་ལ་དགའ་མ་ནི་སྒྲོལ་མ་ལ་བོད་པའོ། །དེ་ནས་དཀྱིལ་འཁོར་གསུངས་པ། དཀྱིལ་འཁོར་ལུས་ཞེས་བྱ་བ་གསུངས་ཏེ་གོང་དུ་བསྟན་པ་དང་འོག་ནས་འབྱུང་བས་འདིར་མ་འབྲེལ་ཏོ། །དཀྱིལ་འཁོར་བྷ་ག་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཨེ་གྲུ་གསུམ་གྱི་ནང་དུ་ [264a] [264a.1]བསྒོམ་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བྱང་ཆུབ་སེམས་དང་ནི། །ཞེས་བྱ་བ་ནི། དེ་ལྟར་ལུས་དང་བྷ་ག་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུམ་ཀ་གཉིས་དང་བཞི་མ་ཡིན་པར་གསང་བའི་རྒྱུད་ལས་ཡང་དག་པར་བརྟགས་སོ། །དཀྱིལ་འཁོར་དུ་མིང་ཇི་ལྟར་བཏགས་ [264a.2]ཤེ་ན། བརྟགས་པ་རྣམས་ལ་འདུས་པ་སྟེ། །ཞེས་བྱ་བ་གསུངས་སོ། །བརྟགས་པ་རྣམས་ལ་འདུས་པ་ཞེས་བྱ་བ་ནི། དཀྱིལ་འཁོར་དུ་མིང་བཏགས་པ་ནི་འདུས་པའི་ཕྱིར་རོ། །འཇིག་རྟེན་སྣང་བ་ལས་ཀྱང་། སྙིང་པོ་འདུས་པའི་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །སྙིང་པོ་གང་ཞེ་ན། གང་ན་གཙོ་ [264a.3]བོ་ཞེས་བྱ་བ་ནི་གང་དང་གང་དུའོ། །གཙོ་བོ་ནི་ཁྱབ་བདག་རྡོ་རྗེ་སེམས་དཔའོ། །བསྐྱེད་པ་ནི་རྒྱུའོ། །ད་ནི་ལུས་ཀྱི་དཀྱིལ་འཁོར་གསུངས་པ་ཕུང་པོ་རྣམས་ཞེས་བྱ་བ་ནི་ཕུང་པོ་ལྔ་ནི་རིགས་ལྔ་སྟེ། དེ་ལ་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་དང་། རྣམ་ [264a.4]པར་ཤེས་པ་རྣམས་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་དང་གོ་རིམས་བཞིན་ནོ། །དེ་ལྟར་ཡང་ཐམས་ཅད་གསང་ཆེན་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསལ་བར་གསུངས་ཏེ། སེམས་ཀྱི་ཕྲ་མོ་སྦྱོར་བ་ཡིས། ། [264a.5]ཡེ་ཤེས་ཕྲ་མོ་དང་སྦྱར་བ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྣམ་པར་སྣང་མཛད་ཅེས་སུ་འདོད། །སྙིང་རྗེ་འཕྲོ་བའི་སྦྱོར་བ་ཡིས། །ཐམས་ཅད་ཕན་དོན་བྱེད་པའོ། །སེམས་ཅན་དོན་དང་ལྡན་སེམས་ནི། །རིན་ཆེན་འབྱུང་ལྡན་ཞེས་གསུངས་སོ། །དགའ་བ་འཕྲོ་བའི་ཐིག་ལེ་ཡིས། །ཐེག་ [264a.6]ཆེན་དྲི་མེད་པ་ཡི་མཆོག །རང་བཞིན་འོད་གསལ་དག་པའི་སེམས། །སྣང་བ་མཐའ་ཡས་དེ་གསུངས་སོ། །བཏང་སྙོམས་འཕྲོ་བའི་སེམས་ཀྱིས་ནི། །གང་གིས་སེམས་ཅན་ཤེས་བྱེད་པ། །ཐོགས་མེད་བླ་མེད་དོན་བྱེད་པ། །དོན་ཡོད་གྲུབ་པར་དེ་གསུངས་སོ། །བྱམས་པ་འཕྲོ་བའི་སྦྱོར་བ་ཡིས། ། [264a.7]མཆོག་གི་སྤྱོད་པ་སྤྱོད་བྱེད་པ། །ཟག་མེད་བརྟན་པར་གྱུར་པའི་སེམས། །མི་བསྐྱོད་པར་ནི་གསུངས་པ་ཡིན། །ཞེས་འབྱུང་ངོ་། །འདི་སྐད་དུ་བསྟན་ཏེ་རྣམ་པར་སྣང་མཛད་ནི་དང་པོའི་བྱང་ཆུབ་ཀྱི་སེམས་འཕྲོ་བའི་སེམས་སོ། །རིན་ཆེན་འབྱུང་ལྡན་ནི་སྙིང་རྗེ་སྟེ་འཕྲོས་པས་སེམས་ཅན་གྱི་དོན་བྱེད་ [264b] [264b.1]པའོ། །སྣང་བ་མཐའ་ཡས་ནི་འཕྲོ་འདུའི་དགའ་བ་རོལ་བཞིན་པའི་འོད་གསལ་བའོ། །དོན་ཡོད་གྲུབ་པ་ནི་བཏང་སྙོམས་ཀྱི་སྦྱོར་བའི་སེམས་སོ། །མི་བསྐྱོད་པ་ནི་བྱམས་པའི་སྦྱོར་བའི་སེམས་ཏེ་ཟག་པ་མེད་པར་བསྟན་པའོ། །དེ་ལྟར་ཕུང་པོ་ལྔ་ནི་སེམས་ཡིན་ལ་དེ་ནི་རིགས་ལྔའོ། །དེ་ཡང་ས་ [264b.2]བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་སེམས་ཙམ་མོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྱུང་བ་རིག་མར་བརྟག་ཅེས་བྱ་བ་ནི། སྤྱན་མ་ལ་སོགས་པ་འབྱུང་བ་རྣམས་རིག་མར་བརྟག་ཅེས་བྱ་བའི་ཐ་ཚིག་གོ། །ས་སྤྱན་མ། ཆུ་མཱ་མ་ཀཱི། །མེ་གོས་དཀར་མོ། །རླུང་སྒྲོལ་མའོ། ། [264b.3]དེ་ཡང་ཐམས་ཅད་གསང་ཆེན་གྱི་རྒྱུད་ལས་གསུངས་པ། བྱང་ཆུབ་སེམས་ཀྱི་མཐུ་ཡིས་ནི། །སངས་རྒྱས་ཉིད་དུ་ཕ་རོལ་ཕྱིན། །ཐོབ་པའི་ཕ་རོལ་ཕྱིན་ཞེས་པ། །སེམས་མའི་རྡོ་རྗེ་མ་ཞེས་བརྟགས། །བསྡུ་བའི་དངོས་པོ་བཞི་རྣམས་ལ། །ཤེས་རབ་ཕ་རོལ་ཕྱིན་མ་དགེ །ཆོས་བཞི་གཅིག་ཏུ་གྱུར་ [264b.4]པ་ནི། །རིན་ཆེན་རྡོ་རྗེ་མ་རུ་འདོད། །གསང་བའི་ཆོས་ཀྱི་ཐིག་ལེ་ལ། །དེ་ཉིད་ཕ་རོལ་ཕྱིན་དགེ་བ། །ཕ་རོལ་ཕྱིན་ཅེས་དགེ་བ་ནི། །ཆོས་ཀྱི་རྡོ་རྗེ་མ་རུ་འདོད། །ཕ་རོལ་ཕྱིན་བཞི་གཙོ་མོ་སྟེ། །རྡོ་རྗེ་ཕ་རོལ་ཕྱིན་པ་དགེ །སྦྱོར་བའི་བསམ་གཏན་བརྟགས་པ་ནི། །ལས་ཀྱི་རྡོ་རྗེ་མ་ཞེས་འདོད། །ཅེས་འབྱུང་ [264b.5]ངོ་། །བྱང་ཆུབ་སེམས་ཀྱི་རང་མཐུ་དང་། །ཆུ་ནི་བསྡུ་བའི་དངོས་པོ་དང་། །མེ་ནི་སྨིན་པར་བྱེད་པ་དང་། །རླུང་ནི་འགེགས་པའི་ངོ་བོ་ཕ་རོལ་ཕྱིན་པ་བཞི་དང་ངོ་བོ་ཐ་དད་པ་མེད་པའི་ཕྱིར་རོ། །ཆགས་མ་ལྕགས་ཀྱུ་ཞེས་བྱ་བ་ནི། རིག་མ་ལ་རིགས་ལྔའི་སྒོ་ནས་དབྱེར་མེད་པར་སེམས་ཀྱིས་འཛིན་པའོ། ། [264b.6]དེ་ཡང་ཐམས་ཅད་གསང་ཆེན་གྱི་རྒྱུད་ལས། འདོད་ཆགས་ཀུན་ལ་ཐབས་ཆེ་བ། །རྡོ་རྗེ་ལྕགས་ཀྱུ་ཞེས་བརྗོད་དོ། །ཞེས་འབྱུང་ངོ་། །ཞགས་པ་པདྨ་ཆུད་བྱེད་པ། །ཞེས་བྱ་བ་ནི། ལོག་སྲེད་ཅན་མ་ཡིན་གྱི་འདི་ཡང་བྱང་ཆུབ་ཀྱི་སྤྱོད་པའི་ཆེད་དུ་དེ་ལྟར་བྱས་པ་ལ་ནི་ཉེས་པ་མེད་དོ། །དེ་ཡང་རྒྱུད་ [264b.7]དེ་ཉིད་ལས། སྤྱོད་པ་བྱང་ཆུབ་ཏུ་སྤྱོད་པ། །རྡོ་རྗེ་ཞགས་པ་དེ་འདོད་དོ། །ཞེས་གསུངས་སོ། །ཁ་སྤྲད་པ་ནི་སྒྲོག་ཡིན་པར། །ཞེས་བྱ་བ་ནི་སེམས་བརྟན་པར་བསྒོམ་པ་ནི་སྒྲོག་སྟེ། རྒྱུད་དེ་ཉིད་ལས། གང་ཞིག་དེ་ལྟར་བསྟེན་པ་གང་། །རྡོ་རྗེ་སྒྲོག་ཅེས་འདོད་པའོ། །ཞེས་གསུངས་སོ། །སྒྲ་ [265a] [265a.1]གྲགས་པ་ནི་དྲིལ་བུར་འདོད། །ཅེས་བྱ་བ་ནི་ཆོས་ཐམས་ཅད་མི་སྐྱེ་བ་ཡིན་ཞེས་པའི་སྔགས་ཀྱི་སྒྲ་བརྗོད་ནས་ཐབས་དང་ཤེས་རབ་རོལ་པའི་སེམས་ནི་དྲིལ་བུའོ། །དེའི་སྔགས་ནི། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཏ། ཅེས་བརྗོད་དོ། །དེ་ཡང་རྒྱུད་དེ་ཉིད་ལས། [265a.2]ཆོས་ནི་ཐམས་ཅད་མ་སྐྱེས་པ། །ནམ་མཁའ་དང་མཉམ་འདོད་ཞི་བ། །དེ་ལྟར་ཚིག་ཏུ་བརྗོད་པ་ནི། །རྡོ་རྗེ་དྲིལ་བུ་ཞེས་འདོད་དོ། །ཞེས་གསུངས་སོ། །སྤོས་ནི་དྲི་ཆེན་ཞེས་གསུངས་ཏེ། །ཞེས་བྱ་བ་ནི། གཙང་བ་དང་མི་གཙང་བ་མཉམ་པོར་འགྱུར་ཏེ་མི་རྟག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ [265a.3]ཕྱིན་པའི་རང་བཞིན་སྤོས་ཡིན་པའི་ཕྱིར་རོ། །དེ་ཉིད་ལས། ཐམས་ཅད་དུ་ནི་མཉམ་པའི་མཆོག །ཤེས་རབ་ཕ་རོལ་ཕྱིན་པས་སོ། །ཞེས་གསུངས་སོ། །མེ་ཏོག་རཀྟ་ཞེས་འདོད་དོ། །ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་འདོད་ཆགས་ཀྱིས་མ་གོས་པའི་རང་བཞིན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མེ་ [265a.4]ཏོག་ཡིན་པའི་ཕྱིར་རོ། །ཡང་དེ་ཉིད་ལས། འདོད་པའི་འདམ་སྐྱེས་མ་གོས་པ། །བསམ་གཏན་ཕ་རོལ་ཕྱིན་མེ་ཏོག །ཅེས་གསུངས་སོ། །མར་མེ་ཤ་རྣམས་ཁོ་ན་ཡིན། །ཞེས་བྱ་བ་ནི་གཙང་བ་དང་མི་གཙང་བའི་རྣམ་པར་རྟོག་པ་ཀུན་སྤངས་ལ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་མར་མེ་ཡིན་ [265a.5]པའི་ཕྱིར་རོ། །ཡང་དེ་ཉིད་ལས། ཕྱོགས་ཀུན་དུ་ནི་གསལ་བྱེད་པ། །མར་མེ་སྨོན་ལམ་ཕ་རོལ་ཕྱིན། །ཞེས་འབྱུང་ངོ་། །དྲི་ནི་བྱང་ཆུབ་ཡེ་ཤེས་འདོད། །ཅེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ལས་དང་པོ་དྲི་ང་བ་ན་ཡང་ཐབས་ཀྱི་དགེ་བའི་རང་བཞིན་དྲི་འདོད་པའོ། །ཡང་དེ་ཉིད་ལས། དྲི་ང་བ་ཡང་ [265a.6]དགེ་བ་སྟེ། །ཐབས་ཀྱི་ཕ་རོལ་ཕྱིན་པ་དྲི། །ཞེས་གསུངས་པ་ལྟ་བུའོ། །སྒེག་མོའི་ལིངྒར་བསྟན་པ་སྟེ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་འབུལ་བའི་སྒོ་ནས་དགེ་བའི་རང་བཞིན་གྱི་རོལ་པ་ནི་སྒེག་མོའོ། །ཡང་དེ་ཉིད་ལས། ཅིའི་ཕྱིར་དགེ་བའི་རོལ་པ་ནི། །སྦྱིན་པའི་ཕ་ [265a.7]རོལ་ཕྱིན་པ་སྒེག །ཅེས་གསུངས་སོ། །ཕྲེང་བ་བྷ་ག་ཁོ་ན་ཡིན། །ཞེས་བྱ་བ་ནི། དམ་ཚིག་གི་ཚུལ་དང་ལྡན་པའི་རྣལ་འབྱོར་མས། དེ་བཞིན་གཤེགས་པའི་ཐུགས་མཉེས་པར་བྱེད་པའི་རང་བཞིན་ཕྲེང་བར་འདོད་དོ། །ཡང་དེ་ཉིད་ལས། བརྒྱན་པའི་ལུས་ཅན་ཡིད་འཕྲོག་མ། །ཕྲེང་བ་ [265b] [265b.1]ཚུལ་ཁྲིམས་ཕ་རོལ་ཕྱིན། །ཞེས་གསུངས་སོ། །དབྱངས་མ་དབུགས་སུ་བསྟན་པ་དང་། །ཞེས་བྱ་བ་ནི། རོལ་པའི་དུས་སུ་སྔགས་ཆེད་དུ་བརྗོད་པ་ནི་དབྱངས་མ་ཡིན་པའི་ཕྱིར་རོ། །ཡང་དེ་ཉིད་ལས། ཆེད་དུ་བརྗོད་པ་ལེགས་བརྗོད་པས། །དབྱངས་མ་བཟོད་པའི་ཕ་རོལ་ཕྱིན། །ཞེས་གསུངས་སོ། ། [265b.2]གར་མཁན་མ་ནི་ཁ་སྦྱོར་ཏེ། །ཞེས་བྱ་བ་ནི། འབྲས་བུ་དོན་དུ་གཉེར་བའི་རྣལ་འབྱོར་པས། །ལྷ་བསྒོམ་པའི་རྩོལ་བ་དང་བཅས་པ་ནི་གར་མཁན་མ་ཞེས་བྱའོ། །ཡང་དེ་ཉིད་ལས། མྱུར་བར་སངས་རྒྱས་ཉིད་སྦྱིན་པ། །གར་མཁན་བརྩོན་འགྲུས་ཕ་རོལ་ཕྱིན། །ཞེས་གསུངས་སོ། །དེ་ལྟ་བུའི་ [265b.3]ལུས་ཀྱི་དཀྱིལ་འཁོར་ནི་བྷ་ག་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་ཁྱད་པར་དུ་བསྟན་ཏོ། །དེའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཟང་པོར་གསུངས། །ཞེས་བྱའོ། །ཤིན་ཏུ་སྦྱོར་བ་ཡིན་པའི་ཕྱིར་རོ། །དེ་རྟོགས་པ་ནི་བསྐལ་བཟང་ཡིན། །ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་བཟང་པོའི་ [265b.4]དོན་ཏོ། །དེ་རྟོགས་པ་ནི་རྣམ་པར་ཤེས་པ་བརྒྱད་དོ། །དེ་རྣམས་བྱམས་སོགས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་དུ་བསྒོམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་ཀུན་གཞི་དང་། ཡིད་དང་། སེམས་ཀྱི་རྣམ་པར་ཤེས་ [265b.5]པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་རྣམས་བྱམས་པ་དང་། འཇམ་དཔལ་དང་། ཀུན་དུ་བཟང་པོ་དང་། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དང་། སྒྲིབ་པ་རྣམ་པར་སེལ་བ་གོ་རིམས་བཞིན་ནོ། ། [265b.6]དེ་ལྟར་ན་ནི་དཀྱིལ་འཁོར་གསུངས། །ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་རྣལ་འབྱོར་པ་རྣམས་ཀྱིས་བསྒོམས་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་གསུམ་ལས་གཉིས་མ་གསུངས་པ་ཅི་ཞེ་ན། དཀྱིལ་འཁོར་གཞན་ནི་སྔར་བཤད་ཟིན་ཅེས་གསུངས་ཏེ། རྩ་བའི་རྒྱུད་ལས་བྷ་ག་དང་བྱང་ [265b.7]ཆུབ་སེམས་ཀྱི་དཀྱིལ་འཁོར་རྒྱས་པར་བཤད་ཟིན་ཏོ། །སྦྱིན་སྲེག་སོ་སོར་བྱ་ཞེས་པའི་ལན། སྦྱིན་སྲེག་ལས་རྣམས་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པ་བཞི་ནི་ཞི་བ་ལ་སོགས་པའོ། །དེའི་དབྱེ་བ་ནི། སྦྱིན་སྲེག་ཕྱི་དང་ནང་གསུངས་པ། །ཞེས་བྱ་བ་ནི། ཕྱི་ནི་ [266a] [266a.1]ཧོམ་ཁུང་བརྐོ་བ་ལ་སོགས་པའོ། །ཐབས་ཇི་ལྟར་བྱ་ཞེ་ན། ཕྱི་ནི་སྔོན་དུ་བསྟན་པ་ཡིན། །ཞེས་བྱ་བ་རྩ་བའི་རྒྱུད་དུ་བསྟན་ཏོ། །ནང་གི་ནི་གང་ཞེ་ན། ཉོན་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་ནི་ལྷ་མོ་སྒྲོལ་མ་ལ་གདམས་པའོ། །པདྨ་བཞི་རྣམས་འབྱོར་པ་ནི། །ལུས་ [266a.2]ཀྱི་དབུས་སུ་ཉེ་བར་གནས། །ཞེས་བྱ་བ་ནི། གསང་བ་དང་། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་བཞི་ལ་པདྨའི་གདན་རེ་རེ་བསམ་མོ། །མེ་ཞེས་བྱ་བ་ནི་ལྟེ་བའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རཾ་གྱིས་མཚན་པའོ། །རླུང་ཞེས་བྱ་བ་ནི་གསང་བའི་པདྨའི་གདན་ལ་ཡཾ་ལས་རླུང་གི་ [266a.3]དཀྱིལ་འཁོར་ཟླ་གམ་མདོག་སྔོན་པོ་ཡཾ་གིས་མཚན་པ་བསྒོམ། དབང་ཆེན་ནི་སྙིང་གི་པདྨའི་སྟེང་དུ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་ཁ་དོག་སེར་པོ་ལཾ་གྱིས་མཚན་པའོ། །ཆུ་ཞེས་བྱ་བ་ནི་མགྲིན་པའི་པདྨར་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བཾ་གྱིས་མཚན་པའོ། །དེ་དག་ [266a.4]གི་ལས་གསུངས་པ། རླུང་གིས་མེ་ལ་འབར་བྱས་ཏེ། །ཞེས་བྱ་བ་ནི་གསང་བའི་རླུང་གིས་ལྟེ་བའི་དཀྱིལ་འཁོར་ལ་འབུད་པའོ། །ཆུ་ཡིས་ཡོངས་སུ་སྨིན་པར་བྱེད། །ཅེས་བྱ་བ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་དྲོད་བྱུང་བས་ཟས་ཐམས་ཅད་མགྲིན་པའི་ཆུའི་དཀྱིལ་འཁོར་ལ་སྨིན་པར་བྱེད་པའོ། །དེ་ [266a.5]གསལ་བར་གསུངས་པ། དབང་ཆེན་དཀྱིལ་འཁོར་ལས་བྱུང་བ། །ཞེས་གསུངས་སོ། །དབང་ཆེན་གྱི་དྲོད་ཇི་ལྟར་བྱུང་ཞེ་ན། གང་དུ་མེ་ནི་བསྐྱེད་པའོ། །ཞེས་བྱ་བ་སྟེ་མེའི་དཀྱིལ་འཁོར་གྱི་འོད་ཀྱིས་དབང་ཆེན་གྱི་དཀྱིལ་འཁོར་ལ་རེག་པའོ། །དེ་ལྟར་གོ་རིམས་ཡིན་པ་ལ་རྒྱུད་ལས་དེ་ལྟར་མ་བསྟན་ [266a.6]པ་ནི་མན་ངག་བསྟན་པ་དང་ཤེས་རབ་ཅན་ང་རྒྱལ་གཅིག་པའི་ཕྱིར་རོ། །ཡོན་ཏན་རང་རིག་མངོན་སྤྱོད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྲེག་རྫས་ནི། གང་ཞིག་ཟས་དང་བཏུང་བ་དང་། །ཞེས་བྱ་བ་ལ་སོགས་པ་ནི་ཁ་ཟས་སོ། །དེ་དག་ཐམས་ཅད་ཆུ་ལས་ཏེ། །ཞེས་བྱ་བ་ནི་རྫས་དེ་དག་ཐམས་ [266a.7]ཅད་ཆུའི་དཀྱིལ་འཁོར་ལ་སྦྱིན་སྲེག་བྱའོ། །པདྨ་ཀྵ་ཡིག་ཁ་མར་བལྟས། །ཞེས་བྱ་བ་ནི་མགྲིན་པའི་སྟེང་གི་ཆུའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་ཀྵ་ཁ་དོག་དཀར་བ་ཁ་ཐུར་དུ་བལྟས་པ། འོད་ཟེར་མེར་འབར་བ་ཁ་གབ་ཀྱི་ཚུལ་དུ་བསྒོམ་པའོ། །སྲེག་རྫས་དེ་དག་ཀྱང་ཆུའི་དཀྱིལ་འཁོར་ནས་མར་ [266b] [266b.1]རིམ་གྱིས་བབས་ཏེ་སྙིང་གའི་པདྨར་བཙུད་པར་བྱའོ། །ལྟེ་བའི་པདྨར་འགྲོ་ཕྱིར་རོ། །ཞེས་བྱའོ། །ཐབས་ཇི་ལྟར་བྱ་ཞེ་ན། ཁ་སྦྱར་ཚུལ་ནི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་སྦྱིན་སྲེག་བྱའོ། །ཕྱི་རོལ་དབང་འདྲ་བར་ལུས་ལྷའི་དཀྱིལ་འཁོར་ལ་ཡང་བྱའོ་ཞེས་བྱ་བའི་ [266b.2]ཐ་ཚིག་གོ། །གསང་བའི་པདྨར་འགྲོ་མ་ཐག །ཐལ་བར་མཐའ་རུ་རྣམ་པར་བསྟན། །ཞེས་བྱ་བ་ནི། སྲེག་རྫས་དེ་དག་གིས་ལུས་ལྷའི་དཀྱིལ་འཁོར་ཚིམ་སྟེ་སྙིགས་མ་ལྔ་ཚིག་པར་བྱའོ། །ཡོན་ཏན་ཇི་ལྟར་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྨོས་པའོ། །བདག་ནི་སྟོན་པ་པོའོ། །ཚེ་འདི་ [266b.3]ཁོ་ནས་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཞིང་ཁྱད་པར་ཅན་ལ་མཆོད་པ་དང་བསམ་པ་ཁྱད་པར་ཅན་དུ་གྱུར་པས་ཚེ་འདི་ཁོ་ན་ལ་ཆོས་མཐོང་ནས་མྱོང་བའི་འབྲས་བུ་འཐོབ་པར་འགྱུར་རོ། །རྒས་པ་མེད་པ་ནས་དགའ་བར་སྨྲ་བའི་བར་ནི་གོ་སླའོ། །མཐོང་བ་ [266b.4]ཙམ་གྱིས་སྐུལ་བྱེད་དོ། །ཞེས་བྱ་བ་ནི། དེ་བཞིན་དུ་མཐོང་བ་ཙམ་གྱིས་ཆགས་པར་འགྱུར་རོ། །དེ་བཞིན་མཆོད་པའི་ཆོ་ག་ཡང་། །ཞེས་བྱ་བའི་ལན། སྲེག་རྫས་ལས་རྣམས་བཤད་བྱས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཆོད་པ་ནི་བཀུར་སྟིའོ། །ཕྲེང་བ་ནི་མེ་ཏོག་གི་ [266b.5]ཕྲེང་བའོ། །སོགས་པ་ནི་མར་མེའོ། །དབང་པོ་ནི་གསང་བའི་མཆོད་པའོ། །གང་ལ་མཆོད་ཅེ་ན་བདག་ལ་སྟེ་རང་གི་ལུས་ཁོ་ན་ལའོ། །མཆོད་རྟེན་ལ་སོགས་པ་ལ་ཅིའི་ཕྱིར་མི་མཆོད་ཅེ་ན། བདག་ནི་སངས་རྒྱས་ཐམས་ཅད་ཉིད། །ཅེས་གསུངས་སོ། །ཕུང་པོ་ལ་སོགས་པ་ལྷའི་དཀྱིལ་ [266b.6]འཁོར་དུ་བྱས་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་གནས་ཡིན་ཏེ། །ཞེས་བྱ་བ་ནི་ཇི་ལྟར་མཆོད་རྟེན་སངས་རྒྱས་གྱི་གཞིར་གྱུར་པ་དེ་བཞིན་དུ། དབང་དང་མན་ངག་ཐོབ་པའི་རྣལ་འབྱོར་པ་སངས་རྒྱས་ཐམས་ཅད་ཀྱི་གནས་སུ་གྱུར་པའོ། །དེ་ཡང་གསང་བ་འདུས་པ་ལས། རྡོ་རྗེ་སློབ་དཔོན་དེ་ལ་ [266b.7]ནི། །ཕྱོགས་བཅུའི་སངས་རྒྱས་རྣམས་བྱོན་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་ན། དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་རྟག་ཏུ་མཆོད། །ཅེས་བྱ་བ་ཐམས་ཅད་ནི་མཆོད་པའོ། །ནན་ཏན་ནི་བདག་ལྷར་བསྒོམ་པའོ། །གང་ཡང་འགའ་ཡི་བྱ་བའི་ལས། །ཞེས་ [267a] [267a.1]བྱ་བ་ནི་གར་ལ་སོགས་པའོ། །རྣལ་འབྱོར་པ་ཡིས་མཆོད་པར་བསྒོམ། །ཞེས་བྱ་བ་ནི་ལུས་ངག་གི་མཆོད་པ་ལ་སོགས་པ་བྱ་བའོ། །བསྒོམ་པའི་ཐབས་ཟས་དང་ཞེས་བྱ་བ་ལ་སོགས་པ་སྟེ། རིག་མ་བཞི་ཡིས་རྣམ་བརྒྱན་པ། །བདག་ཉིད་ལྷ་ནི་བསྒོམ་བྱ་བ། །ཞེས་ [267a.2]བ་ནི་འབྱུང་བ་བཞིའི་ངོ་བོར་གྱུར་པ་ཟས་ལ་སོགས་པ་ལྷ་མོ་བཞི་དང་། རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསྒོམ་མོ། །དེ་ཡང་གསང་བ་འདུས་པ་ལས། ཡང་ན་དེ་ལ་བསྒོམ་པ་ནི། །རིགས་ཀྱི་རྣམ་པར་བསྒོམ་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །དེ་ཞེས་བྱ་བ་ནི་གསུངས་ [267a.3]པ་ཁོ་ནའོ། །ཅང་མི་གསུང་བར་བཞུགས་ཞེས་བྱའོ། །ཆོས་རྣམས་མེད་པར་བསྟན་པའི་ཕྱིར་རོ། །དེ་བས་མདོ་སྡེ་རྒྱན་ལས་ཀྱང་། བཅོམ་ལྡན་འདས་མྱ་ངན་ལས་འདས་ཀྱི་བར་དུ། ཐ་ན་ཚིག་ཅིག་ཙམ་ཡང་མ་བསྟན་ཏོ། །ཞེས་གསུངས་སོ། །སློབ་དཔོན་ནཱ་ག་རྫུ་ནས་ཀྱང་ཐེག་པ་ [267a.4]ཉི་ཤུ་པ་ལས། ཚིག་གིས་བརྗོད་དུ་མི་ལང་བའི། །ཆོས་རྣམས་སྙིང་རྗེ་གང་གིས་བསྟན། །སངས་རྒྱས་ཐོགས་མེད་མཁྱེན་པ་ཡི། །བསམ་མེད་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་དེ་ལྟར་བཞུགས་པའི་ཚེ་འཁོར་རྣམས་ཅི་མཛད་ཅེ་ན། དེ་ནས་ [267a.5]ཞེས་བྱ་བ་ལ་སོགས་པ་གོ་སླའོ། །རྣམ་པར་མི་རྟོག་པ་ཐོབ་ཅེས་བྱ་བ་ནི་མཉམ་པ་ཉིད་ཐ་མི་དད་པའོ། །ཅང་མི་གསུང་ཞེས་བྱ་བ་ནི་ཐེ་ཚོམ་ཁོང་དུ་ཆུད་པའོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་སྒྲོལ་མས་ཞུས་པའི་གསང་བ་མཆོག་གི་ལེའུ་བཞི་པའི་བཤད་པའོ།། །། [267a.6]གསང་བ་མཆོག་གི་རྒྱུད་འདི་ནི། །བདག་གི་སྤྱོད་ཡུལ་མ་ཡིན་ཡང་། །བློ་དམན་རྣམས་ལ་སྨན་སླད་དུ། །རྣམ་པར་བཤད་པ་འདི་བརྩམས་སོ། །འདི་ཕྱི་དགེ་བ་གང་བསགས་པ། །བདག་ཀྱང་དགེ་དེས་དོན་རྟོགས་ནས། །གཞན་ཡང་དེ་ལ་དགོད་པ་དང་། །བྱང་ཆུབ་ [267a.7]དམ་པ་ཐོབ་པར་ཤོག །ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ཀྱི་བཤད་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྲན་པ་ཡེ་ཤེས་གྲགས་པས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།