Derge Tengyur

- Annotations   ·   No Other Contributors   ·   Out of copyright

[1a] [1b] [1b.1]{T2501}༄༅༅། །རྒྱ་གར་སྐད་དུ། ཏནྟྲཱརྠ་ཨ་བ་ཏཱ་ར། བོད་སྐད་དུ། རྒྱུད་ཀྱི་དོན་ལ་འཇུག་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣམ་སྣང་མཛད་ཆེན་ཡེ་ཤེས་ནི། །བདེ་ [1b.2]བར་གཤེགས་པའི་ཐུགས་ལ་གནས། །རྡོ་རྗེ་དབྱིངས་ལ་སོགས་པའི་གཟུགས། །སངས་རྒྱས་ལ་སོགས་འཁོར་ལོ་བསྐོར། །དེ་ལྟར་ཆོས་ཀྱི་སྐུ་དང་ནི། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། ། [1b.3]རྣམ་སྣང་མཛད་དང་ཐུབ་པ་ཡང་། །རྒྱུད་འདི་སྟོན་པ་དག་བསྟོད་ནས། །དེ་ཉིད་བསྡུས་པའི་རྒྱུད་ལས་ནི། །དེ་ཉིད་རྣམ་སྒྲུབ་རིམ་པ་ཞིག །མཁས་པ་དགའ་བ་བསྐྱེད་པའི་ཕྱིར། །ལེགས་པར་བསྡུས་ [1b.4]ཏེ་བཤད་པར་བྱའོ། །རྒྱུད་འདི་ཤིན་ཏུ་ཟབ་ཅེས་ལ། །མཚན་མ་ཐ་དད་རབ་ཏུ་བསྟན། །དེ་བས་དེ་ལ་འཇུག་པ་ཙམ། །བདག་གིས་སུ་ནི་འདི་བགྱིས་སོ། །མི་གཉིས་ཡེ་ཤེས་སྤྱོད་ཡུལ་བ། །ཚིག་གི་ [1b.5]སྤྲོས་པ་མ་ལུས་གྲོལ། །དུས་ཀུན་དུ་ནི་དེ་བཞིན་པས། །དེ་ཉིད་ཅེས་ནི་བཅོམ་ལྡན་གསུངས། །དེ་ཕྱིར་ཡེ་ཤེས་གང་འཇུག་པ། །དེ་ལའང་དེ་ཉིད་ཅེས་སུ་བསྒྲགས། །གང་ཕྱིར་དེ་ཉིད་སྤྱོད་ཡུལ་བར། ། [2a] [2a.1]ནམ་ཡང་སླུ་བར་མི་འགྱུར་ཕྱིར། །དེ་ཉིད་བསྡུས་པའི་རྒྱུད་ལས་ནི། །ཀུན་རྫོབ་བདེན་པ་ལ་གནས་ནས། །དེ་ཉིད་མཚན་ཉིད་གཞན་བསྟན་པ། །དེ་དག་མཉན་པ་ཉིད་དུ་གྱིས། །རང་གི་ཡེ་ཤེས་མཐུ་ཡི་མཚན། ། [2a.2]རྡོ་རྗེ་དབྱིངས་ལ་སོགས་མཚན་ཉིད། །འགྲོ་བའི་དོན་ལ་མི་སླུ་བས། །དེ་ཉིད་ཅེས་ནི་རྒྱལ་བས་གསུངས། །ཇི་ལྟར་ཞེ་ན། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་སྔགས་ཀྱི་སྤྱོད་པ་ལ་མོས་པའི་སེམས་ཅན་གྱི་ཚོགས་རྣམས་ཀྱི་དོན་ [2a.3]རྣམ་པ་མང་པོ་གཟིགས་ནས་སངས་རྒྱས་ཀྱི་ཞིང་སྟུག་པོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་སྤྲུལ་པ་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པ་ལ་མངོན་པར་བྱང་ཆུབ་པ་ལ་རྣམ་པ་ལྔ་བསྟན་ཏེ། །རྡོ་རྗེ་དབྱིངས་ [2a.4]དེ་བཞིན་གཤེགས་པའི་གཟུགས་སུ་བྱིན་གྱིས་བརླབས་ནས། །རང་གི་ཡེ་ཤེས་རྟོགས་པའི་གནས་སྐབས་ཀྱི་ཁྱད་པར་བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ [2a.5]ནོར་བུ་རིན་པོ་ཆེ་ལྟ་བུ་འབྲས་བུའི་ངོ་བོ་བླ་ན་མེད་པ། ཀུན་དུ་བཟང་པོའི་སེམས་ཞེས་བྱ་བ་རྡོ་རྗེ་ལྟར་མི་ཤིགས་པ་དེའི་རྒྱུའི་གནས་སྐབས་ན་གནས་པ་དེའི་རིགས་ཀྱི་བདག་ཉིད་དང་བཅས་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ [2b] [2b.1]ཅད་ཀྱི་སེམས་ཀྱི་རྒྱལ་པོ་ལྟ་བུར་རང་གི་སེམས་ཀྱི་བདག་ཉིད་བསྟན་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀུན་དུ་བཟང་པོ་དེ་ཉིད་རང་གི་ངོ་བོའི་བྱེ་བྲག་གིས་མི་བསྐྱོད་པ་དང་། རིན་ཆེན་དབང་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པའི་བདེ་བར་གཤེགས་པ་ཞེས་བྱ་བ་ [2b.2]རྣམས་སུ་ཁ་དོག་དང་དབྱིབས་ཇི་ལྟར་གྲགས་པ་བཞིན་བརྟགས་ནས། དེ་རྣམས་ལས་ཀྱང་ཇི་ལྟར་གནས་པའི་རིམ་པ་བཞིན་དུ་རང་གིས་རྟོགས་པའི་མཐུའི་ཁྱད་པར་གྱི་ངོ་བོ་དེ་བཞིན་ཉིད་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ [2b.3]ཤེས་ཞེས་བྱ་བ་རྣམས་སུ་རང་གི་ངོ་བོ་ཐ་དད་པར་བསྟན་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་བདག་ཉིད་ཀུན་དུ་བཟང་པོའི་སེམས་བསྐྱེད་པ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་ག་ན་གནས་པར་བརྟག་པ་སྔོན་དུ་བྱས་ཏེ། [2b.4]ཇི་ལྟར་འདོད་པའི་སེམས་དཔའ་ཆེན་པོ་རྣམས་བསྐྱེད་པ་དང་རྗེས་སུ་མཐུན་པའི་བདེ་བར་གཤེགས་པའི་ཏིང་ངེ་འཛིན་གྱི་དབང་གིས་དེ་ལས་བྱུང་ནས་རིམ་པ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་དགའ་བ་ལ་སོགས་པ་ཕལ་ཆེར་རང་གི་མིང་དང་ [2b.5]སྔགས་ཀྱི་ཚིག་དང་། དེ་དག་རྗེས་སུ་མཐུན་པའི་ཕྱག་རྒྱས་ཕྱག་གཉིས་མཚན་པ། དཔེ་མེད་པའི་སྐུའི་ཆ་ལུགས་འཛིན་པ་རང་གི་ངོ་བོའི་བྱེ་བྲག་ཏུ་བྱིན་གྱིས་བརླབས་ཏེ་གནས་སོ། །དེ་རྣམས་ལས་ཀྱང་བཅོམ་ལྡན་འདས་ཀུན་དུ་བཟང་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་ [2b.6]གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་དུས་གསུམ་དུ་འཇུག་པ་དེ་ཉིད་བདེ་བར་གཤེགས་པ་འགུགས་པ་དང་། རྗེས་སུ་ཆགས་པ་དང་། མཉེས་པ་ལ་སོགས་པ་མཐུའི་བྱེ་བྲག་ངོ་མཚར་རྣམས་སུ་བསྟན་ཏོ། །དེ་ནས་ཡང་དེ་དག་དང་པོ་ཉིད་དུ་དེ་བཞིན་གཤེགས་པ་ [2b.7]ཉིད་ལས་བྱུང་བའི་ཕྱིར་རྒྱལ་བའི་རིགས་ཞེས་གྲགས་སོ། །ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐྱེ་དགུའི་བདག་པོ་དེ་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྡོ་རྗེ་འཛིན་པ་དང་། འཇིག་རྟེན་དབང་པོ་དང་། ནམ་མཁའི་སྙིང་པོ་རྣམས་རང་གིས་བརྟགས་པའི་སྐུ་ལ་སྙིང་ [3a] [3a.1]པོ་གནས་པར་བསྟན་ནས། དེའི་རྗེས་སུ་མཐུན་པར་སྐུའི་ཚོགས་དུ་མར་གྱུར་ཏེ། དེ་དག་ཉིད་ཀྱི་ཕྱག་ན་གནས་པའི་ཕྱག་རྒྱའི་མཚན་མ་རྡོ་རྗེ་དང་པདྨ་ལ་སོགས་པ་ལས་བྱུང་ནས་རྣམ་པ་མང་པོར་གནས་པར་བརྟགས་སོ། །དེ་རྣམས་ཀྱང་བཅོམ་ལྡན་འདས་ཏིང་ངེ་ [3a.2]འཛིན་ཐམས་ཅད་ཀྱི་དབང་ཕྱུག་དེ་ཉིད་རང་གིས་བྱས་པའི་སྐུའི་ཚོགས་ཀྱི་བྱེ་བྲག་གདུག་པ་མང་པོ་འདུལ་བ་དང་། རྣམ་པར་དག་པའི་ཆོས་ལ་གཟིགས་པ་དང་། སྐྱེ་བོ་ཕོངས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ལ་སོགས་པ་བདེ་བར་གཤེགས་པ་མཐའ་དག་གི་ཡོན་ [3a.3]ཏན་གྱི་ཁྱད་པར་མཐའ་ཡས་པའི་རང་བཞིན་རྣམས་ཁྱད་པར་མེད་པར་ཡང་དག་པར་བསྐྱེད་དོ། །རྡོ་རྗེ་དང་། པདྨ་དང་། རིན་པོ་ཆེའི་རིགས་ལ་སོགས་པ་ཡང་རྡོ་རྗེ་ལ་སོགས་པ་ལས་བྱུང་བའི་ཕྱིར་དེ་དག་རྣམ་པར་བཀོད་དོ། །དེ་དག་ཀྱང་རྒྱས་པར་རྒྱུད་འདི་ཉིད་དུ་རིགས་སོ་སོའི་དཀྱིལ་འཁོར་ [3a.4]གྱི་ལྷ་སེམས་དཔའ་འབྱུང་བ་ལས་བསྟན་ཏེ། དེ་བཞིན་དུ་རྒྱུད་འདིར་གཏོགས་པའི་རིགས་བཞིའི་དཀྱིལ་འཁོར་གྱི་ལྷ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་སེམས་དཔའི་མཚན་ཉིད་དེ་རྣམས་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་སྒྲུབ་པའི་ [3a.5]ཏིང་ངེ་འཛིན་བསྟན་པ་ལས་བཤད་པ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ནམ་མཁའི་དབྱིངས་ཐམས་ཅད་ན་རྟག་ཏུ་ཁྱབ་པར་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པར་འཇུག་པས་རྡོ་རྗེ་དབྱིངས་རྟོགས་པའི་ཡེ་ [3a.6]ཤེས་ཀྱི་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་བཤད་པ་ནས་ཀུན་དུ་བཟང་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ལ་གནས་སོ་ཞེས་བྱ་བའི་བར་དུ་དེ་ལྟར་གསལ་བར་བསྟན་མོད་ཀྱི། འདིར་ཡང་མདོར་བསྟན་ཏེ། ཇི་སྐད་དུ། བཅོམ་ལྡན་ [3a.7]སེམས་དཔའ་དེ་ཉིད་ནི། །རྡོ་རྗེ་སེམས་དཔའ་བདག་ཉིད་གཙོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །སེམས་དཔའ་བརྟན་པ་རང་བྱུང་བ། །སེམས་དཔའ་རྣམས་ཀྱི་སེམས་དཔའ་མཆོག །ཐུགས་ཀར་རྡོ་རྗེ་བསྒོམས་པས་ནི། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ། །རྡོ་རྗེ་ལ་རབ་ཏུ་ [3b] [3b.1]གནས། །དེ་ཉིད་ཡེ་ཤེས་ཚུལ་གྱིས་སུ། །སངས་རྒྱས་རྣམས་ཀྱི་འོད་མཉམ་མེད། །ཐུགས་ལས་སྣ་ཚོགས་བྱུང་ནས་ནི། །སྣ་ཚོགས་གཟུགས་སུ་གྱུར་པ་ཡང་། །སེམས་ཅན་ཀུན་གྱི་རྡུལ་སྙེད་ཀྱི། །རྒྱལ་བ་དག་ཏུ་དེ་ཉིད་གྱུར། །རྡོ་རྗེ་སྐུ་ནི་དེ་རྣམས་ལས། །རྡོ་རྗེ་ [3b.2]སེམས་དཔའ་ཡང་དག་བྱུང་། །དེ་ལས་དང་པོའི་སེམས་དཔའ་ཡི། །མཚན་མ་ཐམས་ཅད་རབ་ཏུ་བྱུང་། །མཚན་མ་ལས་ཀྱང་སེམས་དཔའ་ཆེ། །དེ་རྣམས་ལས་ཀྱང་ཚུལ་འདི་ཀུན། །ཞེས་བྱ་བ་གསུངས་སོ། །དེ་ཉིད་བསྡུས་པ་ཆེན་པོ་ལས་ཀྱང་། །བཅོམ་ལྡན་རྣལ་ [3b.3]འབྱོར་དེ་ཉིད་ནི། །རྡོ་རྗེ་སེམས་དཔའ་དོན་ཆེན་སྩོལ། །རིགས་ལྔ་ཡི་ནི་ཁྱད་པར་གྱིས། །སྤྱོད་དང་མི་སྤྱོད་བཅས་པར་རོལ། །ཞེས་གསུངས་སོ། །དཔལ་མཆོག་དང་པོ་ལས་ཀྱང་དོན་འདི་ཉིད་གཞུང་འདིས་བསྟན་ཏེ། སྔོན་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་ [3b.4]དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཐམས་ཅད་བདག །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །སེམས་ཅན་ཀུན་གྱི་སེམས་གང་ཡིན། །བརྟན་པའི་ཕྱིར་ནི་དཔའ་ཞེས་བྱ། །མཉམ་པར་གཞག་པས་ཏིང་འཛིན་གནས། །ངེས་པ་ལས་ནི་རྡོ་རྗེར་གྱུར། །སེམས་དཔའི་ [3b.5]བྱིན་རླབས་ཚུལ་གྱིས་ནི། །བདག་ཉིད་རྡོ་རྗེ་སེམས་དཔར་གྱུར། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །བྱང་ཆུབ་སྤྱོད་པའི་རྗེས་མཐུན་པ། །བདུད་དང་བདུད་ལས་རྒྱལ་བ་ཉིད། །བྱང་ཆུབ་སངས་རྒྱས་དེ་ཉིད་དེ། །རྡོ་རྗེ་དྲག་པོ་མཐར་བྱེད་པ། །ཕྱག་ན་རྡོ་རྗེ་ཉིད་ཀྱང་དེ། །དེ་ཉིད་དེ་ [3b.6]བཞིན་གཤེགས་པའི་རིགས། །ངེས་པར་རྡོ་རྗེ་རིགས་ཆེན་པོ། །དེ་ཉིད་པདྨའི་རིགས་དག་པ། །དེ་ཉིད་ནོར་བུའི་རིགས་བཟང་བཤད། །དེ་ཉིད་ཆགས་པའི་སྒོ་རུ་བསྟན། །འདོད་དང་གྲོལ་བ་དེ་ཉིད་དེ། །དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ། །འཇིག་རྟེན་གསུམ་མཆོག་ [3b.7]ཁམས་གསུམ་པ། །དེ་ཉིད་གནས་པ་ཀུན་གྱི་མཆོག །བརྟན་ལ་སྲ་བ་ཆེ་ཞིང་སྟུག །འགྲོ་བའི་སེམས་ནི་འདུས་བྱས་པས། །ཐམས་ཅད་བྱེད་པ་ཐམས་ཅད་ཉིད། །ཅེས་གསུངས་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་རིགས་སོ་ཞེས་ཀྱང་ [4a] [4a.1]རྣལ་འབྱོར་གྱི་ཚུལ་ལས་བསྟན་ཏོ། །དེ་ཉིད་ལས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པར་ཡང་བསྒྲགས་ཏེ། འདི་སྐད་དུ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆུང་ངུ་ལས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ [4a.2]ལྡན་འདས་རྡོ་རྗེ་སེམས་དཔའ་བདག་ཉིད་ཆེ་བ་བསྟན་པ་ལས་བཤད་པ། །དེ་བཞིན་གཤེགས་པས་ཕྱག་བྱ་ཞིང་། །མཆོད་ཅིང་བསྟོད་དེ་བཀུར་བར་འོས། །གང་ཕྱིར་ཐམས་ཅད་མཁྱེན་པའི་སེམས། །བྱང་ཆུབ་སེམས་ནི་ཁྱོད་ལ་བྱ། །རྫོགས་པའི་བྱང་ཆུབ་ཁྱོད་ལ་ [4a.3]བརྟེན། །ཁྱོད་ནི་ཐམས་ཅད་གཟིགས་པའི་ཡབ། །བྱུང་དང་འབྱུང་བར་འགྱུར་བ་ཡི། །དེ་བཞིན་གཤེགས་རྣམས་ཁྱོད་ལ་བརྟེན། །སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན། །བརྟན་པས་དེ་བཞིན་གཤེགས་རྣམས་ཀྱིས། །རྡོ་རྗེ་སེམས་དཔའ་བཤད་པ་སྟེ། ། [4a.4]ཐམས་ཅད་གཟིགས་པའི་སྙིང་པོ་ཡིན། །དེ་བཞིན་གཤེགས་པ་ཀུན་དེ་ཉིད། །སངས་རྒྱས་ཡེ་ཤེས་བླ་ན་མེད། །དད་པས་གང་ཞིག་དད་དེ་ཡང་། །དེ་བཞིན་གཤེགས་པས་ཕྱག་བྱར་འོས། །ཞེས་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ཉིད་རྣམ་པ་དུ་མར་དེ་ཁོ་ [4a.5]ན་ཉིད་ཅེས་བྱ་བར་འགྲོ་བའི་དོན་མཛད་པའི་ཕྱིར་བཞུགས་པར་བློ་གྲོས་རབ་ཏུ་དྲི་མ་མེད་པ་རྣལ་འབྱོར་གྱི་བདུད་རྩིའི་བཅུད་ལེན་འདོད་པའི་སེམས་ཅན་དམ་པ་རྣམས་ཀྱིས་ཤེས་པར་བྱའོ། །གང་གི་ཕྱིར་དངོས་གྲུབ་ཁྱད་པར་ཅན་ཇི་ལྟར་འདོད་པའི་བདེ་བ་འབྱུང་བ་རྣམས་ཀྱང་དེ་དག་དང་ [4a.6]མཉམ་པར་ལྡན་ན་བདེ་བ་ཉིད་ཀྱིས་དེའི་གོ་འཕང་མྱུར་དུ་ཐོབ་སྟེ། བདག་ཉིད་ཆེན་པོ་སྲས་དང་བཅས་པ་དེ་དག་མཉེས་པར་བྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ནུས་པའི་དབང་ཕྱུག་ཆེན་པོའི་དངོས་གྲུབ་སྩོལ་བར་མཛད་དོ། །དེ་བས་ན་གང་བདག་ཉིད་ཆེ་བ་རང་བཞིན་གྱིས་ [4a.7]རླབས་ཆེ་བས། དེ་སེམས་ཅན་གྱི་ཚོགས་ཆེན་པོ་ལ་རྣམ་པ་ཐམས་ཅད་ཀྱིས་ཕན་འདོགས་པར་བསྒྲུབ་པར་བྱ་བའི་ཕྱིར་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པའི་ཚོགས་ལ་གནས་པ་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་རྒྱུན་མི་འཆད་པར་འགྲོ་བ་མཐའ་དག་གི་དོན་མཛད་ [4b] [4b.1]པའི་བདེ་བ་རིང་པོར་མི་ཐོགས་པར་ཐོབ་པར་འདོད་པ་དེ་ལ་དེའི་ཕྱིར་སངས་རྒྱས་སྲས་དང་བཅས་པས་དེ་དག་ཐོབ་པར་བྱར་རུང་བ་ཉིད་དུ་དགོངས་པ་ཆེན་པོ་མཛད་དོ། །དེ་རྣམས་ཀྱིས་ཀྱང་དེའི་ཕྱིར་སྒྲུབ་པའི་ཐབས་སུ་རང་གིས་བརྟགས་པའི་ལྷའི་ངོ་བོ་ཉིད་ཀྱི་བྱེ་བྲག་ཏུ་གྱུར་པ་ཕྱག་རྒྱ་ཆེན་པོ་ [4b.2]ལ་སོགས་པ་བཞི་འདིར་བསྟན་ཏེ། ཇི་སྐད་དུ། ཇི་ལྟར་འཇིག་རྟེན་འདུལ་གྱུར་པ། །དེ་ལྟར་དངོས་གྲུབ་མྱུར་དུ་བསྟན། །དེ་ལ་ཐབས་ནི་ཕྱག་རྒྱ་ཆེ། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་པ། །ཇི་ལྟར་ཕྱག་རྒྱས་འགྲུབ་འགྱུར་བ། །དེ་ལྟར་བྱང་ཆུབ་སྤྱོད་ལ་སོགས། །ཐབས་ཀུན་ཆོ་ [4b.3]གའི་རིམ་པས་ཀྱང་། །སངས་རྒྱས་སེམས་ཅན་དོན་མི་འགྲུབ། །ཅེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་མཉེས་པར་བྱ་བ་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་རིགས་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གཏོགས་པར་གསུངས་པ་ཉི་ཚེ་སྐབས་འདིར་གླེང་བར་རིག་པར་ [4b.4]བྱ་སྟེ། གང་གི་ཕྱིར་ཞེ་ན། དེ་དག་ཉིད་མཉེས་པར་བྱ་བའི་ཕྱིར་ཆོ་ག་བསྡུས་པ་ཡིན་ཏེ། དེ་བས་ན་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱའི་སྒྲ་རྣམས་སྤྱིའི་རྒྱུད་ནས་བཤད་པར་བྱའོ། །དེ་ལ་ལྷ་ཉིད་ཀྱིས་དེའི་བདག་ཉིད་དམ། དེའི་ཆ་ཤས་ཀྱིས་གང་ཁྱད་པར་ [4b.5]མེད་པ་བསྟན་པ་དེ་དག་ནི་ཕྱག་རྒྱ་ཞེས་བྱ་སྟེ་མཚན་མ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་དང་མཚན་མ་དང་། རྟགས་དང་། ཉེ་བའི་མཚན་ཉིད་ཅེས་བྱ་བ་རྣམས་ནི་དོན་ཐ་དད་པར་མ་ཡིན་ཏེ། ཇི་ལྟ་ཞེ་ན། ལྷའི་ངོ་བོ་ཉིད་དམ། དེའི་ཆ་ཤས་ཀྱིས་བྱེ་བྲག་མེད་པར་བརྟགས་ཏེ་སྒྲུབ་པ་པོས་ལྷ་གང་ [4b.6]རྗེས་སུ་དྲན་པར་འདོད་པ་དེ་ལ་དམིགས་ནས་དྲན་པ་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་འདི་དེའི་ཉེ་བའི་མཚན་ཉིད་དོ། །དེ་བས་ན་དོན་དེ་རྒྱུད་འདི་ཉིད་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཉིད་ལས་ཀྱང་གསལ་བ་ཉིད་དུ་བསྟན་ཏེ། ཇི་སྐད་དུ་རེ་ཞིག་འདི་ཉིད་ལས། །འདའ་དཀའ་ [4b.7]དེ་བཞིན་མི་ཤིགས་པ། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་རྟགས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །དེ་བས་ཕྱག་རྒྱ་ཞེས་བསྒྲགས་སོ། །ཞེས་གསུངས་སོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས་ཀྱང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །གཟུགས་ [5a] [5a.1]བརྙན་གྱི་ནི་སྦྱོར་བ་ཡིས། །ཕྱག་རྒྱ་ཐམས་ཅད་ཁྱད་པར་འདི། །བསྐྱེད་པར་རབ་ཏུ་བསྒྲགས་པ་ཡིན། །ཞེས་བཤད་ནས་དོན་དམ་པ་དེ་ཁོ་ན་ཉིད་ཕྱག་རྒྱ་ཡིན་ནོ་ཞེས་ཀྱང་བཤད་དོ། །འདིར་གཟུགས་བརྙན་ཞེས་སྨོས་པ་ནི་ལྷའི་མཚན་མའི་མཚན་ཉིད་ [5a.2]དུ་བསྟན་པ་སྟེ། དེའི་ཕྱིར་མི་འདྲ་བའི་མཚན་མ་ལ་ཡང་གཟུགས་སུ་བཤད་པས་ན་མཚན་ཉིད་མ་རྫོགས་པ་ལ་སོགས་པའི་ཉེས་པར་ཡང་མི་འགྱུར་རོ། །དོན་དམ་པ་ཞེས་བྱ་བ་ཡང་འདིར་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ཡིན་པར་བལྟའོ། །གཞུང་གཞན་དག་ལས་ [5a.3]ཀྱང་དོན་དམ་པའི་ལྷའི་མཚན་མའི་མཚན་ཉིད་ཕྱག་རྒྱ་ཡིན་པར་བསྟན་ཏེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ནི་མདོ་རུ་ན། །མཚན་མའི་ཕྱག་རྒྱ་ཆེ་ཞེས་བྱ། །ཞེས་གསུངས་སོ། །དེ་ལ་ཆོས་ཀྱི་དབྱིངས་ཞེས་བྱ་བའི་སྒྲ་ནི་དོན་དམ་པ་དང་། དེ་དང་འབྲེལ་བའི་ལྷའི་ཁྱད་པར་རྣམས་ལ་བྱ་སྟེ། [5a.4]དཔེར་ན་སྐབས་ཁ་ཅིག་ཏུ་རྒྱལ་པོ་ཞེས་བྱ་བའི་སྒྲས་རྒྱལ་པོ་དང་། དེ་དང་འབྲེལ་བའི་འཁོར་ལའང་བྱ་བ་བཞིན་ནོ། །ཆོས་ཀྱི་དབྱིངས་དང་འབྲེལ་པར་བརྗོད་པ་དེ་ཡང་གང་ཡིན་ཞེ་ན། གང་དག་གིས་དེ་རྟོགས་ནས་རྣམ་པར་དག་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཇི་ལྟར་ [5a.5]རིགས་པར་འབྱུང་བ་སྟེ་དེ་བས་ན། འདུས་མ་བྱས་ལས་བྱུང་བ་ནི་འཕགས་པའི་གང་ཟག་གོ་ཞེས་བྱ་བ་ཡང་དེ་ཉིད་ལ་བྱའོ། །ཡོངས་སུ་མ་དག་པའི་ལྷར་སྣང་བ་རྣམས་ཀྱང་ཡང་ན་ནི་དེ་ལྟ་བུས་འདུལ་བའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་དེ་བཞིན་གཤེགས་པས་བྱིན་གྱིས་ [5a.6]བརླབས་པ་ཉིད་དམ། ཡང་ན་ནི་ཆོས་ཀྱི་དབྱིངས་ཀྱི་ཕྱོགས་ལ་གོམས་པར་བྱས་པ་ལས་བསོད་ནམས་བསྐྱེད་པའི་སྐྱེ་བོ་ཐོབ་པ་དག་དེ་ལྟ་བུར་སྣང་ངོ་། །ཡང་ཡེ་དེ་རྣམས་ཀྱང་ཆོས་ཀྱི་དབྱིངས་དང་འབྲེལ་པ་ཉིད་དུ་ཤེས་པར་བྱ་སྟེ། དེ་བས་ན་ཐམས་ཅད་དུ་ཕྱག་རྒྱའི་མཚན་ཉིད་མཐུན་ [5a.7]པ་ཉིད་དུ་འགྱུར་རོ། །ཕྱག་རྒྱ་དེ་ཡང་འདིར་སྐུ་ལ་སོགས་པའི་བྱེ་བྲག་གིས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དང་། ལས་ཀྱི་དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་དང་རྣམ་པ་བཞིར་བསྟན་ཏེ། དེ་ལ་ལྷའི་སྐུའི་གཟུགས་བརྙན་ནི་ཕྱག་རྒྱ་ཆེན་པོ་སྟེ། ཇི་ལྟར་ཞེ་ན་འདྲ་བའི་ཕྱིར་ལྷ་དེ་དྲན་ [5b] [5b.1]པའི་རྒྱུར་ཆེ་བས་ན་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེའི་མཚན་ཉིད་ཀྱང་རྒྱུད་འདི་དང་གཞན་ལས་ཀྱང་ཕྱག་རྒྱ་ཆེན་པོའི་ཆོ་ག་ལས་ཀྱང་བསྟན་ཏེ་ཇི་སྐད་དུ་རྒྱུད་འདི་ལས། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །གཟུགས་བརྙན་གྱི་ནི་སྦྱོར་བ་ཡིས། །བདག་ཉིད་ཆེན་པོ་ཕྱག་རྒྱ་ཆེ། ། [5b.2]དེ་ལྟར་ཤེས་ན་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་རྒྱུད་གཞན་དག་ལས་ཀྱང་། སྐུ་གསུང་ཐུགས་ནི་རྡོ་རྗེ་དག །ཇི་ལྟར་བྲིས་པའི་ཚུལ་བཞིན་དུ། །མཚན་མའི་ཕྱག་རྒྱ་དང་ལྡན་ན། །སེམས་དཔའ་ཆེན་པོ་ཉིད་དུ་འགྱུར། །ཞེས་གསུངས་སོ། ། [5b.3]དེ་ལ་བྲིས་པའི་ཚུལ་བཞིན་དུ་ཞེས་བྱ་བ་ནི་ལྷའི་སྐུའི་གཟུགས་བརྙན་ཇི་ལྟར་བྲིས་པ་མཚན་མར་བརྟག་པ་སྔོན་དུ་བྱས་ཏེ། དེའི་རྗེས་སུ་མཐུན་པར་ཡིད་ཀྱིས་ལྷའི་སྐུའི་གཟུགས་བརྙན་ཉིད་ཇི་ལྟར་རིགས་པར་བདག་དང་། ལྷ་དེ་བྱེ་བྲག་མེད་པར་བསམ་མོ་ཞེས་བྱ་བའི་དོན་ཏོ། །ལྷའི་ [5b.4]སྐུའི་གཟུགས་ཀྱང་འདིར་རྣམ་པ་གཉིས་ཏེ་གཅིག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ལྷའི་སྐུའོ། །དེ་ལས་གཞན་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་སྟེ་ཕྱག་རྒྱ་ལྷའི་སྐུའོ། །དེ་གཉིས་ལས་གཟུགས་ཀྱི་ལྷ་མོ་རྣམས་ནི་དེ་ལྟ་བུས་འདུལ་བའི་འགྲོ་བའི་དབང་གིས་ཕྱག་རྒྱ་ལ་ [5b.5]སོགས་པ་ཡན་ལག་མང་པོའི་མཚན་ཉིད་དུ་བུད་མེད་ཀྱི་གཟུགས་སྦས་ནས། དེའི་བརྡར་གྱུར་པ་མཆོད་རྟེན་ཁྲི་ལ་བཞུགས་པ་ལ་སོགས་པ་ཕྱག་རྒྱའི་གཟུགས་སུ་འདིར་བསྟན་ཏོ། །དེ་བས་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱ་ཞེས་བྱ་བ་བྲིས་པའམ། བྱས་ [5b.6]པའམ། ངོ་བོ་གཟུགས་སམ་དེ་བསྒོམས་པ་ལས་བྱུང་བ་ནི་གཟུངས་ཀྱི་ལྷ་མོའི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །ཡང་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་དེ་དག་ཉིད་ཀྱི་ཕྱག་རྒྱ་ལག་པར་བཀོད་ཅིང་བཅིངས་པ་དག་ཀྱང་གཟུངས་ཀྱི་ལྷ་མོ་དེ་དག་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་རང་གི་ངོ་ [5b.7]བོ་སྟོན་པར་བྱེད་པ་ཡིན་ཏེ། དེའི་རྗེས་སུ་མཐུན་པར་ལྷ་མོ་དེ་རྣམས་ཀྱི་སྐུ་དྲན་པར་བསྐྱེད་པའི་ཕྱིར་བསྟན་པར་རིག་པར་བྱའོ། །ཕྱག་རྒྱ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ཕྱི་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དེ་ལ་བྲིས་པ་ལ་སོགས་པའི་གཟུགས་ནི་ཕྱི་རོལ་གྱིའོ། །དེ་ལས་ [6a] [6a.1]གཞན་པ་ལྷའི་སྐུའི་གཟུགས་བརྙན་ཡིད་ཀྱིས་བསམས་པ་ནི་ནང་གི་ཡིན་ཏེ། འདི་ནི་ཕྱག་རྒྱ་ཆེན་པོའི་དོན་བསྟན་པའོ། །དམ་ཚིག་གི་ཕྱག་རྒྱའི་དོན་བཤད་པར་བྱ་སྟེ། དེ་ལ་དམ་ཚིག་གི་ཕྱག་རྒྱ་མཚན་མ་སོར་མོ་བཀོད་པའི་བདག་ཉིད་ནི་དམ་ཚིག་གི་ཕྱག་རྒྱ་ [6a.2]སྟེ། བདག་ཉིད་ཆེན་པོ་རྣམས་ཀྱི་ཐུགས་གསང་བ་ནི་དམ་ཚིག་ཅེས་བྱ་བའི་སྒྲར་བརྗོད་དེ། རྒྱུད་ནས་བཤད་པ་ནི་ཡང་དག་པར་འཐོབ་པའམ། རྟོགས་པར་བྱ་བའི་ཕྱིར་རམ། མི་འདའ་བའི་དོན་དུ་དམ་ཚིག་ཅེས་བྱའོ། །གང་གི་ཕྱིར་ཞེ་ན། དེ་རང་གི་ཡུལ་གྱི་དེ་ཁོ་ན་ཉིད་ནི་དམ་ཚིག་གི་ [6a.3]ཕྱག་རྒྱ་སྟེ། བདག་ཉིད་ཆེན་པོ་རྣམས་ཀྱིས་མི་འདའ་བའི་ངོ་བོ་ཞེས་སྔར་བཤད་པ་ཡིན་ནོ། །དེ་ལྟ་བས་ན་ལྷའི་ཐུགས་གསང་བའི་མཚན་མ་ནི་དམ་ཚིག་ཅེས་བཤད་པའི་དོན་ཏེ། དེ་བས་ན་རྒྱུད་འདི་ཉིད་དང་གཞན་ལས་ཀྱང་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ན་བསྒྲུབ་པར་བྱ་བའི་དམ་ཚིག་ [6a.4]གི་ཕྱག་རྒྱ་བཅིངས་ཏེ་སྙིང་གའི་ཕྱོགས་སུ་བཞག་ལ་རང་གི་སྙིང་གར་སེམས་རྡོ་རྗེར་བསམ་མོ་ཞེས་བཤད་དོ། །དེའི་མཚན་ཉིད་ཀྱང་གཞུང་ཆེན་པོ་ལས་བཤད་པ། རང་གི་སེམས་ནི་རབ་རྟོགས་པས། །ཟླ་བ་ལས་ནི་རྡོ་རྗེ་བསྒོམ། །རྣམ་གསུམ་གཅིག་ཏུ་བསྒོམ་པ་ནི། །ཐུགས་ [6a.5]ཀྱི་གསང་བ་འདི་ཡིན་ནོ། །ཞེས་གསུངས་སོ། །ཐུགས་ཀྱི་མཚན་མ་གང་ཡིན་པ་དེ་ནི་དེའི་དོན་དུ་ན་དེའི་གནས་ཀྱི་མཚན་མ་ཡང་ཡིན་པར་རིག་པར་བྱ་སྟེ། ཤེས་པ་དང་ཤེས་པ་པོ་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་ལས་ཀྱང་། སྐུ་གསུང་ཐུགས་ནི་རྡོ་རྗེ་ [6a.6]རྣམས། །སོར་མོ་སྦྲེལ་བས་བརྟན་པ་སྟེ། དམ་ཚིག་སེམས་ལས་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱ། །ཞེས་གསུངས་སོ། །སྐུ་དང་གསུང་དང་ཐུགས་གསང་བ་རྣམ་པར་དབྱེ་བ་ནི་དེའི་མཚན་མ་དང་བརྡས་གཞུང་འདི་ཉིད་དུ་དེ་རྣམ་པར་བཀོད་པས་འདུལ་བའི་ [6a.7]སེམས་ཅན་རྣམས་ལ་གཟིགས་ནས་བསྟན་ཏོ། །རྒྱུད་གཞན་དག་ལས་ནི་སྐུ་ལ་སོགས་པ་བསྡུས་པ་ཉིད་ལ་ཕལ་ཆེར་དམ་ཚིག་གི་ཕྱག་རྒྱར་བཏགས་པ་དག་སྣང་ངོ་། །ཡང་ན་སེམས་དཔའ་ཆེན་པོ་རྣམས་དེ་ལས་མི་འདའ་བས་ན་ལྷ་མི་འདའ་བའི་མཚན་ཉིད་ཀྱི་དམ་ཚིག་དང་ [6b] [6b.1]ལྡན་པའི་ཕྱིར་དམ་ཚིག་དང་ལྡན་པའི་ཕྱག་རྒྱ་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་བྱའོ། །ཡང་ན་དེ་དག་ཉིད་མི་འདའ་བ་ཡིན་པས་ན་དེ་ཉིད་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བའི་སྒྲར་བརྗོད་དེ། ཇི་སྐད་དུ། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱ་ [6b.2]དམ་ཚིག་ཅེས་སུ་བཤད། །སྐུ་གསུང་ཐུགས་ནི་བརྟན་པའི་ཕྱིར། །ཞེས་བྱ་བ་འདི་གསུངས་སོ། །ཕྱོགས་འདི་ལ་ནི་དམ་ཚིག་ཉིད་ཕྱག་རྒྱ་ཡིན་པས་ན་དམ་ཚིག་གི་ཕྱག་རྒྱའོ་ཞེས་རྒྱུད་ནས་བཤད་པར་བྱའོ། །གྲགས་པའི་སྒྲ་ནི་ཡུལ་སོ་སོར་ངེས་པར་ཤེས་པར་བྱ་སྟེ། དེ་བས་ [6b.3]ན་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་གདགས་པའི་རྒྱུ་སྲིད་དུ་ཟིན་ཀྱང་དེ་ལྟར་མི་བརྗོད་དོ། །དམ་ཚིག་གི་ཕྱག་རྒྱ་དེ་དག་ཀྱང་རྡོ་རྗེ་དང་། ལྕགས་ཀྱུ་དང་། མདའ་དང་། མཉེས་པ་ལ་སོགས་པར་འདུ་ཤེས་པ་སྟེ། རྡོ་རྗེ་ལ་སོགས་པའི་སྒྲ་དེ་རྣམས་ཀྱི་དགོངས་ [6b.4]པ་བཤད་པ་རྒྱུད་འདི་ལས་བཤད་དེ། འདི་སྐད་དུ། བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །རྡོ་རྗེ་སེམས་དཔའི་ཐུགས་ཀར་གནས། །དེ་བཞིན་གཤེགས་པའི་ཏིང་འཛིན་ནི། །སངས་རྒྱས་བྱང་ཆུབ་སྒྲུབ་པའོ། །ཤིན་ཏུ་འབིགས་པས་རྡོ་རྗེའོ། །མཆོག་ཏུ་སྦྱོར་ [6b.5]བས་ལྕགས་ཀྱུའོ། །ཕྲ་མོར་འབིགས་པས་མདའ་ཡིན་ནོ། །མགུ་བས་དགེ་བ་བྱེད་པ་སྟེ། །སྤྲས་པས་རིན་པོ་ཆེ་རུ་བཤད། །ཉི་མ་གཟི་བརྗིད་ཅེས་སུ་བརྗོད། །བསྒྲེང་བས་རྒྱལ་མཚན་ཞེས་བསྟན་ཏེ། །བཞད་པས་གད་མོ་ཞེས་སུ་གྲགས། །འདོད་ཆགས་དག་ [6b.6]པས་པདྨ་སྟེ། །ཉོན་མོངས་དགྲ་གཅོད་རལ་གྲིའོ། །དཀྱིལ་འཁོར་ཚུལ་བས་འཁོར་ལོ་སྟེ། །ཚིག་ཏུ་བརྗོད་པས་སྨྲ་ཞེས་བྱ། །སྣ་ཚོགས་ཐམས་ཅད་རྡོ་རྗེའི་ཕྱིར། །མི་ཚུགས་སྦྱོར་བས་གོ་ཆའོ། །འཇིགས་པས་སྦྱོར་བ་མཆེ་བ་སྟེ། །བཅིངས་པའི་ཚུལ་གྱིས་ཁུ་ཚུར་ [6b.7]རོ། །ཇི་ལྟར་བཅོམ་ལྡན་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་ཐམས་ཅད་དུ། །དེ་བཞིན་རྡོ་རྗེ་ལ་སོགས་མཚན། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཆོས་ཀྱི་ཚིག་གི་རང་བཞིན་གྱི་མཚན་མ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། བཛྲ་ཛྙཱ་ན་དང་། ས་མ་ཡ་ [7a] [7a.1]སྟྭཾ། ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དོ། །ཆོས་ཞེས་བྱ་བའི་སྒྲས་ནི་འདིར་གསུང་གི་བདག་ཉིད་ཀྱི་ལྷ་ནི་བཤད་པའི་ཆོས་ཉིད་ལ་བྱའོ། །གང་གི་ཕྱིར་དེ་བདག་ཉིད་ཆེན་པོ་རྣམས་ཀྱི་གསུང་ཐམས་ཅད་ནི་དོན་དམ་པའི་ཆོས་སྟོན་པ་དང་། གཞན་ལ་ཕན་པ་སྟོན་པའི་ [7a.2]ངོ་བོ་ཡིན་པས་ནི་བཤད་པའི་ཆོས་ཀྱི་བདག་ཉིད་ཡིན་ཏེ། དེའི་ཕྱིར་ཕྱག་རྒྱར་གྱུར་པ་བཛྲ་ཛྙཱ་ན་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་ཕྱག་རྒྱའི་ཚིག་རྣམས་ལ་ནི་ཆོས་ཀྱི་ཕྱག་རྒྱ་ཞེས་བཤད་དོ། །དེ་བས་ན་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པའི་ཚེ་ལྕེ་ལ་རྡོ་རྗེ་སྒོམ་མོ་ཞེས་གསུངས་སོ། །འདི་ལྟར་གཞན་ [7a.3]དག་ལས་ཀྱང་གསུང་གི་གསང་བ་བཤད་པ་ནི་ཆོས་ཀྱི་ཕྱག་རྒྱ་ཉིད་དུ་སྟོན་ཏེ། ཇི་སྐད་དུ། རྡོ་རྗེ་ཚིག་གི་སྦྱོར་བ་ཡིས། །ཆོས་ཀྱི་རང་བཞིན་ཕྱག་རྒྱར་བརྗོད། །འདི་ནི་གསལ་བ་གསུང་འཆང་བ། །རྡོ་རྗེའི་ཚིག་ནི་སྒྲ་མེད་པའོ། །ཞེས་གསུངས་སོ། །ཡང་ན་ལྷའི་གསུང་གི་མཚན་ [7a.4]མའི་རང་བཞིན་ནི་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་དེ། དེའི་ཚེ་ཆོས་ཉིད་ཕྱག་རྒྱ་བས་ན་ཆོས་ཀྱི་ཕྱག་རྒྱ་ཞེས་རྒྱུད་ནས་བཤད་པར་བྱའོ། །ལྷའི་གསུང་གི་བརྡར་བསྟན་པའི་ཡི་གེ་དེ་ཡང་ཕ་རོལ་ལ་ཕན་པ་སྟོན་པའི་ངོ་བོ་ཡིན་པས་ན་ཆོས་ཉིད་ཡིན་ཏེ། དེའི་རང་བཞིན་གྱི་ཕྱག་རྒྱ་ལ་ཆོས་ [7a.5]ཀྱི་ཕྱག་རྒྱ་ཞེས་གསུངས་སོ། །འདིར་ཡང་སྨྲ་བ་པོ་དང་ཚིག་ཐ་མི་དད་པས་ན་དེའི་རང་བཞིན་གྱི་མཚན་མ་ཡང་དོན་དུ་ན་ཡན་ལག་དང་བཅས་པའི་ལྷའི་ངོ་བོ་ཉིད་བྱིན་གྱིས་རློབ་པར་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཕྱག་རྒྱ་གཞན་རྣམས་ལ་ཡང་ཕལ་ཆེར་བསྟན་ཏེ། འདི་ནི་ཆོས་ [7a.6]ཀྱི་ཕྱག་རྒྱའི་རྒྱུད་ནས་བཤད་པའོ། །ལས་ཀྱི་ཕྱག་རྒྱའི་སྒྲའི་དོན་ཡང་བཤད་པར་བྱ་སྟེ། དེ་ལ་ལྷའི་ལས་ཀྱི་མཚན་མ་ནི་ལས་ཀྱི་ཕྱག་རྒྱ་སྟེ། བྱང་ཆུབ་མཆོག་ལ་སོགས་པའི་ཕྱག་རྒྱའི་མཚན་ཉིད་དོ། །དེ་བཞིན་དུ་དེ་སྒྲུབ་པའི་ཚེ་ལས་སྣ་ཚོགས་པའི་རང་བཞིན་རྡོ་རྗེ་རྩེ་མོ་ཐམས་ [7a.7]ཅད་པ་ལས་ཐམས་ཅད་སྒྲུབ་པ་ལུས་ཀྱི་སྙིང་གའི་ཕྱོགས་སུ་དེ་སྒྲུབ་པ་པོས་བསམ་པར་བཤད་དེ། འདིར་ཡང་ལས་ཉེ་བར་བསྟན་པའི་སྒོ་ནས་ཡན་ལག་དང་བཅས་པའི་ལྷའི་ངོ་བོ་ཉིད་ཉེ་བར་སྟོན་པར་དོན་གྱིས་ཤེས་པར་བྱ་སྟེ། ལས་དང་བྱེད་པ་པོ་ཐ་མི་དད་པའི་ཕྱིར་རོ། །ཕྱག་རྒྱ་བཞིའི་ངོ་ [7b] [7b.1]བོ་ཉིད་ཀྱི་བྱེ་བྲག་བཤད་ཟིན་ཏོ། །དེ་དག་ཐམས་ཅད་ཀྱང་རྣམ་པ་གཉིས་ཏེ། ལྷར་བརྟག་པའི་རང་བཞིན་དང་། དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའོ། །དེ་ལ་ལྷ་རྣམས་ཀྱིས་སྤྲུལ་པའི་མཚན་མར་གྱུར་པ་གང་ཡིན་པའམ་གང་ལྷའི་ངོ་བོ་ཉིད་དམ། དེའི་ཆ་ཤས་སུ་བྱེ་བྲག་མེད་ [7b.2]པར་བྱས་ཏེ་བརྟག་པ་དེ་ནི་ལྷར་བརྟགས་པའོ། །གང་ཡང་ལྷའི་ལུས་ལས། དེ་དང་རྗེས་སུ་མཐུན་པར་དམ་ཚིག་ཅན་གྱིས་བསྐྱེད་པའི་ལྷའི་ངོ་བོ་ཉིད་དམ། དེའི་ཆ་ཤས་སུ་བྱེ་བྲག་མེད་པར་མོས་པ་དེ་ནི་དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པར་གྲགས་སོ། །དེས་ལྷར་བརྟགས་པའི་ [7b.3]ཕྱག་རྒྱ་ལྷའི་བདག་ཉིད་དུ་སྔགས་པས་བསྒོམ་པའི་དོན་དུ་བྱིན་གྱིས་རློབ་པར་མཛད་དོ་ཞེས་ཕལ་ཆེར་བཤད་དེ། གང་གི་ཕྱིར་ཞེ་ན། དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ཕྱག་རྒྱ་ལ་སྔོན་དམ་ཚིག་མཛད་པའི་རྗེས་སུ་དགོངས་ནས་ལྷ་རྣམས་ཀྱིས་བྱིན་གྱིས་རློབ་པར་མཛད་དེ། ཇི་ [7b.4]སྐད་དུ། གང་དག་བཅིངས་པ་ཙམ་གྱིས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་ཚོགས། །དམ་ཚིག་ཉམས་ཀྱིས་འཇིགས་པས་ན། །བྱིན་གྱིས་རློབ་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ཡི་གེའི་རང་བཞིན་གྱི་ལྷའི་ངོ་བོ་ [7b.5]ཉིད་ཀྱང་དངོས་སུ་ལྷར་བརྟགས་པའི་ལྷའི་ངོ་བོ་ཉིད་དུ་བྱིན་གྱིས་རློབ་པར་མཛད་པར་བལྟའོ། །དེ་བཞིན་དུ་རྒྱུད་གཞན་ལས་ཀྱང་། བདག་ལྷར་བྱིན་གྱིས་རློབ་པའི་ཕྱིར་ཡི་གེའམ་ཕྱག་རྒྱར་རྣམ་པར་བརྟག་གོ་ཞེས་བཤད་དོ། །ཇི་སྐད་དུ། དེ་ནས་ཕྱག་རྒྱ་འམ་ཡི་གེ་ཡིས། ། [7b.6]རྡོ་རྗེའི་ལུས་སུ་བསྒྱུར་བར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་ཡང་ཡི་གེ་ལྔའམ། ཡི་གེ་གསུམ་མམ། ཡི་གེའི་ཕྱི་མོའམ། ཡི་གེ་མང་པོ་བཀོད་པ་ཙམ་གྱིས་དེ་བཞིན་གཤེགས་པས་བྱིན་གྱིས་རློབ་པར་འགྱུར་བས་ན་བདེ་བར་གཤེགས་པ་ཉིད་དུ་བཤད་དོ། །ཕྱག་རྒྱ་ [7b.7]ཡང་མོ་དཱ་ན་ད་མུ་དྲཱ་སྟེ། མགུ་བས་ན་ཕྱག་རྒྱའམ། མུ་དྲཱ་ན་མུ་དྲཱ་སྟེ། ཕྱག་རྒྱས་འདེབས་པས་ན་ཕྱག་རྒྱ་བས་དེ་སྐད་ཅེས་བཤད་དོ། །གང་གི་ཕྱིར་ཞེ་ན། དེས་སྲོག་ཆགས་རྣམས་བསྲུང་བའི་ཕྱིར་ཕན་གདགས་པ་དང་། འདོད་པའི་དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱིར་རྒྱས་ [8a] [8a.1]འདེབས་ཏེ། ཇི་སྐད་དུ། ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ནི་བཏབ་པ་ལྟར། །བདག་ཆེན་ཉིད་ཀྱི་ཕྱག་རྒྱས་ཀྱང་། །སྐྱེ་བོ་རྣམས་ལ་དེ་བཞིན་བཏབ། །ཅེས་གསུངས་སོ། །དེ་བཞིན་དུ་གཞན་དག་ལས་ཀྱང་གསང་བའི་བདག་པོ་དེ་བཞིན་ [8a.2]གཤེགས་པ་རྣམས་ཀྱི་རྒྱན་དུ་གྱུར་པ་ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མ་ཕྱག་རྒྱའི་རིམ་པར་དབྱེ་བའི་ལེའུ་རྒྱས་པ་ཞེས་བྱ་བ་ཡོད་དོ། །དེས་བརྒྱན་ན་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་འཁོར་བ་ན་འགྲོ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་མས་བཏབ་ [8a.3]པས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀུན་དུ་འབྱོལ་བར་འགྱུར་ཞིང་དེ་རྣམས་ཀྱང་དེ་དག་གི་བཀའ་ཉན་པར་འགྱུར་རོ་ཞེས་གསུངས་སོ། །ཕྱག་རྒྱས་དེ་ལྟར་བྱིན་གྱིས་རློབ་པ་དེ་ཡང་ [8a.4]སྐྱེས་བུའི་སྐལ་བ་དང་། མོས་པ་དང་། མཉམ་པར་གཞག་པ་རྣམ་པ་གསུམ་ལས་ཆུང་ངུ་དང་། འབྲིང་པོ་དང་ཆེན་པོའི་བྱེ་བྲག་རྣམ་པ་གསུམ་དུ་འགྱུར་རོ། །དེ་བས་ན་དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ཕྱག་རྒྱའི་སྒོ་ནས་ལྷར་བསྒོམ་པ་གོམས་པ་དང་ལྡན་པ་ཆེན་པོ་དང་། འབྲིང་ [8a.5]པོ་དང་། ཆུང་ངུའི་བྱེ་བྲག་གིས་དགོས་པ་ཡང་རྣམ་པ་གསུམ་དུ་འགྲུབ་པར་བཤད་དོ། །ཡང་ན་སྲིད་པ་དང་། མྱ་ངན་ལས་འདས་པར་སོ་སོར་བཅིངས་པའམ་གྲོལ་བའམ། དོན་ཆེན་པོ་ལ་བར་ཆད་བྱེད་པའི་བགེགས་རྣམས་འཇིགས་པར་བྱེད་པས་ན་ཕྱག་རྒྱ་ཞེས་བྱའོ། །གཞུང་ [8a.6]གཞན་དག་ལས་ཀྱང་རྒྱུད་ནས་བཤད་པ་འདི་རྣམས་གཞན་དུ་བསྟན་པ། འདི་ནི་དམ་ཚིག་རྩ་བ་སྟེ། །དབུ་རྒྱན་བཅིངས་པ་རྒྱུ་ཡི་མཆོག །གང་གིས་ལུས་ཀུན་བརྟན་པས་ན། །དེ་བས་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་གསུངས་སོ། །དེ་ཁོ་ན་ཉིད་རབ་ཏུ་དབྱེ་བ་བསྡུས་པའོ། །དེ་ [8a.7]བས་ན་བདག་ཉིད་ཆེན་པོ་དེས་དེ་རིག་པར་བྱས་ནས་ངེས་པར་སེམས་ཅན་གྱི་ཚོགས་ཆེན་པོ་ལ་ཕན་གདགས་པའི་ཕྱིར་གོ་འཕང་དམ་པ་ཐོབ་པར་འདོད་པས་བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ལ་བདག་ཉིད་ཕུལ་ནས་བདག་གིས་ལྷག་པའི་ལྷ་སེམས་དཔའ་གང་ [8b] [8b.1]ཡང་རུང་བ་ཅིག་ཇི་ལྟར་ཡོངས་སུ་བཟུང་བ་མཉེས་པར་བྱེད་པས་གང་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །མཉེས་པར་བྱ་བའི་ཡན་ལག་རྣམས་ཀྱི་བྱེ་བྲག་ཀྱང་འདིར་ཕལ་ཆེར་ལུང་གི་ཚིག་གིས་བལྟ་བར་བྱའོ། །དེའི་ཕྱིར་དེའི་ཐབས་ཀྱི་ཆོ་ག་ཤེས་པའི་བླ་མ་རིན་པོ་ཆེ་མཉེས་པ་ཉིད་ [8b.2]དུ་བྱའོ། །དེ་ནས་བླ་མ་མཉེས་པར་བྱས་པ་དེས་བསྟན་པའི་དཀྱིལ་འཁོར་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་ཀྱི་དཀྱིལ་འཁོར་དུ་ཆོ་ག་ཇི་ལྟ་བ་བཞིན་དུ་དབང་བསྐུར་བས་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོ་གས་སྡོམ་པ་གཟུང་བ་དང་། ཡོངས་སུ་བསྲུང་བར་བྱ་བའི་ [8b.3]དམ་ཚིག་དང་། འདུལ་བ་དང་། སྤྱོད་པ་དང་། སྤྱོད་ཡུལ་རྣམས་ལ་ཆོ་ག་བཞིན་དུ་མཁས་པར་བྱས་པས་དེ་ཕྱིན་ཆད་དམ་ཚིག་ལ་སོགས་པ་ཇི་ལྟར་བླངས་པ་བསྲུང་བའི་ཕྱིར་རྟག་ཏུ་སྤྲོ་བ་མི་གློད་པར་བྱ་སྟེ། བདག་དང་གཞན་གྱི་དོན་མ་ལུས་པར་སྒྲུབ་པ་ལ་དེ་ཐོག་མར་འགྲོ་བའི་ཕྱིར་རོ། ། [8b.4]དམ་ཚིག་ཀྱང་སྐབས་འདིར་ནི་འབྲས་བུ་འདོད་པ་རྣམས་ཀྱིས་མི་འདའ་བར་བྱ་བ་ཡིན་པས་རང་གི་ལྷག་པའི་ལྷ་མཉེས་པར་འགྱུར་བ་དང་། རྗེས་སུ་མཐུན་པའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་དགེ་བ་དང་མི་དགེ་བ་ལ་སོགས་པ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད་དེ་སྟོན་པས་ [8b.5]གསུངས་པའི་ཚུལ་གྱིས་ཁྱད་པར་རོ། །ཀུན་འཐོབ་ཅིང་འགྲོ་བའམ། འདིར་ཀུན་རྟོགས་ཤིང་ཆུད་པར་འགྱུར་བས་ན་རྒྱུད་ནས་བཤད་པ་ལ་དགོངས་ནས་དམ་ཚིག་ཅེས་བཤད་དོ། །དེ་ཡང་ལྷ་ཐམས་ཅད་ཐུན་མོང་བ་དང་ཁྱད་པར་དུ་འཕགས་པ་སྟེ། རྒྱུད་འདི་དང་དེ་ལས་གཞན་ [8b.6]པའི་དཔལ་མཆོག་དང་པོ་ལ་སོགས་པ་ཆ་མཐུན་པའི་རྣལ་འབྱོར་གྱི་རྒྱུད་རྣམས་དང་། རྡོ་རྗེ་རྩེ་མོ་ལ་སོགས་པའི་རྒྱུད་རྣལ་འབྱོར་གྱི་ཚུལ་ཐམས་ཅད་ཀྱི་དགོངས་པ་འགྲེལ་པ་རྣམས་ལས་བཤད་པར་རིག་པར་བྱའོ། །དེ་གཉིས་ལས་རྒྱུད་གཞན་ལས་གསུངས་པ་ལྷ་ཐམས་ [8b.7]ཅད་ཐུན་མོང་བ་དེ་རེ་ཞིག་བཤད་པར་བྱ་སྟེ། གང་གི་ཕྱིར་དེ་ཡང་དོན་གྱིས་རྗེས་སུ་བརྟག་ན་འདི་ཉིད་ཀྱི་ནང་དུ་འདུས་པར་མངོན་ཏེ། དེ་ལྟར་རེ་ཞིག་དཔལ་མཆོག་དང་པོ་ལས་གསུངས་པ། །དམ་ཚིག་སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་ [9a] [9a.1]གྱིས་མཐུན་པར་གསུངས། །དམ་པ་བརྟག་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པ། །གང་ནི་བསྐྱེད་པ་ཙམ་གྱིས་སུ། །སངས་རྒྱས་ཉིད་དུ་དོགས་པ་མེད། །དམ་པའི་ཆོས་ནི་མི་སྨོད་ཅིང་། །ནམ་ [9a.2]ཡང་གཏང་བར་མི་བྱའོ། །མི་ཤེས་པ་དང་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ནི་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ཀྱང་མ་གདུང་ཤིག །ཅི་བདེ་བར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །སློབ་དཔོན་སྨད་པར་མི་བྱ་ [9a.3]སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་སྨད་པས་ན། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་རྣམས་ཀྱིས་གཙོ་བ་དང་། ། [9a.4]གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་ལྟུང་འགྱུར། །དེ་བས་བསམ་གཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །རྟག་ཏུ་བདག་གིས་དམ་ཚིག་བསྲུང་། ། [9a.5]རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་དག་གིས། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་ [9a.6]གསུངས་སོ། །གཞན་ཡང་དེ་ཉིད་དུ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས། སྲིད་པ་རྣམ་པར་དག་པ་ཐབས་ཀྱི་མཆོག །རྟོག་པ་ཐམས་ཅད་གསང་བ་ཆེན་པོ་ཡི། །དམ་ཚིག་རྟག་ཏུ་བསྒོམ་པར་བྱའོ་ཞེས་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་ [9a.7]ཀྱི་རབ་ཏུ་གསང་བ་བླ་མ་མེད་པ་ཐེག་པ་ཆེན་པོའི་དམ་ཚིག་ཆེན་པོ་རྣལ་འབྱོར་པ་བཅོམ་ལྡན་འདས་ནི་དམ་ཚིག་གོ། །དེ་ཇི་ལྟ་ཞེ་ན་དེ་བཞིན་དུ། །དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱ་དམ་ཚིག་ཅེས་སུ་བཤད། །ཡིད་ཀྱི་ལུས་ནི་ [9b] [9b.1]བརྟན་པའི་ཕྱིར། །སྲིད་པ་བདེ་བ་ཆུང་ངུ་ཡི། །སྡུག་བསྔལ་ཆེན་པོ་ཞི་བའི་ཕྱིར། །ཤིན་ཏུ་བཟང་ཞིང་བདེ་བའི་ཐབས། །ཞི་བར་མཛད་པའི་དམ་ཚིག་འདི། །དེ་བས་ཐམས་ཅད་འདོད་ལོངས་སྤྱོད། །ཅི་འདོད་པ་རུ་སྤྱད་ནས་སུ། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། ། [9b.2]བདག་དང་གཞན་ལ་མཆོད་པར་བྱ། །ཞེས་གསུངས་སོ། །འདོད་པ་ཞེས་བྱ་བའི་སྒྲ་ཡང་སྐབས་འདིར་རང་གི་ལྷ་ཉིད་བྱང་ཆུབ་ཀྱི་སེམས་འདོད་པ་ཆེན་པོ་ལས་བྱུང་བའི་མཚན་ཉིད་ལ་བྱའོ། །འདོད་པ་དེའི་ལོངས་སྤྱོད་ཀྱང་བཞི་སྟེ། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ [9b.3]ལ་དགའ་བའི་མཚན་ཉིད་རྡོ་རྗེ་ལཱ་སྱ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། གཟུངས་ཀྱི་ཡོན་ཏན་མེ་ཏོག་གི་མཚན་ཉིད་རྡོ་རྗེ་ཕྲེང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་སྒྲོགས་པའི་མཚན་ཉིད་རྡོ་རྗེ་ [9b.4]གླུ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་གར་གྱི་མཚན་ཉིད་རྡོ་རྗེ་གར་མ་རྣམས་ཏེ། དེ་བཞི་ནི་རང་གི་ལྷའི་འདོད་པ་ཞེས་བྱ་བའི་ལོངས་སྤྱོད་དུ་རིག་པར་བྱའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། །སྐུ་དང་གསུང་དང་ཐུགས་ [9b.5]གསང་བ། །མཁས་པ་ཡིས་ནི་བསྲུང་བར་བྱ། །བསྲུངས་ན་བསོད་ནམས་ཆེན་པོ་ནི། །ཐམས་ཅད་ཀུན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །དེ་ལ། གང་དག་དུ་མ་རྒྱ་ཆེན་པོ། །ཁ་དོག་དང་ནི་དབྱིབས་གདན་དང་། །ཕྱག་བསྐྱོད་ལ་སོགས་གཟུགས་འདི་ [9b.6]ནི། །སྐུ་ཡི་གསང་བར་རིག་པར་བྱའོ། །རྡོ་རྗེ་ཚིག་གི་སྦྱོར་བ་ཡིས། །སྨྲ་བ་ཆོས་ཀྱི་ཕྱག་རྒྱ་སྟེ། །འདི་ནི་གསལ་བར་གསུང་གསང་བ། །རྡོ་རྗེ་ཚིག་ནི་སྒྲ་མེད་པའོ། །རང་གི་སེམས་ནི་རབ་རྟོགས་པས། །ཟླ་བ་ལ་ནི་རྡོ་རྗེ་བསྒོམ། །རྣམ་གསུམ་གཅིག་ཏུ་བསྒོམ་ [9b.7]པ་ནི། །ཐུགས་ཀྱི་གསང་བ་འདི་ཞེས་བྱ། །དེ་དག་དེ་ཉིད་མཆོག་ཆེན་པོ། །རྟག་ཏུ་ཡང་དང་ཡང་བསྒོམ་པ། །གསུམ་གྱི་སྦྱོར་བས་གྲུབ་འགྱུར་ཏེ། །གཞན་དུ་མ་ཡིན་ཀུན་མཁྱེན་གསུངས། །གསང་བ་གསུམ་གྱི་ཆོ་ག་ཡིས། །ཕྱག་རྒྱ་ཐམས་ཅད་ཤིན་ཏུ་བསྡུས། ། [10a] [10a.1]དེ་བས་རྣམ་པ་ཐམས་ཅད་དུ། །གསང་བ་རྣམ་གསུམ་རྣམ་པར་སྦ། རྡོ་རྗེ་ཆེན་པོ་མཆོག་འཛིན་པ། །མགོན་པོ་ཆེན་པོ་བྱིན་བརླབས་པ། །བློ་ངན་གང་ཞིག་འདའ་བ་ནི། །རྡོ་རྗེ་འཛིན་པ་མོད་ལ་སྤོང་། །སྤངས་པའི་སེམས་ཅན་ཆེན་པོ་དེ། །ངན་ [10a.2]སོང་གསུམ་དུ་ཡང་དང་ཡང་། །ཇི་སྲིད་འཁོར་བའི་སྤྱོད་ཡུལ་དུ། །ཤིན་ཏུ་མི་བཟད་ཆོ་ངེས་འདེབས། །ཞེས་གསུངས་སོ། །འདིར་ཡང་སུ་ལ་བསྟན་པར་རིགས་ཤེ་ན། དེ་ཉིད་དུ། རྡོ་རྗེ་དབྱིངས་ནི་དགའ་ཆེན་པོ། །མངོན་པར་དབང་བསྐུར་མཁས་པ་གང་། །རྟག་ [10a.3]ཏུ་གསང་བའི་མཆོག་དང་ལྡན། །དེ་ལ་མཁས་པས་བསྟན་པར་བྱའོ། །ཞེས་གསུངས་སོ། །ཇི་སྐད་དུ། གསུངས་པའི་དམ་ཚིག་ལ་གནས་པ་ནི། རྟག་ཏུ་ནང་སྦྱང་བའི་ཕྱིར་ཕྱི་རོལ་གྱི་གཙང་སྤྲ་བྱ་བ་དང་། དཀའ་བ་སྤྱོད་པ་ལ་སོགས་པ་ལུས་ལ་གནོད་པར་འགྱུར་ [10a.4]བ་རྣམས་མི་བྱ་བ་འདི་ཉིད་དུ། །སྡོམ་དང་གཙང་སྤྲ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་མི་དགོས་སོ། །སངས་རྒྱས་ཀུན་དང་སེམས་དཔའ་ཆེ། །བདག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །རྟོག་པ་ཐམས་ཅད་བསྡུས་པ་རྣལ་འབྱོར་ [10a.5]གྱི་རྒྱུད་ཐམས་ཅད་ཀྱི་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། །སྲོག་གི་ཕྱིར་ཡང་བྱང་ཆུབ་སེམས། །ཡོངས་སུ་གཏང་བར་མི་བྱ་ཞིང་། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །ནམ་ཡང་གཏང་བར་མི་བྱའོ། །དཀོན་མཆོག་གསུམ་ནི་མི་གཏོང་སྟེ། །དད་པ་ཡང་ནི་ཡོངས་ [10a.6]མི་གཏང་། །སྡོམ་པ་ཡང་ནི་མི་སྤང་ཞིང་། །བདག་ཀྱང་གདུང་བར་མི་བྱའོ། །སློབ་དཔོན་ལ་ནི་མ་སྨོད་ཅིང་། །བླ་མ་སངས་རྒྱས་ཀུན་དང་མཚུངས། །སྔགས་དང་ཕྱག་རྒྱ་ཐམས་ཅད་ལ། །ནམ་ཡང་སྨད་པར་མི་བྱའོ། །འཁོར་ལོ་རྡོ་རྗེ་པདྨོ་སོགས། །ཅུང་ [10a.7]ཟད་མཚན་མར་བྱས་པ་གང་། །དངོས་གྲུབ་འདོད་པས་སྦྱོར་ཤེས་པས། །འགོམ་དང་བཟའ་བར་མི་བྱའོ། །དེ་བཞིན་དམན་མ་ལྷ་ཡི་གྲིབ། །བླ་མའི་སྟན་ལ་སོགས་དེ་བཞིན། །བློ་ཅན་གྱིས་ནི་རྟག་ཏུ་སྤང་། །རྐང་པས་ཀྱང་ནི་མ་འགོམས་ཤིག །ལུས་ཀྱི་སྡིག་ [10b] [10b.1]པ་རྣམ་གསུམ་དང་། །ངག་གི་ཡང་ནི་རྣམ་བཞི་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ཀྱང་། །དེ་བཞིན་ཀུན་ཏུ་མི་སྤྱོད་དོ། །ཞེས་གསུངས་སོ། ཡང་ཡུལ་དང་དུས་ཀྱི་དབང་གིས་མི་འགོད་པ་ལ་འགོད་པ་དང་། །བརྫིས་པ་ལ་སོགས་པ་ཡང་རྡོ་རྗེ་ཤུགས་དང་ལྡན་པ་ [10b.2]དང་། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ་ལ་ནི་གནང་བ་སྟེ། དེ་བས་ན་དེ་གཉིས་དེ་ལྟ་བུའི་ཡུལ་དང་དུས་ཀྱི་དབང་གིས་བྱས་ན་མི་འགོང་བ་དང་འགོང་བ་ལ་སོགས་པ་རྣལ་འབྱོར་པ་ལ་ཉེས་པར་མི་འགྱུར་ཏེ། འདི་སྐད་དུ་གཞན་དག་ལས། མི་ཤེས་པའམ་གཏི་མུག་དང་། དེ་བཞིན་ལེ་ལོ་ [10b.3]འམ་མི་དྲན་པས། །རྡོ་རྗེ་རི་མོ་ལ་སོགས་བརྫིས། ངེས་པར་དམ་ཚིག་ཉམས་པར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་ཤུགས་ཀྱིས་མ་ཡེངས་པར། །ཤེས་རབ་ཅན་གྱིས་རྟག་ཏུ་བྱ། །ཁྱད་པར་དུ་ནི་དཀྱིལ་འཁོར་དུའོ། །དམན་མ་རི་མོ་རྡོ་རྗེའི་ [10b.4]མཚན། །སངས་རྒྱས་ཕྱག་རྒྱ་ལ་སོགས་ཚོགས། །དམན་ནམ་བརྫིས་པར་གྱུར་པ་ཡང་། །རྡོ་རྗེ་ཤུགས་ལྡན་ཉེས་མི་འགྱུར། །ཞེས་གསུངས་སོ། །ཕྱག་རྒྱའི་རྣལ་འབྱོར་གྱི་དབང་དུ་བྱས་ནས་ཀྱང་དེ་བཞིན་དུ་གསུངས་ཏེ། རྡོ་རྗེ་ཤུགས་ཞེས་བྱ་བའི་སྒྲའི་གནས་ [10b.5]སུ་ཕྱག་རྒྱའི་རྣལ་འབྱོར་ཞེས་བྱ་བ་སྒྲ་བརྗོད་པར་བྱའོ་ཞེས་ཁྱད་པར་དུ་གཟུང་ངོ་། །དེ་ལ་རེ་ཞིག་འདིར་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་དང་། གསང་སྔགས་ཀྱི་རྣལ་འབྱོར་པ་དག་བསྟན་པ་འདི་ལྟར། རི་མོའམ་རྡོ་རྗེ་སྲད་བུའང་རུང་། །ཡིད་ཀྱིས་གྱེན་དུ་བཏེག་ནས་ནི། །འཇུག་ཅིང་ [10b.6]འབྱུང་བར་བྱེད་པ་སྟེ། དམ་ཚིག་ཉམས་པར་མི་འགྱུར་རོ། །ཞེས་གསུངས་སོ། །རྡོ་རྗེ་རི་མོ་དང་རྡོ་རྗེའི་སྲད་བུ་སྨོས་པ་ཡང་ཉེ་བའི་མཚན་ཉིད་དེ། །དེ་བས་ན་ཕྱག་རྒྱ་ལ་སོགས་པ་འགོད་པར་མི་བྱ་བ་གཞན་ཡང་འདུས་པར་བལྟའོ། །འདི་ནི་ཡིད་ཀྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ [10b.7]འདིའོ། །བཛྲ་བེ་ག་ཨ་ཀྲ་མ། གཞན་དག་ཏུ་འདི་སྐད་ཀྱང་བཤད་དེ། །བདག་ཉིད་རྡོ་རྗེ་ཤུགས་ལྡན་པས། །བཛྲ་བཛྲ་ཞེས་སྨྲ་བ། །རྡོ་རྗེ་ཤུགས་ཞེས་བཤད་པ་སྟེ། །ཀུན་དུ་འགྲོ་བར་གྲུབ་པའོ། །ཕྱག་རྒྱའི་སྦྱོར་བ་གཞན་དག་ཀྱང་། །རང་གི་ལྷའི་སྦྱོར་བ་རྗེས་སུ་སྒྲུབ་པ་དང་ [11a] [11a.1]བཅས་པར་བཤད་དེ། དེ་ཡང་གཞུང་འདི་ལས་རབ་ཏུ་གྲགས་པ་ནི་ཕྱིས་བཤད་དོ། །གཞུང་གཞན་དག་ལས་ཀྱང་ཕྱིར་སྨོས་པ་ནི། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བདག་ནི་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར། ། [11a.2]དེ་བས་འདིར་ནི་རབ་ཏུ་བརྟག །ཕྱག་རྒྱ་ཐམས་ཅད་ཀྱི་སྦྱོར་བ་རབ་ཏུ་གསང་བའོ་ཞེས་གསུངས་སོ། །རྣལ་འབྱོར་གྱི་སྒྲའི་དོན་ཀྱང་དེ་ཉིད་ལས་གཙོ་བོར་བསྟན་ཏེ། འདི་ལྟ་སྟེ། དཔེར་ན། རྫས་མང་པོ་བསྡུས་པ་ལ་སྦྱོར་བ་ཞེས་གྲུབ་པ་དེ་བཞིན་དུ། ཕྱག་རྒྱ་ཐམས་ཅད་ [11a.3]བདག་ཏུ་སྦྱོར་བ་ཐམས་ཅད་དམ་ཚིག་གི་རྣལ་འབྱོར་ཅེས་བྱ་བའི་སྐབས་སུ་བསྟན་པ། ཕྱག་རྒྱ་ཀུན་དུ་བདག་སྦྱོར་བ། །དབྱིབས་དང་ལུས་ནི་ཅི་འདྲ་བར། །བདག་ཉིད་ལ་ནི་བདག་ཉིད་དུ། །ཡང་དག་བཀོད་དེ་རྗེས་སུ་བསྒྲུབ། །ཅེས་གསུངས་སོ། །རྣམ་པ་གཞན་ [11a.4]དུ་ཡང་། རྡོ་རྗེ་སེམས་དཔར་བདག་སྦྱོར་བ། །དབྱིབས་དང་ལུས་ནི་ཅི་འདྲ་བར། །ཕྱག་རྒྱ་ཀུན་དུ་བདག་སྦྱོར་བ། །མི་འགྱུར་དམ་པ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །རྗེས་སུ་སྒྲུབ་པ་འདི་ཡང་དེ་ཉིད་ལས། །ལྷ་ཉིད་གང་དང་གང་དག་གིས། །ཕྱག་རྒྱ་ [11a.5]གང་དང་གང་བཅིངས་པ། །དེ་དང་དེ་ཡི་རྣལ་འབྱོར་གྱིས། །ཕྱག་རྒྱ་དེ་དང་དེ་འགྲུབ་པོ། །ཞེས་གསུངས་སོ། །དེ་བས་ན་རྡོ་རྗེ་ཤུགས་ཅན་དང་། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པས་མཆོད་པར་བྱ་བའི་གྲིབ་མ་ལ་སོགས་པ་འགོང་པ་ལ་སོགས་པས་དམ་ཚིག་ [11a.6]ཉམས་པར་མི་འགྱུར་བ་དེ་ལྟ་བུར་འགྲུབ་པོ། །ལྷ་ཐམས་ཅད་སྤྱིའི་དམ་ཚིག་མདོར་བསྡུས་པ་བསྟན་པའོ། །གཞུང་འདིར་ནི་ལྷ་སོ་སོར་ངེས་པའི་དམ་ཚིག་བསྟན་པས་ན་དམ་ཚིག་རྣམ་པ་ལྔར་གསུངས་སོ། །གང་གི་ཕྱིར་འདི་ལ་ལྷ་རྣམ་པ་ལྔ་སྟེ། ཐམས་ཅད་ [11a.7]ཀྱི་བདག་པོ་བདེ་བར་གཤེགས་པ་རྣམས་དང་། དེ་ལས་བྱུང་བའི་རིགས་དང་། རྡོ་རྗེ་དང་པདྨ་དང་རིན་པོ་ཆེ་ལས་བྱུང་བའི་རིགས་རྣམ་པ་གསུམ་མོ། །དེ་ལྟར་འདི་དག་ནི་ལྷ་རྣམ་པ་ལྔའི་བྱེ་བྲག་བསྟན་པ་སྟེ། དེ་བས་ན་འདི་ནི་བསྡུས་ཏེ་བསྟན་པའོ། །རབ་ཏུ་ཕྱེ་སྟེ་བཤད་ [11b] [11b.1]ན། དེ་བཞིན་གཤེགས་པ་ལྔ་རྣམས་གཅིག་ཏུ་གྱུར་པ་རྒྱལ་བ་ཐམས་ཅད་ཀྱི་སྐུ་རྟག་པ་དང་། མི་འཁྲུགས་པ་དང་། རིན་ཆེན་དབང་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་ཞེས་བྱ་བ་རྣམས་ཏེ། དོན་ལྔར་བཤད་པ་རྣམ་པ་ལྔར་བཏགས་པ་སྟེ་གྲགས་པ་ [11b.2]རྣམས་སོ། །དེ་རྣམས་སོ་སོར་རེ་རེ་ལ་ཡང་རིགས་སུ་གྱུར་པས་ན་དེ་བཞིན་གཤེགས་པའི་རིགས་ལས་ཀྱང་རྟག་པ་དང་། མི་འཁྲུགས་པ་ལ་སོགས་པའི་རིགས་ཀྱི་བྱེ་བྲག་ལས་རྣམ་པ་ལྔའོ། །གཞུང་ཆེན་པོ་ལས་ནི་དེ་བཞིན་གཤེགས་པ་རྣམས་མཐའ་ [11b.3]ཡས་པའི་ཕྱིར་དེ་དག་གི་རིགས་ཀྱང་མཐའ་ཡས་པར་སྲིད་དོ། །རིགས་ལྔར་བཤད་པ་ཡང་བསྡུས་ཏེ་བཤད་པ་ཉིད་དུ་བསྟན་ཏེ། ཇི་སྐད་དུ་འདིར། རྟག་དང་མི་འཁྲུགས་རིན་ཆེན་དབང་། །འོད་དཔག་མེད་དང་ངེས་འགྲུབ་རྣམས། །རིགས་ནི་རྣམ་པ་བརྒྱར་ [11b.4]བཤད་པ། །མདོར་བསྡུས་པ་ནི་རྣམ་པ་ལྔ། །ཞེས་གསུངས་སོ། །རྡོ་རྗེ་དང་པདྨ་དང་རིན་པོ་ཆེའི་རིགས་རྣམས་ཀྱང་རེ་རེ་ལས་ཀྱང་སོ་སོའི་དཀྱིལ་འཁོར་རྣམ་པ་བཞི་སྟེ། དེ་ལ་རྡོ་རྗེའི་རིགས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། རྡོ་རྗེའི་དབང་བསྐུར་ [11b.5]བ་དང་། རྡོ་རྗེའི་སྡེ་དང་། རྡོ་རྗེ་དབབ་པ་ཞེས་བྱ་བ་རྣམས་སོ། །དེ་བཞིན་དུ་པདྨའི་རིགས་ལ་ནི་འགྲོ་བ་འདུལ་བ་དང་། སངས་རྒྱས་ཐོར་ཚུགས་དང་། ཏིང་ངེ་འཛིན་གྱི་པདྨ་དང་། སྣ་ཚོགས་པདྨ་ཞེས་བྱ་བའི་བྱེ་བྲག་གིས་རྣམ་པ་བཞིའོ། །རིན་པོ་ཆེའི་རིགས་ལ་ཡང་། [11b.6]དོན་ཐམས་ཅད་གྲུབ་པ་དང་། རིན་ཆེན་ལྟ་བ་དང་། རིན་ཆེན་པདྨ་དང་། རིན་ཆེན་དབབ་པ་རྣམས་ཏེ། རིགས་ཀྱི་བྱེ་བྲག་རྣམ་པ་བཞིར་བསྟན་ཏོ། །དེ་ལྟར་འདི་དག་སྤྱིར་བསྡོམས་ན་རིགས་བཅུ་བདུན་དུ་འགྱུར་རོ། །བསྡུས་ཏེ་བཤད་ན་ནི་རིགས་བཞིར་བཤད་དེ་ལས་ [11b.7]ཀྱི་རིགས་ནི་དེ་ཉིད་བསྡུས་པའི་རྒྱུད་འདིར་ལོགས་ཤིག་ཏུ་མ་ཕྱེ་སྟེ། དེ་ནི་རིན་པོ་ཆེའི་རིགས་ཀྱི་ནང་དུ་བསྡུས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བླ་ན་མེད་པའི་མཚན་དང་། དཔེ་བྱད་རིན་པོ་ཆེ་སྣ་ཚོགས་པའི་མཚན་ཉིད་རྒྱལ་བ་མ་ལུས་པའི་སྐུའི་རང་བཞིན་ནི། །རྡོ་རྗེ་རིན་ཆེན་ [12a] [12a.1]ཞེས་བྱ་སྟེ། དེ་བས་ན་བྱེད་པ་པོ་དང་ལས་ཐ་མི་དད་པར་རིགས་པས་ན་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ལས་སྣ་ཚོགས་དང་ཐ་མི་དད་པར་དགོངས་པའི་ཕྱིར་རོ། །རྡོ་རྗེ་རྩེ་མོ་ལས་ནི་ཇི་ལྟར་བརྟག་པའི་བྱེ་བྲག་དེ་ལ་བརྟེན་ནས་ལས་ཀྱི་ [12a.2]རིགས་ལྷག་པར་བཤད་དེ། དེ་བས་ནི་དེ་ལྟར་རིགས་ལྔར་གྲགས་སོ། །བདུད་རྩི་འབྱུང་བ་ལས་ནི་དེ་ལྟར་བརྟག་པ་ཉིད་ལས་རྡོ་རྗེ་སེམས་དཔའི་རིགས་ནི་རིགས་ཐམས་ཅད་ཀྱི་གཙོ་བོར་བརྟགས་ནས་ཁྲོ་བོའི་རིགས་དེར་འདུས་པར་བསྟན་ཏེ། དེ་ལ་སོགས་པའི་རིགས་ [12a.3]རྣམ་པར་བརྟག་པ་ནི་འདུལ་བའི་སྐྱེ་བོ་ལ་གཟིགས་ནས་བསྟན་པར་ཤེས་པར་བྱའོ། །དེ་ལྟར་རྣམ་པ་དེས་རྒྱུད་འདིར་རིགས་བཞིར་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དང་། སྤྱོད་པ་མཐའ་ཡས་པ་མི་ཟད་པའི་བཀོད་པ་བསྟན་པ་ཡིན་ནོ། ། [12a.4]དེ་བཞིན་དུ་རིགས་བཞི་རྣམས་ལ་ཡང་། དཀྱིལ་འཁོར་ཆེན་པོ་རྣམས་སུ་ནི་ལྷ་རྣམས་དགོད་པ་གཟུགས་ཀྱི་སྐུར་བཀོད་པའི་ཕྱིར། སྐུ་མི་ཟད་པའི་མཛོད་རྣམ་པར་སྤྲུལ་པ་བསྡུས་པ་ཡིན་པར་བལྟའོ། །དམ་ཚིག་གི་དཀྱིལ་འཁོར་ནི་ཇི་ལྟར་རྟོགས་པའི་རྣམ་པར་གྲོལ་བའི་ [12a.5]སྒོ་མཚོན་པར་བྱེད་པ་རྡོ་རྗེ་དང་ལྕགས་ཀྱུ་དང་། མདའ་དང་མགུ་བ་ལ་སོགས་པ་རྣམ་པར་བཀོད་པ་ཉེ་བའི་མཚན་ཉིད་ནི་ཐུགས་མི་ཟད་པ་རྣམ་པར་བཀོད་པའི་མཛོད་རྣམ་པར་སྤྲུལ་པ་བསྡུས་པའོ། །ཆོས་ཀྱི་འཁོར་ལོ་ནི་ཇི་ལྟར་རྟོགས་པའི་ཆོས་བསྟན་པའི་ཐབས་སྤྱོད་པ་ [12a.6]མཉམ་པར་གཞག་པ་རྣམ་པར་བཀོད་ཅིང་གནས་པའི་ལྷ་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྣམ་པར་བཀོད་པའི་མཛོད་རྣམ་པར་སྤྲུལ་པར་བྱིན་གྱིས་བརླབས་པའོ། །དེ་བཞིན་དུ་ལས་ཀྱི་དཀྱིལ་འཁོར་ལ་ཡང་མཆོད་པ་ལ་སོགས་པའི་ལས་ [12a.7]ཀྱི་ལྷ་རྣམས་བཀོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་སྤྱོད་པ་ལ་སོགས་པ་བསྡུས་པ་བསྟན་པར་བལྟའོ། །རིམ་པ་འདིས་ནི་སྐུ་ལ་སོགས་པ་རྣམ་པ་བཞི་གཙོ་བོར་གྱུར་པའི་ཕྱིར། དཀྱིལ་འཁོར་རྣམ་བཞིར་གསུངས་མོད་ཀྱི། འོན་ཀྱང་ [12b] [12b.1]ཕལ་ཆེར་ལུས་མེད་པའི་སེམས་ཀྱང་མི་སྲིད་ལ། སེམས་ཀྱང་ལུས་མེད་པ་དག་ཀྱང་མི་སྲིད་དེ། དེ་བས་ན་དཀྱིལ་འཁོར་སོ་སོ་ལས་ཀྱང་སྐུ་ལ་སོགས་པ་བཞི་ཆར་དགོས་པར་བལྟའོ། །དེ་བས་ན་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡང་སྐུ་ལ་སོགས་པའི་མཚན་ [12b.2]མར་གྱུར་པ་གོ་རིམས་བཞིན་དུ་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་དང་རྣམ་པ་བཞི་འདིར་བཤད་དོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་མི་ཟད་པ་ལ་སོགས་པ་རྣམ་པར་བཀོད་པའི་རིགས་སོ་སོའི་དཀྱིལ་འཁོར་རྣམ་པ་བཞིས་བསྡུས་ [12b.3]པར་བསྟན་པ་ཡིན་ནོ། །དེ་བས་ན་སྐུ་ལ་སོགས་པའི་ལྷ་རྣམས་རིགས་བཞིར་གསུངས་པ། དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་མཉེས་པར་བྱ་བའི་ཕྱིར། རིགས་སོ་སོའི་དམ་ཚིག་སྤྱོད་པའི་མཚན་ཉིད་རིགས་ཀྱི་བྱེ་བྲག་ལས་ཇི་སྐད་དུ་གསུངས་པ་བཏུས་ཏེ་ [12b.4]བཤད་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་ནི། གང་དག་འདོད་ཆགས་སྙོམས་འཇུག་པ། །དེ་ནི་འདོད་ཆགས་ཉིད་ཀྱིས་སྦྱང་། །འདི་ནི་སངས་རྒྱས་ཕྱག་རྒྱ་ཆེ། །ཡེ་ཤེས་དམ་ཚིག་ཡིན་པར་བཤད། །འདིར་ནི་འདོད་ཆགས་ལ་སྙོམས་ [12b.5]པར་འཇུག་པ་ཞེས་བྱ་བའི་སྒྲ་ནི་བྱང་ཆུབ་ཀྱི་སེམས་གོམས་པར་བྱེད་པ་ཉིད་ལ་བྱའོ། །འདོད་ཆགས་ཀྱིས་སྦྱང་ཞེས་བྱ་བ་འདིས་ཀྱང་བྱང་ཆུབ་ཀྱི་སེམས་གོམས་པར་བྱེད་ཅིང་རྗེས་སུ་ཆགས་པས་བདག་ཉིད་དེ་བཞིན་གཤེགས་པའི་སྐུར་བསྒྲུབ་པ་དང་། སེམས་ཅན་སྨིན་པ་ [12b.6]དང་། གྲོལ་བར་བྱ་བ་ལ་ཆགས་པར་ནན་ཏན་བྱའོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ཀྱང་འདི་ལྟ་སྟེ། འདོད་ལ་སྐྱོ་བར་མི་བྱ་བ། །དམ་ཚིག་ཤིན་ཏུ་ཚུལ་ཆེན་ཏེ། །དེ་བཞིན་གཤེགས་པའི་རིགས་དག་ལས། །རྒྱལ་བ་རྣམས་ཀྱང་འདའ་ [12b.7]མི་མཛད། །ཅེས་གསུངས་སོ། །འདོད་པ་ཞེས་བྱ་བའི་སྒྲ་ཡང་འདིར་བྱང་ཆུབ་ཀྱི་སེམས་ཉིད་བསྟན་པ་དང་། རྗེས་སུ་ཆགས་པ་དང་། འགུགས་པ་དང་། རབ་ཏུ་འགུགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་ཉིད་ལ་བྱ་སྟེ། [13a] [13a.1]འདོད་ཅིང་མངོན་པར་དད་པར་བྱ་བ་ཡིན་པར་རྒྱུད་ནས་བཤད་པའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བདག་གི་རྣམ་པར་གྲོལ་བ་ལ་རྗེས་སུ་ཞེན་པར་རང་གི་ལྷའི་ཏིང་ངེ་འཛིན་ལ་སྐྱོ་བར་མི་བྱ་སྟེ། ཉིན་མཚན་དུ་ཅི་ནུས་པར་ངལ་བསོ་ཞིང་དེར་ [13a.2]བསམ་པ་བརྟན་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །འདི་སྐད་དུ། འདོད་པ་བཅོམ་ལྡན་རྟག་པ་སྟེ། །སེམས་ཅན་ཐམས་ཅད་བདེ་སྩོལ་བ། །རྡོ་རྗེ་སེམས་དཔའ་བདག་ཉིད་ཅེས། །བསྒོམས་ན་རབ་ཏུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ཡང་དེ་བཞིན་གཤེགས་ [13a.3]པའི་མཆོད་པའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ། འདོད་པ་ལ་སོགས་བདེ་བ་ཀུན། །རྟག་ཏུ་བདག་ཉིད་སྙིང་གར་གནས། །ཨེ་མའོ་སེམས་ཅན་དོན་གྱི་ཕྱིར། །མ་ཆགས་པ་ཡང་ཆགས་པར་བཤད། །ཅེས་གསུངས་སོ། །དོན་དེ་ཉིད་དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ཀྱི་རྟོག་པ་ [13a.4]ལས་དམ་ཚིག་བཤད་པའི་ཕྱིར་གཞུང་འདིས་གསལ་བར་བསྟན་ཏེ། འདི་སྐད་དུ། །སྒྲུབ་པ་ཆེན་པོ་དང་ལྡན་པར་བྱ་སྟེ། དེ་ལ་སྒྲུབ་པ་ནི་འདོད་པ་རྣམས་ལས་མི་སྐྱོ་བས་སོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ་ཞེས་རྒྱ་ཆེར་ [13a.5]བསྟན་ཏོ། །རྡོ་རྗེ་དང་། པདྨ་དང་། རིན་པོ་ཆེའི་རིགས་ཀྱི་དམ་ཚིག་འདི་ནི་འདི་ལྟ་སྟེ། སེམས་ཅན་དོན་ཕྱིར་མི་ཁྲོ་བའང་། །ཁྲོ་བོ་ཆེན་པོར་རབ་སྟོན་པ། །འདི་ནི་རྡོ་རྗེ་རིགས་ཆེན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཁྲོ་བོ་ཆེན་པོ་ཞེས་བྱ་བའི་སྒྲས་ནི་འཇིག་ [13a.6]རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡིན་པར་བསྟན་ཏེ། ཁྲོ་བར་བཅོས་པ་དང་བཅས་པ་ཞེས་བཤད་དོ། །པདྨ་རིགས་ཀྱི་དམ་ཚིག་ནི། །རང་བཞིན་དག་པར་ཤེས་ནས་ནི། །དགོས་པ་དེ་དང་དེ་དག་བྱེད། །འདི་ནི་པདྨའི་རིགས་ཆེན་ [13a.7]གྱི། །དམ་ཚིག་འདའ་བར་དཀའ་བའོ། །འདིར་ཡང་རང་བཞིན་དག་པ་ནི་ཆོས་ཐམས་ཅད་རྣམ་པ་མེད་པར་མོས་པ་སྟེ། དེ་སྔོན་དུ་བྱས་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དགོས་པ་བསྒྲུབ་པའི་མཚན་ཉིད་དགོས་པ་དེ་དང་དེ་བྱའོ་ཞེས་པའི་ཐ་ཚིག་གོ། །རིན་པོ་ཆེའི་རིགས་ [13b] [13b.1]ཀྱི་དམ་ཚིག་ནི། ཉུང་ངམ་ཡང་ན་མང་ཡང་རུང་། །ཇི་ལྟར་འདོད་པ་བཞིན་དུ་ནི། །སྦྱིན་པ་ཉིན་གཅིག་བཞིན་དུ་ཡང་། །བྱ་བ་འདི་ནི་དམ་ཚིག་གོ། །ཞེས་གསུངས་སོ། །འདི་ནི་དམ་ཚིག་རྣམ་པ་ལྔ་སྟེ་ལྷ་རྣམ་པ་ལྔར་སྨོས་པའི་ཕྱིར་གོ་རིམས་བཞིན་དུ་རྗེས་སུ་མཐུན་པར་གཙོ་ [13b.2]བོར་བསྟན་མོད་ཀྱི། རིགས་གཞན་གང་ཡང་རུང་བ་ཟློས་པས་ཀྱང་རྣམ་པ་ལྔ་ཅར་བསྲུང་དགོས་ཏེ། བདེ་བར་གཤེགས་པ་ལས་གཞན་པ་ཇི་སྐད་དུ་གསུངས་པའི་ལྷའི་བྱེ་བྲག་རྣམས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པ་དང་། དེ་དག་གི་དམ་ཚིག་ཐམས་ཅད་ཀྱང་བདེ་བར་ [13b.3]གཤེགས་པའི་དམ་ཚིག་གི་ངོ་བོ་ཡིན་པ་དང་། བདེ་བར་གཤེགས་པའི་ཚུལ་གྱིས་གསང་སྔགས་ཟློས་པ་རྣམས་ཀྱང་རྒྱལ་བ་ཐམས་ཅད་ལ་བདག་གི་ལུས་ཕུལ་བས། དེས་གསུངས་པ་བཞིན་དུ་བྱ་བར་ཁས་བླངས་པས་དེ་དག་མཐུན་པར་བྱ་བ་ལ་འཇུག་པའི་ [13b.4]ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྔོན་འགྲོ་བ་མ་ལུས་པ་འདི་དག་སྒྲིབ་པ་རྣམ་པ་གཉིས་ཀྱི་དྲི་མས་ཡོག་ཅིང་དེ་ལས་བྱུང་བའི་ནད་ཀྱིས་གཟིར་བར་གཟིགས་ནས། ཐུགས་རྗེའི་དབང་དུ་གྱུར་པའི་ཐུགས་ཀྱིས་འདོད་ཆགས་ལ་སོགས་པའི་སྐྱོན་དང་ལྡན་ [13b.5]པ་ཁ་ཅིག་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་མངོན་དུ་གྱུར་པའི་ཡིད་དང་ལྡན་པ་རྣམས་ལ་རབ་ཏུ་ཞི་བ་ཉིད་ཀྱི་ཚོགས་ཡོངས་སུ་དག་པར་མཛད་དོ། །ཡང་འདོད་ཆགས་ལ་སོགས་པས་སེམས་ཤིན་ཏུ་དབང་དུ་བྱས་པ་ཁ་ཅིག་ལ་ནི་བདག་ཉིད་རྣམ་པ་ཐམས་ཅད་དུ་ཉེས་པ་ཐམས་ཅད་ [13b.6]དང་བྲལ་ཡང་འདོད་པ་དང་ཁྲོ་བ་ལ་སོགས་པ་སོ་སོར་མཐུན་པར་བསྟན་ནས། ཉེས་པ་དེ་དང་དེ་དག་ཇི་ལྟར་རིགས་པས་སྤོང་ངོ་། །དེ་བས་ན་རྣལ་འབྱོར་པ་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམ་ [13b.7]པར་སྦྱོང་བའི་ཐབས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་ཉིད་འདོད་པའི་ཡོན་ཏན་རྣམས་ལ་ཤིན་ཏུ་བརྟན་པར་རྗེས་སུ་ཆགས་པར་བྱའོ། །ཉན་ཐོས་ལྟར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གཞོལ་བས་རྣམ་པ་ཐམས་ཅད་དུ་ [14a] [14a.1]གཟུགས་ལ་སོགས་པའི་ཕུང་པོ་ལ་སྐྱོ་བ་བསྐྱེད་པར་མི་བྱའོ། །དེ་བཞིན་དུ་གདུག་པའི་སྐྱེ་བོ་བདག་དང་གཞན་ལ་གནོད་པར་སྦྱོར་ཞིང་ངན་པར་སྤྱོད་པ་རྣམས་ལ་རབ་ཏུ་བསྡིགས་པར་བྱའོ། །སེམས་ཅན་རྣམས་ལ་བྱམས་པ་ཡིད་དུ་བྱའོ། །ལས་ [14a.2]ཐམས་ཅད་ལ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དག་པར་བལྟས་ནས་མ་ཆགས་པར་བྱའོ། །ཐབས་ཀྱིས་ནི་ཀུན་རྫོབ་ཀྱི་བདེན་པ་ལ་མོས་པས་འགྲོ་བ་མ་ལུས་པའི་དོན་བྱ་བ་དང་དེ་སྒྲུབ་པ་ལ་ཆགས་པར་བྱའོ། །བདག་ལ་སྦྱིན་པར་བྱ་བའི་དངོས་པོ་མང་དུ་མི་བདོག་གོ། ། [14a.3]ཞེས་ཉིན་རེ་བཞིན་སྦྱིན་པའི་བར་ཆད་མི་བྱའོ། །ཅི་ནུས་པར་ཆུང་ངམ་ངན་ཡང་བླའི་སྦྱིན་པ་སྦྱིན་པར་བྱ་སྟེ། ཡང་ཡེ་དེས་འདི་ལས་འདའ་བར་མི་བྱའོ། །དེ་བས་ན་གང་ཡང་རུང་བའི་རིགས་ལ་རང་གི་ལྷ་མཉེས་པར་བྱེད་པས་ཀྱང་། རིགས་ཀྱི་རྗེས་སུ་མཐུན་པར་བསྟན་ [14a.4]པའི་དམ་ཚིག་གི་བྱེ་བྲག་འདི་དག་ཐམས་ཅད་ཀྱང་ཅི་ནུས་པས་ཀྱང་རྗེས་སུ་འཇུག་པར་བྱའོ། །མཉེས་པར་བྱ་བ་རང་གི་ལྷའི་རྗེས་སུ་མཐུན་པའི་དམ་ཚིག་གང་ཡང་རུང་བ་ལ་ནི་ཤིན་ཏུ་ལྷག་པར་ནན་ཏན་དུ་བྱ་དགོས་ཏེ་ཁྱད་པར་ནི་དེ་ཡོད་དོ། །དམ་ཚིག་འདི་ཡང་དམ་ [14a.5]ཚིག་གི་ཕྱག་རྒྱ་བསྒྲུབ་པའི་ཚེ་ནི་ཁྱད་པར་དུ་ཡིད་ལ་བྱའོ། །འདི་དག་ནི་དམ་ཚིག་གི་བྱེ་བྲག་བསྡུས་པའོ། །དེ་ལྟར་དེ་ལ་སོགས་པ་གཞན་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོར་བཤད་པའི་ལྷ་སྒྲུབ་པ་པོས་རྒྱུད་དང་མཐུན་པར་བླ་མའི་མན་ངག་ [14a.6]ལས་བཟླས་བརྗོད་བྱེད་པའམ། བསྒོམས་པས་བསྒྲུབ་པའི་ཡན་ལག་རྣམས་ངེས་པར་བྱས་ནས་དེ་ལ་ནན་ཏན་བྱ་བར་ཡིད་ཤིན་ཏུ་བརྟན་པར་བྱས་ཏེ། གྲོགས་པོ་མཐུན་པ་དང་ལྷན་ཅིག་གམ། ཡང་ན་གཅིག་པུ་རྩོལ་བ་དང་གཉིས་ཀྱིས་བཟླས་བརྗོད་བྱེད་པ་དང་། [14a.7]བསྒོམ་པ་ལ་སོགས་པ་ལ་འཇུག་པར་བྱའོ། །དེའི་རིམ་པ་ཡང་འདི་ལྟ་སྟེ། དང་པོར་རེ་ཞིག་ནང་པར་གྱི་དུས་ལ་བབ་པ་དང་། ཁྲི་ལ་སོགས་པ་མེད་པ་ལ་རྣལ་འབྱོར་དང་རྗེས་སུ་མཐུན་པའི་མལ་བདེ་བ་ནས་ལངས་ལ། དམ་པའི་ཆོས་ཀློག་པ་ལ་སོགས་པ་བྱས་ནས་ [14b] [14b.1]མི་བརྗེད་པའི་ཆོས་ཉིད་མངོན་པར་འཕེལ་བར་བྱ་བའི་ཕྱིར་མཚན་མོ་དང་ཉིན་པར་ལེགས་པར་སྤྱད་པའི་ཡི་དམ་ཇི་ལྟར་བླངས་པ་ཞིག་པའམ། མ་ཞིག་པ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་དྲན་པར་བྱས་ཏེ་ཉེས་པ་ཡང་ཕྱིན་ཆད་མི་བྱ་བའི་སེམས་བསྐྱེད་ལ་དཀྱིལ་ [14b.2]འཁོར་ཆེན་པོ་ན་བཞུགས་པའི་བདེ་བར་གཤེགས་པ་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་ཐང་ཅིག་ཡུད་ཙམ་ཞིག་དྲན་པ་སྔོན་དུ་བྱས་ནས་ཕྱག་འཚལ་ལོ། །དེ་ནས་ཇི་སྐད་གསུངས་པའི་རང་གི་རིགས་ཀྱི་སྲུང་བའི་སྦྱོར་བ་བསྟན་པ་ནན་ཏན་དུ་བྱས་ཏེ། ཕྱི་རོལ་གྱི་ [14b.3]ས་ལ་སོགས་པར་འགྲོ་བར་བྱའོ། །དེ་ལས་གཞན་པའི་དུས་དང་སྤྱོད་པའི་ཚེ་དམ་ཚིག་སེམས་དཔའི་ང་རྒྱལ་ཡོངས་སུ་མ་བཏང་དུ་ཟིན་ཀྱང་ཕྱི་རོལ་གྱི་ས་ལ་སོགས་པར་འགྲོ་བའི་ཚེ་རང་གི་རིགས་དང་རྗེས་སུ་མཐུན་པར་སྲུང་བའི་སྦྱོར་བ་ནན་ཏན་མི་གཏོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། [14b.4]དངོས་པོའི་ངོ་བོ་ཉིད་ཀྱིས་རབ་ཏུ་སྦྱོར་བ་ལ་དེ་ལྟ་བུའི་དུས་ཉིད་ཀྱི་ཚེ་ན་དམ་ཚིག་གིས་ངེས་པར་བྱེད་པར་ནི་རིགས་སོ། །དེ་ལ་དེ་བཞིན་གཤེགས་པ་མཉེས་པར་བྱེད་པ་རྣམས་ཀྱི་དབང་དུ་བྱས་ཏེ་སྲུང་བ་གསུངས་པ་ནི་འདིའོ། །སེམས་ཅན་ཐམས་ཅད་ཡོངས་མི་གཏང་། ། [14b.5]རྟག་ཏུ་སངས་རྒྱས་མཆོད་པའི་བདག །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །སྲུང་བ་འདི་ནི་དམ་པ་མཆོག །ཅེས་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ཀྱི་སྲུང་བ་ཡང་། རྡོ་རྗེ་སེམས་དཔའ་ལན་ཅིག་གཅིག། །མིང་ཙམ་ཡོངས་སུ་འཛིན་པ་ཡང་། །འདི་ནི་ [14b.6]སྲུང་བ་ཆེན་པོ་སྟེ། །ངེས་པར་འགྲུབ་སྟེ་སྐད་ཅིག་གིས། །ཞེས་གསུངས་སོ། །དེ་ནས་ཕྱི་རོལ་གྱི་ས་ལ་སོགས་པར་བྱ་བ་བྱས་ནས་གཙང་སྦྲ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དེ་བཞིན་དུ་སྲུང་བའི་སྦྱོར་བ་ཡང་རྗེས་སུ་དྲན་པར་བྱས་ནས་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་སྔ་ནས་ [14b.7]བསྒོམས་པས་སྒྱུ་མ་དང་སྨིག་རྒྱུ་དང་། རྨི་ལམ་ལ་སོགས་པར་སྣང་བ་དང་འདྲ་བར་འཇིག་རྟེན་ན་གྲགས་པ་རྣམས་བློས་བརྟགས་ཏེ། ཕྱི་རོལ་གྱི་ཁྲུས་ལ་སོགས་པ་གཙང་སྦྲའི་རྣམ་པར་རྟོག་པ་མ་ལུས་པ་སྤང་ངོ་། །གཞན་དུ་ན་དེ་ལྟ་བུའི་འཇིག་རྟེན་དང་མཐུན་པར་བྱ་བ་དང་། [15a] [15a.1]རང་གི་ལུས་ལ་ཕན་ཞིང་བདེ་བར་བྱ་བའི་ཕྱིར་ནི་གཙང་སྦྲ་དང་སྤྱད་པའི་ཆོ་ག་ཇི་ལྟར་བསྟན་པ་བཞིན་དུ་བྱའོ། །ཡང་ན་རང་གི་ལྷའི་དམ་ཚིག་སེམས་དཔའི་ང་རྒྱལ་མངོན་དུ་བྱས་པ་ནི་ཕྱི་རོལ་གྱི་གཙང་སྤྲ་ལ་སོགས་པ་མི་དགོས་པའི་རྒྱུར་བཤད་དེ། དེའི་ཕྱིར་རྗེས་ [15a.2]སུ་དྲན་པའི་ཡིད་ལ་བྱ་བ་བསྐྱེད་པར་བྱ་སྟེ། ཇི་སྐད་དུ། གཙང་སྦྲ་བསྡམ་པ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་མི་དགོས་ཏེ། །སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །བདག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་དག་པར་ཀུན་དུ་རྟོག་ [15a.3]པ་ལེགས་པར་བྱས་ནས་བདག་གི་ཡིད་དང་མཐུན་པའི་ཡུལ་གྱི་བྱེ་བྲག་གང་ཡང་རུང་བའམ། ལྷ་ཁང་ལ་སོགས་པར་གནས་ཏེ། ཕྱོགས་དང་དུས་ཐམས་ཅད་ན་བཞུགས་པའི་བདེ་བར་གཤེགས་པ་ལ་སོགས་པ་བླ་མ་རྣམས་ལ་ཕྱག་འཚལ་ལ་ཁ་ནུབ་ཕྱོགས་སུ་བལྟས་ [15a.4]སམ་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་པས་གང་འདོད་པར་ཁ་བལྟས་ཏེ། ཇི་ལྟར་བདེ་བའི་སྟན་ལ་འདུག་ནས་དེ་བཞིན་དུ་སྲུང་བའི་སྦྱོར་བ་རྗེས་སུ་དྲན་པས། བདག་དང་གཞན་དང་ཡོ་བྱད་ལ་སོགས་པ་རྣམས་ཡིད་ཀྱིས་སྲུང་བའི་སྦྱོར་བ་བྱས་ཏེ། དེ་ནས་རང་གི་ [15a.5]ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་འོག་ནས་འབྱུང་བའི་ཆོ་ག་བཞིན་དུ་བྱས་ལ། དད་པའི་ལྷ་རྣམས་ལ་མཆོད་པའི་ཆོ་ག་བྱས་ཟིན་ནས་བཟླས་བརྗོད་བྱ་བའམ། བསྒོམ་པ་བྱས་ཏེ། ཇི་སྐད་དུ། བདག་ཉིད་ལྷ་ཡི་རྣལ་འབྱོར་པས། །བདག་དང་གཞན་ལ་མཆོད་པར་བྱ། ། [15a.6]ཞེས་གསུངས་སོ། །འདིར་ཡང་མཆོད་པར་དགོངས་པ་དང་། རང་གི་ལྷར་བསྒྲུབ་པའི་སྙིང་པོ་རྣམས་ལན་གཉིས་སམ། ལན་གསུམ་མམ། དེ་ལས་ལྷག་པར་བརྗོད་པས་རང་གི་ལྷ་དགོས་པ་སྒྲུབ་པར་བྱེད་པར་གསུངས་ཏེ། རྣལ་འབྱོར་གྱི་ཚུལ་གྱི་ཆོ་ག་ལ་ཏིང་ངེ་འཛིན་ [15a.7]གཙོ་བོར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །བསྒྲུབ་དང་ལས་རྣམས་ཐམས་ཅད་ལ། །འདིར་ནི་བཟླས་བརྗོད་ཅི་འདོད་པས། །རྟོག་པ་ཀུན་ལས་དངོས་གྲུབ་སྩོལ། །ཞེས་གསུངས་སོ། །དེ་ལ་རེ་ཞིག་དེ་བཞིན་གཤེགས་པ་རྣམས་ [15b] [15b.1]དང་། དེའི་རིགས་ཀྱི་བཟླས་བརྗོད་དང་བསྒོམ་པའི་ཆོ་ག་འདིར་བསྟན་པར་བྱའོ། །དང་པོར་རེ་ཞིག་དེ་དག་ལ་མཆོད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པ་དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་དམ་ཚིག་སེམས་དཔར་ [15b.2]སྒྲུབ་པའི་ཆོ་ག་ནི་འདི་ལྟ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་ལ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པར་མོས་པ་བྱ་སྟེ། རྡོ་རྗེ་ཐལ་མོ་སྙིང་གར་བཅིངས་ལ་དེའི་སྙིང་པོ་བརྗོད་དོ། །ཐལ་མོ་ཁོང་སྟོང་དུ་བྱས་ལ་སོར་མོའི་རྩེ་མོ་རྣམས་ཕན་ [15b.3]ཚུན་དུ་བསྣོལ་ཏེ་གཟུང་ངོ་། །འདི་ནི་རྡོ་རྗེའི་ཐལ་མོའི་མཚན་ཉིད་དེ། དེའི་སྙིང་པོའི་ནི་འདིའོ། །ཨོཾ་བཛྲ་ཨཉྫཱ་ལི། དེ་ནས་ཐལ་མོ་དེ་ཉིད་ལག་པ་རྒྱབ་ཏུ་བཀུག་པ་ནི་རྡོ་རྗེ་བཅིངས་པ་སྟེ། ཨོཾ་བཛྲ་བནྡྷ། ཞེས་བྱ་བ་ནི་སྙིང་པོའོ། །དེ་ནས་རྡོ་རྗེ་བཅིངས་པ་དེ་ལས་སྙིང་ [15b.4]གའི་ཕྱོགས་སུ་སྒྲ་དང་བཅས་པར་དགྲོལ་ཞིང་སྙིང་པོ་འདི་བརྗོད་དོ། །ཨོཾ་བཛྲ་བནྡྷ་ཏྲཊ། དེ་ནས་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ཏེ། དེའི་སྙིང་པོ་བརྗོད་ཅིང་ཡེ་ཤེས་དབབ་པ་དང་། ཕྱག་རྒྱ་ཆེན་པོ་དབབ་པར་བྱའོ། །རྡོ་རྗེ་བཅིངས་པ་ལས་མཐེབ་མོ་གཉིས་ནང་དུ་ [15b.5]བཅུག་པ་ནི་དབབ་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་ཨཱ་བེ་ཤ་ཨ་ཨ་ཨ། ཞེས་བྱ་བ་ནི་སྙིང་པོའོ། །དེའི་འོག་ཏུ་རང་གི་སེམས་བརྟག་པ་ལ་སོགས་པ་མཉམ་པར་གཞག་པའི་མཚན་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་མོས་པར་བྱས་ [15b.6]ལ་དེ་བཞིན་གཤེགས་པའི་སྐུར་བདག་ཉིད་བྱིན་གྱིས་བརླབ་པོ། །ཇི་སྐད་དུ། དེ་བཞིན་གཤེགས་པའི་དམ་ཚིག་ཆེན་པོའི་སེམས་དཔའ་བསྒྲུབ་པ་བསྟན་པ་ལས། སེམས་ཤེས་པ་ལས་བརྩམས་ནས་ནི། །བདག་ཉིད་སངས་རྒྱས་སྐུར་བསྒྱུར་ཏེ། །རྡོ་རྗེ་དབྱིངས་ནི་ཟློས་ [15b.7]བྱེད་ཅིང་། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །ཞེས་གསུངས་སོ། །རང་གི་སེམས་བརྟག་པ་ལ་སོགས་པའི་རིམ་པ་ཡང་འདི་ལྟ་སྟེ། དང་པོར་རེ་ཞིག་ཡིད་བདག་གི་སྙིང་གའི་ནང་དུ་བསྡུས་ལ། ལུས་ཐམས་ཅད་ཀྱི་སྲོག་སླར་བསྡུས་པའི་ཚུལ་གྱིས་དབང་པོ་མཐའ་ [16a] [16a.1]དག་གི་རྒྱུད་ནང་དུ་ཕྱོགས་པར་བྱས་ནས། ལྕེ་རྐན་ལ་བཅར་ཏེ་མགྲིན་པ་ཅུང་ཟད་བཀུག་ལ། མིག་ཟམ་ཟིམ་བྱས་ནས་ལུས་དྲང་པོར་བསྲངས་ཏེ་བཞག་ལ་སེམས་བརྟག་པའི་སྙིང་པོ་དབུགས་མི་འབྱུང་བར་བརྗོད་ཅིང་ལུས་དང་སེམས་ལས་སུ་མི་རུང་བ་སྤངས་ཏེ་དེ་ [16a.2]གཉིས་མཐུན་པར་འཇུག་པར་བྱའོ། །དེ་ལ་རང་གི་སེམས་བརྟག་པའི་སྙིང་པོ་ནི་འདི་ལྟ་སྟེ། རང་བཞིན་གྱིས་གྲུབ་པའོ། །ཨོཾ་ཙིཏྟ་པྲ་ཏི་བེ་དྷཱཾ་ཀ་རོ་མི། རང་གི་སེམས་བརྟག་པ་ཡང་སྐབས་འདིར་ནི་གང་ཟག་དང་ཆོས་ལ་བདག་མེད་པར་བསྟན་པའི་གཏན་ཚིགས་ཀྱིས་བདག་ [16a.3]དང་བདག་གིར་འཛིན་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་འཛིན་པའི་དྲི་མ་སྤངས་ཏེ། ཅུང་ཟད་ཅིག་ནམ་མཁའ་དང་འདྲ་བར་དམིགས་ནས་ཟླ་བ་ཚེས་གཅིག་གི་ཤས་འདྲ་བ་ནང་སྟོང་པ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མོས་པར་བྱའོ། །གང་ [16a.4]གི་ཕྱིར་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མངོན་པར་རྟོགས་པའི་ཚེ་ན། འོག་ནས་འབྱུང་བའི་ཆོ་གས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། དེ་བཞིན་གཤེགས་པ་རྣམས་ལ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གང་ཡིན་པ་ [16a.5]དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་། །ཞེས་གསོལ་བའི་ཕྱིར་རོ། །འདིར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་བྱ་བའི་ཚིག་གིས་ན། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཟླ་བའི་དཀྱིལ་འཁོར་མ་རྫོགས་པ་ཡིན་པར་མངོན་ཏེ། གང་གི་ [16a.6]ཕྱིར་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་ཕྱིས་སྨྲས་པའི་ཕྱིར་རོ། །དེའི་དགོངས་པ་ནི་འདི་ལྟ་སྟེ། འཁོར་བའི་བག་ཆགས་ཀྱི་རྡུལ་གྱི་ཁུག་རྣ་ཐམས་ཅད་སྤངས་པས། སེམས་དེ་ཡོངས་སུ་དག་ནས་ཐོག་མ་མེད་པའི་དུས་ནས་བསགས་པའི་དཀར་པོའི་ཆོས་ཀྱི་བག་ [16a.7]ཆགས་ཡོངས་སུ་མ་རྒྱས་པ་དང་ལྡན་པས། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཡོངས་སུ་མ་རྫོགས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མ་བྱས་ཀྱི་བར་དུ་ཟླ་བའི་དཀྱིལ་འཁོར་གཅིག་ཁོ་ནར་ཡོངས་སུ་རྫོགས་པར་སྣང་བར་མི་འགྱུར་རོ། །འདིས་ཀྱང་འབྲས་བུ་ [16b] [16b.1]དང་བཅས་པའི་ཡེ་ཤེས་ཀྱིས་ཆོས་དཀར་པོ་ཐམས་ཅད་ཀྱི་བག་ཆགས་ཀྱི་གནས་ཐོག་མ་མེད་པའི་དུས་ནས་བྱུང་བར་བསྟན་ཏོ། །དེ་ནས་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་ཟླ་བ་དེ་ཡོངས་སུ་རྫོགས་པར་འགྱུར་བའི་མཚན་ཉིད་བརྟན་པར་བྱེད་པའི་རྒྱུ་བྱང་ཆུབ་ [16b.2]ཀྱི་སེམས་རང་བཞིན་གྱིས་གྲུབ་པའི་སྙིང་པོ་འདིས་སྐྱེད་ཅིག །ཨོཾ་བོ་དྷི་ཙིཏྟོ་པཱ་ད་ཡཱ་མི། སྙིང་པོའོ། །དེ་ལྟར་བྱས་ནས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་འོད་ཟེར་མང་པོ་འཕྲོ་བའི་སྦྱོར་བས། སྟོན་ཀའི་ཟླ་བ་ཉ་གང་བའི་དཀྱིལ་འཁོར་ལྟར་རྙོག་པ་མེད་པར་མོས་པར་བྱ་སྟེ། [16b.3]ཤིན་ཏུ་ཡུན་རིང་དུ་རབ་ཏུ་གསལ་བར་སྣང་བ་དང་དྲན་པ་དང་། སྲོག་གཉིས་བསྡམས་ནས་ཇི་སྲིད་འདོད་པར་བསམ་མོ། །འདིས་ནི་རྒྱུའི་གནས་སྐབས་སུ་བསྡུས་པ་ཀུན་དུ་བཟང་པོའི་ཡེ་ཤེས་ཀྱི་སའི་མཐར་ཐུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ [16b.4]རྫོགས་པར་བྱིན་གྱིས་བརླབས་པར་རིག་པར་བྱའོ། །རྟོག་པ་ཐམས་ཅད་བསྡུས་པ་ལས་ནི། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྟེང་དུ། ཟླ་བ་ཡོངས་སུ་རྫོགས་པ་གཉིས་པ་བསྒོམ་པར་བཤད་པ་གང་ཡིན་པ་དེ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་བྱིན་གྱིས་ [16b.5]བརླབས་པར་བཤད་པས་འདུལ་བའི་སྐྱེ་བོའི་དབང་གིས་གཞན་དུ་བརྟག་པ་ཉིད་དེ། དེར་ནི་རང་གི་སེམས་རྟོག་པས་ཀུན་ནས་ཉོན་མོངས་པའི་བག་ཆགས་ཐམས་ཅད་རྣམ་པར་དག་ཅིང་། ས་དང་ཕ་རོལ་ཏུ་ཕྱིན་པའི་བག་ཆགས་ཡོངས་སུ་རྫོགས་པའི་གནས་སྐབས་ཟླ་བའི་ [16b.6]དཀྱིལ་འཁོར་སྔ་མས་བྱིན་གྱིས་བརླབས་སོ། །ཟླ་བ་གཉིས་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་རྟོགས་པ་ཐོབ་པའི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་སེམས་ཀྱི་མཚན་མར་བསྟན་ཏོ། །དེ་ལ་གནས་པའི་རྡོ་རྗེས་ནི་དེའི་འོག་ཏུ་འབྱུང་བའི་ཡེ་ཤེས་རྣམ་པར་དག་པ་ལྔ་ [16b.7]རྣམས་སུ་བྱིན་གྱིས་བརླབས་ཏེ་འདི་སྐད་དུ་ཡང་དེ་ཉིད་ལས། སྙིང་པོ་བློ་ཅན་གྱིས་བླངས་ནས། །རང་གི་སེམས་ནི་བརྟག་པར་བྱ། །དེ་ནི་སྐད་ཅིག་མཉམ་གཞག་ལ། །ཟླ་བའི་དཀྱིལ་འཁོར་བཞིན་དུ་བལྟ། །དེ་ནི་སེམས་ཀྱི་རང་བཞིན་ནམ། །ཀུན་ནས་ཉོན་མོངས་ས་བོན་ཡིན། ། [17a] [17a.1]དགེ་དང་མི་དགེ་བ་ཡི་སེམས། །འདི་ནི་ཀུན་གཞི་ས་བོན་ཡིན། །ཆོས་ཀྱི་མཐར་ནི་རྟོགས་ནས་སུ། །ཕ་རོལ་ཕྱིན་དྲུག་བག་ཆགས་བསགས། །ཡོངས་སུ་དག་པའི་སེམས་ཆེན་དེ། །ཉོན་མོངས་ཀུན་གཞི་མ་ཡིན་གྱི། །བསོད་ནམས་ཡེ་ཤེས་ཚོགས་ [17a.2]ཆེན་པོ། །ཡུན་རིང་དུ་ནི་བསགས་པ་སྟེ། །ཇི་ལྟར་ཟླ་བ་གང་བ་བཞིན། །དག་ཅིང་དང་བ་དྲི་མ་མེད། །དེ་ལྟར་ཚོགས་ནི་རྫོགས་པའི་ཕྱིར། །རང་སེམས་ཟླ་བ་གང་བ་བཞིན། །ཡོད་པ་མ་ཡིན་དངོས་མེད་ཕྱིར། །ཟླ་བ་ལྟར་ཡང་མི་བཤད་དེ། །བསོད་ནམས་ཡེ་ཤེས་ [17a.3]ཚོགས་ཆེན་དག །རྫོགས་པས་ཟླ་བ་ལྟ་བུར་བཤད། །རང་སེམས་ཟླ་བའི་དཀྱིལ་འཁོར་ལ། །ལེགས་པར་བྱས་པའི་ཚོགས་མཐོང་ནས། །དགའ་ཞིང་མགུ་བ་སྐྱེས་པ་སྟེ། །ཡང་ནི་ཚིག་ཏུ་རབ་སྨྲས་པ། །མགོན་པོ་བཅོམ་ལྡན་བདག་གིས་ནི། །ཉོན་མོངས་དྲི་མ་ [17a.4]ཐམས་ཅད་དང་། །གཟུང་དང་འཛིན་པ་སྤངས་པ་ཡིས། །རང་སེམས་ཟླ་བའི་དཀྱིལ་འཁོར་མཐོང་། །དེ་ནས་སངས་རྒྱས་ཀུན་གསུངས་པ། །སྔ་ནས་མ་སྐྱེས་སེམས་བཟང་འདི། །འོན་ཀྱང་གློ་བུར་གྱིས་ཉོན་མོངས། །རྫོགས་པའི་བྱང་ཆུབ་སེམས་སྦྱང་བའི། ། [17a.5]ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །བྱང་ཆུབ་སེམས་ཀྱང་རྣམ་པར་རྟོགས། །ཀུན་དུ་དགའ་བའི་སྙིང་པོ་འདིས། །སྙིང་པོ་དག་པ་བླངས་ནས་ཀྱང་། །ཟླ་བའི་དབུས་སུ་རྣམ་བརྟགས་ན། །ཟླ་བའི་དཀྱིལ་འཁོར་གཉིས་པ་ཡང་། ། [17a.6]ཟླ་བའི་དཀྱིལ་འཁོར་དབུས་ན་མཐོང་། །དེ་ནས་སངས་རྒྱས་ཀུན་གསུངས་པ། །བྱང་ཆུབ་སེམས་འདི་བསྟན་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་བས་ན་རྟོག་པ་ཐམས་ཅད་བསྡུས་པ་ལས་གསུངས་པའི་མངོན་པར་རྫོགས་པར་བྱང་ཆུབ་ [17a.7]པའི་ཚུལ་ཡང་དགོངས་པ་གཞན་ཡིན་ལ། འདིར་ཡང་གཞན་དུ་དགོངས་པས་ན་ཉེས་པ་མེད་པའོ། །དེ་ནས་ཀུན་ཏུ་བཟང་པོའི་སེམས་བསྐྱེད་པ། ཟླ་བའི་དཀྱིལ་འཁོར་དེ་ལ་རྡོ་རྗེའི་ཚིག་གི་སྙིང་པོ་འདི་བརྗོད་ལ། རྡོ་རྗེ་རྩེ་ལྔ་པ་ཁ་གཉིས་པ་བསམས་ནས། དེ་ཡང་ཤིན་ཏུ་ [17b] [17b.1]གསལ་བ་ཀུན་དུ་སྣང་བར་བྱའོ། །དེ་ལ་སྙིང་པོ་འདིའོ། །ཨོཾ་ཏིཥྛ་བཛྲ། འདིས་ཀྱང་མངོན་པར་བྱང་ཆུབ་པས་ཐོབ་པར་བྱ་བའི་གནས་སྐབས་ཐོབ་པ་ན་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཡན་ལག་ལྔའི་མཚན་ཉིད་ཀྱིས་མཚན་པ་དེ་བཞིན་གཤེགས་པའི་ས་ལ་གནས་པ་བསྟན་ཏོ། ། [17b.2]དེ་ལྟར་འདི་ནི་ལོག་པར་ལྟ་བའི་རི་ཐམས་ཅད་འཇོམས་པ་ལ་མཁས་པའི་ཡེ་ཤེས་རྡོ་རྗེ་རྩེ་མོ་དབུས་མ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་མར་བསྟན་ཏོ། །དེ་ལས་གཞན་པའི་གཞི་རྣམས་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ [17b.3]ཡེ་ཤེས་སུ་བསྟན་ཏོ། །ཁ་གཉིས་ཀྱིས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྣང་བ་དེ་ཕྱོགས་བཅུར་རྒྱས་པའི་མཐུ་བསྟན་པའོ། །དེ་ནས། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྙིང་པོ་འདི་ཡིད་ལ་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་དུ་བཟང་པོའི་སེམས་ [17b.4]བསྐྱེད་པའི་རྡོ་རྗེ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་སུ་ཞུགས་ནས། རྡོ་རྗེ་དེ་ཤིན་ཏུ་ཡུན་རིང་དུ་བསམས་པས་རབ་ཏུ་གསལ་བར་སྣང་བར་རབ་ཏུ་བརྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ [17b.5]དབྱིངས་ནི་བདག་ཡིན་ནོ་སྙམ་དུ་ང་རྒྱལ་བྱའོ། །སྐུའི་དབྱིངས་ཀྱང་འདིར་དེ་བཞིན་གཤེགས་པའི་སྐུ་མང་པོ་རྣམས་སོ། །སངས་རྒྱས་ཀྱི་གསུང་བཀོད་པའི་རྒྱན་སོ་སོར་སྣང་བ་ཡང་འདིར་གསུང་གི་དབྱིངས་སོ། །ཐུགས་ཀྱི་དབྱིངས་ནི་ཐུགས་ཀྱི་ཕྱག་རྒྱར་གྱུར་པ་རལ་གྲི་དང་། [17b.6]འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་ལ་སོགས་པའི་མཚན་ཉིད་དུ་རིག་པར་བྱའོ། །དེ་བས་ན་སྒོམ་པ་ཤིན་ཏུ་བརྟན་པར་བྱ་བ་བསྟན་པ་འདིས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་གནས་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དུ་བྱིན་གྱིས་བརླབས་པར་རིག་པར་བྱའོ། །དེ་ [17b.7]ནས་སྙིང་པོ་འདི་བརྗོད་དོ། །ཡེ་ཤེས་ཀྱི་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་དེ་ཉིད་འོད་ཟེར་མང་པོ་འཕྲོ་བ་དང་འདུ་བའི་ཚུལ་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའམ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཉི་མའི་འོད་ཀྱི་དཀྱིལ་འཁོར་གྱིས་འཇིག་ [18a] [18a.1]རྟེན་གྱི་ཁམས་མཐའ་ཡས་པར་ཁྱབ་པར་བདག་ཉིད་གྱུར་པར་རབ་ཏུ་བརྟག་གོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སཱ་ཐཱ་ཨ་ཧཾ། ཞེས་བྱ་བ་འདིས་ཀྱང་ཡེ་ཤེས་ཀྱི་ཀུན་དུ་འོད་ཀྱིས་རྒྱུ་མཐུན་པར་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ [18a.2]གསུང་དང་ཐུགས་རྣམས་བསྡུས་པར་བལྟའོ། །དགོངས་པ་འདི་དག་ཐམས་ཅད་ཀྱང་རྡོ་རྗེ་རྩེ་མོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པར་རབ་ཏུ་དབྱེ་བ་ལས་གསལ་བར་བསྟན་ཏེ། སྲ་ཞིང་སྡུག་ལ་རབ་ཏུ་དག །ནམ་མཁའ་དང་ནི་མཚུངས་མཉམ་པ། །གནས་ངན་ལེན་པ་ [18a.3]ཀུན་ལས་གྲོལ། །རྣམ་པར་རྟོག་པ་སྤངས་པའི་མཆོག །ཉོན་མོངས་དྲི་མ་ཐམས་ཅད་དག །ཟླ་བ་ལྟ་བུ་སྔོན་མཐོང་བ། །བྱམས་དང་སྙིང་རྗེ་ལས་བྱུང་ཞིང་། །སེམས་ཅན་ལ་ནི་ཕན་མཛད་ཅིང་། །བྱང་ཆུབ་སེམས་ཆེན་རབ་ཏུ་དག །སངས་རྒྱས་བྱང་ཆུབ་སྐྱོན་ [18a.4]མེད་པ། །དགེ་བའི་ཆོས་རྣམས་ཀུན་རྫོགས་ཤིང་། །ཉོན་མོངས་ཐམས་ཅད་རྣམ་པར་གྲོལ། །སྟུག་པོའི་དབུས་ན་ཟླ་ཆེན་པོ། །བྱང་ཆུབ་སེམས་ནི་གཉིས་པ་སྟེ། །བསྐལ་པ་གྲངས་མེད་གསུམ་དུ་ནི། །བྱང་ཆུབ་བསྒྲུབས་པས་འཐོབ་པ་སྟེ། །དམ་ཆོས་མཆོག་ནི་ [18a.5]གྲངས་མེད་པའི། །སྤྱོད་པ་སྤྱོད་པའི་མཆོག་ཡིན་ཏེ། །ས་དང་ས་མིན་ཤིན་ཏུ་མཁྱེན། །ཡེ་ཤེས་དག་པ་ཟག་པ་མེད། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེའི་གཟུགས་ནི་བལྟ་བར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སྣང་བ་མེད་ཅིང་གནས་མེད་པ། །མ་ [18a.6]སྐྱེས་མ་བྱས་དག་པ་སྟེ། །དངོས་དང་དངོས་མེད་རྣམ་པར་སྤངས། །མི་ཆོད་མི་ཤིགས་མི་ཚིག་པ། །ཕུང་པོ་མེད་པ་ཆོས་ཀྱི་སྐུ། །རྡོ་རྗེ་བདག་ཉིད་ལས་བྱུང་བ། །རྡོ་རྗེའི་སྐུ་ནི་བླ་མེད་པའོ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །དེ་ལྟར་དེ་བཞིན་གཤེགས་ [18a.7]པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་ནས་སྙིང་པོ་འདིས་དམ་ཚིག་གི་སེམས་དཔའ་ཆེན་པོ་བདག་གོ་ཞེས་ང་རྒྱལ་བྱའོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ་ས་ཏྭཱ་ཧཾ། དེ་ནས་བདག་དང་མི་གཉིས་པའི་སངས་རྒྱས་ཀྱི་སྐུ་དེ་ལ་བྱང་ཆུབ་ཆེན་པོར་མོས་པར་བྱ་སྟེ། [18b] [18b.1]འདི་སྐད་དུ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །སངས་རྒྱས་རྗེས་དྲན་དེ་བཞིན་ཏེ། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདིའོ། །ཞེས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསུངས་སོ་ཞེས་བྱ་བའོ། །དེ་ནས་འོག་ནས་འབྱུང་བའི་རྡོ་རྗེའི་ཁུ་ཚུར་གྱི་ [18b.2]ཕྱག་རྒྱས་བཅིངས་ལ་ལུས་དང་ངག་དང་ཡིད་གཅིག་ཏུ་མོས་པར་བརྟན་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་དང་། རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ་དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་ཇི་ལྟར་རིགས་པར་རྡོ་རྗེ་སེམས་མ་གཉིས་པ་ལ་ [18b.3]སོགས་པ་བཅིངས་ལ་དམ་ཚིག་གི་སེམས་དཔའི་ཕྱག་རྒྱའི་སེམས་དཔར་སྙིང་པོ་འདིས་བདག་བསྒོམ་མོ། །ཨོཾ་ས་མ་ཡོ྅ཧཾ། ཞེས་བྱ་བ་ནི་སྙིང་པོའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་རང་གི་སྙིང་གའི་ཕྱོགས་སུ་བཞག་ལ། དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་དཔར་ [18b.4]སྙིང་པོ་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ས་མ་ཡ་སཏྭ་ཨ་དྷིཏིཥྛ་མཾ། ཞེས་བྱ་བ་འདི་ནི་སྙིང་པོའོ། །དེ་ལ་རྡོ་རྗེ་དབྱིངས་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་ནི་འདིའོ། །སྔར་གསུངས་པའི་རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་གཤིབས་ཏེ་ [18b.5]བསྒྲེང་བའི་རྩེ་མོ་མྱུ་གུ་ལྟ་བུར་བྱའོ། །དེ་བསྐྱེད་པའི་སྙིང་པོ་ནི་འདིའོ། །ཨོཾ་ས་མ་ཡ་སྟྭཾ། ཞེས་བྱའོ། །འདི་སྐད་དུ། ས་མ་ཡ་སྟྭཾ་ཞེས་སྨྲས་ནས། ཕྱག་རྒྱའི་རིགས་ནི་ཀུན་ལ་ཡང་། །དེ་ཉིད་བསྐུལ་བས་བདག་ཆེན་རྣམས། །ཉིད་ཀྱིས་བསྡམས་ནས་བརྟན་པར་འགྱུར། ། [18b.6]དེ་ནས་བཛྲ་ཧཱུྃ་ཞེས་བརྗོད་ལ་གཟུངས་ཀྱི་དཀྱིལ་འཁོར་དུ་གསུངས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཚན་མའི་ཕྱག་རྒྱས་བཅིངས་ལ་སྙིང་ག་དང་། སྨིན་མཚམས་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པོ། །དེ་ [18b.7]ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ནི་འདི་ལྟ་སྟེ། ཇི་སྐད་དུ། རྡོ་རྗེ་ཐལ་མོ་ལས་བྱུང་བ། །གསང་བ་ཆེན་མོར་རབ་ཏུ་གྲགས། །ཕྱག་རྒྱ་ཆེན་པོ་མདོར་བསྡུས་ཏེ། །དེ་དག་བཅིང་བ་བཤད་པར་བྱའོ། །མཐེ་བོ་གཉིས་ནི་སྐྱིལ་མོ་ཀྲུང་། །འཛུབ་མོ་གཉིས་ནི་རྩེ་མོ་བཀུག ། [19a] [19a.1]གུང་མོ་རྩེ་མོ་བསྙོམས་པ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །དེའི་སྔགས་ནི་འདིའོ། །ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ། བཛྲི་པཱ་ཎི་ཨ་དྷི་ཏིཥྛ་མཾ། འདི་ནི་བྱིན་གྱིས་བརླབ་པའོ། །དེ་ནས་བདག་ཉིད་དེ་བཞིན་གཤེགས་པར་གྱུར་པ་སེང་གེའི་གདན་ལ་བཞུགས་ཤིང་། [19a.2]འོག་ནས་འབྱུང་བའི་མཆོད་པའི་ཆོ་གས་བསྔགས་པའི་ཡོན་ཏན་གྱི་ཚོགས་བཟང་པོར་མོས་པར་བྱས་ལ། ས་མ་ཡ་སྟྭཾ། ཞེས་བརྗོད་དོ། །རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱ་རང་གི་སྤྱི་བོར་བཞག་སྟེ། དེའི་སྙིང་པོ་བརྗོད་ལ་བདག་རང་དབང་བསྐུར་བར་མོས་པ་བྱའོ། །འདི་ [19a.3]སྐད་དུ། རྡོ་རྗེ་རིན་ཆེན་དཔྲལ་བ་རུ། །རབ་ཏུ་གནས་པར་བསམས་ནས་ནི། །རྡོ་རྗེ་རིན་ཆེན་ཞེས་བྱས་ནས། །རྒྱལ་བ་རྣམས་ཀྱིས་དབང་བསྐུར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་བཅིངས་པ་ལས་མཐེ་བོ་གཉིས་རྩེ་མོ་ཅན་ཏུ་བྱས་ནས་དེའི་སྟེང་དུ་མཛུབ་མོ་གཉིས་ཕན་ [19a.4]ཚུན་ངོས་སྤྲད་དེ་རིན་པོ་ཆེའི་རྩེ་མོ་འདྲ་བར་བྱས་པ་ནི། རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་སྟེ། །དེའི་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་རཏྣ། འདི་ནི་དབང་བསྐུར་བའོ། །དེ་ནས་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་ཆོས་ཀྱི་ཕྱག་རྒྱ་རབ་ཏུ་བསྒྲུབ་པར་བསམས་ལ། དེའི་དབུས་སུ་དེ་བཞིན་གཤེགས་པ་ [19a.5]ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱ་བསམ་མོ། །དེ་ལ་ཆོས་ཀྱི་ཕྱག་རྒྱ་ནི་འདིའོ། །ཨོཾ་བཛྲ་ཛྙཱ་ན། ལས་ཀྱི་ཕྱག་རྒྱ་རྫོགས་པར་བྱེད་པ་ཡང་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་འོག་ནས་འབྱུང་བའི་མཚན་ཉིད་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། དེ་བཞིན་གཤེགས་པ་ [19a.6]གང་ཡང་རུང་བའི་སྐུར་བདག་དང་མི་གཉིས་པར་གྱུར་པ་དེ་ཤིན་ཏུ་ཡུན་རིང་དུ་མངོན་པར་ཞེན་པར་བསམ་མོ། །ཇི་སྐད་དུ། །ཏིང་ངེ་འཛིན་ནི་བཤད་པ་ལས། །རྒྱལ་བ་ཀུན་གྱི་རྣམ་པ་ཡི། །ཕྱག་རྒྱ་མཉམ་གཞག་བཅིངས་ནས་ནི། །རང་གི་སྔགས་སམ་རིག་བཟླས་ན། ། [19a.7]མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ནི་ཏིང་ངེ་འཛིན་ཏོ། །དེ་ནས་གསང་བའི་མཆོད་པ་བརྗོད་ཅིང་། རྡོ་རྗེ་ལཱ་སྱ་ལ་སོགས་པ་གསང་བའི་མཆོད་པ་རྣམ་པ་བཞིས་མཆོད་པར་བྱའོ། །ཇི་སྐད་དུ། གསང་བའི་མཆོད་པ་རྣམ་པ་བཞིས། །མཆོད་ [19b] [19b.1]པ་གསང་བ་བརྗོད་ཅིང་བྱ། །ཡང་ན་བདག་དབུལ་ལ་སོགས་པའི། །མཆོད་པ་རྣམས་ནི་ལེགས་པར་བྱ། །ཞེས་གསུངས་པའོ། །གསང་བའི་མཆོད་པ་ལ་སོགས་པ་ཡང་ཕྱི་རོལ་གྱི་མཆོད་པའི་ཆོ་ག་ལས་འོག་ནས་འཆད་དོ། །དེ་བཞིན་གཤེགས་པའི་དམ་ཚིག་གི་ [19b.2]སེམས་དཔའ་ཆེན་པོ་སྒྲུབ་པའི་རྣལ་འབྱོར་བཤད་ཟིན་ཏོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་སེམས་དཔའ་ཆེན་པོ་སྒྲུབ་པ་བཤད་པར་བྱའོ། །དེ་ལ་རྡོ་རྗེ་སེམས་དཔའ་སྒྲུབ་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བཤད་པ་ནི། སྙེམས་ཚུལ་བཅས་པར་རྡོ་རྗེ་ [19b.3]གསོར། །རྡོ་རྗེ་སྙེམས་པའི་ཚུལ་བྱེད་ཅིང་། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡིས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཞེས་བྱ་བ་གསུངས་སོ། །རྡོ་རྗེ་རྒྱལ་པོ་ལ་སོགས་དཔའ་ཆེན་པོ་གཞན་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། །སྐུ་དང་གསུང་ཐུགས་རྡོ་རྗེ་ [19b.4]ཡིས། །ཇི་ལྟར་བྲིས་པའི་ཚུལ་བཞིན་དུ། །མཚན་མའང་ཕྱག་རྒྱ་དང་ལྡན་པ། །སེམས་དཔའ་ཆེན་པོ་ཉིད་དུ་འགྱུར། །ཞེས་བྱའོ། །དེ་ལ་དང་པོ་རེ་ཞིག་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་དམ་ཚིག་གི་སེམས་དཔའ་ཆེན་པོའི་རྣལ་འབྱོར་མངོན་ [19b.5]དུ་བྱ་བར་འདོད་པས་སྔར་བཤད་པའི་རིམ་པ་ཉིད་ཀྱིས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེའི་སྙིང་པོ་བརྗོད་དེ་སེམས་དཔའ་རྣམས་ཀྱིས་ཡེ་ཤེས་དབབ་པ་བདག་ལ་བྱའོ། །དེ་ལ་ཡེ་ཤེས་དབབ་པའི་རིམ་པ་ནི་འདིའོ། །དྲན་པ་དང་སྲོག་བསྡམས་པའི་སྒོ་ནས། [19b.6]ཡིད་རང་གི་ལུས་ལ་དམིགས་པར་བྱ་སྟེ། ཅུང་ཟད་ཅིག་གནས་ནས་གང་ཟག་དང་ཆོས་ངོ་བོ་ཉིད་མེད་པར་མོས་པའི་རྣམ་པར་རྟོག་པ་མངོན་དུ་བྱས་ལ། དེ་ཡང་ཞི་གནས་ཀྱི་མཐུས་སྤངས་ཏེ། ནམ་མཁའ་དང་མཉམ་པ་ཉིད་དུ་དམིགས་པའི་སེམས་ཤིན་ཏུ་བརྟན་པར་གནས་པར་ [19b.7]བྱའོ། །ཇི་སྐད་དུ། རང་གི་དབང་པོ་བཤིགས་ནས་སུ། །རྡོ་རྗེ་བཅིངས་པས་འཛིན་པས་གཟུང་། །ཞེས་གསུངས་སོ། །དེ་ནས་སྐྱེ་བོ་མཐའ་དག་གི་སྡུག་བསྔལ་དང་། ཡིད་མི་བདེ་བ་སེལ་བ་ཡུམ་སྙིང་རྗེ་ཆེན་པོ་དྲན་པའི་ལམ་སྔོན་དུ་བྱས་ཏེ། རྣམ་པར་མི་རྟོག་པའི་ [20a] [20a.1]ཆོས་ཉིད་ཀྱི་ངོ་བོ་དེ་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་རབ་ཏུ་འོད་འཕྲོ་བས། །ཕྱོགས་བཅུར་ཁྱབ་པར་བྱས་ཏེ། རབ་ཏུ་གསལ་བར་བསམ་མོ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་ཀྱི་སེམས་དཔའ་གང་འདོད་པ་དེ་དང་མཐུན་པར་བདག་དམ་ [20a.2]ཚིག་གི་སེམས་དཔའ་ཆེན་པོ་དེའི་སྙིང་པོ་རྡོ་རྗེ་ཚིག་གིས་བརྗོད་དམ་ཡང་ན། ཨོཾ་ས་མ་ཡ་སྟྭཾ། ཞེས་བྱ་བ་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་སྤྱིའི་སྙིང་པོ་བརྗོད་ཅིང་། རང་གིས་རྟོགས་པའི་ཡེ་ཤེས་ཀྱི་ཟླ་བ་དེ་ཉིད་འོད་ཟེར་འཕྲོ་བ་དང་འདུ་བའི་སྦྱོར་བས་ཟླ་བ་དེ་ཉིད་ལ་ཇི་ལྟར་འདོད་པའི་རང་གི་ [20a.3]ལྷའི་དམ་ཚིག་ཕྱག་རྒྱ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་སྣ་ཚོགས་རྡོ་རྗེ་ལ་སོགས་པའི་མཚན་ཉིད་རང་གི་རིགས་ལས་གསུངས་པའི་ཁ་དོག་དང་འོད་གསལ་བ་འོག་ནས་འབྱུང་བ་སོམས་ཤིག །དེ་རྣམས་ཀྱི་སྙིང་པོའང་། བཛྲ་སཏྭ་བཛྲ་རཱ་ཛ། ཞེས་བྱ་བ་ལ་སོགས་པ་ [20a.4]རང་གི་ལྷའི་བྱེ་བྲག་ཇི་ལྟ་བ་བཞིན་ནོ། །དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་རང་གི་ངོ་བོ་ཡང་། རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པ་སྟེ། དེ་དག་གི་ཁ་དོག་དང་གཟུགས་ཀྱང་རིགས་ཀྱི་རིམ་པ་ལས་མཆོད་པ་བཤད་པའི་སྐབས་སུ་ལྷ་བསམ་པ་འོག་ནས་འཆད་པ་ལས་བལྟའོ། །དེ་ [20a.5]ནས་ཇི་ལྟར་བསམས་པའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་དམ་ཚིག་གི་རྡོ་རྗེ་བདག་གོ། །དམ་ཚིག་གི་པདྨ་བདག་གོ། །ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དམ་ཚིག་གི་ཕྱག་རྒྱའི་ང་རྒྱལ་བྱའོ། །ཇི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ཡིན། །བརྟན་པའི་ [20a.6]ཕྱིར་ན་སེམས་དཔར་བརྗོད། །མཉམ་པར་གཞག་པས་ཏིང་ངེ་འཛིན། །ངེས་པ་ལས་ནི་རྡོ་རྗེར་གྱུར། །སེམས་དཔའ་བྱིན་བརླབས་རྣལ་འབྱོར་གྱིས། །རྡོ་རྗེ་སེམས་དཔའ་ཡང་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལ་སེམས་དཔར་བྱིན་གྱིས་ [20a.7]བརླབ་པའི་རྣལ་འབྱོར་ནི་འདི་ལྟ་སྟེ། ཐམས་ཅད་བདག་ཉིད་སེམས་དཔའ་སྟེ། །བདག་ཀྱང་བདག་ལ་ཡང་དག་གནས། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ནས་ཡིད་ཀྱིས་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །བདག་དང་མི་གཉིས་པར་གྱུར་པའི་ཕྱག་རྒྱའི་གཟུགས་ [20b] [20b.1]དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་སུ་ཞུགས་པར་སྔ་མ་བཞིན་དུ་དྲན་པར་བྱ་སྟེ། བདག་གི་ལྷའི་དམ་ཚིག་གི་ཕྱག་རྒྱའི་གཟུགས་བདག་དང་མི་གཉིས་པར་གྱུར་པ་འདི་ནི་དེ་ [20b.2]བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྡུལ་ཕྲ་རབ་ལས་གྱུར་བའོ་སྙམ་དུ་ཡང་དེའི་ང་རྒྱལ་ཡིད་ལ་བྱའོ། །དེ་ནས། ཨོཾ་མ་ཧཱ་ས་མ་ཡ་སཏྭ་ཧཾ། ཞེས་བྱ་བའི་སྙིང་པོ་འདི་རྡོ་རྗེ་ཚིག་གིས་བརྗོད་ལ། ཇི་ལྟར་བསམས་པའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་རྡོ་རྗེའི་ [20b.3]མེ་ལྕེ་མང་པོ་འཕྲོ་ཞིང་འདུ་བའི་སྦྱོར་བས་རང་གི་ལྷའི་གཟུགས་སུ་གྱུར་པར་ཤིན་ཏུ་མངོན་པར་བརྟག་གོ། །ཇི་སྐད་དུ། ཕྱག་རྒྱ་ཆེན་པོའི་དམ་ཚིག་གི། །སེམས་དཔའི་རྗེས་སུ་དྲན་པར་བྱས་ཏེ། སྙིང་པོ་འདི་བརྗོད་དོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་མ་ཧཱ་ས་མ་ཡ་སཏྭ་ཧཾ། [20b.4]ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་ལས་གྱུར་པའི་རང་གི་ལྷའི་གཟུགས་དེ་ལྟར་བྱས་ན་འདི་ལྟར། མཚན་ལས་སེམས་དཔའ་ཆེན་པོ་སྟེ། །དེ་ལས་ཚུལ་འདི་ཐམས་ཅད་དོ། །ཞེས་བྱ་བའི་རྒྱུད་ཀྱི་ཚིག་འདི་ཡང་ལེགས་པར་བཤད་པར་ [20b.5]འགྱུར་རོ། །དེ་ལྟར་མཉེས་པར་བྱ་བའི་དམ་ཚིག་གི་སེམས་དཔའ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་རང་བཞིན་མཆོད་པའི་དཀྱིལ་འཁོར་ལས་བསྟན་པ་འོག་ནས་འབྱུང་བའི་ཁ་དོག་དང་དབྱིབས་དང་ཆ་ལུགས་འཛིན་པ། བདག་དང་མི་གཉིས་པར་གྱུར་ [20b.6]པར་རྣམ་པར་བརྟགས་ལ། །ཨོཾ་ས་མ་ཡ་སྟྭཾ། ཞེས་བརྗོད་དེ་གོང་དུ་སྨོས་པའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་སེམས་མ་ཞེས་བྱ་བ་བཅིངས་ནས། རང་གི་རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར་གྱི་རྒྱབ་རྟེན་བསམས་ཏེ། ཨོཾ་ས་མ་ཡ་སྟྭཾ། ཞེས་བྱ་བའི་སྙིང་པོ་འདི་བརྗོད་པར་བྱའོ། །ཇི་སྐད་དུ། [20b.7]ས་མ་ཡ་སྟྭཾ་ཞེས་སྨྲས་ནས། །རྒྱབ་ཏུ་ཟླ་བ་གནས་པར་གྱུར། །ས་མ་ཡ་སྟྭཾ་ཞེས་སྨྲ་ཞིང་། །དེ་ལ་སེམས་དཔར་བདག་ཉིད་བསྒྲུབ། །ཅེས་གསུངས་པ་ལྟ་བུའོ། །འདིར་ཡང་ཚིགས་བཅད་འདི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཡེ་ཤེས་ཀྱི་སེམས་དཔའ་གཞུག་པའི་འོག་ཏུ་བཤད་ [21a] [21a.1]མོད་ཀྱི། འོན་ཀྱང་དམ་ཚིག་གི་སེམས་དཔའི་ང་རྒྱལ་བྱས་པའི་འོག་ཏུ་འདི་སྦྱར་བར་སློབ་དཔོན་དག་འཆད་དོ། །ཅིའི་ཕྱིར་ཞེ་ན། ས་མ་ཡ་སཏྭ་ཧཾ། ཞེས་བྱ་བའི་སྙིང་པོ་འདི་དམ་ཚིག་གི་སེམས་དཔའ་ཉིད་ལ་བྱ་བར་རིགས་ཀྱི། ཡེ་ཤེས་ཀྱི་སེམས་དཔའ་ལ་ནི་མ་ [21a.2]ཡིན་ནོ། །དེ་ནས་ཨོཾ་སུ་ར་ཏེ་སྟྭཾ། ཞེས་བརྗོད་ལ་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་ཕྱག་རྒྱའི་སེམས་དཔར་བདག་ཉིད་སྙིང་པོ་འདིས་བསྒོམ་མོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་ས་མ་ཡ་ཧཾ། ཞེས་བྱ་བ་སྟེ། ཇི་སྐད་དུ། ཕྱག་རྒྱ་བཅིངས་ནས་རང་གི་ཕྱག་ [21a.3]རྒྱའི་དམ་ཚིག་གི་སེམས་དཔར་བདག་ཉིད་སྙིང་པོ་འདིས་བསྒོམ་མོ། །དེ་ལ་སྙིང་པོ་ནི་འདིའོ། །ས་མ་ཡ་ཧཾ། མཉེས་པར་བྱ་བའི་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་པ་ཡང་མཆོད་པའི་དཀྱིལ་འཁོར་བཤད་པ་འོག་ནས་འབྱུང་བ་ལས་བལྟ་ [21a.4]བར་བྱའོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱའི་དམ་ཚིག་སེམས་དཔར་བདག་ཉིད་བསྒོམས་ནས་སྙིང་པོ་འདིས་བྱིན་གྱིས་བརླབ་བོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་མཾ། ཞེས་བྱ་སྟེ། འདི་སྐད་དུ། རང་གི་ཕྱག་རྒྱའི་སེམས་དཔར་བདག་བསྒོམས་ [21a.5]ལ་འདིས་བྱིན་གྱིས་བརླབ་པོ། །སྙིང་པོ་ནི་འདིའོ། །ས་མ་ཡ་སཏྭ་ཨ་དྷིཏིཥྛ་མཾ། བདག་རང་གི་ལྷའི་རྣལ་འབྱོར་དུ་བྱ་བ་འདི་ཡང་དངོས་གྲུབ་ཀྱི་རྒྱུའི་གཙོ་བོ་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་རང་གི་ལྷའི་དམ་ཚིག་སེམས་དཔར་བདག་ཉིད་ལེགས་པར་བསྒོམས་པས་ [21a.6]ཡོངས་སུ་དག་པར་གྱུར་པའི་སྔགས་པས་བགེགས་ཀྱི་ཚོགས་ཤིན་ཏུ་རྒྱང་རིང་དུ་སྤངས་ཏེ། བྱ་བའི་ལས་ཐམས་ཅད་ཡོངས་སུ་རྫོགས་ཤིང་ལེགས་པར་བྱེད་པ་ནི། །ཕྱི་རོལ་གྱི་གཙང་སྦྲ་དང་དཀའ་ཐུབ་དང་སྡོམ་པ་དང་། དཀའ་བ་སྤྱོད་པ་ལ་རབ་ཏུ་འབད་པ་མེད་པར་ཡང་རིང་ [21a.7]པོར་མི་ཐོགས་པར་འགྲུབ་པར་འགྱུར་རོ། །ཇི་སྐད་དུ། དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོའི་གཞུང་ལས། གཙང་སྦྲ་སྡོམ་པ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་མི་དགོས་ཏེ། །སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །བདག་ཏུ་སྦྱོར་བས་འགྲུབ་པར་འགྱུར། ། [21b] [21b.1]ཞེས་གསུངས་པ་ལྟ་བུའོ། །གང་གི་ཕྱིར་ཞེ་ན། ཕྱི་རོལ་གྱི་གཙང་སྦྲ་ལ་སོགས་པ་བསྡམ་པར་བྱ་བ་ལ་འབད་པ་ནི། ཡིད་འབྱུང་བར་བྱེད་པས་མཉམ་པར་གཞག་པ་དང་འགལ་ཏེ། དེ་བས་ན་ཡུན་རིང་ཞིག་ན་དཀའ་བས་གྲུབ་པ་ཐོབ་པར་འགྱུར་རོ། །ཡང་ན་མི་འགྲུབ་པར་འགྱུར་ [21b.2]རོ། །དེ་ལྟ་བས་ན་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་པ་ཐབས་གཞན་གྱིས་ཅི་བདེ་བར་ལུས་གསོལ། ལྷའི་རྣལ་འབྱོར་འདི་ཉིད་རྟག་ཏུ་ནན་ཏན་དུ་བྱའོ། །གཞུང་གཞན་དག་ལས་ཀྱང་ཚུལ་འདི་ཐམས་ཅད་བསྟན་ཏེ། ཇི་སྐད་དུ། དཀའ་ཐུབ་སྡོམ་པ་མི་བཟད་པས། ། [21b.3]ལུས་ཅན་ལུས་ནི་སྐམ་པར་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་པ། །རྣལ་འབྱོར་རྟོགས་པར་མི་འགྱུར་རོ། །དེ་བས་ཅི་དགར་སྤྱོད་བྱེད་ཅིང་། །ཀུན་ཟབ་ཀུན་བྱེད་དེ་བཞིན་ཏེ། །ཇི་ལྟར་འདོད་པ་བྱ་བྱེད་ཅིང་། །ཅི་དགའ་བར་ནི་སྤྱོད་པ་ཡིས། །ལངས་སམ་ [21b.4]ཡང་ན་འདུག་ཀྱང་རུང་། །འགྲོའམ་ཇི་ལྟར་གནས་པའམ། རབ་ཏུ་རྒོད་དང་སྨྲ་ཡང་རུང་། །གང་དུ་དེ་ལྟར་དེར་དེ་བཞིན། །དཀྱིལ་འཁོར་དུ་ནི་མ་ཞུགས་པ་འམ། །སྒྲིབ་པ་ཀུན་དང་ལྡན་པ་ཡང་། །རང་གི་ལྷ་ཡི་རྣལ་འབྱོར་དག །ཚིག་ཙམ་གྱིས་ཀྱང་རྟག་ཏུ་བྱ། ། [21b.5]མདོར་ན། དེ་ཉིད་རྣལ་འབྱོར་འདི་ཡིས་ནི། །རྣམ་པ་ཐམས་ཅད་སྒྲུབ་པ་ནི། །བཟའ་ཉེས་སྤྱད་ཉེས་ཐམས་ཅད་ཀྱང་། །ཡོང་ཡེ་སྐྱོན་དུ་མི་འགྱུར་རོ། །དེ་ཉིད་ལས་འདིའི་འབྲས་བུ་བསྟན་པ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། །རྣལ་འབྱོར་འདི་ཡིས་ [21b.6]རྙེད་སླ་ན། དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །ལས་མཆོག་རབ་ཏུ་མང་པོ་ཡང་། །དོན་ཡོད་པ་ནི་མཆོག་ཏུ་འགྲུབ། །ཕྱག་རྒྱའི་མཆོག་ཀུན་སྒྲུབ་པ་པོ། །སྡུག་བསྔལ་ཀུན་སྤོང་དཔལ་དང་ལྡན། །རྣལ་འབྱོར་འདི་ནི་མཆོག་རྟག་པ། །ཞེས་གསུངས་པ་ [21b.7]ལྟ་བུའོ། །དེ་ནས་རང་གི་ལྷའི་ཏིང་ངེ་འཛིན་དེ་ལ་བྱང་ཆུབ་ཆེན་པོར་མོས་པར་བྱའོ། །ཇི་སྐད་དུ། དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དབང་དུ་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཕྱག་རྒྱ་ཆེན་པོ་བསྒོམས་ནས་སུ། ། [22a] [22a.1]བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ནས་འོག་ནས་འབྱུང་བའི་མཚན་ཉིད་རྡོ་རྗེ་ཁུ་ཚུར་བྱང་ཆུབ་སེམས་དཔའ་ཆེན་པོའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་སྙིང་པོ་བརྗོད་ལ་ [22a.2]ལུས་དང་ངག་དང་ཡིད་གཅིག་ཏུ་མོས་པ་བརྟན་པར་བྱའོ། །དེ་ལྟར་གོང་དུ་སྨོས་པའི་རིམ་པ་བདག་དམ་ཚིག་གི་སེམས་དཔའ་ཆེན་པོ་མཉེས་པར་བྱ་བའི་ལྷའི་རྗེས་སུ་མཐུན་པར་རབ་ཏུ་བསྒྲུབ་ལ། ཨོཾ་སཏྭ་བཛྲ་ཎི་ཨ་དྷི་ཏིཥྛ་མཾ། ཞེས་བརྗོད་ཅིང་གོང་དུ་སྨོས་པའི་རྡོ་རྗེ་སེམས་ [22a.3]མའི་ཕྱག་རྒྱས་སྙིང་ག་དང་ལྐོག་མ་དང་སྨིན་མཚམས་དང་སྤྱི་བོར་བྱིན་གྱིས་བརླབ་བོ། །ཇི་སྐད་དུ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །རྡོ་རྗེ་སེམས་དཔའ་བརྟན་བྱས་ཏེ། །སྙིང་ག་སྨིན་མཚམས་ལྐོག་མ་དང་། །སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབ། །ཅེས་གསུངས་སོ། ། [22a.4]དེ་ནས་བདག་དང་མི་གཉིས་པར་གྱུར་པའི་རང་གི་ལྷའི་སྐུ་དེ་ཉིད་པདྨ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམས་ནས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུའི་ཕྱག་རྒྱ་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རིན་པོ་ [22a.5]ཆེ་དབུ་རྒྱན་གྱི་དབང་བསྐུར་རོ། །ཇི་སྐད་དུ། རྡོ་རྗེ་དབྱིངས་ཕྱུག་ལ་སོགས་པའི། །ཕྱག་རྒྱས་སྤྱི་བོ་ནས་བརྩམས་ཏེ། །ཕྲེང་བས་དེ་ནི་དབང་བསྐུར་རོ། །ཞེས་གསུངས་སོ། །དེ་ལ་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ [22a.6]བཅིངས་ནས། རང་གི་ཀླད་པའི་སྤྱི་བོར་བཞག་ལ། ཨོཾ་བཛྲ་དྷ་ཏྭཱི་ཤྭ་ར་ཧཱུྃ་བཛྲ་ཎི་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ནས། དེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དག །ཤཱཀྱ་ཐུབ་པའི་གཟུགས་སྙིང་པོ་འདིས་བསམ་མོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་དྷཱ་ཏུ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཚན་ [22a.7]ཉིད་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་སྐབས་སུ་བྲིས་པ་ཡིན་ནོ། །དེ་ནས་མི་འཁྲུགས་པའི་ཕྱག་རྒྱ་བཅིངས་ནས་དཔྲལ་བའི་སྟེང་དུ་བཞག་ལ། ཨོཾ་བཛྲ་བཛྲི་ཎི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ཞེས་རྡོ་རྗེ་ཚིག་གིས་བརྗོད་ལ། །དེར་མི་འཁྲུགས་པའི་དེ་བཞིན་གཤེགས་པ་ [22b] [22b.1]བསྒོམ་མོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཉིད་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ཏུ་གསུངས་པ། མི་འཁྲུགས་པའི་གནས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཉིད་ལས་གུང་མོ་གཉིས་ནོར་བུར་བྱས་པའི་མཚན་ཉིད་རིན་ཆེན་ [22b.2]འབྱུང་བའི་ཕྱག་རྒྱ་བཅིངས་ནས་རྣ་བ་གཡས་པའི་གོང་དུ་བཞག་ལ། ཨོཾ་རཏྣ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་བ་བསམ་མོ། །དེ་ཉིད་ལས་གུང་མོ་དང་སྲིན་ལག་གཉིས་པདྨ་ལྟ་བུར་བྱས་ཏེ། ཨོཾ་པདྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཞེས་ [22b.3]བརྗོད་ལ་ལྟག་པའི་ཕྱོགས་སུ་བཞག་སྟེ། དེར་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བསམ་མོ། །དེ་ནས་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་རྣམས་ཀྱི་སོར་མོ་རྣམས་བརྐྱང་ལ། རྣ་བ་གཡོན་པའི་གོང་དུ་བཞག་སྟེ། ཨོཾ་ཀརྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ལ་ [22b.4]བཅོམ་ལྡན་འདས་དོན་ཡོད་གྲུབ་པར་བསམ་མོ། །དེ་བཞིན་གཤེགས་པ་རྣམ་པ་བཞི་པོ་དེ་དག་བཞུགས་པར་བྱ་བའི་སྙིང་པོ་ཡང་སོ་སོའི་མཚན་གྱི་ཐོག་མ་ལ་ཨོཾ་བཞག་པ་ཉིད་ཡིན་པར་ཤེས་པར་བྱའོ། །དཀྱིལ་འཁོར་ཆེན་པོ་འདི་ལས་གསུངས་པའི་སངས་རྒྱས་དང་བྱང་ [22b.5]ཆུབ་སེམས་དཔའ་མཉེས་པར་བྱེད་པ་རྣམས་དབང་བསྐུར་བའི་ཆོ་ག་འདི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱ་ལྔས་བྱ་བར་བཤད་དེ། འདི་ལྟར་དཔལ་མཆོག་དང་པོ་དང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། དམ་ [22b.6]ཚིག་ཆེན་པོ་དེ་ཁོ་ན་ཉིད་ལ་སོགས་པ་རྣལ་འབྱོར་གྱི་སྔགས་ཀྱི་རྒྱུད་གཞན་དག་ལས་ཀྱང་ཕྱག་རྒྱ་འདི་དག་ཉིད་ཀྱིས་ཇི་ལྟར་རིགས་པར་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བའི་ཆོ་ག་བྱ་བར་བཤད་དོ། །གང་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པ། རྡོ་རྗེ་སེམས་མ་ལ་ [22b.7]སོགས་པ་དམ་ཚིག་གི་ཕྱག་རྒྱ་ལྔ་རྣམས་ཀྱིས་དབང་སྐུར་བར་བྱེད་པ་དེ་དག་ནི་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པའི་མཚན་ཉིད་དང་ཡང་མི་མཐུན་ལ། རྒྱུད་འདི་ཉིད་ཀྱི་ཚིག་དང་ཡང་འགལ་བར་འགྱུར་ཏེ། ཇི་ལྟར་ཞེ་ན། འདི་ལས་ཇི་སྐད་དུ། རྡོ་རྗེ་དབྱིངས་ཕྱུག་ལ་སོགས་ [23a] [23a.1]པའི། །ཕྱག་རྒྱའི་ཕྲེང་བས་དེ་དབང་བསྐུར། །ཞེས་གསུངས་ཏེ། རྡོ་རྗེ་སེམས་མ་ལ་སོགས་པའི་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་སྒྲས་བཏགས་པ་ཡང་མེད་ལ། རྒྱུད་འདིར་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ། རྡོ་རྗེ་དབྱིངས་ཀྱི་ [23a.2]དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཉིད་ལས་དེ་སྐད་ཅེས་བཤད་པའི་ཕྱིར་རོ། །གཞན་ཡང་དབང་བསྐུར་བའི་ལས་ནི་རིན་པོ་ཆེའི་རིགས་ཉིད་མཛད་དེ། དེ་གཙོ་བོར་བྱས་ནས་གཟུངས་ཀྱི་དཀྱིལ་འཁོར་མཛད་པའི་ཕྱིར་རོ། །དེ་བས་ན་གཟུངས་ཀྱི་དཀྱིལ་འཁོར་ཉིད་ལས་ [23a.3]གསུངས་པའི་སྐུའི་ཕྱག་རྒྱ་ལག་པས་བྱས་པ་རྣམས་ཀྱིས་སྤྱི་བོར་དབང་བསྐུར་བར་རིགས་སོ། །དེའི་འོག་ཏུ་རང་གི་ལྷའི་སྐུར་བདག་ཉིད་ཇི་ལྟར་བསམས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མི་ནོན་པའི་ང་རྒྱལ་རིམ་པ་འདི་ལྟར་བསྒོམ་པར་བྱའོ། །དང་པོར་རེ་ཞིག་རང་གི་ལྕེ་ལ་རྡོ་རྗེ་ [23a.4]རྩེ་ལྔ་པ་བསམས་ལ། དེར་འོག་ནས་འབྱུང་བའི་མཆོད་པའི་ཆོ་ག་ལས་བསྟན་པ་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་བསམས་ནས་སྙིང་གར་ཡང་སྣ་ཚོགས་རྡོ་རྗེའི་མཚན་ཉིད་འོག་ནས་འབྱུང་བར་བསམས་ཏེ། ལས་ཀྱི་ཕྱག་རྒྱ་བཅིངས་ལ་ཡིད་ལ་འདི་ལྟར་བྱའོ། །རང་གི་ལྷའི་དམ་ཚིག་གི་ [23a.5]སེམས་དཔར་བདག་བསྒྱུར་ཏེ། དེས་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་ཤིང་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པར་མོས་པར་འཁོར་བ་ན་གནས་ཀྱང་རྡོ་རྗེ་ཆོས་ཀྱི་པདྨ་བཞིན་དུ་བག་ཆགས་ཀྱི་ཉེས་པ་ཐམས་ཅད་དང་། ཉོན་མོངས་པ་ལ་སོགས་པའི་ [23a.6]མཚན་ཉིད་ཐམས་ཅད་ཀྱི་དོན་དམ་པར་མི་གོས་སོ་སྙམ་དུ་དཔའ་བོའི་རང་བཞིན་གྱི་ང་རྒྱལ་མངོན་དུ་བྱ་སྟེ་ཤིན་ཏུ་བསྒོམ་མོ། །འདི་ནི་ཏིང་ངེ་འཛིན་ཏེ། ཇི་སྐད་དུ། རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན། །སེམས་དཔའ་བྱིན་རླབས་རྣལ་འབྱོར་གྱིས། །གསང་སྔགས་རིག་སྔགས་བསྒྲུབས་ [23a.7]ནས་ནི། །མྱུར་དུ་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ནས་གསང་བའི་མཆོད་པ་བརྗོད་དེ། །རྡོ་རྗེ་ལཱ་སྱ་ལ་སོགས་པ་གསང་བའི་མཆོད་པ་བཞི་རྣམས་ཀྱིས་མངོན་པར་མཆོད་དོ། །ཇི་སྐད་དུ། གསང་བའི་མཆོད་པ་རྗོད་བྱེད་ཅིང་། །གསང་བའི་མཆོད་པ་རྣམ་ [23b] [23b.1]བཞིས་མཆོད། །བདག་ཉིད་དབུལ་བ་ལ་སོགས་པས། །མཆོད་པ་རྣམ་བཞི་རབ་ཏུ་བྱ། །ཞེས་གསུངས་སོ། །གསང་བའི་མཆོད་པ་ལ་སོགས་པ་ནི་གསང་བའི་མཆོད་པའི་ཆོ་ག་འོག་ནས་འབྱུང་བ་ལ་བལྟའོ། །དེ་བཞིན་གཤེགས་པ་རྣམས་དང་། དཔལ་རྡོ་རྗེ་སེམས་ [23b.2]དཔའ་ལ་སོགས་པ་གཙོ་བོ་རྣམས་ཀྱི་དམ་ཚིག་སེམས་དཔའི་རྣལ་འབྱོར་བཤད་ཟིན་ཏོ། །དེ་ནས་དེ་ལྟར་བདག་དམ་ཚིག་སེམས་དཔའི་རྣལ་འབྱོར་དུ་བྱས་ཏེ་དེ་བཞིན་གཤེགས་པ་རྣམས་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་གཙོ་བོ་རྣམས་ལ་ཕྱི་རོལ་གྱི་མཆོད་པས་མཉེས་པར་ [23b.3]བྱ་བའི་ཆོ་ག་བྱའོ། །མཆོད་པའི་སྦྱོར་བ་ཡང་རྒྱུད་ཉིད་ལས་དཀྱིལ་འཁོར་ཆེན་པོ་ལ་སོགས་པར་བཀོད་པའམ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་བཀོད་པས་རྒྱས་པ་དང་བསྡུས་པ་གཉིས་སུ་གསུངས་ཏེ། རས་དང་ཐང་བུ་དང་ནམ་མཁའ་ལ་སོགས་པའི་ཕྱོགས་སུ་བྱས་པའམ། ། [23b.4]ལུགས་སུ་བླུགས་པའམ། བསམས་པ་ལ་མཉེས་པར་བྱ་བའི་དེ་བཞིན་གཤེགས་པ་ལ་སོགས་པ་དང་ལྷན་ཅིག་ཏུ་ཇི་ལྟར་རིགས་པར་བཅོམ་ལྡན་འདས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སམ། ཁྱད་པར་དུ་ན་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་བསྡུས་པར་གྱུར་པའི་སྐུ་ [23b.5]རྡོ་རྗེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་བསྡུས་པར་གྱུར་པ་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་གཅིག་གིས་དཀྱིལ་འཁོར་གྱི་ཚུལ་གྱིས་མཆོད་དོ། །དེ་ལྟར་ཡང་ཕྱི་མའི་ཡང་ཕྱི་མ་རྒྱུད་ཀྱི་ཆོ་ག་ལས་ནི་མཉེས་ [23b.6]པར་བྱའོ། །སེམས་དཔའ་རྣམས་རས་ལ་བྲིས་པ་ལ་ཇི་ལྟར་འབྱོར་བའི་མཆོད་པ་སྔོན་དུ་བྱས་ནས་ལས་མང་པོ་བྱ་བའི་མཚན་ཉིད་རྣམས་སྣང་སྟེ། ཇི་སྐད་དུ། དེ་ལྟར་རས་དང་ཐང་བུ་དང་། རྩིག་པ་དང་། ནམ་མཁའ་དང་། བྱས་པ་དང་། བསམས་པ་རྣམས་འགྲུབ་པར་འགྱུར་རོ་ཞེས་ [23b.7]གསུངས་སོ། །མཆོད་པའི་དགོས་པ་ཡང་འདི་ཉིད་ལས། །དཀོན་མཆོག་གསུམ་ལ་མཆོད་ན་ནི། །བསོད་ནམས་ཆེན་པོ་འཐོབ་པར་འགྱུར། །སངས་རྒྱས་རྣམས་ལ་མཆོད་པས་ནི། །བསོད་ནམས་མེད་པའང་ངེས་པར་འགྲུབ། །ཅེས་གསུངས་སོ། །དེ་བཞིན་དུ་གཞན་ཡང་། [24a] [24a.1]མཆོད་པ་རྣམ་བཞི་བྱས་པ་ནི། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །སངས་རྒྱས་རྣམས་ལ་མཆོད་པས་ནི། །བསོད་ནམས་མེད་པའང་ངེས་པར་འགྲུབ། །ཅེས་གསུངས་སོ། །དེ་ལ་དང་པོ་རེ་ཞིག་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་མཆོད་པའི་ཆོ་ག་བཤད་པར་ [24a.2]བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གནས་སུ་འོས་པ། རྡོ་རྗེ་ནོར་བུའི་རྩེ་མོ་ཁང་པ་བརྩེགས་པ་བྱིན་གྱིས་བརླབ་པར་བྱ་སྟེ། གང་གི་ཕྱིར་གསང་སྔགས་གང་དུ་བཤད་པའི་གནས་དེར་མོས་པར་བྱས་ན་འགྲུབ་བོ་ཞེས་སྤྱིའི་རྒྱུད་ལས་འབྱུང་བའི་ཚིག་སློབ་དཔོན་དག་འཆད་ [24a.3]པའི་ཕྱིར་རོ། །དེའི་རིམ་པ་ཡང་འདིའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་ཞེས་བརྗོད་ལ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་མོས་པས་གནས་དེ་རྣམ་པར་དག་པར་མོས་པ་བྱས་ཏེ་དེ་རྣམ་པར་དག་པ་ཡང་ངོ་བོ་ཉིད་ཡོད་པ་དང་བྲལ་བར་མོས་པའོ། །དེ་ནས་དེའི་འོག་ཏུ་ [24a.4]འཇིག་རྟེན་གྱི་ཁམས་མ་ལུས་པ་ཀུན་སྟོང་པར་ནུས་པ་རླུང་གི་དཀྱིལ་འཁོར་ཆེན་པོར་གཞི་བྱས་པར་བདུད་རྩིའི་རྒྱ་མཚོའི་དབུས་ནས་བྱུང་བའི་རི་རབ་གཟི་མདངས་བཟང་པོ་དང་ལྡན་པའི་གསེར་གྱི་ས་གཞི་རྡོ་རྗེ་ལྟར་མི་ཤིགས་པ། གྲུ་བཞི་ལྷམ་པ་རྒྱ་ཆེན་པོ་ཁོར་ཁོར་ཡུག་མོས་པའི་ [24a.5]ཚད་ཀྱིས་མཐའ་ཀླས་པ་ལ། ཕྱོགས་བཞིར་སྒོ་བཞི་སྒོ་ཁང་དང་རྟ་བབས་དང་། ཐེམ་སྐས་དང་། སྟེགས་བུས་བརྒྱན་པ། རིན་པོ་ཆེ་དུ་མས་སྤྲས་པས་ཤིན་ཏུ་མཛེས་པར་གྱུར་པ། བདེ་བར་གཤེགས་པ་མང་པོ་མ་ལུས་པའི་ཕུན་སུམ་ཚོགས་པའི་གཞི་རབ་ཏུ་ཉམས་དགའ་བའི་ [24a.6]ལྷའི་གནས་བཟང་པོ་རྣམ་པར་བསམ་མོ། །དེའི་དབུས་སུ་ཡང་རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་འཁོར་ལོ་ལྟ་བུ་ཆ་བརྒྱད་དུ་ལེགས་པར་ཕྱེ་བ། དེའི་མཐའ་ཀ་བ་ཆེན་པོ་བརྒྱད་ཀྱིས་བརྟེན་པ། རིན་པོ་ཆེ་སྣ་ཚོགས་རབ་ཏུ་འོད་གསལ་བའི་ཁང་པ་བརྩེགས་པ་མཐོན་པོ་འཇིག་རྟེན་ལས་འདས་ [24a.7]བའི་ཕུན་སུམ་ཚོགས་པ་ཆེན་པོ་ངོ་མཚར་རྣམ་པ་སྣ་ཚོགས་པའི་གཞིར་གྱུར་པ་ཅིག་བསམས་ལ་ཇི་ལྟར་བསམས་པའི་འཁོར་ལོའི་ནང་དུ་ཡང་སེང་གེའི་གདན་ལ་སོགས་པ་དང་ལྡན་པ། འོག་ནས་འབྱུང་བའི་ཆོ་གས་ཏིང་ངེ་འཛིན་དུ་བསམ་པར་བྱ་བའི་ལྷ་རྣམས་ཀྱི་གནས་དང་ལྡན་པར་རྣམ་པར་ [24b] [24b.1]བརྟག་གོ། །གདན་ལ་སོགས་པ་གནས་རྣམ་པར་དགོད་པ་འདི་དག་ཐམས་ཅད་སྒྲུབ་པའི་རྒྱུ་ནི་དམ་ཚིག་སེམས་དཔའི་རྣལ་འབྱོར་པའི་སེམས་ཉིད་དོ། །ཡང་ན་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། ལས་སྣ་ཚོགས་པའི་ཆོས་ཀྱི་ཕྱག་རྒྱ་བརྗོད་པའོ། །དེ་ལ་ཆོས་ཀྱི་ཕྱག་རྒྱ་ནི་ [24b.2]འདིའོ། །སུ་བ་ཤིཏྭཾ། གནས་བཤད་ཟིན་ཏོ། །ད་ནི་འདིར་ཅི་ལྟར་རིགས་པར་མཆོད་པར་བྱ་བའི་ལྷའི་སྐུ་བསམ་པ་ནི་དེ་དག་ཤིན་ཏུ་བྱིན་གྱིས་རློབ་པ་དང་རྗེས་སུ་མཐུན་པར་བཤད་པར་བྱའོ། །དེ་ཡང་བསམ་པར་བྱ་བའི་ལྷ་རྣམས་སོ་སོའི་སྙིང་པོ་རྡོ་རྗེའི་ཚིག་གིས་བརྗོད་ཅིང་དེའི་དོན་རྟོགས་པར་ [24b.3]བྱ་བར་རིག་པར་བྱའོ། །ཇི་སྐད་དུ། སྔགས་ཀྱི་རྒྱུད་ཕྱི་མ་ལས་བཟླས་བརྗོད་ཀྱི་སྐབས་ཀྱི་དབང་དུ་བྱས་ཏེ། སྙིང་པོའི་དོན་གྱི་བདག་ཉིད་སངས་རྒྱས་ཀྱི་སྐུར་ཚིག་ཙམ་གྱིས་ཀྱང་མདུན་དུ་བསྒོམ་པར་བྱའོ་ཞེས་གསུངས་སོ། །བཟླས་བརྗོད་ལ་སོགས་པའི་ཚེ་བསྒོམ་པའི་གཙོ་བོ་ཡིན་ [24b.4]པར་བསྟན་ཏེ་དེའི་དགོངས་པ་ནི་འདིའོ། །བསྒོམས་པའི་དབང་གིས་ནི་ལྷ་སྤྱན་མ་དྲངས་པར་ཡང་བྱིན་གྱིས་རློབ་པར་མཛད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་བརྟགས་པའི་ཁང་པའི་ནང་གི་འཁོར་ལོ་དབུ་མའི་གདན་གྱི་དབུས་སུ་སེང་གེའི་གདན་ཆེན་པོ་ལྷའི་ཕུན་སུམ་ཚོགས་པ་བསམ་ [24b.5]གྱིས་མི་ཁྱབ་པ་བླ་ན་མེད་པའི་གཞིར་གྱུར་པ་ལ། བཅོམ་ལྡན་འདས་བརྟག་པ་འོག་མ་ནས་འབྱུང་བའི་མཚན་ཉིད་བྱང་ཆུབ་མཆོག་གི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། ཇི་སྐད་དུ་གསུངས་པའི་གདན་ལ་བཞུགས་པ་བླ་ན་མེད་པའི་མཚན་དང་དཔེ་བྱད་ཡང་དག་པར་སྟོན་པའི་བདག་ [24b.6]ཉིད་དམ་པ་འོད་ཀྱི་དཀྱིལ་འཁོར་མཐའ་ཡས་པ་ཟིལ་གྱིས་མི་ནོན་ཅིང་ཐོགས་པ་མེད་པ་རྣམ་པར་འཕྲོས་པ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཡོངས་སུ་སྲུང་བ་གཅིག་པུ་ཚད་མར་མཛད་པ་མཚན་མ་དང་སྤྱོད་ལམ་དང་། སྐུ་མང་པོ་རྣམ་པ་སྣ་ཚོགས་དང་ལྡན་པ་མོས་པ་ཐ་དད་པའི་དབང་གིས་ [24b.7]སེམས་ཅན་རེ་རེའི་རྒྱུད་ལ་ཡང་སྐུ་དུ་མ་སོ་སོར་སྣང་བར་འགྱུར་བ་ཉེ་བར་སྟོན་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཟུགས་སམ། ཤཱཀྱ་ཐུབ་པ་དགེ་སློང་གི་གཟུགས་ལྷ་དང་ལྷ་མ་ཡིན་དང་། ཐུབ་པའི་སྐྱེ་བོར་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་བཞུགས་པ། བདེ་བར་ [25a] [25a.1]གཤེགས་པ་ལ་སོགས་པའི་འཁོར་རྣམས་མངོན་དུ་ཕྱོགས་པ་ཞལ་ཀུན་དུ་གཟིགས་པ་རྣམ་པར་བསམ་མོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་དྷཱ་ཏུ། དེ་ནས་དེའི་ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་གོ་རིམས་བཞིན་དུ་རྡོ་རྗེ་དང་རིན་པོ་ཆེ་དང་ཆོས་དང་ལས་ཀྱི་རྡོ་རྗེ་མའི་ [25a.2]ཕྱག་རྒྱ་བཞི་ཟླ་བའི་དཀྱིལ་འཁོར་ལ་གནས་པ་རྡོ་རྗེ་རྩེ་ལྔ་པ་དང་། ནོར་བུ་དང་། པདྨ་ཆེན་པོ་དང་། རྡོ་རྗེ་ཀུན་དུ་རྩེ་མོའི་མཚན་ཉིད་རྣམ་པར་བསམ་མོ། །འདི་རྣམས་ཀྱི་སྙིང་པོ་འདིའོ། །སཏྭ་བཛྲི། རཏྣ་བཛྲི། དྷརྨ་བཛྲི། ཀརྨ་བཛྲི། ཞེས་བྱ་བ་གོ་རིམས་བཞིན་ནོ། །དེ་ནས་མདུན་ལོགས་ནས་ [25a.3]བརྩམས་ཏེ་ཤར་ལ་སོགས་པའི་ཕྱོགས་བཞིར་བརྟགས་པའི་གནས་བཞིར་བདེ་བར་གཤེགས་པ་མི་འཁྲུགས་པ་དང་། རིན་ཆེན་དབང་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པ་ཞེས་བྱ་བ་དགེ་སློང་གི་གཟུགས་འདྲ་བ་བཞི་རྣམས་གོང་དུ་སྨོས་པ་ལྟ་བུའི་ཡོན་ཏན་དང་ཞལ་དང་ཆ་ [25a.4]ལུགས་དང་། གདན་ལ་བཞུགས་པའམ། གཞུང་གཞན་ལས་གྲགས་པ་གླང་པོ་ཆེ་དང་རྟ་དང་རྨ་བྱ་དང་། ནམ་མཁའ་ལྡིང་གི་གདན་ལ་བཞུགས་པ་གོ་རིམས་བཞིན་དུ་གཡས་ནས་བསྐོར་བའི་ཚུལ་དུ་ལས་ཀྱི་ཕྱག་རྒྱ་རྣམ་པར་བཀོད་པས་སོ་སོའི་ལས་ཀྱི་ཁྱད་པར་དང་དགོངས་པ་ཉེ་བར་ [25a.5]སྟོན་པ་རྣམས་རབ་ཏུ་བརྟག་གོ། །དེ་ནས་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ནི་འོག་ནས་འབྱུང་བའི་མཆོད་པ་བཤད་པའི་སྐབས་སུ་རིག་པར་བྱའོ། །དེ་དག་གི་སྙིང་པོ་ཡང་རང་གི་མིང་ཉིད་ལ་ཨོཾ་ཞེས་བྱ་བ་ཡང་ཐོག་མར་བཞག་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་རྡོ་རྗེ་དབྱིངས་ཀྱི་ [25a.6]སྙིང་པོ་སྔར་གསུངས་པ་དེ་དག་གཞུག་པར་བྱའོ། །དེ་ནས་མི་འཁྲུགས་པ་ལ་སོགས་པ་བདེ་བར་གཤེགས་པ་དེ་དག་ཉིད་ཀྱི་མདུན་དང་། གཡས་དང་གཡོན་དང་རྒྱབ་ཀྱི་ཕྱོགས་ཁང་པ་དེ་ཉིད་ཀྱི་ནང་དུ་རེ་རེ་ཞིང་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་ཆེན་པོ་བཞིའི་སྙིང་པོའི་དོན་གྱིས་ [25a.7]རབ་ཏུ་བརྟག་གོ། །དེ་ལ་མི་འཁྲུགས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། འདོད་པའི་དབང་ཕྱུག་དང་། རྡོ་རྗེ་མགུ་བ་ཞེས་བྱ་བ་སྟེ། སོ་སོའི་ལས་ཀྱི་ཕྱག་རྒྱ་རྣམ་པར་བཀོད་པ་རྡོ་རྗེ་དང་། ལྕགས་ཀྱུ་དང་། མདའ་དང་། མགུ་བར་སྟོན་པ་རྣམས་ཕྱག་ན་ཐོགས་པར་བྱའོ། ། [25b] [25b.1]དེ་དག་གི་སྙིང་པོ་ཡང་གོ་རིམས་བཞིན་དུ། །ཨོཾ་བཛྲ་སཏྭ། ཨོཾ་བཛྲ་རཱ་ཛ། ཨོཾ་བཛྲ་རཱ་ག །ཨོཾ་བཛྲ་སཱ་དྷུ། ཞེས་བྱ་བའི་སྔགས་རྣམས་སོ། །རིན་ཆེན་འབྱུང་བའི་ཡང་རྡོ་རྗེ་རིན་ཆེན་དང་། ཉི་མ་དང་རྒྱལ་མཚན་དང་། བཞད་པ་ཞེས་བྱ་བ་རྣམས་ཏེ། དེ་དག་ཀྱང་སོ་སོའི་ལས་ཀྱི་ [25b.2]ཕྱག་རྒྱ་སྟོན་པའི་ཚུལ་དུ་ནོར་བུ་རིན་པོ་ཆེ་ཆེན་པོ་དང་། ཉི་མའི་དཀྱིལ་འཁོར་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། སོའི་ཕྲེང་བ་ཕྱག་ན་ཐོགས་པ་རྣམས་བསམ་མོ། །དེ་དག་གི་སྙིང་པོ་ཡང་གོ་རིམས་བཞིན་དུ། ཨོཾ་བཛྲ་རཏྣ། ཨོཾ་བཛྲ་ཏི་ཛ། ཨོཾ་བཛྲ་ཀེ་ཏུ། ཨོཾ་བཛྲ་ཧཱ་ས། [25b.3]ཐུབ་པ་འོད་དཔག་ཏུ་མེད་པའི་ནི། རྡོ་རྗེ་ཆོས་དང་། འཇམ་དབྱངས་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དགོངས་པ་སྨྲ་བ་ཞེས་བྱ་བ་རྣམས་ཏེ། སོ་སོའི་ལས་ཀྱི་ཕྱག་རྒྱ་མངོན་པར་སྟོན་པའི་ཚུལ་གྱིས་རྡོ་རྗེའི་པདྨ་དང་། རལ་གྲི་དང་། འཁོར་ལོ་དང་། ལྕེ་རྣམས་ [25b.4]ཕྱག་ན་ཐོགས་པར་བསམ་མོ། །དེ་དག་གི་སྙིང་པོ་ཡང་། ཨོཾ་བཛྲ་དྷརྨ། ཨོཾ་བཛྲ་ཏིཀྵྞ། ཨོཾ་བཛྲ་ཙཀྲ། ཨོཾ་བཛྲ་བྷཱཥ། བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའི་ནི། རྡོ་རྗེ་ལས་དང་། གོ་ཆ་དང་། གནོད་སྦྱིན་དང་། ཁུ་ཚུར་རྣམས་ཏེ། ལས་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་སྦྱོར་བ་ཉིད་ཀྱིས་རྡོ་རྗེ་ [25b.5]ཁ་བཞི་པ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེ་མཆེ་བ་དང་། རྡོ་རྗེ་ཁུ་ཚུར་བཅངས་པ་རྣམས་བརྟག་པར་བྱའོ། །དེ་རྣམས་ཀྱི་སྙིང་པོ་ཡང་གོ་རིམས་བཞིན་དུ། ཨོཾ་བཛྲ་ཀརྨ། ཨོཾ་བཛྲ་རཀྵ། ཨོཾ་བཛྲ་ཡཀྵ། ཨོཾ་བཛྲ་སནྡྷི། སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ཟླ་བ་ཉ་བའི་དཀྱིལ་འཁོར་ [25b.6]ལ་བཞུགས་ཤིང་དེས་རྒྱབ་བརྟེན་བྱས་པ། ལྷའི་དབང་པོའི་ཆ་ལུགས་ཅན་དབུ་ལ་སངས་རྒྱས་ལྔའི་དབུ་རྒྱན་གྱིས་བརྒྱན་པ། བདེ་བར་གཤེགས་པ་ཉིད་སྐྱེ་བོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཅིང་། འགྲོ་བའི་དོན་མཛད་པའི་དབང་གིས་རང་གི་ཡོན་ཏན་གྱི་ཆ་ཤས་ཅུང་ཟད་ཅིག་སྟོང་པ་ [25b.7]ཉིད་དུ་གནས་པར་ཤེས་པར་བྱའོ། །འཁོར་ལོའི་གྲྭ་ཤར་དང་ལྷོ་ལ་སོགས་པ་བཞི་རྣམས་སུ་ཡང་། གཡས་ནས་བསྐོར་བའི་ཚུལ་དུ་མི་འཁྲུགས་པ་ལ་སོགས་པའི་ཕྱོགས་སུ་རྡོ་རྗེ་ལཱ་སྱ་དང་། རྡོ་རྗེ་ཕྲེང་བ་དང་། གླུ་དང་གར་ཅེས་བྱ་བ་ལྷ་མོ་ཆེན་པོ་རྣམས་ལུས་དང་ཆ་ལུགས་དང་། རྒྱན་ [26a] [26a.1]ལྷའི་རྒྱལ་པོའི་བཙུན་མོ་དང་འདྲ་བར་བསམ་པར་བྱའོ། །དེ་དག་ཀྱང་གོ་རིམས་བཞིན་དུ་སྨིན་མ་འདེགས་པ་དང་། རིན་པོ་ཆེའི་ཕྲེང་བ་དྲི་ཞིམ་པོ་དང་། ཡིད་དུ་འོང་བའི་གླུ་དང་། གར་བྱེད་པའི་མཚན་ཉིད་དུ་བཤད་དོ། །དེ་དག་གི་སྙིང་པོ་ཡང་། ཨོཾ་བཛྲ་ལཱ་སྱེ། ཨོཾ་ [26a.2]བཛྲ་མཱ་ལེ། ཨོཾ་བཛྲ་གཱི་ཏི། ཨོཾ་བཛྲ་ནི་རྟི། ཕྱི་རོལ་གྱི་རིམ་པའི་སྒོ་བཞིར་དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། འབེབས་པ་ཞེས་བྱ་བའི་སྒོ་སྲུང་རྣམས་དགོད་དོ། །དེ་རྣམས་ལས་ཀྱང་གསུམ་ནི་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་འཛིན་པའོ། ། [26a.3]བཞི་པ་ནི་འབེབས་པའི་ཁུ་ཚུར་བཅིངས་པའོ། །དེ་དག་གི་སྙིང་པོ་ཡང་འདིའོ། །ཨོཾ་བཛྲ་ཨདྐུ་ཤ།། ཨོཾ་བཛྲ་པཱ་ཤ།། ཨོཾ་བཛྲ་སྥོ་ཊ། ཨོཾ་བཛྲ་ཨཱ་བེེ་ཤ།། གྲྭ་རྣམས་སུ་བདུག་པ་ལ་སོགས་པའི་མཆོད་པ་བུད་མེད་ཀྱི་གཟུགས་འཛིན་པ་བདུག་པ་དང་། མེ་ཏོག་གི་ཕྲེང་བ་དང་། བྱུག་སྤོས་ཀྱི་ [26a.4]མཆོད་པ་བྱེད་པ་རྣམས་ཏེ། རྡོ་རྗེ་བདུག་པ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་མདངས་ཅན་གྱི་གཟུགས་དང་ལྡན་པ་རྣམས་སོ། །དེ་དག་གི་སྙིང་པོ་ཡང་། ཨོཾ་བཛྲ་དྷཱུ་པེ། ཨོཾ་བཛྲ་པུཥྤེ། ཨོཾ་བཛྲ་ཨཱ་ལོ་ཀེ། ཨོཾ་བཛྲ་གནྡྷེ། གནས་ལྷག་མ་རྣམས་སུ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ [26a.5]ཆེན་པོ་གཞུང་གཞན་དག་ལས་གྲགས་པའི་མཚན་མ་དང་ཆ་ལུགས་རྣམ་པ་སྣ་ཚོགས་པ་འཛིན་པའི། རྣལ་འབྱོར་གྱི་གཞུང་གཞན་ལས་གྲགས་པ་མི་འཁྲུགས་པ་ལ་སོགས་པའི་ཕྱོགས་ཀྱི་སའི་བྱེ་བྲག་ལས་རྡོ་རྗེ་དང་ནོར་བུ་དང་པདྨ་དང་རྡོ་རྗེ་ཀུན་དུ་རྩེ་འཛིན་པ་སྔགས་ཀྱི་རྒྱུད་གཞན་ལས་ [26a.6]གྲགས་པའི་པདྨའི་གདན་ལ་བཞུགས་པ་རྣམས་དེ་བཞིན་དུ་བརྟག་པར་བྱའོ། །ཇི་ལྟར་བསམས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་ལྷའི་དཀྱིལ་འཁོར་འདི་དག་གི་ཁ་དོག་རྣམ་པར་དབྱེ་བ་བརྟག་པ་ཡང་འདི་ལྟ་སྟེ། རྒྱལ་བ་དང་རྡོ་རྗེ་དང་། པདྨ་དང་། རིན་པོ་ཆེའི་རིགས་ [26a.7]རྣམས་དང་། རྗེས་སུ་མཐུན་པར་སློབ་དཔོན་དང་སློབ་མའི་སྟོད་གཡོགས་དང་། གདོང་དགབ་པའི་ཁ་དོག་ལས་རྗེས་སུ་ཤེས་པར་བྱའོ། །སྟོད་གཡོགས་དང་གདོང་དགབ་པ་ཡང་འདིར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་བྱེ་བྲག་ལས་གོ་རིམས་བཞིན་དུ། དམར་པོ་དང་། [26b] [26b.1]དཀར་པོ་དང་། སྔོན་པོ་དང་། ཁ་དོག་ཐམས་ཅད་བཤད་དེ། དེ་བས་ན་དེའི་རིགས་རྣམས་ཀྱང་དེའི་ཁ་དོག་ཉིད་དུ་མཁས་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལྟ་བས་ན། དམར་པོ་དེ་བཞིན་གཤེགས་པའི་རིགས། །སྔོན་པོ་རྡོ་རྗེའི་རིགས་སུ་བཤད། །དཀར་པོ་པདྨོ་ལས་བྱུང་ཡིན། །ཁ་དོག་ [26b.2]ཐམས་ཅད་རིན་ཆེན་འབྱུང་། །ཞེས་གསུངས་སོ། །དེའི་རྗེས་སུ་བསྙགས་ན་རིགས་ཀྱི་བདག་པོ་ཡང་ཁ་དོག་དེ་འདྲ་བ་ཉིད་དུ་རིག་པར་བྱའོ། །ཡང་ན་ལྷ་རྣམས་ཐམས་ཅད་ཀྱི་ཁ་དོག་གི་བྱེ་བྲག་སྔགས་པ་ཇི་ལྟར་འདོད་པ་བཞིན་དུ་འདིར་བསམ་པར་བྱ་སྟེ། ཇི་སྐད་དུ་འདིར་ནི་ཁ་དོག་དང་རྒྱན་ [26b.3]རྣམས་ཇི་ལྟར་འདོད་པ་བཞིན་དུ་བྲིའོ་ཞེས་གསུངས་པའི་ཕྱིར་རོ། །གཞུང་ཆེན་པོ་ལས་ནི་རྒྱལ་བའི་རིགས་འབའ་ཞིག་གིས་ཁ་དོག་རྣམས་དབྱེ་བར་བཤད་དེ། ཇི་སྐད་དུ། རྟག་པའི་འཁོར་ལོ་སེར་པོ་ཡིན། །མི་འཁྲུགས་དཀྱིལ་འཁོར་དཀར་པོ་སྟེ། །རིན་ཆེན་དབང་གི་རབ་ཏུ་སྔོ། །ཚེ་ [26b.4]དཔག་མེད་པའི་དམར་པོ་བྱ། །ཁ་དོག་སྣ་ཚོགས་རྒྱ་ཆེན་མཆོག །འོད་ཀྱི་ཕྲེང་ལྡན་ངོ་མཚར་ཆེ། །རྡོ་རྗེ་ཆེན་པོ་དོན་ཡོད་དང་། །རྡོ་རྗེ་འཛིན་པས་རྟག་ཏུ་བསམ། །ཞེས་གསུངས་སོ། །རྡོ་རྗེ་རྩེ་མོ་ལས་ཀྱང་དེ་བཞིན་གཤེགས་པའི་རིགས་ཀྱི་ཁ་དོག་རྣམ་པར་ཕྱེ་སྟེ། མི་འཁྲུགས་ [26b.5]པ་ལ་རེག་པའོ། །རིན་ཆེན་དེ་བཞིན་མཆོག་སྦྱིན་ནོ། །ཚེ་དཔག་མེད་པའི་ཏིང་འཛིན་མཆོག །དོན་ཡོད་པ་ནི་མི་འཇིགས་སྦྱིན། །ཞེས་སྨོས་ནས། སྔོན་པོ་སེར་པོ་དེ་བཞིན་དམར། །སྔོ་བསངས་དེ་དག་རིགས་སུ་བཤད། །དེ་བཞིན་སངས་རྒྱས་རིགས་བཟང་པོ། །ཁ་དོག་ [26b.6]དཀར་པོ་རབ་ཏུ་བསྒྲགས། །ཞེས་གསུངས་སོ། །དེ་བས་ན་དེ་ལྟར་གདུལ་བའི་སྐྱེ་བོའི་དབང་གིས་ཁ་དོག་དང་དབྱིབས་དུ་མར་སྣང་བར་འགྱུར་བས། དེ་དག་གི་ཁ་དོག་གི་ཁྱད་པར་ནི་སོ་སོར་ངེས་པ་མེད་པར་རིག་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་བཟླས་ [26b.7]བརྗོད་བྱེད་པ་དང་། བསྒོམ་པ་ལ་བརྩོན་པའི་རྣལ་འབྱོར་པ་རྣམས་ཀྱིས་བདེ་བར་གཤེགས་པ་ལ་སོགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་བྱ་བའི་ཕྱིར་དཀྱིལ་འཁོར་ཆེན་པོ་ལ་སོགས་པར་བཀོད་པ་དེ་བཤད་ཟིན་ཏོ། །བསམ་གཏན་འདི་ནི་རབ་ཏུ་རྒྱ་ཆེ་སྟེ། དེ་མི་འདོད་པས་ནི་ཕྱག་རྒྱ་ [27a] [27a.1]བཞིའི་དཀྱིལ་འཁོར་གྱི་ཚུལ་གྱིས་ཀྱང་དེ་བཞིན་གཤེགས་པ་ལ་སོགས་པ་ལ་མཆོད་པའི་ཆོ་ག་བྱས་ལ། མཉེས་པར་བྱ་བའི་བྱང་ཆུབ་སེམས་དཔའ་གང་འདོད་པའི་བཟླས་བརྗོད་བྱས་པ་ལས་བྱུང་བའམ། བསྒོམ་པའི་རྣལ་འབྱོར་ལས་འབྱུང་བའི་དངོས་གྲུབ་འདོད་ [27a.2]པར་བྱའོ། །དེ་ལ་རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ནི་སྔ་མ་བཞིན་དུ་ཇི་ལྟར་བསམས་པའི་ཁང་པའི་ནང་དུ་རྡོ་རྗེ་དང་རིན་པོ་ཆེ་ལ་སོགས་པས་བརྒྱན་པའི་དཀྱིལ་འཁོར་བཀོད་པར་བསམས་ལ། དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་ཁ་དོག་དང་དབྱིབས་སྔར་བཤད་ [27a.3]པ་ལྟ་བུ་བསམ། དེའི་ཤར་ལ་སོགས་པའི་ཕྱོགས་སུ་གཡས་ནས་བསྐོར་ཏེ། རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་། རྡོ་རྗེ་ཀུན་དུ་རྩེ་མོ་ཅན་གྱི་ཕྱག་རྒྱ་བཞི་རྣམས་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་མོ། །ཕྱི་རོལ་གྱི་དཀྱིལ་འཁོར་ན་གནས་པ་ཐམས་ཅད་ནི་སྔ་མ་བཞིན་དུ་ཤེས་ [27a.4]པར་བྱའོ། །མི་འཁྲུགས་པ་ལ་སོགས་པ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བཞི་རྣམས་ཀྱི་མཚན་ཉིད་ཀྱང་འདི་ཉིད་དེ་ཁྱད་པར་ནི་རྡོ་རྗེ་དབྱིངས་ཀྱི་གནས་སུ། དེ་བཞིན་གཤེགས་པ་གང་གི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དེ་ཡིན་པ་དེ་བསམ་མོ། །དེའི་འཁོར་དུ་གྱུར་པ་སེམས་དཔའ་ཆེན་ [27a.5]པོ་བཞི་རྣམས་ཀྱི་ཕྱག་རྒྱ་རྡོ་རྗེ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་རྣམས་ནི་རྡོ་རྗེ་སེམས་མ་ལ་སོགས་པའི་གནས་སུ་དགོད་དོ། །འདི་སྐད་དུ། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །མཁས་པས་སྲད་བུ་བྲེ་བར་བྱ། །དང་པོར་སངས་རྒྱས་སྐུ་བཞག་ནས། ། [27a.6]ཕྱག་རྒྱ་རྣམ་བཞི་བྲི་བར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཕྱག་རྒྱ་ལ་སོགས་བྲི། །རྡོ་རྗེ་གྲུབ་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་མི་འཁྲུགས་པའི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་ཀྱང་རང་རང་གི་ཕྱག་རྒྱ་བཞི་རྣམས་དང་ལྡན་པར་བྲིའོ་ [27a.7]ཞེས་གསུངས་སོ། །དེ་ལ་རྡོ་རྗེ་གྲུབ་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་དགོད་པའི་ཕྱག་རྒྱའི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མུཥྚི་བཾ། རྡོ་རྗེ་དབྱིངས་ཀྱིའོ། །ཨོཾ་བཛྲ་སཏྭ་མུཥྚི་ཨ། རྡོ་རྗེ་སེམས་མའིའོ། །ཨོཾ་རཏྣ་མུཥྚི་ཏྲཾ། རྡོ་རྗེ་རིན་ཆེན་མའིའོ། །ཨོཾ་དྷརྨ་མུཥྚི་ཁཾ། [27b] [27b.1]རྡོ་རྗེ་ཆོས་མའིའོ། །ཨོཾ་བཛྲ་ཀརྨ་མུཥྚི་ཧཾ། རྡོ་རྗེ་ལས་མའིའོ། །མི་འཁྲུགས་པ་ལ་སོགས་པའི་ཕྱག་རྒྱའི་དཀྱིལ་འཁོར་དུ་དགོད་པ་ནི་མི་འཁྲུགས་པ་ལ་སོགས་པའི་དེ་བཞིན་གཤེགས་པ་གང་ཡང་རུང་བའི་དཀྱིལ་འཁོར་གྱི་བདག་པོ་སྔ་མ་བཞིན་དུ་དབུས་སུ་བཞག་ལ་དེའི་འཁོར་ [27b.2]སེམས་དཔའ་བཞི་རྣམས་ཀྱི་ཕྱག་རྒྱ་དགོད་པ་ཡང་དཀྱིལ་འཁོར་ཆེན་པོར་བསམས་པའི་སྐབས་སུ་གསུངས་པ་ཉིད་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོ་ཉིད་ཀྱིས་སོ་སོར་དགོད་པར་བྱའོ། །ཡང་ན་གཟུངས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱའི་སྐབས་སུ་གསུངས་པ། རྡོ་རྗེ་སེམས་ [27b.3]དཔའ་ལ་སོགས་པའི་ཕྱག་རྒྱ་དགོད་པའི་ཕྱག་རྒྱ་ཞེས་བྱ་བའི་གསང་སྔགས་ཀྱི་ཚིག་རྣམས་ཀྱིས་དགོད་དོ། །དེ་ཅིའི་ཕྱིར་ཞེ་ན། མི་འཁྲུགས་པ་ལ་སོགས་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་སྐབས་སུ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་དགོད་པའི་སྙིང་པོ་མ་གསུངས་པའི་ཕྱིར་ [27b.4]རོ། །དཔལ་རྡོ་རྗེ་སེམས་དཔའ་བཟླས་བརྗོད་བྱེད་པའམ་བསྒོམ་པ་ལ་བརྩོན་པས། ཕྱག་རྒྱ་གཅིག་གི་དཀྱིལ་འཁོར་གྱི་ཚུལ་གྱིས་མཆོད་པའི་ཆོ་ག་བྱ་བར་ཡང་གསུངས་སོ། །དེ་ལ་ཕྱག་རྒྱ་གཅིག་གི་དཀྱིལ་འཁོར་དགོད་པ་ནི་འདི་ལྟ་སྟེ། ཁང་པ་བརྩེགས་པའི་དབུས་སུ་སྔ་མ་བཞིན་དུ་ [27b.5]ཟླ་བའི་དཀྱིལ་འཁོར་རྣམ་པར་བརྟགས་ལ། དེའི་དབུས་སུ་དཔལ་རྡོ་རྗེ་སེམས་དཔའ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་མོ། །ཇི་སྐད་དུ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཕྱི་རོལ་དཀྱིལ་འཁོར་སྲད་བུ་བྲེ། །དབུས་སུ་རྡོ་རྗེ་སེམས་དཔའ་གཞག །ཅེས་གསུངས་ [27b.6]སོ། །གཞག་པའི་སྙིང་པོ་ཡང་། ཨོཾ་བཛྲ་སཏྭ། ཞེས་བྱ་བའོ། །ཇི་ལྟར་དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་བཞིའི་དཀྱིལ་འཁོར་དང་ཕྱག་རྒྱ་གཅིག་གི་དཀྱིལ་འཁོར་འདི་རྣམས་ནམ་མཁའི་ཕྱོགས་སུ་བསམས་ཏེ་བཟླས་བརྗོད་དང་། བསྒོམ་པ་ལ་བརྩོན་པས་མཆོད་པ་བྱ་བ་དེ་བཞིན་དུ། [27b.7]རས་དང་ཐང་བུ་དང་རྩིག་པ་ལ་སོགས་པ་ལ་ཡང་བྲིས་པ་དང་། བྱས་པ་དང་ལུགས་སུ་བླུགས་པ་རྣམས་ཀྱང་མཆོད་པར་བྱ་སྟེ། ཇི་སྐད་དུ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་སྐབས་སུ། དེ་ལྟར་རས་དང་རྩིག་པ་དང་། ནམ་མཁའ་དང་། གནས་ཐམས་ཅད་དུ་བྲིས་པ་རྣམས་དངོས་གྲུབ་ [28a] [28a.1]ཐམས་ཅད་སྟེར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་ཕྱག་རྒྱ་གཅིག་གི་དཀྱིལ་འཁོར་གྱི་སྐབས་སུ་ཡང་དེ་ལྟར་རས་ལ་སོགས་པ་དང་། སྐུ་གཟུགས་ཐམས་ཅད་ལས་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་ལས་ཇི་སྐད་གསུངས་པ་བཞིན་དུ་ [28a.2]དངོས་གྲུབ་ཐམས་ཅད་སྩོལ་ཏོ་ཞེས་གསུངས་སོ། །ཡང་ན་ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་གསུངས་པའི་ཆོ་གས་ཀྱང་རས་ལ་བྲིས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་གང་ཡང་རུང་བའི་སེམས་དཔའ་ཆེན་པོ་རྣམས་མཆོད་པར་བྱའོ། །དེ་ལ་རས་ཀྱི་ཆོ་ག་གསུངས་པ་ནི་འདི་སྟེ། [28a.3]རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྲི་བར་བྱ་སྟེ། དེ་ཡང་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་ཚུལ་དུ་ཇི་ལྟར་འདོད་པའི་ཁ་དོག་དང་རྒྱན་དུ་ལྡན་པ་སེམས་དཔའ་ཆེན་པོ་རྣམས་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བྲིའོ། །གྲྭ་རྣམས་སུ་ཡང་རིགས་ཀྱི་ལྷ་མོ་རྣམས་བྲིའོ་ཞེས་ [28a.4]གསུངས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ཡང་འདིར་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལས་གང་ཡང་རུང་བའི་དེ་བཞིན་གཤེགས་པ་ལ་བྱ་སྟེ། དེའི་སྙིང་པོ་ལ་སོགས་པ་བཟླས་བརྗོད་དང་བསྒོམ་པར་བྱ་བའམ། དེ་ལ་བརྟེན་པའི་སེམས་དཔའ་ཆེན་པོའི་བཟླས་བརྗོད་དང་། བསྒོམ་ [28a.5]པའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ལྷག་པའི་ལྷའི་བསམ་གཏན་ལ་སོགས་པ་སྔར་བྱས་ནས་སྤྱན་དྲང་བར་བྱ་སྟེ་དེའི་རིམ་པ་ཡང་འདིའོ། །དང་པོར་རེ་ཞིག་ལྷའི་རྣལ་འབྱོར་ཇི་ལྟར་བྱ་བ་སྔོན་དུ་བྱས་ཏེ། རང་གི་སྙིང་གར་རྡོ་རྗེ་སྣ་ཚོགས་བསམས་ལ། རྡོ་རྗེ་བསྡུ་བའི་སྙིང་པོ་རྡོ་རྗེ་ཚིག་ [28a.6]གིས་བརྗོད་ཅིང་རྡོ་རྗེའི་ཁུ་ཚུར་གཉིས་བསྣོལ་ཏེ། དཔུང་མགོར་བཞག་ལ་མཛུབ་མོ་གཉིས་ལྕགས་ཀྱུ་ལྟ་བུར་བྱ་སྟེ། རང་གི་གུང་མོ་དང་མཐེ་བོང་གཉིས་ཀྱིས་སེ་གོལ་བརྡབ་ཅིང་ཇི་ལྟར་བསམས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་བསྡུ་བར་བྱའོ། །དེ་ལ་ [28a.7]འདི་ནི་རྡོ་རྗེ་བསྡུ་བའི་སྙིང་པོའོ། །ཨོཾ་བཛྲ་ས་མཱ་ཛཿ། དེ་ནས་སོ་སོའི་བྱ་བའི་རྣམ་པར་གྲོལ་བ་ལ་མཉམ་པར་གཞག་པ་ཇི་ལྟར་བསམས་པའི་མཆོད་པའི་གནས་ཀྱི་ཁོར་ཁོར་ཡུག་དུ་བཞུགས་པར་བསམ་མོ། །དེ་ནས་ཇི་ལྟར་བརྟགས་པའི་གནས་ཀྱི་ཤར་ཕྱོགས་ཀྱི་སྒོ་ལོགས་ [28b] [28b.1]སུ་བལྟས་ནས། རྡོ་རྗེ་ལྕགས་ཀྱུ་སྒོ་སྲུང་གི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ་དེར་ཡང་ལྕགས་ཀྱུར་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཞེས་བྱ་བ་རྡོ་རྗེ་ལྕགས་ཀྱུའི་སྙིང་པོ་བརྗོད་ཅིང་དགུག་པའི་ཚུལ་གྱིས་བདེ་བར་གཤེགས་པ་ལ་སོགས་པ་རང་གི་སྒོར་མངོན་དུ་ཕྱོགས་པར་ [28b.2]བལྟའོ། །དེ་ནས་ཕྱག་རྒྱ་དེ་རང་གི་གནས་སུ་བཀྲོལ་ཏེ། ལྷོ་ཕྱོགས་ཀྱི་སྒོར་བལྟས་ལ་རྡོ་རྗེ་ཞགས་པ་གསོལ་ཀ་བའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ་དེར་རྡོ་རྗེ་ཞགས་པར་བསམས་ལ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཞེས་བྱ་བའི་སྙིང་པོ་ཡང་རྡོ་རྗེའི་ཚིག་གིས་བརྗོད་ཅིང་ཞགས་པས་དྲངས་ [28b.3]པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་དཔའ་ཆེན་པོ་ཐམས་ཅད་རང་གི་སྒོར་ཞུགས་པར་བརྟག་སྟེ། ཕྱག་རྒྱ་དེ་རང་གི་གནས་ཉིད་དུ་དགྲོལ་ལོ། །དེའི་འོག་ཏུ་ནུབ་ཕྱོགས་ཀྱི་སྒོར་བལྟས་ཏེ་རྡོ་རྗེ་ལྕགས་སྒྲོག་ཕོ་ཉའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། དེར་རྡོ་རྗེ་ལྕགས་ [28b.4]སྒྲོག་བསམས་ཏེ། ཨོཾ་བཛྲ་སྥོ་ཊ་བཾ། ཞེས་བྱ་བ་ཡང་བརྗོད་ཅིང་དེ་དག་ཇི་སྲིད་འདོད་པར་བཞུགས་པར་བྱ་བའི་ཕྱིར་སྟོན་པའི་བཀའི་མཚན་ཉིད་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་དེ་དག་ལ་བསྟེན་ཏོ། །ཕྱག་རྒྱ་དེ་ཡང་རང་གི་གནས་སུ་བཀྲོལ་ལ། བྱང་ཕྱོགས་ཀྱི་སྒོར་བལྟས་ཏེ་རྡོ་རྗེ་དབབ་ [28b.5]པ་བྲན་གྱི་ལས་ཀྱི་ཕྱག་རྒྱ་བཅིངས་ལ་དེར་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མཚན་མར་གྱུར་པ་རྡོ་རྗེ་དྲིལ་བུ་བསམས་ཏེ། ཨོཾ་བཛྲ་ཨཱ་བེ་ཤྱ་ཧོཿ། ཞེས་བྱ་བ་བརྗོད་ལ་དྲིལ་བུ་བསྐྱེད་པའི་ཚུལ་གྱིས་དེ་རྣམས་མཉེས་པར་བྱས་ཏེ། དེ་བཞིན་དུ་ཕྱག་རྒྱ་རང་གི་གནས་སུ་དགྲོལ་ལོ། ། [28b.6]དེའི་དོན་ཀྱང་། སྒོ་རྣམས་ཀྱང་ནི་ཐམས་ཅད་དུ། །ལྕགས་ཀྱུ་ལ་སོགས་ལས་བྱས་ནས། །ཞེས་པའི་གཞུང་འདི་སྔགས་ཀྱི་རྒྱུད་ལས་བཤད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་སེམས་དཔའ་ཆེན་པོ་ཇི་ལྟར་སྲིད་པ་རྣམས་སོ་སོའི་གནས་སུ་དགོད་པའི་ཕྱིར། སོ་སོའི་ལས་ཀྱི་ [28b.7]ཕྱག་རྒྱ་བཅིངས་ཏེ་དེ་རྣམས་ཀྱི་སོ་སོའི་སྙིང་པོ་བརྗོད་ལ་སྔར་བསམས་པའི་སོ་སོའི་གཟུགས་རྣམས་ཀྱི་གནས་སུ་བསྟན་ཏོ་དགྲོལ་ལོ། །དེ་ལྟར་བྱས་ན་སངས་རྒྱས་ལ་སོགས་པ་ཇི་ལྟར་གཤེགས་པ་རྣམས་ཐམས་ཅད་སོ་སོའི་གནས་སུ་བཞུགས་པར་འགྱུར་རོ། །འདི་ལྟར་ཡང་། [29a] [29a.1]ལས་ཀྱི་ཕྱག་རྒྱའི་མཆོག་ཆེན་པོས། །དམ་ཚིག་རྣམས་ནི་དགོད་པར་བྱ། །ཞེས་གསུངས་སོ། །དེ་ནས་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་སྔ་མ་བཞིན་དུ་སྙིང་པོ་བརྗོད་ལ། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་དེ་དེ་རྣམས་སོ་སོའི་གནས་ན་བཞུགས་པར་རྡོ་རྗེའི་ [29a.2]ལྟ་བས་ཡུན་རིང་དུ་གསལ་བར་བལྟ་ཞིང་བསམ་མོ། །ཇི་སྐད་དུ། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་ཅིང་། དམ་ཚིག་ཕྱག་རྒྱ་མཆོག་ཆེན་པོ། །སེམས་མ་རྡོ་རྗེ་ལ་སོགས་པས། །དེ་བཞིན་གཤེགས་པ་ཆེན་པོ་བསྒྲུབ། །ཅེས་བྱ་བ་གསུངས་སོ། །དེ་ནས་དེ་དག་ཐམས་ཅད་ཀྱི་སོ་ [29a.3]སོའི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ཏེ། དེའི་དབུས་སུ་སོ་སོའི་ཆོས་ཀྱི་ཕྱག་རྒྱ་ཟླ་བ་ལ་གནས་པར་བསམ་མོ། །དེ་ལྟར་བྱས་ནས་ཕྱག་རྒྱ་བཞིའི་སྦྱོར་བས་རབ་ཏུ་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་སློབ་དཔོན་དག་གིས་བསྟན་ཏོ། །ཡང་ན་སྔར་བཤད་པའི་རིམ་པ་ཉིད་ཀྱིས་ [29a.4]གནས་དང་གདན་དང་རྒྱན་ཕུན་སུམ་ཚོགས་པ་བསམས་ཏེ། མཆོད་པ་བྱ་བའི་ལྷ་རྣམས་ཕྱི་རོལ་དུ་བསམས་པའམ། བྱས་པར་རྡོ་རྗེ་བསྡུ་བའི་མདོ་བཞིན་དུ་དགུག་པ་དང་། གཞུག་པ་དང་། བསྡམ་པ་དང་མཉེས་པར་བྱ་བ་རྣམས་བྱས་ལ། སོ་སོའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་སྔར་ [29a.5]སྨོས་པའི་རིམ་པས་དེ་དག་སོ་སོའི་གནས་སུ་བཀོད་དེ། དེའི་འོག་ཏུ་དེ་དག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཇི་སྐད་དུ་གསུངས་པའི་གཟུགས་སོ་སོའི་ལས་ཀྱི་ཕྱག་རྒྱ་དང་མཚན་མས་ལེགས་པར་མཚན་པ་སྔ་མ་བཞིན་དུ་ལས་ཀྱི་ཕྱག་རྒྱ་དང་ལྡན་པར་བརྟག་གོ། །འདི་ནི་མདོར་ [29a.6]བསྡུས་པ་སྟེ། ཆོ་ག་བཞིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི་སྔར་ལྷ་རྣམས་ཀྱི་ཕྱི་རོལ་དུ་བསམས་པའི་ཚེ་བསྟན་པའོ། །དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་བཤད་པར་བྱ་སྟེ། འདིར་ཡང་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་སྔར་བཤད་པའི་རྡོ་རྗེ་བཅིངས་པ་ཉིད་ལས་ [29a.7]བསྐྱེད་པར་བྱ་སྟེ། ཇི་སྐད་དུ་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་རྡོ་རྗེ་བཅིངས་པ་ལས་འབྱུང་ངོ་ཞེས་གསུངས་སོ། །ཕྱག་རྒྱ་ཐམས་ཅད་ཀྱང་སྙིང་པོ་འདིས་བཅིང་ངོ་། །དེ་ལ་སྙིང་པོ་ནི་འདིའོ། །ས་མ་ཡ་སྟྭཾ། ཇི་སྐད་དུ། ས་མ་ཡ་སྟྭཾ་ཞེས་བརྗོད་ནས། ཕྱག་རྒྱའི་རིགས་རྣམས་ [29b] [29b.1]ཐམས་ཅད་ལ། །དེ་ཉིད་བསྐུལ་བས་མཐུ་ཆེན་རྣམས། །རང་གིས་བཅིངས་ནས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་བས་ན་སྙིང་པོ་འདིས་ཕྱག་རྒྱ་ཐམས་ཅད་བཅིངས་ལ་སེམས་དཔའ་གང་གི་ཕྱག་རྒྱ་གང་ཡིན་པ་དེ་རང་གི་ལས་ལ་དེའི་སྙིང་པོས་སྦྱང་བར་བྱའོ། །དམ་ [29b.2]ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་ཀྱང་མན་ངག་དང་ལུང་ཇི་ལྟ་བ་བཞིན་དུ་རྗེས་སུ་དྲན་པར་བྱས་ནས་བདག་གིས་བྲིས་ཏེ། དེ་བས་ན་མཚན་ཉིད་གང་དུ་སྲིད་ཀྱང་རྣམ་པར་བརྟག་པར་མི་བྱ་སྟེ། རྣམ་པར་རྟོག་པ་ལ་མཐར་ཐུག་པ་མེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། [29b.3]ལྷའི་རྣལ་འབྱོར་ལ་གནས་པའི་རྣལ་འབྱོར་པ་དེ་ཁོ་ན་ཉིད་ལ་མོས་པ་ནི་ལུས་དང་ངག་དང་ཡིད་ཐམས་ཅད་ལྷར་བྱིན་གྱིས་བརླབས་པས། ཕྱག་རྒྱ་ལ་སོགས་པའི་རང་བཞིན་དུ་འགྱུར་ཏེ། དེ་བས་ན་མཚན་ཉིད་ཉེས་པའི་དོགས་པ་མི་བསྐྱེད་དོ། །དེ་ལ་བརྟག་པའི་དམ་ཚིག་གི་ཕྱག་རྒྱ་ [29b.4]ནི་རྡོ་རྗེ་སེམས་མ་སྟེ། དེའི་མཚན་ཉིད་ནི་རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་མཉམ་པར་བསྒྲེང་སྟེ་མྱུ་གུ་ལྟར་བྱས་པ་ཞེས་བྱའོ། །མི་འཁྲུགས་པའི་ནི་རྡོ་རྗེ་ཁ་ཐུར་དུ་བསྟན་པ་སྟེ་རྡོ་རྗེ་སེམས་མ་གཉིས་པའོ། །དེའི་མཚན་ཉིད། གུང་མོ་ནང་དུ་བཀུག་པ་ནི། །སངས་རྒྱས་གཉིས་ [29b.5]པའི་ཡིན་པར་བཤད། །ཅེས་བྱ་བའོ། །རིན་ཆེན་དབང་གི་ནི་རྡོ་རྗེ་རིན་ཆེན་མ་སྟེ། དེའི་མཚན་ཉིད་ནི་དང་པོའི་རྡོ་རྗེ་སེམས་མ་ཉིད་ལས་གུང་མོ་རིན་པོ་ཆེ་ལྟར་བསྐུམ་མོ་ཞེས་བྱ་བའོ། །འཇིག་རྟེན་དབང་ཕྱུག་གི་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ཆོས་མའི་སྟེ། དེའི་མཚན་ [29b.6]ཉིད་ཀྱང་དང་པོར་རྡོ་རྗེ་སེམས་མ་ཉིད་ལས་པདྨ་ཁ་མ་བྱེ་བའི་མཚན་ཉིད་དོ། །དོན་ཡོད་པར་གྲུབ་པ་ཡི་ནི་རྡོ་རྗེ་ལས་མའི་སྟེ། དེའི་མཚན་ཉིད་ཀྱང་། སངས་རྒྱས་ལྔ་པའི་ཕྱག་རྒྱ་མཆོག །དེ་བཞིན་མཛུབ་མོ་རབ་བསྐུམ་པ། །ཞེས་བྱ་བའོ། །གང་དག་རྡོ་རྗེ་སེམས་མ་ལ་སོགས་ [29b.7]པའི་ཕྱག་རྒྱ་བཞི་ཇི་སྐད་འབྱུང་བའི་རིམ་པ་བཞིན་དུ་མི་འཁྲུགས་པ་ལ་སོགས་པའི་སངས་རྒྱས་བཞི་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱར་སྦྱར་ནས། ཕྱག་རྒྱ་ལྔ་པ་རྟག་པའི་དམ་ཚིག་གི་ཕྱག་རྒྱར་འཆད་པ་དེས་གོ་རིམས་བསྣུར་བའི་དགོས་པ་བརྗོད་དགོས་ཏེ། ཇི་ལྟ་ཞེ་ན། [30a] [30a.1]འདི་ཉིད་ལས་གཟུངས་ཀྱི་དཀྱིལ་འཁོར་ལ་སོགས་པར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱ་ལྔ་རྣམས་གོ་རིམས་བཞིན་དུ་རྟག་པ་ལ་སོགས་པའི་ཕྱག་རྒྱར་བཅོམ་ལྡན་འདས་ཀྱིས་བསྟན་ནས། སྐབས་འདིར་ནི་དགོས་པ་མེད་པར་གོ་ [30a.2]རིམས་བསྣུར་ཏེ་བསྟན་པ་ནི་བདག་གིས་མ་རིག་གོ། །གཞན་ཡང་དེ་ལྟར་བཤད་ན་དེ་ཁོ་ན་ཉིད་བསྡུས་པ་ཆེན་པོའི་གཞུང་དང་འགལ་བར་འགྱུར་ཏེ། གང་གི་ཕྱིར་དེ་ལས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱག་རྒྱ་ལྔ་པོའི་བྱེ་བྲག་འདི་ལྟ་བུར་སྣང་སྟེ། རྡོ་རྗེ་བཅིངས་པ་བསྡམས་ [30a.3]ནས་སུ། །གུང་མོ་མཉམ་བསྒྲེང་མྱུ་གུར་བྱ། །གུང་མོ་ནང་དུ་བཀུག་པ་ནི། །སངས་རྒྱས་གཉིས་པ་ཡིན་པར་བཤད། །གུང་མོ་བསྐུམ་པ་རིན་ཆེན་ནོ། །གུང་མོ་པདྨ་མ་བྱེ་བ། །ལྔ་པ་ལས་ཀྱི་ཕྱག་རྒྱ་མཆོག །དེ་བཞིན་མཛུབ་མོ་རབ་བསྐུམ་པའོ། །ཞེས་གསུངས་ཏེ། [30a.4]གལ་ཏེ་ཇི་ལྟར་རྟག་པའི་ཕྱག་རྒྱ་ཕྱི་མའི་ལྔ་པར་དགོངས་པར་འགྱུར་ན། དེའི་ཚེ་ལྔ་པ་ལས་ཀྱི་ཕྱག་རྒྱ་མཆོག །དེ་བཞིན་མཛུབ་མོ་རབ་བསྐུམ་པ། །ཞེས་བཤད་པར་མི་འགྱུར་རོ། །འདི་ལྟར་ལས་ཀྱི་ཕྱག་རྒྱ་མཆོག །ཅེས་བྱ་བ་ནི་རྡོ་རྗེ་ལས་མིའི་མཚན་ཉིད་དེ། རྟག་ [30a.5]པའི་ཕྱག་རྒྱའི་རྡོ་རྗེ་ལས་མ་ཞེས་བྱ་བར་མི་རིགས་ཏེ། དེ་ནི་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱར་བསྟན་པའི་ཕྱིར་རོ། །དེ་བས་ན་རྫོགས་པའི་སངས་རྒྱས་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་འདི་རྣམས་ཇི་སྐད་དུ་འབྱུང་བ་བཞིན་དུ་སྦྱར་བར་བྱ་བར་ངེས་སོ། ། [30a.6]དང་པོའི་རྡོ་རྗེ་སེམས་དཔའ་ཉིད་ལས་མཐེ་བོང་དང་མཐེའུ་ཆུང་བརྐྱང་སྟེ། ཅུང་ཟད་བཀུག་པ་རྡོ་རྗེ་རྩེ་ལྔ་པ་ལྟ་བུ་བྱས་པ་ནི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ཉིད་ལས་མཛུབ་མོ་གཉིས་སོ་སོར་ལྕགས་ཀྱུ་འདྲ་བར་བྱས་པ་ནི་རྡོ་རྗེ་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱའོ། ། [30a.7]རྡོ་རྗེ་བཅིངས་པ་ཉིད་ལས་མཛུབ་མོ་གཉིས་གཅིག་ལ་གཅིག་ངོས་སྦྱར་ཏེ། མངའ་ལྟོང་ལྟ་བུར་བྱས་པ་ནི་རྡོ་རྗེ་ཆགས་པའིའོ། །རྡོ་རྗེ་བཅིངས་པ་ལས་མཐེ་བོང་དང་མཛུབ་མོས་སེ་གོལ་བརྡབ་པ་ལྟར་བྱས་པ་ནི་རྡོ་རྗེ་ལེགས་པའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་མཐེ་བོང་གཉིས་རྩེ་ [30b] [30b.1]མོ་ཅན་དུ་བྱས་ཏེ་དེའི་སྟེང་དུ། མཛུབ་མོ་གཉིས་ཕན་ཚུན་དུ་ངོས་སྦྱར་ཏེ། རིན་པོ་ཆེའི་རྩེ་མོ་འདྲ་བར་བྱས་པ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་འོད་ཟེར་ལྟར་བརྐྱང་པ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱའོ། །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དེ་ཉིད་ལས་སྲིན་ [30b.2]ལག་དང་མཐེའུ་ཆུང་རྩེ་མོ་ཅན་དུ་བྱས་པ་ནི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱའོ། །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཉིད་ཁའི་དྲུང་དུ་བསྐོར་ཞིང་སོར་མོ་རྣམས་མདུན་དུ་ཁ་བྱེ་བ་ནི་རྡོ་རྗེ་བཞད་པའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་མཐེ་བོང་གཉིས་རྩེ་མོ་ཅན་དུ་བྱས་ལ། མཛུབ་མོ་གཉིས་ཀྱང་རྩེ་མོ་ཅན་ [30b.3]དུ་བྱས་ཏེ་པདྨ་ཁ་མ་བྱེ་བ་འདྲ་བར་བཀུག་པ་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཉིད་ལས་གུང་མོ་གཉིས་ཀྱི་ཚིགས་གསུམ་པོ་ཅུང་ཟད་ངོས་སྦྱར་བ་ནི་རྡོ་རྗེ་རྣོན་པོའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཉིད་ལས་སྲིན་ལག་དང་མཐེའུ་ཆུང་བརྐྱང་སྟེ་ཕན་ཚུན་དུ་རྩེ་མོ་ [30b.4]བསྣོལ་བ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ཉིད་ལས་མཐེ་བོང་གཉིས་ཅུང་ཟད་བརྐྱང་སྟེ་ཁ་ནས་གྱེན་དུ་སྨྲ་བ་ལྟར་བྱས་ཏེ་དགྲོལ་བ་འདི་ནི་རྡོ་རྗེ་སྨྲ་བའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ཉིད་ལས་མཐེ་བོང་དང་མཐེའུ་ཆུང་ངོས་སྦྱར་བ་ནི་རྡོ་རྗེ་སྣ་ཚོགས་ཀྱི་ཕྱག་རྒྱའོ། རྡོ་རྗེ་སྣ་ཚོགས་ [30b.5]ཀྱི་ཕྱག་རྒྱ་དེ་ཉིད་ཁ་ཐུར་དུ་བསྟན་ཏེ་བྲང་དུ་བསྟན་ལ་མཛུབ་མོ་གཉིས་རྩེ་མོ་ཅན་དུ་བྱས་པ་ནི་རྡོ་རྗེ་སྲུང་བའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་མཛུབ་མོ་གཉིས་ཕྱུང་སྟེ་བཀུག་ལ་མཆེ་བ་ལྟར་བྱས་ལ་མཐེའུ་ཆུང་གཉིས་ཀྱང་ཕྱེ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་ [30b.6]རྒྱའོ། །རྡོ་རྗེ་བཅིངས་པ་ལས་ནི་མཐེ་བོང་གཉིས་ནང་དུ་བཅུག་ལ་རྩེ་མོ་མཐེའུ་ཆུང་གི་བར་དུ་བཅུག་སྟེ་མཐེ་བོའི་རྒྱབ་ཏུ་མཛུབ་མོ་བཀུག་པས་མནན་པ་ནི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་མཐེ་བོང་གཉིས་རྩེ་མོ་ཅན་དུ་བྱས་ལ་སྙིང་གར་བཞག་པ་ནི་རྡོ་རྗེ་ལཱ་ [30b.7]སྱེའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ཉིད་ཕྲེང་བའི་ཚུལ་དུ་དཔྲལ་བར་བརྐྱང་བ་ནི་རྡོ་རྗེ་ཕྲེང་བའི་དམ་ཚིག་གི་ཕྱག་རྒྱའོ། །ཐལ་མོ་སྦྱར་ཏེ་ཁ་ནས་གྱེན་དུ་དྲང་ཞིང་སྨྲ་བའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་གླུའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་རིམ་གྱིས་གར་ཐབས་སུ་བཀྲོལ་ལ་ [31a] [31a.1]ལྡེམ་བག་ཅན་དུ་སྤྱི་བོར་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནི། རྡོ་རྗེ་གར་ལྷ་མོ་ཆེན་མོའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ཁ་ཐུར་དུ་བསྟན་ཏེ་བཀྲོལ་བ་ནི་རྡོ་རྗེ་བདུག་སྤོས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་སྤྱི་བོར་བཀྲོལ་བ་ནི་རྡོ་རྗེ་མེ་ཏོག་མའི་དམ་ཚིག་གི་ཕྱག་རྒྱའོ། ། [31a.2]རྡོ་རྗེ་བཅིངས་པ་ལས་མཐེ་བོང་གཉིས་རྩེ་མོ་ཅན་དུ་བྱས་ཏེ་གྱེན་དུ་བསྒྲེང་བ་ནི་མར་མེའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་རང་གི་ལུས་ལ་སྦྱར་ཏེ་དྲིས་བྱུག་པ་ལྟར་བྱས་ཏེ། དགྲོལ་བ་འདི་ནི་བྱུག་སྤོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པའི་མཛུབ་མོ་གཡས་པ་ལྕགས་ཀྱུ་ལྟར་བྱས་པ་ནི་རྡོ་རྗེ་ [31a.3]ལྕགས་ཀྱུའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ཉིད་ལས་གཡས་པའི་མཐེ་བོ་དང་གཡོན་པའི་མཐེ་བོ་གཉིས་མཛུབ་མོའི་མིག་ཏུ་བཅུག་པ་ནི་རྡོ་རྗེ་ཞགས་པའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ཉིད་ལས་གཡོན་པའི་མཐེ་བོང་མཛུབ་མོའི་ངོས་སྤྲད། གཡས་པའི་མཛུབ་ [31a.4]མོའི་ངོས་དང་མཐེ་བོང་སྤྲད་པ་འདི་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་མཐེ་བོང་གཉིས་མཐེའུ་ཆུང་དང་སྲིན་ལག་གི་བར་དུ་བཅུག་པ་ནི་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་སྟེ་དམ་ཚིག་གི་ཕྱག་རྒྱ་བསྡུས་པའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་འབྱུང་སྟེ། [31a.5]དེ་ལ་སྔར་བཤད་པའི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་ཕྱེ་ལ་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་པོ་ལས་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །སྐྱིལ་མོ་ཀྲུང་བཅས་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་རྒྱབ་སྙིང་གའི་ཕྱོགས་སུ་རེག་པར་བྱས་ཏེ། [31a.6]དེའི་མཛུབ་མོ་བརྐྱང་བའི་རྩེ་མོ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བ་ནི་རྟག་པའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་པང་དུ་བཞག་ལ་གཡས་པའི་སོར་མོའི་རྩེ་མོ་ས་ལ་རེག་པར་བྱས་པ་ནི་མི་འཁྲུགས་པའི་ལས་ཀྱི་ཕྱག་རྒྱའོ། །ལག་པ་གཡོན་པ་དེ་བཞིན་དུ་བཞག་སྟེ་ [31a.7]གཡས་པ་མཆོག་སྦྱིན་ལྟ་བུར་བྱས་པ་ནི་རིན་ཆེན་འབྱུང་བའི་ལས་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་ཏིང་ངེ་འཛིན་གྱི་ཚུལ་དུ་ཕན་ཚུན་དུ་པང་དུ་བཞག་པ་ནི་ཐུབ་པ་འོད་དཔག་ཏུ་མེད་པའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་པང་དུ་བཞག་གཡས་པ་མི་འཇིགས་པ་སྦྱིན་པ་ལྟར་ [31b] [31b.1]བྱས་པ་འདི་ནི་དོན་ཡོད་པར་གྲུབ་པའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་གློ་གཡོན་པར་བཞག་ལ་བསྙེམས་པའི་ཚུལ་དང་བཅས་པར་རྡོ་རྗེ་ཁུ་ཚུར་གཡས་པ་རྡོ་རྗེ་གྱེན་དུ་གསོར་བའི་ཚུལ་དུ་འཛིན་པ་ནི་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡས་པའི་སྙིང་གར་སོར་ [31b.2]བརྒྱད་ཙམ་དུ་བཟུང་ལ་དེའི་མདུན་དུ་གཡོན་པ་ལྕགས་ཀྱུའི་ཚུལ་དུ་འཛིན་པ་འདི་ནི་རྡོ་རྗེ་རྒྱལ་པོའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་མདའ་འཕེན་པ་ལྟར་བྱས་པ་ནི་རྡོ་རྗེ་ཆགས་པའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་གཅིག་ཏུ་བྱས་ཏེ་སྙིང་གར་བཞག་ལ་མཐེ་བོང་ [31b.3]དང་མཛུབ་མོས་སེ་གོལ་བརྡབ་པ་ལྟར་བྱས་པ་ནི་རྡོ་རྗེ་ལེགས་པའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་རང་གི་དབང་བསྐུར་བའི་གནས་སུ་བཞག་པ་ནི་རྡོ་རྗེ་རིན་ཆེན་གྱི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་གཡས་ནས་ཟླུམ་པོར་བསྐོར་བ་ནི་རྡོ་རྗེ་ཉི་མའི་ལས་ཀྱི་ཕྱག་རྒྱའོ། ། [31b.4]རྡོ་རྗེ་ཁུ་ཚུར་གཡས་པ་བསྟོད་དོ་བཟུང་ལ་དེའི་གུང་མོ་རྡོ་རྗེ་ཁུ་ཚུར་གཡོན་པའི་སྟེང་དུ་བཞག་པ་ནི་རྡོ་རྗེ་རྒྱལ་མཚན་གྱི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་རང་གི་ཁའི་མདུན་དུ་ཟླུམ་པོར་བསྐོར་བ་ནི་རྡོ་རྗེ་བཞད་པའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་སྙིང་གར་བཞག་ [31b.5]ལ་དེའི་སྟེང་དུ་རྡོ་རྗེ་ཁུ་ཚུར་གཡས་པ་པདྨའི་འདབ་མ་ཁ་འབྱེད་པའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་ཆོས་ཀྱི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་སྙིང་གར་བཞག་སྟེ། རྡོ་རྗེ་ཁུ་ཚུར་གཡས་པ་རང་གི་གློ་གཡས་པ་ན་རལ་གྲི་འཛིན་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་རྣོན་པོའི་ལས་ཀྱི་ [31b.6]ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལག་ངར་གཅིག་ཏུ་སྦྱར་ཏེ་ཁའི་དྲུང་དུ་མགལ་མེའི་འཁོར་ལོའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་གྱེན་དུ་འདྲེན་པ་ནི་རྡོ་རྗེ་སྨྲ་བའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་མདུན་དུ་བཀན་ཏེ་བཞག་ [31b.7]ལ་དེའི་སྟེང་དུ་རྡོ་རྗེ་ཁུ་ཚུར་གཡས་པ་ཁས་བུབ་ཏུ་བཞག་ལ་ལྡེམ་བག་ཅན་དུ་ལག་པ་གཉིས་ཕན་ཚུན་དུ་དཀྲི་ཞིང་གཡོན་པའི་མཛུབ་མོ་ལ་སོགས་པ་དགྲོལ་བའི་ཚུལ་དུ་བྱ་སྟེ། དེ་བཞིན་དུ་གཡས་པའི་མཐེའུ་ཆུང་ལ་སོགས་པ་སོར་མོ་ཐམས་ཅད་དགྲོལ་བའི་ཚུལ་གྱིས་བསྐོར་ [32a] [32a.1]ལ་མཁུར་ཚོས་གཡོན་པའི་ཕྱོགས་སུ་དྲང་ངོ་། །དེ་ནས་དེ་བཞིན་དུ་བསྐོར་ཞིང་མཁུར་ཚོས་གཡས་པའི་ཕྱོགས་སུ་དྲངས་ཏེ། དེ་ནས་ཀྱང་མགོ་ནས་མགྲིན་པའི་བར་དུ་བསྐོར་ལ་སྤྱི་བོར་བཞག་པ་འདི་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ལྟེ་བའི་ [32a.2]ཕྱོགས་སུ་མདུད་པ་བྱས་ཏེ། དེ་ནས་ཁུ་ཚུར་དེ་གཉིས་གློ་ནས་བྱུང་ལ་རྒྱབ་ཏུ་མདུད་པ་བོར་ཏེ་ཡང་རང་གི་གློ་ནས་ཕྱུང་སྟེ་སྙིང་གར་མདུད་པ་པོར་ལ། དེ་ནས་ཡང་དེ་བཞིན་དུ་ཕྲག་རྒྱབ་ཏུ་ཕྱུང་ལ་མདུད་པ་དོར་རོ། །དེ་ནས་ཡང་ཁུ་ཚུར་གཉིས་དགྲོལ་བའི་ཚུལ་ལྟག་པ་ནས་ཕྱུང་སྟེ་ [32a.3]དཔྲལ་བར་དེ་བཞིན་དུ་མདུད་པ་བོར་ལ་དེ་ནས་ཡང་ཕྲེང་བ་བཅིང་བའི་ཚུལ་དུ་ལྟག་པར་མདུད་པ་བོར་ཏེ་ཁུ་ཚུར་གཉིས་རྣ་དྲུང་དུ་ཕྱུང་ལ་འདན་པ་གཉིས་སུ་མདུད་པ་བོར་བ་ལྟར་བྱས་ཏེ། མཐེའུ་ཆུང་ལ་སོགས་པ་ནས་དགྲོལ་ཞིང་ཁུ་ཚུར་གཉིས་དགྲོལ་བའི་ཚུལ་དུ་གློ་གཉིས་སུ་ལྡེམ་བག་ [32a.4]ཅན་དུ་དཔྱང་ངོ་། །འདི་ནི་རྡོ་རྗེ་སྲུང་བའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་གཉིས་ཁ་འགྲམ་གཉིས་སུ་སྦྱར་བ་ནི། རྡོ་རྗེ་གནོད་སྦྱིན་གྱི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་མདུན་དུ་བཀན་ཏེ་བཞག་པ་དེའི་སྟེང་དུ་གཡས་པའི་ཁུ་ཚུར་ཁས་ཕུབ་སྟེ་ [32a.5]བཞག་ལ་གཅིག་ལ་གཅིག་བཙིར་བ་ནི། རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་མཁལ་ལྟག་གཉིས་སུ་བཞག་སྟེ་ལཱ་སྱེའི་སྙིང་པོའི་དོན་སེམས་ལ་བསམས་ཤིང་ཡིད་དད་པར་གྱུར་པས་གློ་གཡོན་པར་མགོ་བོ་འདུད་པ་འདི་ནི། རྡོ་རྗེ་ལཱ་སྱེའི་ལས་ཀྱི་ཕྱག་ [32a.6]རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མགོ་ལ་ཕྲེང་བ་བཅིང་བ་ལྟར་བྱས་པ་འདི་ནི། རྡོ་རྗེ་ཕྲེང་བའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཚིག་གི་བརྗོད་པའི་ཚུལ་དུ་ཁ་ནས་གྱེན་དུ་བཏང་བ་ནི་རྡོ་རྗེ་གླུའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་གར་ནི་ཇི་སྐད་དུ་སྔར་བཤད་པ་ལས་རྡོ་རྗེ་ཁུ་ཚུར་ [32a.7]གཉིས་མཁུར་ཚོས་དང་སྤྱི་བོར་བཞག་པ་ནི་རྡོ་རྗེ་གར་གྱི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཁ་ཐུར་དུ་བསྟན་ཏེ་བཀྲོལ་བ་ནི་རྡོ་རྗེ་བདུག་སྤོས་ཀྱི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་མེ་ཏོག་འཐོར་བའི་ཚུལ་དུ་གྱེན་དུ་བཀྲོལ་བ་ནི་རྡོ་རྗེ་མེ་ཏོག་གི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་ [32b] [32b.1]གཉིས་ལས་མཐེ་བོང་གཉིས་མར་མེའི་རྩེ་ལྟར་གྱེན་དུ་བཟུང་བ་ནི་མར་མེའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བྱུག་སྤོས་ཉུག་པའི་ཚུལ་དུ་རང་གི་ལུས་ལ་བཅར་ཏེ་བརྐྱང་བ་ནི་རྡོ་རྗེ་བྱུག་སྤོས་ཀྱི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡས་པའི་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ་གཟུང་བ་ནི་ [32b.2]རྡོ་རྗེ་ལྕགས་ཀྱུ་སྒོ་སྲུང་གི་ལས་ཀྱི་ཕྱག་རྒྱའོ། །ལག་ངར་གཡོན་པའི་སྟེང་དུ་ལག་ངར་གཡས་པ་བཞག་ལ། རྡོ་རྗེ་ཁུ་ཚུར་གཡས་པའི་སྟེང་དུ་གཡོན་པ་སྦྱར་ཏེ་ལག་ངར་དང་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་བར་ཞགས་པ་ལྟར་བྱས་པ་ནི་རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་ [32b.3]གཉིས་ཀྱི་མཛུབ་མོ་གཉིས་གདུ་བུ་ལྟར་བྱས་པ་ནི་རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱའོ། །དེ་ལས་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཏེ་བཅིངས་པ་ནི་རྡོ་རྗེ་དབབ་པའི་ལས་ཀྱི་ཕྱག་རྒྱ་སྟེ་ལས་ཀྱི་ཕྱག་རྒྱ་བསྡུས་པའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་རྣམས་འབྱུང་སྟེ། སངས་རྒྱས་རྡོ་རྗེ་ [32b.4]ཡེ་ཤེས་ནི། །རྡོ་རྗེ་དབྱིངས་ནི་བརྟན་བྱེད་པའོ། །ཞེས་འབྱུང་བས་ན། བཛྲ་ཛྙཱ་ན། ཞེས་བྱ་བ་ནི་སངས་རྒྱས་ལྔ་ཚར་གྱི་ཆོས་ཀྱི་ཕྱག་རྒྱའོ། །ས་མ་ཡ་སྟྭཾ། ཨཱ་ན་ཡ་སྦ། ཨ་ཧོ་སུ་ཁ། སཱ་དྷུ་སཱ་དྷུ། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞིའི་སྟེ་མདུན་དང་གཡས་གཡོན་དང་རྒྱབ་ [32b.5]ན་གོ་རིམས་བཞིན་དུ་གནས་པའོ། །སུ་མ་ཧཱཏྟྭཾ། དྷུ་པོ་དྱོཏ། ཨརྠ་པྲཱཔྟེ། ཧ་ཧ་ཧཱུཾ་ཧ། འདི་དག་ནི་རྡོ་རྗེ་རིན་ཆེན་ལ་སོགས་པ་བཞིའི་ཆོས་ཀྱི་ཕྱག་རྒྱའོ། །སརྦཱ་ཀ་རི་དུཿཁ་ཙྪེད། བུདྡྷ་བོ་དྷི་པྲ་ཏི་ཤཔྟ། སྔ་མ་བཞིན་དུ་རྡོ་རྗེ་ཆོས་ལ་སོགས་པ་བཞི་རྣམས་ཀྱིའོ། །སུ་བ་ཤིཏྟཱི་མ་ནིརྦྷཱ་ཡ་སྟྭཾ། [32b.6]ཤ་ཏྲུཾ་བྷཀྵ། སརྦ་སིདྡྷི། དེ་བཞིན་དུ་རྡོ་རྗེ་ལས་ལ་སོགས་པ་བཞིའིའོ། །མོ་ཧ་ར་ཏི། རཱུ་པ་ཤོ་ཕེ། ཤྲོ་ཏྲ་སཽ་ཁྱ། སརྦ་པཱུ་ཛ། ཇི་སྐད་དུ་གསུངས་པའི་རྡོ་རྗེ་ལཱ་སྱེ་ལ་སོགས་པའི་ལྷ་མོ་རྣམས་གཡོན་ཕྱོགས་ནས་གོ་རིམས་བཞིན་དུ་བཀོད་པ་རྣམས་ཀྱིའོ། །པྲ་ཧླ་ད་ནི། པ་ལཱ་ག་ [32b.7]མཾ། སུ་ཏེ་ཛོ་གྲཱི། སུ་གན་དྷངྒི། དེ་བཞིན་དུ་རྡོ་རྗེ་བདུག་པ་ལ་སོགས་པའི་ཆོས་ཀྱི་ཕྱག་རྒྱའོ། །ཨ་ཡཱ་ཧི་ཛཿཨ་ཡཱ་ཧཱུཾ་ཧཱུཾ་ཧཱུཾ། ཧེ་སྥོ་ཊ་བཾ། གྷཎྚ་ཨ་ཨ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་སྲུང་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་རྣམས་ཏེ། གཡས་ཕྱོགས་ནས་བསྐོར་ཞིང་སྦྱོར་བར་ [33a] [33a.1]བྱའོ། །ཆོས་ཀྱི་ཕྱག་རྒྱ་བསྡུས་པའོ། །འདི་ནི་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་སྙིང་པོ་བཟླས་རྗོད་བྱེད་པ་དང་། དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པ་ལ་ [33a.2]བརྩོན་པས་མཆོད་པའི་ཆོ་ག་རྒྱ་ཆེན་པོར་འདོད་པ་རྣམས་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པའི་ཕྱག་རྒྱ་བཞི་བསྟན་པའོ། །དེ་བས་ན་གང་དཀྱིལ་འཁོར་ཆེན་པོར་བཀོད་པའི་དེ་བཞིན་གཤེགས་པ་ལ་སོགས་པ་མཆོད་པར་འདོད་པ་དེས་ཕྱག་རྒྱ་མང་ [33a.3]པོ་འདི་དག་ཐམས་ཅད་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་ཆེན་པོར་བྱིན་གྱིས་བརླབ་པའི་ཕྱིར་སྦྱར་དགོས་སོ། །གང་ཡང་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་སོགས་པར་བཀོད་པ་གོང་དུ་བཤད་པ་གང་ཡང་རུང་བའི་རིམ་གྱིས་མཆོད་པ་དང་མཉེས་པར་བྱེད་འདོད་པ་དེ་ལ་ [33a.4]ནི། ཕྱག་རྒྱ་འདི་རྣམས་ཐམས་ཅད་མཆོད་པའི་ཚེ་སྦྱར་མི་དགོས་སོ། །དེ་བས་ན་དེས་ཕྱག་རྒྱ་བསྡུས་པ་འདི་ལས་ཇི་ལྟར་སྲིད་པར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་སོགས་པ་སོ་སོར་ངེས་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བརྟགས་ཏེ་སྦྱར་བར་བྱའོ། །གང་གི་ཕྱིར་ཞེ་ན་ [33a.5]ཕྱག་རྒྱ་འདི་རྣམས་ནི་ཕྱག་རྒྱ་བཞི་ལ་སོགས་པའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཉིད་དུ་སྲིད་པ་གསུངས་པར་དགོངས་པའི་ཕྱིར་རོ། །བྱེ་བྲག་ཏུ་ནི་ཕྱག་རྒྱ་བཞི་དང་ཕྱག་རྒྱ་གཅིག་གི་དཀྱིལ་འཁོར་གྱི་སྦྱོར་བའམ། རས་ལ་བྲིས་པ་བཀོད་པ་ལས་མཆོད་པ་སྦྱོར་ན་དེས་ཕྱག་རྒྱ་བཞིའི་ [33a.6]དཀྱིལ་འཁོར་ལ་སོགས་པའི་མཆོད་པ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་མཆོད་པར་བསམ་མོ། །གང་གི་ཕྱིར་ཞེ་ན། ཕྱག་རྒྱ་བཞི་དང་ཕྱག་རྒྱ་གཅིག་གིས་དཀྱིལ་འཁོར་གྱི་སྦྱོར་བ་དང་། རས་ལ་བྲིས་པ་བཀོད་པ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ [33a.7]ཆེན་པོའི་མདོར་བསྡུས་པ་སྟེ། དེ་བས་ན་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་སོགས་པ་ལ་གནས་པ། དེ་བཞིན་གཤེགས་པའི་གཟུགས་སམ། བྱང་ཆུབ་སེམས་དཔའི་གཟུགས་གཅིག་པུ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་བསམས་ཏེ། ཕྱིའི་མཆོད་པ་ལ་ [33b] [33b.1]སོགས་པ་བྱའོ། །དེ་ལྟར་བྱས་ན་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དམ་ཚིག་སྟེ། དེ་བས་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཉི་མ་རེ་རེ་མཆོད་པ་བཅུ་དྲུག་པོ་འདི་རྣམས་བྱའོ་ཞེས་བྱ་བ་ལ་སོགས་པ་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མདོ་ [33b.2]འདི་ཡང་ལེགས་པར་བཤད་པར་འགྱུར་རོ། །དེ་བས་ན་དེ་ལྟར་གང་ཡང་རུང་བའི་རིམ་པས་དེ་བཞིན་གཤེགས་པ་ལ་སོགས་པ་གཙོ་བོར་གྱུར་པ་མཉེས་པར་བྱ་བའི་ལྷ་བྱིན་གྱིས་བརླབ་པར་སྔར་བྱས་ཏེ། དེ་རྣམས་མཆོད་ཅིང་མཉེས་པར་བྱ་བའི་ཆོ་ག་བྱའོ། །མཆོད་པ་ཡང་རྒྱུད་འདིར། [33b.3]ཕྱིའི་དང་གསང་བ་དང་རབ་ཏུ་གསང་བ་དང་། སྒྲུབ་པའི་མཆོད་པ་དང་རྣམ་པ་བཞིའི་བྱེ་བྲག་གིས་སྐབས་ཇི་ལྟ་བ་བཞིན་དུ་མདོར་བསྡུས་པ་དང་རྒྱས་པ་རྣམ་པ་དུ་མར་འདུལ་བའི་སྐྱེ་བོའི་དབང་གིས་བསྟན་ཏེ། དེ་བས་ན་སྐབས་འདིར་ནི་རས་ལ་བྲིས་པ་དང་དཀྱིལ་འཁོར་ལ་སོགས་ [33b.4]པར་བྱིན་གྱིས་བརླབས་པའི་བཅོམ་ལྡན་འདས་རྣམས་ལ། ལཱ་སྱེ་ལ་སོགས་པ་གསང་བའི་མཆོད་པ་བཞིའམ་བདག་དབུལ་བ་ལ་སོགས་པ་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པ་བཅུ་དྲུག་རྣམས་དང་། བདུག་པ་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། ། [33b.5]ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་རྩ་བའི་རྒྱུད་ཀྱི་ཕྱི་མའི་རྒྱུད་ལས། དེ་བཞིན་གཤེགས་པ་རྣམས་ལ་བྱེ་བྲག་ཏུ་བདུག་སྤོས་ལ་སོགས་པའི་མཆོད་པ་བཞི་ཉིད་བསྟན་ཏེ། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་སྐབས་སུ། ཤིན་ཏུ་མཉམ་པར་ [33b.6]གཞག་པ་ཡིས། །དང་པོར་བདུག་ལ་སོགས་པས་མཆོད། །དེ་ནས་དངོས་གྲུབ་འདོད་པ་ཡིས། །བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི་དངོས་སུ་གསང་བའི་མཆོད་པ་བཞི་དང་། བདག་དབུལ་བ་ [33b.7]ལ་སོགས་པ་མཆོད་པ་རྣམ་པ་བཅུ་དྲུག་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པ་བསྟན་ཏེ། འདི་སྐད་དུ། མཆོད་པ་གསང་བ་ཀུན་འདོན་ཅིང་། །གསང་བའི་མཆོད་པ་རྣམ་བཞིའམ། །བདག་དབུལ་བ་ལ་སོགས་པ་ཡིས། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་ [34a] [34a.1]གསུངས་སོ། །ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་ནི་སྤྱིར་དེ་བཞིན་གཤེགས་པའི་རིགས་དང་བཅས་པ་རྣམས་བདུག་སྤོས་ལ་སོགས་པ་འབའ་ཞིག་གིས་མཆོད་པར་བཤད་དེ། འདི་སྐད་དུ། ལྟ་བ་ངན་དང་ཆགས་མེད་ལ། །གསང་བ་འདི་ནི་མི་རིགས་སོ། །ཞེས་ [34a.2]གསུངས་ནས་གནས་ཇི་ལྟ་བ་བཞིན་དུ་འདུག་སྟེ་ཟླ་བ་བཞིར་དུས་བཞིར་བདུག་སྤོས་ལ་སོགས་པས་མཆོད་པ་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐེག་པ་ཆེན་པོ་མངོན་པར་རྟོག་པ་ལས་གསུངས་པའི་མཚན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྟོད་དེ་ཕྱག་རྒྱ་བཞིའི་སྦྱོར་བས་ [34a.3]ཕྱག་འཚལ་ཞིང་། བདག་དབུལ་བ་ལ་སོགས་པའི་མཆོད་པ་སྔགས་རྣམ་པ་བཞི་པོ་འདིས་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འདིར་རྩ་བའི་རྒྱུད་ལས་གསུངས་པའི་རིམ་པས་གང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒོམ་མི་ནུས་པ་དེ་དག་ལྟ་བ་ངན་ཅིང་ཆགས་པ་མེད་ [34a.4]པར་དགོངས་ཏེ། བཟླས་པ་ལ་ནན་ཏན་བྱས་པས་འགྲུབ་པར་འདོད་པ་དེ་དག་ཉིད་ཀྱིས་བདུག་པ་ལ་སོགས་པ་མཆོད་པར་བྱ་བར་མངོན་མོད་ཀྱི། འོན་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པ་ལ་བརྩོན་པ་རྣམས་ཀྱིས་ཀྱང་བདུག་སྤོས་ལ་སོགས་པའི་ཕྱིའི་མཆོད་པ་རྣམས་བྱའོ། ། [34a.5]འདི་ལྟར་རྩ་བའི་རྒྱུད་ལས་སྤྱིར་མཆོད་པ་རྣམ་པ་བརྒྱད་ཅར་ཡང་མཆོད་པའི་སྐབས་སུ་གསུངས་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་རིགས་དང་བཅས་པ་རྣམས་ལ་གསང་བའི་མཆོད་པ་བཞི་དང་། བདུག་སྤོས་ལ་སོགས་པ་བཞིས་མཆོད་པར་བྱ་བ་རིགས་པར་ཤེས་པར་བྱའོ། ། [34a.6]དེ་ལ་དང་པོར་མཆོད་པའི་ཆོ་ག་རྫོགས་པར་འདོད་པས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྤྱིའི་ཆོ་ག་བསྟན་པའི་མཚན་ཉིད་ཐེག་པ་ཆེན་པོའི་སྡོམ་པ་སྔར་མནོས་སུ་ཟིན་ཀྱང་། སེམས་བརྟན་པར་བྱ་བའི་ཕྱིར་ཡང་བསྐྱེད་དོ། །དེ་ལ་སྡོམ་པ་མནོས་པའི་རིམ་པ་ནི་འདིའོ། །ཇི་ལྟར་དུས་ [34a.7]གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་བྱས་པས། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། ། [34b] [34b.1]དེ་བཞིན་བརྟན་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་སྤང་མི་བྱ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། ། [34b.2]སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། ། [34b.3]དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱིའོ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །ཞེས་བྱའོ། ། [34b.4]དེ་ནས་སྡོམ་པ་ཇི་ལྟར་མནོས་པ་དོན་བསྒྲུབ་པའི་ཕྱིར། །བཅོམ་ལྡན་འདས་རྣམས་ལ་མཆོད་པ་ལ་སོགས་པའི་ལས་བྱ་བར་རིགས་སོ་ཞེས་མཁས་པ་རྣམས་སྨྲའོ། །དེ་ནས་ཇི་ལྟར་མོས་པའི་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཡིད་ཀྱིས་དྲན་པར་བྱས་ཏེ། བདུག་ [34b.5]སྤོས་ལ་སོགས་པ་མཆོད་པའི་ཡན་ལག་རྣམས་ཇི་ལྟར་བསགས་པ་རྣམས། ཨོཾ་སྭ་བྷཱ་བ་ཤུདྡྷཿ སརྦ་དྷརྨཱ། ཞེས་བྱ་བའམ། སརྦ་ཀ་རི་ཞེས་བྱ་བ་འདི་གཉིས་གང་ཡང་རུང་བས་མངོན་པར་བསྔགས་པས་ཡོངས་སུ་དག་པར་བྱས་ཏེ། བདུག་པ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ [34b.6]སྙིང་པོ་སྔར་གསུངས་པའི་རང་གི་ལས་ཀྱི་ཕྱག་རྒྱ་དང་ལྡན་པས་དེ་རྣམས་ལ་གཏུགས་ཏེ། གུས་པར་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སེམས་བསྐྱེད་དེ། །རྒྱལ་བའམ་དེའི་སྲས་ཆེ་གེ་མོ་ཞིག་ལ་སོ་སོར་རམ། རྒྱལ་བ་ཐམས་ཅད་ལ་མཆོད་པ་བགྱིའོ་ཞེས་སྨྲ་ཞིང་དང་པོར་ [34b.7]བདུག་སྤོས་དེ་ནས་མེ་ཏོག །དེའི་འོག་ཏུ་མར་མེ། དེའི་ཐ་མར་བྱུག་སྤོས་ཏེ་དེ་ལྟར་དབུལ་བར་བྱའོ། །བདུག་སྤོས་ལ་སོགས་པ་དངོས་སུ་མ་འབྱོར་ན། དེའི་གཟུགས་བརྙན་ཡང་སྔ་མ་བཞིན་དུ་མངོན་པར་བསྔགས་ཏེ་དབུལ་ལོ། །ཕྱིའི་མཆོད་པའི་ཡན་ལག་རྣམ་པ་ཐམས་ [35a] [35a.1]ཅད་དུ་མ་འབྱོར་ན་ཡང་། རྡོ་རྗེ་བདུག་པ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་སྙིང་པོ་སྔར་བཤད་པ་བརྗོད་ལ་རབ་ཏུ་དྲི་ཞིམ་ཞིང་ཡིད་དུ་འོང་བ་བཟང་ཞིང་རྒྱ་ཆེ་བའི་བྱུག་སྤོས་ལ་སོགས་པའི་ཆར་གྱིས་ནམ་མཁའི་ནང་ཐམས་ཅད་བཀང་ [35a.2]སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་ལ་མཆོད་པར་བྱའོ། །རྣལ་འབྱོར་པ་ན་མཆོད་པའི་ཡན་ལག་གི་ཁྱད་པར་འདི་དག་གམ། འདི་དག་པས་ལྷག་པར་ཡང་ངེས་པར་དབུལ་ལོ་ཞེས་དེ་དབུལ་བར་སྨོན་ལམ་ངེས་པར་བཏབ་ན་ཡན་ལག་དེ་དག་ཉིད་ཀྱིས་མཆོད་པ་བྱས་པ་དང་ [35a.3]འདྲ་བར་ཤེས་པར་བྱའོ། །འདི་ནི་སྤྱིའི་མཆོད་པའི་ཆོ་ག་ལ་ཐབས་མཁས་པར་ཤེས་པར་བྱ་སྟེ། ཕྱི་རོལ་གྱི་མཆོད་པ་རྣམ་བཞིའོ། །དེ་ནས་དེ་བཞིན་གཤེགས་པ་མཉེས་པར་བྱེད་པའི་ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་གསུངས་པའི་མཚན་བརྒྱ་རྩ་བརྒྱད་ཀྱིས་དེ་བཞིན་གཤེགས་པ་ [35a.4]རྣམས་ཀྱང་བསྟོད་པར་བྱའོ། །ཡང་ན་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་རྣམས་མཉེས་པར་བྱེད་པས་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ལས་གསུངས་པའི་མཚན་བརྒྱ་རྩ་བརྒྱད་ཀྱིས་དེ་བཞིན་གཤེགས་པ་གཙོ་བོར་བྱས་ཏེ། རང་གི་ལྷ་ [35a.5]ལ་སོགས་པའི་ལྷའི་འཁོར་མངོན་པར་བསྟོད་དོ། །མཚན་བརྒྱ་རྩ་བརྒྱད་པ་རྣམ་པ་གཉིས་པོ་ཡང་རྒྱུད་ཉིད་ལས་ཤེས་པར་བྱའོ། །སྐབས་འདིར་ཡང་རང་གི་རྒྱུད་ཀྱི་དམ་ཚིག་ཟིལ་གྱིས་མི་ནོན་ཅིང་བདག་བྱིན་གྱིས་བརླབ་པའི་ཕྱིར། མི་འཁྲུགས་པའི་རིགས་ཀྱི་འཁོར་ལོས་ [35a.6]སྒྱུར་བ། དཔལ་རྡོ་རྗེ་སེམས་དཔའ་དང་། ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར། རིན་པོ་ཆེ་འབྱུང་བའི་རིགས་འཁོར་ལོས་སྒྱུར་བ་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་དང་། ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་བཤད་པའི་མཐུ་བདག་ལ་བསྐྱེད་པའི་ཕྱིར། འོད་དཔག་ཏུ་མེད་པའི་ [35a.7]རིགས་ཀྱི་གཙོ་བོ་དཔལ་རྡོ་རྗེ་ཆོས་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་མཐུ་གྲུབ་པར་བྱ་བའི་ཕྱིར། དོན་ཡོད་པར་གྲུབ་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་གཙོ་བོ་ལས་སྣ་ཚོགས་པ་ལ་འོག་ནས་འབྱུང་བའི་ཆོ་གས་རིགས་བཞི་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱ་བའི་མཆོད་ [35b] [35b.1]པ་སྔར་བྱ་ཞིང་དགོས་པ་དང་བཅས་པའི་བདག་གི་ལུས་ཕུལ་ཏེ་བྱིན་གྱིས་བརླབ་པར་གསོལ་བ་སྟོན་པའི་སྙིང་པོ་འདི་བཞིས་གསོལ་བ་གདབ་བོ། །ཇི་སྐད་དུ་ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་བཟླས་བརྗོད་ཀྱི་ཆོ་གའི་སྐབས་སུ། གནས་ཇི་ལྟ་བུར་གནས་པས་ཟླ་བ་བཞིར་དུས་བཞིར་བདུག་ [35b.2]སྤོས་ལ་སོགས་པས་ཇི་ལྟ་བ་བཞིན་དུ་མཆོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ལས་གསུངས་པའི་མཚན་བརྒྱ་རྩ་བརྒྱད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མངོན་པར་བསྟོད་དེ། ཕྱག་རྒྱ་བཞིའི་སྦྱོར་བས་ཕྱག་བྱ་ཞིང་སྔགས་ [35b.3]རྣམ་པ་བཞི་པོ་འདིས་བདག་དབུལ་བའི་མཆོད་པ་བྱའོ་ཞེས་གསུངས་སོ། །འདིར་ཕྱག་རྒྱ་བཞིའི་སྦྱོར་བས་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་ཕྱག་རྒྱ་གནས་བཞིར་གཞག་པར་བསྟན་པའོ། །དེ་ལ་འདི་ནི་ཕྱག་རྒྱ་རྣམ་བཞི་ལ་སོགས་པའི་མཚན་ཉིད་དོ། །འདི་ལྟར་རྡོ་རྗེ་ཐལ་མོ་བརྐྱང་སྟེ། [35b.4]ལུས་ཐམས་ཅད་ཀྱིས་སྔགས་འདི་བརྗོད་ཅིང་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ན་ཡ་ཨཱཏྨ་ནཱཾ་ནིཏྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། དེ་ནས་དེ་བཞིན་དུ་འདུག་སྟེ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ་སྔགས་འདི་བརྗོད་ཅིང་དཔྲལ་བས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ [35b.5]ཏ་པཱུ་ཛ་ཨ་བྷིཥེ་ཀ་ཡ་ཨཱཏྨ་ནཱཾ་ནིཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། དེ་ནས་དེ་བཞིན་དུ་ལ་ནངས་ལ་རྡོ་རྗེའི་ཐལ་མོ་སྤྱི་བོར་བཅིངས་ཏེ་སྔགས་འདི་བརྗོད་ཅིང་ཁས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་བརྟ་ཡ་མཱཾ། དེ་ [35b.6]ནས་དེ་བཞིན་དུ་འདུག་ལ་རྡོ་རྗེའི་ཐལ་མོ་སྤྱི་བོ་ནས་ཕབ་སྟེ་སྙིང་གར་སྦྱར་ལ་སྔགས་འདི་བརྗོད་ཅིང་སྤྱི་བོས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ནུས་ན་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་མཆོད་པ་བཅུ་དྲུག་གི་ལྷ་མོའི་རིག་ [35b.7]སྔགས་རྣམས་ཀྱིས་ཀྱང་། རྡོ་རྗེ་གར་གྱི་སྤྱོར་བས་མགོན་པོ་རྣམས་ལ་ཡང་མཆོད་པ་ཆེན་པོ་བྱའོ། །རིག་སྔགས་དེ་རྣམས་ཀྱང་ལས་ཀྱི་དཀྱིལ་འཁོར་དུ་བལྟའོ། །དེ་ནས་འོག་ནས་འབྱུང་བའི་ཆོ་གས་གསང་བའི་མཆོད་པ་བརྗོད་ཅིང་། བྱང་ཆུབ་ཀྱི་སེམས་ལ་དགའ་བ་ལ་སོགས་པའི་ [36a] [36a.1]མཚན་ཉིད། རྡོ་རྗེ་ལཱ་སྱེ་ལ་སོགས་པ་སྒྲུབ་པའི་མཆོད་པ་བཞི་རྣམས་ཀྱིས་མཆོད་དོ། །ཇི་སྐད་དུ། མཆོད་པ་གསང་བ་རབ་འདོན་ཅིང་། གསང་བའི་མཆོད་པ་རྣམ་བཞིའམ། བདག་དབུལ་བ་ལ་སོགས་པ་ཡིས། །མཆོད་པ་བྱས་ནས་རབ་ཏུ་འགྲུབ། །ཅེས་ [36a.2]གསུངས་སོ། །དེ་ལྟར་བྱས་ན་སྤྱན་ཇི་ལྟར་དྲངས་པའི་བཅོམ་ལྡན་འདས་དང་། བདག་རྣལ་འབྱོར་པ་ཡུལ་གཅིག་ལ་སྤྱོད་པར་གཟིགས་ནས་སེམས་ཆ་མཐུན་པས་རྗེས་སུ་ཆགས་ནས་དངོས་གྲུབ་མྱུར་དུ་སྩོལ་བར་འགྱུར་རོ། །ཇི་སྐད་དུ། ཇི་ལྟར་ཡུལ་བཞི་ལྡན་གྱུར་ནས། །རྡོ་རྗེ་ [36a.3]སེམས་དཔའ་བསྒྲུབ་པར་བྱ། །དེ་ཉིད་བསྐུལ་བས་མྱུར་བ་རུ། །རྗེས་སུ་ཆགས་ནས་རབ་ཏུ་འགྲུབ། །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འདི་ནི་ཉེ་བའི་མཚན་ཉིད་ཀྱི་ཚིག་སྟེ། མཉེས་པར་བྱ་བའི་སེམས་དཔའ་ཐམས་ཅད་ཀྱང་དེ་ལས་གྱུར་པ་ཡིན་པའི་ཕྱིར་དེའི་ངོ་བོ་ [36a.4]ཉིད་ཀྱི་མཚན་ཉིད་དུ་གཟུང་ངོ་། །དེ་ལ་རྡོ་རྗེ་ལཱ་སྱེའི་ནི་བྱང་ཆུབ་ཀྱི་སེམས་འདོད་པའི་དགའ་བའོ། །རྡོ་རྗེ་ཕྲེང་བ་ནི་གཟུགས་ལ་སོགས་པ་རྣམ་པར་གྲོལ་བའི་ཡོན་ཏན་མེ་ཏོག་གི་ཕྲེང་བའོ། །རྡོ་རྗེའི་གླུ་ནི་དམ་པའི་ཆོས་འཆད་པའི་རང་བཞིན་ནོ། །རྡོ་རྗེའི་གར་ནི་སེམས་ཅན་གྱི་དོན་ [36a.5]བྱ་བ་དང་། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པར་བྱེད་པའི་ངོ་བོ་ཉིད་དེ་ཡུལ་བཞི་པོ་འདི་དག་ནི་རྡོ་རྗེ་ལཱ་སྱེ་ལ་སོགས་པའི་མཚན་ཉིད་ལ་བྱའི། སྐབས་འདིར་ཇི་ལྟར་གྲགས་པའི་གཟུགས་དང་སྒྲ་ལ་སོགས་པ་ཆགས་པར་འགྱུར་བའི་ཡུལ་ལ་ནི་མི་བྱའོ། །ཞེས་རྣལ་འབྱོར་ལ་ [36a.6]མཁས་པ་རྣམས་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་དེ་རྣམས་ནི་རང་གི་ལྷ་མཉེས་པར་བྱེད་པའི་ཆོ་གར་བསྟན་ཏོ་སྙམ་ནས་རབ་ཏུ་བསྟན་ན་སེམས་གཡེང་བར་འགྱུར་བས་དེ་དག་ལ་བརྟེན་པར་དགའ་བ་རྣམས། ལྷའི་གནས་སྐབས་ཁྱད་པར་ཅན་ [36a.7]ལ་དམིགས་པའི་མཚན་ཉིད་རྣལ་འབྱོར་གྱི་སྐབས་སུ་ག་ལ་འགྱུར་ཞེས་དགོངས་པའི་ཕྱིར་རོ། །གང་ཡང་། ཇི་ལྟར་འདོད་དང་ཅི་དགར་སྤྱོད། །ཐམས་ཅད་ཟ་ཞིང་ཐམས་ཅད་བྱེད། །ཅེས་བྱ་བ་ལ་སོགས་པ་བག་ཡངས་ཀྱི་ཚིག་ཏུ་གསུངས་པ་དེ་དག་ནི་གང་དཀའ་བ་སྤྱོད་པ་ལ་ [36b] [36b.1]དགའ་བའི་བཟླས་བརྗོད་བྱེད་པ་ལ་དགོངས་ཏེ་དུས་གསུམ་དུ་ཁྲུས་བྱེད་པ་དང་། ལན་ཚྭ་མེད་པའི་ཟས་ཟ་བ་དང་། སྒོག་པ་དང་བཙོང་དང་ལ་ཕུག་ལ་སོགས་པ་ཡང་སྤང་བར་གསུངས་པ་དེ་དག་བཅས་པའི་ཁ་ན་མ་ཐོ་བ་སྟེ། གཅིག་ཁོ་ནར་བགེགས་ལ་སོགས་པ་ངན་སོང་གི་རྒྱུ་ [36b.2]མ་ཡིན་པའི་ཕྱིར་རོ། །དེ་དག་འདིར་སྤྱད་པར་གསུངས་པ་ནི་ཐབས་དང་ཤེས་རབ་ཏུ་ལྡན་པའི་རྣལ་འབྱོར་པ་སེམས་ཏིང་ངེ་འཛིན་རྩེ་གཅིག་ཏུ་གྱུར་པ་རྣམས་དང་། དེ་ལས་སེམས་གཞན་པ་བརྟུལ་ཞུགས་དང་སྡོམ་པའི་སྒྲ་ཐོས་པ་ཙམ་གྱིས་ཡིད་སྐྲག་པར་འགྱུར་བ་རྣམས་དྲང་བའི་ཕྱིར་ [36b.3]རྗེས་སུ་གནང་གི། དེ་ཡང་ངེས་པར་བྱར་མི་རུང་བ་ཉིད་དུ་གསུངས་པ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་རྣམས་ཀྱང་རྣལ་འབྱོར་གྱི་སྤྱིའི་ཚུལ་ཁ་ཅིག་ལས་མི་གནང་བར་བསྟན་པའི་ཕྱིར་རོ། །དགོངས་པ་འདི་དག་ཐམས་ཅད་ཀྱང་། །རྡོ་རྗེ་རྩེ་མོ་ལས་གསུངས་པའི། །ཐེག་པ་ [36b.4]ཆེན་པོ་མངོན་པར་རྟོགས་པའི་སྐབས་སུ་གསལ་བ་ཉིད་དུ་བསྟན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་འཛིན་གྱུར་ནས་ནི། །ལྷ་གཞན་ལ་ནི་མི་མོས་པར། །དཀོན་མཆོག་གསུམ་ལ་དད་པ་དང་། །དེ་ལ་གཞོལ་ཞིང་འབབ་པ་ཡིས། །གསོད་དང་རྐུ་དང་འཁྲིག་པ་དང་། །བརྫུན་ [36b.5]དང་ཆང་ནི་རྣམ་པར་སྤང་། །ཁྱིམ་པའི་ཚུལ་དུ་གནས་ནས་ནི། །རིག་སྔགས་རྒྱལ་པོ་རྟག་པར་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་ཆེ། །རིག་འཛིན་རང་གི་སྡོམ་པའོ། །ཞེས་བྱ་བ་ལ་སོགས་པ་ [36b.6]རྒྱས་པར་གསུངས་ནས། གཙང་ཞིང་གོས་ཀྱང་གཙང་བ་དང་། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །རྡོ་རྗེ་སྡོམ་པ་དམ་པ་ཡི། །བསླབ་པའི་ཚིག་གིས་ཡང་དག་བླངས། །དཀོན་མཆོག་བཞི་ཡི་སྦྱོར་བ་དང་། །ཕྱག་རྒྱ་དེ་ལ་གཞོལ་བར་བྱ། །སངས་རྒྱས་ཆོས་དང་ [36b.7]འཕགས་དགེ་འདུན། །སློབ་དཔོན་ཡང་ནི་ཕྱི་མའོ། །ཉིན་རེ་ཞིང་ནི་ཅི་ནུས་པར། །ཁྲུས་བཞི་རབ་ཏུ་སྦྱར་བར་བྱ། །རྣལ་འབྱོར་ཇི་ལྟར་འཁྲུ་བ་དག །གོ་རིམས་བཞིན་དུ་བཤད་པར་བྱ། །སྡོམ་པ་གསུམ་ལ་གནས་པ་ནི། །དང་པོའི་ཁྲུས་སུ་བཤད་པ་ཡིན། །གཉིས་པ་ཡི་ནི་ [37a] [37a.1]ཁྲུས་བཤད་པ། །བཤགས་དང་གསོལ་ལ་སོགས་པའོ། །ཕྱག་རྒྱ་དགྲོལ་བ་གསུམ་པའོ། །བཞི་པ་ཆུ་སྟེ་ཕྱི་མའོ། །ཁྲུས་ཀྱི་ཆོ་ག་འདི་རྣམས་ཀྱིས། །མཁས་པ་རྣམས་ནི་དེ་བཞིན་འཁྲུ། །སྒྲུབ་པ་པོ་ཡི་ཆོ་ག་ལ། །གོས་གསུམ་དག་ཀྱང་བརྗེ་བར་བྱ། །དང་ [37a.2]པོའི་གོས་སུ་བཤད་པ་ནི། །སྡོམ་པ་རྣམས་ལ་གནས་པ་དག །སྒྲུབ་པའི་ཆོ་ག་དག་པའོ། །གཉིས་པ་ཁྲེལ་ཡོད་ངོ་ཚ་ཤེས། །གསུམ་པ་ཐུབ་པའི་གོས་རྣམས་ཏེ། །གོས་གསུམ་དུ་ནི་ཡོངས་སུ་བསྒྲགས། །ཐམས་ཅད་བཟའ་དང་འདོད་པ་ནི། །ཁ་ན་མ་ཐོ་གང་མེད་པའོ། ། [37a.3]ཤ་ཆང་སྒོག་པ་ལ་སོགས་པ། །མི་བཟའ་བ་རྣམས་སྤང་བར་བྱ། །དྲི་མི་ཞིམ་དང་མི་གཙང་བའི། །བཟའ་དང་བཏུང་བ་རྣམས་ཀྱང་སྤང་། །གཞན་ལ་གནོད་དང་ལྡན་པ་དག །སེམས་ཀྱིས་ཀྱང་ནི་མི་བྱའོ། །གཡེམ་པ་བདུན་གྱི་སྦྱོར་བ་རྣམས། །མི་སྡུག་བསྒོམ་པས་སྤང་ [37a.4]བར་བྱ། །བསོད་ནམས་བྱེད་ལ་རྟག་ཏུ་བརྩོན། །ཐེག་པ་ཆེན་པོའི་དོན་སེམས་པ། །བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལ་མཁས། །ཀློག་ཅིང་རྣམ་པར་སེམས་པ་དང་། །ཡང་དང་ཡང་དུ་གསོལ་བ་འདེབས། །དགྲ་དང་ཟིན་དང་ཐ་མལ་པ། ། [37a.5]སེམས་སྙོམས་མི་འཇིགས་རབ་ཏུ་སྦྱིན། །ཞེ་སྡང་འཇོམས་པ་བསྒོམ་པ་ནི། །བྱམས་ཤིང་དགའ་ལ་དེས་པ་ཅན། །ཆོས་དང་གང་ཟག་བདག་མེད་པ། །འདུས་བྱས་རྣམས་ཀྱང་འཁྲུལ་པ་ཙམ། །མངོན་སུམ་བློ་ཅན་བརྟན་པ་ནི། །འདུས་བྱས་ཀུན་གྱིས་མི་རྨོངས་ [37a.6]སོ། །སྲོག་ལ་བབ་པར་གྱུར་ན་ཡང་། །བྱང་ཆུབ་སེམས་ནི་མི་གཏོང་ཞིང་། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ནམ་ཡང་གཏང་བར་མི་བྱའོ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་འདྲ། ། [37a.7]སྦྱོར་བ་ལྷོད་པར་མ་གྱུར་པས། །གོ་ཆ་རབ་ཏུ་བརྟན་པར་བགོས། །ཕ་རོལ་ཕྱིན་དྲུག་སྤྱད་པ་ཡང་། །རིམ་པ་བཞིན་དུ་སློབ་པར་བྱེད། །སེམས་ཅན་ཀུན་གྱི་དོན་དང་ལྡན། །བྱང་ཆུབ་སེམས་དཔའི་ཚུལ་ལ་ནི། །ཁ་ན་མ་ཐོ་རྡུལ་ཙམ་ལ། །སྲོག་ལ་ཡང་ནི་མི་ལྟ་བ། །རབ་ཏུ་ [37b] [37b.1]བྱུང་དང་ཁྱིམ་པ་ཡང་། །འདུ་འཛི་ཀུན་ཀྱང་རྣམ་པར་སྤངས། །བུ་དང་ཆུང་མ་དག་ལ་ཡང་། །སྲིད་པའི་བཅིངས་པ་དག་ལས་གྲོལ། །བརྐམ་དང་ཆགས་དང་གདུག་པ་མེད། །རྨོངས་པ་དང་ནི་ལེ་ལོ་མེད། །བག་ཡོད་སྤྱོད་ཅིང་བརྩོན་འགྲུས་ཆེ། །རྣལ་འབྱོར་སྒྲུབ་ [37b.2]པས་བསྒྲུབ་པར་བྱ། །ལྟ་བ་ཀུན་ལས་རྣམ་པར་གྲོལ། །ཡང་དག་ཉིད་ཀྱི་ལམ་སྟོན་པ། །དགོངས་པའི་ཚིག་ལ་རབ་ཏུ་མཁས། །དོན་ཆེན་དོན་ནི་རྟོགས་པར་འགྱུར། །ཚུལ་དང་ཚུལ་མིན་ཆོ་ག་ཡང་། །དེ་ཉིད་རྣལ་འབྱོར་རབ་ཏུ་མཁས། །སེམས་ཅན་ཀུན་ལ་རབ་ཏུ་ [37b.3]བྱམས། །བྱང་ཆུབ་སྤྱོད་པའི་དོན་སེམས་པ། །འདི་འདྲིའི་ཚུལ་ནི་བཟང་པོ་ལ། །དེ་ལྟ་བུ་ཡི་སྒྲུབ་པ་ཡིས། །གྲོལ་བ་དང་ནི་དངོས་གྲུབ་འཐོབ། །དངོས་གྲུབ་ཐམས་ཅད་དོགས་པ་མེད། །ཕྱོགས་དང་ཟས་དང་གོས་རྣམས་ལ། །འབགས་པ་ཐམས་ཅད་རྣམ་པར་སྤང་། ། [37b.4]ལྷ་རྣམས་སྨད་པར་མི་བྱ་ཞིང་། །རྣམ་པ་ཡང་ནི་སྤང་བར་བྱ། །ཉི་མ་རེ་རེ་རབ་བསྡམས་ཤིང་། །སྲུང་བའི་ཆོ་ག་བྱས་པ་ལ། །བགེགས་ནི་མེད་ཀྱིས་མ་འཇིགས་ཤིག །སེམས་ནི་རབ་ཏུ་གདུལ་དཀའ་འདིས། །བགེགས་ནི་ཅུང་ཟད་མེད་སྙམ་པས། །སེམས་ནི་དག་ [37b.5]པ་ཉིད་དུ་འགྱུར། །རང་གི་སེམས་ནི་བདུད་ཅེས་གསུངས། །རང་གི་སེམས་ཉིད་བགེགས་ཡིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །རྣམ་པར་རྟོག་ལས་བགེགས་ཀུན་འབྱུང་། །གདུལ་དཀའ་སེམས་ནི་རབ་བཟུང་ནས། །འདོད་པ་ལྔ་ནི་སྤང་བར་བྱ། །སྔོན་གྱི་རྗེས་ [37b.6]དྲན་ནས་བརྩམས་ཏེ། །རྡོ་རྗེ་སེམས་དཔར་བསྒོམ་པར་བྱ། །འཇིག་རྟེན་ན་ནི་གང་ཟག་བཞི། །བསྐལ་པ་བརྒྱར་ནི་བརྩོན་བྱས་ཤིང་། །ཆོ་ག་བཞིན་དུ་ཀུན་སྤྱད་ཀྱང་། །དེ་དག་འགྲུབ་པར་ཡང་མི་འགྱུར། །བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །ཐེ་ཚོམ་ཡོད་པ་ཉིད་དང་ནི། ། [37b.7]གང་ཞིག་བཀའ་སྩལ་མི་བྱེད་དང་། །མ་དད་པས་ནི་མི་འགྲུབ་པོ། །ཕ་དང་མར་ནི་ཤེས་པ་དང་། །ཚངས་དང་དགེ་འདུན་ལ་འབད་ན། །གཙང་ཞིང་ཞི་བ་དུལ་བ་དང་། །བསྡམས་ཤིང་ཐར་པ་ལ་སེམས་པ། །རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་ [38a] [38a.1]སོགས་ཕྱིར་མིན། །གཞན་དུ་སེམས་ཅན་ཐམས་ཅད་ཕྱིར། །རྫོགས་པའི་བྱང་ཆུབ་ངེས་བྱས་པ། །དེ་བཞིན་ཁ་ཟས་ཚོད་ཤེས་ཤིང་། །མཚན་མོ་མི་ཉལ་བ་ལ་དགའ། །འདོད་ཆགས་ཞེ་སྡང་ལ་སོགས་བྱུང་། །རྣམ་པར་རྟོག་པ་མི་སེམས་ཤིང་། །སེམས་ [38a.2]ནི་རབ་ཏུ་དང་གྱུར་ནས། །མི་གཡོ་བར་ནི་ངེས་པར་བྱ། །ལེགས་བཤད་ཤིན་ཏུ་རྣམ་ཕྱེ་བའི། །ཆོས་ཀྱི་དོན་ལ་མངོན་པར་དགའ། །སེམས་ཅན་གནོད་ལ་སོགས་པའི་རྒྱུ། །དྲག་ཤུལ་སྤྱོད་པའི་ལས་མི་བྱེད། །སེམས་ཅན་གདུག་པ་ལ་སོགས་པའི། །ཉེས་པ་དག་ཀྱང་ [38a.3]རབ་ཏུ་བཟོད། །རིག་སྔགས་མཚོན་དང་དེ་བཞིན་མཚོན། །ལྷ་ཡིས་བཅིངས་པ་རྣམས་དང་ནི། །དམན་མ་དག་དང་ལྷ་ཡི་གྲིབ། །ལྷ་ཡི་མཚན་མ་ལ་སོགས་ཀུན། །བཟའ་བ་དང་ནི་སྣ་ཚོགས་པ། །མཚན་མའི་མཚན་ཉིད་བྱས་པ་རྣམས། །མི་འགོང་ཞིང་ནི་མི་བཟའ་ [38a.4]སྟེ། །ནམ་ཡང་བརྫི་བར་མི་བྱའོ། །དཀོན་མཆོག་གསུམ་གྱི་དཀོར་དག་ནི། །ནམ་ཡང་སྤྱད་པར་མི་བྱའོ། །ཐ་ན་རྡུལ་གྱི་ལྷག་མ་དང་། །བདུག་སྨོས་དག་ཀྱང་མི་སྣོམ་མོ། །ཞེས་བྱ་བ་ལ་སོགས་པ་གསང་སྔགས་ཀྱི་རྣལ་འབྱོར་བའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་བསྡམ་ [38a.5]པའི་ཚིག་རྣམས་རྣལ་འབྱོར་གྱི་སྔགས་ཀྱི་རྒྱུད་ཐམས་ཅད་ཀྱི་དགོངས་པའི་ཚིག་འགྲེལ་པར་གྱུར་པ། རྡོ་རྗེ་རྩེ་མོ་དང་རྟོག་པ་ཐམས་ཅད་བསྡུས་པ་ལ་སོགས་པ་ལས་འབྱུང་སྟེ། དེ་བས་ན་བག་ཡངས་ཀྱི་ཚིག་གང་ཡིན་པ་འདི་དག་ནི་བཅོམ་ལྡན་འདས་ཀྱིས་ཕལ་ཆེར་ཇི་སྐད་དུ་ [38a.6]གྲགས་པའི་དོན་ལས་གཞན་དུ་རང་གི་བརྡས་དེ་ལྟ་བུར་བཤད་པས་གདུལ་བའི་འགྲོ་བ་ལ་ཕན་གདགས་པའི་ཕྱིར་བསྟན་ཏོ། །དེ་རྣམས་ཀྱི་ནང་ནས་ཀྱང་ཚིག་གང་རྣལ་འབྱོར་ལ་སོགས་པའི་སྐབས་ཇི་ལྟར་བ་དང་མི་འགལ་བ་དེ་དག་ནི་སྒྲ་ཇི་བཞིན་པ་ཉིད་དུ་འཇིག་རྟེན་པའི་བརྡ་ [38a.7]ལས་ཤེས་པར་བྱའོ་ཞེས་ལུང་སེམས་དཔའ་དག་འཆད་དོ། །འདིར་ནི་ཞར་ལ་བཤད་པ་སྟེ། སྐབས་ཉིད་བཤད་པར་བྱའོ། །གསང་བའི་མཆོད་པ་རྣམ་པ་བཞིའི་ཆོ་ག་བྱ་བ་དང་། དེའི་དོན་དུ་དང་པོར་མཆོད་པའི་ཏིང་ངེ་འཛིན་མངོན་དུ་བྱས་ཏེ། དེའི་མཚན་ཉིད་ཀྱང་། ཀུན་དུ་ [38b] [38b.1]བཟང་བོ་འདོད་པ་དག །སེམས་ཅན་ཀུན་ལ་བདེ་སྩོལ་བ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཡང་ཉེ་བའི་མཚན་ཉིད་དེ་མཉེས་པར་བྱ་བའི་སེམས་དཔའ་གཞན་རྣམས་ལ་ཡང་སྦྱར་ [38b.2]རོ། །དེ་ནས་མཆོད་པ་གསང་བ་བརྗོད་ཅིང་རྡོ་རྗེ་གར་གྱི་སྦྱོར་བས་རྡོ་རྗེ་ཁུ་ཚུར་གཉིས་མཁའ་ལྟག་གཉིས་སུ་བསྙེམས་པའི་ཚུལ་དང་བཅས་པར་བཞག་ལ། ཇི་ལྟར་སྨོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དྲན་པ་སྔར་བྱས་ཏེ། དེ་ལས་དགའ་བ་བསྐྱེད་ཅིང་དང་བ་སྤེལ་ [38b.3]བ་དང་། བ་སྤུ་ལྡང་བ་ལ་སོགས་པ་སྔར་བྱས་ཏེ། ལྡེམ་བག་ཅན་དུ་སྤྱི་བོ་གཡོན་དུ་འདུད་པར་བྱའོ། །འདི་ནི་རྡོ་རྗེ་ལཱ་སྱེའི་ལས་ཀྱི་ཕྱག་རྒྱ་སྟེ། དེའི་སྙིང་པོ་ཡང་འདིའོ། །ཨོཾ་བཛྲ་ལཱ་སྱེ། ཨོཾ་བཛྲ་སཏྭ་སཾ་གྲ་ཧ། བཛྲ་རཏྣ་མ་ནུཏྟ་རཾ། བཛྲ་དྷརྨ་ག་ཡ་ནེ། བཛྲ་ཀརྨ་ཀ་རོཏྦྷ་བེ། [38b.4]ཞེས་བྱ་བ་འདི་ནི་མཆོད་པ་གསང་བ་སྟེ། གསང་བའི་མཆོད་པ་བཞི་ཆར་ལ་ཡང་སོ་སོའི་སྙིང་པོ་དང་བཅས་པ་བརྗོད་པར་བྱའོ། །དེ་ནས་གར་བྱེད་ཅིང་རྡོ་རྗེ་ཕྲེང་བའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། གོང་དུ་གསུངས་པའི་མཆོད་པ་གསང་བ་ཉིད་བརྗོད་ལ་གཟུངས་དང་རྣམ་པར་ཐར་པ་ལ་ [38b.5]སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་མེ་ཏོག་གི་ཕྲེང་བའི་ཚོགས་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག་ཅེས་བསམས་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བདག་གི་སྤྱི་བོར་ཕྲེང་བའི་ཚུལ་དུ་བཅིང་བར་བྱའོ། །འདི་ནི་རྡོ་རྗེ་ཕྲེང་བའི་ལས་ཀྱི་ [38b.6]ཕྱག་རྒྱ་སྟེ་སྙིང་པོ་ཡང་འདིའོ། །ཨོཾ་བཛྲ་མཱ་ལེ། དེ་ནས་དེ་བཞིན་དུ་མཆོད་པ་གསང་བ་བརྗོད་ལ། འགྲོ་བ་ཐམས་ཅད་ལ་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་བཤད་པ་ལ་སོགས་པ་འབྱུང་བར་གྱུར་ཅིག་ཅེས་བསམས་ནས། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རང་གི་ཁ་ནས་ཚིག་བརྗོད་པའི་ཚུལ་ [38b.7]དུ་བྱའོ། །འདི་ནི་རྡོ་རྗེ་གླུའི་ཕྱག་རྒྱ་སྟེ། དེའི་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་གཱི་ཏི། དེ་ནས་དེ་བཞིན་དུ་མཆོད་པ་གསང་བ་བརྗོད་ལ། །མཚན་མ་དང་སྤྱོད་ལམ་རྣམ་པ་སྣ་ཚོགས་པ་འགྲོ་བ་ཐམས་ཅད་ལ་ངེས་པའི་ཚིག་ཏུ་སྨྲ་བ་ལ་མཁས་ཤིང་རལ་གྲི་ལ་སོགས་པ་དམ་ཚིག་གི་ཕྱག་ [39a] [39a.1]རྒྱ་རྣམ་པ་སྣ་ཚོགས་པ་ལག་ན་ཐོགས་པ་འགྲོ་བའི་དོན་བསྒྲུབ་པ་ལ་མཁས་པར་བདག་གི་ལུས་གྱུར་ཅིག་ཅེས་ཡིད་ལ་བསམས་ཏེ་རྡོ་རྗེ་གར་གྱི་ཚུལ་གྱིས་སྤྱི་བོར་ཐལ་མོ་སྦྱར་རོ། །འདི་ནི་རྡོ་རྗེ་གར་གྱི་ལས་ཀྱི་ཕྱག་རྒྱ་སྟེ་དེའི་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་ནི་ཪྟེ། དེ་ལ་ [39a.2]འདི་ནི་རྡོ་རྗེ་གར་གྱི་ཐབས་བསྟན་པའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་མདུན་དུ་བཀན་ཏེ་བཞག་ལ་དེའི་སྟེང་དུ་གཡས་པ་ཁས་ཕུབ་སྟེ་བཞག་ནས། རྡོ་རྗེ་ཁུ་ཚུར་གཡོན་པ་དེ་གཡས་པའི་མཐེའུ་ཆུང་ལ་སོགས་པ་སོར་མོ་ཐམས་ཅད་དགྲོལ་བའི་ཚུལ་གྱིས་བསྐོར་ཏེ། ལག་པ་གཡས་པ་དེ་ [39a.3]ཡང་དེ་བཞིན་དུ་ལྡེམ་བག་ཅན་དུ་རྡོ་རྗེ་ཁུ་ཚུར་བྱས་ལ། དེ་བཞིན་དུ་ཁུ་ཚུར་གཡོན་པ་བསྐོར་ཏེ་མཁུར་ཚོས་གཡོན་པར་བཀུར། དེ་ནས་དེ་བཞིན་དུ་གར་བྱེད་ཅིང་བསྐོར་བ་གཉིས་བྱ་སྟེ། མཁུར་ཚོས་གཡས་པར་བཀུར། །དེ་ནས་ཀྱང་དེ་བཞིན་དུ་གར་བྱེད་ཅིང་ཐལ་མོ་ཁོང་སྟོང་དུ་བྱའོ། །འདི་ [39a.4]ནི་རྡོ་རྗེ་གར་གྱི་རིམ་པའོ། །དེ་ལྟར་འདི་ནི་མཆོད་པ་རྣམ་པ་བརྒྱད་མདོར་བསྡུས་ཏེ་རྣལ་འབྱོར་པ་ཐམས་ཅད་ཀྱི་སྤྱིར་བསྟན་པའོ། །མཆོད་པའི་ཆོ་ག་དེ་བས་ཀྱང་ལྷག་པར་བྱེད་འདོད་པ་དེས་ནི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལྷ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའི་རིག་སྔགས་ཀྱིས་ [39a.5]མཆོད་དོ། །དེ་རྣམས་ཀྱང་རྒྱུད་ཉིད་ལས་ཤེས་པར་བྱ་སྟེ་འདི་ནི་མཆོད་པའི་ཆོ་གའོ། །དེ་ལྟར་གང་དུ་གསུངས་པའི་རིམ་པས་རང་གི་ལྷའི་དམ་ཚིག་སེམས་དཔར་བདག་ཉིད་བསྒྲུབས་ཏེ། བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང་ཏིང་ངེ་འཛིན་དང་མཆོད་པར་ལྡན་པའི་བསྔགས་པ་ནི། [39a.6]རང་གི་ལྷ་བཞིན་དུ་ཅིས་ཀྱང་མི་ཚུགས་པར་འགྱུར་རོ་ཞེས་དད་པར་བྱ་སྟེ། ཇི་སྐད་དུ། བྱིན་གྱིས་བརླབས་ལ་སོགས་ལྡན་པ། །རྡོ་རྗེ་སེམས་དཔའ་ལྟ་བུར་འགྱུར། །ཆོ་འཕྲུལ་རྣམ་པ་བཞི་རྣམས་ཀྱིས། །ཕྱག་ན་རྡོ་རྗེ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །སྐབས་འདིར་ཡང་ཡི་གེ་བརྒྱ་ [39a.7]བ་རྡོ་རྗེའི་ཚིག་གིས་བརྗོད་པར་བྱ་སྟེ། ནམ་བཟླས་བརྗོད་དང་བསམ་གཏན་ལ་སོགས་པ་བྱེད་པའི་ཚེ་ཡང་རང་གི་ལྷའི་བསྒྲུབ་པར་བྱས་པ་ལ་དྲན་པ་ཉམས་པའམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མང་པོ་བྱུང་ངམ། གཉིད་དམ། སྙོམ་པའམ། ཡུལ་གཞན་ལ་སོགས་ [39b] [39b.1]པར་འགྲོ་འདོད་པའི་རྣམ་པར་རྟོག་པའི་དབང་གིས་ཕྱག་རྒྱ་ཆེན་པོ་ལ་དམིགས་པ་ལ་སོགས་པའི་ཡུལ་ལ་སེམས་མི་འདུ་བར་གྱུར་པ་དེའི་ཚེ་ཡང་རང་གི་སེམས་དེའི་རང་བཞིན་དུ་གནས་པས་བརྟན་པར་བྱ་བའི་ཕྱིར། ཡི་གེ་བརྒྱ་པའི་སྙིང་པོ་འདི་ཉིད་ཀྱིས། དཔལ་རྡོ་རྗེ་སེམས་དཔའ་འམ་ [39b.2]རྡོ་རྗེ་རྣོན་པོ་ལ་སོགས་པ་ཡེ་ཤེས་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་བསྐུལ་ལོ། །དེ་ལ་འདི་ནི་ཡི་གེ་བརྒྱ་པའི་སྙིང་པོའོ། །ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཌྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་ [39b.3]སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། །བྷ་ག་ཝཱན། སརྦ་ཏ་ཐཱ་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿ། འདི་བརྗོད་པས་མཚམས་མེད་པར་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་། དམ་ཚིག་དང་། དམ་ [39b.4]པའི་ཆོས་སྤངས་པ་དང་། ཉེས་པར་བྱས་པའི་ལས་ཐམས་ཅད་བྱས་པ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པ་པོ་ལ་རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་པས་ཚེ་འདི་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་མྱུར་དུ་འཐོབ་སྟེ་རྡོ་རྗེའི་དངོས་གྲུབ་བམ་རྡོ་རྗེ་ [39b.5]སེམས་དཔའི་དངོས་གྲུབ་གྲུབ་ནས། དེ་བཞིན་གཤེགས་པའི་དངོས་གྲུབ་མཆོག་གི་བར་དུ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་གཞུང་ལས་འབྱུང་ངོ་། །ཐབས་དང་ཤེས་རབ་དུ་ལྡན་པའི་རྣལ་འབྱོར་པ་མཆོག་རྣམས་ལ་རང་གི་ལྷའི་དམ་ [39b.6]ཚིག་སེམས་དཔའི་རྣལ་འབྱོར་སྒྲུབ་པའི་བྱིན་གྱིས་བརླབས་ནས། དབང་བསྐུར་བ་དང་ཏིང་ངེ་འཛིན་དང་མཆོད་པ་དང་ལྡན་པ་དངོས་སུ་རྒྱས་པར་བཤད་ཟིན་ཏོ། །ཆོ་ག་བྱེད་མི་ནུས་པ་དེས་ནི་བཟླས་བརྗོད་བྱ་བའི་སྙིང་པོའི་དོན་གྱི་ཚིག་ཙམ་གྱིས་ཀྱང་རང་གི་ལྷའི་གཟུགས་སུ་བདག་ [39b.7]བསམས་ཏེ། རང་གི་ལྷའི་གཟུགས་མདུན་དུ་ཡང་བསམས་ལ་བཟླས་བརྗོད་བྱའོ། །ཇི་སྐད་དུ། ལྟ་ངན་ཆགས་པ་མེད་པ་ལ། །གསང་བ་འདི་ནི་མི་རིགས་སོ། །ཞེས་བྱ་བའི་སྐབས་སུ་རྒྱས་པར་གསུངས་ནས་དེ་བས་ན་སྙིང་པོའི་དོན་གྱིས་བདག་རང་སངས་རྒྱས་ཀྱི་སྐུར་བསྒོམས་ [40a] [40a.1]ཏེ། མདུན་དུ་ཡང་སངས་རྒྱས་ཀྱི་སྐུ་ཚིག་ཙམ་གྱིས་ཀྱང་བསྒོམ་ཞིང་ཇི་ལྟར་འདོད་པར་བྱེད་པས། བརྒྱ་རྩ་བརྒྱད་དུ་རྡོ་རྗེའི་ཚིག་གིས་བཟླས་བརྗོད་བྱའོ་ཞེས་གསུངས་ཏེ། འདི་ཡང་ཉེ་བའི་མཚན་ཉིད་ཀྱི་ཚིག་ཏུ་ཟད་ཀྱི། དེ་བས་ན་དེ་ལས་གཞན་པ་རྡོ་རྗེ་སེམས་དཔའ་ལ་ [40a.2]སོགས་པ་མཉེས་པར་བྱ་བའི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོ་ག་ཡང་འདི་ཉིད་དོ། །དེས་དོན་འདི་ལྟར་འགྱུར་ཏེ། ཇི་སྐད་དུ་གསུངས་པའི་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་བྱེད་མི་ནུས་པའི་སྔགས་པས་བཟླས་བརྗོད་བྱ་བའི་སྙིང་པོ་བརྗོད་པ་ཙམ་ཉིད་དེའི་དོན་གྱིས་བཟླས་ [40a.3]བརྗོད་བྱ་བའི་ལྷ་སེམས་དཔར་བདག་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་དང་ལྡན་པར་བསམས་ཏེ། མདུན་དུ་ཡང་དེ་ལྟ་བུ་ཉིད་བསྒོམ་ཞིང་བཟླས་བརྗོད་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྙིང་པོའི་དོན་གྱི་ཚིག་ཙམ་གྱིས་ཀྱང་དམ་ཚིག་སེམས་དཔར་ [40a.4]བསྒྲུབ་པའི་ཕྱོགས་གཉིས་པ་འདི་ཡང་བཟླས་བརྗོད་འབའ་ཞིག་ལ་དངོས་གྲུབ་འདོད་པ་རྣམས་ལ་བསྟན་གྱི། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པས་བསྒྲུབ་ནུས་པ་རྣམས་ལ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་བཟླས་བརྗོད་ཀྱི་སྐབས་སུ། ལྟ་ངན་ [40a.5]ཆགས་པ་མེད་པ་ལ། །གསང་བ་འདི་ནི་མི་རིགས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ནས། ཐ་ན་སྙིང་བོའི་དོན་གྱིས་བདག་རང་སངས་རྒྱས་ཀྱི་སྐུར་བསྒྱུར་ཏེ། མདུན་དུ་ཡང་སངས་རྒྱས་ཀྱི་སྐུ་ཚིག་ཙམ་གྱིས་ཀྱང་བསྒོམ་ཞིང་ཇི་ལྟར་འདོད་པར་བྱེད་པས་བརྒྱ་རྩ་བརྒྱད་དུ་རྡོ་ [40a.6]རྗེའི་ཚིག་གིས་བཟླས་པར་བྱའོ་ཞེས་གསུངས་སོ། །གང་གི་ཕྱིར་གཞན་དག་ལས་ཀྱང་བྱིན་གྱིས་བརླབ་པ་ལ་སོགས་པའི་རིམ་པ་རྒྱས་པར་གསུངས་པ། དེ་ནི་མི་ནུས་པ་རྣམས་ལ་གསང་སྔགས་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་རྒྱས་པ་ལས་མདོར་བསྡུས་པར་བྱ་བ་བསྟན་ [40a.7]པ་དག་ཀྱང་སྣང་སྟེ། ཇི་ལྟར་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་རྟོག་པ་ལས་གསུངས་བ་བཞིན་ནོ། །གང་གི་ཕྱིར་དེར་ནི་རྟོག་པ་ཐམས་ཅད་ལས་གསུངས་པའི་ལྷ་རྣམས་བྱིན་གྱིས་བརླབ་པ་ལ་སོགས་པ་རྒྱས་པར་བསྟན་ནས། ཧཱུཾ་ཞེས་བྱ་བའི་སྙིང་པོ་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་ [40b] [40b.1]ཅེས་བྱ་བའི་མཐུ་བསྟན་པའི་སྒོ་ནས། འདིར་འདོད་ཆགས་མེད་པའི་འཁོར་ལོ་གཞོམ་མི་དགོས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ནས། འདིའི་བྱིན་གྱིས་བརླབ་པ་ལ་སོགས་པའང་མ་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་རྗེས་སུ་དྲན་པ་ཉིད་ཀྱིས་བཅོམ་ལྡན་འདས་རྣམས་ [40b.2]ཀྱི་བྱིན་གྱིས་བརླབས་ཤིང་དབང་བསྐུར་བར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལྟར་རྒྱས་པ་དང་མདོར་བསྡུས་པ་རྣམ་པ་གཉིས་ཀྱིས་ཀྱང་། རང་གི་ལྷའི་དམ་ཚིག་སེམས་དཔར་བདག་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་མཆོད་པ་དང་། ལྡན་པ་ཉིད་དུ་ [40b.3]བྱས་ནས་དང་པོར་རེ་ཞིག་རང་གི་སེམས་དབང་དུ་གྱུར་པར་བྱ་བའི་ཕྱིར། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་མོ། །ཇི་སྐད་དུ་འདིར་རྡོ་རྗེ་ཕྲ་མོའི་ཕན་ཡོན་བསྟན་པ་ལས། དེ་ཕྱིན་ཆད་ནི་གང་ཅུང་ཟད། །ཤིན་ཏུ་མཉམ་གཞག་བསྒོམ་པ་ནི། །དེ་དག་ཐམས་ཅད་བརྟན་བྱ་བ། །ཏིང་འཛིན་ [40b.4]ཡེ་ཤེས་ཀྱིས་བརྟགས་པའོ། །ཞེས་གསུངས་སོ། །རྡོ་རྗེ་ཕྲ་མོ་ཡང་འདིར་དངོས་སུ་ན་རང་གི་སེམས་གནས་པའི་རླུང་ཉིད་སྣ་ནས་དབུགས་དབྱུང་ཞིང་འཇུག་པའི་མཚན་ཉིད་དུ་འདོད་དེ། དེ་བསྙེན་པའི་ཕྱིར་དེ་ལས་གྱུར་ཅིང་དེ་དང་འབྲེལ་པ་ཉིད་རབ་ཏུ་ཕྲ་བ་ནི་སྐྲའི་རྩེ་མོ་ཙམ། [40b.5]རབ་ཏུ་བསྒོམ་པ་ནི་ཏིལ་གྱི་འབྲས་བུ་ཙམ་དང་། དེ་གཉིས་ཀྱི་བར་མ་སྟེ། དེ་ལྟ་བུ་རྡོ་རྗེ་ཕྲ་མོ་ནས་འབྲས་འདྲ་བའམ། རྩེ་ལྔ་པ་རང་གི་ལྷའི་ཁ་དོག་དང་མདངས་འདྲ་བ་སྣའི་ཐོག་མར་རྣལ་འབྱོར་ལ་མཁས་པ་རྣམས་སེམས་སོ། །གང་གི་ཕྱིར་དེ་བསམས་པའི་དབང་གིས་སྣ་ནས་ [40b.6]དབྱུང་བའི་རླུང་དེ་དབུགས་ཕྱི་ནང་དུ་རྒྱུ་བའི་རང་བཞིན་བཏང་ནས། སྣའི་བུ་ག་གཉིས་བཀང་སྟེ་གནས་པར་བརྟགས་པས་རེག་པ་ཁྱད་པར་སེམས་རྣམ་པར་གནས་པ་དང་རྗེས་སུ་མཐུན་པར་ཀུན་དུ་བསྐྱེད་དོ། །དེ་བས་ན་ཁྱད་པར་ཏིང་ངེ་འཛིན་ལས་བྱུང་བའི་དངོས་གྲུབ་སྒྲུབ་འདོད་ [40b.7]པའི་རྣལ་འབྱོར་པས་དང་པོར་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱ་བར་ངེས་སོ། །འདི་སྐད་དུ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བཤད་པའི་སྐབས་སུ་ཡང་། རྡོ་རྗེ་ཕྲ་མོའི་ཆོ་ག་སྦྱར། །ཡེ་ཤེས་ཕྱག་རྒྱ་བཅིང་བར་བྱ། །ཆོ་ག་འདི་ཡི་རྣལ་འབྱོར་གྱིས། ཡེ་ཤེས་ཕྱག་རྒྱ་དབང་དུ་བྱའོ། །ཞེས་ [41a] [41a.1]རྒྱུད་འདི་ལས་གསུངས་སོ། །གཞན་དག་ལས་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་ཞར་ལ། དོན་འདི་ཕལ་ཆེར་བསྟན་གྱི་དེར་བརྟག་པར་བྱའོ། །རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱི་རིམ་པ་ཡང་འདི་ལྟ་སྟེ། དང་པོར་རེ་ཞིག་རང་གི་ལྷའི་སེམས་དཔར་ [41a.2]བདག་ཉིད་ཇི་ལྟར་བསྒྲུབས་པའི་རྗེས་སུ་དྲན་པར་བྱས་ལ། རང་གི་ལྕེ་རྐན་ལ་བཅར་ཏེ་མཉམ་པར་གཞག་པའི་རིམ་པ་ཇི་ལྟ་བ་མངོན་དུ་བྱས་ནས། དབུགས་དབྱུང་བའི་རླུང་ལས་གྱུར་པ་རྡོ་རྗེ་ཕྲ་མོ་ཇི་སྐད་གསུངས་པའི་མཚན་ཉིད་དེའི་སྙིང་པོ་ཡིད་ཀྱིས་བརྗོད་ཅིང་སྣའི་རྩེ་ [41a.3]མོ་རྣམ་པར་བརྟགས་ཏེ། སྣའི་བུ་གའི་ནང་ན་རང་གི་སེམས་དང་དབྱེར་མེད་པར་གྱུར་པ་མི་གཡོ་བའི་རྡོ་རྗེ་ཕྲ་མོའི་རླུང་གིས་བདེ་བར་རེག་པ་མྱོང་བ་ལས་ལུས་དང་སེམས་ལས་སུ་རུང་བ་དང་། རྗེས་སུ་མཐུན་པ་ཉམས་སུ་མྱང་བར་བྱའོ། །ཇི་སྐད་དུ། ལྕེ་ནི་རྐན་ལ་བཅར་ནས་སུ། ། [41a.4]སྣ་ཡི་རྩེ་མོར་བསྒོམ་པར་བྱ། །རྡོ་རྗེ་ཕྲ་མོ་དེར་རེག་པས། །སེམས་ནི་མཉམ་པར་གཞག་པར་འགྱུར། །ཞེས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེ་ཕྲ་མོའི་སྙིང་པོའོ། །ཨོཾ་སཱུཤྨ་བཛྲ། དེ་ནས་རེག་པ་མྱོང་བའི་འོག་ཏུ་སྙིང་པོ་འདི་ཡང་ཡིད་ལ་བརྗོད་ཅིང་དབུགས་དལ་བུས་ [41a.5]ཕྱུང་ལ་རང་གི་སེམས་རྒྱུ་བའི་གནས་སྣའི་བུ་གནས་རྒྱུ་བའི་རྡོ་རྗེ་ཕྲ་མོའི་རླུང་དེ་རླུང་གི་དཀྱིལ་འཁོར་གྱིས་རྡུལ་བུས་བལྟར་འཐོར་བའི་ཚུལ་གྱིས་རྡོ་རྗེ་རབ་ཏུ་ཕྲ་བའི་མཚོན་ཆ་མང་པོ་གཏོར་བར་གྱུར་བ་རིམ་གྱིས་ཕྱིས་ཇི་ལྟར་མཐོང་ཞིང་ཐོས་པའི་སྲིད་པ་གསུམ་གྱི་གནས་ཀྱི་ནང་ཁྱབ་ [41a.6]པར་དེའི་རྗེས་སུ་སོང་བའི་ཡིད་ཀྱིས་བསྒོམ་མོ། །ཇི་སྐད་དུ། རྡོ་རྗེ་ཕྲ་མོ་བདེར་རེག་པའི། །མཚན་མ་ནམ་ཞིག་བྱུང་བ་ན། །མཚན་མ་དེ་ནི་འཕྲོ་བྱ་ཞིང་། །སེམས་དེ་ཀུན་དུ་འཕྲོ་བར་བྱ། །ཇི་ལྟར་འདོད་པར་སེམས་སྤྲོས་པས། །ཁམས་གསུམ་ཡང་ནི་ཁྱབ་པར་བྱ། །ཞེས་ [41a.7]གསུངས་སོ། །དེ་ལ་སྙིང་པོ་འདིའོ། །སྤར་ན་བཛྲ། དེ་ནས་དེ་ལྟར་ཡུན་རིང་དུ་བསམས་ཏེ། སྙིང་པོ་འདི་ཡང་ཡིད་ལ་ཟློས་ཤིང་དབུགས་སླར་བསྡུ་བའི་རེག་པ་མྱོང་བར་བྱེད་པས་རྡོ་རྗེའི་ཚོགས་དེ་དག་ཐམས་ཅད་སླར་བསྡུ་ཞིང་རབ་ཏུ་ཕྲ་བའི་རྡོ་རྗེ་གཅིག་པུར་རྣམ་པར་རྟོག་པ་རྗེས་ [41b] [41b.1]སུ་ཆུད་པའི་རྣལ་འབྱོར་པས་དེ་བཞིན་དུ་སྣའི་རྩེ་མོའི་བར་དུ་དབུགས་སླར་བསྡུས་པའི་རླུང་གི་རྡོ་རྗེ་དེ་བསྒོམ་མོ། །ཇི་སྐད་དུ། དེ་ནས་དེ་ཡི་སླར་བསྡུ་བ། །སྣ་ཡི་རྩེ་མོར་འོངས་པའི་བར། །ཞེས་གསུངས་སོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་སཾ་ཧ་ར་ཎ་བཛྲ། དེའི་འོག་ཏུ་སྙིང་པོ་འདི་ཡང་ཡིད་ [41b.2]ལ་བྱ་ཞིང་ཇི་སྲིད་འདོད་པའི་བསམ་གཏན་དུ་བྱས་པར་རབ་ཏུ་བརྟན་པར་བྱའོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་དྲྀ་ཌྷ་ཏིཥྛ། འདི་ནི་རེ་ཞིག་རྒྱུད་འདི་ལས་རང་གི་སེམས་དབང་དུ་བྱ་བའི་ཕྱིར་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་སྤྱིར་བསྟན་པའོ། །རྡོ་རྗེ་རྩེ་མོ་ལས་ནི་རྡོ་རྗེ་ཕྲ་མོ་བསྟན་ [41b.3]པའི་སྐབས་སུ་མི་རྟག་པ་དང་། མི་གཙང་བ་དང་། སྟོང་པ་ཉིད་དང་། ཟླ་བའི་གཟུགས་བརྙན་མང་པོ་ལ་སོགས་པ་གཞན་ཡང་ཉོན་མོངས་པའི་གཉེན་པོ་རྗེས་སུ་མཐུན་ཞིང་སེམས་མཉམ་པར་གནས་པའི་རྒྱུ་རྡོ་རྗེ་ཕྲ་མོ་བསྒོམ་པའི་ཏིང་ངེ་འཛིན་རྣམས་ཀྱང་གསུངས་ཏེ། དེ་ [41b.4]རྣམས་ཀྱིས་ཀྱང་སེམས་མཉམ་པར་བྱ་བ་ཇི་ལྟར་འདོད་པའི་བར་བྱས་ན་འགལ་བ་མེད་དོ། །དེ་རྣམས་ལས་གཞན་ཡང་ཡོན་ཏན་འདི་འབྱུང་སྟེ། གང་གི་ཕྱིར་དེ་ལ་ཏིང་ངེ་འཛིན་ལ་ཉོན་མོངས་པའི་གཉེན་པོར་འགྱུར་བ་དང་། སེམས་མཉམ་པར་གནས་པའི་རྒྱུར་ཡང་འགྱུར་རོ། ། [41b.5]འདི་སྐད་དུ། བདག་ནི་རྡོ་རྗེ་ཕྲ་མོའི་ཆོས། །བདག་ཉིད་བསམ་པ་ཤེས་རབ་ཅན། །བདག་དེ་དམིགས་སུ་མེད་པ་སྟེ། །འབྱུང་བ་ཆེན་པོ་བཞི་ཡི་ལུས། །འབྱུང་བ་རྣམས་ནི་གང་ལས་བྱུང་། །ཡང་ན་ལུས་འདི་ཐམས་ཅད་ནི། །མི་གཙང་རྐྱེན་ལས་བྱུང་བ་ནི། །སྤྱི་བོ་ [41b.6]ནས་བརྩམས་རྣལ་འབྱོར་པས། །རྐང་མཐིལ་བར་དུ་ཁྱབ་པར་བསམ། །ཡང་ན་བདག་ཉིད་རྡོ་རྗེར་བསམ། །ཟླ་བའི་དབུས་སུ་མི་འཇིགས་པས། །ཡང་ན་སྙིང་གའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་བརྟག་པར་བྱ། །ཡང་ན་ཟླ་བ་གཉིས་ལྡན་པའི། །དབུས་སུ་རྡོ་རྗེ་ [41b.7]བསྒོམ་པར་བྱ། །ཡང་ན་དབུས་ཀྱི་རྡོ་རྗེ་ཡིས། །རང་གི་ལུས་ནི་ཁྱབ་པར་བྱ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་གང་ཡང་རུང་བའི་རིམ་གྱིས་དུས་ཇི་སྲིད་འདོད་པར་བསྒོམས་ཏེ་རྩེ་གཅིག་ཏུ་དམིགས་པའི་མཚན་ཉིད་དུ་སེམས་དབང་དུ་གྱུར་པར་ཤེས་ནས། [42a] [42a.1]སའི་དངོས་གྲུབ་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བསྒོམས་པ་ལས་བྱུང་བ་རྣམས་བསྒྲུབ་པར་བྱའོ། །འདིར་ཡང་རྣལ་འབྱོར་སྒྲུབ་པ་པོ་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་དཀྱིལ་ [42a.2]འཁོར་དུ་ཞུགས་པ་ཉིད་ན། ཡེ་ཤེས་བབ་པར་གྱུར་པ་སྟེ། དེ་དག་ལ་ནི་ས་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་རྣམས་སྦྱར་བ་ཙམ་གྱིས་འགྲུབ་པོ། །དེ་ལས་གཞན་པ་རྣམས་ནི་མཚན་མ་བྱུང་གི་བར་དུ་བསྒོམས་པས་འགྲུབ་པར་ཤེས་པར་བྱའོ། །འཇིག་རྟེན་ལས་འདས་ [42a.3]པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞིའི་དངོས་གྲུབ་རྣམས་ནི་བསོད་ནམས་ཅི་ཡོད་པ་ལས་དཀྱིལ་འཁོར་དུ་ཞུགས་པའི་ཚེ། ཡེ་ཤེས་བབས་པའི་མཐུས་ཀྱང་མ་ཐོབ་པ་དེ་རྣམས་ནི་འོག་ནས་འབྱུང་བའི་མཚན་ཉིད་དུ་བསྒོམས་པས་ཐོབ་པར་ཤེས་པར་བྱའོ། །དེ་ལ་འཇིག་རྟེན་ [42a.4]པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ནི་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཇི་སྐད་དུ་བསྟན་པ་ཉིད་ཀྱིས་བསྒྲུབ་པར་བྱའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་བསྒྲུབ་པ་ལ་ནི་སྦྱོར་བ་འདི་ཁྱད་པར་དུ་བྱ་བར་ཤེས་པར་བྱ་སྟེ། འདི་ལྟར་རང་གི་ལྷའི་དམ་ [42a.5]ཚིག་སེམས་དཔར་རྣལ་འབྱོར་བྱས་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ལ་རང་གི་ལུས་ཀྱི་ནང་དུ་རང་གི་ལྷའི་ཡེ་ཤེས་ཀྱི་སེམས་དཔའ་གཞུག་གོ། །དེ་བཞིན་དུ་ཇི་ལྟར་རིགས་པར་རྡོ་རྗེ་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ལ་ནི་རང་གི་སྙིང་གར་བསྒྲུབ་པར་བྱ་བའི་ཕྱག་རྒྱ་ [42a.6]གཞག་གོ། །ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པ་ལ་ནི། །རང་གི་ལྕེ་ལ་རྡོ་རྗེ་བསམ་མོ། །ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་ལ་ནི་རང་གི་སྙིང་གར་ལས་ཀྱི་རྡོ་རྗེ་སྦྱར་རོ། །དེ་ལྟར་ཕྱག་རྒྱ་བཞི་བསྒྲུབས་པས་ལས་གཞན་པ་ལ་སོགས་པའི་དངོས་གྲུབ་རྩ་བའི་རྒྱུད་ལས་གསུངས་པ་དང་། [42a.7]ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་གསུངས་པ་ཐམས་ཅད་ནི་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཉིད་ཀྱིས་འགྲུབ་པར་གསུངས་སོ། །གང་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བཟླས་བརྗོད་དང་བསྒོམ་པ་གོམས་པར་བྱས་པ་ལས་ཇི་ལྟར་རིགས་ [42b] [42b.1]པར་འབྱུང་བ་ཐམས་ཅད་བསྒྲུབ་པའི་ཕྱིར་ཁྱད་པར་མེད་པར་བདག་ཉིད་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་པ་ལས། ཡེ་ཤེས་ཀྱི་སེམས་དཔའ་གཞུག་པར་སྔར་བྱས་ཏེ་བསྒོམ་པའམ། བཟླས་བརྗོད་བྱ་བར་འཆད་པ་དེ་རྣམས་ཀྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱིས་ [42b.2]སྐབས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་བཅིང་བར་བསྟན་པ་བརྟག་དགོས་ཏེ། འདི་ལྟར་དེར་ནི་དེ་བཞིན་གཤེགས་པ་ལ་སོགས་པ་དམ་ཚིག་སེམས་དཔའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱས་ནས། ཕྱག་རྒྱ་ཆེན་པོ་སྒྲུབ་པ་ཉིད་ལ་ཡེ་ཤེས་སེམས་དཔའ་གཞུག་ [42b.3]པར་བསྟན་ཏེ། དེས་ནི་འདིར་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་བཤད་དོ་ཞེས་བྱ་བ་ལ་སོགས་པ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་འབྲས་བུ་བསྟན་པའི་མཐའི་བར་གྱི་གཞུང་གིས་བཤད་དོ། །དེའི་འོག་ཏུ། རྡོ་རྗེ་སེམས་མ་ལ་སོགས་པའི། །དམ་ཚིག་ཕྱག་རྒྱའི་མཚན་ཉིད་བརྟག ། [42b.4]རང་གི་ཕྱག་རྒྱ་སྙིང་གར་གནས། །རྡོ་རྗེ་སེམས་མའི་ཏིང་འཛིན་གྱིས། །ཞེས་བྱ་བ་དེ་རྣམས་བསྒྲུབ་པར་གསུངས་སོ། །འདིར་ཡང་། རྡོ་རྗེ་སེམས་མའི་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེའི་མཚན་ཉིད་ལ་རྡོ་རྗེ་སེམས་མའི་ཏིང་ངེ་ [42b.5]འཛིན་ཞེས་བྱ་བར་བཤད་དོ། །དེ་བཞིན་དུ་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་བསྟན་ནས་དེ་བསྒྲུབ་པའི་ཕྱིར་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་བསམ་པར་བསྟན་ཏོ། །ལས་ཀྱི་ཕྱག་རྒྱ་བསྟན་ནས་ཀྱང་རང་གི་སྙིང་གར་ལས་ཀྱི་རྡོ་རྗེ་བསྒོམ་པ་བསྟན་ཏེ། དེ་ལྟར་བརྟགས་ན་ཁྱད་པར་མེད་པར་ [42b.6]དངོས་གྲུབ་ཐམས་ཅད་སྒྲུབ་པ་པོས་ཇི་ལྟར་རིགས་པར་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་བྱས་པ་དངོས་གྲུབ་ཐམས་ཅད་འདོད་པ་ལ་ཁྱད་པར་མེད་པར་ཡེ་ཤེས་ཀྱི་སེམས་དཔའ་གཞུག་པ་ཡོད་ཅེས་རྒྱུད་ཀྱི་དོན་རྟོགས་པ་ལ་མཁས་པའི་སློབ་དཔོན་རྣམས་ཀྱིས་བསྟན་ཏོ། ། [42b.7]གཞན་ཡང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་ཡེ་ཤེས་ཀྱི་སེམས་དཔའ་རྣམས་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་བཞི་རྣམས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་བཞི་རྣམས་ཀྱིས་གནས་ཏེ། དེ་རྣམས་ཇི་ལྟར་རིགས་པར་སྒྲུབ་པ་པོས་རང་གི་ལྷ་དང་རྗེས་ [43a] [43a.1]སུ་མཐུན་པ་ཉིད་དུ་དེའི་ང་རྒྱལ་རབ་ཏུ་བསྐྱེད་པའི་ཕྱིར་རང་གི་ལུས་ཀྱི་ནང་དུ་ཡེ་ཤེས་ཀྱི་སེམས་དཔའ་གཞུག་པའམ་བསམ་པར་རིགས་སོ། །དེ་ལས་ལ་སོགས་པའི་དངོས་གྲུབ་སྒྲུབ་པའི་རིམ་པ་ཡང་འདི་ལྟ་སྟེ། འདི་ལྟར་དང་པོར་རེ་ཞིག་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ [43a.2]ལ་སོགས་པ་རབ་ཏུ་གོམས་པས་སྔ་མ་བཞིན་དུ་བདག་ཉིད་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་དང་ལྡན་པར་བྱས་ཏེ། དེ་བཞིན་དུ་ཕྱི་རོལ་གྱི་ཡེ་ཤེས་ཀྱི་སེམས་དཔའ་ལ་མཆོད་པའི་ཆོ་ག་རྒྱས་པ་ཅི་ [43a.3]ནུས་པར་ཆོ་ག་བཞིན་དུ་བྱས་ལ། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་མངོན་དུ་བྱས་ཏེ་བཏང་ལ་འོག་ནས་འབྱུང་བའི་ཆོ་གས་རྡོ་རྗེ་སེམས་མའི་ཕྱག་རྒྱ་དྲལ་བ་སྔར་བྱས་ཏེ། དབབ་པའི་སྙིང་པོ་བརྗོད་པས་ཡེ་ཤེས་དབབ་པ་མངོན་དུ་བྱའོ། །འདི་ནི་ཕལ་ཆེར་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་ [43a.4]ཐབས་དང་ཤེས་རབ་ཏུ་ལྡན་པ་རྣམས་ཀྱིས་སྔོན་གྱི་དུས་སུ་བྱ་བའི་ཆོ་གའོ། །དེ་ལ་ས་ལ་སོགས་པའི་དངོས་གྲུབ་རྣམས་སྒྲུབ་སླ་བས་རྒྱུད་ལས་ཀྱང་དང་པོར་བཤད་དོ། །དེ་དག་བསྒྲུབ་པར་བྱ་བའི་ཕྱིར་མན་ངག་དང་བཅས་པའི་བསྒོམ་པ་དང་བླང་བའི་རིམ་པ་བསྟན་ཏོ། །ཇི་ [43a.5]སྐད་དུ། རྟེན་ལ་རྡོ་རྗེའི་གཟུགས་གནས་པ། །སྙིང་ག་ཉིད་དུ་བསྒོམ་པར་བྱ། །བསྒོམས་ནས་ས་ལ་གནས་པ་ཡིས། །གཏེར་རྣམས་དེ་ཡིས་མཐོང་བར་འགྱུར། །ཞེས་གསུངས་པའོ། །དེའི་དོན་མན་ངག་དང་བཅས་པ་ནི་གང་ཡང་རུང་བའི་ཕྱོགས་སུ་འདུག་ནས། སྔ་མ་ [43a.6]བཞིན་དུ་ཐམས་ཅད་སྤྱིའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ལ་སོགས་པ་ཡེ་ཤེས་དབབ་པའི་མཐའི་བར་དུ་སྔོན་གྱི་དུས་སུ་བྱ་བ་རྣམས་བྱས་ནས་དུས་བཞིར་ཅི་ནུས་སུ་བསམ་པ་ནི་འདི་ལྟ་སྟེ། རང་གི་སྙིང་གར་གཏེར་གྱི་བུམ་པའི་ནང་ན་གནས་པའི་ཟླ་བའི་དཀྱིལ་འཁོར་རང་གི་ [43a.7]རིགས་དང་རྗེས་སུ་མཐུན་པའི་ཁ་དོག་རྡོ་རྗེ་རྩེ་ལྔ་པས་བརྒྱན་པའི་སྙིང་པོ་འདི་རྡོ་རྗེའི་ཚིག་གིས་བཟླས་ཤིང་བསྒོམ་མོ། །དེའི་སྙིང་པོ་ནི་འདིའོ། །བཛྲ་ནིདྷི། དེ་ལྟར་ན་མི་མཐུན་པའི་ཕྱོགས་བཅོམ་སྟེ། རྡོ་རྗེ་དང་ལྡན་པའི་བུམ་པ་ལ་དམིགས་པའི་ཏིང་ངེ་འཛིན་དུ་རབ་ཏུ་གསལ་བར་ [43b] [43b.1]སྣང་ཞིང་ཏིང་ངེ་འཛིན་ཐམས་ཅད་གྲུབ་པའི་སྤྱིའི་མཚན་མའི་མཚན་ཉིད་དང་རྗེས་སུ་མཐུན་པ་བྱུང་གི་བར་དུ་བསྒོམ་མོ། །ཏིང་ངེ་འཛིན་ཐམས་ཅད་གྲུབ་པའི་མཚན་མའི་མཚན་ཉིད་ཀྱང་འོག་ནས་འཆད་པར་བལྟའོ། །དེའི་འོག་ཏུ་སྲུང་བ་དང་མཆོད་པའི་ཆོ་ག་བྱས་ཏེ། ཏིང་ངེ་ [43b.2]འཛིན་དེ་ཉིད་ཀྱིས་མཚན་གཅིག་ཏུ་གནས་ཏེ། དེའི་འོག་ཏུ་སའི་གནས་བརྟག་པའི་ཕྱིར་དེ་བཞིན་དུ་མཆོད་པའི་ཆོ་ག་བྱས་ལ་འབྱུང་པོ་རྣམས་ལ་གཏོར་མ་ཡང་བྱིན་ཏེ་ས་པ་ཡོད་པར་ངེས་པའི་གནས་སམ། གང་ཡང་རུང་བའི་གནས་སུ་འདུག་ལ། ཇི་ལྟར་གོམས་པའི་ཏིང་ངེ་ [43b.3]འཛིན་འདི་མངོན་དུ་བྱས་ཏེ་ཇི་སྲིད་དུ་མཉམ་པར་གནས་པ་ཉིད་ཀྱིས་ས་ལ་གནས་པའི་གཏར་སྣང་བའི་ཚུལ་དུ་ཡིད་ཀྱིས་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེའི་དྲིལ་བུའི་ཕྱག་རྒྱ་བཅིངས་ཏེ་ས་བརྐོས་ལ་བླང་ངོ་། །དེ་ལྟར་འོག་ནས་འབྱུང་ [43b.4]བའི་སྦྱོར་བ་གསུམ་རྣམས་ལ་ཡང་སྤྱིའི་ཆོ་ག་འདི་སྦྱར་བར་བྱའོ། །དེ་རྣམས་ཀྱི་བྱེ་བྲག་གང་ཡིན་པ་དེ་ནི་འདིར་བཤད་པར་བྱ་སྟེ། དེ་ལ་སྦྱོར་བ་གཉིས་པ་ནི་སྙིང་པོ་འདིས་ནམ་མཁའ་ལ་རྡོ་རྗེ་བསྒོམ་པར་བྱའོ། །དེ་ལ་སྙིང་པོ་ནི་འདིའོ། །རཏྣ་ནིདྷི། སྦྱོར་བའི་ཚེ་ཡང་མཉམ་པར་གཞག་ [43b.5]པས་ཇི་ལྟར་བསམས་པའི་རྡོ་རྗེ་གཏེར་གྱི་གནས་སུ་ལྷུང་བར་བརྟག་གོ། །ཇི་སྐད་དུ། རྡོ་རྗེ་གཟུགས་ནི་བྲིས་ནས་སུ། །ནམ་མཁའི་ལ་ནི་བསྒོམ་པར་བྱ། །གང་དུ་ལྷུང་བར་མཐོང་བ་ནི། །དེ་ན་གཏེར་ནི་ཡོད་པར་བཤད། །ཅེས་གསུངས་སོ། །སྦྱོར་བ་གསུམ་པ་ནི་རང་གི་ལྕེ་ [43b.6]ལ་སྙིང་པོ་འདིས་ཇི་སྐད་གསུངས་པའི་རྡོ་རྗེ་བསྒོམས་ཏེ་དེ་ལ་སྙིང་པོ་ནི་འདིའོ། །དྷརྨ་ནི་དྷི། སྦྱོར་བའི་ཚེ་ཡང་འདི་ནི་ཡོད་དོ་ཞེས་ཚིག་ཏུ་བརྗོད་དོ། །དེའི་དོན་ཡང་། ལྕེ་ལ་ཡང་ནི་རྡོ་རྗེའི་གཟུགས། །སྐྱེས་བུ་བློ་ཅན་གྱིས་བསྒོམས་ནས། །འདི་ལ་ཡོད་ཅེས་རང་གི་ཚིག ། [43b.7]ཡང་དག་པར་ནི་སྨྲ་བར་བྱ། །ཞེས་གསུངས་པའོ། །སྦྱོར་བ་བཞི་པ་ནི་བདག་སྣ་ཚོགས་རྡོ་རྗེའི་གཟུགས་སུ་སྙིང་པོ་འདིས་བསྒོམ་སྟེ། དེ་ལ་སྙིང་པོ་ནི་འདིའོ། །ཀརྨ་ནིདྷི། སྦྱོར་བའི་ཚེ་ཡང་དེ་ལྟར་བསྒོམས་པས་བདག་ཉིད་གཏེར་གྱི་གནས་སུ་གྱུར་ནས་རང་བབས་ཏེ་ལྟུང་བར་ [44a] [44a.1]བསམ་མོ། །འདི་སྐད་དུ། ལུས་དང་ངག་དང་ཡིད་རྣམས་ཀུན། །རྡོ་རྗེའི་གཟུགས་སུ་བསྒོམ་པར་བྱ། །བབས་ནས་གང་དུ་ལྷུང་བར་ནི། །གཏེར་ནི་དེ་ན་ཡོད་པར་བཤད། །ཅེས་བྱ་བ་གསུངས་པའོ། །སྙིང་པོ་རྣམ་པ་བཞི་པོ་འདི་ཡང་རིགས་ཀྱི་བྱེ་བྲག་ལ་བསྟན་ཏེ། དེ་ [44a.2]བས་ནི་རང་གི་རིགས་སུ་གཏོགས་པའི་ལྷ་རྣམས་ཐམས་ཅད་ཀྱི་སའི་སྒྲུབ་པའི་བྱེ་བྲག་ལ་སྦྱར་བར་བྱའོ། །རྡོ་རྗེ་རྫུ་འཕྲུལ་ལ་སོགས་པའི་དངོས་གྲུབ་བཞིའི་སྦྱོར་བའི་མཚན་ཉིད་གཞན་དག་ལ་ཡང་ཕལ་ཆེར་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་འདི་ནི་རྡོ་རྗེ་རྫུ་འཕྲུལ་གྱི་མན་ངག་གོ། ། [44a.3]རྡོ་རྗེ་བབ་པར་གྱུར་ནས་སུ། །ཆུ་ལ་རྡོ་རྗེའི་གཟུགས་བཞིན་དུ། །བསྒོམས་ན་མྱུར་དུ་འགྲུབ་པ་ནི། །ཆུ་ཡི་སྟེང་དུ་ཆགས་པར་འགྱུར། །འདིར་ནི་རྡོ་རྗེ་བབ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་བབས་པའི་དེ་མ་ཐག་ཏུ་རྡོ་རྗེ་རྫུ་འཕྲུལ་གྱི་དངོས་གྲུབ་གོམས་པར་བྱ་བ་བསྟན་པ་སྟེ། དེའི་ཆོ་ [44a.4]ག་ནི་འདིའོ། །དང་པོ་རེ་ཞིག་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་ཐམས་ཅད་བྱས་ལ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ཏེ་སྙིང་པོ་འདི་བརྗོད་དོ། །དེ་ལ་སྙིང་པོ་ནི་འདིའོ། །ཨཱ་ཡནྟྭ་ད་ས་མ་ཡོ་བཛྲ་ས་ཏྭ་མི་ཏི་སྨྲྀ་ཏིན་ཨཱ་བེེ་ཤ་ཡ་ཏུ་མེ་དྷྱཻ་པ། བཛྲ་ཛྙཱ་ན་མཱ་ནུཏྟ་རཾ། ཞེས་བརྗོད་དེ་རྡོ་རྗེ་དབབ་པའི་སྙིང་ [44a.5]པོ་རྡོ་རྗེའི་ཚིག་གིས་བརྗོད་པར་བྱའོ། །དེ་ལ་རྡོ་རྗེ་དབབ་པའི་སྙིང་པོ་འདིའོ། །བཛྲ་ཨཱ་བེ་ཤ་ཨཿ། །དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་དེ་གཉིས་སུ་བྱས་ལ་ལག་པ་གཡས་པས་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ཏེ་དེའི་མཛུབ་མོས་ལག་པ་གཡོན་པའི་རྡོ་རྗེ་སེམས་མའི་ཕྱག་རྒྱའི་ [44a.6]གུང་མོ་ལ་དྲལ་ལོ། །ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ཞེས་བྱ་བ་ཡི་གེ་བརྒྱ་པ་སྔར་གསུངས་པ་ཡང་རྡོ་རྗེའི་ཚིག་གིས་ཇི་ཙམ་འདོད་པར་བཟླའོ། །དེ་ལས་བབ་སྟེ་ཡེ་ཤེས་དབབ་པ་ཡང་དེ་ཡིན་ནོ། །དེ་བས་ན་དེའི་ལུས་དང་ངག་འགྱུར་བ་དང་། འདར་བ་ལ་སོགས་པའི་མཚན་ [44a.7]ཉིད་སེམས་མཉམ་པར་གནས་པ་དང་རྗེས་སུ་མི་མཐུན་པ་ནི་མི་སྲིད་དོ། །དངོས་གྲུབ་བཤད་ཟིན་པ་དང་མ་བཤད་པའི་སྦྱོར་བ་ཐམས་ཅད་ལ་རྡོ་རྗེ་དབབ་པའི་ཆོ་ག་འདི་སྦྱོར་བར་བྱའོ། །དེ་ལ་འདི་ནི་ཆུའི་སྟེང་ན་འཆག་པའི་རྫུ་འཕྲུལ་བསྐྱེད་པའི་སྦྱོར་བ་སྟེ། དང་པོར་རེ་ཞིག་རྣལ་འབྱོར་ [44b] [44b.1]པ་མཚོ་དང་རྒྱ་མཚོ་དང་ལུ་མ་ལ་སོགས་པའི་ངོགས་སུ་གནས་ལ། གནས་རབ་ཏུ་དབེན་པར་བྱས་སམ། ཡང་ན་ཇི་ལྟར་འདོད་པའི་གནས་སུ་ཁམ་པའི་སྣོད་ཆེན་པོ་ཆུས་བཀང་བ་བཞག་སྟེ། མཆོད་པ་ལ་སོགས་པ་སྔོན་གྱི་དུས་སུ་བྱས་ནས་ཡེ་ཤེས་དབབ་པའི་བར་དུ་ཐམས་ཅད་བྱས་ [44b.2]ཏེ། ཆུའི་གཞི་དེ་མངོན་དུ་བྱས་ནས། བཛྲ་ཛ་ལ། ཞེས་བྱ་བའི་སྙིང་པོ་འདི་ཡིད་ལ་རིམ་གྱིས་བརྗོད་ཅིང་ཆུའི་རྡུལ་ཕྲ་རབ་ཇི་སྙེད་པ་ཡོད་པ་རྡོ་རྗེའི་གཟུགས་མངོན་པར་གྱུར་ནས་འཕྲོ་ཞིང་འདུ་བའི་ཚུལ་གྱིས་གཅིག་ལ་གཅིག་འབྱར་ནས་ཇི་ལྟར་འདོད་པའི་ཆུ་དེ་ཁྱབ་པ་རྡོ་རྗེའི་གཟུགས་ [44b.3]གཅིག་པུ་རང་གི་རིགས་ཀྱི་ཁ་དོག་དང་མཐུན་པར་གྱུར་པར་རྣམ་པར་བརྟག་གོ། །དེ་ལྟར་དུས་བཞི་ཆར་ཐམས་ཅད་སྤྱིའི་ཏིང་ངེ་འཛིན་གྲུབ་པའི་མཚན་མ་འོག་ནས་འབྱུང་བ་བྱུང་གི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཉམ་པར་གཞག་པ་ཉིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ལ་དེའི་རྣམ་ [44b.4]པར་སྣང་བའི་རྣམ་པར་རྟོག་པ་མ་བཏང་བར་རྐང་ལག་གིས་རེག་པར་བྱར་མི་རུང་ཞིང་ཆུ་དེ་རྡོ་རྗེ་དང་འདྲ་བར་སྲ་བར་གྱུར་པར་བྱ་སྟེ། དེ་ནས་གང་ཡང་རུང་བའི་དཀྱིལ་འཁོར་གཅིག་ཏུ་ཆུ་དེའི་དྲུང་དུ་བྲིས་ཏེ། སྔོན་གྱི་དུས་སུ་བྱ་བའི་ཆོ་ག་རྣམས་བྱས་ནས། །ནུབ་གཅིག་ཏིང་ངེ་འཛིན་དེ་ [44b.5]ཉིད་ཀྱིས་གནས་སོ། །དེ་ནས་ནམ་ཆུའི་སྟེང་དུ་འགྲོ་འདོད་པ་དེ་ནི་དེའི་དྲུང་དུ་ཏིང་ངེ་འཛིན་འདི་ཆོ་ག་བཞིན་དུ་མངོན་དུ་བྱས་ཏེ། དེ་བཞིན་དུ་མཉམ་པར་གཞག་པ་ཉིད་ཀྱིས་ལངས་ནས་ཆུའི་སྟེང་ནས་འགྲོ་བ་དང་། འོང་བ་ལ་སོགས་པ་ཏིང་ངེ་འཛིན་མ་བཏང་གི་བར་དུ་བྱེད་ནུས་པར་འགྱུར་ [44b.6]རོ། །འདོད་པའི་གཟུགས་སྟོན་པའི་སྦྱོར་བ་ནི་ཇི་སྐད་དུ། དེ་བཞིན་རྡོ་རྗེ་དབབ་བྱས་ནས། །བདག་ཉིད་གང་གི་གཟུགས་འདོད་པར། །བསྒོམས་ན་དེ་ལྟར་འགྱུར་བ་ནི། །སངས་རྒྱས་གཟུགས་སུའང་བདག་ཉིད་འགྱུར། །ཞེས་གསུངས་པ་སྟེ། དེའི་མན་ངག་ཀྱང་སྔོན་གྱི་ [44b.7]དུས་སུ་བྱ་བའི་ཆོ་ག་ཐམས་ཅད་རྡོ་རྗེ་དབབ་པའི་མཐའི་བར་དུ་དེ་བཞིན་དུ་བྱས་ནས། བཛྲ་རཱུ་པ། ཞེས་བྱ་བའི་སྙིང་པོ་འདི་ཡིད་ལ་རིམ་གྱིས་ཟློས་ཤིང་ཇི་ལྟར་འདོད་པའི་གཟུགས་གང་ཡང་རུང་བ་ཅིག་ཏུ་བདག་བསམས་པ་ནི་ཇི་སྲིད་བར་དུ་གསལ་ཞིང་སྣང་བར་འགྱུར་ཏེ། ཐད་ན་འཁོད་ [45a] [45a.1]པ་རྣམས་ཀྱིས་ཀྱང་མཐོང་བར་གྱུར་གྱི་བར་དུ་བསམ་མོ། །དེ་ནས་དེ་ལས་གཞན་པའི་གཟུགས་སུ་བསམ། དེ་ནས་ཀྱང་དེ་ལས་གཞན་པའི་གཟུགས་སུ་བསམ་སྟེ། དེ་ལྟར་དབང་དུ་གྱུར་ན། དེ་བཞིན་དུ་ནུབ་གཅིག་ཏིང་ངེ་འཛིན་དུ་གནས་ལ་ཕྱིས་བདག་ཉིད་ཇི་ལྟར་ [45a.2]འདོད་པའི་གཟུགས་སུ་བསམས་ཏེ། ཇི་སྲིད་ཏིང་ངེ་འཛིན་ལས་ལངས་པ་དེ་སྲིད་དུ་དེ་ལྟ་བུའི་གཟུགས་སུ་བདག་ཉིད་ཀྱིས་མཐོང་ཞིང་གཞན་གྱིས་ཀྱང་མཐོང་བར་འགྱུར་བ་དེ་སྲིད་དུ་བསམ་མོ། །དེ་བས་འདི་ནི་མི་སྣང་བའི་རྣལ་འབྱོར་གསུངས་པ་སྟེ། དེ་བཞིན་བདག་ལ་ [45a.3]བབས་ནས་སུ། །བདག་ནི་ནམ་མཁའ་ཡིན་པར་བསྒོམ། །ཇི་སྲིད་འདོད་པར་བསྒོམས་ནས་ནི། །ཇི་སྲིད་དུ་ནི་མི་སྣང་འབྱུང་། །ཞེས་བྱའོ། །དེའི་མན་ངག་ནི་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་ཐམས་ཅད་དེ་བཞིན་དུ་བྱས་ནས། རང་གི་ལུས་རྡུལ་ཕྲ་རབ་ཏུ་བཤིགས་ཏེ། རྡུལ་ཕྲ་རབ་ཀྱི་ [45a.4]ཕྱོགས་ཆ་ཐ་དད་པར་བརྟག་པའི་རིགས་པ་མི་བཟོད་པས་རང་བཞིན་མེད་པར་གྱུར་པར་བསམས་ཏེ། བཛྲ་ཨཱ་ཀ་ཤ །ཞེས་བྱ་བའི་སྙིང་པོ་འདི་ཡིད་ལ་བརྗོད་ཅིང་། བདག་ཉིད་ནམ་མཁའ་དང་འདྲ་བར་ཇི་སྲིད་ཏིང་ངེ་འཛིན་གྲུབ་པའི་མཚན་མ་མ་བྱུང་གི་བར་དུ་བསྒོམ་མོ། །དེ་ནས་ [45a.5]མཉམ་པར་བཞག་ན་ཐད་ན་འཁོད་པས་ཀྱང་མི་མཐོང་བར་འགྱུར་རོ། །དེ་ནས་དེ་བཞིན་དུ་ནུབ་གཅིག་པའི་སྦྱོར་བ་སྔར་བྱས་ནས་ཇི་ལྟར་འདོད་པའི་ཡུལ་དང་དུས་སུ་གནས་ཏེ། ཏིང་ངེ་འཛིན་འདི་ལ་ཇི་སྲིད་སུས་ཀྱང་མི་མཐོང་བར་འགྱུར་བ་དེ་སྲིད་དུ་རྣལ་འབྱོར་པས་གནས་པར་ [45a.6]བྱའོ། །ནམ་མཁའ་ལ་ཡང་འཕར་བའི་སྦྱོར་བའི་མཚན་ཉིད་ནི། །བདག་རང་རྡོ་རྗེ་དབབ་བྱས་ནས། །བདག་ཉིད་རྡོ་རྗེར་བསྒོམ་པ་ནི། །ཇི་ཙམ་གནས་ལ་འཕར་འགྱུར་བ། །དེ་ཙམ་ནམ་མཁར་འགྲོ་བར་འགྱུར། །ཞེས་བྱ་བ་སྟེ། དེའི་རིམ་པ་ཡང་སྔོན་དུ་བྱ་བའི་ཆོ་ག་རྣམས་དེ་བཞིན་དུ་ [45a.7]བྱས་ཏེ། བཛྲ་མ་ཧཾ། ཞེས་བྱ་བའི་སྙིང་པོ་བཟླས་ཤིང་གཟུགས་རྣམ་པར་མ་བཤིགས་པ་ཉིད་དུ་བདག་རྡོ་རྗེ་རྩེ་ལྔ་པ་རབ་ཏུ་ཡང་བ་དབུགས་འདྲེན་པའི་རླུང་གིས་གྱེན་དུ་བདེགས་ཤིང་ཇི་སྲིད་ས་ལ་སོར་གཅིག་དང་སོར་གཉིས་ལ་སོགས་པ་རིམ་གྱིས་འཕགས་ནས་བདག་གྱེན་དུ་འགྲོ་ [45b] [45b.1]བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་མོ། །དེ་ནས་ཀྱང་དེ་བཞིན་དུ་ནུབ་གཅིག་ཏིང་ངེ་འཛིན་དུ་འདུག་སྟེ། དེ་ནས་ཇི་སྲིད་འདོད་པའི་ཁང་པ་དང་ཁྲི་དང་ཁྲིའུ་ལ་སོགས་པའི་ཚད་ལས་འཛེགས་ནས་གྱེན་དུ་འགྲོ་བ་ཇི་ལྟར་གོམས་པས་ནམ་མཁའ་ལ་འཕར་བའི་ཏིང་ངེ་འཛིན་མངོན་དུ་བྱ་སྟེ། [45b.2]ཇི་ལྟར་འདོད་པར་འཕར་ནས་ཇི་སྲིད་ཏིང་ངེ་འཛིན་མ་བཏང་བ་དེ་སྲིད་དུ་ནམ་མཁའི་དཀྱིལ་འཁོར་ན་གནས་པར་འགྱུར་རོ། །རིག་སྔགས་འཆང་སྒྲུབ་པའི་རིམ་པ་ཡང་འདི་ལྟ་སྟེ། དང་པོ་རེ་ཞིག་མཆོད་པའི་ཆོ་ག་རྒྱས་པར་བྱས་ལ་རྡོ་རྗེ་ཕྲ་མོ་རབ་ཏུ་བསྒོམས་ནས། རིག་སྔགས་ [45b.3]འཆང་གི་སྙིང་པོ་འོག་ནས་འབྱུང་བ་བཞི་ལས་གང་ཡང་རུང་བ་ཅིག་ཡིད་ལ་ཟློས་ཤིང་། བདག་གི་རིག་སྔགས་འཆང་གི་གཟུགས་ཟླ་བའི་དཀྱིལ་འཁོར་ལ་གནས་པ་རང་གི་རིགས་ལས་གསུངས་པའི་ཁ་དོག་དང་། གཟི་མདངས་ཅན་གདུ་བུ་དང་། དབུ་རྒྱན་དང་། དཔུང་རྒྱན་ [45b.4]དང་། སྙན་ཆ་ལ་སོགས་པའི་རྒྱན་རྣམས་ཀྱིས་བརྒྱན་པའི་ལུས་སུ་བསྒོམ་པར་བྱ་བའི་སྙིང་པོའི་དོན་དང་རྗེས་སུ་མཐུན་པར་སེམས་ཤིང་ལག་པ་གཡས་པ་ན་ཇི་ལྟར་སྲིད་པར་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱའི་མཚན་མ་འཛིན་པས་བདག་གི་རིགས་ཀྱི་ང་རྒྱལ་ [45b.5]དུ་བྱས་པས་ཇི་སྲིད་ཟླ་བའི་དཀྱིལ་འཁོར་དང་། ཇི་ལྟར་བསམས་པའི་རྡོ་རྗེའི་ཕྱག་རྒྱ་ལ་སོགས་པ་རེག་པ་མྱོང་བ་སྔར་བྱས་ཏེ། མིག་ཕྱེ་ན་རིག་སྔགས་འཆང་གི་གཟུགས་སུ་བདག་ཉིད་ཇི་ལྟར་བསྒོམས་པར་མཉམ་པར་གཞག་པས་མཐོང་གི་བར་དུ་བསྒོམ་མོ། །དེ་ནས་ཟླ་བའི་ [45b.6]སྟེང་ན་འདུག་བཞིན་དུ་བདག་གི་ལུས་རྡོ་རྗེ་རིག་སྔགས་འཆང་དུ་སྣང་བ་སོར་གཅིག་དང་སོར་གཉིས་ལ་སོགས་པ་རིམ་གྱིས་གྱེན་དུ་འཕར་བར་བསྒོམ་ཞིང་ནམ་མཁའ་ལ་གནས་ནུས་པར་རྣམ་པར་བརྟག་གོ། །དེ་ནས་ནུབ་མོ་དཀྱིལ་འཁོར་ཆེན་པོ་ལ་སོགས་པའི་སྦྱོར་བས་དད་པའི་ [45b.7]ལྷ་ལ་མཆོད་པའི་ཆོ་ག་བྱས་ཏེ་ཏིང་ངེ་འཛིན་འདིས་གནས་ན། རང་གི་ལྷ་ཡེ་ཤེས་ཀྱི་སེམས་དཔའ་གཤེགས་ནས་ཇི་ལྟར་བསྒོམས་པའི་རིག་སྔགས་འཆང་གི་དངོས་གྲུབ་འགྲུབ་པའི་ཕྱིར་མཆོག་སྩོལ་ཏོ། །འདི་སྐད་དུ། ནམ་མཁའ་ལ་ནི་ཟླ་བའི་གཟུགས། །བྲིས་ནས་སྟེང་དུ་ [46a] [46a.1]འདུག་པར་བྱ། །ལག་པར་རྡོ་རྗེ་བསྒོམས་ནས་ནི། །རྡོ་རྗེ་རིག་སྔགས་འཆང་དུ་འགྱུར། །ཟླ་བའི་གཟུགས་ལ་གནས་ནས་སུ། །རྡོ་རྗེ་རིན་ཆེན་བསྒོམ་པར་བྱ། །བདག་ཉིད་དག་པ་ཅི་འདོད་པ། །དེ་ཙམ་དུ་ནི་མྱུར་དུ་འཕར། །ཟླ་བའི་གཟུགས་ལ་གནས་ [46a.2]ནས་སུ། །རྡོ་རྗེ་པདྨ་ལག་གནས་ནས། །རྡོ་རྗེ་སྤྱན་དུ་བསྒོམས་ན་ནི། །རིག་སྔགས་འཆང་གི་གོ་འཕང་འཐོབ། །ཟླ་བའི་དཀྱིལ་འཁོར་དབུས་གནས་ཏེ། །རྡོ་རྗེ་ལས་སུ་རབ་ཏུ་བསྒོམ། །རྡོ་རྗེ་སྣ་ཚོགས་འཛིན་ཀུན་གྱི། །རིག་སྔགས་འཆང་བར་མྱུར་དུ་འགྱུར། །ཞེས་ [46a.3]གསུངས་པའོ། །དེ་ནས་བསྒོམ་པའི་སྙིང་པོ་རྣམས་འབྱུང་སྟེ། བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། ཀརྨ་དྷ་ར། ད་ནི་རང་གི་ལྷའི་ང་རྒྱལ་དུ་གནས་པའི་རྣལ་འབྱོར་པ་ཏིང་ངེ་འཛིན་རྣམ་པ་བཞི་གོ་རིམས་བཞིན་དུ་བསྒོམས་པས་ནམ་མཁའ་ལ་འཕར་བ་དང་། ལྔ་མངོན་པར་ཤེས་པ་དང་། [46a.4]རྡོ་རྗེ་འཛིན་པ་དང་། སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་སྦྱོར་བ་རྣམས་བཤད་པར་བྱ་སྟེ། དེ་ལ་ཏིང་ངེ་འཛིན་དང་པོའི་རིམ་པ་ནི་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་མཆོད་པ་ལ་སོགས་པ་ཐམས་ཅད་དེ་བཞིན་དུ་བྱས་ནས། བཛྲ་བཛྲ། ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་ནམ་མཁའི་ཕྱོགས་ན་གནས་ [46a.5]པའི་རྡུལ་མང་པོའི་གཟུགས་རྡུལ་ཕྲ་རབ་གཅིག་དང་གཉིས་དང་གསུམ་གྱི་གོ་རིམས་ཀྱིས་སོ་སོ་ནས་རྡོ་རྗེ་རྒྱ་གྲམ་གྱི་གཟུགས་སུ་གྱུར་པ་རྣམས་འཕྲོ་བ་དང་འདུ་བའི་ཚུལ་གྱིས་རྡོ་རྗེའི་རི་ཐེམ་སྐས་ཀྱི་རིམ་པ་བཞིན་དུ་རྣམ་པར་ཕྱེ་བས་བརྒྱན་ཅིང་རབ་ཏུ་མཛེས་པའི་གནས་གཅིག་ཏུ་གྱུར་པར་ [46a.6]བསྒོམ་ཞིང་དེ་ཡང་རྐང་ལག་གིས་རེག་ཏུ་རུང་བར་གོམས་པར་བྱས་ཏེ། དེ་བཞིན་དུ་མཆོད་པའི་ཆོ་ག་བྱས་ལ། རྡོ་རྗེ་རྒྱ་གྲམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་ནུབ་གཅིག་ལ་གནས་པར་བྱའོ། །དེ་ནས་དེས་ཇི་ལྟར་འདོད་པའི་ནམ་མཁའི་ནང་ཁྱབ་པའི་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ [46a.7]བདག་གི་ལྷའི་རྣལ་འབྱོར་ལ་གནས་པ་ཉིད་དུ་རྣལ་འབྱོར་ཏིང་ངེ་འཛིན་མ་བཏང་བའི་བར་དུ་འོག་མིན་གྱི་གནས་སུ་ཡང་གོམ་པས་འཇོགས་ནུས་པར་འགྱུར་ཏེ། འདི་སྐད་དུ། ཐམས་ཅད་རྡོ་རྗེའི་ཏིང་འཛིན་དུ། ནམ་མཁའི་དབྱིངས་སུ་བསམས་ནས་ནི། །རྡོ་རྗེའི་བདག་ཉིད་ཅི་འདོད་པ། ། [46b] [46b.1]སྐད་ཅིག་གིས་ནི་དེ་ཙམ་འཕར། །ཞེས་གསུངས་སོ། །འདིར་ཡང་རྡོ་རྗེའི་བདག་ཉིད་ཅེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་གྱི་ཉེ་བའི་མཚན་ཉིད་དོ། །དེ་བཞིན་དུ་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་ཐམས་ཅད་བྱས་ཏེ་རང་གི་ལྷའི་རྣལ་འབྱོར་པ་ལ་གནས་པ་ཉིད་ཀྱིས། ཤུདྡྷ་ཤུདྡྷ། ཞེས་བྱ་བའི་ [46b.2]སྙིང་པོ་བརྗོད་ཅིང་རྣམ་པར་རྟོག་པའི་རབ་ཏུ་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟར་མཉམ་པ་ཉིད་དུ་དམིགས་པའི་མཚན་ཉིད་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཏིང་ངེ་འཛིན་ཐམས་ཅད་དག་པ་མངོན་དུ་བྱས་ནས་ལྷའི་མིག་ལ་སོགས་པ་ཇི་ལྟར་འདོད་པའི་ [46b.3]མངོན་པར་ཤེས་པའི་ཡུལ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རྗེས་སུ་དྲན་པར་བྱས་ནས། དེར་ཡིད་ཀྱི་རྣམ་པར་ཤེས་པས་བསྒོམ་པར་བྱ་བ་ནི་ཇི་སྲིད་ཏིང་ངེ་འཛིན་གྲུབ་པའི་མཚན་མ་བྱུང་ནས་མཉམ་པར་གཞག་པ་ཉིད་ཀྱིས་ཇི་ལྟར་འདོད་པའི་གཟུགས་ཡུལ་གཞན་ལ་སོགས་པ་ན་ [46b.4]གནས་པ་ཡང་མངོན་སུམ་དུ་མཐོང་བར་གྱུར་གྱི་བར་དུ་བསྒོམ་མོ། །དེ་བཞིན་དུ་ནུབ་གཅིག་མཉམ་པར་བཞག་ནས་ལྷའི་མིག་ལ་སོགས་པའི་སྦྱོར་བ་བྱའོ། །ཇི་སྐད་དུ། ཐམས་ཅད་དག་པའི་ཏིང་འཛིན་མཆོག །དེ་བཞིན་དུ་ནི་བསྒོམ་བྱས་ན། །ཡེ་ཤེས་བསྒྲུབ་པའི་མངོན་ [46b.5]ཤེས་ལྔ། །མྱུར་དུ་རབ་ཏུ་འཐོབ་པར་འགྱུར། །ཞེས་གསུངས་སོ། །མངོན་པར་ཤེས་པ་ཡང་ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་རྐང་པ་སྟེ། ཕྱག་རྒྱ་ཆེན་པོ་བསྒོམས་པའི་མཐུ་བསྟན་པའི་ [46b.6]སྐབས་སུ་ཕྱིས་བསྟན་པར་བྱའོ། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ནི་དེ་བཞིན་དུ་ཐམས་ཅད་བྱས་ནས། སཏྭ་སཏྭ། ཞེས་བྱ་བའི་སྙིང་པོ་ཡིད་ལ་བརྗོད་ཅིང་ཇི་སྐད་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་གཟུགས་རྣམས་ཀྱིས་ནམ་མཁའི་ནང་མཐའ་དག་གང་བར་མཚན་ [46b.7]མ་བྱུང་གི་བར་དུ་བསྒོམ་མོ། །དེ་ནས་དེ་བཞིན་དུ་མཉམ་པར་གཞག་པ་ཉིད་ཀྱིས་མིག་ཕྱེ་ན་ཇི་ལྟར་བསམས་པའི་རྡོ་རྗེ་སེམས་དཔའི་གཟུགས་མང་པོ་རྣམས་རབ་ཏུ་གསལ་བར་མཐོང་བར་བྱའོ། །དེ་ནས་དེ་བཞིན་དུ་མཚན་གཅིག་མཉམ་པར་བཞག་ནས་ཕྱིས་ཇི་ལྟར་འདོད་པར་ཏིང་ངེ་ [47a] [47a.1]འཛིན་མངོན་ཏུ་བྱས་པས་ནམ་མཁའི་ནང་རྡོ་རྗེ་སེམས་དཔས་གང་བར་བདག་གིས་མཐོང་ཞིང་གཞན་ལ་ཡང་དེ་བཞིན་དུ་བསྟན་དུ་རུང་བར་བྱ་བ་ནི་རྡོ་རྗེ་འཛིན་གྱི་གོ་འཕང་འཐོབ་པར་འགྱུར་གྱི་བར་དུ་གོམས་པར་བྱའོ། །དེ་བཞིན་དུ་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་ཐམས་ཅད་བྱས་ལ། [47a.2]བུདྡྷ་བུདྡྷ། ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་ནམ་མཁའི་ནང་སངས་རྒྱས་ཀྱི་སྐུས་གང་བར་བསམས་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །ཏིང་ངེ་འཛིན་དེ་གཉི་ག་ཡང་རྒྱུད་ལས། ནམ་མཁའི་དབྱིངས་ནི་ཐམས་ཅད་དུ། །རྡོ་རྗེ་སེམས་དཔས་རྒྱས་པར་བྱ། །དྲན་པ་བརྟན་ལྡན་མྱུར་བར་ནི། །བདག་ [47a.3]ཉིད་རྡོ་རྗེ་འཛིན་པར་འགྱུར། །ནམ་མཁའི་དབྱིངས་ནི་ཐམས་ཅད་དུ། །སངས་རྒྱས་གཟུགས་རྣམས་བསམ་པ་ནི། །སངས་རྒྱས་ཀུན་གྱི་ཏིང་འཛིན་ཏེ། །སངས་རྒྱས་ཉིད་དུ་དེ་འགྱུར་རོ། །ཞེས་གསུངས་སོ། །ད་ནི་དབང་དུ་བྱ་བ་དང་། དབབ་པ་དང་། གཞིག་པ་དང་། སྡུག་ [47a.4]བསྔལ་ཐམས་ཅད་སེལ་བའི་མཚན་ཉིད་ཀྱི་སྦྱོར་བ་བཞི་བསྒོམ་པ་གོམས་པར་བྱ་བ་གང་གསུངས་པ་དེ་བཤད་པར་བྱའོ། །སྦྱོར་བ་འདི་བཞིའི་ཆོ་ག་ཡང་བསྒྲུབ་པར་བྱ་བ་སྐྱེས་པ་དང་། བུད་མེད་གང་ཡང་རུང་བའི་ལུས་ཀྱི་བུ་ག་ནས་འཇུག་པ་སྔར་བྱས་ལ། ཡིད་ཀྱིས་ཁྱབ་པར་བྱ་བའི་ [47a.5]སྦྱོར་བ་སྟེ། ཇི་སྐད་དུ། སྐྱེས་པའམ་བུད་མེད་དག་གི་ནི། །བུ་ག་ནས་ནི་ལུས་གཞུག་གོ། །ཞུགས་ནས་དེ་ལུས་ཐམས་ཅད་ནི། །ཡིད་ཀྱིས་ཀུན་དུ་ཁྱབ་པར་བྱ། །ཞེས་གསུངས་སོ། །ཁྱད་པར་དུ་ཡང་དབང་དུ་བྱ་བ་ལ་ནི། མཆོད་པ་ལ་སོགས་པ་སྔར་བཤད་པ་རྡོ་རྗེ་ཕྲ་མོའི་ [47a.6]ཏིང་ངེ་འཛིན་གྱི་བར་དུ་ཐམས་ཅད་བྱས་ལ་རང་གི་ལྷ་རྗེས་སུ་དྲན་པ་སྔར་བྱས་ཏེ། དེ་བཞིན་དུ་རྡོ་རྗེ་དབབ་པ་སྔར་བྱས་ལ། བཛྲ་པཱ་ཤ། ཞེས་བྱ་བའི་སྙིང་པོ་འདིའི་རྗེས་སུ་དྲན་པར་བྱེད་ཅིང་། ཐོག་མར་རེ་ཞིག་གོམས་པར་བྱ་བའི་ཕྱིར་རྡོ་རྗེའི་ཐལ་མོ་བཅིངས་ལ་སའམ་ཤིང་དམ་རྡོ་ལ་སོགས་ [47a.7]པ་ལ་གཟུགས་བརྙན་བྱས་པ་མདུན་དུ་བཞག་སྟེ། ཡིད་ཀྱིས་དེའི་བུ་ག་ནས་ཞུགས་ལ་དེའི་ལུས་ཀྱི་ནང་མ་ལུས་པར་བདག་གི་ལུས་ཀྱིས་ཁྱབ་པར་བྱས་ཏེ། རྡོ་རྗེའི་ཐལ་མོའི་མཐིལ་ཕྱེ་ལ་ཅི་ནས་ཀྱང་མཉམ་པར་གཞག་པ་མཉམ་པར་བཞག་ནས་བརྡབ་བོ། །དེ་ནས་དབུགས་སླར་ [47b] [47b.1]བསྡུ་བའི་ཚུལ་གྱིས་ཡང་སླར་བསྡུས་ཏེ་བདག་གི་ལྷ་དང་མི་གཉིས་པའི་རྗེས་སུ་དྲན་པར་བྱས་ལ་དེ་བཞིན་དུ་ཡང་ཞུགས་ཏེ། དེ་ཉིད་ཀྱི་ཚུལ་དུ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་རྗེས་སུ་དྲན་པ་ལ་སོགས་པ་སྔ་མ་བཞིན་དུ་བྱའོ། །དེ་ལྟར་རིམ་པ་དེ་དུས་བཞིར་ཏིང་ངེ་འཛིན་དབང་དུ་གྱུར་ཅིང་ཏིང་ངེ་ [47b.2]འཛིན་གྱི་མཚན་མ་བྱུང་གི་བར་དུ་བསྒོམ་སྟེ་དེ་བཞིན་དུ་ནུབ་གཅིག་གོམས་པར་བྱའོ། །དེ་ནས་སྐྱེས་པའམ་བུད་མེད་གང་དབང་དུ་བྱ་བར་འདོད་པའི་ཡིད་ལ་མདུན་དུ་འདུག་པར་བལྟས་ཏེ། བདག་ཀྱང་རྡོ་རྗེ་དབབ་པས་སྔར་བསམ་པར་བྱས་ལ་དབང་དུ་བྱ་བའི་སྙིང་པོ་ཡང་དེ་བཞིན་དུ་ཟློས་ [47b.3]ཤིང་བུ་ག་ནས་འཇུག་པ་ལ་སོགས་པའི་ལས་སྔ་མ་བཞིན་བྱས་ན་རིང་པོར་མི་ཐོགས་པར་དབང་དུ་འགྱུར་རོ་ཞེས་དབང་དུ་བྱ་བའི་སྦྱོར་བ་འདི་སློབ་དཔོན་དག་གིས་བཤད་དོ། །འདི་སྐད་དུ། རྡོ་རྗེ་དབབ་པ་ཀུན་བསྐྱེད་ནས། མཉམ་པར་གཞག་པས་ཐལ་མོ་བརྡབ། རྡོ་རྗེ་ཐལ་མོ་དལ་བརྡབས་ [47b.4]པས། རི་ཡང་དབང་དུ་བྱས་པར་འགྱུར། ཞེས་གསུངས་སོ། །དབབ་པ་ལ་སོགས་པ་སྦྱོར་བ་འོག་ནས་འབྱུང་བ་གསུམ་ལ་ཡང་འདི་དག་ཀུན་མཚུངས་ཏེ། ཁྱད་པར་དུ་ནི་དབབ་པའི་སྦྱོར་བ་ལ། བཛྲ་ཨཱ་བེེ་ཤ །ཞེས་བྱ་བའི་སྙིང་པོ་འདི་བརྗོད་ཅིང་རྡོ་རྗེ་བཅིངས་པའི་མཐིལ་བརྡབ་བོ། ། [47b.5]འདི་སྐད་དུ། རྡོ་རྗེ་དབབ་པའི་ཆོ་ག་སྦྱར། །རྡོ་རྗེ་བཅིངས་པའི་མཐིལ་གྱིས་བརྡབ། །ཐལ་མོ་དལ་བའི་སྦྱོར་བ་ཡིས། །རི་ཡང་ཀུན་དུ་དབབ་པར་འགྱུར། །ཞེས་གསུངས་སོ། །གཞིག་པའི་སྦྱོར་བའི་ཁྱད་པར་ནི། བཛྲ་ཧ་ན། ཞེས་བྱ་བ་བསྒོམ་པའི་སྙིང་པོ་ཟློས་ཤིང་རྡོ་རྗེ་བཅིངས་ [47b.6]པ་བརྐྱང་པའི་སོར་མོ་རྣམས་དྲག་ཏུ་དགྲོལ་ལོ། །འདི་སྐད་དུ། དེ་བཞིན་དབབ་པའི་ཆོ་ག་ཡིས། །རྡོ་རྗེ་བཅིངས་པ་བརྐྱང་ནས་ནི། །སོར་མོའི་རྩེ་མོ་མཉམ་བརྡབ་ན། །རི་བརྒྱ་ཡུད་ཀྱིས་བརླག་པར་འགྱུར། །སྡུག་བསྔལ་ཐམས་ཅད་བསལ་བའི་ཁྱད་པར་ནི། བཛྲ་ཧ་ར། ཞེས་བྱ་བ་ [47b.7]བསྒོམ་པའི་སྙིང་པོ་བརྗོད་ཅིང་། རྡོ་རྗེ་བཅིངས་པ་དགྲོལ་པ་སྟེ། ཇི་སྐད་དུ། དལ་བུས་བརྡབ་པའི་ཆོ་ག་སྦྱར། །མཉམ་པར་གཞག་པའི་སོར་མོ་ཀུན། །རྡོ་རྗེ་བཅིངས་པ་བཀྲོལ་བ་ནི། །སྡུག་བསྔལ་ཐམས་ཅད་སེལ་བའི་མཆོག །ཅེས་གསུངས་སོ། །དེ་བཞིན་གཤེགས་ [48a] [48a.1]པའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པའི་ཏིང་ངེ་འཛིན་གྱི་དངོས་གྲུབ་རྣམས་བཤད་ཟིན་ཏོ།། །།ད་ནི་དེ་བཞིན་གཤེགས་པ་རྣམས་དང་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་པ་ལས་བྱུང་བ་དེ་བཞིན་གཤེགས་པ་ལ་སོགས་པའི་ [48a.2]སྐུར་བསྒྲུབ་པ་ལ་སོགས་པའི་དངོས་གྲུབ་རྣམས་བཤད་པར་བྱའོ། །འདིར་ཡང་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་རང་གི་ལྷའི་དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་དང་ལྡན་པའི་རྣལ་འབྱོར་རྡོ་རྗེ་ཕྲ་མོ་ [48a.3]བསྒོམ་པ་དང་བཅས་པར་དེ་བཞིན་དུ་བྱའོ། །ཁྱད་པར་དུ་ནི་རྡོ་རྗེ་ཕྲ་མོ་བསྒོམས་པའི་འོག་ཏུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པའི་རྣལ་འབྱོར་པ་བདེ་བ་དང་ཡིད་བདེ་བ་ལ་གནས་ཀྱང་བྱམས་པ་ལ་སོགས་པ་སྔ་ནས་བསྒོམས་པའི་རང་གིས་ལྷུན་གྱིས་གྲུབ་པ་ཉིད་དུ་སེམས་ཅན་གྱི་ [48a.4]དོན་བྱ་བའི་ཕྱིར་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་རིམ་པས་བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེའི་འོག་ཏུ་རང་གི་ལྷའི་རྒྱུའི་གནས་སྐབས་ཀྱི་བྱང་ཆུབ་ཀྱི་སེམས་བསྡུས་པར་གྱུར་པ་ཟླ་བའི་དཀྱིལ་འཁོར་ལ་གོམས་པར་བྱའོ། །དེ་ནས་རང་གི་ལྷ་ཉིད་ [48a.5]ཀྱིས་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕྱག་རྒྱར་གྱུར་པ་ཇི་ལྟར་རིགས་པར་རྡོ་རྗེ་དང་། ལྕགས་ཀྱུ་དང་། མདའ་དང་། དགའ་བ་ལ་སོགས་པའི་མཚན་ཉིད་དམ་ཚིག་གི་ཕྱག་རྒྱ་རྣམས་གོམས་པར་བྱའོ། །དེའི་འོག་ཏུ་དེའི་འོད་ཟེར་མང་པོ་འཕྲོ་བ་དང་འདུ་བའི་ཚུལ་གྱིས་ཇི་ལྟར་སྲིད་པར་ [48a.6]བདག་དང་མི་གཉིས་པར་གྱུར་པའམ། ཕྱི་རོལ་ན་གནས་པའི་རང་གི་ལྷའི་གཟུགས་སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབུ་བརྒྱན་པ། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱར་ལྡན་པ་ཟླ་བའི་དཀྱིལ་འཁོར་གྱི་གདན་དང་རྒྱབ་རྟེན་ཅན་བསྒོམ་པར་བྱའོ། །དེ་ལྟར་རང་གི་ལྷར་བསྒྲུབ་པའི་ [48a.7]ཡན་ལག་རྣམས་རེ་རེ་ནས་རིམ་གྱིས་བསྒོམས་པས་རབ་ཏུ་གསལ་བར་བྱ་བ་སྔགས་ཀྱི་རྒྱུད་དང་མཐུན་པར་རྒྱ་ཆེར་གོམས་པར་བྱས་ནས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་ཕྱིར་རྣལ་འབྱོར་པས་ནན་ཏན་དང་ལྡན་པར་བྱའོ། །འཇུག་པའི་རིམ་པ་འདི་དག་ཐམས་ཅད་ཀྱང་། [48b] [48b.1]སྔགས་ཀྱི་རྒྱུད་འདི་ཉིད་ལས་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དུ་ལྟག་འོག་བསྣོར་བ་དང་མ་བསྣོར་བའི་རིམ་པས་གསལ་བར་བསྟན་ཏེ། རང་གི་སེམས་ཡོངས་སུ་སྦྱང་བའི་ཕྱིར། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་བསླབ་པོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང་། [48b.2]སྔར་བཤད་པའི་རྡོ་རྗེ་ཕྲ་མོ་བསྒོམ་པའི་རིམ་པ་བསྟན་ནས་ཐ་མར་ཡང་། སེམས་ཅན་གང་ལ་བྱམས་པ་ནི། །ལྷན་ཅིག་གྱུར་པ་ཤིན་ཏུ་བརྟན། །སེམས་ཀྱིས་ཁྱབ་པའི་སྦྱོར་བ་ཡིས། །སེམས་ཅན་ཀུན་ལ་དེས་ཁྱབ་བྱ། །བྱམས་པས་ཁྱབ་པའི་ཚུལ་གྱིས་ནི། །གང་ལ་ཡང་ནི་སྙིང་རྗེ་བ། ། [48b.3]སེམས་ཅན་དོན་ཀུན་ལྡན་པ་ཡི། །ནན་ཏན་གྱིས་ནི་ཁྱབ་པར་བྱ། །ཐམས་ཅད་རང་བཞིན་འོད་གསལ་ཏེ། །ཆོས་དང་ཡང་དག་ཆོས་མིན་པ། །དང་པོ་ནས་ནི་མཁའ་བཞིན་དག །ཁྱབ་པའི་ངོ་བོས་མགུ་བར་འགྱུར། །དམུ་རྒོད་བཞིན་དུ་བཅོས་དཀའ་ལ། །སངས་རྒྱས་བྱང་ཆུབ་ [48b.4]སྣོད་མིན་པ། །དེ་རྣམས་བྱང་ཆུབ་ཐོབ་པའི་ཕྱིར། །བཏང་སྙོམས་ཆེན་པོ་བསྒོམ་པར་བྱ། །ཞེས་གསུངས་སོ། །དེ་ལ་སྙིང་པོ་ནི་འདི་རྣམས་ཡིན་ནོ། །མ་ཧཱ་མེ་ཏྲི་སྤ་ར། མ་ཧཱ་ཀུ་རུ་ཎཱ་ཡ་སྥ་ར། སརྦ་ཤུདྡྷ་པྲ་མོ་དྷ་སྥ་ར། སརྦ་སཏྭཱ་ན་ས་མ་ཤོ་དྷ་ཡ། །དེ་ནས་དེ་བཞིན་གཤེགས་ [48b.5]པ་ཐམས་ཅད་རྗེས་སུ་དྲན་པ་ལ་སོགས་པའི་ཡེ་ཤེས་བསླབ་པར་བྱ་སྟེ། ནམ་མཁའ་ཡང་ན་ཕྱོགས་གཞན་དུ། །རྡོ་རྗེ་ཕྲ་མོའི་སྦྱོར་བ་ཡིས། །ལངས་སམ་ཡང་ན་འདུག་ཀྱང་རུང་། །རྡོ་རྗེའི་གཟུགས་ནི་བསྒོམ་པར་བྱ། །དེ་བཞིན་གནས་རྣམས་ཐམས་ཅད་དུ། །ཕྲ་མོའི་རྣལ་ [48b.6]འབྱོར་རབ་སྦྱོར་བས། །སྙིང་གར་རྡོ་རྗེ་བྱང་ཆུབ་སེམས། །ཤིན་ཏུ་མཉམ་པར་གཞག་པས་བསྒོམ། །ཕྱག་ན་རྡོ་རྗེ་སྐུ་ཆེན་པོ། །གནས་རྣམས་ཀུན་དུ་བསྒོམ་པ་ནི། །རྡོ་རྗེ་ཕྲ་མོའི་སྦྱོར་བ་ཡིས། །ཇི་ལྟ་བ་ཡི་གོ་རིམས་བཞིན། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཐམས་ [48b.7]ཅད་དུ་ནི་སངས་རྒྱས་སྐུ། །ཇི་ལྟ་བ་ཡི་གོ་རིམས་བཞིན། །ཤིན་ཏུ་མཉམ་པར་གཞག་པས་བསྒོམ། །ཞེས་བྱའོ། །དེ་ལ་སྙིང་པོ་ནི་འདི་རྣམས་ཡིན་ནོ། །བཛྲ་ཨཱ་མུ་ཁཱི་བྷ་བ། མ་ཧཱ་བོ་དྷི་སཏྭ་ཨ་བྷི་ཤ། བཛྲ་པཱ་ཎི་ད་རི་ཤ་ཡ་སྭ་རུ་བཾ། བུདྡྷ་ཨ་ནུ་མྲི་ཏྱ་ཨ་བི་ཤ། རྡོ་རྗེ་ཕྲ་མོའི་སྦྱོར་བ་ [49a] [49a.1]བ་ཡིས། །བདག་ཉིད་ཟླ་བའི་དཀྱིལ་འཁོར་དུ། །བདག་ཉིད་བསྒོམ་པར་བྱ་བ་ནི། །བྱང་ཆུབ་སེམས་ནི་བསྒོམ་པའོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་ཀྱིས་ནི་བསྒོམ་པར་བྱ། །བདག་ཉིད་རྡོ་རྗེའི་གཟུགས་སུ་སྟེ། །སེམས་དཔའི་རྡོ་རྗེ་རབ་ [49a.2]བསྒོམ་པའོ། །རྡོ་རྗེ་ཕྲ་མོའི་ཆོ་ག་སྦྱར། །བདག་ཉིད་ཀྱིས་སུ་བསྒོམ་པ་ནི། །སེམས་དཔའ་རྡོ་རྗེ་སྙིང་པོར་བསམ། །རྡོ་རྗེ་སེམས་དཔར་བསྒོམ་པའོ། །རྣམ་པ་ཐམས་ཅད་མཆོག་ལྡན་པར། །བདག་ཉིད་ཀྱིས་ནི་བསྒོམ་པར་བྱ། །སངས་རྒྱས་གཟུགས་སུ་བདག་ཉིད་ [49a.3]ནི། །སངས་རྒྱས་བྱང་ཆུབ་བསྒོམ་པའོ། །ཞེས་བྱ་བ་སྟེ། དེ་ལ་སྙིང་པོ་རྣམས་ནི་འདི་རྣམས་ཡིན་ནོ། །ས་མཱནྟ་བྷ་དྲ་ཨཱ་བི་ཤ །སཏྭ་བཛྲ་ཨཱ་བི་ཤ །བཛྲ་སཏྭ་ས་མ་དྷི། ཛྙཱ་ན་ཨཱ་བི་ཤ །ཏ་ཐཱ་ག་ཏོ་ཧཾ། དེ་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་ [49a.4]ཕྱིར་རང་གི་སེམས་སྦྱང་བ་ལེགས་པར་བྱས་ནས་དེའི་དོན་ལ་ནན་ཏན་བྱའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་རིམ་པ་ནི་རེ་ཞིག་དང་པོར་སྔ་མ་བཞིན་དུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ཏེ་དཀྲོལ་ལ་སྙིང་པོ་འདིས་དེ་བཞིན་ [49a.5]གཤེགས་པའི་ཡེ་ཤེས་ཀྱི་སེམས་དཔའ་དབབ་པར་བྱའོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་དྷཱ་ཏུ་ཨ། དེ་ནས་བདག་དམ་ཚིག་སེམས་དཔའི་རྣལ་འབྱོར་ཇི་ལྟར་བྱས་པ་མངོན་དུ་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལོངས་སྤྱོད་རྫོགས་པའམ། སྤྲུལ་པའི་སྐུ་ནམ་ [49a.6]མཁའི་ནང་ཏིལ་གྱི་འབྲུ་བཞིན་དུ་གང་བར་བསམས་ལ། དེ་བཞིན་གཤེགས་པའི་སྐུ་དེ་རྣམས་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱས་དྲངས་ཏེ། རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱས་བཅིངས་ནས། ལུས་ཐམས་ཅད་ཀྱི་དབུགས་སླར་བསྡུ་བའི་ཚུལ་གྱིས་རང་གི་ལུས་ཀྱི་ [49a.7]ཡན་ལག་གི་བ་སྤུའི་བུ་ག་ཐམས་ཅད་ནས་བཙུད་ལ། རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་སྙིང་པོ་བརྗོད་ཅིང་ཆུ་དང་འོ་མ་ལྷན་ཅིག་ཏུ་འདྲེས་པ་ལྟར་མོས་པར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བཅིངས་ཏེ། དེའི་སྙིང་པོ་བརྗོད་ཅིང་ཐལ་མོ་མཉམ་པར་བརྡབ་ [49b] [49b.1]པས་མཉེས་པར་བྱའོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་ཏུ་ཥྱ་ཧོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞི་ཡང་སྙིང་པོ་དང་བཅས་པས་མཆོད་པའི་ཕྱག་རྒྱའི་སྐབས་སུ་གསུངས་སོ། །ཡང་ན་སེམས་མཉམ་པར་གཞག་པ་མི་ཉམས་པར་བྱ་བའི་ [49b.2]ཕྱིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་བཅིངས་པ་ཉིད་དུ་དེའི་སྙིང་པོ། ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་མཚན་ཉིད་ཡིད་ཀྱིས་བརྗོད་ལ། ཇི་ལྟར་བསམས་པའི་དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་དྲང་བ་ལ་སོགས་པའི་རིམ་པ་འདི་དག་ཐམས་ཅད་བྱའོ། ། [49b.3]དེའི་དོན་ཡང་ཛཿཧཱུཾ་བཾ་ཧོཿཞེས་སྨྲ་ཞིང་། སངས་རྒྱས་ཐམས་ཅད་ལུས་ལ་གཟུད། །ཡིད་ལ་ལེགས་པའི་ཚུལ་གྱིས་སུ། །སྒྲུབ་པ་ཆེན་པོ་གཞན་ཡིན་ནོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བཤད་ཟིན་ཏོ། །དེ་ལ་འདི་ནི་དེ་ [49b.4]བཞིན་གཤེགས་པའི་རིགས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པ་སྟེ། སྔར་གསུངས་པའི་རིམ་གྱིས་སེམས་མ་རྡོ་རྗེའི་ཕྱག་རྒྱས་དྲལ་བ་སྔར་བྱས་ཏེ། ཡེ་ཤེས་སེམས་དཔའ་དབབ་པའི་སྙིང་པོ་བརྗོད་དོ། །དེ་ལ་སྙིང་ [49b.5]པོ་ནི་འདིའོ། །ཨོཾ་བཛྲ་སཏྭ་ཨ། ཨོཾ་བཛྲ་རཱ་ཛ་ཨ་ཞེས་བྱ་བ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་གང་རང་གི་ལུས་ལ་གཞུག་པར་འདོད་པ་དེའི་མཚན་བརྗོད་ཅིང་དབབ་པའི་སྙིང་པོ་བརྗོད་པར་བྱའོ། །དེ་ལྟར་དེ་མ་ཐག་ཏུ་འོག་ནས་འཆད་པའི་སེམས་དཔའ་ཆེན་པོ་རྗེས་སུ་དྲན་ [49b.6]པའི་སྙིང་པོའི་སྦྱོར་བ་ཡང་འདི་ཉིད་དོ། །དེ་ནས་སེམས་དཔའ་ཆེན་པོ་རྗེས་སུ་དྲན་པའི་སྙིང་པོའོ། །བཛྲ་སཏྭ་དྲྀ་ཤྱ། ཞེས་བྱ་བ་བརྗོད་དོ། །ཟླ་བའི་དཀྱིལ་འཁོར་ལ་གནས་ཤིང་། ཟླ་བའི་དཀྱིལ་འཁོར་གྱིས་རྒྱབ་རྟེན་བྱས་པ་རྣམ་པར་དག་པའི་ཟླ་བའི་འོད་འཕྲོ་བ་གསལ་བ་རང་ [49b.7]གི་སྐུ་ཟླ་བའི་འོད་ཀྱིས་མཐའ་ཡས་པའི་ཕྱོགས་ཀྱི་དཀྱིལ་འཁོར་སྣང་བས་ཁྱབ་པ། ཕྱི་རོལ་གྱི་མཆོད་པའི་ཆོ་ག་ལས་གསུངས་པའི་རིགས་དང་རྗེས་སུ་མཐུན་པས་ཁ་དོག་གི་བྱེ་བྲག་དཀར་པོ་དང་སྔོན་པོ་དང་དམར་པོ་དང་སེར་པོ་ལ་སོགས་པའི་ཁ་དོག་དང་མདངས་དང་གཟི་བརྗིད་ཅན་ [50a] [50a.1]ནམ། འདུལ་བའི་འགྲོ་བ་མངོན་པར་དགའ་བའི་ཁ་དོག་གི་སྐབས་རྙེད་པའི་སྐུའི་མདངས་འགྲོ་བ་མཐའ་དག་གི་ཡིད་དུ་འོང་བ་དེ་བཞིན་གཤེགས་པའི་རིན་པོ་ཆེ་ལས་བྱས་པའི་དབུ་རྒྱན་གྱི་འོད་ཀྱིས་སྟེང་གི་ཕྱོགས་རྣམ་པར་བརྒྱན་པ། ཕྱག་པདྨ་གཉིས་ཇི་སྐད་ [50a.2]གསུངས་པའི་རང་གི་ལས་ཀྱི་ཕྱག་རྒྱ་མཛད་པ། ཞབས་པདྨ་གཡས་པའི་རྩེ་མོ་བརླ་གོང་གཡོན་པར་བཞག་པ། ཞལ་པདྨ་འདབ་མ་རྒྱས་པ་ལྟར་འཛུམ་པ་རབ་ཏུ་དགྱེས་པའི་སྤྱན་ཨུཏྤལ་རྒྱས་པའི་མདངས་ཀྱིས་གདུལ་བའི་འགྲོ་བ་ལ་རྗེས་སུ་ཆགས་པའི་ཚུལ་བསྟན་པ། ལས་ཀྱི་ [50a.3]ཕྱག་རྒྱའི་ཚུལ་བསྟན་པས་ཇི་ལྟར་དགོངས་པའི་ངོ་བོ་ཉིད་སྟོན་པ་ལ་མཁས་པ་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་མང་པོའི་གཏེར་ཇི་ལྟར་འདོད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཉེས་པར་བྱ་བ་ཡེ་ཤེས་སེམས་དཔའ་སྲོག་དང་བཅས་པ་ལྟ་བུར་མདུན་དུ་མངོན་སུམ་བཞིན་ [50a.4]བརྟགས་ཏེ། རབ་ཏུ་དགའ་བ་དང་བཅས་ཤིང་རྗེས་སུ་ཆགས་པས་ཤིན་ཏུ་ཡུན་རིང་དུ་བསམ་གཏན་གྱི་རབ་ཏུ་གསལ་བར་སྣང་བར་བྱ་སྟེ། ཀུན་དུ་ཞེན་པས་རབ་ཏུ་དགའ་བའི་མིག་གདངས་པའི་མཚན་ཉིད་རྡོ་རྗེ་ལྟ་བས་བརྟག་ཅིང་རང་གི་ལྷའི་རྣལ་འབྱོར་དང་མི་གཉིས་པར་གྱུར་པའི་ [50a.5]རང་གི་ལུས་ལ་གཞུག་གོ། །དེ་ལ་འདི་ནི་ཇི་ལྟར་བསམས་པའི་ཡེ་ཤེས་ཀྱི་སེམས་དཔའ་རང་གི་ལུས་ལ་བསྒོམ་པའི་རིམ་པ་བཤད་པའོ། །དང་པོར་རེ་ཞིག་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་ལྷའི་རྣལ་འབྱོར་ཇི་ལྟར་བྱས་པ་རྗེས་སུ་དྲན་པར་བྱས་ནས། །རང་གི་སྣའི་བུ་ག་ལ་ [50a.6]སོགས་པ་བ་སྤུའི་བུ་ག་ཐམས་ཅད་ནས་བྱུང་བ་ཡིད་དང་བཅས་པའི་རླུང་སླར་བསྡུ་བའི་ཚུལ་གྱིས་སྣའི་ཐོར་ཏོའི་བར་དུ་དབུགས་དབྱུང་ཞིང་རྔུབ་པ་རྣམས་ཀྱི་རྒྱུ་བ་བརྟགས་ནས་སྡུག་བསྔལ་གསུམ་གྱི་མེ་འབར་བས་ཁེབས་པའི་འགྲོ་བ་མགོན་མེད་པ་མཐའ་དག་ལ་བརྟགས་ཏེ་རང་གི་ [50a.7]སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་སྣ་ཚོགས་རྡོ་རྗེ་བསམས་པའི་དེ་མ་ཐག་ཏུ་སྙིང་རྗེ་ཆེན་པོའི་མཚན་ཉིད་རྡོ་རྗེ་ལྕགས་ཀྱུ་སྔར་གསུངས་པའི་ལས་ཀྱི་ཕྱག་རྒྱ་ལྕགས་ཀྱུས་དྲངས་པའི་ཚུལ་གྱིས་ཇི་ལྟར་འདོད་པའི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སེམས་དཔའ་གཙོ་བོ་དེ་རང་གི་ལུས་ [50b] [50b.1]ལ་རེག་པའི་སྤྱོད་ཡུལ་དུ་གྱུར་པར་བསམས་ལ། དེ་བཞིན་དུ་དབུགས་སླར་བསྡུ་བའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་མཚན་ཉིད་རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱ་སྔར་གསུངས་པས་དྲངས་ཏེ་མར་སར་བྱེ་མའི་ནང་དུ་ཞུགས་པ་བཞིན་དུ་རང་གི་སྙིང་གར་གཞུག་པར་བྱའོ། ། [50b.2]དེའི་འོག་ཏུ་ཇི་སྲིད་འདོད་པའི་དུས་སུ་སྒྲུབ་པ་པོའི་ལུས་ལ་གནས་པ་ལ་སོགས་པ་སྟོན་པའི་བཀའི་མཚན་ཉིད་རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱ་སྔར་གསུངས་པ་བཅིངས་ཏེ། རང་གི་ལུས་ཀྱི་ནང་དུ་ལྟ་བའི་ཏིང་ངེ་འཛིན་གྱི་བཅིང་བས་རབ་ཏུ་བཅིང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་འདི་ [50b.3]ལྟར་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་ཆོས་ཉིད་དང་། དོན་དམ་པར་ཐ་མི་དད་པར་དེ་བཞིན་དུ་བདག་ཀྱང་ཐ་མི་དད་ན་གློ་བུར་གྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་རྣམ་པར་རྟོག་པ་དོན་དམ་པར་རང་བཞིན་ཡོད་པ་མ་ཡིན་པ་རྣམས་ཀྱིས་དྲི་མ་ཅན་དུ་བྱས་སོ་སྙམ་དུ་དེ་ལྟར་ [50b.4]རྗེས་སུ་དྲན་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱིན་གྱིས་རླབས་སུ་གྱུར་པ་རྡོ་རྗེ་དྲིལ་བུའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ་དེའི་སྙིང་པོ་བརྗོད་ཅིང་བསྐུལ་ལ་བཅོམ་ལྡན་འདས་ཀྱི་རང་གི་ངོ་བོ་ཉིད་མཉེས་པར་བྱའོ། །ཡང་ན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམས་མ་ [50b.5]བཅིངས་པར་དེ་རྣམས་ཀྱི་སྙིང་པོ་ཉིད་ཀྱིས་བཀུག་པ་ལ་སོགས་པ་དེ་དག་ཐམས་ཅད་བྱའོ། །དེ་ནས་རང་གི་ལྷ་ཡེ་ཤེས་སེམས་དཔའ་སྔར་བཤད་པ་དེ་བཞིན་གཤེགས་པ་ལྔའི་མཚན་ཉིད་དམ། རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་ཆེན་པོའི་མཚན་ཉིད་རང་གི་ལུས་ཀྱི་ [50b.6]ནང་དུ་ཞུགས་པ་ཇི་ལྟར་རིགས་པར་རབ་ཏུ་བསྒོམ་པ་སྟེ་རབ་ཏུ་གསང་བའི་མཆོད་པ་རྣམ་པ་བཞིའི་ཏིང་ངེ་འཛིན་མངོན་དུ་བྱས་པས་རྣམ་པ་ཐམས་ཅད་དུ་བདག་དང་མི་གཉིས་པར་གྱུར་པ་རབ་ཏུ་བསྒོམས་ལ། དེ་ཉིད་བདག་གོ་སྙམ་པར་དབྱེར་མེད་པའི་ང་རྒྱལ་གྱིས་དེའི་གཟུགས་སུ་མོས་ [50b.7]པར་བྱའོ། །དེ་ལ་རབ་ཏུ་གསང་བའི་མཆོད་པ་རྣམ་པ་བཞི་ནི་འདིའོ། །དང་པོར་རེ་ཞིག་རྣལ་འབྱོར་པས་སྔར་གསུངས་པའི་རིམ་པས། དབང་པོ་དང་བཅས་པའི་སེམས་མི་བརྟན་པ་ནང་དུ་བཀག་ལ། ཨོཾ་རཏི་བཛྲ་ཞེས་བྱ་བའི་སྙིང་པོ་བརྗོད་པས་རང་གི་ལུས་ཀྱི་ནང་ན་གནས་པའི་ [51a] [51a.1]ཡེ་ཤེས་ཀྱི་སེམས་དཔའ་དང་། རྣམ་པ་ཐམས་ཅད་དུ་ཡོངས་སུ་འཁྱུད་པ་རྗེས་སུ་མྱང་བར་བྱ་བའི་ཕྱིར་དེའི་ཡན་ལག་རྣམས་དང་བདག་གི་ལུས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་ཆུ་དང་འོ་མ་ལྟ་བུར་གཅིག་ཏུ་གྱུར་པར་རྣམ་པར་བསྒོམ་མོ། །དེ་ལ་མངོན་པར་ [51a.2]དགའ་བའི་ཡིད་བདེ་བ་གང་ཡིན་པ་དེ་སངས་རྒྱས་རྣམས་ལ་དབུལ་ལོ། །དེ་ལྟར་བདེ་བ་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བདེ་བར་གྱུར་ཅིག་ཅེས་བདེ་བ་ཡོངས་སུ་བསྔོ་བ་འདི་ནི་འོག་ནས་འཆད་པའི་མཆོད་པ་གསུམ་ལ་ཡང་སྦྱར་བར་བྱའོ། །རབ་ཏུ་གསང་ [51a.3]བའི་མཆོད་པ་དང་པོ་སྟེ། ཇི་སྐད་དུ། ལུས་ཀུན་ཡོངས་སུ་འཁྱུད་པ་ནི། །རང་བྱུང་རྣམས་ཀྱི་བདེ་མཆོད་པ། །ཕུལ་ན་མྱུར་དུ་འགྱུར་བ་ནི། །དེ་ནི་རྡོ་རྗེ་སེམས་དཔའ་འདྲ། །ཞེས་གསུངས་སོ། །དེ་ནས་རཱ་ག་བཛྲ་ཞེས་བྱ་བའི་སྙིང་པོ་རྗེས་སུ་དྲན་པར་བྱས་ནས་རང་གི་ལུས་ [51a.4]ཀྱི་ནང་ན་གནས་པའི་རང་གི་ལྷའི་བྱེ་བྲག་དེ་ཉིད་དང་ཀུན་དུ་སྦྱོར་བ་མི་ཉམས་པར་བྱ་བའི་ཕྱིར་ཇི་ལྟར་རྟོགས་པའི་ཡོན་ཏན་མངོན་དུ་བྱེད་པའི་རྗེས་སུ་ཆགས་པའི་བརྟན་པའི་མཚན་ཉིད་འཛིན་པ་དམ་པོས་ཡང་དང་ཡང་དུ་མི་གཉིས་པའི་ཏིང་ངེ་འཛིན་གྱིས་བལྟ་བར་བྱ་བ་འདི་ནི་རབ་ཏུ་གསང་ [51a.5]བའི་མཆོད་པ་གཉིས་པ་སྟེ། ཇི་སྐད་དུ། བརྟན་པར་ཆགས་པ་ཀུན་སྦྱོར་བ། །དང་པོར་འཛིན་པའི་བདེ་བ་ནི། །སངས་རྒྱས་རྣམས་ལ་ཕུལ་ན་ཡང་། །རྡོ་རྗེ་རིན་ཆེན་ལྟ་བུར་འགྱུར། །ཞེས་གསུངས་སོ། །འདིར་དམ་པོར་འཛིན་ཞེས་བྱ་བ་ནི་མི་འཆོར་བར་འཛིན་པ་ལ་བྱའོ། ། [51a.6]དེ་ནས་ཨོཾ་པྲ་ཏི་བཛྲ་ཞེས་བྱ་བའི་སྙིང་པོ་རྡོ་རྗེ་ཚིག་གིས་བརྗོད་ལ་འདི་ལྟར་རྣམ་པར་བརྟག་གོ། །ཇི་ལྟར་བདག་གིས་ཡེ་ཤེས་རྣམ་པར་གྲོལ་བའི་སྒོ་འདི་རང་བཞིན་གྱིས་འོད་གསལ་བ་ཡིན་དུ་ཟིན་ཀྱང་། གློ་བུར་གྱི་ཉོན་མོངས་པའི་མུན་པས་ཁེབས་ཏེ། འོན་ཀྱང་ཉོན་མོངས་པའི་དྲི་མ་དེ་ [51a.7]རྣམས་དོན་དམ་པར་རང་བཞིན་མེད་པས་བདག་གི་ཡེ་ཤེས་སྣང་བའི་སྒོ་འདི་ཡོངས་སུ་དག་པ་ཉིད་དེ། དེ་བས་ན་རང་གི་ལྷའི་ཡེ་ཤེས་ཡོངས་སུ་དག་པ་ཆགས་པ་མེད་པ་རྣམ་པར་གྲོལ་བའི་སྒོ་དང་ཆ་མཉམ་པས་གཅིག་གོ་སྙམ་དུ་བསམས་ཏེ་དེ་ལྟར་བདག་དང་ལྷའི་རྣམ་པར་གྲོལ་ [51b] [51b.1]བའི་སྒོ་གཉིས་གཅིག་ཏུ་མོས་པའི་མཚན་ཉིད་རྣམ་པར་གྲོལ་བ་སྤྲད་པ་བྱམས་པའི་བདེ་བ་ལ་ཀུན་དུ་ཆགས་པ་བརྟན་པར་བསྒོམ་པ་འདི་ནི་རབ་ཏུ་གསང་བའི་མཆོད་པ་གསུམ་པ་སྟེ། ཇི་སྐད་དུ། བྱམས་པའི་བདེ་ལ་བརྟན་པར་ཆགས། །སྤྲད་པའི་བདེ་བ་མཆོག་རྣམས་ནི། །སངས་ [51b.2]རྒྱས་རྣམས་ལ་ཕུལ་ན་ཡང་། །རྡོ་རྗེ་ཆོས་དང་འདྲ་བར་འགྱུར། །ཞེས་གསུངས་སོ། །སྤྲད་པ་ནི་འདིར་རང་གི་དམ་ཚིག་གི་སེམས་དཔའ་དང་། ཡེ་ཤེས་ཀྱི་སེམས་དཔའི་མཚན་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་གཉིས་སྦྱར་བའོ། །དེ་ནས་ཀརྨ་བཛྲ་ཞེས་བརྗོད་ལ་འདི་ལྟར་རྣམ་པར་ [51b.3]བརྟག་གོ། །གང་གི་ཕྱིར་ལྷའི་གཟུགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དག་དང་། བདག་དང་རྣམ་པ་ཐམས་ཅད་དུ་གཅིག་སྟེ། དེ་བས་ནི་འདི་གཉིས་ཀྱི་དབང་པོ་གཟུགས་ཡོད་པ་དང་། གཟུགས་མེད་པ་ཐམས་ཅད་མཉམ་པར་གཞག་པས་གཅིག་ཏུ་གྱུར་པའི་མཚན་ཉིད་དུ་གྱུར་པས། [51b.4]བདག་གི་ལུས་དེ་དང་། ཡེ་ཤེས་ཀྱི་སེམས་དཔར་གཅིག་ཏུ་གྱུར་པའི་ང་རྒྱལ་རབ་ཏུ་བསྒོམ་པ་འདི་ནི་རབ་ཏུ་གསང་བའི་མཆོད་པ་བཞི་པ་སྟེ་འདི་སྐད་དུ། དབང་པོ་གཉིས་ནི་མཉམ་སྦྱར་བའི། །སྦྱོར་བའི་བདེ་བ་ཐམས་ཅད་དུ། །མཆོད་པ་ངེས་པར་ཕུལ་ན་ནི། །རྡོ་རྗེ་ལས་དང་ [51b.5]འདྲ་བར་འགྱུར། །ཞེས་གསུངས་སོ། །དབང་པོ་གཉིས་ཞེས་བྱ་བ་ནི་བདག་གི་ལུས་ཀྱི་དབང་པོ་རྣམས་དང་། བདག་གི་ལུས་ཀྱི་ནང་ན་གནས་པའི་ཡེ་ཤེས་ཀྱི་སེམས་དཔའི་དབང་པོའི་ཚོགས་ཐམས་ཅད་ཡིན་པར་ཤེས་པར་བྱའོ། །འདིར་ཡང་གོ་རིམས་བཞིན་དུ་དེ་བཞིན་ [51b.6]གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་རྣམས་ཀྱི་བྱེ་བྲག་གིས་རང་གི་ལྷའི་ཡེ་ཤེས་ཀྱི་སེམས་དཔའ་དང་བདག་དང་མི་གཉིས་པར་གྱུར་ཏེ། དམ་ཚིག་གི་སེམས་དཔའ་དང་གཅིག་ཏུ་གྱུར་པ་ལ་རབ་ཏུ་གསང་བའི་སྒྲུབ་པའི་མཆོད་པ་འདི་བཞི་བསྟན་མོད་ཀྱི། [51b.7]འོན་ཀྱང་གང་ཡང་རུང་བའི་རིགས་སུ་གཏོགས་པའི་རང་གི་ལྷ་གང་ཡང་རུང་བ་གཅིག་གི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པ་པོས་ཀྱང་རབ་ཏུ་གསང་བའི་མཆོད་པ་འདི་བཞི་ཆར་གོ་རིམས་སྔ་མ་བཞིན་དུ་སྦྱར་དགོས་ཏེ། གང་གི་ཕྱིར་ཡེ་ཤེས་ཀྱི་སེམས་དཔའ་བདག་དང་མི་གཉིས་ [52a] [52a.1]པའི་རྣལ་འབྱོར་པ་ཐམས་ཅད་ལ་རྗེས་སུ་ཆགས་པ་ལ་སོགས་པ་རབ་ཏུ་གསང་བའི་མཆོད་པའི་ཡོན་ཏན་འདི་རྣམས་ཀྱིས་རང་གི་སེམས་ཀྱི་རྒྱུད་ལ་བརླན་ན་འགལ་བ་མེད་དོ། །ཁྱད་པར་དུ་ནི་རང་གི་རིགས་སུ་གཏོགས་པའི་རབ་ཏུ་གསང་བའི་སྒྲུབ་པའི་མཆོད་པ་བདག་ [52a.2]ལ་གནས་པའི་ཡེ་ཤེས་ཀྱི་སེམས་དཔའ་ལ་ལྷག་པར་བྱའོ་ཞེས་རྣལ་འབྱོར་གྱི་རིགས་པ་མཁས་པའི་སློབ་དཔོན་རྣམས་འཆད་དོ། །དེ་ནས་དེ་ལྟར་རང་གི་ལྷ་བདག་གི་ལུས་ལ་ཆུ་དང་འོ་མ་ལྟ་བུར་གཅིག་ཏུ་གྱུར་པ་ལ། ཨོཾ་སུ་ར་ཏ་སྟྭཾ་ཞེས་བྱ་བའི་སྙིང་པོ་འདི་བརྗོད་ཅིང་དབང་དུ་གྱུར་པར་བྱ་ [52a.3]བའི་ཕྱིར། ཇི་སྲིད་འདོད་པར་བསྒོམ་མོ། །ཇི་སྐད་དུ། འདོད་པ་བསྟེན་པ་བདེ་བ་བདག །རབ་ཏུ་དགའ་བ་ཁྱོད་ཅེས་སྨྲས། །རྡོ་རྗེ་སེམས་དཔའ་བསྒྲུབ་བྱ་བ། །དེ་ཉིད་བསྐུལ་བས་བཟླས་བརྗོད་བྱའོ། །དེ་ནས་མཚན་ཐོག་ཐག་ཏུ་བཟླས་བརྗོད་བྱས་ན། དེ་ནས་ནང་པར་དེ་བཞིན་ [52a.4]གཤེགས་པ་ཐམས་ཅད་དུ་འགྱུར་བ་ལ་སོགས་པའི་དངོས་གྲུབ་མཆོག་འཐོབ་པོ་ཞེས་གསུངས་སོ། །རང་གི་རིགས་ཀྱང་དམ་ཚིག་གི་ཕྱག་རྒྱ་དང་ཇི་ལྟར་འདོད་པའི་ཏིང་ངེ་འཛིན་རྣམས་དང་ལས་རྣམས་བསྒྲུབ་པ་ལ་ཡང་རིམ་པ་འདི་ཐམས་ཅད་སྦྱར་བར་ཤེས་པར་བྱའོ། །ཁྱད་པར་དུ་རང་ [52a.5]གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ལ་སྔ་མ་བཞིན་དུ་ཡང་རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ཏེ་མི་དགྲོལ་བར་དེ་བཞིན་དུ་དུས་བཞི་པ་སྦྱོར་བས་རང་གི་ལྷའི་སྙིང་པོ་འབུམ་བཟླས་སོ། །དེ་ནས་ཐ་མར་དེ་བཞིན་དུ་རི་མོའི་ [52a.6]སྐུ་གཟུགས་ཀྱི་སྤྱན་སྔར་རྡོ་རྗེ་མའི་ཕྱག་རྒྱ་དེ་ཉིད་བཅིངས་ཏེ་མཚན་ཐོག་ཐག་ཏུ་བཟླས་བརྗོད་བྱའོ། །བཟླས་བརྗོད་བྱེད་པས་ན་ཕྱག་རྒྱ་བཅིངས་པས་སྐྱོ་བ་བསལ་བའི་ཕྱིར་སྐབས་སྐབས་སུ་ཕྱག་རྒྱ་དགྲོལ་ཏེ་སླར་ཡང་བཅིང་ངོ་། །དེ་ལྟར་བཟླས་བརྗོད་བྱེད་པ་ལས་གལ་ཏེ་ཕྱག་རྒྱ་ [52a.7]བཅིངས་པ་འཕར་ན་དེའི་ཚེ་བཅིངས་པས་འཕར་རོ། །དེ་སྟེ་རབ་ཏུ་གཡོན་དེའི་ཚེ་བཅིངས་པས་གང་འདོད་པའི་གཟུགས་དེ་ལྟ་བུར་བདག་ཉིད་སྟོན་ཏོ། །དེ་སྟེ་སྙིང་གའི་ཕྱོགས་སུ་བཟུང་སྟེ་བཟླས་བརྗོད་བྱེད་པ་ལས་དེ་སྟེང་དུ་འཕར་ན་དེའི་ཚེ་བཅིངས་པས་མི་སྣང་བར་འགྱུར་རོ། །དེ་སྟེ་ [52b] [52b.1]སྒྲ་བྱུང་ན་དེའི་ཚེ་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་རང་གི་སྙིང་པོ་དང་ལྡན་པ་ཇི་སྐད་གསུངས་པའི་རང་གི་ལས་རྣམས་བྱེད་དོ། །འདི་སྐད་དུ་ཡང་། དེ་ནས་ཕྱག་རྒྱ་བསྒྲུབ་པར་འདོད་པ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ [52b.2]སེམས་མའི་ཕྱག་རྒྱ་བཅིངས་ཏེ། རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར། ཇི་ལྟར་འདོད་པར་བྱེད་ཅིང་། ཇི་ལྟར་བཅིངས་པ་མི་དགྲོལ་བར་རྡོ་རྗེའི་ཚིག་གིས་བཟླས་བརྗོད་འབུམ་བྱའོ། །དེའི་མཐར་སྐྱོ་ན་ཅུང་ཟད་བཀྲོལ་ཏེ། ཇི་ལྟ་བ་བཞིན་དུ་བཅིངས་ནས། མཚན་ཐོག་ཐག་ཏུ་བཟླས་ [52b.3]བརྗོད་བྱའོ། །དེ་ནས་ཕྱག་རྒྱ་འབར་རམ། འབབ་བམ། འཕར་རམ། ཚིག་འབྱིན་ཏོ། །དེ་ནས་ཕྱག་རྒྱ་བཅིངས་པས་འཕར་བ་དང་། འདོད་པའི་གཟུགས་སུ་གྱུར་པ་དང་། མི་སྣང་བ་དང་། ལས་ཐམས་ཅད་བྱེད་དོ། །ཕྱག་རྒྱ་ཐམས་ཅད་ཀྱང་བཅིངས་པ་ཙམ་གྱིས་ [52b.4]ལས་ཐམས་ཅད་བྱེད་དོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཞེས་བྱ་བ་གསུངས་སོ། །དེ་ནས་ཏིང་ངེ་འཛིན་བསྒྲུབ་པར་འདོད་ན། དེ་ནས་རྡོ་རྗེ་ཕྲ་མོ་ལ་སོགས་པ་གང་ཡང་རུང་བའི་ཏིང་ངེ་འཛིན་བསྒྲུབ་པའི་སྙིང་པོ་ཡིད་ལ་བསྒོམ་པ་དུས་ཅུང་ཟད་ཅིག་ཏུ་གོམས་ [52b.5]པར་བྱ་སྟེ། དེ་ནས་རང་གི་ལྷའི་སྙིང་པོ་བཟླས་བརྗོད་བྱའོ། །ཇི་ལྟར་གོམས་པར་བྱ་བའི་ཏིང་ངེ་འཛིན་བསྟན་ཏེ། དེ་ནས་བསྒོམ་པ་གོམས་པ་ལས་ཅི་ལྟར་བྱིན་གྱིས་བརླབ་པའི་རང་གི་ཕྱག་རྒྱའི་སེམས་དཔའི་གཟུགས་སུ་བདག་བསྒྲུབ་པར་འདོད་པ་ན། དེའི་ཚེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ [52b.6]འཁོར་ཆེན་པོའི་སྐབས་སུ་གསུངས་པའི་རང་གི་ལྷའི་སྙིང་པོ་བརྗོད་ཅིང་། ཅི་ལྟར་མོས་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །ཇི་སྐད་དུ། དེ་ནས་དངོས་གྲུབ་མཆོག་འདོད་ན། རང་གི་ཕྱག་རྒྱའི་སྙིང་པོས་བསྒྲུབ་པར་བྱ་སྟེ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དངོས་ [52b.7]གྲུབ་དམ་པ་བསྒྲུབ་པའི་རིམ་པ་ནི་འདིའོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་ཇི་ལྟར་བྱས་པ་མངོན་དུ་བྱས་ཏེ། སྣའི་ཐོག་མའི་བུ་གའི་ནང་དུ་དབུགས་དགག་པར་བྱ་སྟེ། བཛྲ་དྷཱ་ཏུ། ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་ནམ་མཁའི་ནང་ཐམས་ཅད་ཡང་དག་པར་ [53a] [53a.1]རྫོགས་པའི་སངས་རྒྱས་ཀྱི་སྐུ་ཕྲ་མོ་རྣམས་ཀྱི་ཁྱད་པར་རབ་ཏུ་གསལ་བར་སྣང་བའི་རྣལ་འབྱོར་གྱིས་བསམས་ཏེ། སྣའི་བུ་གའི་ཐོག་མ་ནས་དབུགས་བག་ཡངས་སུ་བྱུང་བའི་སྦྱོར་བས། དེའི་རྗེས་སུ་འབྲང་བའི་ཡིད་ཀྱིས་ཡང་ལེགས་པར་བརྟགས་ཏེ། ཡང་ [53a.2]དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་མང་པོ་ཇི་ལྟར་བསམས་པ་དེ་དག་ཡན་ལག་ཐམས་ཅད་ཀྱི་རླུང་རང་གི་ལུས་ཀྱི་ནང་དུ་འཇུག་པའི་ཚུལ་གྱིས་བསྡུ་སྟེ། མར་སར་བྱེ་མའི་ནང་དུ་ཐིམ་པ་བཞིན་དུ་རང་གི་སྙིང་གར་གཟུང་ངོ་། །ཇི་སྐད་དུ། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་ [53a.3]བཅིངས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་སངས་རྒྱས་ཀྱི་གཟུགས་བྱིན་གྱིས་བརླབས་པ་དང་རང་གི་སྙིང་གར་གཟུང་ངོ་། །ཚེ་འདི་ཉིད་ལ་རབ་ཏུ་ཞི་བའི་མཆོག་སངས་རྒྱས་པར་འདོད་པ་དེས་འདི་བྱའོ། །མིན་ན་སྒྲུབ་པ་གོང་མ་བཞིན་ཞེས་གསུངས་སོ། །དེ་ [53a.4]ལྟར་ལས་གཞན་མེད་པར་བསྒོམ་པ་ལ་བརྩོན་ཞིང་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་བཏུལ་བ་ནི། །ཇི་ལྟར་བསྒོམ་པའི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་པའི་མཚན་མ་བྱུང་བར་གྱུར་ན་ཡང་སྔ་མ་བཞིན་དུ་བསྒྲུབས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ [53a.5]གཟུགས་འཛིན་པ་བྱང་ཆུབ་སེམས་དཔའི་རིག་སྔགས་འཆང་དུ་འགྱུར་རོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་འགྲུབ་པའི་མཚན་མ་སྟེ། སེམས་དཔའི་བྱིན་བརླབས་རྣལ་འབྱོར་གྱིས། །སངས་རྒྱས་གཟུགས་སུ་བདག་བསྒོམ་པ། ཡེ་ཤེས་རྣལ་འབྱོར་ [53a.6]འདི་ཡིས་ནི། །སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱའོ། །དེའི་དོན་ཡང་འདིའོ། །དང་པོར་གོམས་པར་བྱེད་པའི་ཚེ་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའི་རིམ་གྱིས་སེམས་མ་རྡོ་རྗེར་བྱིན་གྱིས་བརླབས་པའི་འོག་ཏུ་སེམས་དཔར་བྱིན་གྱིས་བརླབས་པས་དེ་བཞིན་གཤེགས་ [53a.7]པའི་གཟུགས་སུ་བསྒོམས་ན་རྣལ་འབྱོར་པ་ལ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་སྣང་བར་འགྱུར་རོ། །ནམ་དེ་བཞིན་གཤེགས་པའི་སྐུར་སྣང་བའི་མཚན་ཉིད་ཕྱག་རྒྱ་ཆེན་པོ་གོམས་ཏེ་སྒྲུབ་ཏུ་རུང་བར་གྱུར་པ་དེའི་ཚེ། སེམས་མ་རྡོ་རྗེ་བསྒོམ་པའི་ཚེ་ཉིད་ནི་དེའི་རྣམ་པར་རྟོག་པ་མེད་ [53b] [53b.1]ཀྱང་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་སྣང་བར་འགྱུར་རོ། །དེ་ལ་སེམས་དཔར་བྱིན་གྱིས་བརླབ་པའི་རྣལ་འབྱོར་གསུངས་པ་ནི་འདིའོ། །སེམས་དཔའ་དང་ནི་ཐམས་ཅད་བདག །བདག་ཀྱང་བདག་ལ་ཀུན་དུ་གནས། །ཞེས་བྱ་བ་ཡིད་ལ་བྱ་སྟེ། བདག་རང་ཕྱག་རྒྱ་ཆེན་ [53b.2]པོར་མངོན་དུ་བྱེད་པ་གང་ཡིན་པའོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཐབས་བཤད་ཟིན་ཏོ། །དེའི་རིགས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་རིམ་པ་ནི་འདིའོ། །དང་པོར་རེ་ཞིག་མཆོད་པ་ལ་སོགས་པའི་ [53b.3]ཆོ་ག་ཡེ་ཤེས་དབབ་པའི་མཐའི་བར་དུ་ཐམས་ཅད་བྱས་ལ། ཇི་ལྟར་བྱིན་གྱིས་བརླབས་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་མངོན་དུ་བྱས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པའི་མཉེས་པར་བྱ་བའི་སེམས་དཔའ་གང་ཡང་རུང་བའི་ [53b.4]སྙིང་བོ་རྡོ་རྗེའི་ཚིག་གིས་ཡིད་ལ་བརྗོད་ཅིང་སྣའི་བུ་གའི་ནང་ནས་དབུགས་ཕྱི་ནང་དུ་རྒྱུ་བ་བཀག་པས་དབང་བོའི་ཚོགས་ནང་དུ་ཕྱོགས་པར་བྱ་ཞིང་རྗེས་སུ་ཆགས་པས། རང་གི་ལྷའི་གཟུགས་སུ་བསྒྲུབས་ལ་སྙིང་པོའི་དོན་རྟོགས་པས་རང་གི་ལྷ་སེམས་དཔའ་དེའི་གཟུགས་བདག་ [53b.5]དང་མི་གཉིས་པའི་ང་རྒྱལ་དུ་ཉི་མ་རེ་རེ་ལུས་དང་ངག་དང་སེམས་ལ་གནོད་པ་སྤངས་ཏེ་བསྒོམ་མོ། །བར་སྐབས་སུ་ཡང་དབུགས་དབྱུང་བ་བྱས་ཏེ། རང་གི་ལྷའི་གཟུགས་རྣམས་ཀྱིས་ནམ་མཁའི་དཀྱིལ་འཁོར་མཐའ་དག་རབ་ཏུ་གང་བར་བྱའོ། །ཁྱད་པར་དུ་ཡང་གང་དང་ [53b.6]གང་དབང་པོ་དང་དྲན་པའི་སྤྱོད་ཡུལ་དུ་འོང་བ་དེ་དག་ཐམས་ཅད་མཉེས་པར་བྱ་བའི་ཕྱག་རྒྱ་ཆེན་པོ་སེམས་དཔའི་གཟུགས་སུ་བསྒོམ་མོ། །དེ་དག་སེམས་པ་ན་ཡང་འདི་ལྟར་ཡིད་ལ་བྱའོ། །འདི་རྣམས་ཐམས་ཅད་ནི་བདག་གི་རྣམ་པར་རྟོག་པ་ལས་བྱུང་བ་སྟེ། ཇི་ལྟར་ [53b.7]རྣམ་པར་བརྟགས་པ་དེ་བཞིན་དུ་སོ་སོར་སྣང་བར་འགྱུར་མོད་ཀྱི། །རིགས་པ་དང་ལུང་དང་འགལ་བས་འདི་རྣམས་ཀྱི་ངོ་བོ་ཉིད་ནི་གང་ཡང་དོན་དམ་པར་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ་སྙམ་དུ་བསམ་མོ། །དེ་ནས་ཡང་རླུང་དང་བཅས་པའི་ཡིད་དེ་སླར་བསྡུས་ནས། དེ་བཞིན་དུ་བདག་ཏུ་ [54a] [54a.1]གྱུར་པའི་རང་གི་ཕྱག་རྒྱའི་སེམས་དཔར་དམིགས་པར་བྱའོ། །དེ་དག་ཐམས་ཅད་རྒྱུད་འདི་ལས་ཕྱག་རྒྱ་ཆེན་པོར་མཉམ་པར་གཞག་སྟེ། དེ་ཉིད་ཆེན་པོ་ཀུན་ཟློས་ཤིང་། །གནས་དེར་ཐམས་ཅད་བདག་ཉིད་དུ། །སེམས་དཔའི་རྣལ་འབྱོར་གྱིས་བསྒོམ་མོ། ། [54a.2]ཞེས་གསུངས་སོ། །རིམ་པ་ནི་འདིས་བསྒོམ་ཞིང་ཇི་སྲིད་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་མ་བྱུང་གི་བར་དུ་གོམས་པར་བྱའོ། །དེ་ལ་འདི་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉེ་བར་གྱུར་པའི་མཚན་མ་གསུངས་པ་སྟེ། ནམ་མཁའ་འམ་ཡང་ན་ [54a.3]ཕྱོགས་གཞན་དུ། །དཀྱིལ་འཁོར་དཀར་པོ་སེར་པོ་དང་། །རང་གི་ཕྱག་རྒྱ་སེམས་དཔར་བདག །མངོན་སུམ་བཞིན་དུ་མཐོང་བར་འགྱུར། །ཞེས་བྱའོ། །དེ་བཞིན་དུ་དངོས་གྲུབ་རབ་ཏུ་ཉེ་བར་གྱུར་པ་ན། གཞན་ཡང་ཇི་སྐད་དུ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ། [54a.4]ཟླ་བའི་དཀྱིལ་འཁོར་འོད་བཅས་པ། །དངོས་གྲུབ་དུས་ན་རང་གི་གཟུགས། །བདག་ལ་ཐོག་མར་སྟོན་པར་མཛད། །ཅེས་བྱ་བའོ། །དེ་ནས་དེ་བཞིན་དུ་མཆོད་པའི་ཆོ་ག་བྱས་ཏེ། ནུབ་གཅིག་དེ་བཞིན་དུ་ཏིང་ངེ་འཛིན་ལ་གནས་ན་རང་གི་ལྷ་བྱོན་ནས། རང་གི་ཕྱག་རྒྱ་ཆེན་པོའི་ [54a.5]གཟུགས་སུ་གྲུབ་པ་དེ་ལ་སྩོལ་ཏོ། །དེ་བཞིན་དུ་བསྒོམས་པ་ལས་གལ་ཏེ་ནམ་ཞིག་དེའི་སྒོམ་པའི་ལམ་ཞན་པས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་གྲུབ་པ་མངོན་དུ་གྱུར་པའི་མཚན་མ་མེད་པར་གྱུར་ན་ཡང་། དེའི་ཚེ་སྔར་བཤད་པའི་མངོན་པར་ཤེས་པའི་ཡེ་ཤེས་དང་། ཚེ་དང་སྟོབས་དང་ལུས་ [54a.6]བཟང་པོ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་གྲུབ་རྣམས་ནན་ཏན་བྱས་ཀྱང་དེ་ལས་འབྱུང་བར་འགྱུར་ཏེ། འདི་སྐད་དུ། ཡང་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ཕན་ཡོན་བསྔགས་པའི་སྐབས་སུ། ཚེ་འདི་ཉིད་ལ་དམ་པ་ཡི། །མཁས་པའི་གོ་འཕང་གང་འདོད་པ། །དེས་ན་བདག་གིས་ [54a.7]འདི་བྱའོ། །མིན་ན་དངོས་གྲུབ་གོང་མ་བཞིན། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་སྒྲུབ་པ་སྔར་གསུངས་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པའི་ཆོ་ག །རྡོ་རྗེ་དབྱིངས་ [54b] [54b.1]ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པ་སྟེ་བཤད་ཟིན་ཏོ། །དེར་གསུངས་པའི་དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་སྒྲུབ་པའི་རིམ་པ་ནི་འདི་ཉིད་དོ། །འབྲས་བུ་ཡང་ཕལ་ཆེར་འདི་ཉིད་དེ། ཁྱད་པར་དུ་ནི་དམ་ཚིག་ལ་སོགས་པའི་ཕྱག་རྒྱ་གསུམ་རྣམས་བསྒྲུབ་ [54b.2]པ་ལ། སྔར་གསུངས་པའི་རིམ་གྱིས་དམ་ཚིག་སེམས་དཔའི་རྣལ་འབྱོར་དང་ཡེ་ཤེས་དབབ་པར་བྱ་སྟེ། དེ་ནས་བསྒྲུབ་པར་བྱ་བའི་ཕྱག་རྒྱ་བཅིངས་ལ་བསྒྲུབ་པོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ལ་ནི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་ཀྱི་རང་གི་གཟུགས་ [54b.3]རང་གི་སྙིང་གར་བསམས་ཏེ། སྔར་གསུངས་པའི་སྙིང་པོ་དེ་ཉིད་བརྗོད་ཅིང་བདག་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་འདི་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་རྡོ་རྗེ་ལས་གྱུར་པའི་གཟུགས་ཏེ། དེ་བས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་ [54b.4]རྒྱ་རྡོ་རྗེའི་མཚན་ཉིད་དང་བཅས་པ། མི་ཤིགས་མི་ཆོད་པ་དེ་བཞིན་དུ་བདག་ཀྱང་མི་ཤིགས་མི་ཆོད་པའོ། །ཞེས་སེམས་ཤིང་དེ་ལྟར་ཉི་མ་རེ་བསྒོམ་པའོ། །ལྷག་མ་རྣམས་ནི་ཆོ་ག་སྔ་མ་ཉིད་འདིར་སྦྱར་བར་བྱ་སྟེ། ཇི་སྐད་དུ། ཇི་ལྟར་རྡོ་རྗེ་འཛིན་གྲུབ་ན། །དེ་བཞིན་བདག་ཅེས་ [54b.5]བསྒོམས་ན་ནི། །སངས་རྒྱས་མཁས་པ་ཐོབ་པར་འགྱུར། །མིན་ན་འགྲུབ་པ་གོང་མ་བཞིན། །ཞེས་གསུངས་སོ། །དེ་བཞིན་དུ་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པའི་ཁྱད་པར་ཡང་འདིའོ། །སྔ་མ་བཞིན་དུ་བདག་རང་གི་ལྷའི་སེམས་དཔར་བྱས་པའི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམ་མོ། ། [54b.6]དེ་ཡང་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་སྔར་བཤད་པ་བསམས་ཏེ། ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བྱ་བ་སྤྱིའི་ཆོས་ཀྱི་ཕྱག་རྒྱའི་དོན་མོས་པར་བྱ་སྟེ། སྙིང་པོ་བརྗོད་ལ། ཇི་སྲིད་ཆོས་ཀྱི་ཕྱག་རྒྱ་འདི་རྣམས་གྲུབ་པའི་མཚན་མ་ཇི་སྐད་དུ་གསུངས་པ་བྱུང་གི་བར་དུ་བསྒོམ་མོ། །ལྷག་མ་ནི་ [54b.7]སྔ་མ་བཞིན་ནོ། །ཇི་སྐད་དུ། ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པའི་སྐབས་སུ། ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །དག་པ་ཞེས་བྱའི་ཚིག་སྨྲས་ན། །སངས་རྒྱས་མཁས་པ་ཐོབ་པར་འགྱུར། །མིན་ན་གྲུབ་པ་གོང་མ་བཞིན། །ཞེས་གསུངས་སོ། །རང་གི་ལྷའི་ལས་ཀྱི་ཕྱག་ [55a] [55a.1]རྒྱ་སྒྲུབ་པའི་ཁྱད་པར་ཡང་། དེ་བཞིན་དུ་རང་གི་ལྷའི་དམ་ཚིག་སེམས་དཔར་ང་རྒྱལ་བྱས་ཏེ། རང་གི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སྙིང་གར་རྡོ་རྗེ་རྒྱ་གྲམ་བསྒོམས་ཏེ་འདི་ལྟར་བསམས་མོ། །ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པས་རང་བཞིན་གྱིས་རྣམ་པར་དག་ [55a.2]པ་སྟེ། དེ་བས་ན་ལས་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་པ་སྟེ། གཞན་དུ་རྣམ་པར་བརྟགས་པ་ཙམ་མོ། །དེ་བས་ན་ཇི་ལྟར་རྣམ་པར་བརྟགས་པ་དེ་བཞིན་དུ་ལས་ཀྱི་དངོས་གྲུབ་རྣམས་འབྱུང་ངོ་ཞེས་དེ་ལྟར་ཡིད་ལ་བྱ་སྟེ། རང་གི་སྙིང་པོ་བརྗོད་ཅིང་བསྒོམ་མོ། །ལྷག་ [55a.3]མ་ནི་སྔ་མ་བཞིན་ཏེ། ཇི་སྐད་དུ། དེ་བཞིན་ཀུན་དུ་དག་པས་ན། །ལས་ཀུན་རྣམ་པར་སྤྱངས་ན་ནི། །སངས་རྒྱས་མཁས་པ་ཐོབ་པར་འགྱུར། །མིན་ནི་གྲུབ་པ་གོང་མ་བཞིན། །ཞེས་གསུངས་སོ། །དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རབ་ཏུ་སྦྱོར་བ་ནི། །དེ་ [55a.4]བཞིན་གཤེགས་པ་རྣམས་དང་། དེའི་རིགས་ཀྱི་དང་འདྲ་སྟེ། དེ་བས་ན་གཅིག་ཏུ་བསྟན་པ་ཉིད་དུ་གསུངས་སོ། །དེའི་འབྲས་བུ་ནི་སངས་རྒྱས་མཁས་པ་འཐོབ་པོ་ཞེས་བྱ་བའོ། །ཁྱད་པར་དུ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་འཇུག་པ་ནི། ཇི་ལྟར་ [55a.5]སྒྲུབ་པའི་དེ་བཞིན་གཤེགས་པའི་གཟུགས་ཉིད་བདག་ཏུ་བསྒྱུར་བའམ་མདུན་དུ་བསམས་ཏེ། མཚན་ཡལ་ནངས་སུ་ཕྱག་རྒྱ་སྙིང་པོ་ཟློས་ཤིང་བསྒྲུབ་པར་བྱ་སྟེ། ཇི་སྐད་དུ། དེ་བཞིན་གཤེགས་པའི་དངོས་གྲུབ་མཆོག་སྒྲུབ་པའི་སྐབས་སུ། །བདག་ལའམ་ཡང་ན་མདུན་དུ་ནི། ། [55a.6]སངས་རྒྱས་རྗེས་དྲན་བསྒོམ་པའོ། །ཕྱག་རྒྱ་ཐམས་ཅད་བཅིངས་ན་ནི། །དེ་ནས་དེ་མ་ཐག་ཏུ་འགྲུབ། །ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པ་ལ་ནི་ [55a.7]དམ་ཚིག་སེམས་དཔའི་རྣལ་འབྱོར་ལ་སོགས་པ་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་ཐམས་ཅད་བྱས་ཏེ། བདག་ནི་འདོད་པའོ་ཞེས་བསྒོམ་ཞིང་སྒྲུབ་པའི་མཚན་མོ་ཕྱག་རྒྱའི་སྙིང་པོ་བཟླས་སོ། །ཇི་སྐད་དུ། དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་མཆོག་གི་རྒྱུད་ཀྱི་སྐབས་ [55b] [55b.1]སུ། ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ནི། །བདག་ནི་འདོད་པའོ་ཞེས་བསྒོམ་ཞིང་། །རྡོ་རྗེ་ཟློས་པའི་སྦྱོར་བ་ཡིས། །དངོས་གྲུབ་མཆོག་རྣམས་ཐམས་ཅད་གྲུབ། །ཅེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་གསུངས་སོ། །ད་ནི་ལྷའི་མིག་ལ་སོགས་ [55b.2]པ་མངོན་པར་ཤེས་པ་རྣམས་ཀྱི་རང་གི་ཡུལ་བརྟགས་པའི་སྦྱོར་བ་རྣམས་བཤད་པར་བྱའོ། །དེ་ལ་རྣལ་འབྱོར་བ་གྲུབ་པའམ་མ་གྲུབ་པ་ཡང་རུང་སྟེ། དང་པོར་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་དབང་དུ་བྱས་ནས། རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཡེ་ཤེས་དབབ་པའི་ [55b.3]མཐའི་བར་དུ་མངོན་དུ་བྱས་ཏེ། གཟུགས་གང་ཡུལ་གཞན་གྱིས་ཆོད་པའམ། ཁང་པ་དང་རི་དང་རྩིག་པ་ལ་སོགས་བས་བསྒྲིབས་པ་རྣམས་ལྷའི་མིག་གིས་མཐོང་བར་འདོད་པ་དེ་མདུན་ན་གནས་པ་བཞིན་དུ་གཟུགས་ཀྱི་རྣམ་པར་རྟོག་པ་མོས་པར་བྱས་ནས་དེ་མཐོང་ [55b.4]བའི་ཡིད་ལ་བྱ་བ་བསྒོམ་པར་བྱ་སྟེ། ཤེས་པར་བྱ་བའི་གཟུགས་ཀྱི་དངོས་པོ་དེ་ལ་སྣང་བ་དང་བཅས་པའི་མིག་གི་དངོས་པོས་སོ་སོར་སྣང་བའི་རྣམ་པར་རྟོག་པ་འཇུག་པར་བྱའོ། །དེ་ནས་དེའི་རྣམ་པ་གཉིས་ཀྱི་ཡིད་ལྷའི་མིག་གི་མངོན་པར་ཤེས་པ་འབྱུང་བའི་དེ་མ་ཐག་ [55b.5]པའི་རྐྱེན་ཉེ་བར་སྐྱེ་སྟེ། གང་ལ་ཇི་ལྟར་འདོད་པའི་གཟུགས་རིག་པ་རབ་ཏུ་གསལ་བར་སྣང་བ་སྔོན་པོ་དང་སེར་པོ་དང་དཀར་པོ་ལ་སོགས་པའི་གཟུགས་ཀྱི་རྣམ་པར་ཤེས་པ་རྣལ་འབྱོར་པ་ལ་དོགས་པ་མེད་པར་འབྱུང་ངོ་། །གང་དེ་ལྟ་བུའི་རྒྱུ་རྐྱེན་ཚོགས་པ་མངོན་དུ་བྱས་ཤིང་ [55b.6]བསྒོམས་པའི་མཐུ་བསྐྱེད་པ་ལས་མ་གྲུབ་པའི་རྣལ་འབྱོར་པ་ཡང་ཡུལ་ལ་སོགས་པ་ཐག་རིང་པོ་ན་གནས་པའི་གཟུགས་ལ་སོགས་པའི་དངོས་པོ་རྣམས་མདུན་ན་འདུག་བ་བཞིན་དུ་དེའི་རྣམ་པར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་དེ་ལྟ་བུ་ནི་ཆོས་ཉིད་དེ། །ཐ་ན་དེ་ལྟ་ [55b.7]བུའི་རྣམ་པར་རྟོག་པ་དང་ལྡན་པའི་རྣལ་འབྱོར་ཉིད་ལས་ཀྱང་། དེའི་དོན་མི་སླུ་བ་ལ་སོགས་པ་བདེན་པའི་རྨི་ལམ་མཐོང་བས་ཀྱང་། དེའི་དོན་ཉམས་སུ་མྱོང་བ་དོགས་པ་མེད་པར་འགྱུར་རོ། །ལྷའི་མིག་གི་མངོན་པར་ཤེས་པ་བསྐྱེད་པའི་ཆོ་ག་འདི་ཐམས་ཅད་ལྷའི་རྣ་བའི་མངོན་པར་ [56a] [56a.1]ཤེས་པ་ལ་སོགས་པའི་སྦྱོར་བ་ཡང་ཤེས་པར་བྱ་སྟེ། ཁྱད་པར་དུ་ནི་ལྷའི་རྣ་བའི་མངོན་པར་ཤེས་པ་ལ་རྣ་བའི་མངོན་པར་ཤེས་པ་མངོན་པར་ཤེས་པ་མངོན་དུ་བྱའོ། །ཡུལ་ནི་ཡུལ་གཞན་ལ་སོགས་པས་མཆོད་པ་དང་། ཐ་ན་གྲོག་སྦུར་ལ་སོགས་པའི་སྒྲའི་བྱེ་བྲག་རྣམས་ཀྱང་ཐོས་པའོ། ། [56a.2]ཇི་སྐད་དུ་ཡང་རྒྱུད་ལས་ལྷའི་མིག་དང་ལྷའི་རྣ་བ་གཉིས་ཀྱི་ཡུལ་གྱི་བྱེ་བྲག་འབྱུང་བ། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །མིག་གི་རྣམ་པར་ཤེས་པ་བཏང་། །དེ་ཡིས་ཅུང་ཟད་གང་བབས་པ། །རབ་ཏུ་རིང་བའང་མཐོང་བར་འགྱུར། །དེ་བཞིན་དུ། ཕྱག་རྒྱ་ཆེན་པོར་མཉམ་ [56a.3]གཞག་སྟེ། །རྣ་བའི་རྣམ་པར་ཤེས་པ་བཏང་། །དེ་ཡིས་དགོས་པ་གང་བསམས་པ། །རབ་ཏུ་རིང་བ་ནས་ཀྱང་ཐོས། །ཞེས་གསུངས་སོ། །གཞན་གྱི་སེམས་ཤེས་པར་འདོད་པའི་རྣལ་འབྱོར་པས་ཀྱང་། བདག་རང་གི་ལྷའི་ཕྱག་རྒྱ་ཆེན་པོར་ཆོ་ག་བཞིན་དུ་བྱས་ནས། ། [56a.4]གང་གི་སེམས་ཡོངས་སུ་ཤེས་པར་འདོད་པ་དེར་རབ་ཏུ་ཐག་རིང་པོ་ན་གནས་ཀྱང་མདུན་ན་གནས་པ་བཞིན་དུ་མོས་པ་བྱ་སྟེ། དེའི་སེམས་ཅན་ཅི་འདྲ་བ་ཞིག་ཅེས་རྣམ་པར་བརྟགས་ནས། རྣལ་འབྱོར་གྱི་མཐུས་དེའི་བསམ་པ་དང་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་པར་རྟོག་པའི་རང་ [56a.5]བཞིན་ཏུ་གསལ་བ་རྣལ་འབྱོར་པ་ལ་འབྱུང་སྟེ། གང་ལས་གཞན་གྱི་སེམས་ཀྱི་རྣམ་པར་རྟོག་པ་དོགས་པ་མེད་པར་འགྱུར་བ་སྟེ། གང་གི་ཕྱིར་བསམ་གཏན་པ་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པས་འདིར་མི་རིགས་པས་མི་བརྟག་གོ། །འདི་སྐད་དུ་ཡང་། ཕྱག་རྒྱ་ཆེན་ [56a.6]པོར་མཉམ་གཞག་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་བཏང་། །དེ་ཡིས་སེམས་ཅན་གང་བརྟགས་པ། །དེ་ཡི་སེམས་ཅན་དེ་ཡིས་རིག །ཅེས་གསུངས་སོ། །དེ་བཞིན་དུ་བདག་དང་གཞན་གྱི་ཚོར་བས་སྔ་མ་ཤེས་པར་འདོད་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་དེ་བཞིན་དུ་བཅིངས་ [56a.7]ཏེ། ཡིད་ཀྱིས་བདག་གམ་ཕ་རོལ་གྱི་གཟུགས་བརྟག་ཅིང་དེའི་སྔོན་རོལ་ནི་བདག་གམ་སེམས་ཅན་དེའི་ཚེ་ཅི་འདྲ་བ་ཞིག་ཅེས་བསྒོམ་པའི་རྣལ་འབྱོར་བྱས་ན་གྲུབ་པའི་རྣལ་འབྱོར་པ་འགའ་ཞིག་བདག་དང་གཞན་གྱི་སྔོན་གྱི་གནས་རྗེས་སུ་དྲན་པར་འགྱུར་བ་མ་ཡིན་གྱི། རྣལ་འབྱོར་ [56b] [56b.1]གྱི་མཐུས་མ་གྲུབ་པ་ཡང་རྩེ་གཅིག་པའི་ཕྱིར་དེ་ལྟ་བུའི་སྦྱོར་བས་རྨི་ལམ་བཞིན་དུ་སྔར་འདས་མ་ཐག་པ་ལ་སོགས་པའི་ཚེ་རབས་སོ་སོར་སྣང་བར་འགྱུར་ཏེ། འདི་སྐད་དུ་ཡང་། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །བདག་གམ་ཡང་ན་གཞན་ཡང་རུང་། །ཡིད་ཀྱིས་གཟུགས་འདི་ [56b.2]མཐོང་བ་ཡང་། གང་ན་ཚེ་འོངས་དེ་རུ་བཏང་། །ཞེས་གསུངས་སོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་བྱེ་བྲག་ནི་ནམ་མཁའ་ལ་འགྲོ་བ་དང་། མི་སྣང་བ་དང་། གཟུགས་སྣ་ཚོགས་པ་དང་། བསྒྲིབས་པ་དང་མ་བསྒྲིབས་པ་དང་། ནམ་མཁའ་ལ་རྒྱང་རིང་དུ་མྱུར་དུ་འགྲོ་བ་དང་། [56b.3]རི་དང་གྲོང་ཁྱེར་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོ་རྣམས་སྤྲུལ་པ་བྱེད་པ་དང་འཇིམ་པ་ལ་སོགས་པའི་རྫས་ལ་གསེར་ལ་སོགས་པའི་དངོས་པོར་བྱ་བ་དང་། མི་གནས་པའི་དངོས་པོ་ལ་ཡང་ལོ་དུ་མར་འདུག་ཏུ་རུང་བར་བྱ་བའི་ལ་སོགས་པ་རྫུ་འཕྲུལ་གྱི་བྱེ་བྲག་དེ་ལྟ་བུར་འདོད་པའི་རྣལ་ [56b.4]འབྱོར་པས་སྔ་མ་བཞིན་དུ་རང་གི་ལྷའི་ཕྱག་རྒྱ་བཅིངས་ཏེ། ནམ་མཁའ་ལ་འགྲེ་པ་ལ་སོགས་པ་གང་ཡང་རུང་བའི་རྫུ་འཕྲུལ་གྱི་ཡུལ་མངོན་དུ་བྱས་ཏེ། དེའི་རྣམ་པར་བསྒོམ་པ་ཇི་སྲིད་ཇི་ལྟར་འདོད་པའི་རྫུ་འཕྲུལ་ཡང་དག་པར་བྱུང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ། །འདི་སྐད་ [56b.5]དུ་ཡང་། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །རྫུ་འཕྲུལ་གང་དང་གང་འདོད་པ། །གང་དང་གང་དུ་དེ་ཉིད་ནི། །མཉམ་པར་གཞག་པས་བལྟ་བར་བྱ། །ཞེས་གསུངས་སོ། །གཞན་གྱི་སེམས་ཀྱི་རང་བཞིན་ཡོངས་སུ་ཤེས་པར་བྱ་བའི་སྦྱོར་བ་གཞན་ཡང་འདི་ལྟ་སྟེ། དེ་ལ་དེ་ [56b.6]བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་འདི་ལྟར་བྱིན་གྱིས་བརླབ་པར་བྱའོ། །སེམས་ཅན་དེའི་རང་བཞིན་ཅི་འདྲ་བ་དེ་འདྲ་བའི་གཟུགས་ཉིད་དུ་བདག་གི་སྙིང་གའམ་མདུན་དུ་དཔལ་རྡོ་རྗེ་སེམས་དཔའ་སྟོན་པར་གྱུར་ཅིག་ཅེས་དེ་ལྟར་བསམས་ལ་རང་གི་སྙིང་གའམ་མདུན་ [56b.7]དུ་རྡོ་རྗེ་སེམས་དཔའ་མཐོང་བར་བསྒོམ་པ་ནི་ཇི་སྲིད་སེམས་ཅན་དེའི་སེམས་ཅི་འདྲ་བ་དེའི་རྣམ་པར་རྡོ་རྗེ་སེམས་དཔའ་རབ་ཏུ་སྣང་བར་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །དེ་ལ་ནམ་རྡོ་རྗེ་སེམས་དཔའ་ཤེལ་བཞིན་དུ་དག་པར་སྣང་བར་གྱུར་པ་དེའི་ཚེ། སེམས་དག་ཅིང་རྙོག་པ་ལ་སོགས་ [57a] [57a.1]པའི་ཉེས་པ་མེད་པར་ཤེས་པར་བྱའོ། །ནམ་ཡང་དུང་དང་མེ་ཏོག་ཀུན་ད་དང་། གངས་དང་ཟླ་བ་དང་འོ་མ་བཞིན་དུ་དཀར་བར་དཔལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་སྣང་བ་དེའི་ཚེ་རབ་ཏུ་དངས་ཤིང་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་ཤེས་ [57a.2]པར་བྱའོ། །དེ་སྟེ་མེ་ཏོག་བན་དུ་ཛཱི་བ་ཀ་དང་། ལེ་བརྒན་ལ་སོགས་པའི་ཁ་དོག་འདྲ་བར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་སྣང་བར་གྱུར་པ་དེའི་ཚེ། གཞན་གྱི་སེམས་རྗེས་སུ་ཆགས་པར་ཤེས་པར་བྱའོ། །འོན་ཏེ་ཏིང་ངེ་འཛིན་དེའི་ཁ་དོག་ཅི་འདྲ་བ་དེའི་ཁ་དོག་ནག་པོར་སྣང་ན་དེའི་ཚེ་ [57a.3]ཁྲོས་པར་ཤེས་པར་བྱ་སྟེ། ཇི་སྐད་དུ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཟླ་བའི་ཁ་དོག་རབ་འབྱོར་པས། །དེ་ཡི་ཁ་དོག་ཅི་འདྲ་རིག །དེ་བཞིན་འཇིག་རྟེན་དེ་ཡིས་རིག །དག་ན་སྐྱེ་བོ་དག་པར་ཤེས། །དཀར་ན་ཡང་ནི་རབ་ཏུ་དང་། དམར་ནག་རབ་ཏུ་ཞེན་ཅིང་ཁྲོ། ཁ་དོག་ [57a.4]ཅི་འདྲ་དེ་ཡི་བདག །ཅེས་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ལ་ཡང་ཆོ་ག་འདི་ཉིད་དེ། འདི་སྐད་དུ་ཡང་། ཕྱག་རྒྱ་ཆེན་པོར་མཉམ་གཞག་པ། །ཟླ་བའི་དཀྱིལ་འཁོར་འོད་དང་བཅས། །རང་གི་ལུས་དེ་ཇི་ལྟར་ཤེས། །དེ་བཞིན་འགྲོ་ [57a.5]བའི་ཡིད་ཤེས་སོ། །ཞེས་གསུངས་སོ། །དེ་བཞིན་དུ་གལ་ཏེ་འགའ་ཞིག་འགྲོ་བའམ་འོང་བར་ཤེས་པར་འདོད་ན་དེའི་ཚེ་དེ་དང་རྗེས་སུ་མཐུན་པར་སྨོན་ལམ་བཏབ་སྟེ། ཇི་སྲིད་མཉམ་པར་གཞག་པས་ལག་པ་ལ་སོགས་པས་འགྲོ་བའམ་འོང་བའི་སྦྱོར་བ་བྱེད་པའམ། རང་ [57a.6]གཡོ་བར་སྣང་བར་གྱུར་པ་དེ་སྲིད་དུ་བསྒོམས་ཏེ་དེ་ནས་དེ་བཞིན་དུ་ཤེས་པར་བྱའོ། །ཇི་སྐད་དུ། མཉམ་པར་འཇོག་པ་འདི་དག་ནི། །འགྲོ་བ་དང་ནི་འོང་བའམ། །གཡོ་བ་དག་ཀྱང་བྱེད་པར་ནི། །ཇི་ལྟར་མཐོང་བ་དེ་ལྟར་འོང་། །སེམས་ཅན་གང་དང་གང་དག་གིས། །མཉམ་ [57a.7]པར་གཞག་སྟེ་བསམས་ན་ནི། །དེ་དང་དེ་དག་དེ་བཞིན་དུ། །སེམས་ནི་ཐམས་ཅད་ཉིད་འགྱུར་ཞེས། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པ་བསྒོམས་པ་ལས་ [57b] [57b.1]བྱུང་བའི་དངོས་གྲུབ་རྣམས་གསུངས་ཏེ། རྒྱ་ཆེར་ནི་རྒྱུད་ཉིད་ལས་ཤེས་པར་བྱའོ། །འདིར་ནི་རྣལ་འབྱོར་པ་རྣམས་དགའ་བར་བྱ་བའི་ཕྱིར་དེ་རྣམས་ལས་ཅུང་ཟད་ཙམ་ཞིག་བདག་གིས་བཏུས་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་བསྒོམ་པའི་དངོས་གྲུབ་མདོར་ [57b.2]བསྡུས་པའོ།། །།ད་ནི་བཟླས་བརྗོད་ཀྱི་སྦྱོར་བའི་དངོས་གྲུབ་རྣམས་བཤད་པར་བྱ་སྟེ། འདིར་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པའི་དངོས་གྲུབ་རྣམ་གཉིས་བཤད་མོད་ཀྱི། འོན་ཀྱང་བཟླས་བརྗོད་ཀྱི་ [57b.3]སྐབས་སུ་བཤད་པའི་དངོས་གྲུབ་ཀྱི་ཆོ་ག་འདི་ལ། དེ་ལས་གཞན་པའི་རིགས་རྣམས་ཀྱི་སྐྱིལ་མོ་ཀྲུང་ལ་སོགས་པའི་ཆོ་གའི་སྐབས་སུ་མ་བབ་ཀྱང་བཤད་པར་བྱ་སྟེ། དེ་ལ་རྣལ་འབྱོར་པ་རྣམས་མཁས་པར་བྱ་བའི་ཕྱིར་རོ། །དེ་ལ་གལ་ཏེ་གང་ཡང་རུང་བའི་རིགས་ཀྱི་ལྷའི་སྙིང་པོ་ལ་ [57b.4]སོགས་པ་བཟླས་བརྗོད་བྱེད་པ་ལ་བརྩོན་པ་རིགས་སོ་སོའི་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་རྣམས་ཀྱི་བཟླས་བརྗོད་ཀྱི་སྐབས་སུ་གསུངས་པའི་དངོས་གྲུབ་འདོད་པའི་རྣལ་འབྱོར་པ་གང་ཡིན་པ་དེས། རང་གི་རིགས་དང་མཐུན་པའི་རང་གི་ལྷའི་དམ་ཚིག་ [57b.5]སེམས་དཔའི་རྣལ་འབྱོར་ཇི་ལྟར་བྱས་པའི་བདག་ཏུ་གྱུར་པར་མངོན་དུ་བྱ་སྟེ། ཇི་ལྟར་འདོད་པའི་རིགས་གཞན་དང་རྗེས་སུ་མཐུན་པའི་སྐྱིལ་མོ་ཀྲུང་ལ་སོགས་པར་འདུག་པའི་རིགས་གཞན་གྱི་སོ་སོར་ངེས་པའི་ལུས་དང་ངག་དང་ཡིད་ཀྱི་སྦྱོར་པ་དེས། འདིར་རང་གི་རིགས་སུ་གཏོགས་ [57b.6]པའི་སྙིང་པོ་ལ་སོགས་པ་བཟླས་བརྗོད་བྱའོ། །དེ་ལ་རྒྱལ་བའི་རིགས་ཀྱི་སྙིང་པོ་ལ་སོགས་པ་ཟློས་པ་པོ་རྣམས་ཀྱི་འདུག་པའི་བྱེ་བྲག་གསུངས་པ། ཇི་ལྟར་བྲིས་པའི་རྗེས་མཐུན་པར། །གང་ཡང་རུང་བའི་སྐྱིལ་མོ་ཀྲུང་། །འདུག་ནས་རབ་ཏུ་བསྒྲུབས་ན་ནི། །སེམས་དཔའ་ཆེན་པོ་རབ་ [57b.7]ཏུ་འགྲུབ། །རྒྱལ་བའི་རིགས་ལ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱའོ་ཞེས་གཞན་དག་ལས་གསུངས་སོ། །རང་གི་རྐང་གཡས་རྩེ་མོ་ནི། །པང་པ་གཡོན་པའི་སྟེང་དུ་བཞག། །འདི་ནི་སེམས་དཔའི་སྐྱིལ་མོ་ཀྲུང་། །དངོས་གྲུབ་ཀུན་ལ་འོས་པ་ཡིན། །ཞེས་བྱའོ། །རྡོ་རྗེའི་ [58a] [58a.1]རིགས་ལ་ནི། ཇི་ལྟར་བྲིས་པའི་རྗེས་མཐུན་པར། །གཡོན་བརྐྱང་ཚུལ་དུ་རབ་གནས་ཏེ། །རབ་ཏུ་ཁྲོས་པས་བསྒྲུབས་ན་ནི། །དོགས་པ་མེད་པར་འགྲུབ་པར་འགྱུར། པདྨོའི་རིགས་ལ་ནི། རྡོ་རྗེ་སྐྱིལ་མོ་ཀྲུང་འདུག་ལ། །ལག་གཉིས་རྡོ་རྗེ་བཅིངས་པ་སྟེ། །ཏིང་ [58a.2]ངེ་འཛིན་གྱི་ལུས་བྱས་ནས། །པདྨ་ལས་བྱུང་བསྒྲུབ་པར་བྱའོ། །རིན་ཆེན་འབྱུང་གནས་ཀྱི་རིགས་ལ། ལངས་སམ་ཡང་ན་འདུག་ཀྱང་རུང་། །འཆག་གམ་ཇི་ལྟར་གང་ཡང་རུང་། །རྡོ་རྗེ་སྙིང་པོར་དབང་བསྐུར་བས། །གྲུབ་པར་གྱུར་པ་དགོས་པ་མེད། །ཅེས་བྱ་སྟེ། འདི་ནི་ [58a.3]རིགས་བཞིའི་བཟླས་བརྗོད་དང་བསྒོམ་པ་ལ་བརྩོན་པ་རྣམས་ཀྱི་རང་གི་རིགས་ཀྱི་བྱེ་བྲག་ཇི་ལྟ་བར་ལུས་ཀྱི་དབྱིབས་ཀྱི་མཚན་ཉིད་བསྟན་པ་སྟེ། རིགས་བཞི་ཆར་གྱི་སྦྱོར་བ་བསྟན་པ་སྤྱིར་བཤད་པའོ། །དེ་བཞིན་དུ་རྡོ་རྗེ་དང་། ཁྲོ་བོ་དང་འབར་བ་དང་བྱམས་པའི་ལྟ་བ་དང་། ལྟ་བ་ [58a.4]བཞིའི་སྤྱིའི་མཚན་ཉིད་ཀྱང་འདི་ལྟ་སྟེ། དེ་ལ་འདི་ནི་རྡོ་རྗེ་ལྟ་བའི་མཚན་ཉིད་དོ། །རྡོ་རྗེ་ལྟ་བའི་ཆགས་པས་སུ། །རབ་ཏུ་དགའ་བ་ཆགས་པའི་མིག །དེ་ཡིས་བུད་མེད་ལ་བལྟས་ན། །དབང་དུ་འགྱུར་བས་ངེས་པའོ། །བུད་མེད་ཅེས་བྱ་བ་ནི་འདིར་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ [58a.5]ལ་སོགས་པར་ཤེས་པར་བྱའོ། །འབར་བའི་ལྟ་བ་ནི། རབ་ཏུ་མྱུར་བ་གཡོ་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་སུ་གསུངས། །འགྲོ་བ་ཐམས་ཅད་དགུག་པའོ། །ཁྲོ་བོའི་ལྟ་བ་ནི། ཁྲོ་གཉེར་བསྙེར་བས་རབ་ཏུ་འཇིགས། །ཁྲོ་བོའི་ལྟ་བས་རབ་ཏུ་ [58a.6]འཛུམ། །ཁྲོ་བོའི་ལྟ་བར་མཉམ་བཞག་ན། །ཁམས་གསུམ་དག་ཀྱང་འཇིག་པར་བྱེད། །བྱམས་པའི་ལྟ་བ་ནི། རི་རབ་ལྷུན་པོའི་བྲག་ཆེན་ལྟར། །བརྟན་ཞིང་མི་འཛུམ་པ་ཡི་མིག །བྱམས་པའི་ལྟ་བ་ཡིན་པར་བཤད། །རིམས་ནད་གདོན་དང་དུག་རྣམས་སེལ། །ལྟ་བ་ [58a.7]འདི་རྣམས་ཀྱང་སོ་སོའི་སྙིང་པོ་གང་ཡིན་པ་དང་ལྡན་པར་རང་གི་ལྷའི་རྣལ་འབྱོར་དུ་གནས་པའི་རྣལ་འབྱོར་པས་སྦྱར་ན་དབང་དུ་བྱ་བ་དང་། དགུག་པ་དང་། གཞུག་པ་དང་། རིམས་ནད་དང་གདོན་ལ་སོགས་པ་སེལ་བའི་ལས་སྔར་གསུངས་པའི་རྣམས་བྱེད་དོ། །དེ་ལ་སྙིང་ [58b] [58b.1]པོ་ནི་འདི་རྣམས་སོ། །བཛྲ་དྲྀཥྚི་མཊ། བཛྲ་དྲྀཥྚི་ཨཾ་ཀུ་ཤ་ཛ། ཀྲོ་དྷ་དྲྀཥྚི་ཧཱུཾཿདིཔྟ་དྲྀཥྚི་མ་ཊ། །སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་རྣམས་ཀྱི་ཚིག་གི་བྱེ་བྲག་ཆོ་ག་བཞིན་དུ་ཇི་ལྟར་བརྗོད་པའི་མཚན་ཉིད་ཀྱང་། དེ་བཞིན་དུ་གསང་སྔགས་ཡིད་ལ་བརྗོད་པ་དང་། [58b.2]ཚིག་ཏུ་བརྗོད་པ་རྣམ་པ་གཉིས་སོ། །དེ་ལ་ཡིད་ལ་བརྗོད་པ་ཡང་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་བྱེ་བྲག་རྣམ་པ་གཉིས་ཏེ། དེ་ལ་འོག་ནས་བྱུང་བའི་མཚན་ཉིད་ཏིང་ངེ་འཛིན་གྱི་ཚིག་གི་རང་བཞིན་ནི་མཚན་མ་དང་བཅས་པའོ། །དེ་ལས་གཞན་པ་ཡིད་ལ་བརྗོད་ [58b.3]པའི་མཚན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལས་བཤད་པར་བྱའོ། །ཚིག་ཏུ་བརྗོད་པ་ནི་རིགས་བཞིའི་བྱེ་བྲག་གི་ཚིག་རྣམ་པ་བཞི་སྟེ། དེ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་ནི། །ལྕེ་ཡི་ཐོག་མ་ཅུང་ཟད་གཡོ། །སོ་དང་མཆུ་གཉིས་སྦྱར་ནས་སུ། །རྟོག་པ་ [58b.4]ཐམས་ཅད་བསྒྲུབ་པར་བྱ། །རྡོ་རྗེའི་ཚིག་ནི་སྒྲ་མེད་པའོ། །ཞེས་བྱའོ། །རྟོག་པ་ཐམས་ཅད་ཅེས་བྱ་བ་ཡང་འདིར་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་རིགས་ཐམས་ཅད་དུ་གཏོགས་པའི་ལྷའི་བྱེ་བྲག་ལ་བྱ་སྟེ། སེམས་ཅན་གྱི་དོན་གྲུབ་པར་བྱ་བའི་ཕྱིར་སངས་རྒྱས་ [58b.5]ཐམས་ཅད་ཀྱི་དེ་དག་དེ་ལྟ་བུར་བརྟགས་པའི་ཕྱིར་རོ། །དོན་འདི་ཡང་། དེ་ལ་མི་རྟོག་རྟོག་པའི་བདག །རྟོག་པས་བརྟགས་པ་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་བས་རྟོག་པ་ཞེས་བྱའོ། །ཞེས་གསུངས་སོ། །དེ་བས་ན་རྡོ་རྗེ་སེམས་དཔའ་བདག་ [58b.6]ཉིད་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་རྣམས་སུ་གྱུར་ནས། སེམས་ཅན་གྱི་དོན་གྱི་དབང་གིས་དེ་ལྟ་བུར་གནས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རིགས་ཀྱི་ལྷ་ཐམས་ཅད་ལ་རྟོག་པ་ཞེས་བྱ་བའི་སྒྲར་བརྗོད་པར་ངེས་སོ། །དེ་བས་ན་རྡོ་ [58b.7]རྗེའི་ཚིག་ནི་ལྷ་རྣམས་ཐམས་ཅད་ཀྱི་སྤྱིའི་ཡོན་ཏན་ནོ་ཞེས་བསྟན་ཏོ། །དེའི་ཕྱིར་རིགས་ཐམས་ཅད་སྤྱིའི་རྒྱུད་བསྟན་པ་ནས། ཕྱག་རྒྱ་ཆེན་པོའི་སྦྱོར་བ་ནི། །རང་གི་སེམས་དཔའི་ཏིང་འཛིན་གྱིས། །རྡོ་རྗེ་ཚིག་དང་ལྟ་བ་ཡིས། །དངོས་གྲུབ་མཆོག་ནི་མྱུར་དུ་འཐོབ། །ཅེས་བསྟན་ཏོ། ། [59a] [59a.1]འདིར་ཡང་དེ་བཞིན་གཤེགས་པའི་རིགས་ལ་ཚིག་གཞན་འདིར་མ་བསྟན་པས། རྡོ་རྗེའི་ཚིག་ཉིད་དང་སྦྱར་རོ། །དེ་ལས་གཞན་པའི་རིགས་རྣམས་ལས་ནི། རྡོ་རྗེའི་ཚིག་དང་བཤད་པ་འདི་ལས་གཞན་པའི་ཚིག་གི་བྱེ་བྲག་འོག་ནས་འབྱུང་བའི་མཚན་ཉིད་དུ་ [59a.2]ཤེས་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་རང་གི་རིགས་ཀྱི་སྤྱིའི་ཆོས་དང་འབྲེལ་ཅིང་བྱེ་བྲག་ཏུ་མ་བསྟན་པས་རྡོ་རྗེའི་ཚིག་ཉིད་དུ་བཤད་པར་བྱའོ། །དེ་བས་ན་དེ་བཞིན་གཤེགས་པ་དང་བཅས་པའི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཏེ། དེ་བཞིན་གཤེགས་ [59a.3]པ་དང་རིགས་རྣམས་ཡིན་པས་ན། དེ་བཞིན་གཤེགས་པའི་རིགས་ཞེས་བཤད་པར་བྱའོ། །རིགས་ཞེས་བྱ་བའི་སྒྲར་བྱེ་བྲག་ཏུ་མ་ཕྱེ་ཡང་དེ་བཞིན་གཤེགས་པ་རྣམས་རིགས་དང་ཉེ་བ་ཉིད་ཀྱིས་གཟུང་བར་བྱའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཡང་ཚིག་གིས་བསྐུལ་ [59a.4]བ་ཉིད་ཀྱིས་རྡོ་རྗེའི་ཚིག་དང་འབྲེལ་པར་བྱས་པར་འགྱུར་རོ། །གཞན་དག་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོ་ངག་གི་ཏིང་ངེ་འཛིན་གྱི་ཚིག་རྡོ་རྗེའི་ཚིག་ཅེས་འབྱུང་བས་བདེ་བར་གཤེགས་པ་རྣམས་ཀྱི་ཚིག་གཞན་རྣམས་ཀྱང་ཡོད་པར་མངོན་ནོ། །དེ་བཞིན་དུ་དེ་བཞིན་ [59a.5]གཤེགས་པའི་རིགས་ཀྱི་ཡང་གཞན་དག་ལས། དེ་ལྟ་བུའི་གསང་སྔགས་རིག་སྔགས་བཟླས་བརྗོད་བྱ་བའི་རྗེས་སུ་མཐུན་པར་ཚིག་གཞན་དུ་གསུངས་པ། རྔ་ལྟར་ཐབ་པའི་སྒྲ་འབྱིན་པ། དེ་བཞིན་གཤེགས་པའི་རིགས་སུ་བཤད། །ཅེས་བྱའོ། །དེ་བཞིན་དུ་བཅོམ་ [59a.6]ལྡན་འདས་རབ་ཏུ་དགའ་བའི་སྒོམ་པའི་སྦྱོར་བ་ལ་ཡང་། གཞན་དག་ཏུ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་བསྒོམ་པའི་སྙིང་པོ་བརྗོད་པའི་ཕྱིར་ཚིག་གི་མཚན་ཉིད་གསུངས་པ། སྣ་རུ་གླུ་ནི་གླུ་ཀུན་གྱིས། །གསང་བ་རབ་ཏུ་དགའ་བའི་ཚིག །ཅེས་བྱའོ། །ཡང་གསུངས་པ། སྣ་ [59a.7]གླུ་འདྲེན་པ་ལ་སོགས་པ། །གླུ་རྣམས་ཀུན་གྱིས་ཅི་དགའ་བར། །རྡོ་རྗེ་དགའ་བའི་ཚིག་གིས་ནི། །གླུ་མཁན་དང་པོར་བླང་བར་བྱ། །ཞེས་བྱ་སྟེ། ཧཱུྃ་ཞེས་བྱ་བའི་གླུ་ནི་འདིར་གླུ་མཁན་དང་པོར་དགོངས་སོ། །ཚིག་འདི་ཉིད་གཞན་དག་ལས་གླུའི་ཚིག་ཅེས་འབྱུང་སྟེ། འདྲེན་པའི་ [59b] [59b.1]སོགས་དང་པོའི་རྣམས། །བླངས་ན་གླུ་ཡི་ཚིག་ཅེས་བསྒྲགས། །ཞེས་བྱའོ། །ཁྱད་པར་དུ་ཡང་འདིར་ཕྱག་ན་རྡོ་རྗེའི་གླུའི་ཚིག་གིས་བཟླས་པར་བསྟན་ཏོ། །རྡོ་རྗེ་རིགས་ལ་བཟླས་བརྗོད་བྱེད་པ་རྣམས་ཀྱི་ཚིག་གི་མཚན་ཉིད་ཀྱི་ཁྱད་པར་བཤད་ཟིན་ཏོ།། །།པདྨའི་ [59b.2]རིགས་ལ་ནི། །དབུགས་མེད་རབ་ཏུ་ཕྲ་བའི་ཚིག །རབ་ཏུ་ཡོངས་སུ་གསལ་བ་སྟེ། །བཟླས་བརྗོད་ཐམས་ཅད་དེ་བཞིན་འགྲུབ། །ཏིང་འཛིན་ཡེ་ཤེས་ལས་བྱུང་བའོ། །ཞེས་བྱའོ། །གཞན་དག་ལས་ནི་ཏིང་ངེ་འཛིན་གྱི་ཚིག་པདྨའི་རིགས་ཀྱི་ཡིན་ནོ་ཞེས་བཤད་དོ། ། [59b.3]རིན་པོ་ཆེའི་རིགས་ལ་ནི། །རབ་ཏུ་གསལ་བའི་ཚིག་གིས་ནི། །ཕྱག་འཚལ་བ་ལ་འདུན་པ་ཡིས། །ཆོ་ག་འདི་ཡིས་བཟླས་པ་ནི། །སྒྲ་ཡི་ཚིག་ཅེས་ཀུན་དུ་གྲགས། །ཞེས་བྱའོ། །རྡོ་རྗེ་ལ་སོགས་པའི་རིགས་ཀྱི་བདག་པོ་རྣམས་ཀྱང་དེ་བཞིན་གཤེགས་པ་བཞིན་ [59b.4]དུ་རང་གི་རིགས་ཀྱི་ཚིག་ཉིད་དུ་ཤེས་པར་བྱ་སྟེ། ལྷའི་བྱེ་བྲག་ཡོངས་སུ་བཟུང་བ་ལས་ཚིག་གི་བྱེ་བྲག་རྣམས་ཤེས་པར་བྱའོ། །དེ་ལྟར་རྒྱུད་གཞན་ལས་གྲགས་པ་བཞི་ལས་ལྷག་པའི་ཚིག་གི་བྱེ་བྲག་རྣམས་ཀྱང་ཚུལ་འདི་ལས་གསུངས་པའི་རིགས་བཞིའི་ཚུལ་དུ་གཏོགས་ [59b.5]ཏེ། ཚིག་རྣམས་པ་བཞིའི་ཕྱིར་ཏེ་བསྒྲུབ་པའི་བཟླས་བརྗོད་རྣམ་པ་བཞིར་བཤད་དོ། །འདིར་ཡང་ཁྲོ་བོ་དང་། ཕྲ་བ་དང་། སྒྲའི་ཚིག་རྣམས་རྡོ་རྗེ་ལ་སོགས་པའི་རིགས་ལ་མྱུར་དུ་འགྲུབ་པར་བྱེད་པར་ཁྱད་པར་དུ་བཀོད་པའོ། །རྡོ་རྗེའི་ཚིག་ནི་རིགས་རྣམས་ཐུན་མོང་པ་སྟེ། དེའི་ [59b.6]ཡོན་ཏན་ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ཀྱང་ཡིད་ཀྱི་བཟླས་པ་རབ་ཏུ་ལྷག་པ་དང་ཐུན་མོང་བ་སྟེ། གར་གཏོགས་པའི་ཁྱད་པར་བཤད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་ཚུལ་གཞན་དག་ལས། །ཡིད་ཀྱིས་སུ་ནི་བཟླས་པར་བྱ། །གལ་ཏེ་ན་ཡང་ཤུ་བུར་བཟླས། །ཞེས་ [59b.7]བྱ་བ་སྤྱིར་བཤད་དོ། །དེ་ཡང་མཚན་ཉིད་འདིར་མ་གསུངས་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་པའི་དངོས་གྲུབ་ཀྱི་སྙིང་པོ་རྣམས་ཡིད་ལ་བསམ་པའི་མཚན་ཉིད་གཙོ་བོར་ཤེས་པར་བྱའོ། །གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའི་ཚེ། ཇི་སྐད་དུ་གསུངས་ [60a] [60a.1]པའི་དམ་ཚིག་རྣམས་ཀྱིས་བསྒོམ་པའི་སྙིང་པོ་རྣམས་བརྗོད་པའི་ཞར་གྱིས། ཇི་སྐད་དུ་གསུངས་པའི་ཚིག་ལ་ཞེན་པའི་ཡིད་ནི་གཅིག་ཁོ་ནར་བསྒོམ་པར་བྱ་བའི་དངོས་པོ་རབ་ཏུ་གསལ་བར་མི་འགྱུར་རོ་ཞེས་གསུངས་སོ། །གང་ཡང་རིགས་ཀྱི་བྱེ་བྲག་ལས་ [60a.2]ཚིག་གི་མཚན་ཉིད་རྣམ་པ་བཞིར་གསུངས་པ་འདི་ནི། བཟླས་པའི་སྐབས་ཉིད་དུ་གཙོར་བསྟན་པར་ཤེས་པར་བྱའོ། །གང་གི་ཚེ་རྣལ་འབྱོར་གྱི་ཚུལ་གཞན་ལས་གསུངས་པའི་མཚན་ཉིད། །དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚིག །རྡོ་རྗེའི་ཚིག་གོ་ [60a.3]ཞེས་བྱ་བ་འདིར་སྦྱར་ན་དེའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིད་ཀྱི་བཟླས་བརྗོད་ཉིད་དུ་བཤད་པར་རིག་པར་བྱའོ། །ཇི་ལྟར་ཞེ་ན། མཉམ་པར་གཞག་པའི་ཚིག་ནི་རང་གི་བརྗོད་པ་ཉིད་དུ་རྣལ་འབྱོར་ལ་མཁས་པ་རྣམས་འཆད་དོ། །དེ་བས་ན། རྒྱལ་བ་རྣམས་ཀྱི་ཡིད་ཀྱིར་ [60a.4]བཤད། །ཚིག་ཏུ་དེ་ཡི་རིགས་ལ་སོགས། །རྡོ་རྗེ་ཁྲོ་བོ་སྒྲ་ཆུང་བའི། །ཚིག་རྣམས་ཀྱིས་ནི་ཕལ་ཆེར་བཟླས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རྣལ་འབྱོར་པ་རྣམས་ཀྱི་ཚིག་གི་ཡུལ་གྱི་བྱེ་བྲག་རྣམས་བཤད་ཟིན་ཏོ། །ཡིད་ཀྱི་བྱེ་བྲག་ཀྱང་རེ་ཞིག ། [60a.5]དེ་བཞིན་གཤེགས་པ་རྣམས་ཀྱིས་ནི། །འདོད་པ་ལ་སོགས་བདེ་བ་ཀུན། །རྟག་ཏུ་བདག་གི་སྙིང་ལ་གནས། །ཨེ་མ་ཧོ་སེམས་ཅན་དོན་ཞེས་པ། །གང་ཕྱིར་ཆགས་དང་བྲལ་བའམ་ཆགས། །ཞེས་བྱ་བའོ། །རྒྱལ་བའི་རིགས་ལ་ནི། །འདོད་པ་བཅོམ་ལྡན་རྟག་པ་ [60a.6]སྟེ། །སེམས་ཅན་ཀུན་ལ་བདེ་སྩོལ་བ། །རྡོ་རྗེ་སེམས་དཔའ་ཉིད་བདག་ཅེས། །བསྒོམས་ན་འགྲུབ་པ་ཉིད་དུ་འགྱུར། །ཞེས་བྱའོ། །རྡོ་རྗེའི་རིགས་ལ་ནི། སེམས་ཅན་ཀུན་ལ་ཕན་འདོགས་ཕྱིར། །གདུག་པ་རྣམས་ནི་གཞིག་ཕྱིར་དང་། །སངས་རྒྱས་བསྟན་པ་བསྲུང་ [60a.7]བའི་ཕྱིར། ཁྲོ་བོ་གྲུབ་པར་བྱེད་པའི་མཆོག །ཅེས་བྱའོ། །པདྨའི་ཞེས་བྱ་བ་ནི་འདི་ལྟ་སྟེ། པདྨ་ཀུན་གྱི་ཉེས་པ་ཡིས། །མ་གོས་རབ་ཏུ་ཆགས་དང་ལྡན། །དེ་བཞིན་གནས་ཀྱི་ཉེས་པས་དག །སྲིད་ལ་ཆགས་པས་འགྲུབ་པར་འགྱུར། །ནོར་བུའི་རིགས་ལ་ནི། ནམ་ཞིག་ [60b] [60b.1]སེམས་ཅན་ཐམས་ཅད་གྱིས། །དགོས་པའི་དོན་ཀུན་བསྒྲུབ་པའི་ཕྱིར། །དེ་བཞིན་རིན་ཆེན་ཆར་དབབ་ཅེས། །ལེགས་པར་བསྒོམས་ན་འགྲུབ་པར་འགྱུར། །ཞེས་བྱའོ། །རིགས་བཞིའི་ལྷ་རྣམས་ཀྱི་བཟླས་བརྗོད་བྱེད་པའི་ཚེ། སྔགས་པ་རྣམས་ཀྱི་ཡིད་ཀྱི་བསམ་པ་ [60b.2]བཤད་ཟིན་ཏོ། །རྡོ་རྗེ་ལ་སོགས་པའི་རིགས་ཀྱི་བདག་པོ་རྣམས་ཀྱིས་ནི་ཕལ་ཆེར་བཟླས་བརྗོད་ཀྱི་ཚིག་བཞིན་དུ་རང་གི་རིགས་ཀྱི་ལུས་དང་ངག་དང་ཡིད་ཀྱི་སྦྱོར་བ་ལ་བསྟན་པ་ཉིད་དུ་ཤེས་པར་བྱའོ། །རིག་སྔགས་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་རབ་ཏུ་ [60b.3]དབྱེ་བ་བསྡུས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་བཞིའི་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་བྱས་པ་བཟླས་བརྗོད་དང་བསྒོམ་པའི་རྗེས་སུ་མཐུན་པའི་ལུས་དང་ངག་དང་ཡིད་ཀྱི་སྦྱོར་བ་ལ་མཁས་པ་སོ་སོའི་སྙིང་པོ་དང་ཕྱག་རྒྱ་དང་གསང་ [60b.4]སྔགས་དང་། རིག་སྔགས་རྣམས་ལས་ཇི་ལྟ་བ་བཞིན་དུ་གང་ཡང་རུང་བའི་བཟླས་བརྗོད་ཀྱི་སྐབས་སུ་གསུངས་པའི་དངོས་གྲུབ་འདོད་པའི་སྙིང་པོ་ལ་སོགས་པ་གང་ཡང་རུང་བ་གཅིག་བཟླས་བརྗོད་བྱའོ། །དེ་ལ་རེ་ཞིག་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ [60b.5]བཞིར་གསུངས་པའི་ལྷའི་སྙིང་པོ་རྣམས་ལས་གང་ཡང་རུང་བའི་ལས་བྱེད་པར་འདོད་པའི་རྣལ་འབྱོར་པས་བདག་དང་མི་གཉིས་པར་གྱུར་པའི་རང་གི་ལྷའི་དམ་ཚིག་སེམས་དཔའི་གཟུགས་ཇི་ལྟར་བསྒྲུབ་པ་མངོན་དུ་བྱའོ། །ཁྱད་པར་དུ་ནི་རིགས་ཇི་ལྟ་བུའི་ལྷའི་གཟུགས་རྣམས་བསྒྲུབ་ [60b.6]པའི་ནང་ནས། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷའི་གཟུགས་ཇི་ལྟར་བསམས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང་ལྡན་པ་ཉིད་དུ་མངོན་དུ་བྱའོ། །རྡོ་རྗེའི་རིགས་ལ་ནི། དམ་ཚིག་ཕྱག་རྒྱ་འཛིན་པར་བྱའོ། །པདྨའི་རིགས་ལས་འབྱུང་བ་ལ་ནི་སྙིང་གར་ཆོས་ཀྱི་ཕྱག་རྒྱའི་ [60b.7]ཡི་གེ་བཞག་གོ། །རིན་ཆེན་འབྱུང་གནས་ལས་བྱུང་བ་ལ་ནི་ཕྱག་གཉིས་རང་གི་ལས་ཀྱི་ཕྱག་རྒྱ་ཇི་ལྟ་བུར་མཛད་པ་གཙོར་དྲན་པའི་སྤྱོད་ཡུལ་དུ་བྱས་ལ། མདུན་དུ་ཡང་དེ་ལྟ་བུ་ཉིད་ཇི་སྐད་གསུངས་པའི་གདན་ལ་བཞུགས་ཤིང་ཇི་སྐད་གསུངས་པའི་ཁ་དོག་དང་དབྱིབས་གསལ་ [61a] [61a.1]བར་ཡུན་རིང་དུ་བལྟར་སྣང་ཞིང་། རང་གི་རིགས་དང་རྗེས་སུ་མཐུན་པར་བལྟས་པ་ཙམ་གྱིས་ཀུན་མཐུན་པ་བཞིན་རྗེས་སུ་ཞེན་པས་མངོན་པར་བསམ་མོ། །ཇི་སྐད་དུ། དེ་བཞིན་གཤེགས་པའི་སྙིང་པོ་བཟླས་བརྗོད་བྱེད་པ་རྣམས་ཀྱི་སྐབས་སུ། [61a.2]ཕྱག་རྒྱ་ཆེན་པོར་བྱས་ནས་ནི། །དེ་བཞིན་གཤེགས་པ་རྗེས་དྲན་ཞིང་། །བསྒྲུབས་ན་མྱུར་དུ་འགྲུབ་པ་ནི། །སངས་རྒྱས་བྱང་ཆུབ་བརྟན་པ་ཡང་། །ཞེས་བྱ་བ་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ལ་ཡང་། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །བཅིངས་ནས་ [61a.3]ཡོངས་སུ་བསྒོམ་པར་བྱ། །མདུན་དུ་རྡོ་རྗེ་སེམས་དཔའ་བསྒོམ། །དངོས་གྲུབ་ཉིས་འགྱུར་དུ་འགྱུར་རོ། །ཞེས་བྱ་བའོ། །རྡོ་རྗེའི་རིགས་ལ་ཡང་། དམ་ཚིག་མཆོག་ནི་བཅིངས་ནས་སུ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །རྡོ་རྗེ་སེམས་དཔའ་བསྒོམས་ན་ནི། ། [61a.4]དངོས་གྲུབ་ཉིས་འགྱུར་དུ་འགྱུར་རོ། །ཞེས་གསུངས་སོ། །པདྨའི་རིགས་ལ་ནི། ཆོས་ཀྱི་ཕྱག་རྒྱ་བཅིངས་ནས་སུ། །འཇིག་རྟེན་དབང་ཕྱུག་ཏིང་འཛིན་གྱིས། །འཇིག་རྟེན་མགོན་ཡང་བསྒོམས་ན་ནི། །དངོས་གྲུབ་ཉིས་འགྱུར་དུ་འགྱུར་རོ། །ཞེས་བྱ་བའོ། །རིན་ [61a.5]པོ་ཆེའི་རིགས་ལ་ནི། སྙིང་པོ་བཟླས་བརྗོད་བྱེད་པ་རྣམས་ལ་དགོངས་ནས། ལས་ཀྱི་ཕྱག་རྒྱ་མཉམ་གཞག་ནས། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། །དངོས་གྲུབ་ཉིས་འགྱུར་དུ་འགྱུར་རོ། །ཞེས་བྱ་བ་གསུངས་སོ། །དེ་ནས་དེ་བཞིན་ [61a.6]གཤེགས་པ་རྣམས་ཀྱི་ཐུགས་ལ་དགོངས་པ་འགྲུབ་པར་ཤོག་ཅིག་ཅེས་བསྔགས་ནས། སྔར་བཤད་པའི་རིགས་ཀྱི་རྗེས་སུ་མཐུན་པའི་ཡིད་ཀྱི་བསམ་པ་རྗེས་སུ་དྲན་པར་བྱའོ། །དབུགས་སླར་བསྡུ་བའི་ཚུལ་གྱིས་དབང་པོའི་ཚོགས་མཐའ་དག་ནང་དུ་ཕྱོགས་པར་བྱས་ལ། [61a.7]ཇི་སྐད་དུ་གསུངས་པའི་རིགས་དང་རྗེས་སུ་མཐུན་པའི་ཚིག་གིས་བཟླས་བརྗོད་བྱ་བའི་སྙིང་པོའི་དོན་བདག་ལ་བསྒོམ་ཞིང་དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པ་གང་ཡང་རུང་བའི་རིགས་ཀྱི་ལྷ་རྣམས་ལས་གང་འདོད་པའི་སྙིང་པོ་བཟླས་བརྗོད་བྱའོ། །ཡང་ན་དྲན་པ་དང་ [61b] [61b.1]སྲོག་གི་རྗེས་སུ་འབྲང་བའི་ཡང་ཕྱི་རོལ་དུ་བཏང་བས་མདུན་ན་བཞུགས་པའི་རང་གི་ལྷའི་གཟུགས་ཇི་སྐད་དུ་གསུངས་པའི་རིགས་དང་རྗེས་སུ་མཐུན་པའི་ཚིག་གིས་ལྟ་བས་བརྟག་ཅིང་དབུགས་དབྱུང་བའི་མཐའི་བར་དུ་བཟླས་བརྗོད་བྱ་སྟེ། ཡང་དབུགས་སླར་བསྡུ་བའི་ [61b.2]ཚུལ་གྱི་ཡིད་ནང་དུ་ཕྱོགས་པར་བྱས་པས། སྲོག་དང་དབང་པོ་རྒྱུ་བ་བཀག་སྟེ། ཇི་སྲིད་འདོད་པར་བདག་དང་མི་གཉིས་པར་གྱུར་པའི་རང་གི་ལྷའི་གཟུགས་ལ་དམིགས་ཤིང་བཟླས་བརྗོད་བྱ་བའི་སྙིང་པོ་བརྗོད་པར་བྱའོ། །ཡང་ན་ཚུལ་འདིས་རང་གི་ལྷའི་སྐུ་ལ་བརྟག་ཅིང་ [61b.3]དབུགས་འབྱིན་པ་དང་རྔུབ་པའི་ཚུལ་གྱིས་ཇི་སྲིད་འདོད་པའི་བར་བཟླས་བརྗོད་བྱའོ། །དེའི་དོན་ཡང་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཐམས་ཅད་སྤྱིའི་རྒྱུད་བསྟན་པ་ལས། སྙིང་པོའམ་རིག་སྔགས་ཕྱག་རྒྱའམ་སྔགས། །བཟླས་བརྗོད་ [61b.4]དོན་གྱིས་བསྒྲུབ་པ་ན། །བདག་གམ་ཡང་ན་སེམས་དཔའང་རུང་། །བསྒོམས་ནས་དེ་བཞིན་འགྲུབ་པར་འགྱུར། །ཞེས་གསུངས་སོ། །འདི་ནི་རེ་ཞིག་རིགས་སོ་སོའི་ཁྱད་པར་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང་ལྡན་པ་བདག་དང་ཕྱི་རོལ་དུ་བཞུགས་བའི་རང་གི་ལྷའི་ [61b.5]གཟུགས་གཙོར་མངོན་དུ་བྱེད་པ་དང་། རིགས་སོ་སོར་ངེས་པའི་ངག་དང་ཡིད་དང་ལྟ་བའི་མཚན་ཉིད་ཇི་སྐད་དུ་གསུངས་པའི་སྦྱོར་བས་རིགས་བཞི་ཆར་གྱི་སྙིང་པོ་བཟླས་བའི་རྣལ་འབྱོར་རྣམ་པ་གཅིག་བསྟན་པའོ། །གཉིས་པ་ནི་རིགས་བཞིའི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ [61b.6]ཇི་ལྟར་བསྒྲུབས་པའི་ལྷ་རྣམས་མངོན་དུ་བྱེད་པ་དང་། རྡོ་རྗེའི་ཚིག་དང་། རྡོ་རྗེའི་ལྟ་བས་སྤྱིར་སྙིང་པོ་ཐམས་ཅད་ཀྱིས་བཟླས་བརྗོད་བྱ་བའི་བསྒྲུབ་པ་གསུངས་ཏེ། འདི་སྐད་དུ་ཡང་། རིགས་ཐམས་ཅད་སྤྱིའི་རྒྱུད་བསྟན་པ་ལས། ཕྱག་རྒྱ་ཆེན་པོའི་སྦྱོར་བ་ནི། །བདག་ཉིད་ [61b.7]སེམས་དཔའི་ཏིང་འཛིན་གྱིས། །རྡོ་རྗེའི་ཚིག་དང་ལྟ་བས་སུ། །དངོས་གྲུབ་དམ་པ་མྱུར་དུ་ཐོབ། །ཅེས་གསུངས་སོ། །ཕྱོགས་འདིར་ནི་རང་གི་ལས་ཀྱི་ཕྱག་རྒྱ་དང་ལྡན་པ་ཉིད་དུ་བཟླས་བརྗོད་བྱ་བའི་ལྷ་རྣམས་བཟླས་བརྗོད་བྱེད་པས་མངོན་དུ་བྱ་བར་ཤེས་པར་བྱའོ། ། [62a] [62a.1]བཟླས་བརྗོད་ཀྱི་སྦྱོར་བ་འདི་གཉིས་ཀ་ལ་ཡང་། ཕྱི་རོལ་དུ་བསམ་པའི་ལྷ་ལ་དམིགས་པའི་ཕྱོགས་ལ། རང་གི་ལྷ་ཉིད་མདུན་ན་བཞུགས་པ་ཉིད་དུ་དམིགས་སོ། །ཇི་སྐད་དུ། དེ་ཡི་ལུས་ནི་འཇུག་པ་བཞིན། །གུས་པར་གསོལ་བ་འདེབས་པ་བཞིན། ། [62a.2]བློ་ཅན་གཞན་དུ་མི་ལྟ་བར། །བཟླས་ལ་འབད་པས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །བདུད་ནི་བྱེ་བ་སྟོང་རྣམས་ཀྱང་། །རབ་ཏུ་དགའ་བས་མྱུར་དུ་འཇོམས། །བལྟ་དང་གཟུགས་དང་རྣལ་འབྱོར་དག །མ་བཏང་ན་ནི་མྱུར་དུ་འགྲུབ། །ཅེས་ཀྱང་གསུངས་སོ། ། [62a.3]རིམ་པ་འདིས་ཀྱང་ཉིན་རེ་ཞིང་དུས་བཞིར་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ་ཞེས་གསུངས་སོ། །བགྲང་ཕྲེང་གི་ཆོ་ག་ཡང་རྒྱུད་འདི་ལས་མ་གསུངས་པས་ན། བཟླས་བརྗོད་ཀྱི་གྲངས་ཡིད་ལ་མ་ཡེངས་པའི་མཐུས་གཟུང་ངོ་། །ཡང་ན་རྡོ་རྗེ་རྩེ་མོ་ལས་གསུངས་པའི་ཆོ་གས་ [62a.4]བགྲང་ཕྲེང་བླངས་ཏེ་བཟླས་བརྗོད་ཀྱི་རྣལ་འབྱོར་བྱའོ། །དེ་ལ་རེ་ཞིག་འདིར་ནི་བགྲང་ཕྲེང་དྲང་བའི་སོར་མོ་རྣམས་ཀྱི་ངེས་པ་བསྟན་པ་སྟེ། ཇི་སྐད་དུ། སངས་རྒྱས་ལ་ནི་མཛུབ་མོས་བགྲང་། །རྡོ་རྗེ་འཛིན་ལ་གུང་མོས་སོ། །རིན་ཆེན་ལྡན་གྱི་སྲིན་ལག་སྟེ། །པདྨ་ [62a.5]རྒྱས་ལ་མཐའ་མས་སོ། །ཞེས་གསུངས་སོ། །བགྲང་ཕྲེང་རྣམས་ཀྱང་རིགས་སོ་སོར་ངེས་པར་དེ་ཉིད་ལས་འདི་རྣམས་བསྟན་ཏེ། སངས་རྒྱས་རྣལ་འབྱོར་བོ་དེ་ཙེ། །རྡོ་རྗེ་འཛིན་ལ་རུ་དྲཱཀྵས། །རིན་ཆེན་སྣ་ཚོགས་མུ་ཏིག་གི། པདྨའི་རིགས་ལ་པདྨའོ། །ཞེས་བྱ་བ་ [62a.6]གང་གསུངས་པའོ། །དེ་རྣམས་ཀྱི་ཕན་ཡོན་དང་། དེ་བཞིན་དུ་གཞན་ཡང་རིགས་ཐམས་ཅད་ཀྱི་སྤྱིའི་བགྲང་ཕྲེང་རྣམས་ཕན་ཡོན་དང་བཅས་པ་དེ་ཉིད་ལས་གཞུང་འདིས་གསུངས་པར་ཤེས་པར་བྱ་སྟེ། ཇི་སྐད་དུ། ཡང་ན་ཀུན་གྱི་གཙོ་བོ་སྟེ། །བོད་ཙེ་སྟེ་སྲོག་འཛིན་པའོ། ། [62a.7]ལྕགས་ཀྱི་བཟླས་བརྗོད་ཉིས་འགྱུར་རོ། །ཟངས་ཀྱི་ཡང་ནི་བཞི་འགྱུར་རོ། །དངུལ་གྱི་དེ་ལས་བརྒྱད་འགྱུར་ཏེ། །གསེར་གྱི་དེ་ལས་ཉིས་འགྱུར་རོ། །མུ་ཏིག་གི་ནི་བརྒྱ་འགྱུར་རོ། །དབང་པོ་ཡི་ནི་སྟོང་དུ་སྦྱོར། །རུ་དྲཱཀྵ་ནི་འབུམ་གྱུར་རོ། །པདྨ་ཡང་ནི་བྱེ་བར་གསུངས། ། [62b] [62b.1]བོ་དེ་ཙེ་ལ་ལས་གྲངས་མེད། །ཅེས་གསུངས་སོ། །བཟླས་བརྗོད་བྱེད་པའི་ཚེ་བགྲང་ཕྲེང་འཛིན་པ་ལ་མཁས་པ་ཡང་དེ་ཉིད་ལས་གསུངས་པ་ཉིད་དུ་རིག་པར་བྱ་སྟེ། ལག་པ་གཡོན་པས་ཕྱག་རྒྱ་བྱས། །གཡས་པས་དེ་བཞིན་བགྲང་ཕྲེང་འཛིན། །སོར་མོའི་ཚུལ་ནི་ [62b.2]སྔར་གསུངས་པས། །བཟླས་བརྗོད་རྨད་བྱུང་ཆེན་པོ་བཟླས། །ཞེས་བྱའོ། །དེ་ལ་གསང་བའི་ཕྱག་རྒྱ་ཁུ་ཚུར་གཡོན་པ་ལས་བྱུང་བ་འདི་དེ་དག་ནི་དེ་ཁོ་ན་ཉིད་བསྡུས་པ་ཉིད་ལས་རིགས་ཀྱི་བྱེ་བྲག་ལས་གསུངས་པར་ཤེས་པར་བྱ་སྟེ། དེ་ལ་དེ་བཞིན་གཤེགས་པའི་ [62b.3]རིགས་ལ་ལག་པ་གཡོན་པའི་རྡོ་རྗེའི་ཁུ་ཚུར་ནི་གསང་བའི་ཕྱག་རྒྱར་བཤད་དེ། ལངས་སམ་ཡང་ན་འདུག་ཀྱང་རུང་། །འགྲོའམ་ཇི་ལྟ་དེ་ལྟ་བུར། །ལག་པ་གཡོན་པ་ཕྱག་རྒྱ་འཛིན། །ཐམས་ཅད་བྱེད་ན་རབ་ཏུ་འགྲུབ། །ཅེས་བྱ་བ་གང་གསུངས་སོ། །རྡོ་རྗེའི་ [62b.4]རིགས་ལ་ཁྲོ་བོའི་ཁུ་ཚུར་ཏེ། ཇི་ལྟ་ཇི་ལྟར་འདུག་ཀྱང་རུང་། །རྡོ་རྗེ་ཁྲོ་བོའི་མཛུབ་གཡོན་པ། །གོས་ཀྱིས་གཡོགས་ནས་འགྲུབ་པར་འགྱུར། །ཞེས་གང་གསུངས་སོ། །པདྨའི་རིགས་ལ་ནི་པདྨའི་ཁུ་ཚུར་ཏེ། ཇི་སྐད་དུ། ལག་པ་གཡོན་པ་པདྨ་ཡི། །ཁུ་ཚུར་ [62b.5]བཅིངས་ཏེ་གཡོགས་ནས་ནི། །ཇི་ལྟར་འདོད་པ་བསྒྲུབས་ན་ཡང་། །པདྨའི་དངོས་གྲུབ་མྱུར་དུ་འཐོབ། །ཅེས་གསུངས་སོ། །ལག་པ་གཡོན་པ་རིན་ཆེན་གྱི། །ཁུ་ཚུར་བཅིངས་ཏེ་གཡོགས་ནས་ནི། །ཇི་ལྟར་འདོད་པ་བསྒྲུབས་ན་ནི། །རིན་ཆེན་དངོས་གྲུབ་ [62b.6]ཐོབ་པར་འགྱུར། །ཞེས་བྱ་བའོ། །དེ་ལ་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་གསུངས་པ། །རྡོ་རྗེ་ཁུ་ཚུར་ནི་དམ་ཚིག་གི་ཕྱག་རྒྱ་ཉིད་ལས་གཉིས་སུ་བྱས་ནས་ཞེས་བྱ་བའི་ཚིག་འདིས་སྔར་བཤད་པ་ཡིན་ནོ། །ཁྲོ་བོ་དང་པདྨ་དང་། རིན་པོ་ཆེའི་ཁུ་ཚུར་རྣམས་ནི་རྟོག་པ་དང་རྒྱུད་ཉིད་ལས་ [62b.7]མཚན་ཉིད་ནི་ཇི་སྐད་འབྱུང་བ་བཞིན་རིག་པར་བྱའོ། །འདི་རྣམས་ཀྱང་བཟླས་བརྗོད་བྱེད་པའི་ཚེ་འབའ་ཞིག་དགོས་པ་མ་ཡིན་གྱི་བཟླས་བརྗོད་བྱེད་པ་ལས་ལངས་ནས་སྤྱོད་པའི་ཚེ་ན་ཡང་དུས་ཐམས་ཅད་དུ་གོས་ཀྱིས་གཡོགས་ཏེ་མི་གཏང་བར་ཤེས་པར་བྱའོ། །འདི་ནི་རེ་ [63a] [63a.1]ཞིག་རིགས་བཞིར་གསུངས་པའི་སྙིང་པོ་རྣམས་བཟླས་བརྗོད་བྱེད་པའི་རྣལ་འབྱོར་གྱི་ཆོ་ག་སྟེ་བཤད་ཟིན་ཏོ།། །།རིགས་ཐམས་ཅད་ཀྱི་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཀྱི་བཟླས་བརྗོད་བྱ་བའི་རྣལ་འབྱོར་གྱི་ཆོ་ག་ཡང་འདི་ཉིད་ [63a.2]དེ། སྙིང་པོ་བཟླས་བརྗོད་ཀྱི་ཆོ་གའི་སྦྱོར་བ་ལས་ཁྱད་པར་དུ་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཀྱི་བཟླས་བརྗོད་གང་ཡིན་པ་དེ་འདིར་བསྟན་པར་བྱའོ། །དེ་ལ་འདིར་ནི་ཕྱག་རྒྱ་བཟླས་བརྗོད་བྱེད་པའི་ཆོ་ག་ཁྱད་པར་དུ་གསུངས་པ་སྟེ། ཕྱག་རྒྱ་ཐམས་ཅད་བདག་ [63a.3]ལ་དགྱེས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བཟླས་བརྗོད་ཀྱི་སྦྱོར་བ་བྱའོ། །ཇི་སྐད་དུ་ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་ཕྱག་རྒྱ་ཐམས་ཅད་བདག་ལ་དགྱེས་པར་གྱུར་ཅིག་ཅེས་སྨྲས་ཏེ། དམ་ཚིག་གི་ཕྱག་རྒྱ་བཅིངས་ [63a.4]ནས་ཇི་ལྟར་འདོད་པ་དང་། ཅི་ནུས་པར་བཟླས་བརྗོད་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་གསང་སྔགས་དང་རིག་སྔགས་གཉིས་ཀྱི་བཟླས་བརྗོད་ལ་ཆོ་ག་ཁྱད་པར་དུ་བྱ་བ་ནི། ཇི་སྐད་དུ། སྤྲོས་པ་མེད་པའི་ཚིག་འགྲུབ་པར་གྱུར་ཅིག །དེ་བཞིན་གཤེགས་པ་ [63a.5]ཐམས་ཅད་ཀྱི་དངོས་གྲུབ་རྣམས་བདག་གིས་ཐོབ་པར་གྱུར་ཅིག་ཅེས་སྨྲས་ཏེ། གསང་སྔགས་ཇི་ལྟར་འདོད་པར་བཟླས་སོ་ཞེས་གསུངས་སོ། །རིག་སྔགས་ནི་འདི་ལྟར་བཟླས་བརྗོད་བྱའོ། །ཀྱེ་མའོ་སེམས་ཅན་འདི་རྣམས་ནི་མ་རིག་པས་བཅིངས་པའོ། །དེ་བཞིན་ [63a.6]གཤེགས་པ་ཐམས་ཅད་ནི་རིག་པ་ཐོབ་པའི་སྡོམ་པ་ལས་འབྱུང་བའོ་ཞེས་སྨྲས་ནས་རིག་སྔགས་ཇི་ལྟར་འདོད་པར་བཟླས་ཏེ་བསྒྲུབ་པ་བརྩམ་མོ་ཞེས་བྱ་བའོ། །འདི་ནི་རེ་ཞིག་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཀྱི་བཟླས་བརྗོད་ཀྱི་དོན་ཏམ། [63a.7]ཡང་ན་རང་གི་བག་ཆགས་ཀྱིས་རང་གི་ལྷའི་གཟུགས་ལ་དམིགས་ནས་དེ་ཁོ་ན་ཉིད་བསྡུས་པའི་ཚུལ་ལས་གསུངས་པའི་བཟླས་བརྗོད་ཀྱི་བྱེ་བྲག་བཤད་པའོ། །རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་ལྷག་མར་གྱུར་པའི་རྡོ་རྗེ་རྩེ་མོའི་རྒྱུད་ལས་ནི་རིགས་བཞི་ལས་གཞན་པའི་ [63b] [63b.1]བཟླས་བརྗོད་ཀྱི་བྱེ་བྲག་ཀྱང་འདུལ་བའི་སྐྱེ་བོའི་མོས་པ་ལ་གཟིགས་ཏེ་གསུངས་པ་དེ་ཡང་ད་འདིར་དེ་ལ་མོས་པའི་སྐྱེ་བོའི་རྣམས་བསྡུ་བའི་ཕྱིར་བཤད་པར་བྱའོ། །དེ་ལས་ཡང་རིགས་བཞིའི་བདག་པོ་རྣམས་ཀྱི་ནི་རང་གི་རྣལ་འབྱོར་གྱིས་བྱའོ། །དེ་ལས་གཞན་པ་དམ་ཚིག་གི་སེམས་ [63b.2]དཔའ་ཆེན་པོ་རྣམས་ཀྱི་རང་གི་རིགས་ཀྱི་བདག་པོའི་རྣལ་འབྱོར་ཉིད་ཀྱིས་བཟླས་བརྗོད་ཀྱི་སྦྱོར་བ་བྱ་བར་བསྟན་ཏེ། །གང་གི་ཕྱིར་དེ་ལས་དེ་བཞིན་གཤེགས་པའི་རིགས་ལ་བཟླས་བརྗོད་བྱེད་པའི་སྦྱོར་བ་ནི། དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་པས། རང་གི་སྙིང་ [63b.3]གར་ཟླ་བའི་དཀྱིལ་འཁོར་གྱི་ནང་དུ་འདུག་པའི་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ལས་གང་ཡང་རུང་བའི་ཡི་གེ་རྣམས་ཡིད་ལ་བསམ་ཞིང་བྱ་བར་བསྟན་ཏོ། །རྡོ་རྗེ་དང་པདྨ་དང་རིན་པོ་ཆེའི་རིགས་ལ་ནི་སོ་སོའི་བདག་པོའི་རྣལ་འབྱོར་བྱས་ནས། ཇི་སྐད་ [63b.4]བཤད་པ་བཞིན་དུ་རང་གི་སྙིང་གར་བསམ་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པ་འབར་བའི་འོད་ཟེར་འཕྲོ་བའི་རྡོ་རྗེ་དང་པདྨ་དང་རིན་པོ་ཆེའི་ནང་ན་འདུག་པའི་བཟླས་བརྗོད་བྱ་བའི་ཡི་གེ་མངོན་པར་བརྗོད་པའི་ཚུལ་གྱིས་བཟླས་བརྗོད་བྱ་བའི་རྣལ་འབྱོར་དུ་རིག་པར་བྱ་སྟེ། ཇི་སྐད་དུ། དེ་ [63b.5]བཞིན་གཤེགས་པའི་རིགས་བཟང་ལ། །བཟླས་བརྗོད་བྱ་བ་མཆོག་ཡིན་ཏེ། །བཀྲ་ཤིས་སྐྱིལ་མོ་ཀྲུང་བཅས་པས། །སངས་རྒྱས་དམིགས་པའི་སེམས་ཀྱིས་སུ། །བདག་ཉིད་བསམ་པ་ཤེས་རབ་ཅན། །ཀུན་མཁྱེན་སངས་རྒྱས་རྟག་ཏུ་བདག །རང་གི་ལུས་ལ་ [63b.6]བསམས་ནས་སུ། །གཙུག་ཏོར་ལ་སོགས་རང་གི་མཚན། །སངས་རྒྱས་སྙིང་པོར་བདག་འདུག་སྟེ། །སངས་རྒྱས་བདག་གོ་ཞེས་བསམ་ཞིང་། །གར་མཁན་འཁོར་ལོ་བྱེད་པ་ནི། །སངས་རྒྱས་རྣམས་ཀྱི་གར་ལས་བྱུང་། །བྱང་ཆུབ་ཆེན་པོ་མངོན་རྟོགས་དང་། །ཆོས་ [63b.7]ཀྱི་འཁོར་ལོ་བསྐོར་བ་དང་། །འདུལ་བའི་འགྲོ་བ་ལོངས་སྤྱོད་པས། །ཆོས་ཀྱི་ལོངས་སྤྱོད་རབ་ཏུ་སྤྱོད། །གནས་ནི་ཡོངས་སུ་གྱུར་པ་ཡང་། །ཀུན་གཞི་མེད་པའི་སེམས་ལས་བྱུང་། །བསོད་ནམས་ཡེ་ཤེས་རབ་རྫོགས་པས། །ཟླ་བ་རྫོགས་པར་རྣམ་པར་བརྟག །སྙིང་ [64a] [64a.1]གའི་དབུས་སུ་འཇིགས་མེད་པས། །ཟླ་བ་དེ་ཡང་བསམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རིག་སྔགས་ཡི་གེ་རྣམ་པར་བསྒོམ། །འདི་འདྲ་བ་ཡི་ཚུལ་བཟང་བོས། །ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར། །མཚམས་མེད་ལྔ་དང་ལྡན་པ་ [64a.2]ཡང་། །ལོ་གཅིག་གིས་ནི་འགྲུབ་པར་འགྱུར། །རྣལ་འབྱོར་པ་ནི་ཆེན་པོ་ཡིས། །ངལ་བར་མ་གྱུར་བར་དུ་བཟླས། །ལུས་ནི་ངལ་བར་གྱུར་ན་ཡང་། །ཕྱག་རྒྱ་དགྲོལ་བར་བརྩམ་པར་བྱ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་རིགས་ཀྱི་བཟླས་བརྗོད་ནི། །ཕྱག་ན་ [64a.3]རྡོ་རྗེ་བདག་ཉིད་དུ། །བརྟགས་ནས་དེ་ཡི་ཕྱི་ནས་སུ། །མཉམ་པར་གཞག་པས་བསམ་པ་ནི། །སངས་རྒྱས་སྙིང་པོར་བདག་གནས་ཏེ། །ཕྱག་ན་རྡོ་རྗེ་བདག་བརྟན་ཞིང་། །རང་གི་སྙིང་པོ་འོད་གསལ་བ། །ཟླ་བའི་དཀྱིལ་འཁོར་གྱིས་སུ་བརྒྱན། །ཟླ་བའི་དབུས་ན་རྡོ་ [64a.4]རྗེ་གནས། །དེ་ཡི་ནང་ན་ཡི་གེ་རྣམས། །འདི་འདྲའི་རྣལ་འབྱོར་ལ་གནས་ཏེ། །རྡོ་རྗེ་རིན་ཆེན་བཟླས་བརྗོད་བྱ། །ཞེས་བྱའོ། །དེ་ནས་པདྨའི་རིགས་བཟླས་པ། །པདྨའི་སེམས་དཔའ་བདག་ཉིད་དུ། །ཟླ་བའི་ནང་ན་པདྨ་ཆེ། །པདྨའི་ནང་ན་ཡི་གེ་རྣམས། །དེ་ནས་རིན་ [64a.5]ཆེན་རིགས་བཟླས་པ། །རིན་ཆེན་རྒྱལ་པོ་བདག་ཉིད་དེ། །ཟླ་བའི་ནང་ན་རིན་ཆེན་མཆོག །རིན་ཆེན་ནང་ན་ཡི་གེ་རྣམས། །ཞེས་བྱ་བ་སྟེ། དེ་ལྟར་རེ་ཞིག །འདི་ནི་རྡོ་རྗེ་རྩེ་མོ་ལས་གསུངས་པའི་དམིགས་པ་དང་བཅས་པའི་བཟླས་བརྗོད་ཀྱི་བྱེ་བྲག་བསྟན་པའོ། །རྣལ་ [64a.6]འབྱོར་བ་ཆོས་བདག་མེད་པར་ཤེས་པའི་བློ་ཅན་རྣམས་ལ་ནི་དོན་དམ་པའི་ཤེས་རབ་ཀྱི་རྣལ་འབྱོར་དེ་ཁོ་ན་ཉིད་བསྡུས་པ་ལས་རྡོ་རྗེ་རྩེ་མོ་ལས་བཟླས་བརྗོད་ཀྱི་བྱེ་བྲག་གཞན་དག་བསྟན་པ་དེ་ཡང་འདིར་བཤད་པར་བྱའོ། །དེ་ལ་འདི་ནི་རེ་ཞིག །འཕགས་པ་དེ་ཁོ་ན་ཉིད་བསྡུས་ [64a.7]པ་ལས་དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དུ་བཟླས་བརྗོད་བྱ་བའི་སྦྱོར་བ་གསུངས་པ་སྟེ། དང་པོར་རེ་ཞིག་རྣལ་འབྱོར་པས་སྔ་མ་བཞིན་དུ་བདག་དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པར་བྱ་སྟེ། མཆོད་པའི་ཆོ་ག་བྱས་ལ་མདུན་དུ་ཡང་དེ་ལྟ་བུའི་རང་གི་ལྷའི་ཡེ་ [64b] [64b.1]ཤེས་སེམས་དཔའ་གཙོ་བོར་བཞུགས་པ་མོས་པར་བྱ་སྟེ། བདག་དང་ལྷ་དང་བཟླས་བརྗོད་དུ་བྱ་བའི་ཡི་གེ་ཇི་ལྟར་བསམས་པ་རྣམས་མ་སྐྱེས་པར་བསྒོམ་པའི་སྒོ་ནས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་སྔོན་དུ་བྱས་ལ། སེམས་ཀྱི་གནས་སྲོག་དང་རྩོལ་བ་གཉིས་ནང་དུ་ [64b.2]བཀག་སྟེ། གཟུགས་ལ་སོགས་པར་སྣང་བ་དང་བྲལ་བའི་སེམས་ཀྱིས་བདག་དང་། ལྷ་དང་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་ནམ་མཁའ་དང་འདྲ་བར་ཡིད་ལ་བྱེད་ཅིང་ཡིད་ལ་ནང་དུ་བརྗོད་པའི་མཚན་ཉིད་ཡིད་ཀྱི་བཟླས་བརྗོད་རིགས་དང་རྗེས་སུ་མཐུན་པ་ཇི་སྐད་དུ་ [64b.3]གསུངས་པའི་ཚིག་གིས་མཚན་ཉིད་དེས། རང་གི་ལྷའི་ཆོས་ཀྱི་སྐུ་ལ་མོས་པས་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཀྱིས་བཟླས་བརྗོད་བྱའོ། །དབུགས་འབྱིན་ན་ཡང་སྣའི་ནང་ན་གནས་པའི་རླུང་ཕྲ་མོའི་རེག་པ་མྱོང་བར་བྱས་ལ། ཕྱི་རོལ་དུ་ [64b.4]བཏང་སྟེ་ཇི་ལྟར་མོས་པའི་རང་གི་ལྷའི་སྐུ་རྗེས་སུ་དྲན་པ་མངོན་དུ་བྱས་ལ་ཡང་དེ་བཞིན་དུ་བགས་ཀྱིས་སྲོག་སླར་བསྡུ་བའི་ཚུལ་དུ་དྲན་པ་དང་སྲོག་ཏུ་བཅས་པའི་སེམས་ཀྱི་རྟག་ནམ་མཁའ་དང་མཉམ་པར་དམིགས་པའི་ཏིང་ངེ་འཛིན་གྱིས་བཟུང་སྟེ། བཅིངས་ཤིང་ནང་དུ་ཞི་བར་ [64b.5]བྱས་ནས། དེ་བཞིན་དུ་སོ་སོར་སྣང་བ་ཐམས་ཅད་དང་བྲལ་བར་བཟླས་བརྗོད་བྱའོ། །ཡང་ན་བདག་དང་ལྷ་དང་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་བདག་མེད་པར་མོས་པས་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་མངོན་དུ་བྱས་ལ་སྙིང་རྗེ་ཆེན་པོ་མངོན་དུ་གྱུར་ [64b.6]བའི་སེམས་ཀྱིས་ངོ་བོ་ཉིད་མེད་པར་མོས་པ་དེ་ལས་ལངས་ཏེ། དེ་བཞིན་དུ་བདག་དང་མི་གཉིས་པར་གྱུར་པ་རང་གི་ལྷའི་སྐུ་མདུན་ན་བཞུགས་པ་དེ་རྗེས་སུ་དྲན་པར་བྱས་ནས། དེ་བཞིན་དུ་བཟླས་པའི་དོན་གྱིས་བདག་ཉིད་བསྒོམ་ཞིང་། རང་གི་ལྷའི་སྐུ་ཡིད་ལ་བྱས་ཏེ། རྣལ་ [64b.7]འབྱོར་སྔ་མའི་ལྷའི་རིམ་པ་ཉིད་ཀྱིས་བཟླས་བརྗོད་བྱའོ། །དོན་དམ་པའི་ཤེས་རབ་ཀྱི་སྦྱོར་བ་འདི་ལ་ཐ་དད་པ་མེད་མོད་ཀྱི། འོན་ཀྱང་རྒྱུད་འདི་ལ་མོས་པའི་འདུལ་བའི་སྐྱེ་བོ་རྣམས་གཟུང་བའི་ཕྱིར་ཐ་དད་པ་བཞིན་དུ། །སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་རིག་ [65a] [65a.1]སྔགས་རྣམས་བསྒྲུབ་པའི་ཕྱིར་སོ་སོར་གསུངས་པར་རིག་པར་བྱའོ། །རེ་ཞིག་སྙིང་པོ་བསྒྲུབ་པའི་ཤེས་རབ་ཀྱི་རྣལ་འབྱོར་གྱི་སྐབས་སུ། ཇི་སྐད་དུ། ཡི་གེ་ཨ་ལས་འཇུག་པ་ཡིས། །ཡི་གེ་ཐམས་ཅད་རྣམ་པར་བསྒོམ། །རང་གི་ཁ་ [65a.2]ནས་གཞན་གྱི་ཁར། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལ། ཡི་གེ་ཨ་ལས་འཇུག་པ་ཡིས། །ཞེས་བྱ་བ་ནི། ཡི་གེ་ཨ་ལས་འཇུག་པ་ཡང་དེའི་དོན་བསྒོམ་པ་སྟེ། ཡི་གེ་ཨ་དེ་ཡང་གསང་སྔགས་ཀྱི་དོན་ལ་སྤྱོད་པ་ལ་སོགས་པའི་ [65a.3]མཚན་ཉིད་ཐེག་པ་ཆེན་པོ་ལ་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་ཅིང་བརྗོད་པར་བྱ་བའི་དོན་སྟོན་པ་སྟེ། ཇི་སྐད་དུ། མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་གསུངས་སོ། །དེ་བས་ན་ཡི་གེ་ཐམས་ཅད་རྣམ་པར་བསྒོམ་པ་ཞེས་བྱ་བ་འདིས་དེ་ལྟ་བུའི་ཡི་གེ་ [65a.4]ཨའི་དོན་ལ་འཇུག་པས་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་སྣང་བ་མེད་པར་བྱ་བར་གསུངས་ཏེ། དེའི་དོན་ཀྱང་འདིའོ། །བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་ཆོས་བདག་མེད་པར་བསྒྲུབ་པའི་རིགས་པ་བསྒོམ་ཞིང་གཞིག་པ་དང་། མི་སྣང་བར་བྱའོ་ཞེས་བྱ་བའི་ཐ་ [65a.5]ཚིག་གོ། །དེ་བཞིན་དུ་ཡི་གེ་ཨའི་དོན་ལ་འཇུག་པར་བཟླས་བརྗོད་དུ་བྱ་བའི་ཡི་གེ་སྣང་བ་མེད་པར་བྱ་བ་འབའ་ཞིག་མ་ཡིན་གྱི། བདག་དང་ལྷའི་སྣང་བའི་རྣམ་པར་རྟོག་པ་དག་ལས་ཀྱང་དེ་བཞིན་དུ་བཟློག་པར་བྱ་སྟེ། དེ་བརྟན་པར་བྱ་བའི་ཕྱིར་རང་གི་ཁ་ནས་གཞན་གྱི་ [65a.6]ཁར་བསྒོམས་ནས་ཞེས་བྱ་བ་གསུངས་པ་སྟེ། འདིར་ཁ་ནི་འཇུག་པ་དང་སྒོ་ཞེས་བྱ་བར་དོན་གཅིག་གོ། །དེ་བས་ན་རང་གི་ཁ་ནི་རང་འཇུག་པ་ཞེས་བྱ་བའི་དོན་ཏོ། །དེས་དོན་འདི་ལྟར་འགྱུར་ཏེ། ཡི་གེ་ཨའི་འཇུག་པས་བདག་འཇུག་ཅིང་སྣང་བ་མེད་པར་བྱའོ། ། [65a.7]དེ་ལྟ་བས་ན། ཇི་སྐད་དུ་གསུངས་པའི་མཚན་ཉིད་བདག་འཇུག་པ་ཞེས་བྱ་བ་རང་གི་ཁ་ནས་རང་གི་ལྷ་ལ་སོགས་པ་སྣང་བའི་རྣམ་པར་རྟོག་པ་ཡང་ཡི་གེ་ཨ་ལས་འཇུག་པ་ཉིད་ཀྱིས་མེད་པར་བྱ་བར་བསྟན་པའི་ཕྱིར་གཞན་གྱི་ཁ་ཞེས་གསུངས་སོ། །དེའི་དོན་ཡང་ [65b] [65b.1]འདི་ལྟ་སྟེ། གཞན་དག་གི་ཁ་བས་ན་གཞན་གྱི་ཁ་སྟེ། གཞན་གྱི་འཇུག་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདི་སྐད་དུ། གསུངས་པར་འགྱུར་ཏེ། ཨའི་དོན་གྱིས་བདག་རྣམ་པར་བསྒོམ་པའི་དེ་མ་ཐག་ཏུ་རང་གི་ལྷར་སྣང་བ་ཡང་མེད་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་སྟེ། [65b.2]འདི་ནི་རེ་ཞིག་སྙིང་པོ་བཟླས་བརྗོད་བྱེད་པའི་ཤེས་རབ་ཀྱི་ལུང་ངོ་། །ཡང་ན་ཁ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཉེས་པར་བྱ་བའི་ལྷ་རྣམས་ཀྱི་རྣམ་པར་གྲོལ་བའི་སྒོ་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་གྱུར་པ་ཡིན་པར་སྐབས་འདིར་བཟུང་ངོ་། །དེ་ཡང་སྒྲུབ་པ་པོ་ [65b.3]བདག་དང་མི་གཉིས་པའི་རྣལ་འབྱོར་དུ་བསམས་པ་དམ་ཚིག་སེམས་དཔའི་གཟུགས་དང་ཕྱི་རོལ་དུ་བསམས་པ་ཡེ་ཤེས་སེམས་དཔའ་བྱིན་གྱིས་བརླབས་པ་སྟེ། དེའི་དོན་ནི་འདིའོ། །བདག་དང་མི་གཉིས་པར་གྱུར་པའི་དམ་ཚིག་སེམས་དཔར་སྣང་བར་བསམ་སྟེ། མདུན་དུ་ [65b.4]བསམས་པ་ཡེ་ཤེས་ཀྱི་སེམས་དཔར་སྣང་བར་བྱིན་གྱིས་བརླབ་པ་ཡང་གསལ་བར་བྱའོ་ཞེས་བྱ་བ་འདི་ཡང་། ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་བཟླས་བརྗོད་བྱེད་པ་རྣམས་ཀྱང་དེ་བཞིན་དུ་བདག་དང་ལྷ་དང་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་ཀྱི་རང་བཞིན་གསལ་བའི་ [65b.5]མཚན་ཉིད་ཤེས་རབ་ཀྱི་སྒོ་རྟོགས་པའི་དོན་དེ་ཉིད་དོ། །ཁྱད་པར་དུ་ནི་སྙིང་པོའི་ཤེས་རབ་ཀྱི་ལུང་ནི། ཨ་ནི་དོན་གྱི་བདག་དང་ལྷ་དང་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་བསྒོམ་པར་བཤད་པ་དང་། ཏིང་ངེ་འཛིན་གྱི་སྒྲའི་བྱེ་བྲག་ཀྱང་རྗེས་སུ་མ་སྨོས་པས་ཇི་ལྟར་དོན་འདི་དག་ [65b.6]བློས་བཤིགས་ན་རྣམ་པ་མེད་ཅིང་ནང་སྟོང་པ་ཡིན་པ་དེ་བཞིན་དུ་འདི་དག་ཀྱང་སྟོང་སྟེ། དེ་ལྟ་བུའི་རྟོག་པ་ལ་འཇུག་པའི་རྣམ་པར་རྟོག་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཚན་ཉིད། ཨ་ལ་སོགས་པ་ཇི་ལྟར་གསུངས་པ་རབ་ཏུ་རྣམ་པར་འབྱེད་པ། འབར་བའི་མེ་རྗེས་སུ་ [65b.7]བྱུང་ནས་དངོས་པོ་རྣམ་པར་དཔྱོད་པའི་རྣམ་པར་རྟོག་པ་མ་ཞི་བས་དེ་ལྟ་བུས་འདུལ་བའི་འགྲོ་བ་རྣམས་ཀྱི་དབང་དུ་བྱས་ཏེ། རྣམ་པར་རྟོག་པ་དང་བཅས་པའི་ཤེས་རབ་ཉིད་གཙོར་གསུངས་པར་ཤེས་པར་བྱའོ། །ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་བསྒྲུབ་པའི་ཤེས་ [66a] [66a.1]རབ་ཀྱི་ལུང་ལ་ནི་ཏིང་ངེ་འཛིན་གྱི་ཚིག་གི་ཁྱད་པར་སྨོས་པས་གཅིག་ཏུ་དམིགས་པའི་སྒོ་ནས། རྣམ་པར་མི་རྟོག་པའི་ཕྱིར་ཞི་གནས་ལྷག་པ་ཉིད་དུ་བསྟན་ཏོ་ཞེས་སློབ་དཔོན་རྣམས་ཀྱིས་བཤད་དོ། །དེ་བཞིན་དུ་ཡང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ [66a.2]བཟླས་བརྗོད་བྱེད་པའི་སྐབས་སུ་ཤེས་རབ་ཀྱི་ལུང་ཡང་འདི་སྟེ། ཤེས་རབ་ངེས་འབིགས་ཞེས་བྱ་བ། །ཏིང་ངེ་འཛིན་ཞེས་གྲགས་པ་སྟེ། །དེ་ཡིས་ཕྱག་རྒྱ་བསྒྲུབ་པར་བྱ། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཏིང་འཛིན་ཚིག་ནི་ [66a.3]རབ་ཏུ་འཕྲོ། །དེ་ཡིས་བསྒོམས་ན་མྱུར་བ་རུ། །གསང་སྔགས་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བའོ། །ཕྱག་རྒྱ་བསྒྲུབ་པའི་ཤེས་རབ་ཀྱི་ལུང་གིས་ཚིགས་བཅད་འདི་ལ་ཡང་ངེས་པར་འབིགས་པར་ཚིག་གི་བྱེ་བྲག་སྨོས་པས་དོན་དམ་པར་དམིགས་པ་ལ་མོས་པ་རྩེ་ [66a.4]གཅིག་པའི་མཚན་ཉིད་ཀྱི་ཁྱད་པར་བསྟན་པའོ། །ཕྱག་རྒྱ་བསྒྲུབ་པའི་ཤེས་རབ་དེ་ཡང་། དེ་ལས་གཞན་པའི་ཤེས་རབ་ཀྱིས་ལུང་གསུམ་ལས་ཁྱད་པར་དུ་བསྟན་ཏེ། འདི་ལྟར་ངེས་པར་འབིགས་པ་ནི། ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་དོན་དམ་པ་ལ་དམིགས་པའོ། ། [66a.5]དེ་ལས་གཞན་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་དེ་ཁོ་ན་ཉིད་མ་གཏོགས་པར་དམིགས་པས། ཆོས་ཐམས་ཅད་བདག་མེད་པའི་རིགས་པ་དང་། ལུང་ལས་འགལ་བའི་ཕྱིར་རོ། །དེ་ལྟ་བས་ན་ཕྱག་རྒྱ་བཟླས་བརྗོད་བྱེད་པས། ཇི་སྐད་དུ་གསུངས་པའི་རིམ་གྱིས་བདག་དང་ [66a.6]གཞན་དང་བཟླས་བརྗོད་བྱ་བའི་ཡི་གེ་རྣམས་བདག་མེད་པར་མོས་པར་བྱ་སྟེ། ནམ་མཁའ་དང་མཉམ་པ་ཉིད་དུ་དམིགས་པས་རབ་ཏུ་རྣམ་པར་འབྱེད་པའི་རྣམ་པར་རྟོག་པ་བཀག་ལ། ཐིག་ལེ་ཟད་གཅིག་མཉམ་པར་གཞག་སྟེ་གནས་ནས། ཇི་སྐད་དུ་གསུངས་པའི་མཚན་ཉིད་ [66a.7]ཀྱི་བཟླས་བརྗོད་བྱའོ་ཞེས་གསུངས་པ་ཡིན་ནོ། །གསང་སྔགས་བསྒྲུབ་པའི་ཤེས་རབ་ཀྱི་ལུང་གི་ཚིགས་བཅད་ལ་དབྱངས་ཀྱི་རྗེས་སུ་འགྲོ་བའི་ཚིག་གི་བྱེ་བྲག་ལས་གསང་སྔགས་བསྒྲུབ་པའི་ཤེས་རབ་ཀྱི་དོན་ནི་འདི་ལྟར་ཤེས་པར་བྱའོ། །འདི་ལྟ་སྟེ་བདག་དང་ལྷ་གཉིས་ [66b] [66b.1]བདག་མེད་པར་མོས་པ་ལྔར་བྱས་ཏེ། གསང་སྔགས་ཀྱི་ཡི་གེའི་སྒྲ་རྣམ་པར་རྟོག་པ་གཅིག་ནས་གཅིག་ཏུ་གཟུགས་ལ་སོགས་པ་སྣང་བའི་རྣམ་པར་རྟོག་པ་མེད་པར་ཡུན་རིང་དུ་རྩེ་གཅིག་ཏུ་དམིགས་ཏེ། ཇི་སྐད་དུ་གསུངས་པའི་མཚན་ཉིད་ཀྱི་བཟླས་བརྗོད་ཇི་སྲིད་འདོད་པར་ [66b.2]དེ་བཞིན་དུ་བྱའོ། །གསང་སྔགས་བསྒྲུབ་པའི་ཤེས་རབ་བཞིན་དུ་རིག་སྔགས་བསྒྲུབ་པ་རྣམས་ཀྱང་བཤད་པས་ན། དེའི་མཚན་ཉིད་འདིར་ཁྱད་པར་དུ་མ་བསྟན་ཏེ། འདི་སྐད་དུ་ཡང་། གསང་སྔགས་རིག་སྔགས་བྱེ་བྲག་རྣམས། །བྱེ་བྲག་ཡོད་པ་མ་ཡིན་ཏེ། ། [66b.3]ཤེས་རབ་བསྒོམ་པ་ཉིད་ཀྱིས་སུ། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་གསུངས་སོ། །རིག་སྔགས་དང་གསང་སྔགས་གཉིས་ཀྱི་བྱེ་བྲག་ཕན་ཚུན་ཐ་དད་པར་ཇི་ལྟར་སྣང་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་དཔྱད་པའི་རིགས་པས། ཐ་དད་པ་མེད་ [66b.4]པར་རིག་པ་དང་། རྣམ་པར་མི་རྟོག་པར་མོས་པས་འདི་དག་གཅིག་ཏུ་མངོན་དུ་བྱ་བར་གཞན་དག་གིས་བཤད་དོ། །འདི་ནི་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་ཚུལ་ལས་གསུངས་པའི་སྙིང་པོ་ལ་སོགས་པ་བསྒྲུབ་པའི་ཤེས་རབ་ཀྱི་ལུང་ལས་བཤད་པའོ། ། [66b.5]མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་བཟླས་བརྗོད་འདི་ཡང་གཞན་དག་ལས་དོན་ཆེར་བསྟན་ཏེ། ཇི་སྐད་དུ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་གྱིས། །ཐམས་ཅད་མྱུར་དུ་འགྲུབ་པར་ [66b.6]བྱའོ། །དོན་ཡོད་པར་ནི་གྲུབ་པའི་མཆོག །གདུག་པ་ཐམས་ཅད་ངེས་གནོན་མཛེས། །སྡུག་བསྔལ་ཀུན་སེལ་དཔལ་དང་ལྡན། །རྣལ་འབྱོར་འདི་ནི་ལས་ཀུན་བྱེད། །དེ་བས་མི་འགྲུབ་ཅི་ཡང་མེད། །དངོས་གྲུབ་ལས་རྣམས་ཅི་བདེ་བར། །མ་ལུས་ལུས་པ་མེད་ [66b.7]པར་འགྲུབ། རབ་འབྱམས་ལས་རྣམས་མྱུར་དུ་འགྲུབ། །ཅེས་གསུངས་སོ། །རྡོ་རྗེ་མོའི་རྒྱུད་ལས་ནི་རིམ་པ་བཞིན་དུ་ཡང་དོན་དམ་པའི་ཤེས་རབ་ཀྱི་མན་ངག་དག་སྣང་སྟེ། དེ་ལས་ཀྱང་དེ་བཞིན་གཤེགས་པའི་རིགས་ལ། ཤེས་རབ་ཀྱི་རྣལ་འབྱོར་གྱིས་བཟླས་བརྗོད་ [67a] [67a.1]ཀྱི་ཆོ་ག་གསུངས་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྐུར་བདག་བྱིན་གྱིས་བརླབས་ནས། མདུན་དུ་མོས་པར་བྱ་བའི་དེ་བཞིན་གཤེགས་པའི་སྙིང་གར་ཡང་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་བསམས་ལ། ཇི་ལྟར་བསམས་པ་འདི་དག་ཐམས་ཅད་བདག་མེད་ [67a.2]པར་མོས་པར་བྱ་སྟེ། གཟུགས་ལ་སོགས་པ་སོ་སོར་སྣང་བ་མེད་པར་ཡིད་ཀྱི་ཏིང་ངེ་འཛིན་གྱི་ཇི་སྐད་དུ་གསུངས་པའི་བཟླས་བརྗོད་བྱའོ། །འདི་སྐད་དུ། དེ་བཞིན་གཤེགས་པའི་རིགས་བཟླས་པས། །སངས་རྒྱས་བདག་ཉིད་བཀྲ་ཤིས་གནས། །སྟོང་གསུམ་གྱི་ནི་འཇིག་ [67a.3]རྟེན་འདིར། །སངས་རྒྱས་སྐུ་ནི་བསྒོམ་པར་བྱ། །སངས་རྒྱས་དེ་ཡི་སྙིང་གར་ནི། །རིག་སྔགས་ཡི་གེ་རྣམ་པར་བསྒོམ། །རང་གི་ལུས་ནི་བདག་མེད་པར། །ཆོས་དང་གང་ཟག་སྟོང་པ་ཉིད། །སངས་རྒྱས་དེ་ཡི་སྐུ་གང་ཡིན། །དེ་ཡང་བདག་མེད་པར་བསམ་མོ། །སངས་ [67a.4]རྒྱས་གཟུགས་འདི་ཅི་ཞིག་ཡིན། །དེ་ཡི་རང་བཞིན་ཡོད་མ་ཡིན། །གང་ཟག་ཅེས་བྱའི་སངས་རྒྱས་མེད། །ཕུང་པོ་དང་ནི་ཁམས་མ་ཡིན། །གཟུང་དང་འཛིན་པ་སངས་རྒྱས་མེད། །སངས་རྒྱས་མེད་པའང་མ་ཡིན་ཏེ། །ཕ་རོལ་ཕྱིན་དྲུག་ས་བོན་ཡིན། །ཤེས་རབ་ [67a.5]ཀྱིས་ནི་རྣམ་པར་སྦྱངས། །ཀུན་གཞིའི་གནས་མིན་རྣལ་འབྱོར་པ། །དེ་ཉིད་བྱང་ཆུབ་བདག་མེད་འཛིན། །འདི་འདྲ་བ་ཡི་རྣལ་འབྱོར་གྱིས། །དེ་བཞིན་གཤེགས་པའི་རིགས་བཟླས་ན། །སྐལ་བ་ཆེན་པོ་མྱུར་བ་རུ། །རབ་ཏུ་དགའ་བ་སྒྲུབ་པར་བྱེད། །ཅེས་བྱ་བ་འང་གསུངས་ [67a.6]སོ། །རྡོ་རྗེའི་རིགས་ལ་ཡང་རྡོ་རྗེ་འཛིན་པར་བདག་བྱིན་གྱིས་བརླབས་ལ་མདུན་དུ་ཡང་། ནམ་མཁའི་དཀྱིལ་ཁྱབ་པའི་རྡོ་རྗེའི་གཟུགས་བསམས་ལ། དེའི་དབུས་སུ་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམ་པར་བརྟག་སྟེ། འདི་ཡང་སྔ་མ་བཞིན་དུ། ངོ་བོ་ཉིད་མེད་པར་མོས་པས་བཟླས་ [67a.7]བརྗོད་བྱའོ། །ཇི་སྐད་དུ། དེ་ནས་རྡོ་རྗེའི་རིགས་བཟླས་པ། །བདག་ཉིད་རྡོ་རྗེ་སེམས་དཔར་བྱ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །རྡོ་རྗེའི་གཟུགས་ནི་བསྒོམ་པར་བྱ། །རྡོ་རྗེ་དེ་ཡི་དབུས་སུ་ནི། །རིག་སྔགས་ཡི་གེ་རྣམ་པར་བསྒོམ། །རྡོ་རྗེ་དེ་ཡང་དངོས་མེད་པའི། །བྱང་ཆུབ་ [67b] [67b.1]སེམས་ཀྱི་འབྲས་བུ་ཡིན། །དེ་ཅི་རྡོ་རྗེ་ཞེས་བྱའམ། །དེ་ཉིད་གང་ཡིན་མི་འགྱུར་བ། །དེ་ཅི་དེ་ཉིད་ཅེས་བརྗོད་དམ། །གང་སྟོང་ཆོས་ཉིད་ཅེས་སུ་བརྗོད། །གཟུགས་ལ་སོགས་པའི་ཆོས་རྣམས་ཀུན། །སྟོང་པའི་རྣམ་པར་བསྒོམ་པ་སྟེ། །གཟུགས་ནི་རྡུལ་དུ་རྣམ་ [67b.2]གཤིགས་ན། །རྡུལ་ཞེས་བྱ་བ་ཡོད་མ་ཡིན། །གཟུགས་ནི་སྟོང་པ་ཞེས་བཤད་དེ། །དེ་ཡང་རྡོ་རྗེ་ཞེས་སུ་བྱ། །དེ་ལྟར་རྣལ་འབྱོར་འདི་ཡིས་ནི། །རབ་ཏུ་དགའ་བ་མྱུར་དུ་འགྲུབ། །ཅེས་བྱ་བ་གསུངས་སོ། །རིན་པོ་ཆེའི་རིགས་ལ་བཟླས་བརྗོད་བྱེད་པས་ནི་བཅོམ་ལྡན་ [67b.3]འདས་རྡོ་རྗེ་རིན་ཆེན་དུ་བདག་མོས་པ་བྱ་སྟེ། ནམ་མཁའ་ལ་རིག་སྔགས་ཀྱི་ཡི་གེ་རྣམས་བསྒོམ་ཞིང་། དེ་བཞིན་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མོས་པར་བྱ་སྟེ། རང་གི་ལྷའི་ཆོས་ཀྱི་སྐུ་ལ་དམིགས་པའི་སེམས་ཀྱི་བཟླས་བརྗོད་ཀྱི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། [67b.4]གང་གསུངས་པ། དེ་ནས་རིན་ཆེན་རིགས་བཟླས་པ། །བདག་ཉིད་རྡོ་རྗེ་རིན་ཆེན་དུ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །སྟོང་པའི་རྣམ་པར་བསྒོམ་པར་བྱ། །ནམ་མཁའ་དེ་ལ་རྣལ་འབྱོར་པས། །རིག་སྔགས་ཡི་གེ་བསམ་པར་བྱ། །ཆོས་རྣམས་དངོས་མེད་ཅེས་བྱ་བ། །སྟོང་ཉིད་དེ་བཞིན་ཉིད་ཅེས་ [67b.5]བྱ། །ཕྱི་དང་ནང་དུ་རྣམ་བརྟགས་པའི། །གཟུགས་ནི་རེ་ཞིག་མ་སྐྱེས་ཏེ། གང་ན་གཟུགས་ནི་ཡོད་མིན་པ། །དེ་ལ་མིག་ཅེས་ཇི་སྐད་བརྗོད། །གཟུགས་དང་མིག་ནི་མེད་པས་ན། །རྣམ་པར་ཤེས་པ་མི་འབྱུང་ངོ་། །ཇི་ལྟར་མིག་ལ་དེ་བཞིན་ཀུན། །གཟུང་དང་འཛིན་པ་ [67b.6]རྣམ་སྤངས་བའི། །རྣལ་འབྱོར་ཚུལ་ནི་འདི་ཡིས་སུ། །རབ་ཏུ་དགའ་བ་བསྒྲུབ་པའི་མཆོག །ཅེས་བྱ་བའོ། །དེ་བཞིན་དུ་པདྨའི་རིགས་ལ་ཡང་འཇིག་རྟེན་གྱི་དབང་ཕྱུག་ཏུ་བདག་རྣམ་པར་བསམས་ལ་མདུན་དུ་ཡང་པདྨའི་ཕྱག་རྒྱ་ནམ་མཁའི་ཁམས་ཁྱབ་པར་བསམས་ཏེ། [67b.7]དེ་ལ་ཡང་བཟླས་བརྗོད་བྱ་བའི་ཡི་གེ་རྣམ་པར་བསྒོམ་པ་བྱས་ལ། དེ་བཞིན་དུ་སྟོང་པ་ཉིད་དུ་མོས་པས་ཆོས་ཐམས་ཅད་རང་བཞིན་མེད་པར་བསམས་ཏེ། དེ་ལ་ཡང་བཟླས་བརྗོད་བྱ་བའི་ཡི་གེ་རྣམ་པར་བསྒོམ་པ་བྱས་ལ། དེ་བཞིན་དུ་སྟོང་པ་ཉིད་དུ་མོས་པས་ཆོས་ཐམས་ཅད་རང་ [68a] [68a.1]བཞིན་མེད་པར་བསམས་ཏེ་བཟླས་བརྗོད་བྱའོ། །ཇི་སྐད་དུ། དེ་ནས་པདྨའི་རིགས་བཟླས་པ། །བདག་ཉིད་པདྨའི་སེམས་དཔར་བྱ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །པདྨའི་གཟུགས་སུ་རྣམ་བར་བསྒོམ། །པདྨ་དག་ཆེན་དེ་ལ་ནི། །རིག་སྔགས་ [68a.2]ཡི་གེ་རྣམ་པར་བསྒོམ། །པདྨ་དེ་ལས་མཁས་པ་ཡིས། །ཆོས་ཀྱི་སྙིང་པོ་རྣམ་པར་བསམ། །པདྨ་ཆུ་ཡིས་མི་ཆགས་ཤིང་། །འདམ་གྱི་ཉེས་པས་མི་གོས་པ། །དེ་བཞིན་ཆོས་ཀུན་དག་པ་སྟེ། །ཆོས་དབྱིངས་གདོད་ནས་མ་སྐྱེས་པའོ། །དེ་བཞིན་གཤེགས་ [68a.3]པའི་སྙིང་འདི་ཅི། །གང་འདི་སྟོང་པའི་ཆོས་ཉིད་དེ། །གཟུགས་ལ་སོགས་པའི་ཆོས་ཀུན་གྱི། །ཆོས་ཉིད་དེ་བཞིན་ཉིད་ཅེས་བྱའོ། །རྣལ་འབྱོར་འདི་ཡི་ཚུལ་གྱིས་ནི། །རྣལ་འབྱོར་ཆེན་པོ་དཀའ་ཐུབ་ཆེ། །ཚེ་འདི་ཉིད་ལ་སངས་རྒྱས་པ། །པདྨ་ངེས་པར་ [68a.4]བསྒྲུབ་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལྟར་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པའི་སྦྱོར་བ་གང་ཡང་རུང་བའི་རིམ་གྱིས་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་བཞི་ཆར་གྱི་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་རྣམས་ཀྱི་ [68a.5]བཟླས་བརྗོད་ལས་འབྱུང་བའི་དངོས་གྲུབ་འདོད་པས་ཆོ་ག་བཞིན་དུ་སྙིང་པོ་ལ་སོགས་བ་བཟླས་བརྗོད་བྱའོ། །ཆོ་ག་འདིས་ཀྱང་བཟླས་བརྗོད་བྱས་སམ། སྔར་གསུངས་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་ཕྱིར་བསྒོམ་པ་བྱས་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་ [68a.6]བཞི་ཇི་ལྟ་བ་བཞིན་དུ་དགྲོལ་བའི་རིམ་པ་འདིས་བྱའོ། །དེ་ལ་རིམ་པ་ནི་འདི་ལྟ་སྟེ། དང་པོ་རེ་ཞིག་རྣལ་འབྱོར་པས་བཟླས་བརྗོད་ལ་སོགས་པ་ལ་དམིགས་པའི་ཏིང་ངེ་འཛིན་ལས་ལངས་ལ་ཇི་ལྟར་བསམས་བཞིན་སྤྱན་དྲངས་པའི་རང་གི་ལྷ་ལ་སོགས་པའི་འཁོར་ཡང་དྲན་པའི་སྤྱོད་ [68a.7]ཡུལ་དུ་ཡུད་ཙམ་བྱས་ཏེ་ལེགས་པར་བྱིན་གྱིས་རློབ་པའི་ཕྱིར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སྙིང་པོ་འདི་ཡི་གེ་བརྒྱ་པ་སྔར་གསུངས་པས་གསོལ་བ་གདབ་པོ། །ཇི་སྐད་དུ་ནམ་ཕྱག་རྒྱའི་བྱིན་གྱིས་བརླབས་གཡེལ་བར་གྱུར་ཏམ། །བདག་ཉིད་སྟོང་པར་གྱུར་ [68b] [68b.1]པ་དེའི་ཚེ། བརྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཡི་གེ་བརྒྱ་པའི་སྙིང་པོས་བསྐུལ་བར་བྱའོ་ཞེས་རྒྱ་ཆེར་གསུངས་སོ། །དེ་ནས་བདག་དང་མི་གཉིས་པར་གྱུར་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞི་རྣམས་གང་དང་གང་ནས་བྱུང་བ་དེ་ཉིད་དུ་ [68b.2]དེ་རྣམས་སྙིང་པོ་འདིས་དགྲོལ་བར་བྱའོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་མུཿ། །སྦྱོར་བ་ནི་འདིར་དགྲོལ་བའི་ཕྱག་རྒྱ་ལ་སོགས་པ་ཇི་ལྟར་སྲིད་པ་བཅིངས་སམ་བསམས་ཏེ་དགྲོལ་བའི་བསམ་པས་དེའི་སྦྱོར་བ་བཏང་ལ། དེ་དག་འབྱུང་བའི་ཕྱག་རྒྱ་ལ་སོགས་པ་བཅིང་ངམ་ [68b.3]བསམ་མོ། །དེ་བཞིན་དུ་ཇི་ལྟར་བཅིངས་པའི་ཕྱག་རྒྱ་རྣམས་ཐམས་ཅད་སོ་སོར་དགྲོལ་བར་བྱའོ། །དེ་ལ་ཆོས་ཀྱི་ཕྱག་རྒྱ་འབྱུང་བའི་གནས་ནི་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་གནས་པའོ། །ལས་ཀྱི་ཕྱག་རྒྱའི་ནི་རྡོ་རྗེ་ཁུ་ཚུར་སེམས་དཔའ་ཆེན་པོའི་དམ་ཚིག་གི་ཕྱག་ [68b.4]རྒྱའོ། །དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ནི་རྡོ་རྗེ་བཅིངས་པ་ལས་སོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལས་སོ། །རྡོ་རྗེའི་ཕྱག་རྒྱ་ཡང་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་སྙིང་པོའི་ཡི་གེའི་སྒྲ་ལས་སོ། །དེ་ཡང་ [68b.5]ཟླ་བ་ལས་སོ། །དེ་ཡང་བདག་མེད་པར་མོས་པ་ལས་སོ། །དེ་ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་ལས་སོ། །དེ་ཡང་རྡོ་རྗེ་བཅིངས་པ་དྲལ་བའི་ཕྱག་རྒྱ་ལས་སོ། །རྡོ་རྗེ་དྲལ་བའི་ཕྱག་རྒྱ་ཡང་རྡོ་རྗེ་བཅིངས་པ་ལས་སོ། །དེ་ཡང་རྡོ་རྗེ་ཐལ་མོ་ལས་སོ། །རྡོ་རྗེ་ཐལ་མོ་ཡང་ [68b.6]རྣམ་པར་སྨིན་པའི་ལུས་སུ་མོས་པ་སྟེ། དེ་ལྟར་ཇི་ལྟར་བཅིངས་པའི་ཕྱག་རྒྱ་དགྲོལ་བའི་རིམ་གྱིས་བདག་དང་མི་གཉིས་པར་གྱུར་པའི་དམ་ཚིག་སེམས་དཔའ་དང་། ཡེ་ཤེས་ཀྱི་སེམས་དཔར་བྱིན་གྱིས་བརླབས་པ་བཏང་སྟེ། སྙིང་པོ་འདི་བརྗོད་ཅིང་སྙིང་གར་རྡོ་རྗེ་རིན་ [68b.7]ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་སྔར་བཤད་པ་བཅིངས་ལ་དཔྲལ་བར་གཏུགས་ཏེ། རྡོ་རྗེ་ཁུ་ཆུར་གཉིས་ཀྱི་མཛུབ་མོའི་རྩེ་མོས་མགོ་བོ་ལ་ཕྲེང་བ་བཅིང་བའི་ཚུལ་དུ་བྱའོ། །དེ་ལ་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། དེའི་འོག་ཏུ་སརྦ་མུ་ཏྲ་མི་ཏྲི་དྷི་ཀུ་རུ་བ་ར་ཀ་བ་ཙ་ན་བཾ། [69a] [69a.1]ཞེས་བྱ་བའི་སྙིང་པོ་འདི་བརྗོད་ཅིང་སྔ་མ་བཞིན་དུ་གོ་ཆ་བཅིང་བར་བྱའོ། །གོ་ཆའི་མཐའ་གཉིས་རྣ་བ་གཉིས་ཀྱི་སྟེང་དུ་ཕྱུང་སྟེ། དར་སྣ་དཔྱང་བའི་ཚུལ་དུ་ལག་པ་གཉིས་བརྐྱང་ལ་དབབ་པོ། །དབང་བསྐུར་བའི་སྙིང་པོ་དང་། གོ་ཆའི་སྙིང་པོ་གཉིས་རྒྱུན་ [69a.2]གཅིག་ཏུ་རྒྱུད་འདིར་བཤད་དེ། ཐ་མི་དད་པར་འདྲ་བར་སྣང་མོད་ཀྱི། འོན་ཀྱང་སྦྱོར་བའི་ཚེ་འདི་གཉིས་ཐ་དད་པ་ཉིད་དུ་ཇི་སྐད་དུ་གསུངས་པའི་རིམ་གྱིས་རྣམ་པར་སྦྱང་བར་བྱ་སྟེ། འདི་ལྟར་ཡང་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་བྱེ་བྲག་གི་གཞུང་ལས་བཤད་པ། ཕྱག་རྒྱ་ [69a.3]ཐམས་ཅད་བཀྲོལ་ནས་སུ། །བདག་ནི་མངོན་པར་དབང་བསྐུར་ལ། །མཛུབ་མོའི་རྩེ་མོ་གཉིས་ཀྱིས་ནི། །ཕྲེང་བ་བཞི་འམ་ཡང་ན་གསུམ། །ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། ཤེས་རབ་ཅན་གྱིས་གོ་ཆ་བཅིང་། །བདག་ཉིད་མཐུ་དང་ལྡན་པར་བྱ། །ཕྱག་རྒྱ་ཐམས་ཅད་བརྟན་ [69a.4]བྱ་བ། །སྙིང་པོ་ཡང་ནི་འདི་ཡིས་སོ། །བར་ཀ་བ་ཙེ་ན་བ། །དེ་ནས་ཐལ་མོ་མཉམ་པར་བརྡབ་པའི་སྦྱོར་བས་སྙིང་པོ་འདི་བརྗོད་ཅིང་མཉེས་པར་བྱའོ། །དེ་ལ་སྙིང་པོ་ནི་འདིའོ། །བཛྲ་ཏུ་ཥྱ་ཧོ། །ཐལ་མོ་མཉམ་པར་བརྡབ་པའི་ཕྱག་རྒྱ་ཡང་། ལག་པ་ཐལ་མོ་ཁོང་སྟོང་དུ་ [69a.5]སྦྱར་བ་ལས་སྨད་ཕྱེ་ལ། མགོ་མི་དབྱེ་བས་ཐལ་མོ་མཉམ་པོར་བརྡབ་པའི་ཚུལ་དུ་བྱའོ། །ཡང་ན་ཕྱག་རྒྱ་ཐམས་ཅད་དགྲོལ་བའི་དབང་བསྐུར་བའི་མཐའི་བར་དུ་བྱས་ནས། །གོ་ཆའི་མཐར་ཕྲེང་བ་བཅིང་བར་མ་བྱས་པར་བདག་བསྲུང་བའི་བསམ་པ་དང་། ཇི་ལྟར་བཅིངས་ [69a.6]པའི་ཕྱག་རྒྱ་ཐམས་ཅད་ཡང་བདག་ལ་བརྟན་པར་བྱ་བའི་བསམ་པས་ཡི་གེ་བརྒྱ་པ་ཞེས་བྱ་བ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལན་གཅིག་བརྗོད་དེ་སྔ་མ་བཞིན་དུ་མཉེས་པར་བྱ་བའི་སྦྱོར་བ་བྱའོ། །ཕྱག་རྒྱ་དགྲོལ་བ་ལ་སོགས་པ་འདི་དག་ཐམས་ཅད་ཀྱི་དོན་ཡང་ [69a.7]རྒྱུད་ལས་གཞུང་འདིས་བསྟན་པར་ཤེས་པར་བྱ་སྟེ། དེ་ནས་ཕྱག་རྒྱ་ཐམས་ཅད་སྤྱིའི་དགྲོལ་བར་ཆོ་ག་རྒྱས་པར་བཤད་དེ། དེ་ལ་དང་པོ་ཉིད་དུ་གང་ནས་འབྱུང་བའི་དེ་ཉིད་དུ་སྙིང་པོ་འདིས་དགྲོལ་ལོ། །བཛྲ་མུཿ། དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྙིང་ག་ནས་བྱུང་བ་དབང་བསྐུར་ [69b] [69b.1]བའི་གནས་ན་གནས་པའི་དབང་བསྐུར་ཏེ། མཛུབ་མོའི་རྩེ་མོ་གཉིས་ཀྱིས་ཕྲེང་བ་བསྐོར་ཞིང་བཅིངས་པ་དེ་བཞིན་དུ་གོ་ཆ་བཅིང་ངོ་། །ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། སརྦ་མུ་ཏྲ་མེ་ཏྲི་དྲྀཥྚི་ཀུ་རུ་བ་ར་ཀ་བ་ཙེ་ན་བཾ། དེ་ནས་ཡང་གོ་ཆའི་མཐར་ཕྲེང་བ་བཅིངས་པ་དགྲོལ་ལ་ཐལ་མོ་མཉམ་ [69b.2]པར་བརྡབས་ཏེ་སྙིང་པོ་འདིས་མཉེས་པར་བྱའོ། །བཛྲ་ཏུ་ཥྱ་ཧོ། ཆོ་ག་འདིས་ཕྱག་རྒྱ་རྣམས་དགྲོལ་བ་དང་། བཅིང་བ་དང་། མཉེས་པར་བྱས་ན་རྡོ་རྗེ་ལྟ་བུར་འགྱུར་རོ། །ཡང་ན་རྡོ་རྗེ་སེམས་དཔའ་ཡང་། རྡོ་རྗེ་སེམས་དཔའ་ལན་གཅིག་བཟླས། །ཇི་ལྟར་འདོད་པར་ [69b.3]བདེ་བའི་བདག །བཟླས་བརྗོད་ཙམ་གྱིས་འགྲུབ་འགྱུར་བ། །ཕྱག་ན་རྡོ་རྗེའི་བཀའ་བཞིན་ནོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པའི་འཁོར་ཇི་ལྟར་སྤྱན་དྲངས་ཤིང་མདུན་དུ་བསམས་པ་རྣམས་ཀྱང་རྗེས་སུ་དྲན་པར་བྱ་སྟེ། དེ་བཞིན་ [69b.4]དུ་མཆོད་པ་གསང་བ་བརྗོད་དེ། གསང་བའི་མཆོད་པ་བཞི་དང་། བདུག་པ་ལ་སོགས་པ་མཆོད་པ་བཞི་བྱས་ནས་མངོན་པར་བསྟོད་དེ། ཕྱག་འཚལ་ནས་བཟླས་པ་དང་། བསྒོམ་པ་ལ་སོགས་པ་ཇི་ལྟར་བྱས་པ་ལས་བྱུང་བའི་དགེ་བའི་ལས་འདི་དག་ཡོངས་སུ་བསྔོ་བ་ [69b.5]འདི་ལྟར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དགེ་བའི་རྩ་བ་ཇི་ལྟར་བགྱིས་པ་འདིས་བདག་སངས་རྒྱས་སུ་གྱུར་ནས། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བགྱིའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ [69b.6]གོ་འཕང་དེ་མ་ཐོབ་ཀྱི་བར་དུ་ཡང་དེ་འཐོབ་པའི་རྗེས་སུ་མཐུན་པའི་བདག་གི་ལུས་དང་ལོངས་སྤྱོད་དང་རིགས་དང་རུས་ཕུན་སུམ་ཚོགས་པར་ཤོག་ཤིག་ཅེས་བྱ་བ་འམ། དེ་ལས་གཞན་དུའང་ཅི་ནུས་པར་རང་གི་བསོད་ནམས་དེ་དག་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་ཇི་ལྟར་བྱས་ [69b.7]པའི་དགེ་བའི་རྩ་བ་འདི་འཁོར་གསུམ་ཡོངས་སུ་དག་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མངོན་དུ་བྱ་བས་བདག་བརྒྱན་ལ་ཏིང་ངེ་འཛིན་ལས་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་བཅས་པ་རྣམས་སླར་གཤེགས་སུ་ [70a] [70a.1]གསོལ་བའི་ཕྱིར། རྡོ་རྗེ་སེམས་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། ཁ་གྱེན་དུ་བསྟན་ཏེ་བཀྲོལ་ལ་སྙིང་པོ་འདི་བརྗོད་དོ། །ཨོཾ་ཀྲྀ་ཏོ་བ་སརྦ་སཏྭཱརྠཱ། སིདྡཱི་དཱང་ཏཱ་ཡཱ་ཐཱ་ནུ་ག །གཙྪ་དྷྭ་ན་བུདྡྷ་བྱི་ཤ་ཡན། པུ་ན་རཱ་ག་མ་ནཱ་ཡ་དུ། ཨོཾ་བཛྲ་སཏྭ་མུཿ། དེ་ལྟར་ [70a.2]བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་རྣམས་རྣམ་པར་བཀོད་པ་དང་ལྡན་པ་ཇི་ལྟར་བསམས་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་དགྲོལ་བའི་རིམ་པ་དང་། ཇི་ལྟར་སྤྱན་དྲངས་པའི་ལྷ་ [70a.3]རྣམས་སླར་གཤེགས་སུ་གསོལ་བ་བསྟན་པའོ། །རྡོ་རྗེའི་རིགས་ལ་སོགས་པ་ལ་བཟླས་བརྗོད་བྱེད་པ་རྣམས་ཀྱི་ཕྱག་རྒྱ་དགྲོལ་བའི་རིམ་པ་དང་། ལྷ་རྣམས་སླར་གཤེགས་སུ་གསོལ་བ་ཡང་འདི་ཉིད་དེ། དེ་དག་གི་ཁྱད་པར་གྱི་ཆོ་ག་ནི་དེའི་རྣལ་འབྱོར་བྱེད་པ་རྣམས་ཀྱིས་ [70a.4]རྒྱུད་ཉིད་ལས་ཤེས་པར་བྱའོ། །དེ་ནས་བདག་དང་བདག་གི་གནས་དང་ཁང་པ་དང་ཡུལ་ལ་སོགས་པ་དངོས་པོ་ཇི་ལྟར་གནས་པ་རྣམས་སྒྱུ་མ་ལ་སོགས་པར་སྣང་བ་བཞིན་དུ་སྣང་བར་ཡང་དག་པར་བརྟག་སྟེ། རང་གི་རིགས་དང་མཐུན་པར་བསྲུང་བའི་སྦྱོར་བས་བཟླས་བརྗོད་ [70a.5]ལ་སོགས་པའི་ཚེ། དགོས་པའི་ཡོ་བྱད་རྣམས་བསྲུང་བའི་ནན་ཏན་བྱས་ཏེ་ལངས་ལ་རྟག་ཏུ་རང་གི་ལྷའི་དམ་ཚིག་སེམས་དཔའི་ང་རྒྱལ་ཉིད་དུ་གནས་པར་བྱའོ། །སྐབས་སྐབས་སུ་ཡང་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་དང་། གསང་སྔགས་ཀྱི་སྤྱོད་པའི་ཚུལ་བཀླག་པ་ [70a.6]ལ་སོགས་པ་ལྷ་ལ་སོགས་པ་ལ་ཆོས་སྦྱིན་པར་བསམས་པའི་སེམས་ཀྱིས་བྱའོ། །མི་འདོད་པས་ནི་བྱ་བ་གཞན་དུ་ཉུང་དུ་བྱས་ཏེ། སྤྱོད་ལམ་ཐམས་ཅད་དུ་རང་གི་ལྷའི་དམ་ཚིག་སེམས་དཔའ་བདག་ཏུ་བརྟག་པ་ལ་འབད་པ་ཉིད་དུ་བྱའོ། །ཟན་ཟ་བ་ན་ཡང་རིགས་པ་ [70a.7]ལས་བྱུང་བའི་ཁ་ཟས་མ་སྨད་ཅིང་མི་འགལ་བ་བླངས་ལ། ཡོངས་སུ་དག་པ་དང་། ཡོན་ཏན་གྱི་ཁྱད་པར་དུ་འགྱུར་བ་ཡང་འདི་ལྟར་བྱའོ། །ཁ་ཟས་འདི་ཉེས་པ་མེད་ཅིང་ཡོན་ཏན་ཕུན་སུམ་ཚོགས་པ་མང་པོའི་ཚོགས་གྲུབ་པར་གྱུར་ཅིག་ཅེས་བརྗོད་དམ་བསམས་ཏེ། [70b] [70b.1]རང་གི་ལྕེ་ལ་རྡོ་རྗེ་བསམས་ཤིང་ཆོས་ཀྱི་ཕྱག་རྒྱ་འདི་ཉིད་བརྗོད་པར་བྱའོ། །སརྦ་ཀརི། སརྦ་སིདྡྷི། འདི་གཉིས་ལས་དང་པོས་ནི་ཐམས་ཅད་དག་པར་འགྱུར་རོ། །དེའི་འོག་མས་ནི་ཡོན་ཏན་ཐམས་ཅད་འགྲུབ་པར་འགྱུར་རོ། །རྒྱུད་གཞན་དག་ལས་ནི་ཆོ་ག་འདི་དག་རྣམ་པ་ [70b.2]གཞན་དུ་གསུངས་པ་ནི་འདི་ལྟ་སྟེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་ལ་ཡང་མཚན་ཉིད་མེད། །མཁའ་དང་མཉམ་པའི་རྣལ་འབྱོར་པས། །ཐམས་ཅད་བཟའ་བ་ཉིད་དུ་བྱའོ། །ཐམས་ཅད་ནམ་མཁའ་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཞེས་སྨྲ་ཞིང་། །རྡོ་རྗེ་ཕྱག་རྒྱ་རྣམས་ཀྱིས་ [70b.3]བཏབ། །ངེས་པ་ཉིད་དུ་བཟའ་བར་བྱའོ། །འདོད་པ་ཀུན་གྱི་ལོངས་སྤྱོད་རྣམས། །ཇི་ལྟར་འདོད་པར་སྤྱོད་ཅིང་ནི། །ཐམས་ཅད་ནམ་མཁར་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར། །ཞེས་བྱ་བའོ། །དེ་ལྟར་མངོན་པའི་སྔགས་པའམ། མཚན་མ་མེད་པའི་ [70b.4]རྣལ་འབྱོར་གྱིས་མངོན་པར་འདུས་བྱས་པའི་ཁ་ཟས་འདི་དེ་བཞིན་གཤེགས་པ་རྣམས་དང་། དེའི་རིགས་ལ་སོགས་པར་གཏོགས་པའི་ལྷའི་ཚོགས་རྣམས་ལ་ཅི་འབྱོར་པའི་ཕུད་གསོལ་ཏེ་སེམས་ཅན་རྣམས་ལ་ཡང་ཅི་ནུས་པར་བགོས་ལ་རང་གི་ལྷའི་རྣལ་འབྱོར་རམ། [70b.5]དེའི་བདག་པོའི་རྣལ་འབྱོར་དུ་གནས་ཏེ། རང་གི་ལྷ་འམ། དཀོན་མཆོག་གསུམ་ལ་མཆོད་པ་བྱའོ་སྙམ་དུ་བསམས་ཏེ། རིགས་པ་དང་རན་པར་བཟའོ། །དེ་ལྟར་བྱས་ན་ལྷ་ཚིམ་པར་བྱས་པའི་དོན་ཆེན་པོ་གཞན་ཡང་བྱས་པར་འགྱུར་རོ། །དེ་ནས་སྔར་བཤད་པའི་ཡིད་ལ་ [70b.6]བྱ་བ་ཉིད་ཀྱིས་ངལ་བསོ་སྟེ། ཉི་མ་གུང་དང་ཕྱི་དྲོ་དང་། ནམ་ཕྱེད་ཀྱི་དུས་ན་ཡང་དེ་བཞིན་དུ་བཟླས་བརྗོད་ལ་སོགས་པ་སྔ་ཕྱི་དུས་སུ་བྱ་བ་རྣམས་ལ་སྤྲོ་བ་བསྐྱེད་ཅིང་། གཉིད་དང་། འདུ་འཛི་དང་། རྣམ་པར་རྟོག་པ་ངན་པ་ལ་སོགས་པའི་ཉེས་པ་ཡོངས་སུ་སྤངས་ཏེ་ [70b.7]ལེགས་པར་བྱའོ། །དེ་ནས་དེ་བཞིན་དུ་བཏང་སྟེ་སྔ་མ་བཞིན་དུ་བྱ་བ་ཐམས་ཅད་ལ་ལྷའི་དམ་ཚིག་སེམས་དཔའ་ཉིད་དུ་ང་རྒྱལ་མ་བཏང་བ་ཉིད་དུ་བྱའོ། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཐམས་ཅད་ཀྱི་བཟླས་བརྗོད་བསྟན་པ་བསྡུས་པའོ། ། [71a] [71a.1]དེ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་ཚེ་ཉིད་ནི་ཡེ་ཤེས་བབས་པའི་མངོན་རྟགས་ཀྱི་མཚན་ཉིད་ཐོབ་ཀྱང་དེ་དངོས་གྲུབ་མ་ཐོབ་པའི་རྣལ་འབྱོར་པས་ཆོ་ག་འདིས་རེ་ཞིག་དེ་བཞིན་གཤེགས་པའི་སྙིང་པོའམ། དེའི་རིགས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ [71a.2]པ་སེམས་དཔའ་ཆེན་པོ་གང་ཡང་རུང་བའི་སྙིང་པོ་གང་མཉེས་པར་བྱ་བར་བསམས་པ་དེ་ཉིད་ཉིན་རེ་སྔ་དྲོ་དང་ཕྱི་དྲོ་དང་ཉི་མ་གུང་གི་དུས་དང་། ནམ་ཕྱེད་ཀྱི་དུས་སུ་དུས་རེ་རེར་བརྒྱ་རྩ་བརྒྱད་དུ་བཟླས་བརྗོད་དུ་བྱ་བས་དུས་བཞིར་ཇི་སྐད་དུ་གསུངས་པའི་སྔོན་དུ་བསྙེན་པ་རྫོགས་ཀྱི་ [71a.3]བར་དུ་སྔོན་དུ་བསྙེན་པ་བྱའོ། །ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་དེ་བཞིན་གཤེགས་པའི་རིགས་ཀྱི་སྙིང་པོ་ཐམས་ཅད་སྔོན་དུ་བསྙེན་པའི་བཟླས་བརྗོད་བྱ་བའི་སྐབས་སུ། དེ་ལ་འདིར་ན་དེ་བཞིན་གཤེགས་པའི་རིགས་ཀྱི་ཡོ་བྱད་ཀྱི་ཆོ་ག་རྒྱས་པའོ་ཞེས་བྱ་བ་ནས་བརྩམས་ [71a.4]ཏེ། ཟླ་བ་བཞིར་དུས་བཞིར་སྙིང་པོའི་དོན་གྱིས་བདག་ཉིད་སངས་རྒྱས་ཀྱི་སྐུ་མདུན་དུ་ཚིག་ཙམ་གྱིས་ཀྱང་བསྒོམ་ཞིང་ཇི་ལྟར་འདོད་པར་བྱེད་པས་བརྒྱ་རྩ་བརྒྱད་དུ་རྡོ་རྗེའི་ཚིག་གིས་བཟླས་བརྗོད་བྱས་ནས་མྱུར་དུ་འགྲུབ་པོ་ཞེས་གསུངས་པའོ། །དེ་ལྟར་སྔོན་དུ་བསྙེན་པ་བྱས་ [71a.5]ནས་དེ་བཞིན་གཤེགས་པའི་རིགས་ཀྱི་སྙིང་པོ་རྣམས་གང་ཡང་རུང་བ་བཟླས་པ་ལས་བྱུང་བའི་ཆོ་ག་ལ་སོགས་པའི་དངོས་གྲུབ་བམ་ལས་རྣམས་བྱེད་འདོད་པ་དེས་ཡང་རང་གི་ལྷའི་རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་འོག་ནས་འབྱུང་བའི་ཚོགས་སྔོན་དུ་བསྙེན་པ་བྱས་ནས་རི་མོའི་ [71a.6]སྐུ་གཟུགས་ཉིད་ཀྱི་སྤྱན་སྔར་ཇི་ལྟ་བ་བཞིན་དུ་བསྒྲུབ་བོ། །དེ་ལ་རེ་ཞིག་དངོས་གྲུབ་མཆོག་བསྒྲུབ་པར་འདོད་པས་རང་གི་ལྷའི་རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་སྔ་མ་བཞིན་དུ་དུས་བཞིར་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱེད་པའི་རྣལ་འབྱོར་གྱིས་ཟླ་བ་བཞིར་ཡང་བཟླས་བརྗོད་ [71a.7]བྱའོ། །དེ་ནས་ཉི་མ་བཟང་པོ་ལ་རབ་ཏུ་ཤིས་ཤིང་དབེན་པའི་ཕྱོགས་སུ་རང་གི་རིགས་དང་མཐུན་པར་གནས་ལ་སོགས་པ་བསྲུང་བར་བྱ་སྟེ་སྔར་བཤད་པའི་རིམ་པས་རང་གི་ལྷའི་དམ་ཚིག་སེམས་དཔའ་བདག་ཏུ་བསྒྲུབ་པར་བྱས་ནས་མཆོད་པ་ལ་སོགས་པ་ལེགས་པར་བྱས་ [71b] [71b.1]ནས། དེ་བཞིན་དུ་རང་གི་རིགས་དང་རྗེས་སུ་མཐུན་པའི་ལུས་དང་ངག་དང་ཡིད་དང་། ལྟ་བའི་སྤྱོད་པ་རྣམས་ཇི་ལྟ་བ་བཞིན་དུ་མངོན་དུ་བྱ་སྟེ་དེ་འདོད་པ་བསྔགས་པ་བྱས་ལ་སྲོད་ཀྱི་དུས་ནས་བརྩམས་ཏེ། མཚན་ཐོག་ཐག་ཏུ་ཡིད་རྩེ་གཅིག་པར་བྱས་ལ་ཅི་ལྟར་འདོད་པའི་ [71b.2]དངོས་གྲུབ་གྲུབ་པར་ཡང་དང་ཡང་དུ་སེམས་ཀྱིས་རྣམ་པར་བརྟག་ཅིང་བཟླས་བརྗོད་བྱའོ། །དེ་ནས་ནང་པར་དེ་བཞིན་གཤེགས་པ་ལ་སོགས་པའི་མཚན་ཉིད་མཉེས་པར་བྱས་པའི་ལྷའི་གཟུགས་ཀྱི་རང་བཞིན་གྲུབ་པ་འཐོབ་པོ། །ཇི་སྐད་དུ་ཕྱི་མའི་ཡང་ཕྱི་མའི་རྒྱུད་ [71b.3]ལས་རི་མོའི་སྐུ་གཟུགས་ཀྱི་ཆོ་གའི་འོག་ཏུ་དེ་ནས་རི་མོའི་གཟུགས་ལ་མཆོད་པ་རྒྱ་ཆེར་བྱས་ཏེ། ཅི་ལྟ་བ་བཞིན་དུ་བཟླས་བརྗོད་ཀྱི་རྣལ་འབྱོར་ཟླ་བཞིའི་བར་དུ་བྱ་ཞེས་གསུངས་སོ། །འདིར་ཡང་འདོད་ཅིང་འཐད་པར་བྱས་ན་འདོད་པ་སྟེ་རང་གི་ལྷ་ཉིད་ལ་བྱའོ། །དེ་ཡང་ [71b.4]ཅི་སྐད་དུ་དམ་ཚིག་གི་དཀྱིལ་འཁོར་གྱི་ཕྱི་མའི་རྒྱུད་ལས། ད་ནི། འདོད་པ་ཀུན་དུ་བཟང་པོ་ཡིས། །སེམས་ཅན་ཀུན་ལ་བདེ་བ་སྦྱིན། །རྡོ་རྗེ་སེམས་དཔའ་ཏིང་འཛིན་གནས། །མཆོད་པས་བསྒྲུབ་པ་འཐོབ་པར་འགྱུར། །ཞེས་གསུངས་ཏེ། རྡོ་རྗེ་སེམས་ [71b.5]དཔའ་ཞེས་བྱ་བ་ནི་འདིར་ཕལ་ཆེར་ཉེ་བའི་མཚན་ཉིད་ཀྱི་ཚིག་སྟེ་དེ་བས་ན་རྡོ་རྗེ་རྒྱལ་པོ་ལ་སོགས་པ་མཉེས་པར་བྱས་པའི་སེམས་དཔའ་གཞན་རྣམས་ལ་ཡང་སྙེག་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་དང་དེའི་རིགས་ཀྱི་ལྷའི་འཁོར་རྣམས་ཀྱི་ཕྱག་རྒྱ་ཆེན་པོས་ [71b.6]བྱིན་གྱིས་བརླབ་པར་བྱ་སྟེ། མཉེས་པར་བྱ་བའི་མགོན་པོ་གང་འདོད་པ་གཅིག་གིས་ཕྱག་རྒྱ་བསྒོམ་པ་གོམས་པ་ལས་ཅི་ལྟར་འདོད་པའི་དངོས་གྲུབ་བསྒྲུབ་པོ། །ཕྱག་རྒྱ་ཆེན་པོ་བསྒོམས་པ་ལས་བྱུང་བའི་དངོས་གྲུབ་འདིར་བཤད་པར་བྱ་སྟེ། དེ་ལས་ཕྱག་རྒྱ་ཆེན་པོ་ [71b.7]བསྒོམས་པ་ལས་བྱུང་བའི་ནོར་བསྒྲུབ་པར་འདོད་པ་དེས་དང་པོ་ཉིད་དུ་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་ཡེ་ཤེས་ཀྱི་སེམས་དཔའ་འབབ་པའི་མཐའི་བར་དུ་བྱས་ནས། ཨརྠ་སིདྡྷི་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་ཇི་ལྟར་འདོད་པའི་རང་གི་ལྷའི་གཟུགས་དང་བདག་དང་བདག་མི་ [72a] [72a.1]གཉིས་པར་བསྒོམ་པ་ནི། ཅི་སྲིད་ནོར་བསམ་པ་དེ་མ་རྩལ་བར་གནས་འབྱུང་བ་པོ་མེད་པར་འབྱུང་བ་དེ་སྲིད་ཀྱི་བར་དུ་བསྒོམ་མོ། །དེ་ནས་མཚན་མ་བྱུང་ནས་སྔ་མ་བཞིན་དུ་མཚན་གཅིག་རང་གི་ཕྱག་རྒྱ་གོམས་པར་བྱ་སྟེ། ནོར་བསྒྲུབ་པའི་སྙིང་པོ་ [72a.2]ཡིད་ལ་འདོན་ཅིང་གནས་སོ། །དེ་ནས་རང་གི་ལྷ་བྱོན་ནས་ཅི་ལྟར་བསམས་པའི་ནོར་ཀུན་སྩལ་ཏོ། །ཇི་སྐད་དུ། དེ་ལ་རེ་ཞིག་ནོར་བསྒྲུབ་པར་འདོད་པས་སྙིང་པོ་འདིས་གྲུབ་པར་བྱ་སྟེ། དེ་ལ་སྙིང་པོ་ནི་འདིའོ། །ཨརྟ་སིདྡྷི་ཞེས་བྱ་བ་བསྒྲུབ་པའི་ཕྱག་རྒྱ་འདིས་ནོར་འབྱིན་ [72a.3]པར་བྱེད་དོ་ཞེས་གསུངས་སོ། །དེ་ནས་རྡོ་རྗེའི་དངོས་གྲུབ་བསྟན་པར་བྱ་སྟེ། དེ་བཞིན་དུ་སྔོན་དུ་བྱས་པའི་ཆོ་ག་ཐམས་ཅད་བྱས་ལ་བཛྲ་སིདྡྷི་ཞེས་བྱ་བའི་སྙིང་པོ་འདིས་སྔ་མ་བཞིན་དུ་ཅི་ལྟར་མོས་པའི་རང་གི་ལྷའི་ཕྱག་མཚན་མ་བྱུང་གི་བར་དུ་བསྒོམས་ནས་ནུབ་གཅིག་སྙོམས་ [72a.4]པར་ཞུགས་ཏེ་འདུག་ན་རང་གི་ལྷ་བྱོན་ནས་ཅི་ལྟར་འདོད་པའི་རྡོ་རྗེའི་དངོས་གྲུབ་སྩོལ་ཏོ། །ཇི་སྐད་དུ་དེ་ནས་རྡོ་རྗེ་དངོས་གྲུབ་འདོད་ན་སྙིང་པོ་འདིས་བསྒྲུབ་པོ། །དེ་ལ་སྙིང་པོ་ནི་འདིའོ་བཛྲ་སིདྡྷི་འདིས་ཇི་ལྟར་འདོད་པའི་རྡོ་རྗེ་གྲུབ་པར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་ [72a.5]དུ་བཛྲ་བྷིད་ཏ་དྷྱ་ར་ཞེས་བྱ་བའི་སྙིང་པོ་འདིས་མཚན་གཅིག་གིས་མཐར་བསྒྲུབ་ན། རང་གི་ལྷ་དེ་བཞིན་དུ་རིག་སྔགས་འཛིན་པ་གྲུབ་པར་འདོད་པའི་ཁྱད་པར་གང་ཡིན་པ་དེ་འདིར་བསྟན་པར་བྱའོ། །དེ་ལ་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པ་བྱམས་པ་ལ་སོགས་པའི་ [72a.6]ཏིང་ངེ་འཛིན་རྣམས་གང་ཡང་རུང་བའི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར། རང་གི་ལྷའི་སྙིང་པོ་བཟླས་བརྗོད་བྱེད་པར་འདོད་པ་གང་ཡིན་པ་དེས་དང་པོར་རེ་ཞིག་སྔོན་གྱི་དུས་སུ་བྱ་བ་རྣམས་བྱས་ནས། བྱམས་པ་ལ་སོགས་པ་ཏིང་ངེ་འཛིན་གང་འདོད་པ་མངོན་དུ་བྱས་ཏེ། རང་གི་ [72a.7]ལྷའི་སྙིང་པོ་ཟླ་བ་བཞིར་དེ་བཞིན་དུ་བཟླས་བརྗོད་བྱའོ། །ཐ་མར་ཏིང་ངེ་འཛིན་དེ་ཉིད་ལ་མཉམ་པར་བཞག་ནས་རང་གི་ལྷའི་གཟུགས་སུ་བྱས་ཏེ། ཏིང་ངེ་འཛིན་གྱིས་བཟླས་བརྗོད་བྱེད་ཅིང་མཚན་ཐོག་ཐག་ཏུ་འདུག་པར་བྱའོ། །དེ་ནས་ནང་པར་ཇི་ལྟར་འདོད་པའི་ཏིང་ངེ་འཛིན་ [72b] [72b.1]ནི་དངོས་གྲུབ་རྣམས་མངོན་དུ་ཕྱོགས་པར་འགྱུར་རོ། །ཇི་སྐད་དུ། དེ་ནས་ཏིང་ངེ་འཛིན་གྲུབ་པར་འདོད་ན། དེས་རྡོ་རྗེ་ཕྲ་མོ་ནས་བརྩམས་ཏེ། ཏིང་ངེ་འཛིན་ནི་གང་འདོད་པ་དེའི་སྙིང་པོ་རྣལ་འབྱོར་གྱིས་ཟླ་བ་བཞིའི་བར་དུ་གོམས་པར་བྱའོ། །དེ་ནས་ཐ་མར་མཚན་ཐོག་ཐག་ཏུ་ [72b.2]སྐྱིལ་མོ་ཀྲུང་མ་བཤིགས་པར་མཉམ་པར་གཞག་སྟེ་འདུག་པར་བྱའོ། །དེ་ནས་ནང་པར་ཇི་ལྟར་བསྒོམ་པའི་ཏིང་ངེ་འཛིན་གྱིས་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ནས་ཏིང་ངེ་འཛིན་དེའི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་གསུངས་སོ། །གསང་བ་དང་ [72b.3]དབབ་པ་དང་ལས་ཀྱི་བྱེ་བྲག་ནི་འདི་ལྟ་སྟེ། སྔ་མ་བཞིན་དུ་ཟླ་བ་གཅིག་ཏུ་ཡང་། རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་བསྙེན་པ་བྱས་ལ། ཐ་མར་མཚན་ཐོག་ཐག་ཏུ་དེ་བཞིན་དུ་བཟླས་བརྗོད་བྱའོ། །དེ་ནས་ཇི་ལྟར་རིགས་པ་གོ་ཆ་དང་། དབྱུག་པ་དང་། སྐུད་པ་དང་། ཐལ་ [72b.4]བ་དང་། ཡུངས་ཀར་ལ་སོགས་པ་ལ་ལན་གཅིག་བཟླས་པས། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་བུ་མོ་རྣམས་དང་། གྲོང་དང་གྲོང་ཁྱེར་དང་། ཡུལ་དང་ཡུལ་འཁོར་ལ་སོགས་པ་ཇི་ལྟར་འདོད་པར་བསྲུང་ནུས་པར་འགྱུར་རོ། །སྐྱེས་པ་ལ་སོགས་པས་རེག་པ་དང་། [72b.5]མ་རེག་པ་ཡང་རུང་སྟེ། རྩེད་མོ་ལ་སོགས་པ་བྱ་བའི་ཕྱིར་ཙནྡན་དྲི་ཞིམ་པོའི་བདུག་པ་ལན་ཅིག་བཟླས་པས་འབབ་པར་འགྱུར་རོ། །རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་ཡང་ལག་པས་བཅིངས་པའམ། ལུགས་མ་བྱས་པ་ཡང་རུང་དེ་བཞིན་དུ་ཕབ་ན་ཇི་ལྟར་འདོད་ [72b.6]པར་གདོན་ལ་སོགས་པའི་ལས་རྣམས་བྱེད་དོ། །བུམ་པའི་སྣོད་ལ་སོགས་པ་ལ་ཡང་ཕབ་ན་རྫས་སྟོར་བ་དེའི་གནས་སུ་འགྲོ་བར་སྟོན་ཏེ། ཇི་སྐད་དུ། དེ་བཞིན་ཟླ་བ་གཅིག་ཏུ་བསྒྲུབས་ཏེ། དེ་ནས་ཐ་མར་མཚན་ཐོག་ཐག་དེ་བཞིན་དུ་བཟླས་བརྗོད་བྱས་ན། དེ་ནས་ལས་ [72b.7]འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ནས་ལས་རྣམས་འབྱུང་སྟེ། ལན་ཅིག་བརྗོད་པས་བདག་དང་གཞན་དང་གྲོང་དང་གྲོང་ཁྱེར་དག་གོ་ཆ་བཅིངས་པ་ལ་སོགས་པས་བསྲུང་བར་འགྱུར་རོ། །དབབ་པ་ནི་ཙནྡན་དྲི་ཞིམ་པོས་རེག་པ་དང་མ་ [73a] [73a.1]རེག་པ་དང་། རྡོ་རྗེ་དང་། ལྕགས་ཀྱུ་དང་། མདའ་དང་། དགའ་བ་དང་། རིན་པོ་ཆེ་དང་། ཉི་མ་དང་། རྒྱལ་མཚན་དང་། སོའི་ཕྲེང་བ་དང་། པདྨ་དང་། རལ་གྲི་དང་། འཁོར་ལོ་དང་། ལྕེ་དང་། རྡོ་རྗེ་རྒྱ་གྲམ་དང་། གོ་ཆ་དང་། མཆེ་བ་དང་། ཁུ་ཚུར་གྱི་ཕྱག་རྒྱ་ [73a.2]ལ་སོགས་པ་རྡོ་རྗེ་ཐམས་ཅད་ལན་ཅིག་བཟླས་བརྗོད་བྱས་པས་འབབ་པར་འགྱུར་རོ་ཞེས་གསུངས་སོ། །སྒྱུ་མའི་ལས་བསྒྲུབ་པའི་སྦྱོར་བའི་ཁྱད་པར་ནི་དེ་བཞིན་དུ་རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་ཟླ་བ་གཅིག་གི་སྔོན་དུ་བསྙེན་པ་བྱས་ཏེ། རྒྱུད་ལས་གསུངས་པའི་ [73a.3]ཆོ་གས་རྨ་བྱའི་མཇུག་མ་ལ་བསྒྲུབ་པོ། །དེ་ལ་འདི་ནི་རྒྱུད་ལས་གསུངས་པའི་ཆོ་ག་སྟེ། སྒྱུ་མའི་ལས་ཀྱང་རྨ་བྱའི་མཇུག་མ་སྦམས་པའི་ནང་དུ་རྡོ་རྗེ་བཅུག་སྟེ་བཅིངས་ལ། དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱས་རྨ་བྱའི་མཇུག་མ་དེ་མནན་ལ། དེ་ལ་ཕྱག་རྒྱ་ཐམས་ [73a.4]ཅད་བབས་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་དེ་ལ་གཟུགས་སྣ་ཚོགས་ལ་སོགས་པ་མཐོང་བར་འགྱུར་རོ། །དེ་ཕྱིན་ཆད་མཇུག་མ་དེས་གཟུགས་ཐམས་ཅད་རང་གི་ལུས་ལ་ཆོ་ག་བཞིན་དུ་སྟོན་ཏོ། །མཇུག་མ་དེ་ཉིད་བསྐོར་བས་བདག་ཉིད་ཀྱི་གཟུགས་ཐམས་ [73a.5]ཅད་སྟོན་ཏོ། །མཇུག་མ་དེ་ཉིད་ཀྱིས་འཇིག་རྟེན་པའི་དགོས་པའི་ལས་ཐམས་ཅད་སྟོན་ཏོ། །མཇུག་མ་དེ་ཉིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་རྣམས་ཀྱང་སྟོན་ཏོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་དེ་བཞིན་ [73a.6]གཤེགས་པ་འཁོར་དང་བཅས་པ་བདུད་སྡེ་དང་བཅས་པར་བཅོམ་པ། སངས་རྒྱས་ཀྱི་རྫུ་འཕྲུལ་མཛད་པ་ཡང་སྟོན་པ་ནས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་བདག་ཉིད་སྟོན་པའི་བར་དུ་སྟོན་ཏོ་ཞེས་བྱ་བའོ། །དབང་དུ་བྱ་བའི་སྦྱོར་ [73a.7]བའི་ཁྱད་པར་ནི་དེ་བཞིན་དུ་རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་ཟླ་བ་གཅིག་ཏུ་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བཟླས་བརྗོད་བྱས་ལ། ཐ་མར་དེ་བཞིན་དུ་ཕྱག་རྒྱ་བཅིང་བ་བྱ་སྟེ། མཚན་ཐོག་ཐག་ཏུ་བཟླས་བརྗོད་བྱས་ལ་ཕྱག་རྒྱ་འབར་བར་གྱུར་ན། ཕྱག་རྒྱ་དེ་ [73b] [73b.1]བཅིངས་ལ་སེམས་ཅན་གང་སེམས་ལ་བསམ་ཤིང་རྗེས་སུ་ཆགས་པས་བཟླས་བརྗོད་བྱས་པ་དེ་དབང་དུ་འགྱུར་རོ། །ཇི་སྐད་དུ། དབང་དུ་བྱ་བར་འདོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ཏེ། དེ་བཞིན་དུ་མཚན་ཐོག་ཐག་ཏུ་ [73b.2]ཕྱག་རྒྱ་འབར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ཕྱིན་ཆད་ཕྱག་རྒྱ་བཅིངས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་ཆགས་པར་འགྱུར་ན། སེམས་ཅན་གཞན་ལྟ་ཅི་སྨོས་ཞེས་བྱ་བ་གསུངས་སོ། །འཇིག་རྟེན་པའི་རིག་སྔགས་འཆང་གི་དངོས་གྲུབ་ [73b.3]བསྒྲུབ་པའི་ཁྱད་པར་ཡང་། རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་ཡང་སྔོན་དུ་བསྙེན་པའི་ཕྱིར། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྟོང་རྩ་བརྒྱད་དུ་བཟླས་བརྗོད་བྱས་པས། ཟླ་བ་གཅིག་གི་སྔོན་དུ་བསྙེན་པ་བྱས་ཏེ། ཐ་མར་དེ་བཞིན་དུ་མཚན་མོ་ཕྱག་རྒྱ་ [73b.4]བཅིངས་ཏེ་བཟླས་བརྗོད་བྱའོ། །ནམ་ཕྱག་རྒྱ་འབར་བར་གྱུར་པ་དེའི་ཚེ། དེ་བཅིངས་པས་འཇིག་རྟེན་པའི་ལྷ་ལ་སོགས་པའི་གཟུགས་སུ་སྣང་བའི་དངོས་གྲུབ་རྣམས་དང་། དེ་ལས་གཞན་པའི་རིག་སྔགས་འཆང་ལ་སོགས་པའི་དངོས་གྲུབ་མཆོག་རྣམས་ [73b.5]ལས། གང་ཡང་རུང་བ་གཅིག་ཇི་ལྟར་འདོད་པར་འགྲུབ་པོ། །ཇི་སྐད་དུ། དེ་ནས་འཇིག་རྟེན་པའི་དངོས་གྲུབ་རྣམས་བསྒྲུབ་པར་འདོད་པ་དེས། དང་པོ་ཉིད་དུ་སྟོང་རྩ་བརྒྱད་ཉིད་བཟླས་བརྗོད་བྱ་བ་ཟླ་བ་གཅིག་གི་བར་དུ་དེ་བཞིན་དུ་བཟླས་བརྗོད་བྱས་ལ། དེ་ནས་ཐ་མར་ [73b.6]ཕྱག་རྒྱ་བཅིངས་ཏེ། དེ་བཞིན་དུ་མཚན་ཐོག་ཐག་ཏུ་ཕྱག་རྒྱ་འབར་བའི་བར་དུ་བཟླས་བརྗོད་བྱའོ། །དེ་ཕྱིན་ཆད་ཕྱག་རྒྱ་བཅིངས་པས་འཇིག་རྟེན་གྱི་དངོས་གྲུབ་རྣམས་རིག་སྔགས་འཆང་གི་དངོས་གྲུབ་རྣམས་ལས་གང་ཡང་རུང་བ་གཅིག་འགྲུབ་པར་འགྱུར་རོ་ཞེས། བཅོམ་ [73b.7]ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་བྱ་བ་བཤད་པའོ། །འདི་རྣམས་ནི་རེ་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་བཟླས་བརྗོད་བྱ་བའི་སྐབས་སུ་གསུངས་པའི་དངོས་གྲུབ་ཁྱད་པར་ཅན་རྣམས་འདིར་བཤད་པར་རིག་པར་བྱའོ། །དེ་བཞིན་ [74a] [74a.1]གཤེགས་པའི་རིགས་ལས་བྱུང་བ་རྣམས་ཀྱི། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་བཟླས་བརྗོད་བྱ་བའི་སྐབས་སུ་དངོས་གྲུབ་གཞན་རྣམས་སྤྱིར་བསྟན་པ་གང་ཡིན་པ་རྣམས་ནི་འདིར་མ་བཤད་པས་རྒྱུད་ལས་ཤེས་པར་ [74a.2]བྱའོ། །དེ་ནས་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་གྲུབ་པ་རྣམས་ཇི་སྲིད་པར་འདས་པ་དང་ད་ལྟར་དང་། མ་འོངས་པའི་དངོས་པོ་རྣམས་ཤེས་པའི་སྦྱོར་བ་འབྱུང་སྟེ། དེ་ལ་རེ་ཞིག་སྙིང་པོ་གྲུབ་པ་འདས་པ་ལ་སོགས་པའི་དངོས་པོ་ཤེས་པའི་ཆོ་ག་ནི། [74a.3]ཇི་སྐད་དུ། སྙིང་པོ་ཡོངས་སུ་བཟླས་ནས་སུ། །བདག་གམ་གཞན་གྱིས་ཞེས་བྱ་བ། །འདས་དང་ད་ལྟར་མ་འོངས་པ། །དེ་ནི་མཐོང་ཞིང་ཐོས་པར་འགྱུར། །ཕྱག་རྒྱའི་ལྷ་ནི་མཉེས་བྱས་པ། །ཕྱག་རྒྱ་གཅིག་ནི་བཅིངས་ནས་སུ། །ཡིད་ལ་ཆོ་ག་བཞིན་བྱས་ནས། འཇིག་ [74a.4]རྟེན་རྣམས་ལ་བརྟགས་ན་ནི། གོང་མ་བཞིན་དུ་ཤེས་པར་འགྱུར། །ཞེས་གསུངས་སོ། །གསང་སྔགས་གྲུབ་པའི་ཡེ་ཤེས་འབྱུང་བ་ནི། །གསང་སྔགས་ལན་ཅིག་བརྗོད་ན་ནི། །རང་གི་ལྕེ་ཡིས་སྨྲ་བ་ཡང་། །འདས་དང་ད་ལྟར་མ་འོངས་པ། །དེ་དག་ཐམས་ཅད་ [74a.5]བདེན་པར་འགྱུར། །ཞེས་བྱའོ། །རིག་སྔགས་ཀྱི་ཤེས་པ་བསྒྲུབ་པའི་རིམ་པ་ནི། རིག་སྔགས་ལན་ཅིག་བརྗོད་ན་ནི། །དེ་ཡིས་ཡིད་ཀྱིས་རིག་པ་ནི། །འདས་དང་ད་ལྟར་མ་འོངས་པ། །རྡོ་རྗེ་འཛིན་པའི་ཚིག་བཞིན་ནོ། །ཞེས་བྱ་བའོ། །སྙིང་པོ་ལ་སོགས་པ་བཟླས་བརྗོད་བྱས་པ་ལས་བྱུང་བའི་དངོས་ [74a.6]གྲུབ་བསྡུས་པའོ། །འདིར་ཡང་རང་གི་སེམས་ཀྱི་རྟོག་པ་བཀྲུ་བ་སྔར་བྱ་སྟེ། རང་གི་ལྷའི་རྣལ་འབྱོར་ལ་གནས་པ་རྟག་ཏུ་ནང་གི་བསམ་པ་དག་པའི་རྣལ་འབྱོར་པས་ཕྱི་རོལ་གྱི་གཙང་སྦྲ་སྤྱད་པ་དང་། བསྡམ་པ་ལ་སོགས་པ་གཅིག་ཁོ་ནར་བྱ་དགོས་པ་མ་ཡིན་པས་རྒྱུད་འདི་ལ་ [74a.7]དེ་བྱ་བའི་ཆོ་ག་དངོས་སུ་མ་བསྟན་ཏེ། དེ་བས་ན་དེ་དག་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ལ་མ་ཞེན་པར་ཁྲུས་ལ་སོགས་པ་བྱ་བ་ནི། །དེ་ལྟ་བུའི་འཇིག་རྟེན་དང་རྗེས་སུ་མཐུན་པར་བྱ་བ་དང་། རང་གི་ལུས་ལ་ཕན་པ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་ཏེ། དེ་ཡང་སྔར་ [74b] [74b.1]བཤད་ཟིན་ཏོ། །དེ་བས་ནི་དགོངས་པ་འདི་ནི་རྡོ་རྗེ་རྩེ་མོ་ལས་གསལ་བར་བསྟན་པ་སྟེ། འདི་ལྟ་སྟེ། མི་དགེ་རྣམས་བཅུ་སྤངས་ནས་སུ། །དགེ་བ་བཅུ་ལ་བསྙེན་བྱས་ནས། །སེམས་ཅན་ཀུན་ལ་ཕན་སེམས་པ། །དེ་ནི་ནང་གི་ཁྲུས་ཞེས་བྱ། །བདག་ཉིད་ཕྱག་རྒྱས་བཏབ་ནས་ [74b.2]ནི། །ཕྱག་རྒྱ་ཐམས་ཅད་དགྲོལ་བར་བྱ། །བདག་ཉིད་བཀྲུ་བའི་ཕྱི་རུ་ནི། །རྣལ་འབྱོར་ཁྲུས་ཞེས་བསྟན་པ་ཡིན། །གཙང་སྦྲའི་སྤྱོད་པ་འབྲེལ་བའི་ལུས། །ཆུ་ཡི་ཁྲུས་ཞེས་བྱ་བ་སྟེ། །ལས་འདི་རྣམ་པར་རྟོག་པའི་ཁྲུས། །རྡོ་རྗེ་སློབ་དཔོན་རྣམས་ལ་བཤད། །ཅེས་ [74b.3]བྱའོ། །དེ་ལ་ཁྲུས་བྱེད་པར་འདོད་པས་རིགས་ཀྱི་བྱེ་བྲག་གི་སྲུང་བ་སྔར་གསུངས་པས་བདག་བསྲུང་ངོ་། །ཡང་ན་ཐམས་ཅད་བསྲུང་བར་འདོད་པས། རང་གི་ལྷའི་རྣལ་འབྱོར་ཡིད་ལ་བྱ་སྟེ། ཁྲུས་ལ་སོགས་པའི་ཕྱི་རོལ་གྱི་མཚན་ཉིད་ཀྱི་གཙང་སྦྲ་བྱ་བར་རྒྱུད་འདིར་ [74b.4]བཅོམ་ལྡན་འདས་ཀྱིས་དགོངས་པར་མངོན་ཏེ། དེ་ལས་གཞན་པའི་ཁྲུས་ལ་སོགས་པའི་མཚན་ཉིད་ཀྱི་ཆོ་ག་མ་བསྟན་པའི་ཕྱིར་རོ། །དེ་བས་ན་རང་གི་རིགས་དང་རྗེས་སུ་མཐུན་པའི་སྲུང་བའམ། རང་གི་ལྷའི་དམ་ཚིག་སེམས་དཔའི་ང་རྒྱལ་གྱིས་བསྲུང་བ་བྱ་སྟེ། ཕྱི་ [74b.5]རོལ་གྱི་ཁྲུས་ལ་སོགས་པའི་མཚན་ཉིད་ཀྱི་གཙང་སྦྲ་ཐམས་ཅད་ཇི་ལྟར་འདོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་རྩེ་མོ་ལས་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་སྤྱིའི་ཕྱི་རོལ་གྱི་ཁྲུས་གྱི་ཆོ་ག་གཞན་དག་གསུངས་ཏེ། དེའི་རིམ་པ་ཡང་བྱའོ། །རང་གི་ལྷའི་དམ་ཚིག་སེམས་ [74b.6]དཔའི་རྣལ་འབྱོར་ཇི་ལྟར་བྱས་པ་མངོན་དུ་བྱ་སྟེ། རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་བསམས་ལ། ཨོཾ་ཊུཾ་ཞེས་བྱ་བའི་ཡི་གེ་འབྲུ་གཉིས་པོའི་གོ་ཆ་འདི་ཡན་ལག་ཐམས་ཅད་དུ་བཀོད་དེ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་གནོད་སྦྱིན་གྱི་སྙིང་པོའམ། ཨ་ཞེས་བྱ་བ་མི་འཆི་བ་ཐབ་སྦྱོར་གྱི་སྙིང་པོ་འདི་གཉིས་ [74b.7]ཡིད་ལ་བྱ་སྟེ། དེ་ནས་ཨོཾ་དྷུ་བི་ཀ་ཡ་དུ་པི་པྲ་ཛྭ་ལ་ནི་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་ཟློས་ཤིང་དེའི་ཕྱག་རྒྱ་བཅིངས་ཏེ། བདག་རྡོ་རྗེ་འབར་བའི་ཚོགས་ཀྱིས་གཟི་ཅན་དུ་གྱུར་པར་ཡིད་ཀྱིས་མངོན་པར་བརྟག་གོ། །དེ་ལ་འདི་ནི་རྡོ་རྗེ་འབར་བའི་ཕྱག་རྒྱ་སྟེ། ལག་པ་གཉིས་ [75a] [75a.1]ཁུ་ཚུར་བཅིངས་ལ་གཡས་པའི་མཐེ་བོ་དང་གཡོན་པའི་མཛུབ་མོ་རྩེ་སྦྱར། གཡོན་པའི་མཐེ་བོ་དང་། གཡས་པའི་མཛུབ་མོ་རྩེ་སྦྱར་ཏེ། མཐེའུ་ཆུང་གཉིས་རྩེ་ཅན་དུ་བྱས་ལ་བཟློག་སྟེ་སྦྱར་བ་ནི་རྡོ་རྗེ་འབར་བའི་ཕྱག་རྒྱ་སྟེ་གནས་ལྔར་གཏུག་གོ། །དེ་ནས་ཨོཾ་ [75a.2]བྷུ་ར་ཛྭ་ལ་སྭཱ་ཧཱ་ཞེས་བྱ་བའི་སྔགས་འདིས་ས་གཙང་མ་ལ་ཉི་ཤུ་རྩ་གཅིག་མངོན་པར་བསྔགས་ལ་ཆུ་ངོགས་གཙང་མའི་ཕྱོགས་སུ་ཆ་གསུམ་དུ་བགོས་ཏེ་བཞག་ལ། དེ་ནས་དེ་བཞིན་དུ་རང་གི་ལྷའི་དམ་ཚིག་སེམས་དཔའ་བདག་རྗེས་སུ་བསམས་ཏེ། སྔར་བཤད་པའི་མཚན་ཉིད་ [75a.3]ཁྲོ་བོའི་ལྟ་བས་ཀུན་དུ་བལྟས་པས་ཆུའི་ནང་གི་བགེགས་རྣམས་བསལ་ལ། དེ་བཞིན་དུ་རྡོ་རྗེ་ལྟ་བར་བལྟ་བས་ཁོར་ཁོར་ཡུག་ཏུ་རྡོ་རྗེ་དང་འདྲ་བར་བགེགས་མང་པོ་ཐམས་ཅད་ཀྱིས་མི་ཚུགས་པར་ཆུ་ལ་མངོན་པར་བརྟགས་ཏེ། སའི་ཆ་གཅིག་གིས་རོ་སྨད་བཀྲུས་ལ། ཆ་ [75a.4]གཉིས་པས་མགོ་མན་ཆད་ལུས་ཐམས་ཅད་བཀྲུས་ཏེ། དམ་པའི་སྤྱོད་པའི་ཆོ་གས་མི་སྨྲ་བར་ཇི་ལྟར་འདོད་པའི་ཁྲུས་བྱས་ནས། སའི་ཆ་གསུམ་པས་ལག་པ་བཀྲུས་ལ་ཨོཾ་ན་མ་ཞེས་བྱ་བ་རྡོ་རྗེ་གླུའི་སྙིང་པོས་ཀྱང་ཉེ་རེག་བྱ་སྟེ། ཡང་དམ་ཚིག་སེམས་དཔའ་ཡང་ཡིད་ལ་བྱས་ལ་ [75a.5]སྔར་གསུངས་པའི་ཆོ་གས་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱའི་ཆུས་བདག་གི་སྤྱི་བོར་དབང་བསྐུར་ལ། ལྷ་ལ་ཡང་ཆབ་གསོལ་ཏེ་གནས་བསྲུང་བ་ཇི་ལྟར་བྱས་པ་བཀྲོལ་ལ་ཆུའི་ནང་ནས་བྱུང་སྟེ། ཇི་ལྟར་འདོད་པའི་གོས་གཙང་མའམ། རིགས་དང་རྗེས་སུ་མཐུན་ [75a.6]པའི་ཁ་དོག་སྔར་བཤད་པ་ཡང་རུང་། འཕགས་པ་མི་འཆི་ཐབ་སྦྱོར་གྱི་སྙིང་པོས་སྨད་གཡོགས་དང་སྟོད་གཡོགས་ལ་བཟླས་བརྗོད་བྱ་སྟེ་གསོལ་ལ། གཟི་བརྗིད་ཕུང་པོ་བཟླས་བརྗོད་བྱས་པའི་རས་ཀྱིས་ཀྱང་བདག་གི་མགོ་ལ་ཟེའུ་ཀར་བཅིང་བར་བྱའོ། །དེ་ལ་འདི་ནི་གཟི་ [75a.7]བརྗིད་ཕུང་པོའི་སྔགས་སོ། །ཨོཾ་ན་མསྨརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཏེ་ཛོ་རཱ་ཤི། ཨ་བ་ལོ་ཀི་ཏེ། མུརྡྷ་ནི་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་དྷ་ཀདྷ་ཀ། །བི་དྷ་ཀ་བི་དྷ་ཀ ། བི་དྷ་ར་བི་དྷ་ར། ཧཱུྃ་ཕཊ། ཁྲུས་ཀྱི་རིམ་པ་འདི་དག་ཐམས་ཅད་ཀྱང་། རྡོ་རྗེ་རྩེ་མོ་ལས་གཞུང་འདིས་ཁྱད་པར་དུ་བསྟན་ཏེ། འདི་ལྟར། [75b] [75b.1]བདག་ནི་དང་པོར་གོ་ཆ་བགོ། །ཁྲོ་བོ་འང་རྗེས་སུ་དྲན་པར་བྱ། །ཡི་གེ་འབྲུ་གཉིས་ཆོ་ག་མཆོག །ཕུང་པོ་ཐམས་ཅད་འཇིག་པའོ། །རྡོ་རྗེ་གནོད་སྦྱིན་དྲག་ཆེན་དང་། །ཁྲོ་བོ་མི་འཆི་ཐབ་སྦྱོར་རོ། །ཨོཾ་ཊུཾ་གོ་ཆའི་མཆོག །ཨོཾ་བཛྲ་ཡཀྵ་ཨཱ། མི་འཆི་ཐབ་སྦྱོར་རོ། །བདག་ཉིད་ [75b.2]འབར་བ་འཇིགས་པ་སྟེ། །རྡོ་རྗེ་འབར་བ་བརྗོད་དཀའ་བ། འདི་ནི་གསང་སྔགས་འདི་ཉིད་ཀྱིས། །རྡོ་རྗེ་འབར་བའི་ཕྱག་རྒྱས་སོ། །ཨོཾ་དྷུ་པི་དྷུ་པི་ཀཱ་ཡ་དྷུ་པི་པྲ་ཛྭ་ལ་ནི་སྭཱ་ཧཱ། ས་ལ་ཉི་ཤུ་རྩ་གཅིག་ཏུ། །རིག་སྔགས་མངོན་པར་བསྔགས་པ་ཡི། །ས་དེས་བདག་ཉིད་ [75b.3]བཀྲུ་བ་ནི། །རོ་སྟོད་རོ་སྨད་རྐེད་པའོ། །ཨོཾ་བྷུ་ར་ཛྭ་ལ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་ཏོ། །ཁྲུས་ལ་སོགས་པ་གཙང་སྦྲའི་ཆོ་ག་བསྡུས་པའོ། །དེ་ནས་དེ་ལྟར་རྒྱུན་མི་འཆད་པར་རང་གི་ལྷ་མཉེས་པར་བྱེད་པ་ལ་བརྩོན་པའི་རྣལ་འབྱོར་པ་དེས་སྔར་གསུངས་པའི་ [75b.4]དམ་ཚིག་བསྲུང་བ་བྱ་སྟེ། རང་གི་ལྷའི་བདེན་པ་དང་། ཆོས་དང་ལས་དང་དབང་དུ་བྱ་བ་ལ་སོགས་པ་སྒྲུབ་པ་ལ་འབད་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་བདེན་པ་རྗེས་སུ་གཟུང་བའི་མཚན་ཉིད་འདི་ལྟར་ཤེས་པར་བྱའོ། །འདི་ལྟ་ [75b.5]སྟེ། དགོས་པའི་སྐབས་སུ། །མནའ་འདོར་བ་ལ་རང་གི་ལྷ་རྗེས་སུ་དྲན་པར་བྱས་ལ། གཅིག་ཏུ་གཞོལ་བ་བསྟན་པར་བྱ་བའི་ཕྱིར། དེ་རྗེས་སུ་དྲན་པའི་ཡོན་ཏན་ཉིད་ཀྱིས་མནའ་བོར་ཏེ། བདེན་པ་ཡོངས་སུ་བསྲུང་བར་བྱའོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་བདེན་པ་ [75b.6]ཡོངས་སུ་བསྲུང་བའི་རྒྱུད་དོ། །བདེན་པའི་རྗེས་སུ་འཇུག་པ་ཡི། །ཚིག་གི་སུ་ནི་མནའ་འདོར་བ། །བདེན་པ་ཆེན་པོ་བསྲུངས་ན་ནི། །སངས་རྒྱས་མྱུར་དུ་འཐོབ་པར་འགྱུར། །ཞེས་བྱ་བའོ། །དེའི་དོན་ཀྱང་འདི་སྟེ། དེ་བཞིན་གཤེགས་པ་བཟླས་བརྗོད་བྱེད་པས་མནའི་སྐབས་ [75b.7]སུ་བབ་ན། དམ་ཚིག་འདི་ལྟར་བྱའོ། །བདེན་པ་ངེས་པར་བདག་གིས་དངོས་པོ་འདི་བྱའོ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་བའི་རིགས་ལ་ནི། དམ་ཚིག་ལ་ནི་མནའ་འདོར་བ། །དེ་བཞིན་གཤེགས་པའི་རིགས་ལས་འབྱུང་། །རྡོ་རྗེ་བདེན་པ་བསྲུངས་ན་ནི། །གྲུབ་པའི་ [76a] [76a.1]མཆོག་ཀྱང་ཐོབ་པར་འགྱུར། །དམ་ཚིག་མནའ་འདོར་ཞེས་བྱ་བ་དེའི་དོན་ནི་འདི་སྟེ། གལ་ཏེ་བདག་འདིར་ལྟར་མི་བྱེད་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་དམ་ཚིག་རྣམས་བསླུས་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་རྡོ་རྗེའི་རིགས་ལ། [76a.2]རྡོ་རྗེ་འཛིན་པས་མནའ་འདོར་བ། །རབ་ཏུ་འདའ་བ་དཀའ་བ་སྟེ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །བདེན་པ་འདི་ནི་བསྲུང་བར་བྱ། །རྡོ་རྗེ་འཛིན་མ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་ཐམས་ཅད་སྤྱིའི་དམ་ཚིག་གི་ཕྱག་རྒྱ་བསྟན་པའོ། །པདྨའི་རིགས་ཀྱི་བདེན་པ་ནི། ། [76a.3]པདྨའི་ཆོས་ཀྱི་མནའ་འདོར་བ། པདྨའི་རིགས་ཆེན་ལས་བྱུང་བའོ། །གལ་ཏེ་གྲུབ་པའི་མཆོག་འདོད་ན། །པདྨའི་དམ་ཚིག་བསྲུང་བར་བྱ། །དེའི་དོན་ཡང་འདི་སྟེ། གལ་ཏེ་བདག་ཉིད་ལྟར་མི་བྱེད་ན་དམ་པའི་ཆོས་བདག་ཉིད་བསླུས་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའོ། །ནོར་བུའི་རིགས་ [76a.4]ལ་ནི། །སངས་རྒྱས་མཆོད་པ་མནའ་འདོར་བ། །རབ་ཏུ་འདའ་བར་དཀའ་བ་སྟེ། །བདེན་པ་དམ་པ་བསྲུངས་ན་ནི། །དེ་ནི་དབང་བསྐུར་ཐོབ་པར་འགྱུར། །ཞེས་བྱའོ། །སངས་རྒྱས་མཆོད་པ་ཞེས་བྱ་བ་དེའི་དོན་ནི་གལ་ཏེ་བདག་འདི་ལྟར་མི་བྱེད་ན་སངས་རྒྱས་རྣམས་ཀྱི་མཆོད་ [76a.5]པ་གང་ཡིན་པ་ཐམས་ཅད་བདག་གིས་བཤིགས་པར་གྱུར་ཅིག་ཅེས་བྱ་བ་སྟེ། དེ་ནི་མནའ་འདོར་བའི་སྦྱོར་བའོ། །དེ་དེ་ལྟར་དམ་ཚིག་ལེགས་པར་རིག་ཅིང་དེ་བསྲུང་བ་ལ་འབད་པར་གྱུར་པ། མཉེས་པར་བྱ་བའི་ལྷའི་རྗེས་སུ་མཐུན་པར་ཆོས་དང་ལས་དང་ཆོས་ཉིད་དང་རྗེས་ [76a.6]སུ་ཆགས་པ་དང་དབང་དུ་བྱ་བ་ལ་སོགས་པ་ལེགས་པར་ཤེས་པར་བྱས་ནས་ཇི་ལྟར་རིགས་པར་བསྲུང་བར་བྱའོ། །དེ་ལ་རེ་ཞིག་རིགས་བཞིའི་ལྷ་ཐམས་ཅད་ཀྱི་སྙིང་པོ་རྣམས་ཇི་ལྟར་སྲིད་པར་བཟླས་བརྗོད་བྱ་བ་དང་། བསྒོམ་པ་ལ་མངོན་པར་བརྩོན་པ་སྙིང་པོ་བསྒྲུབ་པ་ [76a.7]རྣམ་གཉིས་ཀྱི་ཆོས་དང་ལས་ལ་སོགས་པ་བསྡུ་བར་བྱའོ། །དེ་ལ་ལེགས་པར་སྤྱོད་པས་བསྐྱེད་པ། ཡིད་ལ་འདོད་པའི་འབྲས་བུ་མཐུ་རྒྱ་ཆེན་པོ་ནི་ཆོས་སོ། །དེའི་རྒྱུ་སྤྱོད་པ་དང་། ཆོས་བཤད་པ་དག་ལ་ཡང་དེ་ལྟར་བརྟགས་པས་དེ་སྐད་ཅེས་བྱའོ། །དེ་ལ་སྐབས་ [76b] [76b.1]འདིར་ནི་བཤད་པའི་མཚན་ཉིད་ཀྱི་ཆོས་ཉིད་གཟུང་སྟེ། རིགས་སོ་སོའི་རང་གི་རིགས་དང་རྗེས་སུ་མཐུན་པའི་ཆོས་བརྗོད་པར་བྱ་བའི་ཕྱིར་རོ། །དེ་ལ་བརྗོད་པ་ཡང་བཟླས་བརྗོད་བྱེད་པ་དང་བསྒོམ་པ་དང་བསྒྲུབ་པའི་དུས་ན་དེ་མངོན་པར་བསྟན་པའི་དོན་རྟོགས་པས་རང་གི་ [76b.2]རྒྱུད་ལ་འཕེལ་བར་བྱ་བའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་བཟླས་བརྗོད་བྱེད་པ་དང་། བསྒོམ་པ་ལ་བརྩོན་པས་ཆོས་ཀྱི་ཚིག་བརྗོད་པ་དེའི་དོན་ཆུད་པས་འདི་ལྟར་བྱའོ། །སངས་རྒྱས་ཆོས་ཞེས་བྱ་བ་སྟེ། །དེ་ལྟར་ཆོས་ཉིད་ཡི་གེ་བརྗོད། །སངས་རྒྱས་ [76b.3]ཆོས་ཀྱི་ཕྱག་རྒྱ་ཆེ། །ཡེ་ཤེས་ཀྱི་ནི་ཚུལ་མཆོག་གོ། །ཞེས་བྱ་བ་སྟེ། སངས་རྒྱས་ཆོས་ཞེས་བྱ་བ་འདིའི་དོན་ཆུད་པ་ནི། འདི་ལྟ་སྟེ། སློབ་པ་དང་ནི་མི་སློབ་པའི་འབྲས་བུའི་ངོ་བོ་ཉིད་ནི་སངས་རྒྱས་ཏེ། ཆོས་ཀྱང་དེ་ཉིད་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་སངས་རྒྱས་གང་ཡིན་པ་ [76b.4]དེ་ཉིད་ཆོས་སོ་ཞེས་བྱེ་བྲག་མེད་པར་ཆུད་པར་བྱ་སྟེ། ཆོས་ཀྱི་ཚིག་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ལ། ཆགས་ལས་དགའ་བའི་ཆོས་མེད་དེ། །བདེ་བ་ཐམས་ཅད་རབ་ཏུ་སྩོལ། །དེ་བཞིན་གཤེགས་པའི་རིགས་ལ་ནི། །ཆོས་འདི་གྲུབ་པར་བྱེད་པའི་ [76b.5]མཆོག །ཅེས་བྱ་བ་སྟེ། འདིར་ཆགས་པ་ལས་དག་པ་མེད་དོ་ཞེས་བྱ་བ་ནི་བཤད་པའི་ཆོས་ཀྱི་ཚིག་དེ་བརྗོད་པ་ན་འདི་ལྟར་ཡིད་ལ་བྱའོ། །སེམས་ཅན་སྨིན་པར་བྱ་བ་དང་དགྲོལ་བར་བྱ་བ་ལ་ཆགས་པ་དང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལ་ཆགས་པ་ལས་རབ་ཏུ་དག་པའི་ [76b.6]ཆོས་གཞན་མེད་དོ་ཞེས་བྱ་བའོ། །རྡོ་རྗེའི་རིགས་ལ་ནི། སངས་རྒྱས་བཀའ་ནི་སྲུང་བ་དང་། །དེ་བཞིན་སེམས་ཅན་བསྐྱབ་པའི་ཕྱིར། །ཁྲོས་པས་ཀུན་དུ་གདུག་པ་རྣམས། །བསད་ཀྱང་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་འདི་བརྗོད་ཅིང་འདི་ལྟར་ཡིད་ལ་བྱའོ། ། [76b.7]སངས་རྒྱས་ཀྱི་བཀའ་ལ་སོགས་པ་དང་། སེམས་ཅན་འདུལ་བའི་ལས་བྱེད་པ་ན་དེའི་ཁ་ན་མ་ཐོ་བ་དང་ལྡན་པར་མི་འགྱུར་བ་ནི་སྨན་པ་ལ་སོགས་པ་བཞིན་དུ་སྙིང་རྗེའི་དབང་གིས་ཞུགས་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དེ་བཞིན་དུ་པདྨའི་རིགས་ལ་ཡང་། པདྨ་ [77a] [77a.1]ཆུ་ཡིས་མ་ཆགས་པ། །དེ་བཞིན་ཆགས་པ་ཉེས་མེད་དོ། །དེ་སྐད་སྨྲ་ཞིང་མི་བྱ་བ། །བྱེད་ཀྱང་སྡིག་པས་མི་གོས་སོ། །ཞེས་བྱ་བ་སྟེ། འདིར་པདྨ་ཆུ་ཡིས་མི་ཆགས་པ། །དེ་བཞིན་ཆགས་པ་ཉེས་མེད་དོ། །ཞེས་བྱ་བའི་ཆོས་ཚིག་བརྗོད་པ་ན་འདི་ [77a.2]ལྟར་ཡིད་ལ་བྱའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་སྨིན་པར་བྱ་བ་དང་། དགྲོལ་བར་བྱ་བ་ལ་ཆགས་པ་ནི་འཁོར་བའི་ཉེས་པས་མི་གོས་ཏེ། ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །དེ་སྐད་སྨྲ་ཞིང་མི་བྱ་བ་ཞེས་བྱ་བ་ནི་སེམས་ཅན་སྨིན་པར་བྱ་བ་དང་། དགྲོལ་བར་ [77a.3]བྱ་བ་དང་། རྗེས་སུ་མཐུན་པའི་ཆགས་པ་ལ་སོགས་པའི་སྤྱོད་པ་སྟོན་པ་ཀྱང་སེམས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྡིག་པས་མི་གོས་སོ་ཞེས་བྱ་བར་དགོངས་པའོ། །ནོར་བུའི་རིགས་ལ་ནི། སྦྱིན་དང་མཉམ་པའི་ཆོས་མེད་ཅེས། །སྒྲུབ་པར་བྱེད་ཅིང་སྨྲ་བ་ནི། །ནོར་བུའི་རིགས་ [77a.4]ཆེན་ཆོས་ཡིན་ཏེ། །མྱུར་དུ་འགྲུབ་པར་བྱེད་པ་ཡིན། །ཞེས་བྱ་བ་སྟེ་འདིར་ཡང་། སྦྱིན་དང་མཉམ་པའི་ཆོས་མེད་དོ། །ཞེས་བྱ་བའི་མདོའི་ཚིག་ཀློག་ཅིང་འདི་ལྟར་ཡིད་ལ་བསྒོམ་མོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་ [77a.5]སྟེ། དེ་བས་ན་བདག་ཅག་གིས་ཅི་ནུས་སུ་སྦྱིན་པ་ལ་འཇུག་པར་བྱའོ་ཞེས་བྱ་བའོ། །ལས་ཀྱང་ཕན་པར་བསྒྲུབ་པའི་རང་བཞིན་ཏེ། དེ་ཡང་དེ་བཞིན་གཤེགས་པ་ལ་སོགས་པའི་སྙིང་པོ་མཉེས་པར་བྱེད་པའི་བྱེ་བྲག་ལས་རྣམ་པ་ལྔ་སྟེ། དེ་ལ་དེ་བཞིན་གཤེགས་པ་རྣམས་ [77a.6]ཀྱི་ལས་ནི་འདིའོ། །སེམས་ཅན་ཐམས་ཅད་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཉིད་འགྲུབ་པར། །ཇི་ལྟར་བར་ནི་འདུལ་བ་ཉིད། །ལས་ཀྱི་ཕྱག་རྒྱ་རབ་ཏུ་སྟེར། །ཞེས་བྱ་བའོ། །དེ་བཞིན་གཤེགས་པའི་རིགས་མཉེས་པར་བྱེད་པའི་ལས་ནི་འདིའོ། །མཆོད་ [77a.7]པ་རྣམ་པ་བཞི་རྣམས་ཀྱི། །སྦྱོར་བ་རྣམ་བཞིས་རྣམ་པ་བཞིས། །དུས་བཞིན་རུ་ནི་སྦྱོར་བ་ཡིས། །ལས་རྣམས་བྱེད་ཅིང་བསྒྲུབ་པར་བྱ། །འདིའི་དོན་ཡང་བྱང་ཆུབ་ཀྱི་སེམས་ལ་དགའ་བ་ལ་སོགས་པ་བསྒྲུབ་པའི་མཆོད་པའི་མཚན་ཉིད་རྣམ་པ་བཅུ་དྲུག་དེ་བཞིན་གཤེགས་ [77b] [77b.1]པའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་བརྟག་པར་བྱའོ། །འདི་དགྲོལ་བ་ནི་འདིར་གཞུང་མང་དུ་འགྱུར་དུ་དོགས་པས་མ་བཀྲོལ་ལོ། །རྡོ་རྗེའི་རིགས་ལ་ནི། །སེམས་ཅན་གདུག་པ་གཞོམ་པའི་ཕྱིར། །དེ་དང་དེ་ཡི་ལས་བསྒྲུབས་ན། །སངས་རྒྱས་བྱང་ཆུབ་འཐོབ་པར་ [77b.2]འགྱུར། །མིན་ན་གྲུབ་པ་གོང་མ་བཞིན། །ཞེས་བྱའོ། །པདྨའི་རིགས་ལ་ནི། འཇིགས་པ་རྣམས་ལ་མི་འཇིགས་སྦྱིན། །དེ་བཞིན་གདུག་པ་རྣམས་འདུལ་བ། །འདི་ནི་པདྨའི་རིགས་ཀྱི་ལས། །སངས་རྒྱས་གྲུབ་པ་རབ་སྩོལ་བ། །ཞེས་བྱ་བའོ། །ནོར་བུའི་རིགས་ལ་ནི། [77b.3]སངས་རྒྱས་རྣམས་དང་ལུས་ཅན་ལ། །དབང་བསྐུར་དེ་བཞིན་སྦྱིན་པ་དང་། །རེ་བ་ཐམས་ཅད་རྫོགས་བྱེད་པ། །ལས་འདི་དོན་དུ་གྲུབ་པའོ། །ཞེས་བྱའོ། །དམ་ཚིག་དང་ཆོས་དང་ལས་དེ་རྣམས་ཀྱང་བསྲུང་བ་དང་། བརྗོད་པ་དང་། བསྒྲུབ་པ་རྣམས་ཀྱི་ཁྱད་པར་དུ་དམ་ [77b.4]ཚིག་ལ་སོགས་པའི་ཕྱག་རྒྱའི་དངོས་གྲུབ་མཆོག་རྣམས་མྱུར་དུ་འགྲུབ་པར་འགྱུར་རོ། །ལྷ་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཁྱད་པར་ནི་ཆོས་ཉིད་དེ། དེ་ཡང་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱར་སྦྱོར་བ་གཙོར་གྱུར་པ་ལས་ཤེས་པར་བྱ་སྟེ། གང་གི་ཕྱིར་ [77b.5]ཕྱག་རྒྱ་ལ་ལ་ལྷའི་ཁྱད་པར་ཁ་ཅིག་ལ་དངོས་པོའི་ངོ་བོ་ཉིད་ཀྱི་གཙོ་བོར་གྲུབ་པར་བྱེད་པར་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་དང་། དེའི་རིགས་དག་ལ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལས་གཞན་པ་གསུམ་ནི་རིགས་གསུམ་ལ་གོ་རིམས་བཞིན་ཏེ་དེ་ལྟར་རྣམ་པ་ལྔའོ། ། [77b.6]དེ་ལ་འདི་ནི་རེ་ཞིག །དེ་བཞིན་གཤེགས་པའི་ཆོས་ཉིད་དེ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་ནི། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན། །སངས་རྒྱས་ཀྱི་ནི་སངས་རྒྱས་འདི། །གཞན་ལས་སངས་རྒྱས་མི་རྙེད་དོ། །ཞེས་བྱ་བའོ། །འདིར་ཡང་རང་གི་སྙིང་གར་ཟླ་ [77b.7]བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་བསྒོམ་ཞིང་། དེ་བཞིན་གཤེགས་པའི་རྣལ་འབྱོར་ལ་གནས་པས་དངོས་གྲུབ་བམ། །ལས་རྣམས་བྱའོ་ཞེས་གསུངས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་ལ་ཡང་། །ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་ནི། །དངོས་གྲུབ་ཐམས་ [78a] [78a.1]ཅད་རབ་གྲུབ་པ། །འདི་ནི་དེ་བཞིན་གཤེགས་རིགས་ཀྱི། །དངོས་གྲུབ་མཆོག་སྦྱིན་ཆོས་ཉིད་ཡིན། །ཞེས་བྱ་བའོ། །རྡོ་རྗེའི་རིགས་ལ། ཕྱག་རྒྱ་དམ་ཚིག་མཆོག་རྣམས་ཀྱིས། །ལས་རྣམས་ཀུན་ནི་བསྒྲུབ་པར་བྱ། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ [78a.2]ཡིས། །རྡོ་རྗེའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བའོ། །པདྨའི་རིགས་ལ། ཆོས་ཀྱི་ཕྱག་རྒྱའི་སྦྱོར་བ་ཡིས། །ཆོས་ཀྱི་ཕྱག་རྒྱ་བརྗོད་པར་བྱ། །འདི་ཡིས་ཆོས་རྣམས་སྒྲུབ་པ་ནི། །རྡོ་རྗེ་ཆོས་ཀྱི་ཆོས་ཉིད་དོ། །ཞེས་བྱ་བའོ། །ནོར་བུའི་རིགས་ལ། ལས་ཀྱི་ [78a.3]ཕྱག་རྒྱའི་སྦྱོར་བ་ཡིས། །ལས་ཀྱི་ཕྱག་རྒྱ་སྙིང་གར་གནས། །ཆོས་ཉིད་འདི་ཉིད་བསྒོམ་བྱས་ན། །ལས་ཀྱི་མཆོག་ནི་འགྲུབ་པར་འགྱུར། །ཞེས་བྱ་བའོ། །ཆོས་ཉིད་ཀྱི་བྱེ་བྲག་ལྔ་པོ་དེ་རྣམས་སྦྱོར་བ་ཡང་། ཇི་ལྟར་རིགས་པར། རང་གི་ལྷའི་དངོས་གྲུབ་དང་། ལས་ [78a.4]ཐམས་ཅད་བསྒྲུབ་པ་ལ་སྦྱར་བར་བྱའོ། །རྗེས་སུ་ཆགས་པ་དང་། དབང་དུ་བྱ་བ་ནི་རང་གི་ལྷ་རབ་ཏུ་དགྱེས་པར་བྱ་བ་དང་། དབང་དུ་གྱུར་པར་བྱ་བའོ། །གཉིས་ཀ་ལ་ཡང་རིགས་ཀྱི་བྱེ་བྲག་ལས་རྣམ་པ་ལྔ་ལྔ་སྟེ། དེ་ལ་འདི་ནི་རེ་ཞིག་རྗེས་སུ་ཆགས་པ་རྣམ་པ་ལྔའོ། །དེ་ལ་ [78a.5]ཡང་དང་པོར་དེ་བཞིན་གཤེགས་པ་རྗེས་སུ་ཆགས་པར་བྱ་བ་སྟེ། སེམས་ཅན་དོན་ནི་རབ་བྱེད་ཅིང་། །བདག་ཉིད་སངས་རྒྱས་བྱང་ཆུབ་འདོད། །སངས་རྒྱས་རྗེས་སུ་དྲན་གྱུར་ནས། །སངས་རྒྱས་ཐམས་ཅད་བསྒྲུབ་བར་བྱ། །ཞེས་བྱ་བའོ། །དེ་བཞིན་གཤེགས་པའི་རིགས་ [78a.6]ལ་ནི། །ཇི་ལྟའི་ཡུལ་དང་ལྡན་གྱུར་ནས། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱའོ། །དེ་ཉིད་བསྐུལ་བས་མྱུར་བ་རུ། །རྗེས་སུ་ཆགས་ནས་རབ་ཏུ་འགྲུབ། །ཅེས་བྱ་བ་སྟེ། ཡུལ་ཞེས་བྱ་བ་ཡང་རྡོ་རྗེ་ལཱ་སྱེ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ལ་དགའ་བ་ལ་སོགས་པ་སྔར་བཤད་ [78a.7]པའོ། །རྡོ་རྗེའི་རིགས་ལ། །སངས་རྒྱས་བཀའ་བཞིན་བྱ་བའི་ཕྱིར། །གདུག་པ་རྣམས་ལ་དྲག་སྤྱོད་པས། །ཁྲོས་པས་སེམས་ཅན་སྤྱད་ཕྱིར་ཏེ། །འདི་ནི་རྡོ་རྗེའི་ཆགས་པའོ། །ཞེས་བྱ་བའོ། །པདྨའི་རིགས་ལ། ཆགས་ལ་བལྟ་ཞིང་བྱམས་པ་དང་། །སྙིང་རྗེ་དང་ནི་ [78b] [78b.1]ཆོས་སྨྲ་བ། །མི་འཇིགས་ཐམས་ཅད་སྦྱིན་པ་སྟེ། པདྨའི་སེམས་དཔའ་ཆགས་པར་བྱེད། །ཅེས་བྱ་བའོ། །ནོར་བུའི་རིགས་ལ། དབང་བསྐུར་རབ་ཏུ་སྦྱིན་པ་དང་། །ནོར་ཚོགས་རབ་ཏུ་སྦྱིན་པ་སྟེ། །སངས་རྒྱས་སེམས་ཅན་དོན་ལ་སྦྱོར། །དེ་ནི་ནོར་བུའི་ཆགས་པའོ། ། [78b.2]ཞེས་བྱ་བའོ། །དེ་ལ་རིགས་བཞིའི་ལྷ་རྣམས་དབང་དུ་བྱ་བའི་སྦྱོར་བ་བཤད་དེ། །དེ་ལ་ཡང་དང་པོ་རེ་ཞིག །དེ་བཞིན་གཤེགས་པ་རྣམས་ཀྱིས་ནི། །ཆགས་པ་སྨད་པར་མི་བྱའོ། །རྣམ་པར་དག་པ་བདེ་མཆོག་སྩོལ། །དེ་བཞིན་སེམས་ཅན་དོན་ལ་སྦྱོར། །འདི་ནི་སངས་ [78b.3]རྒྱས་རྗེས་སུ་ཆགས། །ཞེས་བྱ་བ་སྟེ། འདིར་ཡང་ཆགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཉིད་ལ་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ལ། རབ་ཏུ་དགའ་ཁྱོད་ཅེས་སྨྲ་ཞིང་། །འདོད་པ་བདེ་བའི་བདག་ཉིད་བསྟན། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། ། [78b.4]དེ་ཉིད་བསྐུལ་བས་དབང་དུ་བྱས། །ཞེས་བྱ་བའོ། །འདིར་འདོད་པ་ཞེས་བྱ་བ་ནི་བྱང་ཆུབ་ལ་འཇུག་པའི་སེམས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ། དེ་ཡང་བྱང་ཆུབ་མངོན་པར་འདོད་པའི་ཕྱིར་རོ། །རབ་ཏུ་དགའ་བ་ཞེས་བྱ་བའི་ཚིག་ཀྱང་དེ་ཉིད་ལ་བྱ་སྟེ། བྱང་ [78b.5]ཆུབ་ཀྱི་ཡུལ་ལ་ལེགས་པར་དགའ་བས་ན་རབ་ཏུ་དགའ་བ་ཞེས་རྒྱུད་ནས་བཤད་པའི་ཕྱིར་རོ། །རྡོ་རྗེའི་རིགས་ཀྱི་ནི། སེམས་ཅན་དགའ་ཕྱིར་སངས་རྒྱས་བཀའ། །ལུས་ཅན་རྣམས་ཀྱང་མི་འཇིགས་ཕྱིར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བསད་ན་དབང་ [78b.6]དུ་འགྱུར་བ་འཐོབ། །ཅེས་བྱ་བའོ། །པདྨའི་རིགས་ཀྱི་ནི། ཆགས་པ་དག་པ་བརྟག་པ་ནི། །པདྨ་འདབ་མ་ཕྱེ་བ་སྟེ། །ཆགས་སམ་ཆགས་པར་བྱེད་པ་ཡང་། །གདུལ་བའི་དོན་དུ་དབང་བྱེད་པའོ། །ཞེས་བྱ་བའོ། །ནོར་བུའི་རིགས་ལ་ནི། །སངས་རྒྱས་ཐམས་ཅད་ [78b.7]དབང་བསྐུར་ཕྱིར། །རྡོ་རྗེ་རིན་ཆེན་ཉིན་རེ་བཞིན། །སྤྱི་བོར་བཞག་སྟེ་དབང་བསྐུར་ནས། །སངས་རྒྱས་ཐམས་ཅད་དབང་དུ་བྱ། །ཞེས་བྱ་བའོ། །ཇི་ལྟར་འདོད་པའི་དངོས་གྲུབ་དང་འགལ་བའི་ལས་ཀྱི་ལྷག་མ་མ་ལུས་པས་རིགས་བཞི་ཆར་ལ་ཡང་། སྙིང་པོ་དང་། ཕྱག་རྒྱ་ [79a] [79a.1]དང་། གསང་སྔགས་དང་། རིག་སྔགས་ལ་སོགས་པ་རྣམས་ལེགས་པར་མང་དུ་བཟླས་བརྗོད་བྱས་པ་དང་། བསྒོམ་པའི་སྦྱོར་བ་དག་གིས་སེམས་ཅན་གྱི་དོན་དང་། སངས་རྒྱས་སུ་འགྱུར་བ་ལ་སོགས་པ་སྦྱར་བའི་མཐུ་བདག་ལ་ཡོད་པར་མ་མཐོང་ན། དེའི་ [79a.2]ཕྱིར་དྲག་ཤུལ་གྱིས་བསྒྲུབ་པའི་ཕྱིར་རྣལ་འབྱོར་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་འཁོར་ལོ་ལས་གསུངས་པའི་ཆོ་གས། རང་གི་ལྷ་ལ་དྲག་ཤུལ་སྤྱོད་པའི་མཚན་ཉིད་ཇི་ལྟར་འདོད་པར་འགྲུབ་པའི་ཐབས་སུ་གྱུར་པའི་ལས་གྲུབ་པ་རྣལ་འབྱོར་པས་བྱ་བར་རིགས་བཞིའི་ལྷ་བསད་པའི་སྐབས་ [79a.3]ནས་དེ་དག་བསྟན་ཏོ། །གསད་པ་ཡང་འདིར་རང་གི་ལྷ་དངོས་གྲུབ་སྟེར་བ་དང་འགལ་བའི་གནས་སྐབས་དྲག་ཤུལ་སྤྱོད་པའི་སྦྱོར་བས་ཡོངས་སུ་གཏང་བར་ཤེས་པར་བྱའོ། །དེ་བསྒྲུབ་པའི་རྒྱུ་ཡང་རིགས་བཞིའི་བྱེ་བྲག་ལས་བསྟན་ཏེ། དེ་ལ་རེ་ཞིག་དེ་བཞིན་གཤེགས་པའི་དྲག་ [79a.4]ཤུལ་སྤྱད་པའི་རྒྱུ་བསྟན་པ། སེམས་ཅན་ཀུན་དོན་མ་མཐོང་ཞིང་། །སངས་རྒྱས་དེ་ཉིད་མི་སྦྱོར་བ། །ལུས་སམ་ཚིག་གམ་ཡིད་ཀྱིས་སུ། །བསད་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བའོ། །རྡོ་རྗེའི་རིགས་ལ་ནི། །ཁྲོ་བས་གདུག་པ་མི་འདུལ་ཞིང་། །དེ་བཞིན་སེམས་ཅན་ [79a.5]མི་འདུལ་དང་། །བདག་ཉིད་སྡུག་བསྔལ་གྱུར་ན་ཡང་། །ཧཱུཾ་ཞེས་བྱ་བས་གསང་པར་བྱ། །ཞེས་བྱ་བའོ། །པདྨའི་རིགས་ལ་ནི། སྙིང་རྗེ་མེད་ཅིང་བྱམས་པ་མེད། །སེམས་ཅན་གདུག་པ་མི་སྦྱོར་ཞིང་། །བདག་ཀྱང་བསླུས་པར་གྱུར་ན་ནི། །བསད་ན་དངོས་གྲུབ་འཐོབ་པར་ [79a.6]འགྱུར། །ཞེས་བྱ་བའོ། །རིན་པོ་ཆེའི་རིགས་ལ་ནི། །མི་གཏོང་བདག་གིས་དོན་མེད་ཅིང་། །ནོར་སྟོར་བ་དང་མ་རུངས་དང་། །སེམས་ཅན་རྣམས་ནི་དབུལ་འགྱུར་ན། །བསད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བའོ། །རིགས་བཞིའི་ལྷ་རྣམས་ལ། །དྲག་ཤུལ་སྤྱོད་ [79a.7]པའི་སྦྱོར་བ་འདི་ཡང་། རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དྲག་ཤུལ་དུ་བསྒྲུབ་པའི་སྐབས་སུ་གནས་པར་བསྟན་པས་དེ་ཉིད་དུ་བརྟག་པར་བྱའོ། །འདི་ནི་རེ་ཞིག་རིགས་བཞིར་གསུངས་པའི་ལྷ་རྣམས་ཀྱི་དྲག་ཤུལ་གྱིས་སྒྲུབ་པའི་སྦྱོར་བ་དང་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་ [79b] [79b.1]འཁོར་དུ་གསུངས་པའི་ཡིད་ལ་བྱས་ནས་དྲག་ཤུལ་སྤྱད་པའི་མཚན་ཉིད་ལྷ་རྣམས་བསད་པ་བཤད་པ་སྟེ། དམིགས་པ་དང་བཅས་པའོ། །དམིགས་སུ་མེད་པའི་སྦྱོར་བས་ཀྱང་། །མི་འདོད་པ་ཡི་ལས་སྤྱངས་པའོ། །དྲག་ཤུལ་སྤྱད་པ་བྱས་ནས་ནི། །དངོས་གྲུབ་འཐོབ་པ་ [79b.2]བསྟན་པའི་ཕྱིར། །ཁ་ཅིག་འཐོབ་མེད་རྣལ་འབྱོར་གྱིས། །སངས་རྒྱས་བསད་པའི་རྣལ་འབྱོར་ཅན། །དེ་རྣམས་རབ་ཏུ་གདོན་པའི་ཕྱིར། །ངེད་རྣམས་དངོས་གྲུབ་མྱུར་དུ་སྩོལ། །ཞེས་བྱ་བ་གསུངས་ཏེ། དེའི་དོན་ཀྱང་འདིའོ། །རྫོགས་པའི་སངས་རྒྱས་ལ་སོགས་པ་རང་གི་ [79b.3]ལྷ་རྣམས་རྣམ་པ་མེད་པར་རྗེས་སུ་དྲན་པའི་སྒོ་ནས་བསྒོམ་པ་དང་དེ་བཞིན་དུ་བདག་དང་ཆོས་ཐམས་ཅད་དམིགས་སུ་མེད་པར་བསྒོམས་པས་དངོས་གྲུབ་ཀྱི་གེགས་སུ་གྱུར་པའི་ལས་དང་ཉོན་མོངས་པ་མེད་པར་གྱུར་ན་ཇི་ལྟར་འདོད་པའི་དངོས་གྲུབ་འཐོབ་པར་འགྱུར་ཏེ། དེ་བས་ན་ [79b.4]བཅོམ་ལྡན་འདས་ཀུན་དུ་བཟང་པོས་དེ་རྣམས་ལ་དེ་དངོས་གྲུབ་མྱུར་དུ་སྩོལ་ཏོ་ཞེས་གསུངས་སོ། །དེས་འདི་སྐད་དུ་གསུངས་པར་གྱུར་ཏེ། གང་གི་ཚེ་གསང་སྔགས་ལེགས་པར་མཉེས་པར་བྱས་ཀྱང་རྣལ་འབྱོར་པས་ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ་པར་གྱུར་པ་དེའི་ཚེ། [79b.5]ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒོམ་པའི་སྦྱོར་བ་དང་། བཟླས་བརྗོད་ཀྱི་སྦྱོར་བའི་སྔོན་རོལ་དང་། ཕྱིས་རང་གི་ལྷའི་ཆོས་ཀྱི་སྐུ་ལ་ལྷག་པར་དམིགས་པར་བྱའོ་ཞེས་བྱ་བའོ། །དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པའི་བྱེ་བྲག་ལས་ཀྱང་རབ་མཆོག་པའི་བསོད་ [79b.6]ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པའི་དོན། སྙིང་པོ་ལ་སོགས་པའི་ལྷ་རྣམས་མཉེས་པར་བྱ་བའི་རྒྱུ་རྣམས་བསྟན་ཏེ། དེ་དག་ཀྱང་སྔགས་པས་ཤེས་པར་བྱའོ། །གང་གི་ཕྱིར་དེ་རྣམས་ཤེས་ནས་དེ་བརྩམས་ན་དེ་དག་འཕེལ་བར་བྱས་པས་རིང་པོར་མི་ཐོགས་པར་ [79b.7]འགྲུབ་པའི་སྣོད་དུ་འགྱུར་རོ། །དེ་བས་ན་སྙིང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཁྱད་པར་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེ་རྣམས་ཀྱི་མཚན་ཉིད་བཤད་པར་བྱའོ། །དེའི་ཕྱིར་ཡང་དེ་དག་གི་རྗེས་སུ་མཐུན་པའི་ལྷའི་མཚན་ཉིད་རེ་ཞིག་འདིར་དང་པོར་བསྟན་ཏོ། །དེ་ལ་ཡེ་ཤེས་ [80a] [80a.1]ཁྱད་པར་ཅན་དང་། མཆོག་གི་མཐུ་དང་ལྡན་པ་སེམས་དཔའི་ཁྱད་པར་ནི་ལྷ་སྟེ། དོན་དམ་པ་ཡང་འདིའོ། །དེ་གཉིས་ལས་སེམས་དཔའི་ཁྱད་པར་ནི་ཡེ་ཤེས་ཁྱད་པར་ཅན་དང་། མཆོག་གི་མཐུའི་མཚན་ཉིད་དག་གིས་དེ་ལས་གཞན་པའི་སེམས་ [80a.2]ཅན་རྣམས་ལས་ལྷག་པར་བསྟན་པས་ན་ལྷ་ཞེས་གསུངས་སོ། །དེ་ཡང་ཡོངས་སུ་དག་པ་དང་དེ་ལས་གཞན་པ་སྟེ་རྣམ་པ་གཉིས་སོ། །དེ་ལ་དོན་དམ་པར་རྟོགས་པས་ཉེས་པའི་དྲི་མ་དང་བྲལ་བ་ནི་ཡོངས་སུ་དག་པའོ། །དྲི་མ་དང་མ་བྲལ་བ་ནི་དེ་ལས་གཞན་པའོ། ། [80a.3]དེ་ལ་རབ་མཆོག་པོར་ཡོངས་སུ་དག་པ་དང་ལྡན་པའི་རྫོགས་པའི་སངས་རྒྱས་ཉིད་དེ། དེ་བས་ན་དེ་རྟག་པར་ཐམས་ཅད་མཁྱེན་ཅིང་ཐམས་ཅད་ཀྱི་དབང་ཕྱུག་ཏུ་གྲགས་སོ། །རབ་མཆོག་པོར་མ་ཡིན་པར་དག་པ་དང་ལྡན་པ་ནི་རྒྱལ་བའི་སྲས་དང་། རང་རྒྱལ་བ་དང་། ཉན་ [80a.4]ཐོས་རྣམས་སོ། །འཇིག་རྟེན་པའི་ལྷའི་ཚོགས་ཁྱད་པར་ཅན་ཐམས་ཅད་ནི་ཡོངས་སུ་མ་དག་པ་སྟེ། དེ་དག་ཀྱང་བརྒྱ་བྱིན་དང་ཁྱབ་འཇུག་པ་དང་ལྷ་ཆེན་པོ་ཞེས་བྱ་བ་དང་། དེ་དང་འབྲེལ་པའི་ལྷའི་ཁྱད་པར་གཞན་རྣམས་སོ། །ལྷའི་བྱེ་བྲག་ཁྱད་པར་འདི་རྣམས་ཐམས་ [80a.5]ཅད་ལ་ཡང་དངོས་དང་སྤྲུལ་པའི་བྱེ་བྲག་ལས་རྣམ་པ་གཉིས་ཏེ། དེ་ལྟར་བྱེ་བྲག་རྣམ་པ་དུ་མར་གྱུར་པའི་སེམས་དཔའི་ཁྱད་པར་གྱི་མཚན་ཉིད་ནི་འདི་ལྟའོ། །དེ་དག་ཉིད་ཀྱི་མཆོག་གི་རང་བཞིན་གཉིས་སུ་མེད་པ་གང་ཡིན་པ་ནི་དོན་དམ་པ་སྟེ། རྣམ་པར་དག་པའི་ཡེ་ [80a.6]ཤེས་མཆོག་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཡང་ན་དོན་འདི་དོན་ཐམས་ཅད་པས་ཁྱད་པར་ཅན་ཡིན་པའི་ཕྱིར་དོན་དམ་པའོ། །ཡང་ན་ཉེས་པ་ཐམས་ཅད་རྣམ་པར་དག་པ་དང་། བླ་ན་མེད་པའི་ཕུན་སུམ་ཚོགས་པའི་དབང་ཕྱུག་གི་མཚན་ཉིད་དོན་དམ་པའི་དགོས་ [80a.7]པ་ཁྱད་པར་ཅན་ཐམས་ཅད་བསྒྲུབ་པའི་ཕྱིར་དོན་དམ་པ་ཞེས་གསུངས་སོ། །དེ་ཉིད་དོན་དམ་པའི་བདེན་པ་ཞེས་ཀྱང་གྲགས་ཏེ། དེ་རྟག་ཏུ་ཐམས་ཅད་ལ་མི་སླུ་བའི་ཕྱིར་རོ། །དེའི་མཚན་ཉིད་ཀྱང་རིགས་ཀྱི་བུ་དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱང་མི་རྒྱུ་ན་ [80b] [80b.1]དེ་ལ་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་ཤིང་བླ་ན་མེད་པའི་རྒྱ་ཆེན་པོ་མང་པོའི་ཚོགས་མཐའ་དག་གི་གཞིར་དུས་ཐམས་ཅད་དུ་གནས་པས་ན། ཆོས་ཀྱི་སྐུ་ཞེས་ཀྱང་ཐེག་པ་ཆེན་པོ་རྣམས་ལས་ཕལ་ཆེར་ [80b.2]གྲགས་ཏེ། ཆོས་ཉིད་ཀྱི་སྐུ་བས་ན། དེ་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ནི་ཆོས་ཀྱི་སྐུ་དོན་དམ་པ་སྟེ། འགྲོ་བ་ཐམས་ཅད་ཀྱི་ཚེ་འདི་དང་ཕྱི་མའི་བདེ་བ་ཐམས་ཅད་ཀྱི་རྒྱུ་ཡིན་པ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་མང་པོ་རྟོགས་པའི་ཆོས་ཀྱི་མཚན་ཉིད་ཀྱི་སྐུའི་གཞི་ཞེས་བྱ་བའི་ [80b.3]བར་དུ་སྟེ། དེ་བས་ན་ཆོས་ཀྱི་སྐུ་ཞེས་བྱ་བའོ། །དེ་བཞིན་དུ་རྒྱུད་གཞན་དག་ལས་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ཡང་གྲགས་ཏེ་ཇི་ལྟར། འདུ་ཤེས་ཙམ་ནི་སྤངས་པ་ཡིས། །རང་བཞིན་བསྟན་དུ་མེད་པ་སྟེ། །ཡེ་ཤེས་ཀྱིས་ནི་རང་རིག་པ། །དེ་དག་དེ་བཞིན་གཤེགས་ [80b.4]ཞེས་གསུངས། །ཞེས་བྱ་བའོ། །དེ་ཡང་དོན་ཐམས་ཅད་ལ་དེའི་ངོ་བོ་ཉིད་དང་། དེ་ལ་དམིགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཡུལ་དུ་དུས་ཐམས་ཅད་དུ་དེ་བཞིན་དུ་རྟོགས་པས་ན། དེ་བཞིན་གཤེགས་པ་ཞེས་གསུངས་སོ། །ཡང་ན་བློ་ཡོངས་སུ་དག་པ་རྣམས་ [80b.5]ཀྱིས་རྟག་ཏུ་དེ་བཞིན་དུ་རྟོགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །འདི་ནི་རྫོགས་པའི་སངས་རྒྱས་རབ་མཆོག་ཆེན་པོར་རྣམ་པར་དག་པ་བརྙེས་པ་རྣམས་དང་། དེ་དག་ཉིད་ཀྱིས་བླ་ན་མེད་པ་ཆེན་པོའི་རྒྱུར་མངོན་དུ་མཐོང་བ་ཙམ་གྱིས་འགྱུར་བར་ལྷག་པར་བསྟན་པའི་ཕྱིར་ལྷ་ཞེས་ [80b.6]བྱའོ། །དོན་དམ་པའི་ལྷའི་རང་བཞིན་དེ་དང་ཐ་མི་དད་པར་སྤྱོད་པས་སེམས་དཔའི་མཚན་ཉིད་ཀྱང་ལྷ་ཞེས་བྱའོ། །དེ་བས་ན་དངོས་དང་ཉེ་བར་བརྟགས་པའི་མཚན་ཉིད་ཀྱི་བྱེ་བྲག་ལས་ཀྱང་ལྷ་རྣམས་གཉིས་སུ་ཤེས་པར་བྱའོ། །ཡོངས་སུ་དག་པ་དང་ཡོངས་སུ་མ་དག་ [80b.7]པ་ལ་སོགས་པའི་ལྷ་རབ་ཏུ་དབྱེ་བ་ཡོངས་སུ་བསྒྲགས་པ་འདི་ཡང་དེ་ལ་མཁས་པར་བྱ་བའི་ཕྱིར་འདིར་ཞར་ལ་བཤད་དོ། །གཞུང་འདིར་ནི་རིགས་བཞི་ཆར་ཡང་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་ལྷའི་ཁྱད་པར་རྣམས་བསྡུས་པ་སྟེ། དེ་རྣམས་ནི་དེ་བཞིན་གཤེགས་པ་ [81a] [81a.1]ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་སྤྱོད་པ་རྣམས་ལས་གྱུར་པའི་རང་བཞིན་ནོ་ཞེས་ཀྱང་སྔར་བཤད་དོ། །དེ་བས་ན་དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་ལ་སོགས་པའི་ཡོན་ཏན་ལས་ཉེ་བར་བརྟགས་པའི་ལྷ་རབ་ཏུ་དབྱེ་བ་ [81a.2]རྣམས་ནི་དཀྱིལ་འཁོར་ཆེན་པོ་ལ་སོགས་པར་བཀོད་པ་ཡིན་ནོ། །ཁྱད་པར་དུ་ནི་རིགས་བཞི་ཆར་ཡང་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་རྣམ་པར་གནས་པ་ནི་དེ་ཉིད་ལས་ཉེ་བར་བརྟགས་པའི་ལྷའི་ཁྱད་པར་བརྟགས་པ་ལ་བཅོམ་ལྡན་འདས་ཀྱིས་སྙིང་པོ་ཞེས་བྱ་བར་གསུངས་ [81a.3]སོ། །གཟུངས་ཀྱི་དཀྱིལ་འཁོར་ན་གནས་པ་ཡང་དེ་དག་ཉིད་དེ་ཕྱག་རྒྱ་ཞེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་གནས་པ་ཡང་དེ་ཉིད་དེ་གསང་སྔགས་ཞེས་བྱའོ། །ལས་ཀྱི་དཀྱིལ་འཁོར་དུ་ཀུན་དུ་བཀོད་པ་བསྟན་པ་ཡང་དེ་དག་ཉིད་དེ། རིག་སྔགས་ཞེས་ [81a.4]བྱ་བར་གསུངས་སོ། །སྙིང་པོ་ཞེས་བྱ་བ་ལ་སོགས་པའི་ངེས་པའི་ཚིག་ནི་རྒྱུད་ཕྱི་མ་ལས་བཅོམ་ལྡན་འདས་ཀྱིས་གསལ་བར་བསྟན་ཏེ། འདི་ལྟར་སྙིང་པོའི་ངེས་པའི་ཚིག་བཤད་པའི་རྒྱུད་ཀྱི་སྐབས་སུ། ཡིད་ལ་འདོད་པའི་ཆོ་ག་ཡིས། །ཡིད་ལ་གང་འདོད་ [81a.5]འགྲུབ་པར་འགྱུར། །ཏིང་འཛིན་སྒྲུབ་པའི་སྙིང་ལ་གནས། །དེ་བས་སྙིང་པོ་ཞེས་བྱའོ། །ཞེས་གསུངས་སོ། །འདིར་སྙིང་པོ་ཞེས་བྱ་བ་ནི་ཡི་གེ་རྣམ་པར་རྟོག་པའི་རྣམ་པར་རབ་ཏུ་གོམས་པ་ལས་སྙིང་པོ་ཞེས་བྱ་བའི་སེམས་རྟོགས་པར་འགྱུར་བས་སྙིང་པོའོ། །དེ་ཡང་ [81a.6]སྐབས་འདིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པ། བཛྲ་སཏྭ། བཛྲ་རཱ་ཛ་ཞེས་བྱ་བ་ལ་སོགས་པའི་མིང་དུ་བརྗོད་པ་དེ་བཞིན་གཤེགས་པ་རྣམས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་སྟོན་པ་ལ་སྙིང་པོ་ཞེས་བྱའོ། ། [81a.7]སྙིང་པོ་དེ་ཡང་དུས་གཅིག་གཉིས་ཤིག་ཏུ་སྙིང་པོ་ཞེས་བྱ་བའི་སེམས་རྗེས་སུ་རྟོགས་པར་འགྱུར་ཏེ། འདི་ལྟར་ཇི་ལྟར་འདོད་པའི་དངོས་གྲུབ་བསྒྲུབ་པའི་དུས་དང་རང་གི་ལྷའི་ཏིང་ངེ་འཛིན་བསྒོམ་པའི་དུས་ནའོ། །དེ་བསྟན་པའི་ཕྱིར། ཡིད་ལ་འདོད་པའི་ཆོ་ག་ཡིས། །ཡིད་ལ་ [81b] [81b.1]གང་འདོད་འགྲུབ་པར་འགྱུར། །ཏིང་འཛིན་གྲུབ་པའི་སྙིང་ལ་གནས། །དེ་བས་སྙིང་པོ་ཞེས་བྱའོ། །ཞེས་བྱ་བ་གསུངས་པའོ། །སྙིང་པོ་ལ་གནས་ཞེས་བྱ་བ་འདིས་ཀྱང་གང་གི་ཚེ་རྣལ་འབྱོར་པ་འདིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པའམ། དེའི་ [81b.2]གནས་དང་ཚེ་དང་ལུས་དང་ཁ་དོག་ལ་སོགས་པ་དང་ལྡན་པའི་མཚན་ཉིད་ཡིད་ལ་དགོས་པའི་དངོས་གྲུབ་འདོད་པའི་ཚེ། བཛྲ་སཏྭ། བཛྲ་རཱ་ཛཱ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་བརྗོད་པའི་ཚུལ་གྱིས་སེམས་ལ་བཟླས་ནས་བཟླས་བརྗོད་དམ་སྒོམ་པ་བྱེད་དེ། དེ་བས་རྡོ་རྗེ་སེམས་དཔའ་ [81b.3]ལ་སོགས་པའི་སྙིང་པོ་དེ་སྙིང་ལ་འཇུག་པས་ན་སྙིང་ལ་གནས་པ་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ཕྱག་རྒྱའི་ངེས་པའི་ཚིག་བཤད་པའི་སྐབས་སུ་ཡང་། འདའ་ཀ་དེ་བཞིན་མི་ཤིགས་པ། །རྒྱལ་པོ་ཕྱག་རྒྱ་མཆོག་གི་རྟགས། །བདག་ཉིད་ཆེན་པོ་མཚན་མའི་སྐུ། ། [81b.4]དེ་བས་ཕྱག་རྒྱ་ཞེས་སུ་གྲག །ཞེས་གསུངས་ཏེ། འདིར་བདག་ཉིད་ཆེན་པོའི་མཚན་མའི་སྐུ་ཞེས་བྱ་བའི་སྒྲ་ནི་གཟུངས་ཀྱི་དཀྱིལ་འཁོར་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་བྲིས་པའི་ཕྱག་རྒྱ་བཀོད་པ་རྣམས་ལ་བྱ་སྟེ། དེ་ལ་སྟོན་པ་རྣམས་དང་ཡང་ཐ་མི་དད་པས། [81b.5]གསང་སྔགས་ཀྱི་ཡི་གེ་དང་ཚིག་འབྲུ་རྣམས་ཀྱང་ཕྱག་རྒྱ་ཞེས་བྱ་བའི་སྒྲར་བརྗོད་པར་ཤེས་པར་བྱའོ། །གསང་སྔགས་ཀྱི་ངེས་པའི་ཚིག་བཤད་པའི་སྐབས་སུ་ཡང་། །འདའ་བར་བྱ་བ་མ་ཡིན་ཞིང་། །ཤིགས་པར་དཀའ་ལ་གསང་བ་ཉིད། །གསང་བ་བསྒྲུབ་ཕྱིར་ [81b.6]སྔགས་པས་ནི། དེ་བས་སྔགས་ཤེས་ངེས་པར་བརྗོད། །ཅེས་བྱ་བ་གསུངས་སོ། །འདིར་ཡང་བསྔགས་ཤིང་གསང་བ་སྟེ། སྨྲ་བས་ངེས་པའི་ཚིག་དང་སྦྱར་ན་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་ཡང་དེ་བཞིན་དུ་སྨྲ་བས་ན་དེ་དག་ལ་ཡང་གསང་སྔགས་ཞེས་བྱ་བའི་གླགས་སུ་ [81b.7]འགྱུར་མོད་ཀྱི། འོན་ཀྱང་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་ཀྱིས་ལྷ་རྣམས་ཀྱི་བཟླས་བརྗོད་བྱ་བའི་ཡི་གེ་དང་ཚིག་འབྲུ་རྣམས་ལ་གསང་སྔགས་ཞེས་བྱ་བར་དགོངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ནི་གཙོར་གསུང་མི་ཟད་པ་བཀོད་པའི་མཛོད་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་ [82a] [82a.1]སུ་གྱུར་པར་དགོངས་པའི་ཕྱིར་རོ། །རིག་སྔགས་ཀྱི་ངེས་པའི་ཚིག་བཤད་པ་ནི་སྒྲིབ་པ་རྣམ་པ་གཉིས་རྣམ་པར་སེལ་བའམ། འདི་དང་ཕ་རོལ་ཤེས་པའམ། དེས་དོན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པས་ན་རིག་སྔགས་ཞེས་བྱ་སྟེ། དེ་ཡང་འདིར་ [82a.2]ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ལྷའི་ངོ་བོ་ཉིད་དུ་དགོངས་སོ། །དཀྱིལ་འཁོར་དེ་ཡང་དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱིས་བྱིན་གྱིས་བརླབས་པར་གྱུར་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྲིན་ལས་ཀྱང་། ཇི་ལྟར་སྲིད་པར་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་དང་ [82a.3]ཤེས་བྱའི་སྒྲིབ་པ་གཉིས་སེལ་བའི་མཚན་ཉིད་དང་སྐྱེ་བོ་མང་པོ་འདོད་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པ་སྟེ། དེ་བས་ན། མ་རིག་པ་ནི་གཞིག་པ་དང་། །ངག་གི་རིག་མཆོག་གྲུབ་པའི་ཕྱིར། །དངོས་གྲུབ་དམ་པ་ཡོད་པ་སྟེ། །དེ་བས་རིག་སྔགས་ཞེས་བྱའོ། །ཞེས་བྱ་བ་ [82a.4]གསུངས་སོ། །སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་རབ་ཏུ་དབྱེ་བ་བཤད་ཟིན་ཏོ། །ད་ནི་རིགས་བཞི་ཆར་ལ་ཡང་སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་རིག་སྔགས་རྣམས་ཀྱི་བྱེ་བྲག་ལ་བཟླས་བརྗོད་ལ་སོགས་པའི་ཡན་ལག་གི་ཆོ་ག་ [82a.5]གཞན་ཡང་སྤྱིར་བསྟན་ཏེ། དེ་དག་ཀྱང་འདིར་བསྡུ་བར་བྱའོ། །འདི་ཡང་དངོས་པོའི་རང་བཞིན་གྱིས་ཆོ་གའི་ལས་ཀྱི་བྱེ་བྲག་ཁ་ཅིག་གཙོ་བོར་སྙིང་པོ་ལ་སོགས་པ་ཁ་ཅིག་འགྲུབ་པའི་རྒྱུ་སྟེ། དེ་བས་ན་སྙིང་པོ་ལ་སོགས་པའི་བྱེ་བྲག་གི་སྒོ་ནས། ཆོས་སྔར་བཤད་པའི་ལྷག་ [82a.6]མ་རྣམས་བསྟན་ཏེ། དེ་ལ་རེ་ཞིག་སྙིང་པོ་བསྒྲུབ་པའི་ཚོགས་ལ་སོགས་པ་བསྟན་པར་བྱའོ། །དེ་ལ་གོང་ནས་འབྱུང་བའི་མཚན་ཉིད་ཕྱིའི་མཆོད་པའི་ཆོ་ག་ནི་ཚོགས་ཀྱི་ཆོ་ག་སྟེ། ཇི་སྐད་དུ། མཆོད་པའི་ཆོ་ག་ཀུན་བྱས་ནས། །དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི། །ཚོགས་ [82a.7]ནི་རྣམ་པར་འཕེལ་བར་འགྱུར། །དེ་བས་ངེས་པར་འགྲུབ་པར་འགྱུར། །ཞེས་གསུངས་སོ། །འདིར་ཡང་འདི་ལྟར་དགོངས་ཏེ། །ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ལ་བརྩོན་པ་རྣམས་ལ་ཡང་ཕྱིའི་མཆོད་པའི་ཆོ་ག་རྣམས་དངོས་གྲུབ་ཀྱི་ཡན་ལག་ཏུ་འགྱུར་མོད་ཀྱི། [82b] [82b.1]འོན་ཀྱང་དངོས་བོའི་རང་བཞིན་གྱིས་གཙོར་སྙིང་པོ་བཟླས་བརྗོད་བྱེད་པ་དང་། བསྒོམ་པ་ལ་བརྩོན་པ་རྣམས་ཉིད་ལ་མྱུར་དུ་དངོས་གྲུབ་སྩོལ་ཏེ། དེ་བས་ན་དེ་ལ་བརྩོན་པ་རྣམས་ཀྱིས་ཁྱད་པར་དུ་དེ་ལ་མངོན་པར་བརྩོན་པར་བྱའོ། །དེ་བཞིན་དུ་བསོད་ནམས་ཀྱི་ཆོ་ག་ལ་སོགས་པ་ལ་ཡང་ [82b.2]ཐམས་ཅད་དུ་སྦྱར་བར་བྱའོ། །དེ་བཞིན་དུ་སྒྲུབ་པའི་མཆོད་པས་བསོད་ནམས་ཀྱི་ཆོ་ག་བྱ་བ་ནི། ཇི་སྐད་དུ། མཆོད་པ་རྣམ་བཞི་བྱས་པས་ནི། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །སངས་རྒྱས་མཆོད་པས་སྡིག་ཅན་ཡང་། །འགྲུབ་པ་འདི་རུ་དོགས་པ་མེད། །ཅེས་བྱ་ [82b.3]བ་གསུངས་སོ། །འདིར་མཆོད་པ་རྣམ་བཞི་ནི། ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་མཚན་ཉིད་བྱང་ཆུབ་ཀྱི་སེམས་དང་། ཚོགས་དང་། ཆོས་དང་བསྒོམ་པ་ཞེས་བྱ་བར་བལྟའོ། །དེ་བཞིན་དུ་ལས་ཐམས་ཅད་ལ་སོ་སོའི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་ཡིད་ལ་བྱེད་པ་ནི་ཐབས་ [82b.4]ཀྱི་ཆོ་ག་སྟེ། གང་གསུངས་པ། ཇི་ལྟར་འཇིག་རྟེན་འདུལ་འགྱུར་བ། །དངོས་གྲུབ་དག་ཀྱང་དེ་ལྟར་བཤད། །དེ་ལ་ཐབས་ནི་ཕྱག་རྒྱ་སྟེ། །དངོས་གྲུབ་ཐམས་ཅད་སྩོལ་བའི་མཆོག །ཅེས་བྱ་བ་གང་གསུངས་པའོ། །ཕན་པར་བསྔགས་པ་དང་ཤེས་རབ་ཀྱི་ཆོ་ག་གཉིས་ནི་བཟླས་ [82b.5]བརྗོད་ཀྱི་སྐབས་ཉིད་དུ་བསྟན་ཏོ། །སྙིང་པོའི་ཆོ་ག་བཤད་ཟིན་ཏོ། །ད་ནི་ཕྱག་རྒྱ་བཟླས་བརྗོད་བྱེད་པ་ལ་བརྩོན་པའི་ཚོགས་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་མང་པོ་མཐོང་བའམ། བྲིས་པའི་ཚོགས་ཀྱི་ཆོ་ག་སྟེ། །འཁོར་ལོ་མང་པོར་ཞུགས་པ་དང་། །དཀྱིལ་ [82b.6]འཁོར་མང་པོར་བྲིས་པས་ནི། །ཕྱག་རྒྱ་རྣམས་ཀྱི་ཚོགས་རྫོགས་པས། །གྲུབ་པ་ཆེན་པོ་ཐོབ་པར་འགྱུར། །ཞེས་གང་གསུངས་པའོ། །ཇི་སྐད་གསུངས་པའི་དམ་ཚིག་བསྲུང་བའི་བསོད་ནམས་ཀྱི་ཆོ་ག་ནི་འདི་སྐད་དུ། དམ་ཚིག་གསང་བ་བསྲུངས་ན་ནི། །བསོད་ནམས་ [82b.7]ཆེན་པོ་ཐོབ་པར་འགྱུར། །དམ་ཚིག་བསྲུངས་ན་མྱུར་བ་རུ། །བསོད་ནམས་མེད་པའང་གྲུབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ལྷག་པར་རྗེས་སུ་ཆགས་པས་རང་གི་ལྷའི་བསྒོམ་པ་ནི་ཐབས་ཀྱི་ཆོ་ག་སྟེ། དེ་ཡང་འདིར་གསུངས་པ། འཇིག་རྟེན་ཆགས་པ་མེད་པར་ [83a] [83a.1]འདུལ། །ཕྱག་རྒྱ་གྲུབ་པ་ཆགས་ལས་འབྱུང་། །དེ་ལ་ཆགས་ནི་བསྒོམ་པ་སྟེ། ཐམས་ཅད་འགྲུབ་པར་བྱེད་པའི་མཆོག །ཅེས་བྱའོ། །ཕྱག་རྒྱ་བསྒྲུབ་པ་རྣམས་ཀྱི་ཕན་པ་བསྔགས་པ་དང་། ཤེས་རབ་ཀྱི་ཆོ་ག་དག་ཀྱང་བཟླས་བརྗོད་ཀྱི་སྐབས་སུ་ [83a.2]བལྟ་བར་བྱའོ། །ཕྱག་རྒྱའི་ཆོ་ག་བཤད་ཟིན་ཏོ།། །།གསང་སྔགས་ཀྱི་ཆོ་ག་བཤད་པར་བྱ་སྟེ། རྗེས་སུ་ཡི་རང་བ་དང་། བདག་གིས་ལུས་འབུལ་བ་དང་། དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། དམ་པའི་ཆོས་ [83a.3]ཀློག་པའོ། །བཟླས་བརྗོད་མང་དུ་བྱས་པ་ནི། །ཚོགས་ཀྱི་ཆོ་ག་སྟེ། འདི་སྐད་དུ། རྗེས་སུ་ཡི་རང་ལ་སོགས་དང་། །དེ་བཞིན་དམ་ཆོས་ཀློག་པ་དང་། །བཟླས་བརྗོད་མང་པོར་རབ་བྱས་པས། །སྔགས་ཀྱི་དངོས་གྲུབ་ངེས་པར་འཐོབ། །ཅེས་བྱ་བ་གསུངས་སོ། །དེ་བཞིན་ [83a.4]དུ་རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད་བརྗོད་པ་དང་། དེའི་རྗེས་སུ་དྲན་པ་དང་། དམ་པའི་ཆོས་རབ་ཏུ་བསྟན་པ་ནི་བསོད་ནམས་ཀྱི་ཆོ་ག་སྟེ། ཇི་སྐད་དུ། སངས་རྒྱས་མཚན་ལ་སོགས་བརྗོད་པས། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །བསོད་ནམས་མེད་པའང་ཆོས་ [83a.5]སྦྱིན་པས། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ཆོས་ཐམས་ཅད་སྤྲོས་པ་མེད་པར་བསྒོམ་པ་གོམས་པར་བྱེད་པ་ནི་ཐབས་ཀྱི་ཆོ་ག་སྟེ། ཇི་སྐད་དུ། གསང་སྔགས་དངོས་གྲུབ་མི་ཐོབ་པ། །འཇིག་རྟེན་འདི་ནི་བདེན་ལས་ཉམས། །ཐབས་ནི་སྤྲོས་ [83a.6]པ་མེད་པ་སྟེ། །ཐམས་ཅད་འགྲུབ་པར་བྱེད་པའི་མཆོག །ཅེས་བྱ་བ་གསུངས་སོ། །གསང་སྔགས་མཉེས་པར་བྱེད་པ་རྣམས་ཀྱིས་ཕན་པར་བསྔགས་པ་དང་། ཤེས་རབ་ཀྱི་ཆོ་ག་དག་ཀྱང་བཟླས་བརྗོད་ཀྱི་སྐབས་ཉིད་དུ་བལྟ་བར་བྱའོ། །གསང་སྔགས་བཟླས་བརྗོད་ [83a.7]བྱེད་པའི་ཆོ་ག་བཤད་ཟིན་ཏོ། །རིག་སྔགས་ཀྱི་ཆོ་ག་ཡང་བསྟན་པར་བྱ་སྟེ། དེ་ལ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ངེས་པར་དཔྱད་པས། དེའི་རང་བཞིན་གཏན་ལ་འབེབས་པའི་ཡེ་ཤེས་ཀྱི་ཚོགས་ཀྱི་ཆོ་ག་སྟེ། མ་རིག་ཤིན་ཏུ་སྤངས་པས་ནི། །ཡེ་ཤེས་ཕ་རོལ་ཕྱིན་ [83b] [83b.1]ཚུལ་གྱིས། །ཚོགས་ནི་ཡོངས་སུ་རྫོགས་པ་ལས། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་བྱ་བ་གང་གསུངས་པའོ། །སྦྱིན་པ་གོམས་པར་བྱེད་པ་ནི། །འདིར་བསོད་ནམས་ཀྱི་ཆོ་ག་སྟེ། །འདི་སྐད་དུ། བསོད་ནམས་ནང་ནས་སྦྱིན་པ་མཆོག །བྱིན་ན་གྲུབ་པ་ཐོབ་ [83b.2]པར་འགྱུར། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་པས། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་གསུངས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་ཀྱི་ཕྲིན་ལས་རྒྱ་ཆེན་པོ་མངོན་པར་སྟོན་པའི་ཆོས་ལ་མོས་པ་ནི། ཐབས་ཀྱི་ཆོ་ག་ [83b.3]སྟེ། ཇི་སྐད་དུ། འཇིག་རྟེན་མ་རིག་པ་ལ་ཞེ་ན། །རིག་སྔགས་དངོས་གྲུབ་མི་འཐོབ་པ། །དེ་ལ་ཐབས་ནི་རྒྱ་ཆེ་སྟེ། །ཐམས་ཅད་གྲུབ་པར་བྱེད་པའི་མཆོག །ཅེས་བྱ་བ་གསུངས་སོ། །ཀུན་དུ་བསྔགས་པ་དང་། ཤེས་རབ་ཀྱི་ཐབས་དག་ནི། བཟླས་བརྗོད་ཀྱི་སྐབས་ཉིད་དུ་ [83b.4]སྔར་བསྟན་ཟིན་ཏོ། །རིག་སྔགས་ཀྱི་ཆོ་ག་བཤད་ཟིན་ཏོ། །སྤྱོད་པ་བསྡུས་པའོ། །རྒྱུད་འདིར་ཡང་དངོས་གྲུབ་རྣམ་པ་གསུམ་གྱི་ཆོ་ག་བསྟན་པ་ནི་འདི་ལྟ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་པ་ལས་བྱུང་བའི་དངོས་གྲུབ་དང་། དེ་བཞིན་དུ་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་ [83b.5]དང་རིག་སྔགས་བཟླས་བརྗོད་བྱ་བ་གོམས་པ་ལས་བྱུང་བ་དང་། དེ་བཞིན་དུ་ཞི་བ་ལ་སོགས་པ་སྦྱིན་སྲེག་ལས་བྱུང་བའི་དངོས་གྲུབ་དང་ལས་ཀྱི་མཚན་ཉིད་དོ། །དེ་ལ་གཞུང་འདི་ཡན་ཆད་ཀྱིས་དངོས་གྲུབ་རྣམ་གཉིས་ཀྱི་ཆོ་ག་བསྟན་ཏོ། །ད་ནི་སྡིག་པ་སྦྱང་བ་ལ་སོགས་པ་སྦྱིན་ [83b.6]སྲེག་གི་ལས་ལས་བྱུང་བ་ཞི་བ་ལ་སོགས་པའི་ལས་གྲུབ་པའི་མཚན་ཉིད་སྒྲུབ་པའི་ཆོ་ག་བཏུ་བར་བྱ་སྟེ། དེ་བསྟན་པའི་ཕྱིར། དེ་ནས་འདིར་ཞི་བ་ལ་སོགས་པའི་ལས་སྒྲུབ་པའི་སྦྱིན་སྲེག་གི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཉིད་ལས་གསུངས་པ་དང་། དེ་བཞིན་ [83b.7]ཏུ་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ལས་གསུངས་པའི་ཆོ་ག་སྡུད་པར་གྱུར་པ་རྟོག་པ་ཐམས་ཅད་བསྡུས་པ་ལ་སོགས་པ་ལས་བཏུ་བར་བྱའོ། །དེ་ལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདིར་རྡོ་རྗེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཁྲོ་བོར་མཉམ་པར་གཞག་པས། ཚེ་རིང་པ་དང་། ནད་ [84a] [84a.1]མེད་པར་བྱེད་པའི་རིག་སྔགས་རྣམས་ཀྱིས་སྦྱིན་སྲེག་བྱས་པ་ལས་ཇི་ལྟར་འདོད་པའི་ལས་གྲུབ་པར་བསྟན་མོད་ཀྱི། འོན་ཀྱང་རྟོག་པ་ཐམས་ཅད་བསྡུས་པ་ལས་བཤད་པ་སོ་སོའི་མཉེས་པར་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་ཀྱི་སེམས་ [84a.2]དཔའ་བདག་དང་མི་གཉིས་པར་མཉམ་པར་གཞག་པས་ཇི་ལྟར་རིགས་པར་དེ་དག་གི་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཀྱིས་ཀྱང་སྦྱིན་སྲེག་བྱ་བར་རིགས་སོ་ཞེས་དེ་ལ་མཁས་པ་དག་འཆད་དོ། །གང་གི་ཕྱིར་རྟོག་པ་ཐམས་ཅད་བསྡུས་པའི་སྦྱིན་སྲེག་གི་ [84a.3]སྐབས་ནས་ཆོ་ག་འདི་དག་སྣང་བ་སྟེ། འདི་ལྟ་སྟེ། བདག་ཉིད་ཁྲུས་བྱས་བྱུག་པའི་ལས། །སྣ་ཚོགས་པ་ཡི་རྒྱན་དང་གོས། །ལྷ་ཡི་དབུ་རྒྱན་དབང་བསྐུར་བའི། །རྒྱན་ནི་རྣམས་པ་ཀུན་གྱིས་བརྒྱན། །བདག་ནི་པདྨ་འཛིན་པའི་རྒྱལ། །བདག་གི་ཐོར་ཚུགས་དེ་བཞིན་ [84a.4]གཤེགས། །ཡང་ན་རྡོ་རྗེ་སེམས་དཔའ་བདག །རིན་ཆེན་རྒྱལ་པོ་དབང་བསྐུར་འཛིན། །བུད་མེད་སྡུག་དང་ལྷན་ཅིག་ཏུ། །དཔུང་པ་དམ་པོར་བསྡམས་ནས་སུ། །མཚན་མ་བརྟན་པར་རང་གྱུར་ནས། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །ཨེ་མ་ཧོ་བདེ་བ་ཨེ་མའོ་དགའ་ [84a.5]འོ། །ཆགས་པའི་དགའ་བ་བླ་ན་མེད། །རྡོ་རྗེ་སེམས་དཔའ་ཆགས་ཆེན་པོ། །འཇིག་རྟེན་དབང་པོ་བདག་ལ་དགྱེས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་དགོངས་པའི་མདོ་སྡེའི་ཚིག་འདི་རྣམས་འདུལ་བ་རྣམས་ཁ་ཅིག་གིས་དེའི་དོན་ཇི་ལྟ་བ་བཞིན་ [84a.6]དུ་རྟོགས་པར་གཟིགས་ནས། བཅོམ་ལྡན་འདས་ཉིད་ཀྱིས་ངེས་པའི་ཚིག་གཞན་རྣམས་ཀྱིས་མདོ་སྡེའི་ཚིག་འདི་རྣམས་ཀྱི་དོན་རྣམ་པར་ཕྱེ་སྟེ། ཇི་སྐད་དུ། ཁྲུས་ཀྱི་སྦྱོར་བ་རྣམ་བཞི་དང་། །ཕྱག་རྒྱ་དེ་ལ་གཞོལ་བ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སློབ་ [84a.7]དཔོན་དག་ནི་ཕྱི་མའོ། །ཁྲུས་ཀྱི་སྦྱོར་བ་རྣམ་བཞི་ནི། །ཉིན་རེ་ཞིང་ནི་ཅི་ནུས་པར། །ཇི་ལྟར་རྣལ་འབྱོར་འཁྲུ་བ་དག །རིམ་པ་བཞིན་དུ་བཤད་པར་བྱ། །སྡོམ་པ་གསུམ་ལ་གནས་པ་ནི། །དང་པོའི་འཁྲུས་ཞེས་བཤད་པ་ཡིན། །བཤགས་དང་གསོལ་བ་འདེབས་ལ་ [84b] [84b.1]སོགས། །ཁྲུས་ནི་གཉིས་པར་བཤད་པ་ཡིན། །ཕྱག་རྒྱ་དགྲོལ་བ་གསུམ་པ་སྟེ། །བཞི་པ་ཆུ་སྟེ་ཐ་མའོ། །ཁྲུས་ཀྱི་ཆོ་ག་འདི་རྣམས་ཀྱིས། །མཁས་པ་རྣམས་ནི་དེ་བཞིན་བཀྲུ། །ཞེས་བྱ་བ་གསུངས་སོ། །འདིར་ཡང་བདག་ནི་པདྨ་འཛིན་པའི་རྒྱལ་པོ་ཞེས་བྱ་བ་ལ་ [84b.2]སོགས་བ་རིགས་བཞིའི་འཁོར་ལོས་སྒྱུར་བ་བསྟན་པས། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་དཀྱིལ་འཁོར་དུ་གཏོགས་པ་རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་ལ་སོགས་པའི་ཡེ་ཤེས་ཀྱི་སེམས་དཔའ་རྣམས་ཀྱི་ཉེ་བའི་མཚན་ཉིད་དུ་བལྟའོ། །དེ་བཞིན་ [84b.3]དུ་ཆགས་པའི་དགའ་བ་རྗེས་དྲན་པས། །འདོད་པའི་ཆགས་པ་མི་རྟག་གོ། །བུད་མེད་ལ་ཡང་ཆགས་ནས་སུ། །འཁྲིག་པ་བདུན་ནི་སྤང་བར་བྱ། །མཚན་མ་བརྟེན་པར་རང་གྱུར་ནས། །དབང་པོ་ཉེ་བར་ཞི་བར་བྱ། །ཆགས་པ་རྗེས་སུ་དྲན་གྱུར་ནས། །སྦྱིན་སྲེག་ [84b.4]ལས་ནི་ཀུན་བརྩམ་མོ། །ཞེས་བྱ་བའོ། །དགོངས་པའི་ཚིག་དེ་རྣམས་ཀྱི་དོན་བཅོམ་ལྡན་འདས་ཀྱིས་གཞུང་འདིས་བཤད་དེ། འདི་ལྟ་སྟེ། མཚན་མ་རྟགས་ཞེས་བྱ་བར་བཤད། །དེ་ཡི་བརྟན་པ་ལྷག་པ་ཡི། །རྡོ་རྗེ་ཅན་གྱི་མཚན་མ་གང་། །མཁས་པས་དེ་ནི་ལྷག་པར་ [84b.5]བཟུང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན། །བྱང་ཆུབ་སེམས་ནི་གང་བརྟན་པའོ། །ཕ་རོལ་ཕྱིན་པ་དྲུག་གི་མཚན། །སྙིང་རྗེ་དང་ནི་བྱམས་པར་ལྡན། །ཤེས་རབ་ཐབས་ལ་མོས་བརྟན་པ། །སྐྱེ་དགུ་རྣམས་ཀྱིས་བསྔགས་པར་འགྱུར། །མཚན་མ་བརྟན་པར་རང་གྱུར་ [84b.6]ནས། །དེ་ལ་ལྷག་པར་བསྙེན་པར་བྱ། །རྣལ་འབྱོར་རིག་སྔགས་གང་འདོད་པ། །དེ་དང་གཅིག་ཏུ་འདུག་པར་བྱ། །ཕྱག་རྒྱ་ཆེན་པོར་བྱས་ནས་སུ། །དཔུང་པ་དམ་དུ་བསྡམ་པར་བྱ། །རབ་ཏུ་དགའ་བ་གང་མོས་པ། །དེ་ནི་དགའ་བའི་ས་ཞེས་བྱ། །བརྟན་པ་ཆེན་པོ་གང་ [84b.7]ཆགས་པ། །ཡང་དང་ཡང་དུ་རྗེས་དྲན་ནས། །སྙིང་རྗེ་བྱམས་པས་ཀུན་དུ་བྱུག །ཁྲེལ་ཡོད་ངོ་ཚ་ཤེས་པའི་གོས། །བརྟུལ་ཞུགས་ཚུལ་ཁྲིམས་བྱུགས་པའི་ལུས། །བྱང་ཆུབ་སེམས་ཀྱིས་ཤིན་ཏུ་བརྒྱན། །བརྟུལ་ཞུགས་དེ་དག་ལྡན་ནས་སུ། །ཆགས་པ་ཆེན་པོས་ [85a] [85a.1]བསྙེན་པར་བྱ། །ཕྱི་རོལ་ཡན་ལག་མ་དག་ཀྱང་། རྡོ་རྗེ་འཛིན་པས་ཡོངས་བཟུང་བ། །སྦྱིན་སྲེག་ལས་ནི་ཆོ་ག་སྦྱིན། །ཤར་དུ་བལྟས་ནས་སྦྱིན་སྲེག་བྱ། །ཇི་ལྟར་གཞུང་ལས་གསུངས་པ་བཞིན། །རྡོ་རྗེ་སློབ་དཔོན་དེ་ཚེ་སྤྱད། །ཅེས་བྱ་བ་ལ་སོགས་ [85a.2]པ་རྒྱ་ཆེར་གསུངས་སོ། །དེ་བས་ནི་སློབ་དཔོན་ནམ་སྒྲུབ་པ་པོ་དཀྱིལ་འཁོར་འདྲི་བ་ལ་སོགས་པའི་ཚེ། །སྦྱིན་སྲེག་གི་ལས་ཀྱི་ཇི་ལྟར་འདོད་པའི་ལས་བྱེད་འདོད་པ་རྣམས་ཀྱིས། །རང་གི་ལྷའི་རྣལ་འབྱོར་ཉིད་དུ་མཉམ་པར་གཞག་པས། དེ་དག་གི་སྙིང་པོ་དང་ཕྱག་རྒྱ་ལ་ [85a.3]སོགས་པའམ། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཞི་བ་ལ་སོགས་པའི་ལས་ཀྱི་སྒྲུབ་པའི་རིག་སྔགས་རྣམས་ཀྱིས་སྦྱིན་སྲེག་བྱ་བར་ངེས་སོ། །ཁྱད་པར་དུ་ནི་དཔལ་རྡོ་རྗེ་ཧཱུྃ་ཞེས་བྱ་བར་མཉམ་པར་གཞག་པས། །ཧཱུྃ་བཞི་པོའི་སྙིང་པོ་ཇི་ལྟར་འདོད་ [85a.4]པར་དེའི་དྲག་ཤུལ་སྤྱོད་པའི་སྦྱོར་བ་རྒྱུད་འདི་ལས་གསུངས་ཏེ། །འོག་ནས་བཤད་པར་བྱའོ། །དེ་ལ་སྦྱིན་སྲེག་གི་ཡན་ལག་རྣམས་ཀྱིས་ནི་ལྷ་དང་སྦྱིན་སྲེག་བྱེད་པ་དང་། ཐབ་དང་དགང་གཟར་དང་། བླུགས་གཟར་དང་། ལས་ཇི་ལྟར་བྱ་བ་དང་། རྗེས་སུ་མཐུན་པའི་བསྲེག་ [85a.5]པར་བྱ་བའི་རྫས། མར་དང་། ཡམ་བསྲེག་ཤིང་དང་། བུད་ཤིང་ལ་སོགས་པའོ། །དེ་ལ་ལྷ་ནི་རྣམ་པ་གསུམ་སྟེ། གཅིག་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ན་གནས་པ། ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་ཚེ། ཇི་ལྟར་རིགས་པར་སྤྱན་དྲངས་ཏེ། མཆོད་པ་བྱ་ [85a.6]བ་གང་ཡིན་པའོ། །དེ་དག་མཆོད་པ་ཡང་བསོད་ནམས་འཕེལ་བ་དང་བྱིན་གྱིས་རློབ་པར་གྱུར་པས། དེ་དག་བགེགས་མེད་པར་ལས་གྲུབ་པར་བྱ་བའི་ཕྱིར་རོ། །གཉིས་པ་ལ་ཡང་སྦྱིན་སྲེག་ལེན་པ་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཀྱིལ་འཁོར་དུ་གསུངས་པ་དེ་ཉིད་དེ་ [85a.7]མཉེས་པར་བྱ་བའི་ཡེ་ཤེས་ཀྱི་སེམས་དཔའ་གང་ཡང་རུང་བའི་མཚན་ཉིད་དོ། །གསུམ་པ་ནི་འཇིག་རྟེན་པའི་མེའི་རང་བཞིན་མྲྀ་ཊ་ཞེས་བྱ་བ་སྟེ། དེ་ཡང་སྦྱིན་སྲེག་ལེན་པ་དེ་ཉིད་དེ་ལྷ་རྣམ་པ་གསུམ་མོ། །དེ་བཞིན་དུ་སྦྱིན་སྲེག་བྱེད་པའི་སློབ་དཔོན་ནམ་སྒྲུབ་པ་པོ་སྟེ། དེ་ [85b] [85b.1]ཡང་སྔར་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒོམ་པའམ་སྙིང་པོ་ལ་སོགས་པ་བཟླས་བརྗོད་བྱ་བའི་ཆོ་གས་བདག་དང་མི་གཉིས་པའི་ཡེ་ཤེས་ཀྱི་སེམས་དཔའི་རྣལ་འབྱོར་རབ་ཏུ་གོམས་པའི་སྙིང་པོ་ལ་སོགས་པ་བཟླས་པའི་སྦྱིན་སྲེག་གིས་ཇི་ལྟར་འདོད་བའི་ [85b.2]ལས་སྒྲུབ་པ་ལས་མཁས་པ་ལ་སོགས་པའི་ཡོན་ཏན་ལྔ་དང་ལྡན་པའོ། །སྦྱིན་སྲེག་གི་དགང་གཟར་ལ་སོགས་པའི་མཚན་ཉིད་ཀྱང་རྒྱུད་འདི་ལས་མ་གསུངས་པས། ཐམས་ཅད་སྤྱིའི་རྣལ་འབྱོར་གྱི་རྒྱུད་ལས་བཏུ་བར་བྱའོ། །དེ་ལ་ཞི་བ་ལ་སོགས་པའི་སྦྱིན་སྲེག་ [85b.3]གི་དགང་གཟར་གྱི་མཚན་ཉིད་འདི་ནི་སྤྱིའི་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པ་སྟེ། འདི་ལྟར་ཡུ་བ་ཆད་པ་ལྔ་ཙམ་དུ་བྱའོ། །དེ་ཕན་ཆད་གཟར་བུ་ཁོར་ཁོར་ཡུག་སོར་བཞི་ཙམ་དུ་བྱའོ། །ཟབས་སུ་སོར་གཅིག་དེའི་མཆུ་པདྨའི་འདབ་མ་འདྲ་བ་སྟེ། སོར་བཞི་པ་ནི་ [85b.4]མཆོག་གོ། །དེའི་ཕྱེད་མ་ནི་འབྲིང་ངོ་། །དེ་བས་ཀྱང་ཆུང་བ་ནི་ཐ་མ་སྟེ། དགང་གཟར་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ། །ཁྱད་པར་དུ་ནི་ཞི་བའི་སྦྱིན་སྲེག་གི་དགང་གཟར་ནི་ཟླུམ་པོ་སྟེ། དེའི་དབུས་སུ་འཁོར་ལོ་བྲི། །རྒྱས་པའི་གྲུ་བཞི་སྟེ། ངོས་གཉིས་རྒུ་བོར་ [85b.5]བྱ། །དེའི་དབུས་སུ་པདྨ་རིན་པོ་ཆེས་མཚན་པའོ། །དྲག་ཤུལ་སྤྱོད་པའི་དགང་གཟར་ནི་གྲུ་གསུམ་པ་སྟེ། དབུས་སུ་ཁྲོ་བོའི་རྡོ་རྗེ་བྲིས་པའོ། །དེ་ལྟར་དགང་གཟར་གསུམ་པོ་འདི་དག་ནི་དགང་བླུགས་དབུལ་བའི་ཕྱིར། སྦྱིན་སྲེག་གི་ཆོ་ག་ཐམས་ཅད་ལ་ཇི་ལྟར་ [85b.6]རིགས་པར་བློས་རྣམ་པར་ཕྱེ་ལ་ལས་ཀྱི་རྗེས་སུ་མཐུན་པར་སྦྱར་བར་བྱའོ། །བླུགས་གཟར་ནི་ཡུ་བ་ཆང་བ་ལྔ་པ་ཟབས་སུ་སོར་གཅིག་ཙམ་ཁོར་ཁོར་ཡུག་ཏུ་མཐེ་བོའི་སེན་མོའི་སྟེང་ཙམ་ནི་མཆོག་གོ། །ཁོར་ཁོར་ཡུག་ཏུ་མཐེ་བོའི་སེན་མོ་བྱེད་པ་ནི་འབྲིང་ངོ་། །དེ་བས་ཀྱང་ [85b.7]ཅུང་ཟད་ཆུང་བ་ནི་ཐ་མའོ། །དེའི་མཚན་མ་ནི་ལས་ཀྱི་བྱེ་བྲག་ལས་འཁོར་ལོ་དང་པདྨ་དང་རྡོ་རྗེ་རྣམས་ཏེ་སྔ་མ་བཞིན་ནོ། །དགང་གཟར་དང་བླུགས་གཟར་འདི་གཉིས་ཀྱང་འོག་ནས་འབྱུང་བའི་མཚན་ཉིད་ཞི་བ་དང་རྒྱས་པ་དང་དྲག་ཤུལ་སྤྱོད་པའི་ཤིང་ངམ། དགང་གཟར་དང་ [86a] [86a.1]བླུགས་གཟར་གྱི་ཤིང་སྤྱིའི་རྒྱུད་ལས་གསུངས་པའམ། ལས་ཐམས་ཅད་པ་ལས་ཕྱེ་བའོ། །ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་ཐབ་ཀྱི་མཚན་ཉིད་ནི། །ལས་ཀྱི་རྗེས་སུ་མཐུན་པའི་ཡོ་བྱང་རྣམ་པ་ལྔའི་ཆོ་ག་ལ་སོགས་པ་དང་། ལྷན་ཅིག་ཏུ་ཞི་བ་ལ་སོགས་པའི་ [86a.2]ལས་སྒྲུབ་པའི་སྦྱིན་སྲེག་བྱ་བའི་སྐབས་ཉིད་དུ་འོག་ནས་འཆད་དོ། །དེ་ལྟར་སྦྱིན་སྲེག་གི་ཡན་ལག་རྣམས་བསོགས་པའི་རྣལ་འབྱོར་པ་ཞི་བ་ལ་སོགས་པ་ཇི་ལྟར་འདོད་པའི་ལས་བྱེད་པར་འདོད་པས་རབ་ཏུ་ཤིས་པའི་ཚེས་གྲངས་དང་། གནས་དང་སྐར་མ་ལ་སོགས་པ་དང་ལྡན་ [86a.3]པའམ། ཡང་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གོམས་པ་མང་དུ་བྱས་པའམ། དེ་བཞིན་དུ་རབ་ཏུ་རིངས་པའི་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་ལས་རྣམས་གནས་ལ་སོགས་པའི་གང་ཡང་རུང་བར་ཇི་ལྟར་འདོད་པའི་སྦྱིན་སྲེག་གི་ལས་ལ་རྟག་ཏུ་རྣམ་པར་རྟོག་པ་མེད་པ་ཉིད་ [86a.4]དུ་རྩོལ་བ་དང་ལྡན་པར་ལས་སྒྲུབ་པ་པོས་བྱའོ། །དེ་ལ་རེ་ཞིག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པ། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་ལ་སོགས་པ་གང་ཡང་རུང་བའི་སྙིང་པོའམ། རྡོ་རྗེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་བསྟན་པའི་ཞི་བ་ལ་སོགས་ [86a.5]པའི་རིག་སྔགས་རྣམས་ཀྱིས་ཇི་ལྟར་འདོད་པའི་ལས་རྣམས་བྱེད་པར་འདོད་པས། སྔར་སྨོས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའི་ཆོ་གའམ། སྙིང་པོ་བཟླས་བརྗོད་བྱ་བའི་ཆོ་གས་བདག་དང་མི་གཉིས་པར་གྱུར་པ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་ [86a.6]འབྱོར་མངོན་དུ་བྱའོ། །གང་གི་ཚེ་རྡོ་རྗེའི་རིགས་ལས་གསུངས་པའི་རིག་སྔགས་རྣམས་ཀྱིས་ལས་ཀྱི་དཀྱིལ་འཁོར་ཉིད་དུ་ལས་བྱེད་པར་འདོད་པ་དེའི་ཚེ་དཔལ་རྡོ་རྗེ་ཧཱུྃ་ཀ་ར་ལ་སོགས་པ་རྡོ་རྗེ་ཁྲོ་བོའི་རྣལ་འབྱོར་སྔོན་དུ་བྱ་སྟེ། ལས་དེ་དང་དེ་དག་བྱའོ། །དེ་ལ་རེ་ཞིག་སྔར་ [86a.7]སྨོས་པའི་རིམ་གྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་བཞི་པོ་དང་། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལས་གང་ཡང་རུང་བ་གཅིག་བཀོད་དོ། །ས་བསྟར་བའམ། རས་སམ། རྩིག་པའམ། ནམ་མཁའ་ལ་སོགས་པ་ལ་ཇི་ལྟར་རིགས་པའམ། བྲིས་ [86b] [86b.1]པའམ། བསམས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་ཞི་བ་ལ་སོགས་པའི་ལས་ཐམས་ཅད་བསྒྲུབ་པ་ལ་མཁས་པ་རྣམས་མདུན་དུ་བྱ་སྟེ། དེ་བཞིན་དུ་བསྡུ་བ་དང་། དགུག་པ་ལ་སོགས་པ་སྔར་བྱ་སྟེ། མཆོད་པ་ལ་སོགས་པ་ཐེག་པ་ཆེན་ [86b.2]པོའི་སྡོམ་པ་བཟུང་བའི་བར་དུ་བྱའོ། །ཡང་ན་དཔལ་རྡོ་རྗེ་ཧཱུཾ་ཀ་ར་ལ་སོགས་པ་ཁྲོ་བོའི་རྣལ་འབྱོར་གྱིས་སྦྱིན་སྲེག་བྱེད་འདོད་ན་ཡང་དེའི་ཚེ་རྡོ་རྗེའི་རིགས་གྱི་དཀྱིལ་འཁོར་བཀོད་དེ་མཆོད་པ་ལ་སོགས་པ་བྱའོ། །དཔལ་རྡོ་རྗེ་ཧཱུཾ་ཀ་ར་ལ་སོགས་པ་འདི་དག་དང་རྡོ་རྗེ་ཁྲོ་བོའི་ཆོ་ག་ [86b.3]ལ་སོགས་པ་འདི་དག་ཀྱང་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ཉིད་ལས་རྡོ་རྗེའི་རིགས་ཀྱི་སྐབས་སུ་བརྟག་པར་བྱའོ། །དེ་ལྟར་གང་ཡང་རུང་བའི་ཆོ་གས་མཆོད་པ་ལ་སོགས་པ་བྱས་པའི་རྣལ་འབྱོར་པས། །རི་མོ་ལ་སོགས་པར་བྲིས་པའི་ཡེ་ཤེས་ཀྱི་སེམས་དཔའ་ [86b.4]དེ་རྣམས་ཉིད་ཀྱི་སྤྱན་སྔར་འོག་ནས་འཆད་པའི་ཆོ་གས་སྡིག་པ་སྦྱང་བ་ལ་སོགས་པའི་སྦྱིན་སྲེག་གི་ཐབ་ཏུ་ཇི་ལྟ་བ་བཞིན་དུ་སྦྱིན་སྲེག་གི་ལས་བྱའོ། །ཡང་ན་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་སྤྱིའི་རྒྱུད་རྡོ་རྗེ་རྩེ་མོའི་རྣལ་འབྱོར་གྱི་རྒྱུད་ལས་སྡིག་པ་སྦྱང་བ་ལ་སོགས་པའི་སྦྱིན་ [86b.5]སྲེག་གི་ལས་བསྒྲུབ་བ་གསང་བའི་དཀྱིལ་འཁོར་གསུངས་པ་བྲིས་ཏེ། དེའི་དབུས་སུ་དེ་ལས་གསུངས་པ་ཉིད་ཀྱིས་སྡིག་པ་སྦྱང་བ་ལ་སོགས་པའི་སྦྱིན་སྲེག་གིས་ལས་བསྒྲུབ་པའི་ཐབ་ཏུ་ཇི་ལྟར་འདོད་པའི་སྦྱིན་སྲེག་བྱ་བ་རང་གི་ལྷའི་སྙིང་པོ་ལ་སོགས་པའམ་རྡོ་རྗེའི་རིགས་ཀྱི་ [86b.6]ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིག་སྔགས་རྣམས་ཀྱིས་སྦྱིན་སྲེག་གི་ལས་བྱའོ། །དེ་ལས་འདི་ནི་རྡོ་རྗེ་རྩེ་མོའི་རྒྱུད་ལས་གསུངས་པའི་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་སྟེ། འདིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཐིག་གདབ་པའི་རིམ་པ་ཉིད་ཀྱིས་དཀྱིལ་འཁོར་ [86b.7]གྱི་ཐིག་གདབ་པ་དེ་ལ་ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ། ལྷོ་ཕྱོགས་སུ་རིན་པོ་ཆེ། ནུབ་ཕྱོགས་སུ་པདྨ། བྱང་ཕྱོགས་ཀྱི་སྒོར་སྣ་ཚོགས་རྡོ་རྗེ། ཕྱིའི་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྣམ་བུ་ལ་པདྨ་དང་། ནགས་ཀྱི་ལྕུག་མ་དང་། བགྲང་ཕྲེང་དང་། རིལ་བ་སྤྱི་བླུགས་དང་། ཨ་ཛི་ [87a] [87a.1]ན་དང་། ཕྱག་རྒྱ་ལྔ་བྲིའོ། །ལྷོ་ཕྱོགས་ཀྱི་སྣམ་བུ་ལ། ཏྲི་ཤཱུ་ལ་དང་། ཟླ་བ་ཁམ་པ་དང་། རྒྱལ་མཚན་དང་། ཐོར་ཚུགས་དང་། མིག་དང་ལྔ་བྲིའོ། །ནུབ་ཕྱོགས་སུ་འཁོར་ལོ་དང་། དུང་དང་བེ་ཅོན་དང་། རལ་གྲི་དང་། ཕུབ་དང་ལྔ་བྲིའོ། །བྱང་ཕྱོགས་སུ་ཤག་ [87a.2]ཏི་དང་། དྲིལ་བུ་དང་། བ་དན་དང་། རྨ་བྱ་དང་། སེང་གེ་དང་ལྔའོ། །ནང་གི་དཀྱིལ་འཁོར་གྱི་ཤར་དུ། རྡོ་རྗེ་དང་། ལྕགས་ཀྱུ་དང་། མདའ་དང་། མགུ་བའོ། །ལྷོ་ཕྱོགས་སུ་ནོར་བུ་རིན་པོ་ཆེ་དང་། ཉི་མ་དང་། རིན་པོ་ཆེའི་རྒྱལ་མཚན་དང་སོའི་ཕྲེང་བའོ། །ནུབ་ཕྱོགས་སུ། པདྨ་དང་། རལ་ [87a.3]གྲི་དང་། འཁོར་ལོ་དང་། དུང་ངོ་། །བྱང་ཕྱོགས་སུ་སྣ་ཚོགས་རྡོ་རྗེ་དང་། གོ་ཆ་དང་། མཆེ་བ་དང་། རྡོ་རྗེ་ཁུ་ཚུར་བྲིའོ། །དབུས་སུ་ཇི་ལྟར་འདོད་པ་ཞི་བ་ལ་སོགས་པའི་ཞུགས་ཐབ་གང་ཡང་རུང་བ་འོག་ནས་འབྱུང་བའི་ཆོ་ག་བཞིན་དུ་བརྐོས་ཏེ། དེའི་གཡས་གཡོན་དུ་རྡོ་རྗེ་གཉིས། [87a.4]ཤར་ཕྱོགས་སུ་གཙུག་ཏོར་གྱི་ཕྱག་རྒྱ་པདྨ་ལ་གནས་པ་གཞག་གོ། །དེ་ལྟར་གསང་བའི་དཀྱིལ་འཁོར་བྲིས་ཏེ། སྔར་སྨོས་པའི་རིམ་གྱིས་མཆོད་པ་ལ་སོགས་པ་ཐམས་ཅད་བྱས་ནས་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་ལས་ཀྱི་དཀྱིལ་འཁོར་འདིའི་ནང་དུ་བྱའོ། །ཡང་ན་སྔར་ [87a.5]སྨོས་པའི་རིམ་གྱིས་ས་བསྟར་བ་ལ་སོགས་པས། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བྲིས་པའི་སྤྱན་སྔར་མཉམ་པར་གཞག་སྟེ། ཇི་ལྟར་འདོད་པའི་ཞུགས་ཐབ་ཏུ་གང་འདོད་པའི་སྦྱིན་སྲེག་བྱའོ། །དེ་ལ་དང་པོར་རེ་ཞིག་སྡིག་པ་སྤྱང་བའི་སྦྱིན་སྲེག་གི་ [87a.6]ལས་ཀྱི་ཐབ་ནི་ཁོར་ཁོར་ཡུག་ཏུ་ཁྲུ་གང་ཙམ། ཟབས་སུ་མཐོ་གང་ཙམ་དབུས་སུ་འཁོར་ལོའི་ཕྱག་རྒྱ། སོར་བརྒྱད་པ་འཕང་དུ་སོར་གཅིག་པས་མཚན་པ། ཁ་ཁྱེར་མཉམ་པ། སོར་བཞི་པས་བསྐོར་བ། རྟ་བབས་དང་བཅས་པ་དེའི་ངོས་གཉིས་སུ་རྡོ་རྗེ་གཉིས་གཞག །ཤར་ [87a.7]ཕྱོགས་སུ་གཙུག་ཏོར་གྱི་ཕྱག་རྒྱ་པདྨ་ལ་བཞུགས་པ་གཞག །ངོས་ཀྱི་རྡོ་རྗེ་གཉིས་དང་། གཙུག་ཏོར་གྱི་ཕྱག་རྒྱ་དེ་དག་ནི་རྒྱས་པ་ལ་སོགས་པ་འོག་ནས་འབྱུང་བའི་ཐབ་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་སྦྱིན་སྲེག་གི་ཐབ་བྱས་ནས། སྡིག་པ་སྦྱར་བའི་སྦྱིན་སྲེག་བྱ་བར་འདོད་ [87b] [87b.1]པས། སྔར་སྨོས་པའི་རིམ་པ་ཉིད་ཀྱིས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ། རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་བདག་དང་མི་གཉིས་པར་གྱུར་པ་མངོན་དུ་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཆོས་ཐམས་ཅད་དག་པར་བྱེད་པའི་སྙིང་པོ་སྔར་ [87b.2]གསུངས་པ་ཉིད་དང་། དེའི་ཆོས་ཀྱི་ཡི་གེས་ཆུ་ལ་མངོན་པར་བསྔགས་ཏེ། ཐབ་ཉེ་འཁོར་དུ་བྱས་པ་དང་། སྦྱིན་སྲེག་གི་ཡོ་བྱད་དང་བཅས་པར་བསང་གཏོར་བྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྗེས་སུ་མཐུན་པའི་ཕྱོགས་སུ་བལྟས་སམ། ཕྱོགས་ཐམས་ཅད་མཉམ་པ་ཉིད་ [87b.3]དུ་དམིགས་པས་ཇི་ལྟར་འདོད་པས་བལྟས་ལ། མདུན་ན་བཞུགས་པའི་རི་མོའི་སྐུ་གཟུགས་ལ་སོགས་པ་ལ་མངོན་དུ་ཕྱོགས་ཏེ་འདུག་ནས་ཐབ་ཏུ་ཤིང་ལྗོན་པ་དང་མངར་པོ་ལས་བྱུང་བའི་བུད་ཤིང་རབ་ཏུ་སྐམ་པོ་གཞུག་གོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་དང་། [87b.4]བདག་དང་མི་གཉིས་པའི་རྣལ་འབྱོར་པ་ཞི་བའི་ལས་དང་རྗེས་སུ་མཐུན་པའི་རྩྭ་ཀུ་ཤའི་ཁྲེས་ལ་སོགས་པ་ལ་སྐྱིལ་མོ་ཀྲུང་དུ་འདུག་གམ། རྡོ་རྗེའི་ཁྲོ་བོའི་མཉམ་པར་གཞག་པས། སྡིག་པ་སྦྱང་བའི་སྦྱིན་སྲེག་བྱེད་འདོད་པས། རྡོ་རྗེའི་རིགས་ལས་གསུངས་པའི་རིམ་པ་ཉིད་ [87b.5]ཀྱིས་གང་ཡང་རུང་བའི་རྡོ་རྗེ་ཁྲོ་བོར་མཉམ་པར་གཞག་པ་མངོན་དུ་བྱས་ཏེ། གཡོན་བརྐྱང་བའི་ཚུལ་དུ་གནས་ནས། ཐབ་ཀྱི་ཁོ་ར་ཁོར་ཡུག་ཏུ་གཡས་ཕྱོགས་ནས་རྩྭ་ཀུ་ཤ་བཏིང་སྟེ། མེ་ཏོག་དཀར་པོ་གཙང་མ་དྲི་ཞིམ་པོ་ཡང་གཏོར་ལ། ཤིང་མངར་པོ་ལས་བྱུང་བའི་མེའམ། [87b.6]ཡོན་ཏན་ཅན་དཀའ་ཐུབ་ལ་དགའ་བའི་ཁྱིམ་ནས་བླངས་པའི་མེ། བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་བཟླས་བརྗོད་བྱས་པའི་ཆུས་བསང་གཏོར་བྱས་པ་ཐབ་ཏུ་བཅུག་ལ་ལས་སྣ་ཚོགས་བའི་སྙིང་པོ་བརྗོད་ཅིང་རླུང་གཡབ་ཀྱི་རླུང་གིས་རབ་ཏུ་སྦར་རོ། །དེ་ནས་ཡི་གེ་ཧཱུྃ་རང་གི་སྙིང་གར་ [87b.7]བཞག་སྟེ། རང་གི་ལྷའི་རྣལ་འབྱོར་ལ་གནས་ཀྱང་རྣལ་འབྱོར་པ་ཁྲོས་པར་བྱས་ཏེ། རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། རྡོ་རྗེ་མེའི་དམ་ཚིག་གི་གསང་སྔགས་ཧཱུཾ་གི་བར་དུ་བཅུག་པས། རྡོ་རྗེ་མེའི་གཟུགས་ཏེ་མྲྀ་ཏའི་མེའི་གཟུགས་དེར་བཞག་གོ། །དེ་ལ་འདི་ནི་རྡོ་ [88a] [88a.1]རྗེ་མེའི་དམ་ཚིག་གི་ཕྱག་རྒྱ་སྟེ། རྡོ་རྗེ་བསྲུང་བ་བསྟན་བྱས་ནས། །རྡོ་རྗེ་བཅིངས་པ་བསྡམ་པར་བྱ། །འདི་ནི་མེ་ཡི་དམ་ཚིག་སྟེ། །ཐམས་ཅད་བྱེད་པ་འདའ་དཀའ་བའོ། །དེ་ལ་འདི་ནི་རྡོ་རྗེའི་མེའི་དམ་ཚིག་གི་གསང་སྔགས་སོ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱ་ཏ་ཛྭ་ལ་ཡ། [88a.2]སརྦན་བྷ་སྨིཾ་ཀུ་རུ་སརྦ་དུཥྚཱན་ཧཱུྃ་ཕཊ། མྲྀ་ཏའི་མེ་ཡང་མིད་པ་རིང་ལ་གཟི་མདངས་ཆེན་པོ་བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་ཐོགས་པ་ཐོར་ཚུགས་སེར་པོ་སྤུ་ཅན་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཏུ་བསམ་མོ། །དེ་ནས་དེར་བྱུག་སྤོས་དང་མེ་ཏོག་ལ་སོགས་པ་དེའི་གསང་སྔགས་ [88a.3]ཉིད་ཀྱིས་བྱིན་ལ། སྔར་སྨོས་པའི་ཞི་བའི་དགང་གཟར་གྱིས་མར་གྱི་དགང་བླུགས་བཀང་སྟེ་དེའི་གསང་སྔགས་ཉིད་ཀྱིས་བྱིན་ཏེ། ཡམ་སྲེག་ཤིང་གི་ཐོར་ཏོ་གཉིས་མར་ལ་བསྐུས་པ་གསུམ་བསྲེགས་ལ་གུང་མོ་དང་སྲིན་ལག་དང་། མཐེ་བོས་སམ། སྔར་སྨོས་པའི་བླུགས་གཟར་ [88a.4]གྱིས་མར་དང་བསྲེས་པའི་ཏིལ་གྱིས་སྲེག་བླུགས་གསུམ་སྦྱིན་ནོ། །དེ་ནས་དེའི་ཁ་བཀྲུས་ལ་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་བཟླས་བརྗོད་བྱས་པའི་ཆུས་བསང་གཏོར་བྱས་ཏེ། འདི་སྐད་དུ། དྲང་སྲོང་ཆེན་པོ་ཁྱོད་རང་གི་འབར་བ་ཉིད་དུ་བཞུགས་ཏེ་བདག་ཇི་ལྟར་འདོད་པའི་སྦྱིན་ [88a.5]སྲེག་བྱེད་པའི་བར་དུ་གནས་པར་གྱིས་ཤིག་ཅེས་སྨྲ་བར་བྱའོ། །དེའི་འོག་ཏུ་རྡོ་རྗེ་སེམས་དཔའ་བཟླས་བརྗོད་བྱས་པའི་མཆོད་ཡོན་གྱི་སྣོད་བྱུག་སྤོས་གཙང་མ་དྲི་ཞིམ་པོ་དང་མེ་ཏོག་ཅན་གྱི་ཆུས་བཀང་བ་དག་གིས་གཡོན་རོལ་དུ་གཞག་གོ། །གཡས་རོལ་དུ་ཡང་བྱུག་སྤོས་དང་མེ་ [88a.6]ཏོག་ལ་སོགས་པའི་ཡོ་བྱད་དང་ཤིང་མངར་པོའི་ཡམ་སྲེག་ཤིང་དང་བསྲེག་པར་བྱ་བའི་མར་དང་ཏིལ་རྣམས་གཞག་གོ། །རང་གི་མདུན་དུ་ཡང་དགང་གཟར་དང་བླུགས་གཟར་བཞག་ནས་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་བདག་དང་མི་གཉིས་པར་གྱུར་པ། ཇི་ལྟར་བྱས་ [88a.7]པ་ཡིད་ཙམ་ཞིག་དྲན་པའི་ལམ་དུ་བྱས་ནས། རང་གི་ལྷའི་ཡེ་ཤེས་ཀྱི་སེམས་དཔའ་བྱིན་གྱིས་རློབ་པར་བྱ་བའི་ཕྱིར་དེའི་སྙིང་པོས་བཟླས་བརྗོད་བྱས་པའི་མེ་ཏོག་གཅིག་མེའི་ནང་དུ་བཅུག་ལ་འོག་ནས་འབྱུང་བའི་རིམ་གྱིས་བསྲེག་བླུགས་དབུལ་བ་ལ་སོགས་པ་བྱའོ། །ཡང་དེ་བཞིན་ [88b] [88b.1]དུ་མྲྀ་ཏའི་མེའི་སྲེག་བླུགས་སྔར་བྱ་སྟེ། བཅོམ་ལྡན་འདས་ལས་སྣ་ཚོགས་པའི་སྙིང་པོ་བརྗོད་ཅིང་མེ་དེ་ཉིད་ཀྱི་བསྲེག་ཁང་བཟང་བོ་ཇི་ལྟར་རིགས་པའི་གདན་གྱིས་བརྒྱན་པ་དེ་ལ་རང་གི་ལྷའི་གཟུགས་ཇི་སྐད་གསུངས་པ་བསམས་ཏེ། སྔར་སྨོས་པའི་རིམ་པ་ཉིད་ཀྱིས་བསྡུས་པ་དང་ [88b.2]དགུག་པ་དང་། གཟུང་བ་དང་བཅིང་བ་དང་མཉེས་པར་བྱ་བའི་ཆོ་གས་མེའི་ནང་དུ་བསམས་པ། དེར་རང་གི་ལྷའི་དམ་ཚིག་གི་སེམས་དཔའ་བཅུག་སྟེ། སྔར་སྦྱར་བའི་མཆོད་ཡོན་རྡོ་རྗེ་སེམས་དཔས་བཟླས་བརྗོད་བྱས་པ་དང་། སྲེག་བླུགས་རང་གི་ལྷའི་སྙིང་པོས་ཕུལ་ལ་ [88b.3]བདེ་བར་གཤེགས་སམ་ཞེས་སྨྲ་བ་མངོན་དུ་བྱས་ཏེ། གསང་བའི་མཆོད་པ་ལ་སོགས་པ་བརྒྱད་དང་། ཕྱིའི་མཆོད་པ་མེ་ཏོག་དང་བྱུག་སྤོས་ལ་སོགས་པས་མཆོད་དེ། དེ་ལ་འོག་ནས་འབྱུང་བའི་ཚུལ་ཉིད་ཀྱིས། སྲེག་བླུགས་དབུལ་བ་ལ་སོགས་པ་བྱའོ། ། [88b.4]ཆོ་ག་འདི་ཡང་བྱ་སྟེ། བདག་ལ་ཇི་ལྟར་བྱིན་གྱིས་བརླབས་པ། རང་གི་ལྷའི་དམ་ཚིག་སེམས་དཔའ་བདག་ཏུ་གྱུར་པ་ཉིད་དུ་མངོན་དུ་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་སྔར་སྨོས་པའི་རིམ་པ་ཉིད་ཀྱིས་སྙིང་རྗེ་ཆེན་པོས་ཁྱབ་པར་བྱའོ། །དེ་ནས་མེ་དང་དགང་གཟར་དང་ [88b.5]བླུགས་གཟར་དང་མར་ལ་སོགས་པ་བསྲེག་པར་བྱ་བའི་རྫས་རྣམས་ལ་རང་གི་ལྷའི་སྙིང་པོས་སོ་སོར་བཞག་སྟེ། ཞི་བ་ལ་སོགས་པའི་ལས་སྒྲུབ་ནུས་པ་ཁ་དོག་དཀར་པོ་དང་ལྡན་པར་ཡང་བྱིན་གྱིས་བརླབ་པོ། །དེ་བཞིན་དུ་འོག་ནས་འབྱུང་བའི་རྒྱས་པ་ལ་སོགས་པའི་ལས་ཀྱི་ [88b.6]ཆོ་ག་རྣམས་ལ་ཡང་རིམ་པ་འདི་ཉིད་ཀྱིས་ལས་དེ་དང་དེ་དག་སྒྲུབ་ནུས་པ་ཁ་དོག་སེར་པོ་ལ་སོགས་པ་ཇི་ལྟར་རིགས་པར་དེ་དག་ལ་བསམ་མོ། །དེ་ནས་རང་གི་ལྷའི་སྙིང་པོའི་མཐར་སྭཱ་ཧཱ་དང་བཅས་པར་རྡོ་རྗེའི་ཚིག་གིས་བརྗོད་དམ། རྡོ་རྗེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་ [88b.7]གསུངས་པ་སྡིག་པ་འབྱང་བར་བྱེད་པའི་རིག་སྔགས་བཟླས་བརྗོད་བྱེད་ཅིང་མེའི་ནང་དུ་བསམས་པའི་རང་གི་ལྷའི་ཡེ་ཤེས་ཀྱི་སེམས་དཔའ་མངོན་དུ་བྱ་སྟེ། རྡོ་རྗེའི་ལྟ་བས་ཀྱང་དེ་ལ་བལྟ་ཞིང་མར་གྱིས་དགང་གཟར་བཀང་སྟེ། དགང་བླུགས་གསུམ་སྭཱ་ཧཱའི་མཐར་དེ་ལ་དབུལ་ལོ། ། [89a] [89a.1]དེ་ལ་མཉེས་པར་བྱ་བའི་ཡེ་ཤེས་སེམས་དཔའི་སྙིང་པོ་རྣམས་ནི་ཇི་ལྟར་རིགས་པར། བཛྲ་དྷཱ་ཏུ། བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པ་ཉིད་དུ་ཤེས་པར་བྱའོ། །རྡོ་རྗེ་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྡིག་པ་སྦྱང་བའི་སྦྱིན་སྲེག་གི་རིག་ [89a.2]སྔགས་ནི་འདིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། དེ་ནས་དེ་བཞིན་དུ་ཤིང་མངར་པོའི་ཡམ་སྲེག་ཤིང་རྩེ་མོ་གཉིས་མར་ལ་བཏགས་པ་ཅི་ལྟར་འདོད་པ་བསྲེགས་ལ་ཡམ་ཤིང་གིས་སྦར་བའི་མེ་ལ་མར་དང་བསྲེས་པའི་ཏིལ་བླུགས་གཟར་ཆུང་ངུའམ་གུང་མོ་དང་སྲིན་ལག་དང་མཐེ་བོས་ [89a.3]བླངས་ཏེ་བསྲེག་གོ། །འདིར་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་སྦྱིན་སྲེག་ཐམས་ཅད་ཀྱི་ཆོ་ག་ལ་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གོས་གྱིས་གཡོགས་ཏེ། དེས་རང་གི་སྙིང་གར་དཔུང་པ་མན་ཆད་དམ་དུ་བཅུག་སྟེ་སྦྱར་ལ་ལག་པ་གཡས་པས་སྦྱིན་སྲེག་བྱའོ། །རྡོ་རྗེ་ཁྲོ་ [89a.4]བོའི་མཉམ་པར་གཞག་པས་སྦྱིན་སྲེག་བྱེད་ན། ལག་པ་གཡོན་པ་ཁྲོ་བོའི་ཁུ་ཚུར་བྱས་ལ་དེ་བཞིན་དུ་སྲེག་བླུགས་དབུལ་ལོ། །བྱམས་པ་ལ་སོགས་པའི་ལྟ་བས་ཀྱང་ཇི་ལྟར་རིགས་པར་ལས་ཀྱི་རྗེས་སུ་མཐུན་པར་བསྒྲུབ་པར་བྱ་བ་ལ་བལྟའོ། །དེ་ལྟར་ཉི་མ་རེ་རེ་ཞིང་མཚམས་ [89a.5]ཀྱི་རིམ་པ་ཉིད་ཀྱིས་བདག་གམ་གཞན་གྱི་སྡིག་པ་བྱང་ནས། ལུས་དང་ངག་དང་སེམས་ལ་རྙོག་པ་མེད་པར་ཡོན་ཏན་འབྱུང་བའི་མཚན་མ་ཚེ་འདི་ཉིད་ལ་བྱུང་གི་བར་དུ་སྦྱིན་སྲེག་བྱའོ། །སྡིག་པ་སྦྱང་བའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བསྡུས་པའོ།། །།སྡིག་པ་འབྱང་བའི་ཞི་བའི་སྦྱིན་ [89a.6]སྲེག་གི་ཆོ་ག་འདི་ཐམས་ཅད་འོག་ནས་འབྱུང་བའི་རིགས་རྒྱས་པར་བྱ་བ་ལ་སོགས་པའི་སྦྱིན་སྲེག་རྣམས་ལ་ཡང་ཕལ་ཆེར་སྦྱར་བར་བྱའོ། །དེ་དག་གི་སོ་སོའི་ཁྱད་པར་གྱི་ཆོ་ག་གང་ཡིན་པ་ཡང་དེ་འདིར་བཤད་པར་བྱའོ། །འདིར་ཐབ་རྣམས་ཀྱི་ཟབས་དང་ཁོར་ཡུག་དང་། ཐབ་ཀྱི་ [89a.7]ཁ་ཁྱེར་གྱི་ཚད་ནི་ཇི་ཙམ་འདོད་པར་བྱ་སྟེ། གང་གི་ཕྱིར་རྡོ་རྗེ་རྩེ་མོའི་རྒྱུད་ལས་ཕལ་ཆེར་དེ་རྣམས་ཀྱི་ཚད་མི་སྣང་བའི་ཕྱིར་རོ། །ཐབ་དེ་དག་གི་དབྱིབས་ཀྱི་ཁྱད་པར་དེ་ལས་གསུངས་པ་གང་ཡིན་པ་དང་། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ལས་སོ་སོའི་ཡམ་སྲེག་ཤིང་ [89b] [89b.1]དང་། བུད་ཤིང་དང་སྲེག་རྫས་དང་། དེ་ལས་གཞན་པའི་སྤྱིའི་ཆོ་གའི་རྒྱུད་ལས་གསུངས་པའི་ལུང་དང་བསམ་པ་ལ་སོགས་པའི་བྱེ་བྲག་གང་ཡིན་པ་དེ་འདིར་བཤད་པར་བྱའོ། །དེ་ལ་རིག་སྔགས་རྒྱས་པར་བྱ་བའི་སྦྱིན་སྲེག་ལ་རིན་པོ་ཆེ་འདྲ་བའི་ཐབ་ཁ་ཁྱེར་དང་དབུས་པདྨས། [89b.2]མཚན་པའོ། །ལས་བྱེད་པའི་དུས་ན་ཡང་སྦྱིན་སྲེག་བྱེད་པའི་གོས་སེར་པོའམ། ཇི་ལྟར་འདོད་པའི་གོས་བགོའོ། །ཡིད་ཀྱང་རབ་ཏུ་དགའ་བར་བྱའོ། །དེ་བཞིན་དུ་སྦྱིན་སྲེག་གཞན་རྣམས་ལའང་སྟན་དང་གོས་དང་བསམ་པ་ལ་སོགས་པ་སྤྱིའི་རྒྱུད་རྣམས་ལས་ཇི་ལྟར་འདོད་པར་ [89b.3]བརྟགས་ལ་ནན་ཏན་དང་ལྡན་པར་བྱའོ། །འདིར་ནི་གཞུང་མང་དུ་དོགས་པ་དང་རྣལ་འབྱོར་གྱི་ཚུལ་ཕལ་ཆེར་དེ་དག་གི་སྤྱོད་པ་ངེས་པ་མེད་པའི་ཕྱིར་མ་བཤད་དོ། །དེ་ལྟར་རིགས་རྒྱས་པར་བྱ་བའི་སྦྱིན་སྲེག་ལ་རིན་པོ་ཆེ་འདྲ་བས་ཐབ་པདྨས་མཚན་པར་བྱས་ཏེ། ཆོ་ག་སྔ་མས་ཐམས་ [89b.4]ཅད་བྱས་ལ་དེ་བཞིན་དུ་རང་གི་ལྷའི་སྙིང་པོའི་མཐར་སྭཱ་ཧཱ་དང་བཅས་པའམ། རྡོ་རྗེའི་རིགས་ཀྱིས་རིགས་རྒྱས་པར་བྱ་བའི་སྦྱིན་སྲེག་གི་རིག་སྔགས་ཀྱི་མར་དང་བསྲེས་པའི་འབྲས་ཀྱི་སྲེག་བླུགས་བྱས་ན་རིགས་ཀྱི་ནོར་དང་འབྲུ་དང་བུ་ཚ་ལ་སོགས་པ་དང་ལྡན་པ་འབྱོར་བའི་མཚན་ [89b.5]ཉིད་རྒྱས་པར་འགྱུར་རོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱིས་རིགས་རྒྱས་པར་བྱེད་པའི་མཚན་ཉིད་སྦྱིན་སྲེག་གི་རིག་སྔགས་སོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། དེ་བཞིན་དུ་ཟླ་བ་ཁམ་པ་འདྲ་བའི་ཐབ་འཁོར་ལོས་མཚན་པ་བྱས་ཏེ། དེར་ཡམ་སྲེག་ཤིང་མངར་པོས་སྔ་མ་བཞིན་དུ་མེ་སྦར་ཏེ་མེ་ [89b.6]གཉིས་པ་ལ་སོགས་པ་ཆོ་ག་སྔ་མ་ཐམས་ཅད་བྱས་ལ། རྩྭ་དཱུར་བའི་ཉག་མ་མར་ལ་བཏགས་པའི་སྦྱིན་སྲེག་བྱས་ན། བདག་གམ་གཞན་ཚེ་རིང་བར་འགྱུར་རོ། །དེ་ལ་འདི་ནི་ཚེ་རིང་བའི་སྦྱིན་སྲེག་གི་རིག་སྔགས་སོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དེ་བཞིན་དུ་ཆོ་ག་འདྲ་བའི་ཐབ་ [89b.7]དབུས་དང་ཁ་ཁྱེར་འཁོར་ལོས་མཚན་པར་ཡམ་སྲེག་ཤིང་མངར་པོ་ལ་མེ་སྦར་ཏེ་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་བྱས་ལ་རྩྭ་ཀུ་ཤའི་ཉག་མ་འབྲུ་མར་ལ་བཏགས་པ་སྦྱིན་སྲེག་བྱས་ནས་བདག་གམ་གཞན་ལྷ་དང་ལྷ་མ་ཡིན་པའི་འཇིགས་པ་ཆེན་པོ་ལས་བསྲུང་བར་འགྱུར་རོ། །དེ་ལ་འདི་ནི་ [90a] [90a.1]རྡོ་རྗེའི་རིགས་ཀྱི་བསྲུང་བའི་རིག་སྔགས་སོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། རྡོ་རྗེ་འདྲ་བའི་ཐབ་ལྕགས་ཀྱུ་མཚན་པར་ཤིང་ཀ་རཉྫ་ལ་སོགས་པའི་ཤིང་ཚ་བའི་ཡམ་སྲེག་ཤིང་གིས་མེ་སྦར་ཏེ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་བྱས་ལ་ཀུང་ཙ་ཀའི་ཚེར་མས་ [90a.2]སྦྱིན་སྲེག་བྱས་ན། ལྷ་དང་མི་ལ་སོགས་པ་གང་འདོད་པ་དེ་དག་འགུགས་པར་བྱེད་དོ། །དེ་ལ་འདི་ནི་འགུགས་པར་བྱེད་པའི་རིག་སྔགས་སོ། །ཧཱུྃ་བཛྲ་ཀ་རི་ཤཱ་ཡ་སྭཱ་ཧཱ། ཀུད་ཙའི་ཚེར་མ་ཡང་ལྕུག་མ་མེ་ཏོག་དཀར་པོ་ཅན་ཏེ། ཀུད་མ་ཀ་ཞེས་འཇིགས་རྟེན་དུ་གྲགས་པ་ [90a.3]གང་ཡིན་པའོ། །རྡོ་རྗེ་འདྲ་བའི་ཐབ་ཉིད་དུ་ཡམ་སྲེག་ཤིང་ཚ་བས་མེ་སྦར་ལ་མེ་ཏོག་དམར་པོའི་འབྲས་བུས་སྦྱིན་སྲེག་བྱས་ན། འགྲོ་བ་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ། །དེ་དག་འདི་ནི་རྗེས་སུ་ཆགས་པར་བྱེད་པའི་སྦྱིན་སྲེག་གི་རིག་སྔགས་སོ། །ཧཱུྃ་བཛྲ་ར་གཱ་ཡ་ [90a.4]སྭཱ་ཧཱ། འོབས་དང་བཅས་པའི་རྩིག་པ་དང་འདྲ་བའི་ཞུགས་ཐབ་རྡོ་རྗེ་རྣོན་པོས་མཚན་པ་བྱ་སྟེ། ཡམ་སྲེག་ཤིང་ཚ་བས་མེ་སྦར་ལ། ལྕགས་ཕྱེ་སྲེག་བླུགས་བྱས་ན་དགྲ་བཅིངས་པར་འགྱུར་རོ། །དེ་ལ་འདི་ནི་བཅིང་བའི་སྦྱིན་སྲེག་གི་རིག་སྔགས་སོ། །ཧཱུྃ་བཛྲ་བནྡྷཱ་ཡ་སྭཱ་ཧཱ། [90a.5]མཆེ་བ་དང་འདྲ་བའི་ཐབ་རྡོ་རྗེ་རྣོན་པོས་མཚན་པ་བྱ་སྟེ། ཡམ་སྲེག་ཤིང་ཚ་བས་མེ་སྦར་ལ་འབྲས་བུ་ཁ་བའི་སྦྱིན་སྲེག་གིས་དགྲ་ལ་དྲག་ཤུལ་བྱའོ། །དེ་ལ་འདི་ནི་དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་གི་རིག་སྔགས་སོ། །ཧཱུྃ་བཛྲ་མ་ར་ཎཱ་ཡ་ཕཊ། པདྨ་འདྲ་བའི་ཐབ་མདས་མཚན་ [90a.6]པར་ཤིང་ཨ་མྲའི་ཡམ་སྲེག་ཤིང་གིས་མེ་ལ་ཨ་མྲའི་མེ་ཏོག་དང་འབྲས་བུས་སྦྱིན་སྲེག་བྱས་ན། དབང་དུ་བྱས་པར་འགྱུར་ཏེ། དེ་ལ་དབང་དུ་བྱ་བའི་སྦྱིན་སྲེག་གི་རིག་སྔགས་ནི་འདིའོ། །ཨོཾ་བཛྲ་པ་ཤང་ཀ་རཱ་ཡ་སྭཱ་ཧཱ། པདྨ་འདྲ་བའི་ཐབ་ཏུ་ཤིང་ཨ་མྲའི་ཡམ་སྲེག་ཤིང་གིས་མེ་སྦར་ [90a.7]བ་ལ་ཤིང་མ་ད་ནིའི་འབྲས་བུའི་སྦྱིན་སྲེག་བྱས་ན་འདོད་པའི་གཟུགས་ཅན་དུ་འགྱུར་རོ། །དེ་ལ་འདི་ནི་འདོད་པའི་གཟུགས་ཅན་དུ་གྱུར་པའི་སྦྱིན་སྲེག་གི་རིག་སྔགས་སོ། །ཨོཾ་ཀཱ་མ་རཱུ་པ་བཛྲཱ་ཡ་སྭཱ་ཧཱ། གཞུ་འདྲ་བའི་ཞུགས་ཐབ་མདས་མཚན་པར་ཡམ་སྲེག་ཤིང་སྐྱུར་པོ་ཅན་གྱིས་མེ་ [90b] [90b.1]སྦར་ལ་ཤིང་བ་ཏྲ་དང་པླཀྴ་དང་ཨུ་དུམ་བཱ་ར་ལ་སོགས་པ་མེ་ཏོག་མི་སྣང་བ་རྣམས་ཀྱིས་རྩེ་མོའི་ཡམ་སྲེག་ཤིང་གིས་སྦྱིན་སྲེག་བྱས་ན་མི་སྣང་བར་འགྱུར་རོ། །དེ་ལ་འདི་ནི་མི་སྣང་བའི་སྦྱིན་སྲེག་གི་རིག་སྔགས་སོ། །ཨོཾ་ཨ་ཏྭི་ཤ་བཛྲ་ཡ་སྭཱ་ཧཱ། ལྕགས་ཀྱུ་འདྲ་བའི་ཐབ་པདྨས་མཚན་པར་ [90b.2]ཡམ་སྲེག་ཤིང་སྐྱུར་པོས་མེ་བུས་ལ་ནམ་མཁའི་ལྕུག་མའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན། ནམ་མཁའ་ལ་འགྲོ་བར་འགྲུབ་པར་འགྱུར་རོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ནམ་མཁའ་ལ་འགྲོ་བའི་སྦྱིན་སྲེག་གི་རིག་སྔགས་སོ། །ཨོཾ་བཛྲ་ཁེ་ཙ་རི་ཎཱ་ [90b.3]ཡེ་སྭཱ་ཧཱ། ནམ་མཁའི་ལྕུག་མ་ནི་ཀང་ཀོ་ན་ལ་སོགས་པའི་ཡུལ་ན་ཤིང་ལྗོན་པའི་སྟེང་ན། ལྕུག་མ་བྲེས་པ་ལྟ་བུ་ཕྲ་མོའི་གཟུགས་རྩ་བ་མེད་པར་སྐྱེའོ། །ཐབ་དེ་ཉིད་དུ་ཤིང་ཁ་བོའི་ཡམ་སྲེག་ཤིང་བུས་པའི་མེ་ལ་ཤིང་རྡོ་རྗེ་ཅན་གྱི་མེ་ཏོག་དང་འབྲས་བུས་སྦྱིན་སྲེག་བྱས་ན། སྒྲུབ་པ་ [90b.4]པོ་ཇི་ལྟར་འདོད་པའི་རྡོ་རྗེའི་བཀའ་བཞིན་བྱེད་པར་འགྱུར་རོ། །ཤིང་རྡོ་རྗེ་ཅན་དང་སྣུ་ཧ་ཞེས་བྱ་བ་ངོས་ནས་ཟུར་བརྩིགས་མ་ལྟ་བུ་ཡོད་པའོ། །དེ་ལ་འདི་ནི་སྦྱིན་སྲེག་གི་རིག་སྔགས་སོ། །ཧཱུྃ་བཛྲ་ཤཾ་ཀ་རཱ་ཡ་སྭཱ་ཧཱ། ཡང་ཐབ་དེ་ཉིད་དུ་མེ་སྦར་བ་ལ་བྱང་ཆུབ་སེམས་དཔའ་གང་གིས་མེ་ཏོག་ [90b.5]གི་སྨན་མས་སྦྱིན་སྲེག་བྱས་ན་དེ་འདི་ལ་ཅི་འདོད་པ་དེ་སྟེར་རོ། །དེ་ལ་འདི་ནི་སྦྱིན་སྲེག་གི་རིག་སྔགས་སོ། །ཧཱུྃ་སཽ་རི་བ་ཤཾ་ཀ་ར་བཛྲཱ་ཡ་སྭཱ་ཧཱ། ཞུགས་ཐབ་དེ་ཉིད་དུ་ཡམ་སྲེག་ཤིང་ཁ་བོས་བུས་པའི་མེ་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་མེ་ཏོག་གི་སྨན་མས་སྦྱིན་སྲེག་བྱས་ན་སྒྲུབ་ [90b.6]པ་པོའི་འདོད་པའི་མཆོག་སྩོལ་ཏོ། །དེ་ལ་འདི་ནི་སྦྱིན་སྲེག་གི་རིག་སྔགས་སོ། །ཧཱུྃ་བཛྲ་པཱ་ཎི་བ་ཤཾ་ཀ་རཱ་ཡ་སྭཱ་ཧཱ། ཐབ་དེ་ཉིད་དུ་ཡམ་སྲེག་ཤིང་ཁ་བོས་མེ་བུས་པ་ལ་ཆོས་གོས་ཀྱི་དུམ་བུའི་སྦྱིན་སྲེག་བྱས་ན། བཅོམ་ལྡན་འདས་རྫོགས་པའི་སངས་རྒྱས་སྒྲུབ་པ་པོ་ཅི་ལྟར་འདོད་པའི་ [90b.7]མཆོག་སྩོལ་ཏོ། །དེ་ལ་འདི་ནི་སྦྱིན་སྲེག་གི་རིག་སྔགས་སོ། །ཧཱུྃ་བུདྡྷ་བ་ཤཾ་ཀ་རཱ་ཡ་སྭཱ་ཧཱ། སྦྱིན་སྲེག་གི་ལས་རྣམ་པ་བཅུ་དྲུག་པོ་འདི་དག་གང་བཤད་པའི་ལྷག་མ་སྔོན་གྱི་དུས་དང་། ཕྱི་མའི་དུས་སུ་བྱ་བ་སྤྱིའི་ཆོ་ག་དེ་བཤད་པར་བྱའོ། །དེ་ལ་སྒྲུབ་པ་པོ་གང་ཡང་རུང་བའི་སྦྱིན་ [91a] [91a.1]སྲེག་གི་ལས་བྱེད་འདོད་པས་སྔར་སྨོས་པའི་རིམ་གྱིས་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་མོས་པ་རབ་ཏུ་གོམས་པར་བྱས་པས་སྔར་སྨོས་པ་ཉིད་ཀྱིས་བདག་དང་མི་གཉིས་པར་གྱུར་པའི་རང་གི་ལྷའི་ཡེ་ཤེས་སེམས་དཔའི་རྣལ་འབྱོར་རབ་ཏུ་གོམས་པར་བྱའོ། །ཕྱི་མའི་དུས་སུ་ [91a.2]བྱ་བ་ཡང་སྡིག་པ་སྦྱང་བ་དང་ཚེ་བསྲིང་བ་དང་རྗེས་སུ་ཆགས་པར་བྱ་བ་དང་དབང་དུ་བྱ་བ་དང་བསྲུང་བ་དང་། བཅིངས་པ་དང་བསད་པ་རྣམས་ཉི་མ་རེ་རེ། སྦྱིན་སྲེག་བྱས་པ་ཉིད་ཀྱིས་འགྲུབ་པར་འདོད་པས། དེའི་མཐའ་མར་མཚན་ཐོག་ཐག་ཏུ་སྦྱིན་སྲེག་བྱ་སྟེ། རང་གི་ལྷའི་ཡེ་ཤེས་ [91a.3]སེམས་དཔའ་ཉིད་ལ་གསོལ་བ་བྱས་ནས་ཉི་མ་རེ་རེའི་སྦྱིན་སྲེག་བཏང་བར་བྱའོ། །བཅོམ་ལྡན་འདས་བདག་གི་ཆོ་ག་ཉམས་པར་བགྱིས་པ་ལྟ་མཆིས་ན། དེ་དག་ལ་བཟོད་པར་གསོལ་ལོ་ཞེས་བྱའོ། །རྡོ་རྗེ་དགའ་བ་དང་། ཕྱག་ན་རྡོ་རྗེ་དང་། ཡང་དག་པར་རྫོགས་པའི་སངས་ [91a.4]རྒྱས་མཉེས་པར་བྱེད་པའི་སྦྱིན་སྲེག་དང་དེ་བཞིན་དུ་འདོད་པའི་གཟུགས་དང་ནམ་མཁའ་ལ་འགྲོ་བའི་སྦྱིན་སྲེག་ཟླ་བ་གཅིག་གམ། ཟླ་བ་བཞིའི་རིམ་གྱིས་བྱས་ན། རྒྱུད་ལས་གསུངས་པའི་མཚན་མ་བཟང་པོ་བྱུང་ངམ། དེ་བཞིན་དུ་མཚན་མོ་སྦྱིན་སྲེག་བྱས་སམ། ཇི་ལྟར་འདོད་ [91a.5]པའི་དངོས་གྲུབ་འདོད་པའམ། མཐུ་མེད་པར་གྱུར་ན། རྟག་ཏུ་ཉི་མ་རེ་རེ་ཞིང་སྦྱིན་སྲེག་བྱེད་པ་ཇི་ལྟར་རིགས་པར་གཏང་བར་བྱ་བ་རིག་བར་བྱའོ། །དེ་ལ་འདི་ནི་སྔོན་དུ་བསྙེན་པའི་སྦྱིན་སྲེག་བྱེད་པའི་ཚེ་དང་མཚན་མོ་བསྒྲུབ་པའི་སྦྱིན་སྲེག་བྱེད་པའི་ཚེའི་སྦྱིན་སྲེག་ཐམས་ཅད་བཏང་བའི་ཆོ་ག་ [91a.6]སྟེ། དང་པོར་རེ་ཞིག་ཇི་ལྟར་འདོད་པའི་སྦྱིན་སྲེག་བྱས་ཟིན་ནས། སྦྱིན་སྲེག་བྱ་བའི་མར་དང་རྫས་ཡོད་ན་ཡང་དགང་བླུགས་དབུལ་ལོ། །དེ་ནས་ཇི་ལྟར་སྤྱན་དྲངས་པའི་རི་མོ་དང་། དཀྱིལ་འཁོར་ལ་སོགས་པ་ལ་མདུན་དུ་གནས་པའི་ཡེ་ཤེས་སེམས་དཔའི་ལྷ་རྣམས་དང་། རྡོ་རྗེའི་ [91a.7]མེ་ཐབ་ན་གནས་པ་དང་། མཉེས་པར་བྱ་བ་རང་གི་ལྷའི་ཡེ་ཤེས་སེམས་དཔའི་མངོན་དུ་བྱ་སྟེ། དེ་བཞིན་དུ་གསང་བའི་མཆོད་པ་ལ་སོགས་པ་བརྒྱད་དང་། སྤྱིའི་མཆོད་པ་རྣམས་ཀྱིས་ཅི་ནུས་པར་མཆོད་དེ་གསོལ་བ་བཏབ་ལ། ཇི་ལྟར་འདོད་པའི་དངོས་གྲུབ་གྲུབ་པ་དང་། གནས་ [91b] [91b.1]པར་བྱ་བའི་ཕྱིར། །བཅོམ་ལྡན་འདས་ཀྱི་ཡི་གེ་བརྒྱ་པ་རྡོ་རྗེའི་ཚིག་གིས་སྔ་མ་བཞིན་དུ་ལན་ཅིག་བརྗོད་ལ། དེ་བཞིན་དུ་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་དང་། རྡོ་རྗེ་གོ་ཆས་བསྲུང་བའི་ཆོ་ག་བྱ་སྟེ། ཇི་ལྟར་བཅིངས་པའི་ཕྱག་རྒྱ་རྣམས་གང་དང་གང་དུ་བྱུང་བ་དེ་དང་དེ་ཉིད་ནས་དེ་བཞིན་དུ་ [91b.2]སྔ་མའི་ཆོ་གས་དགྲོལ་བར་བྱའོ། །དེ་ནས་ཕྱག་འཚལ་ཏེ་སྔ་མའི་ཆོ་ག་ཉིད་ཀྱིས་ཇི་ལྟར་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའི་ལྷའི་འཁོར་སླར་གཤེགས་སུ་གསོལ་ལོ། །ཐབ་ན་གནས་པ་རྡོ་རྗེ་མེའི་གཟུགས་སྔར་བཤད་པ་རྗེས་སུ་དྲན་པར་བྱས་ལ། དགང་བླུགས་དབུལ་བ་ལ་ [91b.3]སོགས་པ་སྔར་བྱས་ཏེ། རྡོ་རྗེ་མིའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་དེའི་གསང་སྔགས་ཉིད་ཀྱིས་སླར་བཏང་ལ་ཡོ་བྱད་བསྲུང་བ་ཡང་སྔ་མ་བཞིན་དུ་བྱས་ལ་ལྡང་ངོ་། །སྦྱིན་སྲེག་གི་ཆོ་ག་བསྡུས་པའོ། །དེ་ཉིད་བསྡུས་པའི་ཚུལ་ལས་ནི། །རྒྱལ་དང་བྱང་ཆུབ་སེམས་དཔའ་ཡི། །བསྒྲུབ་ [91b.4]པའི་ཆོ་ག་བསྡུས་པ་ཡི། །བསོད་ནམས་བདག་གིས་གང་ཐོབ་པ། །དེས་ནི་སངས་རྒྱས་གསང་བ་ཡི། །ཚིག་གི་བདུད་རྩི་མཐུན་པ་རྣམས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་ཐུགས། །ཡོངས་སུ་མཉེས་པ་ཉིད་དུ་འགྱུར། །དེ་ཉིད་བསྡུས་པའི་སྒྲུབ་ཐབས་འདི། །འཇམ་ [91b.5]དཔལ་གོ་ཆས་གསལ་བསྒྱུར་བའི། །བསོད་ནམས་རྒྱ་ཆེན་གང་ཡོད་པ། །སེམས་ཅན་ཀུན་ལ་ཡོངས་སུ་བསྔོ། །འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཡེ་ཤེས་སེམས་དཔའ་མཉེས་པར་བྱ་བའི་ཆོ་ག་བསྡུས་པ་སྟེ། [91b.6]སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་འཇམ་དཔལ་གོ་ཆས་བསྒྱུར་བའོ།། {T2502}༄༅༅། །རྒྱ་གར་སྐད་དུ། ཏནྟཱརྠ་ཨ་བ་ཏཱ་ར་བྱཱ་ཁྱཱ་ནཾ། བོད་སྐད་དུ། རྒྱུད་ཀྱི་དོན་ལ་འཇུག་པའི་འགྲེལ་བཤད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་ [91b.7]འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བས་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བདག་གཞན་གྱི་དོན་མཐར་ཕྱིན་པའི་དགོངས་པ་མངའ་བ་དང་ལྡན་པས། སྒྲིབ་པ་ཟད་ཅིང་ཚོགས་ཡོངས་སུ་རྫོགས་པར་གྱུར་ཏེ། རྡོ་རྗེ་ལྟ་བུའི་སྐུ་ [92a] [92a.1]བརྙེས་ནས་ནམ་མཁའ་ཆེན་པོ་དང་འདྲ་བར་ཐམས་ཅད་ལ་ཁྱབ་ཅིང་མི་དམིགས་པའི་ངོ་བོ་རྣམ་པར་མི་རྟོག་པ་ཆེན་པོའི་ངང་ལ་བཞུགས་སོ། །དེ་ལྟ་ནའང་སྔོན་བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པའི་དུས་ན་འགྲོ་བ་ཡོངས་སུ་སྨིན་པར་དམ་བཅས་པའི་བག་ཆགས་ཀྱི་མཐུ་ [92a.2]སྟུག་པོ་དག་རྐྱེན་གྱིས་སློང་བར་བྱེད་པའི་སྨོན་ལམ་གྱི་དབང་གིས་ཡེ་ཤེས་རིམ་པར་བརྒྱུད་པའི་སྐུ་མཚན་མའི་རྣམ་པར་བསྟན་པ་དང་། མཚན་མ་མེད་པ་དང་། གཉི་ག་འབྲེལ་པ་ལྟ་བུ་སྟོན་པའི་ཚུལ་གྱིས་དམ་པའི་ཆོས་ཀྱི་སྒོ་རྣམ་པ་མང་པོ་དག་འགྲོ་བ་སྐལ་བ་ཅན་རྣམས་ལ་རིམ་ [92a.3]པ་དང་། ཅིག་ཅར་གྱི་རྣམ་པར་བསྟན་ནས་གདུལ་བྱའི་རྒྱུད་སྨིན་ཅིང་གྲོལ་ཞིང་སྨིན་པ་དང་། རང་རང་གི་ལྟ་བའི་འབྲས་བུ་མཐར་ཕྱིན་པ་ཐོབ་པར་མཛད་དོ། །གཞན་དག་ན་རེ་དེ་ལྟར་ཆོས་སྟོན་པར་མཛད་པའི་སྟོན་པ་ནི་ཇི་ལྟ་བུ་ཆོས་ནི་གང་ཁོ་ན་དག་བསྟན། འཁོར་ནི་སུ་ལ་བསྟན། གནས་ [92a.4]ནི་གང་དུ་བསྟན། ཚུལ་ལམ་ཐབས་ནི་ཇི་ལྟར་བསྟན། ཅེ་ན། སྨྲས་པ། སྟོན་པ་ནི་རྣམ་པ་གསུམ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །ཆོས་ཀྱང་རྣམ་པ་གསུམ་སྟེ། མཚན་ཉིད་ཀྱི་ཐེག་པ་དང་། ཕྱིའི་ཐེག་པ་དང་། ནང་གི་ཐེག་པའོ། ། [92a.5]འཁོར་ཡང་རྣམ་པ་གསུམ་སྟེ། རྟེན་འབྲེལ་ལས་སྐྱེས་པ་དང་། སྨོན་ལམ་ལས་སྐྱེས་པ་དང་། ཡེ་ཤེས་ལས་སྐྱེས་པའོ། །ཆོས་བསྟན་པའི་གནས་ཀྱང་རྣམ་པ་གསུམ་སྟེ་ས་སྟེང་། ས་བླ། བར་སྣང་གསུམ་གྱི་གྲོང་ཁྱེར་དང་། གཞལ་མེད་ཁང་དང་། ཕོ་བྲང་དག་ཏུ་བཞུགས་ནས་བསྟན་ [92a.6]ཏོ། །ཆོས་བསྟན་པའི་ཚུལ་ཡང་རྣམ་པ་གསུམ་སྟེ། ལ་ལར་ནི་ཆོས་ཀྱི་སྐུས་བསྟན་པ་ཡང་ཡོད། །ལ་ལར་ནི་ལོངས་སྤྱོད་རྫོགས་པའི་སྐུས་བསྟན་པ་ཡང་ཡོད། ལ་ལར་ནི་སྤྲུལ་པའི་སྐུས་བསྟན་པ་ཡང་ཡོད་དེ། འགྲོ་བ་ཇི་ལྟར་མོས་པ་དག་ལ་དེ་ལྟ་བུའི་ཚུལ་དུ་ཆོས་སྟོན་ཏོ། ། [92a.7]དེ་ལ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུས་ཡེ་ཤེས་ལས་སྐྱེས་པའི་འཁོར་རྣམས་ལས་བླ་ཡན་ཆད་ཀྱི་གནས་རྣམས་སུ་བསྟན་ཅེས་གྲག་གོ། །དེ་ནས་དེ་དག་རིམ་གྱིས་ལྷའི་གནས་རྣམས་ནས་འཛམ་བུའི་གླིང་ [92b] [92b.1]གི་མི་ལས་འཕྲོ་དང་སྐལ་བར་ལྡན་པ་འདི་ཉིད་ཀྱི་སྒོ་ནས་ངེས་པར་འབྱུང་བའི་སྐྱེས་བུ་སྐལ་བ་ཅན་རྣམས་ལ་སྟོན་པའི་བྱིན་གྱིས་རླབས་དང་། སྡུད་པ་པོའི་མཐུས་བྱིན་གྱིས་བརླབས་ཏེ། དེའི་གནས་སུ་བབས་ཤིང་ལག་ན་རྡོ་རྗེ་འཆང་གི་དབང་ཐོབ་པ་དག་བྱུང་བར་གྱུར་ཏོ། །དེ་ལས་ [92b.2]ཀྱང་བདག་གིས་འཆད་པའི་འགྲོ་བ་རྣམས་ལ་གྲགས་པར་འདོད་པའི་འཕགས་པ་རྣམས་ཀྱིས་རྟོགས་པར་ནུས་པའི་དངོས་གྲུབ་བྱིན་ཏེ། དེ་ལྟར་བྱིན་གྱིས་བརླབས་པའི་གདུལ་བྱ་རྣམས་ལ་འཆད་ཅིང་སྟོན་པར་མཛད་དེ། རྒྱུད་འདི་དག་གིས་གདུལ་བྱའི་རིགས་མཐུན་ཕྱོགས་གཅིག་ [92b.3]ཏུ་སྐྱེས་པ་རྣམས་ལ་རིམ་གྱིས་གྲགས་པར་འགྱུར་ཏེ། ཕལ་གྱིས་ལྟ་བ་དང་སྤྱོད་པའི་དབང་ཐོབ་ནས་དེ་དག་གིས་ཀྱང་ཚུལ་བཞིན་དུ་ཉམས་སུ་བླངས་ནས་གཞུང་བཞིན་དུ་བསྒྲུབས་པས་དང་པོ་ནི་རྟགས་དང་མཚན་མ་བྱུང་། བར་དུ་ནི་སྒྲིབ་པ་ཐམས་ཅད་ཟད་པར་གྱུར། ཐ་མར་ནི་ཕྱག་རྒྱ་ཆེན་ [92b.4]པོ་མངོན་དུ་གྱུར་ཏེ་ཚེ་གཅིག་གིས་འབྲས་བུ་ཐོབ་པར་གླེང་ངོ་། །དེ་ནས་དེ་དག་གི་སྒྲུབ་ཐབས་དང་། དོན་དགྲོལ་བ་ལ་སོགས་པའི་ཡི་གེ་རྣམས་ནི་ཡོན་ཏན་གྱི་ཁྱད་པར་དུ་གྱུར་ནས་གཞུང་བཞིན་འཕགས་པར་ངེས་པ་དང་། འཕགས་པའི་སར་ཆུད་པ་དང་། གྲུབ་པའི་ཁྱད་པར་བརྙེས་ [92b.5]པའི་མཁན་པོ་རྣམས་ཀྱིས་སླད་ཀྱིས་མི་ཡུལ་ཁོ་ནར་མཛད་ཅེའོ། །དེ་དག་གི་རྗེས་སུ་མཐུན་པར་འཇུག་པ་ཡེ་ཤེས་སེམས་དཔའ་མཉེས་པར་བྱ་བའི་སྒྲུབ་ཐབས་ཀྱི་ཆོ་ག་རིམ་པར་ཕྱོགས་གཅིག་ཏུ་བྱས་པ་འདི་ནི་སློབ་དཔོན་སངས་རྒྱས་གསང་བ་ཉིད་ཀྱི་དགོངས་པའི་དཔོགས་ཚད་ [92b.6]ཀྱིས་སྔགས་ཀྱི་ཐེག་པ་འདིའི་སྒོ་ནས་ངེས་པར་འབྱུང་བའི་མ་འོངས་པའི་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པ་ལ་ཇི་ལྟར་འཚམ་པ་བཞིན་དུ་སྦྱར་ནས། ཕན་གདགས་པའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ཡོ་ག་འབུམ་སྡེ་དང་། དེ་དག་གི་ཞལ་ལྕེ་གཅོད་པ་ཡོ་ག་འབུམ་སྡེ་དང་། སྤྱིའི་ [92b.7]དགོངས་པ་འགྲེལ་པར་བྱེད་པ་རྟོག་པ་བསྡུས་པ་ལ་སོགས་པ་རྣམས་ཀྱི་ནང་ནས་འབྱུང་བའི་དོན་མཐུན་པར་སྟོན་པའི་གཏན་ཚིགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་དཀྱིལ་འཁོར་ཆེན་པོ་བཞི་དང་ལས་བཞི་ལ་སོགས་པ་སྟོན་པའི་ནང་ནས་དུམ་ [93a] [93a.1]བུ་དང་པོ་རྡོ་རྗེ་དབྱིངས་རྩ་བའི་དཀྱིལ་འཁོར་ཆེན་པོ་འབའ་ཞིག་གི་སྒྲུབ་ཐབས་ཙམ་ཞིག་གླེགས་བམ་དུ་བྱས་ཏེ། སྐྱེས་བུ་མཁས་པ་རྣམས་ཀྱིས་གཟིགས་ན་དགྱེས་པ་སྐྱེ་བའི་རྒྱུར་འགྱུར་བ་ཙམ་ཞིག་བརྩམས་པ་ཡིན་ཞེའོ། །རྣམ་ཅིག་ཏུ་སློབ་དཔོན་ [93a.2]སངས་རྒྱས་གསང་བས་མཛད་པའི་སྒྲུབ་ཐབས་ཀྱི་ཡི་གེ་འདི་རྩ་བའི་རྒྱུད་ཆེན་པོའི་ནང་ནས་གཅེས་པའི་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་རྒྱུད་གཞན་གྱི་གཏན་ཚིགས་ཀྱིས་སྣོན་བཏབ་ནས་མ་འོངས་པའི་རྣལ་འབྱོར་པ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་ [93a.3]པའི་རྣལ་འབྱོར་གྱི་རྒྱུད་ཀྱི་དོན་ལ་འཇུག་ཅིང་དེ་ཉིད་ལས་གསུངས་པའི་ལྷ་རྣམས་ཀྱི་དོན་དུ་མཆོད་པའི་སྒྲོན་མ་ལྟ་བུ་བཞག་པ་ཡིན་ཞེའོ། །འདི་བཤད་པའི་ལུགས་ཀྱིས་དོན་རྣམ་པ་གསུམ་གྱིས་བཤད་དེ་མགོ་མཇུག་ཏུ་ཁྱབ་པར་སྟོན་ཏེ། གང་ཞེ་ན། རྩ་བའི་དོན་ལ་བསྙེགས་ཏེ་ཁོག་ [93a.4]དབུབ་པ་དང་། སྒྲུབ་ཐབས་ཀྱི་རང་གཉེར་གྱིས་དཀྱུས་མགོ་མཇུག་གིས་བཅད་པ་དང་། ཚིག་གི་དོན་རིམ་པར་གཞོམ་པའི་ཐབས་བསྟན་པའོ། །དེ་ལ་རྩ་བའི་རྒྱུད་ཀྱི་དོན་ལ་བསྙེགས་ཏེ་ཁོག་དབུབ་པ་ནི་རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པའི་མགོ་མཇུག་ཏུ་བསྡུས་པའི་དོན་ནི་དེ་ [93a.5]ཁོ་ན་ཉིད་སུམ་ཅུ་རྩ་བདུན་གྱིས་སྟོན་ཅིང་གསལ་བར་བྱེད་ལ། དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་པོ་དག་ཀྱང་རྩ་བའི་རྒྱུད་ཆེན་པོས་མཚོན་པར་བྱེད་པས་གཅིག་གི་རྒྱུས་གཅིག་གསལ་བར་བྱེད་པ་དང་འདྲ་བར་རྩ་བའི་རྒྱུད་ཆེན་པོ་དེའི་སྒྲུབ་ཐབས་སུ་གྱུར་པའི་ཡི་གེ་འདི་མགོ་མཇུག་ཏུ་ཡང་དེ་ཁོ་ན་ [93a.6]ཉིད་སུམ་ཅུ་རྩ་བདུན་གྱིས་གསལ་བར་སྟོན་ཅིང་འབྱེད་པར་བྱེད་ལ། དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་པོ་དེ་དག་ཀྱང་སྒྲུབ་ཐབས་འདིས་མཚོན་པར་བྱེད་ནུས་སོ། །དེ་ལ་དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་དུ་བརྗོད་པ་དེ་དག་ཀྱང་གང་ཞེ་ན། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་དང་། བྱིན་གྱིས་ [93a.7]བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་དང་། བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་དང་། ཤེས་རབ་དང་། ཐབས་དང་། རྒྱུད་དང་། འབྲས་བུ་དང་། རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། གསང་བའི་རྣལ་ [93b] [93b.1]འབྱོར་དང་། ཐམས་ཅད་རྣལ་འབྱོར་དང་། བཟླས་པ་དང་། སྦྱིན་སྲེག་དང་བརྟུལ་ཞུགས་དང་། དངོས་གྲུབ་དང་། དངོས་གྲུབ་སྒྲུབ་བ་དང་། བསམ་གཏན་དང་། བྱང་ཆུབ་སེམས་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། [93b.2]སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་། དགུག་པ་དང་། གཞུག་པ་དང་། བཅིངས་པ་དང་། དབང་དུ་བྱ་བ་རྣམས་སོ། །དེ་ལ་དང་པོ་བཞི་པོ་འདི་དག་ནི་སྤྱིར་སུམ་ཅུ་རྩ་བདུན་དུ་བགྲང་བ་འདི་དག་སྤྲོ་ན་ཡང་དེ་བཞི་ [93b.3]ལས་སྤྲོས་པ་ཡིན་ལ། བསྡུས་ན་ཡང་དེ་བཞི་བོ་དག་ཏུ་བསྡུས་པ་ཡིན་ཞེས་བཤད་དོ། །ཁ་ཅིག་ན་རེ་འདི་དག་ཀྱང་མངོན་པར་བྱང་ཆུབ་པ་ལྔ་པོ་དག་གི་ཁོངས་སུ་འདུས་ལ། ལྷ་གཅིག་གི་ངོ་བོ་གང་ལ་ཡང་ཚང་བར་བཏུབ་པོ་ཞེས་གླེང་ངོ་། །ཁ་ཅིག་ན་རེ་བཞི་པོ་འདི་དག་ཀྱང་ངོ་ [93b.4]བོ་གཅིག་པ་ཉིད་ལ་དཀྱིལ་འཁོར་གྱི་བྱེ་བྲག་གིས་སོ་སོར་གྱུར་ཏེ། རྩ་བའི་རྒྱུད་ཆེན་པོའི་གནས་སྐབས་ན་དཀྱིལ་འཁོར་ཆེན་པོར་གསུངས་པ་ནི་སྙིང་བོ་དམ་ཚིག་གི་དཀྱིལ་འཁོར་དུ་གསུངས་པ་ནི་ཕྱག་རྒྱ། ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ནི་སྔགས། ལས་ཀྱི་དཀྱིལ་འཁོར་ [93b.5]དུ་གསུངས་པ་ནི་རིག་པའོ་ཞེས་བཤད་ལ། འདི་ཉིད་ལས་ཀྱང་དེ་ལྟར་སྟོན་པ་ན་རྒྱུད་སོ་སོའི་བཞེད་པ་མི་མཐུན་པའི་དབང་དང་མཁན་པོ་ཆེན་པོ་དག་གི་ཤེས་རབ་ཀྱིས་དཔོགས་ཚད་མི་མཐུན་པའི་དབང་གིས་དེ་དག་སོ་སོ་ན་གསལ་བར་སྣང་བ་བཞིན་ཡོད་ལ་གསལ་བར་སྣང་བ་བཞིན་དུ་ [93b.6]གནས་སྐབས་ཀྱིས་འགྱུར་བར་བཤད་པ་ཡང་ཡོད། ཁ་ཅིག་ན་སོ་སོ་ན་གསལ་བར་མི་སྣང་བ་ལས་མཁན་པོ་དག་གི་དགོངས་པས་གསལ་བར་ཕྱེ་སྟེ་སོ་སོར་བསྟན་པ་དག་ཀྱང་ཡོད་པས་གཅིག་ལྟར་སྣང་བ་ཡང་གཅིག་ལྟར་མ་བརྟག་ལ། སོ་སོ་ན་གསལ་བར་སྣང་བ་ཡང་སོ་སོར་ [93b.7]ངོས་མི་བཟུང་སྟེ། མགོ་མཇུག་གི་དོན་དང་བླ་མའི་མན་ངག་ལས་དཔྱད་པར་བྱའོ། །དེ་ལྟར་བྱ་བ་ཅིའི་ཕྱིར་ཞེ་ན། སྔགས་ཀྱི་དགོངས་པ་རྣམས་ནི་ཤིན་ཏུ་ཟབ་པར་གྱུར་པས་ཕལ་གྱི་ཤེས་རབ་ཀྱིས་དཔག་པར་དཀའ་ཞིང་རྟོགས་པར་མི་ནུས་པའི་ཕྱིར་རོ། །དེ་ལ་སྙིང་པོ་ཞེས་བྱ་བ་ནི་ [94a] [94a.1]རྣམ་པ་གཉིས་ཏེ། མཚན་མ་ཡོད་པ་དང་། མཚན་མ་མེད་པའོ། །དེ་ལ་མཚན་མ་མེད་པ་ནི་ཆོས་ཀྱི་སྐུ་ལ་བྱ་སྟེ། དེ་ནི་ཐམས་ཅད་ཀྱི་སྙིང་པོའི་དོན་ཤིན་ཏུ་གསང་བར་གྱུར་པའི་ངོ་བོ་དེ་ལ་ཡང་དེ་སྐད་བརྗོད་དོ། །མཚན་མ་ཡོད་པ་ནི་རིགས་སོ་སོའི་སྙིང་པོ་བཅུ་གཅིག་ [94a.2]པ་ལ་སོགས་པར་གསུངས་པ་གང་ཡང་རུང་བ་དག་གོ། །གཞན་དག་ན་རེའོ་ན་དེ་ལྟར་མཚན་ཉིད་མི་མཐུན་པ་གཉིས་མིང་གཅིག་ཏུ་འདོད་པར་གྱུར་ན་ཡང་འགལ་ཏེ། དེ་ལྟ་ན་ནི་འཁོར་བ་མཚན་མར་སྣང་བ་དང་། མྱ་ངན་ལས་འདས་པ་མཚན་མ་མེད་པ་གཉིས་གཅིག་ཏུ་བརྗོད་པར་ [94a.3]འགྱུར་ལ། རྣམ་པར་རྟོག་པ་མི་མཐུན་པ་གཞན་དག་ཀྱང་དེ་བཞིན་དུ་འགྱུར་རོ། །ཞེ་ན། སྨྲས་པ། དེའང་བདེན་པ་ལྟར་སྣང་མོད་ཀྱི། འོན་ཀྱང་དེ་བཞིན་དུ་མི་འགྱུར་ཏེ། མཚན་མར་སྣང་བའི་སྔགས་ཀྱི་སྙིང་པོ་འབྲུ་གཅིག་པ་ལ་སོགས་པས་ཀྱང་ཆོས་ཀྱི་སྐུ་མཚོན་ཅིང་རྟོགས་པར་བྱེད་ [94a.4]ལ། ཆོས་ཀྱི་སྐུ་ཆེ་བའི་བྱིན་གྱིས་བརླབས་ལས་བརྒྱུད་པའི་གཟུགས་སྐུ་རྣམ་པ་གཉིས་སུ་སྣང་བ་དག་གིས་ཀྱང་སྙིང་པོ་འབྲུ་གཅིག་བ་ལ་སོགས་པ་མཚན་མར་སྣང་བའི་སྙིང་པོ་ལ་སོགས་པའི་ཚིག་གི་ཚོགས་རྣམས་རྟོགས་པར་བྱེད་པས་ས་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཏུ་གཅིག་ [94a.5]གི་རྒྱུར་གཅིག་གྱུར་པའམ། གཅིག་གི་འབྲས་བུར་གཅིག་གནས་པའི་ཕྱིར་ན་དེ་ལྟར་བརྗོད་ན་འགལ་བ་མེད་དེ། དཔེར་ན་ཀུན་རྫོབ་མཚན་མར་སྣང་བ་དང་དོན་དམ་པ་མཚན་མ་མེད་པ་གཉིས་ཆོས་ཅན་དང་། ཆོས་ཉིད་རྟོག་པ་མི་མཐུན་པ་གཉིས་ལྟ་བུར་སྣང་ཡང་བདེན་པ་ཞེས་མིང་ [94a.6]མཚུངས་པར་བཏགས་པ་ལ་འགལ་བ་མེད་པ་བཞིན་ནོ། །ཕྱག་རྒྱ་ནི་མགུ་བར་བྱེད་པའམ། འདེགས་པར་བྱེད་ནུས་པའི་དོན་དང་ལྡན་པས་ཕྱག་རྒྱ་ཞེས་བྱ་སྟེ། འཕགས་པ་རྣམས་མཉེས་པར་བྱེད་ནུས་པས་ན་མགུ་བ་ཞེས་བྱའོ། །གཞན་གྱིས་གཞིག་པར་མི་ནུས་ཤིང་འདོད་པའི་ [94a.7]དངོས་པོ་མྱུར་དུ་འགྲུབ་པའི་ཕྱིར་རྒྱས་འདེབས་པར་འབྱེད་པས་ན་ཕྱག་རྒྱ་ཞེས་བྱའོ། །ཡེ་ཤེས་ལས་མཚན་མར་སྣང་བའམ། མཚན་མའི་རྣམ་པར་རྟོག་པས་ན་མཚན་མ་ཞེས་ཀྱང་བྱའོ། །ཡེ་ཤེས་ཆེན་པོའི་བདག་ཉིད་དམ་བྱིན་གྱིས་བརླབས་ལས་འབྱུང་བའི་རྟགས་ཡིན་པས་ [94b] [94b.1]ན་རྟགས་ཞེས་ཀྱང་བྱའོ། །ཡེ་ཤེས་དང་ཉེ་བའི་མཚན་ཉིད་དམ། དེའི་སྒོ་ནས་ཡེ་ཤེས་ཉིད་ཆུད་པར་མཛད་པས་ན་ཉེ་བའི་མཚན་ཉིད་ཅེས་བྱ་སྟེ། ཕྱག་རྒྱ་དང་། མཚན་མ་དང་། རྟག་དང་། ཉེ་བའི་མཚན་ཉིད་ཅེས་བྱ་བ་ནི་མིང་བསྒྱུར་བའི་རྣམ་གྲངས་ཏེ་དོན་གཅིག་གོ། །དེ་ལ་ཡང་ [94b.2]རྒྱུད་ཀྱི་གཞུང་སོ་སོའི་འདོད་སྟངས་ཀྱི་ཚིག་མི་མཐུན་པར་གླེང་བ་ཡང་ཡོད་དེ། ཁ་ཅིག་ལས་ནི་གཟུགས་བརྙན་གྱི་ངོ་བོར་གྱུར་པ་དང་། དེ་ཁོ་ན་ཉིད་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་གཉི་ག་ལ་ཕྱག་རྒྱར་འདོད་པ་ཡང་ཡོད། གཞུང་ཁ་ཅིག་ལས་རྣམ་པར་རྟོག་པ་ [94b.3]དོན་དམ་པ་ཉིད་ལ་ལྷ་ཞེས་ཀྱང་བྱ་ལ། དེའི་མཚན་མར་བྱིན་གྱིས་བརླབས་པ་དག་ལ་ཡང་ཕྱག་རྒྱར་འདོད་དེ། དེ་ལ་གཞན་དག་ན་རེ་དེ་ལྟར་རྟོག་པ་མི་མཐུན་པ་དག་མིང་གཅིག་ཏུ་བརྗོད་པར་རུང་ངམ་ཞེ་ན། སྨྲས་པ། དེ་ལ་ཡང་བདེ་ན་མདོ་ཀྱི་འོན་ཀྱང་དེ་གཉིས་འབྲེལ་པའི་མཚན་ [94b.4]ཉིད་ཅན་ཡིན་ཏེ། དོན་དམ་པར་དེའི་བྱིན་རླབས་ལས་ཀྱང་མཚན་མའི་ཕྱག་རྒྱ་འབྱུང་བ་ཡིན་ལ་མཚན་མའི་ཕྱག་རྒྱ་དེས་ཀྱང་དོན་དམ་པ་ཉིད་རྟོགས་པར་བྱེད་པས་དེ་གཉིས་ལ་ཡང་དོན་དམ་པ་ཞེས་ཀྱང་གདགས་ལ་ཕྱག་རྒྱར་བརྗོད་པ་ལ་ཡང་འགལ་བ་མེད་དོ། །དེ་ལྟར་བསྟན་ [94b.5]པའི་ཕྱག་རྒྱ་དེ་ལ་ཡང་སྐུ་གསུང་ཐུགས་ལ་སོགས་པའི་བྱེ་བྲག་གིས་དབྱེ་ན་རྣམ་པ་བཞིར་འགྱུར་ཏེ། སྐུ་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱའོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་ལྷའི་སྐུའི་གཟུགས་བརྙན་པས་ལྷ་རྣམས་ཀྱི་ [94b.6]ཚུལ་བསྟན་པ་སྟེ། ལུས་ཀྱི་སྒོ་ནས་ལྷའི་ཚུལ་གསལ་བར་བསྒོམ་པའི་རྒྱུར་ཆེ་བས་ན་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ལ་ཡང་གཉིས་ཏེ། ཡོངས་སུ་རྫོགས་པའི་སྐུ་དང་། ཕྱག་རྒྱའི་སྐུའོ། །དེ་ལ་ཡོངས་སུ་རྫོགས་པའི་སྐུ་ནི་རིགས་དང་རིགས་ཀྱི་གཙོ་བོ་ལ་སོགས་པ་ [94b.7]རྣམས་ཏེ་ཕྱག་རྒྱ་བཞི་རྫོགས་ཤིང་ཆ་ལུགས་དང་རྒྱན་གྱིས་མཛེས་པར་སྣང་བའོ། །ཕྱག་རྒྱའི་སྐུ་ནི་གཟུགས་ཀྱི་ལྷ་མོ་ལ་སོགས་པ་དག་གདུལ་བྱ་ཇི་ལྟ་བུ་དེ་འདུལ་བའི་དོན་དུ་རང་གི་ཆ་ལུགས་སུ་གྱུར་པའི་གཟུགས་སྦས་ནས་མཆོད་རྟེན་ཁྲི་ལ་བཞུགས་པ་ལ་སོགས་པར་བསྟེན་པར་ [95a] [95a.1]བྱའོ། །དེ་དག་ལ་ཡང་ཕྱི་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། བྲིས་བ་དང་བརྩམས་པ་ལ་སོགས་པའི་གཟུགས་བརྙན་བྱས་པ་རྣམས་ནི་ཕྱེའོ། །ཉིད་ཀྱིས་བསམ་པ་པ་ནི་ནང་གི་སྟེ། དེ་དག་གི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དམ་ཚིག་གི་ཕྱག་རྒྱ་ནི་ [95a.2]ལྷ་རྣམས་ཀྱི་སེམས་ཀྱི་ཚུལ་བསྟན་པ་སྟེ། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཡེ་ཤེས་དེ་ཉིད་དམ་ཚིག་གི་ཕྱག་རྒྱ་བྱིན་གྱིས་བརླབས་ནས་བསྟན་པ་སྟེ། སེམས་ཀྱི་རྣམ་པར་ཐར་པའི་ཕྱག་རྒྱར་བསྟན་པས་ལྷ་རྣམས་དེ་ལས་མི་འདའ་བས་ན་དམ་ཚིག་གི་ཕྱག་རྒྱ་ཞེས་བྱའོ། ། [95a.3]ཁ་ཅིག་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་ནི་དམ་ཚིག་གི་སྒྲར་བརྗོད་པས་དེ་རྒྱས་པར་བཤད་པས་ཡང་དག་པའི་དོན་ཐོབ་ཅིང་རྟོགས་པར་འགྱུར་ལ་མི་འདའ་བའི་ཕྱིར་ཡང་དམ་ཚིག་གོ། །ལ་ལ་ནས་གང་བསྒྲུབ་པར་འདོད་པའི་ལྷ་དེ་ཉིད་ཀྱི་དམ་ཚིག་གི་ [95a.4]ཕྱག་རྒྱ་བཅིངས་ལ་སྙིང་གར་བཞག་ལ་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ་ཞེས་ཟེར་རོ། །གཞན་དག་ལས་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་གྱུར་པ་ལ་དམ་ཚིག་གི་ཕྱག་རྒྱར་འདོད་པ་ཡང་ཡོད་དོ། །ཆོས་ཀྱི་ཕྱག་རྒྱ་ [95a.5]ནི་ལྷ་རྣམས་ཀྱི་ཚིག་གི་ཚུལ་དུ་བསྟན་པ་སྟེ། གསུང་རྣམ་པར་དག་པའི་རང་བཞིན་གྱི་མཚན་མའམ་རྟགས་སུ་གྱུར་པའི་ཆོས་ཀྱི་ཡི་གེ་བཛྲ་ཛྙཱ་ན་དང་། ས་མ་ཡ་སྟྭཾ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དེ། ལྷ་རྣམས་ཀྱི་ཚིག་གི་དོན་དམ་པའི་ཆོས་ཐམས་ཅད་སྟོན་པར་བྱེད་པའོ། ། [95a.6]ལས་ཀྱི་ཕྱག་རྒྱ་ནི་ལྷ་རྣམས་ཀྱི་སྤྱོད་པའི་ཚུལ་བསྟན་པ་སྟེ། དེ་ལ་ཡང་གཉིས་ཏེ། འཆིང་བ་དང་། བསམ་པའོ། །དེ་ལ་འཆིང་བ་ནི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་གཉིས་སུ་ཕྲལ་བ་དང་། བྱང་ཆུབ་མཆོག་གི་ཕྱག་རྒྱ་ལ་སོགས་པའི་མཚན་ཉིད་དོ། །བསམ་པ་ནི་ལྷ་གང་ཡང་རུང་བ་ [95a.7]དག་བསྒྲུབ་པའི་ཚེ་ཕྲིན་ལས་ཐམས་ཅད་ནི་རང་བཞིན་ཀུན་ལས་ཁྱབ་པར་བསྟན་པའི་ངོ་བོ་རྡོ་རྗེ་ཁ་བཞི་པ་རང་གི་སྙིང་གར་བསམ་མོ། །སྔགས་ནི་ཤེས་པ་དང་སྐྱོབ་པར་ལྡན་པ་སྟེ། དོན་མ་ནོར་བར་ཤེས་པས་འཁོར་བ་དང་ངན་སོང་ལས་སྐྱོབ་པར་བྱེད་པས་སྔགས་སོ། །གཞུང་ [95b] [95b.1]ཁ་ཅིག་ལས་ནི་བསྐུལ་བའི་ཚིག་དང་བཅས་པ་དག་ལ་སྔགས་ཞེས་བྱ་བར་ཡང་བཤད་དོ། །དེ་ཡང་ལྷའི་གཟུགས་སྐྱེས་པའི་ཚུལ་བཟུང་ནས་གསུངས་པའི་ཚིག་རྣམས་སོ། །རིག་པ་ནི་མ་རིག་པའི་མུན་པ་ཐམས་ཅད་བསལ་བའི་ཕྱིར་རོ། །དེ་ཡང་འཁོར་བ་དང་མྱ་ངན་ལས་ [95b.2]འདས་པ་དང་། ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་རིག་པས་ན་དེ་སྐད་ཅེས་བརྗོད་དེ། ལྷའི་གཟུགས་བུད་མེད་ཀྱི་ཚུལ་དུ་བཞུགས་པའི་ཚེ་ན་གསུངས་པའི་ཚིག་རྣམས་སོ། བྱིན་གྱིས་བརླབས་པ་ནི་གང་ལྟར་འདོད་པ་དེ་བཞིན་བྱ་བའི་ཐབས་ཏེ། དེ་ལ་ཡང་གཉིས་ཏེ། [95b.3]རང་བཞིན་བྱིན་གྱིས་བརླབས་པ་དང་། མཐུས་བྱིན་གྱིས་བརླབས་པའོ། །བྱིན་གྱིས་བརླབ་པར་བྱ་བའི་ཆོ་ག་ནི་བདག་ལྷ་གང་བསྒོམ་པར་འདོད་པའམ། གང་ལ་མོས་ཤིང་གོམས་པར་གྱུར་པ་དེའི་སྐུ་ཕྱག་རྒྱ་ཆེན་པོར་གསལ་བར་བསྒོམས་ནས་ཡེ་ཤེས་དབབ་པ་ལ་སོགས་པ་ལྷ་གནས་པར་ [95b.4]བྱས་ནས་རྒྱུད་ཕྱི་མ་ལས་གསུངས་པའི། རྡོ་རྗེ་དབྱིངས་དབང་ཕྱག་རྒྱ་ནི། །རབ་མཉམ་གཞག་པ་བཅིངས་ནས་ཀྱང་། །སྙིང་ག་མཛོད་སྤུ་མགྲིན་སྤྱི་བོར། །བཞག་ནས་སངས་རྒྱས་བྱིན་གྱིས་རློབས། ཞེས་བྱ་བ་ལ་སོགས་པ་མཐར་ཐུག་གི་བར་དུ་གསུངས་པ་དེ་དག་རིགས་ [95b.5]གང་གི་ལྷ་བསྒོམ་པ་དེ་བཞིན་དུ་རིམ་པར་སྦྱར་ཅིང་བྱིན་གྱིས་བརླབ་པར་བྱའོ། །དབང་བསྐུར་བ་ནི་ཐམས་ཅད་ཀྱི་བདག་ཉིད་ལ་དབང་ཐོབ་པར་བྱ་བའི་ཐབས་སུ་གྱུར་པ་སྟེ། དེ་ཡང་གཉིས་ཏེ། བསྐུར་བའི་དོན་དུ་དབང་བསྐུར་བ་དང་། མཐུ་བསྐྱེད་པའི་ཕྱིར་དབང་བསྐུར་བའོ། །དེ་ལ་ [95b.6]སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་བྱ་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པ་ཡིན་པས་དེ་དག་ལ་ནི་གཞན་གྱིས་མཆོད་པའི་ཕྱིར་མེ་ཏོག་གི་ཕྲེང་བ་དང་། རིན་པོ་ཆེའི་ཕྲེང་བ་ལ་སོགས་པས་དབང་བསྐུར་བའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ད་དུང་དུ་ཤེས་བྱ་མ་ [95b.7]རྫོགས་ཤིང་ཡོན་ཏན་གྱི་རྣམ་པ་མཐར་མ་ཕྱིན་པས་དེ་དག་ནི་ཤེས་བྱ་དང་ཡོན་ཏན་རྫོགས་ཤིང་མཐར་ཕྱིན་པར་བྱ་བའི་ཕྱིར། རིགས་ལྔས་ཡེ་ཤེས་ལྔའི་དབུ་རྒྱན་ལ་སོགས་པ་དབང་བསྐུར་བའམ། རྣམ་གཅིག་ན་རྣལ་འབྱོར་པ་ཉིད་གང་ལ་མོས་པའི་ལྷའི་ཕྱག་རྒྱ་ཆེན་ [96a] [96a.1]པོར་བསྒོམས་ནས་རྒྱུད་ཕྱི་མ་ལས་གསུངས་པའི། རིན་ཆེན་རྡོ་རྗེ་བཅིངས་ནས་ནི། །དཔྲལ་བར་རབ་ཏུ་བཞག་བྱས་ནས། །རྒྱལ་བ་རྡོ་རྗེ་རིན་ཆེན་གྱིས། །དབང་བསྐུར་བར་ནི་དེ་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་མཐར་ཐུག་གི་བར་དུ་གསུངས་པའི་རྣམ་པ་ [96a.2]དེ་དག་གིས་རིགས་དང་ལྷ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །ཏིང་ངེ་འཛིན་ནི། རྣམ་པར་རྟོག་པའི་རྒྱུ་བ་གཞན་བཀག་ནས་དམིགས་པའི་དོན་ལ་སེམས་རྩེ་གཅིག་པར་གནས་ནས་རང་གི་རྣམ་པར་ཐར་པའི་སྒོ་ཡིད་ལ་བྱེད་པའོ། །དེ་ལ་ཡང་གཉིས་ཏེ། རང་བཞིན་གྱི་ཏིང་ [96a.3]ངེ་འཛིན་དང་། རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ཏོ། །རང་བཞིན་གྱི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་དང་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པའོ། །རྗེས་སུ་མཐུན་པ་ནི་སྔགས་སྤྱོད་པའི་རྣལ་འབྱོར་པ་ཉིད་དེ་དང་རྗེས་སུ་མཐུན་པར་བསྒྲུབ་པ་སྟེ། དེའི་ཐབས་ [96a.4]གསལ་བར་བསྟན་པ་ཡང་རྒྱུད་ཕྱི་མ་ལས་གསུངས་པ། རྒྱལ་བ་ཀུན་གྱི་དབྱིངས་སུ་ནི། །ཕྱག་རྒྱ་མཉམ་པར་གཞག་པས་བཅིང་། །ཟློས་ཤིང་སྔགས་ཀྱི་རིམ་པ་ནི། །མྱུར་དུ་དངོས་གྲུབ་འཐོབ་པར་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་ [96a.5]བ་ལ་སོགས་པ་མཐར་ཐུག་གི་བར་དུ་གསུངས་པའི་ཚིག་དེ་དག་གིས་རིགས་གང་ཡིན་པའམ། གང་ལ་མོས་པ་དག་གི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །མཆོད་པ་ནི་ཕུན་སུམ་ཚོགས་པར་ལྡན་པའི་ཡོ་བྱད་ཀྱིས་བདག་གཞན་མཉེས་པར་བྱ་བའི་ཐབས་ཏེ། དེ་ལ་ཡང་ [96a.6]རྣམ་པ་གཉིས་ཏེ། ཕྱིའི་མཆོད་པ་དང་ནང་གི་མཆོད་པ་ལ་སོགས་པའམ། རྣམ་གཅིག་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ཚུལ་གྱིས་གཞན་བསྐུལ་བར་བྱའོ། །དེ་ཡང་རྒྱུད་ཕྱི་མ་ལས་གསུངས་པའི། རབ་མཉམ་གཞག་པས་དང་པོར་ནི། །བདུག་པ་ལ་སོགས་ [96a.7]མཆོད་བྱས་འདི། དེ་ནས་དངོས་གྲུབ་འདོད་པ་ཡིས། །བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་མཐར་ཐུག་གི་བར་དུ་གསུངས་པ་དེ་དག་གི་ཚུལ་གྱིས་རིགས་སོ་སོ་མཆོད་པར་འདོད་པ་གང་ཡིན་པ་དེ་ལ་མཆོད་པར་བྱའོ། །བདག་གི་དེ་ཁོ་ན་ཉིད་ནི་རང་བཞིན་ [96b] [96b.1]གྱིས་ཕྱིན་ཅི་མ་ལོག་པ་སྟེ། བེམས་པོའི་མཚན་ཉིད་དང་བྲལ་བས་བདག་མེད་པའི་རང་བཞིན་སྐྱེ་འགག་མེད་པ་སྟོན་པ་ཉིད་དུ་ཤེས་པའོ། །ལྷའི་དེ་ཉིད་ནི་རང་བཞིན་གྱིས་གནས་པའི་མཚན་ཉིད་ཅན་ཏེ། དེ་ལ་ཡང་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་སྟེ། དོན་དམ་པ་ནི་ལྷའི་རང་ [96b.2]བཞིན་དང་སྟོང་པ་ཉིད་དུ་མི་གཉིས་ཏེ་དབྱེར་མེད་པའི་མཚན་ཉིད་ཅན་ནོ། །ཀུན་རྫོབ་ཏུ་ནི་སྐྱེས་པ་དང་། བུད་མེད་དང་། ཁྲོ་བོ་དང་ཞི་བའམ་གཙོ་བོ་དང་འཁོར་དུ་གྱུར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་གང་ཡང་རུང་སྟེ། ཡན་ལག་དང་ཉིང་ལག་རྫོགས་ཤིང་རྒྱན་ [96b.3]དང་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པའོ། །དཀྱིལ་འཁོར་ནི་དཀྱིལ་འཁོར་དུ་ལྡན་པས་དཀྱིལ་འཁོར་ཏེ། དབྱིབས་རྣམ་པར་དག་པའི་དཀྱིལ་འཁོར་ལ། རིག་པའི་ཡེ་ཤེས་ཀྱི་འཁོར་གྱིས་བསྐོར་བའི་ཕྱིར་ན་དཀྱིལ་འཁོར་ཞེའམ། དབུས་ཀྱི་གཙོ་བོ་དཀྱིལ་འཁོར་ [96b.4]ལ་རིགས་ཀྱི་གཙོ་བོ་ལ་སོགས་པའི་འཁོར་གྱིས་བསྐོར་བའི་ཕྱིར་ན་དཀྱིལ་འཁོར་ཏེ། མང་ཉུང་གི་རྣམ་པ་དང་། དབྱིབས་དང་། ཁ་དོག་ཇི་ལྟ་བུ་དག་ན་ཡང་རུང་སྟེ། དེ་ལ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་བོ། །དོན་དམ་པ་ནི་བྱང་ཆུབ་སེམས་རྟོགས་པར་གྱུར་པ་ [96b.5]དང་ལྡན་པའི་རིག་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། ངན་སོང་སྦྱོང་བ་ལས་ཀྱང་གསུངས་པ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་བྱ་བ་ལྟ་བུ་ཁོ་ནའོ། ། [96b.6]ཀུན་རྫོབ་ཀྱི་དཀྱིལ་འཁོར་ལ་ཡང་གཉིས་ཏེ་རང་བཞིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས་བསྡུས་པའོ། །ཤེས་རབ་ནི་ཆོས་རབ་ཏུ་འབྱེད་པ་སྟེ། ཐམས་ཅད་ལ་འབིགས་པར་བྱེད་པའི་མཚན་ཉིད་ཅན་པས་དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་ལ་སོགས་ [96b.7]པ་ཐབས་ལ་མཁས་པའོ། །ཐབས་ནི་སེམས་ཅན་ཇི་ལྟ་བུས་འདུལ་བ་ལ་དེ་ལྟ་བུའི་གཟུགས་སུ་སྟོན་ཅིང་། རྗེས་སུ་འཛིན་པ་དང་དགོས་པ་ཇི་ལྟ་བུས་འགྲུབ་པ་དེ་ལྟ་བུའི་རྒྱུས་བསྒྲུབ་པ་ལ་མཁས་པའོ། །རྒྱུའི་དེ་ཁོ་ན་ཉིད་ནི་གོང་མ་གོང་མ་ཐོབ་པའི་རྒྱུར་གྱུར་པ་སྟེ། ས་དང་བོ་ [97a] [97a.1]ཐོབ་པའི་རྒྱུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཡིན་ཞེའམ། སངས་རྒྱས་ཀྱི་ས་ཐོབ་པའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་ས་ཡིན་ཞེས་བྱ་བ་ལྟ་བུ་སྟེ་གང་འདོད་པ་ཐོབ་པར་བྱེད་པའི་གཞིའོ། །འབྲས་བུ་ནི་རྒྱུས་བསྒྲུབས་ནས་དོན་དུ་གཉེར་བར་བྱ་བ་དེ་ལག་ཏུ་ཐོབ་པ་སྟེ། [97a.2]རྒྱུ་བྱང་ཆུབ་ཕྱོགས་སུ་སྤྱད་པས། འབྲས་བུ་སྟོབས་དང་མི་འཇིགས་པ་དང་། གཟུངས་དང་ཏིང་ངེ་འཛིན་ཐོབ་པའམ། རྒྱུ་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་འབྲས་བུ་ས་བཅུ་ཐོབ་པ་ལྟ་བུ་སྟེ། འདིའི་གནས་སྐབས་ན། རྒྱུ་ནི་སྔགས་ཀྱི་འབྲས་བུ་གང་འཐོབ་པར་བྱེད་པའི་རྒྱུ་སྟེ། རྡོ་རྗེའི་ [97a.3]ཚིག་ལ་སོགས་པས་སྔགས་བཟླས་པ་དང་། སེམས་བརྟགས་པ་ལ་སོགས་པ་ལྷ་བསྒོམས་པས་འབྲས་བུ་གྲུབ་བ་རབ་འབྲིང་ལ་སོགས་པ་འགྲུབ་པའོ། །འབྲས་བུ་ནི་དེ་ལས་བྱུང་བའི་འབྲས་བུ་སྟེ། རིག་འཛིན་ལ་སོགས་པ་གྲུབ་པ་དང་། ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་པ་ [97a.4]དང་། ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་ཀྱིས་གཞན་ལ་ཕན་གདགས་པར་ནུས་པའོ། །རྣལ་འབྱོར་ཞེས་བྱ་བ་ནི། ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ལ་སྦྱོར་བའི་ཕྱིར་ན་རྣལ་འབྱོར་ཏེ། འདི་དག་རིམ་པར་སྦྱར་ན། རྣལ་འབྱོར་ནི་དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་གྱི་ [97a.5]ལྷ་རྣམས་ཀྱི་རྗེས་སུ་སྒྲུབ་ཅིང་། གསང་སྔགས་ཀྱི་དོན་ཉམས་སུ་ལེན་པར་བྱེད་པའི་དམ་ཚིག་སེམས་དཔའི་བསམ་གཏན་ལ་གནས་པ་སྟེ། གང་ཟག་སྔགས་སྤྱོད་པའི་སྐལ་བ་དང་ལྡན་པ་གང་ཡང་རུང་བ་རྣམས་སོ། །ཤིན་ཏུ་རྣལ་འབྱོར་ནི། བརྩོན་བ་རྩེ་གཅིག་པས། རྡོ་རྗེ་ཕྲ་མོའི་ [97a.6]ཏིང་ངེ་འཛིན་ལས་སུ་རུང་བ་རྣམས་སོ། །རྣལ་འབྱོར་ཆེན་པོ་ནི་ཕྲིན་ལས་རྣམ་པ་བཞི་ལ་དབང་ཐོབ་པས་འཕགས་པ་དང་སེམས་ཅན་གྱི་དོན་བྱེད་པར་ནུས་པའི་མཚན་ཉིད་ཅན་ནོ། །གསང་བའི་རྣལ་འབྱོར་ནི་རིག་འཛིན་ལ་སོགས་པའི་གོ་འཕང་ཆེན་པོ་ཐོབ་ནས་དེའི་འབྲས་ [97a.7]བུ་མངོན་དུ་གྱུར་པའོ། །ཐམས་ཅད་རྣལ་འབྱོར་ནི་རྣལ་འབྱོར་ཆེན་པོའི་དོན་མངོན་དུ་གྱུར་ནས་ཐམས་ཅད་མཉམ་པ་ཆེན་པོའི་བདག་ཉིད་དུ་རྟོགས་པ་སྟེ། འདི་དག་གི་རིམ་པའི་རྣམ་པར་དབྱེ་བ་ཡང་རྒྱུད་འདི་ཉིད་ལས་གསུངས་པའི་དངོས་གྲུབ་དང་དངོས་གྲུབ་བསྒྲུབ་པའི་ [97b] [97b.1]རིམ་པ་རྣམ་པ་ཐ་དད་པ་བསྟན་པ་དག་གིས་བྱེ་བྲག་ལས་རིག་པར་བྱའོ། །ཁ་ཅིག་ན་རེ་རྣལ་འབྱོར་ནི་སྔགས་ཀྱི་དོན་ལ་འཇུག་པའི་གང་ཟག་རྣམས་དང་། འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་སོ། །ཤིན་ཏུ་རྣལ་འབྱོར་ནི་འཇིག་རྟེན་ལས་འདས་པའི་འཁོར་བྱང་ཆུབ་སེམས་ [97b.2]དཔའ་ཆེན་པོ་ལ་སོགས་པ་ལྷ་དང་ལྷ་མོའི་ཚོགས་རྣམས་སོ། །རྣལ་འབྱོར་ཆེན་པོ་ནི་རིགས་ལྔས་བསྡུས་པའི་སངས་རྒྱས་སོ། །གསང་བའི་རྣལ་འབྱོར་ནི་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་སོ། །ཐམས་ཅད་རྣལ་འབྱོར་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་ [97b.3]པོའོ། །རྣམ་གཅིག་ཏུ་བྱང་ཡུལ་བ་ན་རེ། རྣལ་འབྱོར་ནི་བྷ་ག་བཱན་རྡོ་རྗེ་དབྱིངས་ཆེན་པོའོ། །ཤིན་ཏུ་རྣལ་འབྱོར་ནི་དེའི་འཁོར་དུ་གྱུར་པའི་སེམས་དཔའ་ཆེན་པོ་བཅུ་དྲུག་གོ། །རྣལ་འབྱོར་ཆེན་པོ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་སོ། །གསང་བའི་རྣལ་འབྱོར་ [97b.4]ནི་ཕྱི་ནང་གི་ལྷ་མོ་བརྒྱད་ལ་སོགས་པའོ། །ཐམས་ཅད་རྣལ་འབྱོར་ནི་འཇིག་རྟེན་པ་ལ་སོགས་པའི་འཁོར་ལོར་གྱུར་པའི་གཙོ་བོ་དང་། ཆུང་མ་དང་འཁོར་དང་། གཡོག་ཏུ་བཅས་པའོ་ཞེས་བཤད་དེ། དེ་དག་ཚིག་གི་སྡེབས་མི་མཐུན་པར་སྣང་ཡང་དོན་གང་དུ་ཡང་ཐལ་ [97b.5]བ་མེད་པས་འགལ་བ་མེད་དོ། །བཟླས་པ་ནི་སྔགས་བཟླས་ཤིང་སྙིང་པོ་བརྗོད་པའི་སྒོ་ནས་ལྷ་མཉེས་པར་བྱ་བའི་ཐབས་ཏེ། རྩ་བའི་རྒྱུད་དམ་འདི་ཉིད་ལས་གསུངས་པའི་རྡོ་རྗེ་བཟླས་པ་ལ་སོགས་པ་རིགས་སོ་སོའི་བཟླས་པ་གསུམ་པའོ། །སྦྱིན་སྲེག་ནི་སྦྱིན་ཞིང་ [97b.6]སྲེག་པའི་དོན་གྱིས་འཕགས་པ་མཉེས་ཤིང་དངོས་གྲུབ་སྟེར་བའི་ཐབས་ཏེ། དེ་ལ་ཡང་གཉིས་ཏེ། ནང་གི་ཡེ་ཤེས་ཀྱིས་ཉོན་མོངས་པ་སྲེག་ཅིང་དངོས་གྲུབ་སྦྱིན་པའོ། །ཕྱི་མའི་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྔགས་ཀྱིས་བཏབ་པའི་རྫས་བསྲེགས་པས་འཕགས་ [97b.7]པ་མཉེས་ཤིང་དངོས་གྲུབ་སྟེར་བའོ། །བརྟུལ་ཞུགས་ནི་མི་མཐུན་པའི་ཕྱོགས་བརྟུལ་ནས་བསྒྲུབ་བྱའི་དོན་ལ་ཞུགས་པ་དང་། སྔགས་ཀྱི་གཞུང་དང་འགལ་བ་རྣམས་སྤངས་ནས་སྔགས་པ་ཐམས་ཅད་ཀྱིས་བསྲུང་བར་བྱ་བ་སྟེ། དེ་ལ་ཡང་གཉིས་ཏེ། སྤྱི་དང་ཁྱད་པར་ [98a] [98a.1]གྱི་དམ་ཚིག་གོ། །དེ་ལ་སྤྱིའི་དམ་ཚིག་ནི་བདུན། ཁྱད་པར་གྱི་དམ་ཚིག་ནི་ལྔའོ། །དངོས་གྲུབ་ནི་ཀུན་གྱིས་སྨོན་པར་བྱ་བའི་གནས་ཏེ། དེ་ལ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམ་པ་གཉིས་སོ། །དངོས་གྲུབ་ [98a.2]བསྒྲུབ་པ་ནི་དེ་ཐོབ་པར་བྱ་བའི་ཐབས་ཏེ། ལིག་བུ་མིག་དང་། སྲོད་ཨཉྫ་ན་ལ་སོགས་པའི་རྫས་ལ་བརྟེན་ནས་ལྷ་བསྒོམ་ཞིང་འཛབ་བཟླས་ཏེ། གང་འདོད་པ་དེ་ཐོབ་པར་བྱ་བའོ། །བསམ་གཏན་ནི་རྒྱུད་ཀྱི་དོན་ལ་སོགས་པ་ཐོས་ཤིང་མཐོང་བ་དང་། སྒྲུབ་པའི་ཐབས་ [98a.3]ཀྱི་བྱེ་བྲག་ཇི་ལྟ་བུ་ཡིན་པ་དག་སེམས་པར་བྱེད་པའོ། །བྱང་ཆུབ་སེམས་ནི་སྟོང་པ་ཉིད་དང་སྙིང་རྗེར་ལྡན་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་ཡང་གཉིས་ཏེ། དོན་དམ་པ་དང་། ཀུན་རྫོབ་བོ། །ཁ་ཅིག་ན་རེ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དང་གསུམ་མོ་ཞེས་ཀྱང་ [98a.4]ཟེར་ཏོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཐམས་ཅད་རང་བཞིན་མེད་པར་རྟོགས་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་སྣང་ལ་རང་བཞིན་མེད་པར་རྟོགས་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་བདག་གཞན་དུ་མི་འབྱེད་པར་རྟོགས་པའོ། །སོ་སོར་རྟོག་པའི་ཡི་ཤེས་ནི་སྤྱི་དང་རང་ [98a.5]གི་མཚན་ཉིད་རང་བཞིན་མེད་པར་རྟོགས་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་བདག་གཞན་དུ་མི་འབྱེད་པར་དོན་མཛད་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ནི། དེ་དག་གི་ངང་དུ་ཡང་གནས་པ་སྟེ། དེ་དག་གི་ཡུལ་དུ་གྱུར་པའོ། །རྣམ་གཅིག་ཏུ་འདི་ཉིད་ [98a.6]ཀྱི་གཞུང་ལྟར་སྦྱར་ན་སྟོང་པ་ཉིད་ནི་མི་དམིགས་པར་བསྒོམ་པ་སྟེ། སརྦ་དྷརྨཱ་ཞེས་བྱ་བའི་སྔགས་ཀྱི་དོན་དང་ལྡན་པར་བསྒོམས་པས་ཕྱི་ནང་རྣམ་པར་དག་པར་བྱ་བའོ། །དབྱིངས་དང་ཆོས་ཀྱི་སྐུར་མཉམ་ཞིང་གསལ་བར་རྟོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མ་གཡོས་པ་ [98a.7]དེ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡུལ་རྣམ་ལྔར་ཡེ་ཤེས་ལྔར་རྟོགས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་ཆོས་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཉིད་མྱ་ངན་ལས་འདས་པ་ཆེན་པོ་ཡིན་པས་ཆོས་ཀྱི་དབྱིངས་རྣམ་ [98b] [98b.1]པར་དག་པའི་ཡེ་ཤེས་སོ། །དེ་ལྟར་བཤད་པ་དེ་ཉིད་ཀྱང་ཚིག་མི་མཐུན་བར་སྣང་ཡང་དོན་ཐ་དད་པ་མེད་པས་ཉེས་པར་མི་འགྱུར་རོ། །དགུག་པ་ནི་མཆོད་ཅིང་སྤྱན་དྲངས་པ་སྟེ། དེ་ལ་ཡང་གཉིས་ཏེ་འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་སྤྱན་དྲང་བ་དང་། ཕྱོགས་བཅུའི་ [98b.2]འཇིག་རྟེན་གྱི་ཁམས་ནས་དགུག་པའོ། །གཞུག་པ་ལ་ཡང་གསུམ་སྟེ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་གཞུག་པ་ལ། འཁོར་དུ་གཞུག་པ་དཀྱིལ་འཁོར་རྣམ་པ་གཉིས་གཅིག་ཏུ་བྱ་བ་དང་། དམ་ཚིག་སེམས་དཔའ་ལ་བཅུག་ནས་སེམས་དཔའ་རྣམ་གཉིས་གཅིག་ཏུ་ [98b.3]བྱ་བ་དང་། སྣོད་དུ་གྱུར་པའི་སློབ་མ་ལ་བཅུ་གནས་ཡེ་ཤེས་དབབ་པར་བྱ་བའོ། །བཅིང་བ་ནི་སྒྲུབ་པ་དང་བསྒྲུབ་བྱ་བ་གཉིས་ཐ་མི་དད་པར་བཅིང་བའོ། །དབང་དུ་བྱ་བ་ནི་དགྱེས་པ་བསྒྲུབ་པ་སྟེ་མཉེས་པ་བྱ་བའོ། །གཞན་དག་ན་རེ་ཚིག་སུམ་ཅུ་རྩ་བདུན་པོ་དེ་དག་ལ་ཅིའི་ [98b.4]ཕྱིར་དེ་ཁོ་ན་ཉིད་ཅེས་བྱ་ཞེ་ན། སྨྲས་པ་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་རྣམ་པ་གཉིས་ཏེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་གྱིས་ཕྱིན་ཅི་མ་ལོག་ཅིང་བརྗོད་དུ་མེད་པའི་ངོ་བོ་ནི་དོན་དམ་པའི་དེ་ཁོ་ནའོ། །དེ་ལྟ་མོད་ཀྱི་ཀུན་རྫོབ་ཀྱི་ཐ་སྙད་དང་སྦྱར་ན་མི་སླུ་ [98b.5]བར་དགོངས་པ་གྲུབ་པར་བྱེད་པས་ན་དེ་ཁོ་ན་ཞེས་བྱ་སྟེ། སུམ་ཅུ་རྩ་བདུན་ཡོད་པ་དེ་རྣམས་ཀྱིས་ཇི་ལྟར་རིགས་པར་དོན་གྲུབ་པར་བྱེད་པའི་ཕྱིར་ན་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་ལྟར་དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་པོ་དེ་དག་གིས་རྩ་བའི་རྒྱུད་ཆེན་པོའི་མགོ་མཇུག་གི་དོན་ཡང་གསལ་ [98b.6]བར་སྟོན་ལ། དེའི་སྒྲུབ་ཐབས་སུ་གྱུར་པའི་ཡི་གེ་འདིའི་མགོ་མཇུག་གི་དོན་ཡང་འདིས་གསལ་བར་བྱེད་པས་ན། འདི་ལྟར་བསྟན་ཏོ། །རྒོལ་བ་པོ་ན་རེ། རྩ་བའི་རྒྱུད་ཆེན་པོའི་གླང་ནས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཆེན་པོ་ཞེས་གསུངས་ན། [98b.7]དེ་དང་སྦྱར་ན་རྒྱུད་མགོ་མཇུག་གི་བར་དུ་འབྱུང་བ་ཀུན་དེ་ཁོ་ན་ཉིད་ཀྱི་ངོ་བོར་གནས་པ་ཡིན་པས་དེ་ཁོ་ན་ཉིད་ཅེས་བརྗོད་པ་ལས་མ་གཏོགས་པ་སུམ་ཅུ་རྩ་བདུན་དུ་ཡང་བགྲང་དུ་མེད་ལ། གལ་ཏེ་དེ་ལྟར་བགྲང་དུ་ཡོད་པར་གྱུར་ན་ནི་རྩ་བའི་རྒྱུད་ཆེན་པོར་ཚིག་གིས་ཚོགས་མང་ [99a] [99a.1]པོ་གསུངས་པ་དག་ཡོད་པས་དེ་དག་སུམ་ཅུ་རྩ་བདུན་དུ་ཡང་མི་ཆུད་པས་ཉུང་བའི་སྐྱོན་དུ་ཐལ་བར་འགྱུར་བ་ཡང་ཡོད་ན་ཅིའི་ཕྱིར་འདི་ལྟར་བསྟན་ཅེ་ན། སྨྲས་པ་དེ་ཡང་བདེན་ཏེ། རྩ་བའི་རྒྱུ་བ་ཆེན་པོའི་གླང་ནས་དེ་སྐད་གསུངས་པས་དེ་བཞིན་དུ་གྱུར་པ་ [99a.2]དེ་བཀག་པ་ཡང་མེད་མོད་ཀྱི། དེ་ལས་གསུངས་པའི་ཚིག་གི་ཚོགས་དེ་དག་ཀྱང་འདི་ལྟར་བསྟན་པ་འདི་དག་གི་ནང་དུ་འདུས་བའི་ཕྱིར་ན། འདིར་མ་འདུས་པའི་སྐྱོན་དུ་ཡང་མི་འགྱུར་ལ། འདི་ལྟར་བརྗོད་པའི་དབྱེ་བ་འདིས་རྒྱུད་འདིའི་མགོ་མཇུག་ཀུན་དུ་ཁྱབ་པར་ནུས་བས་ [99a.3]གྲངས་ཉུང་བར་ཡང་མི་འགྱུར་ཏེ། རྒྱུད་ཀྱི་རང་གཉེར་དུ་སྦྱར་ནས་དེ་ལྟར་བསྟན་པའོ། །རྒོལ་བ་པོ་ན་རེ་འོ་ན་དེ་ནི་དེ་ལྟར་རུང་ན། རྩ་བའི་རྒྱུད་ཆེན་པོར་དཀྱིལ་འཁོར་བཞི་ཕྲིན་ལས་དང་བཅས་པ་དང་། ལས་བཞིའི་སྒྲུབ་ཐབས་དང་བཅས་པར་བསྟན་པའི་རྒྱུད་རྣམ་པ་གསུམ་ [99a.4]པོ་མཇུག་གི་ཁ་བསྐངས་པ་དང་བཅས་པ་ཤིན་ཏུ་མང་ཞིང་རྒྱ་ཆེ་བར་འགྱུར་བ་ཡིན་པས་དེ་ལ་ནི་འདི་དག་བསྟན་པར་རུང་ལ། སྒྲུབ་ཐབས་ཀྱི་ཡི་གེ་འཁོར་དུམ་བུ་བཞི་ལས་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དུམ་བུ་འབའ་ཞིག་གི་སྒྲུབ་ཐབས་ཀྱི་དབང་དུ་བྱས་ནས་ཚིག་དང་ཡི་ [99a.5]གེ་ཉུང་ཤོས་ཙམ་ཞིག་བསྟན་པ་ལ་དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་གྱི་དོན་ཚང་བར་སྟོན་པ་འགལ་ཏེ། དེ་ལྟ་ན་ནི་རྩ་བའི་རྒྱུད་ཆེན་པོ་ནི་ཚིག་མང་ལ་དོན་ཉུང་སྒྲུབ་ཐབས་ཀྱི་ཡི་གེ་འདི་ནི་ཚིག་ཉུང་ལ་དོན་མང་བ་མི་མཚུངས་པ་མཚུངས་པའི་སྐྱོན་དུ་ཐལ་བར་འགྱུར་རོ་ཞེ་ན། [99a.6]སྨྲས་པ་དེ་ལྟར་སྣང་བ་བདེན་མོད་ཀྱི་འོན་ཀྱང་དེ་ལྟར་སྣང་ཡང་འགལ་བར་མི་འགྱུར་བའི་གཏན་ཚིགས་སྟོན་པ་ཉིད་ཀྱིས་གསུངས་ཏེ། དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤ་ལོ་ཀ་འབུམ་ཡོད་པ་དེ་སྡུད་པ་ཚིགས་སུ་བཅད་པ་ཤ་ལོ་ཀ་སུམ་བརྒྱ་ཡོད་པའི་ནང་དུ་བསྡུས་ན་ཡང་ [99a.7]འབུམ་མང་ནས་ལྷག་ཅེས་བོར་རྒྱུ་མེད་ལ། སྡུད་པ་ཉུང་ནས་མ་ཆོག་ཞེས་བསྣན་རྒྱུ་མེད་པས་ཚིག་ཀྱང་མཉམ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་ཡང་སྤྱི་དོན་དགུ་དང་བཅུར་ཡར་མི་མང་ལ་སྡུད་པ་ཚིགས་སུ་བཅད་པ་ཡང་སྤྱི་དོན་དྲུག་དང་བདུན་དུ་མར་མི་ཉུང་སྟེ། སྤྱི་དོན་ [99b] [99b.1]བརྒྱད་ཁོ་ནར་ངེས་པའི་གཏན་ཚིགས་འཕགས་པ་མི་ཕམ་པས་བཤད་པ་ཐོགས་མེད་ཀྱིས་མཉན་ནས་རབ་ཏུ་བྱེད་པ་བརྩམས་པ་ལས་ཀྱང་། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་བྱ་བ་ལ་སོགས་པ་དག་རྒྱས་པར་གསུངས་སོ། །དེ་དང་ [99b.2]འདྲ་བར་འདི་ཉིད་ཀྱི་སྐབས་སུ་ཡང་རྩ་བའི་རྒྱུད་ཆེན་པོའི་མགོ་མཇུག་གི་དོན་དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་དུ་བསྡུས་ན་ཡང་དོན་ཉུང་ནས་ནི་མ་ཆོག་པ་མེད་ལ་ཚིག་མང་བས་ནི་ལྷག་པ་མེད་དོ། །སྒྲུབ་ཐབས་ཀྱི་ཡི་གེ་འདིར་དེ་དག་འདུས་པར་བསྟན་ན་ཡང་མ་ཤོང་བ་དང་ལྷག་པ་ཡང་མེད་ལ། [99b.3]མ་ཆོག་པ་དང་བསྣན་རྒྱུ་ཡང་མེད་དེ། མང་ཉུང་མི་མཉམ་བའི་སྐྱོན་དུ་ཡང་མི་འགྱུར་རོ། །རྒོལ་བ་པོ་ན་རེ། འོ་ན་ནི་སེམས་ཅན་དང་སངས་རྒྱས་སུ་ཡང་མཉམ་ལ་རྒྱ་མཚོ་ཆེན་པོ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུར་ཡང་མཉམ་ཞིང་མཚུངས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྨྲས་པ་སེམས་ [99b.4]ཅན་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཅན་བས་སངས་རྒྱས་པའི་ས་བོན་དང་ལྡན་པས་དོན་དམ་པར་སངས་རྒྱས་དང་སེམས་ཅན་དུ་མཉམ་པ་ལ་འགལ་བ་ཡང་མེད་པས། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་ནི་ཚོགས་ཆེན་པོ་གཉིས་རྫོགས་པའི་རྒྱུ་ལས་འབྲས་བུ་སྐུ་གསུམ་ [99b.5]བརྙེས་ཤིང་རྡོ་རྗེ་ལྟ་བུའི་སྐུ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་ཀྱིས་ལེགས་པར་བརྒྱན་ཅིང་མཛེས་པར་སྣང་བས་བདེ་བ་ཆེན་པོའི་ལྷུམས་ལ་བཞུགས་པ་ཡིན་ལ་སེམས་ཅན་རྣམས་ནི་རྒྱུ་ལས་དང་ཉོན་མོངས་པ་ལས་འབྲས་བུ་སྡུག་བསྔལ་གྱི་ངོ་བོར་སྨིན་པས་ [99b.6]འཁོར་བའི་ཡན་ལག་བཅུ་གཉིས་ཀྱིས་ཀུན་དུ་འཁོར་ཞིང་འཕྱན་པར་བྱེད་པས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་ཐོབ་སྟེ། འབྱུང་བ་བཞི་ཆ་རགས་པས་བསྐྱེད་པའི་ལུས་ཤ་ཁྲག་གི་གདོས་པ་ཅན་དང་ལྡན་པས་ཀུན་རྫོབ་ཏུ་མཉམ་ཞིང་མཚུངས་པར་ཡང་མི་འགྱུར་ལ། [99b.7]རྒྱ་མཚོ་ཆེན་པོ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུ་ཡང་རྒྱུ་ཆུའི་རྡུལ་ཕྲན་ལས་གྲུབ་པས་ནི་མཉམ་ཡང་འགལ་བ་མེད་ལ། འབྲས་བུ་ཆེ་ཆུང་གི་ཁྱད་པར་དཔག་ཡས་པས་མཉམ་པར་ཡང་མི་འགྱུར་ཏེ། དེ་བཞིན་དུ་ཡི་གེ་འདིའི་གནས་སྐབས་སུ་ཡང་། རྒྱུད་དང་སྒྲུབ་ཐབས་ཀྱི་བྱེ་བྲག་ [100a] [100a.1]གིས་དཀྱུས་མི་མཉམ་ན་ཡང་འགལ་བ་མེད་ལ། ཆེ་བའི་ཡོན་ཏན་གྱི་ཁྱད་པར་གྱིས་མཉམ་ན་ཡང་སྐྱོན་དུ་མི་འགྱུར་མོད་ཀྱི། སྤྱིར་སྟོན་པ་ཉིད་ཀྱིས་གདུལ་བྱའི་དབང་པོའི་རིམ་པ་དང་སྦྱར་ནས་སྤྱིར་ཡང་ཐེག་པའི་བྱེ་བྲག་མང་པོ་དག་ཏུ་གསུངས་ལ་རྒྱུད་དང་མདོ་སྡེའི་ [100a.2]གནས་སྐབས་སུ་ཡང་། ལ་ལར་ནི་ཚིག་ཉུང་ངུའི་ནང་དུ་དོན་མང་པོ་བསྡུས་ཏེ་བཀའ་སྩལ། ལ་ལའི་ནང་དུ་ནི་དོན་ཉུང་ལ་ཚིག་རྒྱས་པར་གསུངས་པ་ཡང་ཡོད་དེ། རྩ་བའི་རྒྱུད་ཀྱི་གནས་སྐབས་སུ་ཡང་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཆེན་པོ་ཉིད་ཀྱིས་གང་ཟག་དབང་པོ་རྣོན་ [100a.3]པོ་དོན་མགོ་སྨོས་པས་གོ་བ་རྣམས་ལ་ནི་རྒྱུད་ཀྱི་མཚན་ཉིད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་དེ་ཙམ་བསྟན། གང་ཟག་དབང་པོ་འབྲིང་པོ་ཚིག་ལྷུར་ལེན་པ་རྣམས་ལ་ནི། རྒྱུད་བཤད་པའི་ཁྱད་པར་གྱི་གླེང་གཞི་དང་ཤེས་པར་བྱ་བའི་དམིགས་ [100a.4]བསྟན་པས་གོ་བར་དགོངས་ནས་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བའི་འོག་ན། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ནམ་མཁའི་དབྱིངས་བཞིན་དུ་མཉམ་པར་བཞུགས་ཤིང་ཞེས་པ་ནས། བཅོམ་ལྡན་འདས་བྱང་ཆུབ་ཆེན་པོའི་ཐུགས་ [100a.5]བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ་ཞེས་བྱ་བའི་བར་དུ་ཉུང་ཤས་ཙམ་ཞིག་བསྟན་པ་དེའི་ནང་དུ་རྒྱུད་མགོ་མཇུག་གི་དོན་ཀུན་ཚང་ཞིང་རྫོགས་པར་བསྟན། གང་ཟག་དབང་པོ་རྟུལ་པོ་ཚིག་ལྷུར་ལེན་ [100a.6]པ་རྣམས་ཀྱི་དོན་དུ་ཐུན་མོང་གི་གླེང་གཞི་དང་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏོ། །ཞེས་པ་ནས་རྒྱུད་ཕྱི་མའི་ཡང་ཕྱི་མའི་མཇུག་རྫོགས་པ་ཡན་ [100a.7]ཆད་ཀྱིས་བསྟན་ཏེ། འོན་ཀྱང་དེར་ཡང་སྟོན་པ་ཉིད་ཀྱིས་དེ་ལྟར་བསྟན་པ་དང་སྒྲུབ་ཐབས་འདིས་ཀྱང་དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་གྱི་དོན་དང་ལྡན་པར་བསྟན་པ་ལ་འགལ་བ་མེད་དེ། དེ་ཁོ་ན་ཉིད་ཀྱི་དོན་དེ་དག་ཀྱང་ལྷ་དང་དཀྱིལ་འཁོར་དང་ཕྲིན་ལས་ལ་སོགས་པ་གཅིག་ལ་ [100b] [100b.1]ཡང་ཀུན་ཚང་དུ་བཏུབ་ལ། གཅིག་ལས་ཀྱང་མང་པོར་སྤྲོར་རུང་བས་གང་དུ་ཡང་འགལ་བ་མེད་དོ། །དེ་ལ་དེ་ཁོ་ན་ཉིད་འདི་དག་དཀྱུས་ལ་སྦྱར་ཐབས་ནི་རྣམ་པ་གཉིས་སུ་སྦྱར་ཏེ། བསྡུས་ཏེ་སྤྱི་ཁྱབ་དུ་སྦྱར་བ་དང་། ཁྱད་པར་རྐང་ཐོན་ཏུ་སྦྱར་བའོ། །དེ་ལ་བསྡུས་ཏེ་སྤྱི་ [100b.2]ཁྱབ་ཏུ་སྦྱར་བ་ནི་འདི་ལྟར་བསྟན་པ་འདི་དག་ཀྱང་དོན་དམ་པའི་དེ་ཁོ་ན་ཉིད་དང་། ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་རྣམ་པ་གཉིས་སུ་འདུས་ཏེ། སྒྲུབ་ཐབས་འདི་ལས་འབྱུང་བའི་རྣམ་པ་འདི་དག་ཀྱང་དོན་དམ་པར་ནི་རང་བཞིན་མི་དམིགས་པ་ཡིན་ལ། དེ་ལྟར་ཡིན་ཡང་ཀུན་རྫོབ་ཏུ་དེ་ [100b.3]བཞིན་དུ་བསྒྲུབས་ན་འགྲུབ་པར་ཤེས་པར་བྱའོ། །ཁྱད་པར་གྱིས་རྐང་ཐོན་དུ་སྦྱར་བ་ནི་འདི་ལྟར་བསྟན་པ་འདི་དག་རང་རང་གི་གནས་སྐབས་གང་དུ་བབས་བར་རིམ་པར་སྦྱར་ཏེ། འོག་ནས་ཞིབ་ཏུ་འཆད་དོ། །དེ་ནི་རྒྱུད་ཀྱི་དོན་ལ་བསྙེགས་ཏེ་བཤད་པའོ། །དོན་གཉིས་པ་སྒྲུབ་ [100b.4]ཐབས་ཀྱི་གཉེར་ཀྱིས་དཀྱུས་མགོ་མཇུག་ཏུ་ས་བཅད་པ་ནི་རྣམ་པ་གསུམ་སྟེ། དང་པོར་ཤེས་རབ་དང་ལྡན་པའི་གདུལ་བྱ་རྟོག་པ་ཅན་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་རྟོག་པ་བསལ་བའི་ཕྱིར་དགོས་འབྲེལ་གྱི་དོན་གྱིས་གཞན་ཡིད་ཆེས་བར་བྱ་བའི་ཐབས་བསྟན་པ་དང་། [100b.5]སྒྲུབ་ཐབས་རྣམ་པར་གཞག་པའི་གཞུང་བསྟན་པ་དང་། དགེ་བའི་རྩ་བ་བསྔོ་བར་བསྟན་པའོ། །དགོས་འབྲེལ་གྱི་དོན་གྱིས་གཞན་ཡིད་ཆེས་པར་བྱ་བ་ལ་ཡང་དོན་རྣམ་པ་བཞི་སྟེ། ཕྱག་འཚལ་བ་དང་། མ་བཅའ་བ་དང་། བརྩམས་པའི་དགོས་པ་དང་། རྒྱུད་ཀྱི་དོན་བསྟན་ [100b.6]པའོ། །སྒྲུབ་ཐབས་རྣམ་པར་གཞག་པའི་གཞུང་བསྟན་པ་ལ་ཡང་རྣམ་པ་གསུམ་སྟེ། བསྒོམ་པ་དང་། བསྒྲུབ་པ་དང་། ཕྲིན་ལས་སོ། །བསྒོམ་པ་ལ་ཡང་རྣམ་པ་གཉིས་ཏེ། གཙོ་བོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡན་ལག་དང་ [100b.7]བཅས་པར་བསྒོམ་པ་དང་། འཁོར་དེའི་རིགས་ཀྱི་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡན་ལག་དང་བཅས་པར་བསྒོམ་པའོ། །བསྒྲུབ་པ་ལ་ཡང་རྣམ་པ་གཉིས་ཏེ། ཐུན་མོང་གི་དངོས་གྲུབ་ལ་སོགས་པ་འཇིག་རྟེན་པའི་རྣལ་འབྱོར་པ་རྣམས་བསྒྲུབ་ [101a] [101a.1]པ་དང་། མཆོག་གི་དངོས་གྲུབ་འཇིག་རྟེན་ལས་འདས་པའི་ཁྱད་པར་ཡེ་ཤེས་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོ་ཡན་ལག་དང་བཅས་པའི་དངོས་གྲུབ་བསྒྲུབ་པའོ། །ཕྲིན་ལས་ལ་ཡང་རྣམ་པ་གཉིས་ཏེ། འཕགས་པ་མཆོད་པ་དང་། སེམས་ཅན་གྱི་ [101a.2]དོན་བྱ་བའོ། །དེ་ལ་ཡང་དབྱེ་བ་རྣམ་པ་བཞི་སྟེ། ཞི་བ་དང་། རྒྱས་པ་དང་། དབང་དང་མངོན་སྤྱོད་དོ། །དགེ་བའི་རྩ་བ་བསྔོ་བ་ལ་ཡང་རྣམ་པ་གཉིས་ཏེ་བདག་གི་རྒྱུད་ལ་བསྔོ་བ་དང་གཞན་གྱི་རྒྱུད་ལ་བསྔོ་བ་སྟེ། དེ་དག་ཀྱང་དཀྱུས་གྱི་རིམ་པ་དང་། གནས་སྐབས་ཇི་ལྟ་བ་ [101a.3]བཞིན་དུ་སྦྱར་བར་བྱའོ། །དོན་གསུམ་པ་སྒྲུབ་ཐབས་ཀྱི་མགོ་མཇུག་གི་དོན་བཤད་པ་ནི་དཀྱུས་ཀྱི་རིམ་པ་རྣམ་པར་གཞག་པའི་དོན་ཇི་ལྟ་བ་བཞིན་དུ་རེ་རེ་ནས་མཐར་གྱིས་བཤད་ཅིང་གཏན་ལ་འབེབས་པར་བྱེད་པ་སྟེ། ཇི་ལྟར། རྣམ་སྣང་མཛད་ཆེན་ཡེ་ཤེས་ནི། །ཞེས་བྱ་བ་ནས་ [101a.4]བརྩམས་ཏེ། དཔལ་ལྡན་རྡོ་རྗེ་སེམས་པའི་ཐུགས། །ཡོངས་སུ་མཉེས་པ་ཉིད་དུ་གྱུར། །ཞེས་བྱ་བ་ལ་མཐར་ཐུག་གི་བར་དུ་དེ་དག་རིམ་གྱིས་བཤད་ཅིང་ཡིག་འབྲུ་འདུས་པའི་ཚིག་རྣམས་འཇོམས་པར་བྱེད་པའོ། །དེ་ལྟར་སྤྱི་དོན་རྣམ་པ་གསུམ་དུ་སྨྲས་པ་ཡང་ཅི་དགོས་ཤེ་ན། སྨྲས་ [101a.5]པ་དེ་ཡང་དགོས་པ་མེད་པ་མ་ཡིན་ཏེ། དང་པོས་ནི་སྒྲུབ་ཐབས་ཀྱི་ལུས་རྣམ་པར་གཞག་པའོ། །གཉིས་པས་ནི་ཡན་ལག་གི་དབྱེ་བ་བསྟན་པའོ། །གསུམ་པས་ནི་ལུས་དང་ཡན་ལག་གི་མཚམས་སྦྱོར་ཅིང་། ཚིག་གི་དོན་མཐའ་དག་འབྱེད་པར་བྱེད་པས་ན་དེ་ལྟར་བསྟན་ཏོ། །ད་ནི་དེ་ [101a.6]དག་གི་དོན་རིམ་པར་སྐབས་དང་སྦྱར་ན། ཕྱག་དང་ཞེ་ས་ལ་སོགས་པའི་ཚུལ་ཤིས་པ་དག་ནི་མ་རབས་ཕལ་པ་དག་ལ་མེད་དེ། ཡ་རབས་གོང་མ་རྣམས་ཀྱི་རྐྱེན་དུ་གྱུར་པ་ཡིན་པས་སློབ་དཔོན་སངས་རྒྱས་གསང་བ་ཡང་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་འཕགས་པ་འཇམ་དབྱངས་ [101a.7]ཀྱི་ཞལ་མཐོང་ཞིང་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་དུ་བྱིན་གྱིས་རློབ་པར་སྤྱོད་པས་ཀུན་གྱིས་ཕྱག་བྱ་བའི་གནས་སུ་གྱུར་པ་ཡིན་མོད་ཀྱི་འོན་ཀྱང་དེས་ཀྱང་ཅི་མཛད་ཅི་སྤྱོད་ཀྱང་། དང་པོར་ཕྱག་དང་ཞེ་ས་སྔོན་དུ་བཏང་ནས་གདོད་རྩོམ་པར་མཛད་པས་ན། སྒྲུབ་ཐབས་ཀྱི་ཡི་གེ་ [101b] [101b.1]འདི་མཛད་པ་ལ་དང་པོར་ཆོས་ཀྱི་སྐུ་ལ་བསྟོད་ནས་དེའི་ཞར་ལ་གཟུགས་སྐུ་རྣམ་པ་གཉིས་ལ་ཡང་བསྟོད་པ་མཛད་དེ། དེ་ཡང་དང་པོར་རང་གི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་ཆོས་ཀྱི་སྐུའི་རང་བཞིན་ལ་བསྟོད་པའི་དོན་གསུངས་པ། རྣམ་སྣང་མཛད་ཆེན་ཡེ་ཤེས་ནི། །བདེ་བར་ [101b.2]གཤེགས་པའི་ཐུགས་ལ་གནས། །རྡོ་རྗེ་དབྱིངས་ལ་སོགས་པའི་གཟུགས། །སངས་རྒྱས་ལ་སོགས་འཁོར་ལོ་བསྐོར། །ཞེས་བྱ་བ་ལ་སོགས་པའི་ཚིག་གསུངས་སོ། །དེ་ལ་རྣམ་སྣང་མཛད་ཅེས་པ་ནི། ཆོས་ཀྱི་སྐུ་དང་མི་གཉིས་པར་གྱུར་པའི་ཡེ་ཤེས་ཉིད་ལ་བྱ་སྟེ། [101b.3]དོན་དམ་པར་ཡེ་ཤེས་དེ་ཉིད་རང་བཞིན་གྱིས་འོད་གསལ་བ་དང་། ཀུན་རྫོབ་ཏུ་འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་སྐུ་གསུང་ཐུགས་ཁམས་གསུམ་ཐམས་ཅད་དུ་སྣ་ཚོགས་པའི་རྣམ་པར་སྣང་བར་མཛད་པས་ན། རྣམ་པར་སྣང་མཛད་ཅེས་བྱའོ། །ཡོན་ཏན་དེ་ལྟ་བུ་དེ་དག་ས་ [101b.4]བཅུའི་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་མོད་ཀྱི། དེ་དག་ལས་ཁྱད་པར་དུ་གྱུར་པས་ན་རྣམ་སྣང་མཛད་ཆེན་ཞེས་བྱ་སྟེ། རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བའོ། །ཡེ་ཤེས་ཞེས་པ་ནི་ཆོས་ཀྱི་སྐུ་ཡེ་ཤེས་ལྔའི་རང་བཞིན་གང་གི་མཐུ་རྣམ་པ་སྣ་ཚོགས་དང་ལྡན་པ་ཉིད་ཀྱི་ [101b.5]ཡོན་ཏན་རྣམས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམས་སུ་བསྟན་པ་ཡིན་ལ། ཡེ་ཤེས་དེ་དག་གི་ཏིང་ངེ་འཛིན་གྱི་སྒོ་རིགས་དང་། རིགས་ཀྱི་སེམས་པ་ལ་སོགས་པར་སྟོན་པར་བྱེད་ནུས་པའོ། །བདེ་བར་གཤེགས་པའི་ཐུགས་ལ་གནས། །ཞེས་པ་ནི། བདེ་བར་གཤེགས་ [101b.6]པ་རྣམ་པར་སྣང་མཛད་ཆོས་ཀྱི་སྐུའི་རང་བཞིན་གོང་མ་ལྟ་བུའི་ཡོན་ཏན་གྱི་བྱེ་བྲག་རྣམ་པ་མང་པོ་དང་ལྡན་པ་དེ་ནི། དེ་ལྟ་བུའི་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་ལ་གནས་སོ་ཞེས་པའི་དོན་ཏེ། ཐུགས་ཞེས་པ་ནི་ཡང་དག་པ་ཉིད་ཕྱིན་ [101b.7]ཅི་མ་ལོག་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་སྐུའི་རང་བཞིན་གྱི་སྒོ་ནས་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་ཆོས་ཀྱི་སྐུ་མི་གཉིས་པའི་ཡེ་ཤེས་དེ་ཉིད་དོན་དམ་པར་རང་བཞིན་གྱི་གནས་སོ། །ཞེས་བྱ་བའི་རང་བཞིན་གྱིས་འོད་ [102a] [102a.1]གསལ་བའི་ངོ་བོར་གནས་མོད་ཀྱི། སྔོན་གྱི་སྨོན་ལམ་གྱི་མཐུ་དང་། ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས། ཡེ་ཤེས་ཀྱི་རྣམ་པར་ཐར་བ་དང་། ཡོན་ཏན་གྱི་སྒོར་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། རིགས་བཞི་དང་རིགས་ཀྱི་གཙོ་བོ་ལ་སོགས་པར་བསྟན་ནས་ [102a.2]གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པའི་ཕྱིར་ན། གཟུགས་ཀྱི་སྐུ་ལ་བསྟོད་པ་གསུངས་སོ། །གཞན་དག་ན་རེ་གཟུགས་ཀྱི་སྐུའི་ཚུལ་དུ་རྣམ་པར་སངས་རྒྱས་པར་མཛད་པ་ཡང་ཆ་ལུགས་རྣམ་པ་མང་པོ་དག་ཡོད་ན་འདིར་ཇི་ལྟ་བུའི་ཚུལ་དུ་བསྟན་ཏེ་སངས་རྒྱས་པ་ཡིན་ [102a.3]ཞེ་ན། སྨྲས་པ་རྡོ་རྗེ་དབྱིངས་ལ་སོགས་པའི་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཞེས་བྱ་བའི་རྣམ་པ་དང་ལྡན་པའི་གཟུགས་སུ་སྟོན་ཅིང་རང་གི་འཁོར་བྱིན་གྱིས་རློབ་པའི་ཚུལ་གྱིས་སངས་རྒྱས་པར་བསྟན་པར་མཛད་པའོ། ། [102a.4]སོགས་ཞེས་པ་ནི་དེའི་རིམ་པ་དང་འཁོར་གྱི་རྣམ་པ་དག་དེར་སྦུད་པར་མཛད་པའོ། །དེ་ལ་འདིར་རྡོ་རྗེ་དབྱིངས་ཞེས་བརྗོད་པ་ནི་རིགས་བཞི་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་དབྱིངས་ཞེས་བོས་ནས་རྡོ་རྗེ་མིང་གི་དབང་བསྐུར་བའི་ཚིག་སྟེ། འདི་ལྟར་བརྗོད་པའི་ [102a.5]དོན་ནི་འཁོར་བའི་དབང་དུ་མ་གྱུར་ཏེ། ཡེ་ཤེས་ཆེན་པོས་འཁོར་བ་ལ་དམིགས་ནས། ཐུགས་རྗེས་ཉན་ཐོས་ལྟར་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཡེ་ཤེས་རྡོ་རྗེ་ལྟར་ཅིས་ཀྱང་མི་ཚུགས་པའི་རང་བཞིན་གྱི་སྐུ་ཡིན་པའི་ཕྱིར་དོན་དེའི་རྗེས་སུ་འབྲང་བའི་ཚིག་ཏུ་འདི་སྐད་ [102a.6]བརྗོད་དོ། །སངས་རྒྱས་ཞེས་པ་ནི་དོན་དེ་དང་ལྡན་པའི་ཚུལ་དང་ཆ་ལུགས་འཛིན་པའི་གཟུགས་སུ་བསྟན་པའི་སངས་རྒྱས་པར་མཛད་པའོ། །ལ་སོགས་ཞེས་པ་ནི་སངས་རྒྱས་པ་དང་བདུད་བཏུལ་བ་ལ་སོགས་པ་སངས་རྒྱས་པའི་མཛད་པའི་ཚུལ་གྱིས་རྣམ་པ་མ་ [102a.7]ལུས་ཤིང་མཐར་ཐུག་པ་དག་སྡུད་པར་བྱེད་པའི་ཚིག་གོ། །དེ་བས་ན་འཁོར་ལོ་བསྐོར་ཞེས་པ་ནི། རིགས་མཐུན་པའི་འཁོར་རྣམས་ཀྱིས་འཁོར་ལོའི་ཚུལ་དུ་བསྐོར་ནས། འདིའི་གཞུང་ཉིད་འཆང་པར་མཛད་པས་ན་དེ་སྐད་བརྗོད་དོ། །དེ་ཡན་ཆད་ཀྱིས་སྐུ་གསུམ་གྱི་རང་བཞིན་ [102b] [102b.1]དང་ཡོན་ཏན་གྱི་ཁྱད་པར་ཇི་སྙེད་པ་ཐམས་ཅད་རྣམ་པར་དབྱེ་བའི་ཚུལ་དུ་བསྟན་ནས། ད་ནི་དེ་དག་གི་དོན་རྣམ་པར་སྡུད་པའི་སྒོ་ནས་བསྟན་པའི་དགའ་བའི་ཚིག་བསྡུ་བའི་རྣམ་པ་གསུངས་པ། དེ་ལྟར་ཆོས་ཀྱི་སྐུ་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་སྐུ་ནི་མི་གཉིས་པའི་ [102b.2]ཡེ་ཤེས་ཆེན་པོ་རང་བཞིན་གྱིས་འོད་གསལ་བའི་ངོ་བོར་གྱུར་པ་ཡེ་ཤེས་ཀྱི་དབྱིངས་ལ་ཁྱབ་པས་གཉིས་སུ་མེད་པར་གནས་པར་གྱུར་པའི་རྒྱུའི་ངོ་བོ་ཉིད་དུ་འདོད་པའི་བདག་ཉིད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ལས་གྱུར་པའི་ [102b.3]མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལས་སངས་རྒྱས་ནས། རྒྱུད་དག་པའི་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་མཛད་པའོ། །སྤྲུལ་པའི་སྐུ་ཞེས་པ་ནི་སྒོ་ལྔའི་རྣམ་པར་ཤེས་པ་ལས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ལས་སངས་རྒྱས་པ་ [102b.4]སྟེ། མཚན་ཉིད་དང་སྔགས་རྣམ་པ་གཉིས་ཀྱི་སྒོ་ནས་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་ནས། ལྷ་དང་མི་ལ་སོགས་པའི་གདུལ་བྱ་སྐལ་བ་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པའོ། །དེ་བས་ན་དེའི་དོན་གསལ་བར་བསྟན་པའི་ཕྱིར། རྣམ་སྣང་མཛད་དང་ཐུབ་པ་ཡང་། །རྒྱུད་ [102b.5]འདིའི་སྟོན་པ་ཞེས་སྨོས་ཏེ། །རང་བཞིན་གྱིས་གྲུབ་པ་དབང་ཕྱུག་ཆེན་པོའི་གནས་སུ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཏིང་ངེ་འཛིན་གྱི་སྒོ་ནས་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལ་སོགས་པ་འཆད་པར་མཛད་ལ། ལྷའི་རྒྱལ་པོ་དབང་སྒྱུར་གྱི་གནས་དང་རི་རབ་རིའི་རྩེ་མོ་ལ་ [102b.6]སོགས་པར་ནི་ལྷའི་གཙོ་བོ་རིགས་མཐུན་པའི་འཁོར་དང་བཅས་པ་རྣམས་ལ་རྒྱུད་འདི་ཉིད་འཆད་པར་མཛད་པ་དང་། འཛམ་བུའི་གླིང་གི་མིའི་འགྲོ་བ་སྐལ་བ་མཉམ་པ་རྣམས་ལ་ཡང་དེ་བཞིན་དུ་འཆད་པར་མཛད་པས་ན་རྒྱུད་སྟོན་པ་དང་འགྲོ་བ་འདྲེན་པའི་ངོ་བོར་གྱུར་པས་ན་དེ་སྐད་ [102b.7]བརྗོད་དོ། །དེ་དག་བསྟོད་ནས་ཞེས་བྱ་བ་ནི། དེ་རྒྱུད་སྟོན་པར་མཛད་པའི་སངས་རྒྱས་དང་སངས་རྒྱས་དེ་དག་གི་འཁོར་དུ་གྱུར་པ་དག་ལ་རང་བཞིན་དང་ཡོན་ཏན་གྱི་སྒོ་ནས་མངོན་པར་བསྟོད་པའི་ཚིག་བརྗོད་པའི་འོག་ཏུ་གདོད། སྒྲུབ་ཐབས་ཀྱི་རིམ་པ་བརྩམ་པར་མཛད་པའོ། ། [103a] [103a.1]ནས་ཞེས་བྱ་བ་ནི་མཚམས་འབྲེལ་པར་བྱེད་པའི་ཚིག་གི་གཟུགས་སོ། །ལ་ལ་ན་རེ། རྣམ་སྣང་མཛད་ཆེན་ཡེ་ཤེས་ནི། །ཞེས་བྱ་བ་འདི་རྣམ་པར་སྣང་མཛད་ཆེན་པོ་དང་དེའི་ཡེ་ཤེས་ཞེས་སྦྱར་ཏེ། རྣམ་པར་སྣང་མཛད་ཆེན་པོ་ནི་རང་བཞིན་གྱི་ལྷུན་གྱིས་གྲུབ་ [103a.2]པའི་གནས་ན་བཞུགས་པའི་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་སུ་བཞུགས་ནས་རང་གི་འཁོར་སྨིན་པར་བྱེད་ལ་ཡིད་ཉོན་མོངས་པ་ཅན་དང་། རྣམ་པར་ཤེས་པའི་ཡིད་ཡོངས་སུ་དག་པ་ལས་གྱུར་པ་མཉམ་པ་ཉིད་དང་། སོ་སོར་ [103a.3]ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལས་གྱུར་པའི་སྒོ་གཟུགས་ཀྱི་སྐུ་རྣམ་པར་སྣང་མཛད་པའོ། །དེ་ཡང་དེའི་ཆ་ལུགས་འཛིན་པ་གཞན་དག་ཡོད་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ན་ཆེན་པོ་ཞེས་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ། །ཡེ་ཤེས་ནི་དེའི་ཡེ་ཤེས་ཏེ། དབྱིངས་ [103a.4]རྣམ་པར་དག་པའི་དོན་ལ་འབིགས་པར་བྱེད་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་དག་པ་ལས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་དབྱིངས་དང་འདྲེན་མར་གྱུར་པས་སྐུ་ལྟག་འོག་རྣམས་འབྱུང་བའི་གཞིར་གྱུར་པ་སྟེ། ཡེ་ཤེས་ [103a.5]གཞན་དག་ཡོད་པའི་ནང་ན་གཞི་དང་རྩ་བ་ནས་ཀུན་གྱི་རྒྱུའི་ངོ་བོའི་ཕྱིར་ན་ཡེ་ཤེས་ཞེས་བྱའོ། །དེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་རང་བཞིན་བས་ན་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་ན་བདེ་བར་གཤེགས་པའི་ཐུགས་ལ་གནས་ཞེས་བྱའོ། ། [103a.6]རྡོ་རྗེ་དབྱིངས་ལ་སོགས་པ་ཞེས་པ་ནི་ལྷའི་གཞལ་མེད་ཁང་དང་མིའི་གྲོང་ཁྱེར་ལ་སོགས་པར་སངས་རྒྱས་པའི་ཚུལ་སྟོན་ཅིང་ལྷ་ཁྱད་པར་ཅན་དང་མི་བསོད་ནམས་ཅན་དག་ཡོངས་སུ་སྨིན་པར་མཛད་པ་སྟེ། སྒོ་ལྔའི་རྣམ་པར་ཤེས་པ་རྣམ་པར་དག་པ་ལས་གནས་གྱུར་པ་བྱ་ [103a.7]བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ལས་སྐུར་སྣང་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཞེས་བྱ་བའི་དེ་བཞིན་གཤེགས་པ་དང་། སོགས་ཞེས་བྱ་བའི་སྒྲས་འཁོར་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་དང་། སེམས་དཔའ་ཆེན་པོ་རྣམས་དང་། ཕྱི་ནང་གི་ལྷ་ [103b] [103b.1]མོ་དང་། སྒོ་སྲུང་བར་བྱེད་པ་བཞི་ལ་སོགས་པ་འཁོར་ཆ་ལུགས་རྣམ་པ་ཐ་དད་པར་བསྟན་པའི་སྒོ་ནས་འཕགས་པ་མཉེས་པར་མཛད་པ་དང་། སེམས་ཅན་གྱི་དོན་ལ་བརྩོན་པར་དགོངས་པ་དག་བསྡུའོ། །སངས་རྒྱས་ཞེས་པ་ནི། འཛམ་བུའི་གླིང་རྡོ་རྗེ་གདན་ལ་མངོན་པར་ [103b.2]བྱང་ཆུབ་པའི་ཚུལ་བསྟན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སོགས་པའི་སྒྲས་དེའི་འཁོར་དུ་གྱུར་པ་དག་སྡུད་པར་བྱེད་པའོ། །འཁོར་ལོ་བསྐོར་ཞེས་པ་ནི། དེ་དག་རང་གི་འཁོར་གྱིས་འཁོར་ལོ་དང་འདྲ་བར་བསྐོར་བ་ཡང་ཡིན་ལ་འཁོར་དེ་དག་དང་དེའི་ཆར་གྱུར་པ་ [103b.3]རྣམས་ལ་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ་རྒྱུན་མི་འཆད་པར་བསྐོར་བར་མཛད་པས་ནི། འདི་ལྟར་བརྗོད་དོ། །རྣམ་གཅིག་གཞན་དག་ན་རེ། །རྣམ་སྣང་མཛད་ཆེན་ཡེ་ཤེས་ནི། །བདེ་བར་གཤེགས་པའི་ཐུགས་ལ་གནས། །ཞེས་བྱ་བ་རྣམ་ [103b.4]པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོ་དང་། དེའི་ཡེ་ཤེས་ཞེས་བྱ་བར་སྦྱར་ཏེ། དེ་ལ་རྣམ་སྣང་མཛད་ཅེས་བྱ་བ་ནི། ཆོས་ཉིད་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པ་ལ་ལོངས་སྤྱོད་ཅིང་བྱང་ཆུབ་སེམས་དཔའ་ས་དང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཆ་ལ་གནས་པ་ [103b.5]རྣམས་དང་། ཐབས་གཅིག་ཏུ་བཞུགས་ནས་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལ་དབང་བསྒྱུར་ནས་རང་གི་འཁོར་དེ་དག་ཚིམ་པར་མཛད་པ་དང་། ཐེ་ཚོམ་གྱི་དྲ་བ་གཅོད་ཅིང་བརྟག་པར་དཀའ་བའི་སྒྲིབ་པ་སེལ་བའི་མཐུ་མངའ་བའོ། །རྣམ་པར་སྣང་མཛད་ཆེན་པོ་ཞེས་པ་ནི། ཆེ་ [103b.6]བའི་ཡོན་ཏན་ཐམས་ཅད་སྡུད་ཅིང་འཛིན་པར་བྱེད་པའི་གཞིར་གྱུར་པ་མངོན་སུམ་པའི་སངས་རྒྱས་ཞེས་བྱ་བ་སྟེ། རྣམ་པར་སྣང་མཛད་ལ་མི་མངའ་བའི་རྣམ་པར་ཐར་པ་ཇི་སྙེད་པ་དག་ཀྱང་སྟོན་པར་མཛད་པ་ཡིན་ཞེའོ། །དེའི་ཡེ་ཤེས་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་ [103b.7]ཡེ་ཤེས་རྡོ་རྗེ་ལྟ་བུའི་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་ཚོགས་ཆེན་པོ་ཡོངས་སུ་རྫོགས་པའི་ངོ་བོ་ནམ་མཁའ་ལྟ་བུའི་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དུ་གྱུར་པ་ཡེ་ཤེས་ལྔ་དང་ལྡན་པའི་སྐུའོ། །འོ་ན་དེ་དག་གང་ལ་གནས་སམ་གང་ནས་བྱུང་བ་ཡིན་སྙམ་པ་རྣམས་ཀྱི་དོན་ [104a] [104a.1]དུ། བདེ་བར་གཤེགས་པའི་ཐུགས་ལ་གནས། །ཞེས་བྱ་བ་གསུངས་ཏེ། གཅིག་གནས་པའི་ཟླས་ཀུན་གྱི་ཟླ་བརྗོད་པར་བྱ་སྟེ། འོག་མ་འོག་མ་རྣམས་ཀྱི་གནས་སུ་གྱུར་པ་ནི་གོང་མ་གོང་མའི་སྐུ་རྣམས་ཏེ། དེ་དག་གི་གཞིར་གྱུར་པའི་ཡེ་ཤེས་ཆེན་པོ་ [104a.2]ཡེ་ཤེས་ལྔ་དང་ལྡན་པའི་སྐུ་དེའི་གནས་སུ་གྱུར་པ་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཁོ་ན་བས་དེ་ལ་གནས་པའི་ཕྱིར་ན། བདེ་བར་གཤེགས་པའི་ཐུགས་ལ་གནས། །ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ནི་གནས་ཐམས་ཅད་དང་བྲལ་བས་གང་གི་ [104a.3]མཐར་ཡང་མ་གྱུར་བས་གནས་པ་མེད་པའི་མཚན་ཉིད་ཅན་ཡིན་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་དམ་ངོ་བོར་གྱུར་པས་ཐུགས་ལ་གནས་ཞེས་བྱ་སྟེ། ཐུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་དེ་དག་ལ་ཆེ་ [104a.4]བའི་ཡོན་ཏན་དུ་བཞག་པའི་རྣམ་པ་གཞན་དག་དང་ཡང་ལྡན་པ་ཡིན་ནམ། འོན་ཏེ་དེ་དག་ཁོ་ནའི་ངོ་བོར་གནས་པ་ཞིག་ཡིན་སྙམ་པ་རྣམས་ཀྱི་དོན་དུ། རྡོ་རྗེ་དབྱིངས་ལ་སོགས་པའི་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ཐུགས་རྗེ་དང་ཡེ་ཤེས་ཀྱི་ [104a.5]ཤུགས་ལས་བྱུང་བ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྡོ་རྗེ་དབྱིངས་ཞེས་བྱ་བའི་སངས་རྒྱས་སུ་མངོན་པར་བསྟན་ནས། །འཁོར་རིགས་དང་རིགས་ཀྱི་གཙོ་བོ་དང་། སེམས་དཔའ་དང་སེམས་མ་ལ་སོགས་པའི་ཚོགས་མངོན་པར་སྤྲུལ་ནས་དཀྱིལ་འཁོར་དེ་ཉིད་དུ་ཕྲིན་ [104a.6]ལས་རྣམ་པ་བཞིས་གདུལ་དཀའ་བའི་འགྲོ་བ་རྣམས་ཡོངས་སུ་འདུལ་བར་མཛད་པའི་གཙོ་བོར་གྱུར་པའོ། །འོ་ན་འཛམ་བུའི་གླིང་དུ་དམ་པའི་ཆོས་སྟོན་པར་མཛད་པ་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་པ་རྣམས་ཀྱི་དོན་དུ། སངས་རྒྱས་ལ་སོགས་འཁོར་ལོ་བསྐོར། །ཞེས་བྱ་བ་སྨོས་ཏེ། དེ་ [104a.7]དང་དུས་མཉམ་པ་ཉིད་དུ་འཛམ་བུའི་གླིང་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདེན་པ་གཉིས་ཇི་ལྟ་བ་བཞིན་དུ་མངོན་པར་སངས་རྒྱས་པའི་ཚུལ་བསྟན་ནས། ལྷ་དང་མིའི་དོན་མཛད་པའི་ཕྱིར་ཉེ་གནས་ཀྱི་འཁོར་དུ་གྱུར་པ་ལ་སོགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་ [104b] [104b.1]མཛད་པ་སྟེ། ཆོས་ཀྱི་སྐུ་ཡོན་ཏན་ཁྱད་པར་དུ་གྱུར་པ་དེ་ནི་ཐམས་ཅད་ཀྱི་བདག་ཉིད་དུ་གནས་ལ་དེའི་ཡོན་ཏན་དང་ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བའི་གཟུགས་ཀྱི་སྐུ་ལ་སོགས་པའི་རིགས་རྣམས་ཏེ། དེ་ལྟར་འབྲེལ་པ་ཅན་དུ་གྱུར་པས་བདག་གཞན་གྱི་དོན་མཐར་ཕྱིན་པར་བྱེད་པ་ནི། [104b.2]དཔེར་ན་མར་མེ་ལ་འོད་འབྱུང་བ་དང་ཉི་མ་ལས་ཟེར་འབྱུང་བས་གཞན་ལ་གསལ་བའི་གོ་འབྱེད་པར་བྱེད་པ་བཞིན་ནོ། །འོ་ན་ཆོས་ཀྱི་སྐུ་དེ་ལྟ་བུའི་མཚན་ཉིད་ཅན་དེ་ནི་གཅིག་གི་ངོ་བོ་ལས་དུ་མའི་རྣམ་པར་ཡང་སྟོན་ལ་དུ་མའི་རྣམ་པ་ལས་གཅིག་གི་ངོ་བོར་ཡང་གནས་ཏེ། ཕྱོགས་ [104b.3]གཅིག་ཏུ་ཆད་པ་མ་ཡིན་པས་གང་དུ་ཡང་མི་དམིགས་པར་གྱུར་པ་ཡིན་ན། དེ་དག་གི་ནང་ནས་རྒྱུད་འདི་སྟོན་པ་ནི་གང་ཡིན། ཚུལ་ལམ་ཐབས་ནི་ཇི་ལྟར་སྟོན་པར་མཛད་སྙམ་པ་རྣམས་ཀྱི་དོན་དུ། དེ་ལྟར་ཆོས་ཀྱི་སྐུ་དང་ནི། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །རྣམ་སྣང་མཛད་ [104b.4]དང་ཐུབ་པ་ཡང་། །རྒྱུད་འདི་སྟོན་ཞེས་བྱ་བ་འདི་སྨོས་ཏེ། དེ་དག་གིས་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བའི་རྒྱུད་འདི་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་རང་བཞིན་གྱིས་རྣམ་པར་སོ་སོའི་ཞིང་ཇི་ལྟ་བུ་དག་ལ་དེ་བཞིན་དུ་གོ་བར་སྟོན་པར་མཛད་པའོ། །དག་བསྟོད་ནས་ [104b.5]ཞེས་པ་ནི་གོང་མའི་ཚིག་ཀུན་གྱི་མཇུག་ལ་བསྙེགས་པ་སྟེ། དེ་བཞིན་གཤེགས་པའི་སྐུ་རྣམས་ལ་ཡོན་ཏན་ཚད་མེད་པ་དག་མངའ་བས་གྲངས་བགྲང་ཞིང་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་འདིར་རང་བཞིན་དང་། ཡོན་ཏན་དང་། ཕྲིན་ལས་ཀྱི་རྣམ་པ་ཙམ་དུ་མདོར་བསྡུས་པའི་ [104b.6]སྒོ་ནས་བསྟོད་པའོ། །དེ་ལ་བསྟོད་པའི་དོན་ནི་ཕྱག་འཚལ་བ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། ཕྱག་འཚལ་བས་ཀྱང་བསྟོད་པར་འགྱུར་ལ་བསྟོད་པའི་ཁོངས་ནས་ཀྱང་ཕྱག་འཚལ་བའི་དོན་འབྱུང་བས་དེ་ཉིད་གཅིག་ལ་གཅིག་ཁྱབ་པའི་མཚན་ཉིད་ཅན་དུ་གནས་པ་ནི་ཏིལ་དང་ཏིལ་མར་རམ། [104b.7]དུང་དང་དཀར་བའི་ཚུལ་ཇི་ལྟ་བ་དེ་བཞིན་དུ་ཤེས་པར་བྱའོ། །སློབ་དཔོན་ལ་ལ་དག་ན་རེ། གླད་ཀྱི་ཚིག་འདི་དག་སྐུ་རྣམ་པ་ལྔ་དེ་ཁོ་ན་ཉིད་བསྡུས་པའི་གཞུང་དང་སྦྱར་ནས་བཤད་པར་འདོད་དེ། ཅིའི་ཕྱིར་ཞེ་ན། རྩ་བའི་རྒྱུད་ཆེན་པོ་ཉིད་ལས། བཅོམ་ལྡན་འདས་རྣམ་ [105a] [105a.1]པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བྱིན་གྱིས་བརླབས་དང་། ཞེས་པ་ནས་དེ་བཞིན་གཤེགས་པའི་སྐུ་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཞིང་ཚད་མེད་པ་གྲངས་མེད་པ་དག་སྣང་ངོ་། །སངས་རྒྱས་ཀྱི་ཞིང་དེ་དག་ན་ཡང་ཆོས་ཀྱི་ཚུལ་ [105a.2]འདི་ཉིད་འཆད་དོ་ཞེས་པའི་བར་གྱིས་ནི། རྣམ་སྣང་མཛད་ཅེས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ནམ་མཁའི་དབྱིངས་ཐམས་ཅད་ཇི་ལྟ་བ་བཞིན་དུ། རྟག་པར་བཞུགས་ཤིང་ཞེས་པ་ནས། ཐབས་ཆེན་དང་ནི་མཆོག་ཆེན་མཆོག །ཀུན་ [105a.3]མཁྱེན་མཆོག་དང་གནས་དབང་པོ། །ཞེས་བྱ་བའི་བར་གྱིས་ནི་ཆེན་པོ་ཞེས་པ་བསྟན་ཏོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ་ཞེས་བྱ་བས་ནི། ཡེ་ཤེས་ནི་བདེ་བར་གཤེགས་པའི་ [105a.4]ཐུགས་ལ་གནས་ཞེས་བྱ་བ་བསྟན་ཏོ། །དེ་ནི་མི་དམིགས་པའི་ཡེ་ཤེས་ཆེན་པོ་རྡོ་རྗེ་སེམས་དཔའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་པ་གང་ན་བདེར་ [105a.5]གཤེགས་ཏེ་ཞེས་བྱ་བ་ནས། རི་རབ་རིའི་རྩེ་མོའི་ཁང་བུ་བརྩེགས་པའི་ནང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ལ་ཞལ་ཀུན་དུ་བསྟན་ཏེ་བཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་དབྱིངས་ལ་སོགས་པའི་གཟུགས་ཞེས་བྱ་བ་བསྟན་ཏོ། །དུམ་ [105a.6]བུ་བཞིའི་དཀྱིལ་འཁོར་གྱི་སེམས་དཔའི་འབྱུང་ལུགས་ཀྱིས་ནི། སངས་རྒྱས་ལ་སོགས་འཁོར་ལོ་བསྐོར། །ཞེས་པ་བསྟན་ཏོ། །ཕྱི་མ་རྣམས་ཀྱི་དོན་བཤད་པ་ནི། སྔ་མ་བཞིན་དུ་ཤེས་པར་བྱའོ། །དེས་ནི་སྐུ་གསུམ་ལ་ཕྱག་འཚལ་ཞིང་བསྟོད་པའི་དོན་བཤད་ཟིན་ཏོ། །དེ་ [105a.7]ལྟར་ན་ཕྱི་རོལ་པའི་གཙུག་ལག་ལ་སོགས་པའི་གཞུང་རྣམས་ནི་རང་ཐད་དུ་དྲན་པའི་ཚིག་གི་ཕྲེང་བས་འབྲེལ་པ་ཅན་གྱི་ཚིག་ཡིན་དུ་ཟིན་ཀྱང་ཕྱིན་ཅི་ལོག་སྤངས་པའི་གཏན་ཚིགས་དང་། ཡང་དག་པའི་དོན་དུ་འབྲེལ་པའི་མཚན་ཉིད་དང་མི་ལྡན་པས་གཞན་དག་ཡིད་ཆེས་ [105b] [105b.1]པར་མི་འགྱུར་ཏེ་སྒྲུབ་ཐབས་འདི་ཡང་དེ་ལྟ་བུ་དག་མ་ཡིན་ནམ་སྙམ་དུ་དོགས་པ་དག་གི་རྟོག་པ་བསལ་བའི་ཕྱིར་རྒྱུད་གང་ལས་མཛད་པའི་ཁུངས་དང་། གང་གི་ཕྱིར་བརྩམས་པའི་དོན་གསུངས་པ། དེ་ཉིད་བསྡུས་པའི་རྒྱུད་ལས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། [105b.2]དེ་ལ་དེ་ཉིད་བསྡུས་པ་ཞེས་བྱ་བ་ནི་སྒྲུབ་ཐབས་འདི་མཛད་པའི་ཁུངས་བསྟན་པ་སྟེ་འདི་མཛད་པའི་ཁུངས་ནི་གང་ཡིན་མཚན་ནི་ཇི་ལྟ་བུ་ཞིག་ཅེ་ན། འདི་ནི་རྣལ་འབྱོར་གྱི་རྒྱུད་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བའོ། །དེ་ལ་འདིར་ [105b.3]དེ་བཞིན་གཤེགས་པ་ཞེས་མ་སྨོས་ཀྱང་རྒྱུད་ཀྱི་དོན་ལ་བསྙེགས་པའི་ཕྱིར་བཤད་པར་བྱ་དགོས་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེག་པ་སོ་སོའི་སྒོར་ཞུགས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། མཐར་གསང་སྔགས་ཀྱི་བླ་ན་མེད་པའི་དོན་རྟོགས་ནས། [105b.4]རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་ཐམས་ཅད་མ་ལུས་པར་བཅོམ་སྟེ། ལམ་དེ་ནས་སངས་རྒྱས་ཀྱི་སར་གཤེགས་པར་མཐུན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱའོ། །དེ་ཡང་སྐད་ཅིག་མ་ཕྱི་མ་ལ་ཆོས་ཀྱི་སྐུ་ལྷུན་གྱིས་གྲུབ་པ་ཡེ་ཤེས་ལྔའི་ངོ་བོ་ལ་ནི་དོན་དམ་ [105b.5]པའི་དེ་ཁོ་ན་ཉིད་ཅེས་བྱའོ། །ཡེ་ཤེས་དེ་ཉིད་ཀྱི་རྟགས་ཀྱི་ཕྱག་རྒྱར་སྣང་བ་དེ་བཞིན་གཤེགས་པ་ལྔ་དང་དེ་རེ་རེ་ལས་ཀྱང་རིགས་སོ་སོར་འཕྲོས་པའི་སེམས་དཔའ་ཆེན་པོ་དང་ཕྱི་ནང་གི་ལྷ་མོ་ལ་སོགས་པ་ཕྱག་རྒྱ་དང་བཅས་པའི་ལྷའི་ཚོགས་རྣམས་ལ་ནི་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ [105b.6]ཅེས་བྱའོ། །དེའི་བྱེ་བྲག་དང་ཚིག་དང་ཡི་གེའི་ཚོགས་མང་པོ་རྩ་བའི་རྒྱུད་ཆེན་པོར་བསྡུས་པའི་ཕྱིར་ན་དེ་ཉིད་བསྡུས་པ་ཞེས་བྱའོ། །དེའི་དཀྱིལ་འཁོར་དང་ཕྲིན་ལས་དང་། དམ་ཚིག་དང་སྒྲུབ་ཐབས་ལ་སོགས་པ་རྣམས་རིམ་པའམ་དཀྲུགས་པའི་ཚུལ་གྱིས་བརྒྱུས་ཏེ་སྟོན་ [105b.7]པའམ་རྒྱུད་མ་ཆད་པར་སྟོན་པའི་ཕྱིར་ན་རྒྱུད་ཅེས་བྱའོ། །དེ་ལྟ་བུའི་དོན་དང་ལྡན་པའི་རྒྱུད་དེའི་ནང་ན་ནི་དཀྱིལ་འཁོར་གྱི་དབྱིབས་དང་ཕྲིན་ལས་ཀྱི་རྣམ་པ་དང་སྒྲུབ་ཐབས་ཀྱི་རིམ་པ་དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་ལ་སོགས་པའི་དོན་རྒྱས་པར་འབྱུང་མོད་ཀྱི། འོན་ཀྱང་དེའི་ནང་ [106a] [106a.1]ནས་དོན་མང་པོ་འབྱུང་བ་དེ་དག་དེ་ཁོ་ན་ཉིད་གཉིས་སུ་བསྡུས་ཏེ། བསྒོམ་པའི་རིམ་པ་མདོ་ཙམ་ཞིག་བསྡུས་ཏེ་ཡི་གེར་བྱས་ཞེས་སོ། །འོ་ན་དེ་ལ་དགོས་ཆེད་ཇི་ལྟ་བུ་ཞིག་ཡོད་སྙམ་པའི་དོན་དུ་སྨྲས་པ། མཁས་པ་དགའ་བ་བསྐྱེད་པའི་ཕྱིར། །ཞེས་སྨྲས་ཏེ། [106a.2]དེ་ལ་མཁས་པ་ནི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་དང་ལྡན་པས་ཐམས་ཅད་ལ་ཐོགས་པ་མེད་པའི་སྤྱོད་ཡུལ་ཅན་དུ་གྱུར་པ། སྤང་བླང་གི་བྱེ་བྲག་ཤེས་བཞིན་དུ་བླང་དོར་དང་བྲལ་བའི་ལྟ་བ་དང་ལྡན་པ། དོན་བསྒྲུབ་པར་བྱ་བ་དང་ལས་ཀྱི་འབྲས་བུ་ཇི་ལྟར་འགྱུར་བ་ལ་ [106a.3]མཁས་པས་གཞན་གྱི་བདོག་པ་དོན་དུ་མི་གཉེར་ཞིང་རང་གི་བདོག་པ་ལ་མ་ཆགས་པས་ཕྱི་རོལ་གྱི་དངོས་པོར་གྱུར་པ་ཟང་ཟིང་གི་རྣམ་པ་ཐམས་ཅད་ཡོངས་སུ་བཏང་བ། ཁེ་དང་གྲགས་པ་སྤང་བ་ང་རྒྱལ་དང་ཕྲག་དོག་ཆུང་ཞིང་བསྒྲུབ་པར་བྱ་བ་ཉམས་སུ་ལེན་པ་ལ་བརྩོན་ [106a.4]པར་མཛད་པའི་མཚན་ཉིད་ཅན་ཏེ། དེ་དག་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་རྩ་བའི་རྒྱུད་ཆེན་པོར་བཀྲམ་སྟེ། གསུངས་པའི་དོན་རྣམས་འདིར་ཕྱོགས་གཅིག་ཏུ་བསྡུས་ཏེ་བཤད་ཅེས་པའི་དོན་ཏོ། །དེ་ཡང་གང་ནས་གང་ཞིག་གང་གི་ཕྱིར་ཚུལ་ལམ་ཐབས་ཇི་ལྟར་བཤད་ཅེས་ [106a.5]སྦྱར་བར་བྱའོ། །དེ་ནས་ནི་ཉན་པ་པོའི་ཐེ་ཚོམ་བསལ་ཅིང་གཞན་ཡིད་ཆེས་པའི་ཁུངས་བསྟན་ཏོ། །གང་ཟག་མངོན་པའི་ང་རྒྱལ་ཅན་སེམས་ལ་ངེས་པར་རྟོགས་པ་མ་ཐོབ་པ་དང་། ཕྱི་རོལ་པའི་སྟོན་པར་གྱུར་པ་ལྷ་ཆེན་པོ་ལ་སོགས་པ་རྣམས་ནི་འབིགས་པའི་ཤེས་ [106a.6]རབ་ཡོད་ཀྱང་ཕྱིན་ཅི་མ་ལོག་པའི་དོན་རྟོགས་པའི་སྐལ་བ་དང་མི་ལྡན་པས། དྲི་མ་ཅན་གྱི་ཤེས་རབ་ཀྱིས་བརྒྱལ་བའི་ཕྱིར་ན་བདག་ཉིད་ལ་བསྟོད་པའི་ཁེ་གྲགས་དང་ལྡན་པའི་མཚན་ཉིད་ཅན་པས་ཁེའུ་བསྐྱུང་བར་མི་བྱེད་ཀྱི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་ཞལ་སྔ་ [106a.7]ནས་ནི་ཆོས་རྣམ་པར་འབྱེད་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་འཕགས་པའི་ཞལ་མཐོང་ཞིང་དངོས་གྲུབ་བརྙེས་པས་སྒྲིབ་པའི་གོས་བསྲབས་ཤིང་ལྟ་བའི་རི་བོ་ཐམས་ཅད་བཅོམ་ནས་ཐམས་ཅད་ལ་དམན་པའི་ཚུལ་འཛིན་པའི་དགོངས་པ་ཅན་ཡིན་པས་སྒྲུབ་ཐབས་འདིའི་ [106b] [106b.1]སྐབས་སུ་ཡང་། ཟབ་ཅིང་རྒྱ་ཆེ་བར་གྱུར་པས་རྒྱུད་ཉིད་ཀྱི་དོན་རྟོགས་པར་དཀའོ་ཞེས་ཉིད་ཀྱི་ཞལ་བསྐྱུང་བའི་ཚིག་གསུངས་པ། རྒྱུད་འདི་ཤིན་ཏུ་ཟབ་ཆེས་ལ་ཞེས་པ་ལ་སོགས་པའི་ཚིག་གསུངས་ཏེ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ཉིད་དོན་ཟབ་བས་ནི་རྟོགས་པར་དཀའ་ལ་ [106b.2]ཚིག་རྒྱ་ཆེ་བས་ཁོང་དུ་ཆུད་པར་མི་ནུས་ཏེ། ཕལ་གྱིས་རྟོགས་ཤིང་ཉམས་སུ་ལོན་པར་དཀའ་ཞེས་སོ། །གཏན་ཚིགས་ཅིའི་ཕྱིར་ཞེ་ན། མཚན་མ་ཐ་དད་རབ་ཏུ་བསྟན། །ཞེས་སྨོས་ཏེ། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་དང་ལྷའི་གཟུགས་ལ་སོགས་པ་མི་ [106b.3]འདྲ་བའི་རྣམ་པ་མང་པོ་དག །བཅོམ་ལྡན་འདས་ཀྱིས་བསྟན་པར་མཛད་པའི་ཕྱིར་རོ། །དེ་བས་ན་དེ་དག་གི་དོན་ཀུན་ཚང་ཞིང་རྫོགས་པར་བསྟན་པའི་ཤེས་རབ་ཀྱི་སྤོབས་པ་དང་ལྡན་པ་མ་ཡིན་པས། རྒྱུད་ཀྱི་དོན་ཆེན་པོ་ལ་འཇུག་པར་འགྱུར་བའི་སྒྲུབ་ཐབས་ཀྱི་རིམ་པ་ཉི་ཚེ་ཙམ་ [106b.4]ཞིག་སློབ་དཔོན་སངས་རྒྱས་གསང་བ་བདག་ཉིད་ཀྱིས་ཕྱོགས་གཅིག་ཏུ་བསྡུས་ནས་ཚིག་དང་ཡི་གེའི་གླེགས་བམ་དུ་བགྱིས་ཏེ་བཤད་ཅེས་སོ། །དེས་ནི་རྒྱུད་ཀྱི་དོན་ཟབ་ཅིང་རྒྱ་ཆེ་བ་ཉིད་ཀྱིས་རྟོགས་པར་དཀའ་བས་སྤྱོད་ཡུལ་མ་ཡིན་ནོ་ཞེས་ཞལ་བསྐྱུང་བའི་ཚིག་གསུངས་ [106b.5]ནས། ད་ནི་རྒྱུད་ཀྱི་དོན་ལ་འཇུག་པའི་སྒྲུབ་ཐབས་ཀྱི་རིམ་པ་གསུངས་ཏེ། དེ་ལ་སྒྲུབ་ཐབས་འདི་མགོ་མཇུག་ཏུ་དེ་ཁོ་ན་ཉིད་ཀྱི་དོན་ཀུན་ཚང་བར་སྟོན་མོད་ཀྱི། ཁྱད་པར་དུ་དེ་ཁོ་ན་ཉིད་རྣམ་པ་གཉིས་ཀྱི་ཚུལ་དུ་བྱ་དགོས་པ་ཡིན་པའི་ཕྱིར། དོན་དམ་པའི་དེ་ཁོ་ན་ཉིད་དང་ཀུན་རྫོབ་ [106b.6]ཀྱི་དེ་ཁོ་ན་ཉིད་རྣམ་པ་གཉིས་བསྟན་ཏོ། །དེ་ལ་དང་པོར་དོན་དམ་པའི་དེ་ཁོ་ན་ཉིད་གསུངས་པ། མི་མཉམ་ཡེ་ཤེས་སྤྱོད་ཡུལ་བ། །ཚིག་གི་སྤྲོས་པ་མ་ལུས་གྲོལ། །དུས་ཀུན་དུ་ནི་དེ་བཞིན་བས། །དེ་ཉིད་ཅེས་ནི་བཅོམ་ལྡན་གསུངས། །ཞེས་བྱ་བ་སྨོས་ཏེ། རྣམ་པར་ [106b.7]དག་པ་ཆེན་པོའི་རང་བཞིན་གཟུང་འཛིན་གྱི་རྟོག་པ་སྤངས་ཤིང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་རང་བཞིན་གྱིས་འོད་གསལ་བའི་ངོ་བོར་གནས་པ་ཐམས་ཅད་ལ་ཁྱབ་པའི་མཚན་ཉིད་དང་ལྡན་པ་དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡིན་པར་བསྟན་ [107a] [107a.1]པའི་ཕྱིར་ན་མི་གཉིས་ཡེ་ཤེས་སྤྱོད་ཡུལ་བ་ཞེས་བྱའོ། །ཚིག་དང་བརྡ་ལ་སོགས་པའི་རྣམ་པས་གཞན་ལ་བསྟན་ཏུ་མེད་ཅིང་མཚན་མའི་སྤྲོས་པ་ལས་དབེན་པའི་ཕྱིར་ན། ཚིག་གི་སྤྲོས་པ་མ་ལུས་གྲོལ། །ཞེས་བྱའོ། །དུས་ཐམས་ཅད་དུ་གཞན་དུ་མི་འགྱུར་ [107a.2]ཞིང་དེའི་རང་བཞིན་དུ་གནས་པའི་ཕྱིར་ན། དུས་ཀུན་དུ་ནི་དེ་བཞིན་པས། །ཞེས་བྱའོ། །མཚན་ཉིད་དེ་ལྟ་བུའི་ངོ་བོར་གནས་པ་དེ་ཁོ་ན་ཉིད་ཡིན་པར་བསྟན་པ་དེ་ལ་གཞན་དག་ཐེ་ཚོམ་ཟ་བར་འགྱུར་བའི་དོགས་པ་བསལ་བའི་ཕྱིར། དེ་ཉིད་ཅེས་ནི་བཅོམ་ལྡན་གསུངས། །ཞེས་ [107a.3]བརྗོད་དོ། །འོ་ན་དེ་གང་གིས་རྟོགས་པའི་སྤྱོད་ཡུལ་དུ་གྱུར་ཞེ་ན། དེའི་ཕྱིར་ཡང་གསུངས་པ། དེ་ཕྱིར་ཡེ་ཤེས་གང་འཇུག་པ། །དེ་ལའང་དེ་ཉིད་ཅེས་སུ་བསྒྲགས། །ཞེས་གསུངས་ཏེ། གོང་དུ་སྨོས་པའི་དེ་ཁོ་ན་ཉིད་ཀྱི་ཆོས་ཉིད་རྣམ་པར་དག་པ་ལ་དམིགས་པར་བྱེད་པའི་ཡེ་ [107a.4]ཤེས་དེ་ལ་ཡང་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་བཞིན་གཤེགས་པས་འཁོར་འདུས་པའི་ནང་དུ་བསྒྲགས་ལ་ཞལ་ནས་གསུངས་པའི་རྒྱུད་ཡང་བསྒྲགས་སོ། །འོ་ན་ཅིའི་ཕྱིར་དེ་ལ་ཡང་དེ་སྐད་བརྗོད་ཅེ་ན། སྨྲས་པ། གང་ཕྱིར་ཡེ་ཤེས་སྤྱོད་ཡུལ་བ། །ནམ་ཡང་སླུ་བར་མི་འགྱུར་ [107a.5]ཕྱིར། །ཞེས་གསུངས་ཏེ། དེ་ཁོ་ན་ཉིད་རྣམ་པར་དག་པའི་ཆོས་ཉིད་ལ་དམིགས་པའི་ཡེ་ཤེས་ཏེ་ཡུལ་དེ་ལས་གཞན་དུ་མི་འགྱུར་ཞིང་ནམ་དུ་ཡང་སླུ་བར་མི་བྱེད་པའི་ཕྱིར་ན་དེ་ལ་ཡང་དེ་ཉིད་ཅེས་བརྗོད་དེ། དཔེར་ན་འཇིག་རྟེན་ན་ཆེ་བར་གྲགས་པ་དག་གི་ཆུང་མ་ལ་ཡང་ཆེན་མོ་ [107a.6]ཞེས་ཟེར་བ་བཞིན་ཏེ། དེས་ནི་དོན་དམ་པའི་དེ་ཁོ་ན་ཉིད་དང་དེའི་ཆར་གྱུར་པའི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བསྟན་པ་ཡང་ཁུངས་རྒྱུད་ཉིད་ལས་གསུངས་པས་བསྒྲུབ་པར་འདོད་པ་རྣམས་ཀྱིས་མཉམ་པར་བྱ་དགོས་སོ་པར་བསྐུལ་བའི་ [107a.7]ཚིག་སྨྲས་པ། དེ་ཉིད་བསྡུས་པའི་རྒྱུད་ལས་ནི། །ཀུན་རྫོབ་བདེན་པ་ལ་གནས་ནས། །དེ་ཉིད་མཚན་ཉིད་གཞན་བསྟན་པ། །དེ་དག་མཉམ་པ་ཉིད་དུ་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་ཀྱང་བྱུང་བ་ནི། །ཀུན་རྫོབ་ཀྱི་བདེན་ [107b] [107b.1]པ་ལ་བརྟེན་ནས་དེའི་མཚན་ཉིད་དོན་དམ་པའི་དེ་ཉིད་ལས་མི་མཐུན་པའི་རྒྱུར་གྱུར་པའི་མཚན་ཉིད་གཞན་དག་ཀྱང་བསྟན་པས། དེ་དག་ཀྱང་སྔགས་ལ་འཇུག་པར་འདོད་པའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱ་དགོས་པས་མཉན་པར་གྱིས་ཤིག་ཅེས་བསྟན་ཏོ། །དེ་ལྟར་ [107b.2]རྟོགས་པར་བྱ་བའི་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་དེ་ཡང་གང་ཞེ་ན། དེའི་དོན་ཡང་བརྗོད་པ། རང་གི་ཡེ་ཤེས་མཐུ་ཡི་མཚན། །རྡོ་རྗེ་དབྱིངས་ལ་སོགས་མཚན་ཉིད། །འགྲོ་བའི་དོན་ལ་མི་སླུ་བས། །དེ་ཉིད་ཅེས་ནི་རྒྱལ་བས་གསུངས། །ཞེས་བྱ་བ་སྨོས་ཏེ། རང་གི་ཡེ་ [107b.3]ཤེས་རྣམ་པར་དག་པ་གློ་བུར་བའི་དྲི་མ་དང་བྲལ་བ་དེའི་མཐུའམ་བྱིན་གྱིས་བརླབས་ལས་བྱུང་བའི་མཚན་ཉིད་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་སྐུ་རྣམ་པ་ཐ་དད་པའི་ངོ་བོར་སྣང་བའི་མཚན་ཉིད་ཀྱང་དེ་ཡིན་ཏེ། དེ་གཉིས་ནི་ཐ་མི་དད་ཅིང་གཉིས་སུ་མེད་པའི་ངོ་བོར་གནས་པ་ཡིན་ནོ་ [107b.4]ཞེས་བསྟན་ཏོ། །འོ་ན་དོན་དམ་པའི་དེ་ཉིད་དེ་ལྟ་བུ་ཡིན་ན་འདི་ལྟ་བུར་བསྟན་པའི་མཚན་ཉིད་དེ་དག་ལ་ཅིའི་ཕྱིར་དེ་ཉིད་ཅེས་བྱ། དེ་ལྟར་བརྗོད་པ་མི་འགལ་ལམ་ཞེ་ན། དེའི་ཕྱིར་ཡང་སྨྲས་པ། འགྲོ་བའི་དོན་ལ་མི་སླུ་བས། །དེ་ཉིད་ཅེས་ནི་རྒྱལ་བས་གསུངས། །ཞེས་བྱ་བའི་ [107b.5]ཚིག་སྨོས་ཏེ། དེ་ལྟར་བསྟན་པ་དེས་ཀྱང་ཚིག་འདི་མི་འགལ་པའི་གཏན་ཚིགས་འདི་གྲུབ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་དེ་ཡན་ཆད་དུ་དེ་ཁོ་ན་ཉིད་རྣམ་པར་གཞག་པའི་དོན་ཚིགས་བཅད་ཀྱིས་བསྟན་ནས་ད་ནི་དོན་དེ་ཉིད་ཚིག་ལྷུག་པའི་སྒོ་ནས་མཐར་གྱིས་བསྟན་པ། [107b.6]ཇི་ལྟ་ཞེ་ན། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་སྔགས་ཀྱི་སྤྱོད་པ་ལ་མོས་པའི་སེམས་ཅན་གྱི་ཚོགས་རྣམས་ཀྱི་དོན་རྣམ་པ་མང་པོ་གཟིགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཞེས་པ་ནི། གོང་དུ་གསུངས་པའི་དོན་དེའི་གཏན་ཚིགས་འབྱིན་པར་བྱེད་པའི་ [107b.7]ཚིག་སྟེ། ཅིའི་ཕྱིར་ཞེ་ན། དེ་ལྟར་མ་ཡིན་ཞེས་པའི་དོན་ཏོ། །བདེ་བར་གཤེགས་པ་ཞེས་པ་ནི། དབྱིངས་རྣམ་པར་དག་པའི་གློ་བུར་གྱི་དྲི་མ་དང་བྲལ་བའི་ངང་དུ་རྟོགས་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པར་གྱུར་པའི་ངོ་བོ་དེ་བདེ་བླག་ཏུ་གཤེགས་པའི་ཕྱིར་ན། བདེ་བར་གཤེགས་པ་ [108a] [108a.1]ཞེས་བྱའོ། །ཐམས་ཅད་ཀྱིས་ཞེས་པ་ནི། དེ་ལྟ་བུའི་དོན་དང་ལྡན་པའི་བདེ་བར་གཤེགས་པ་མ་ལུས་པ་ཀུན་གྱི་ཞེས་བྱ་བའི་དོན་ཡིན་མོད་ཀྱི། འོན་ཀྱང་འདིའི་གནས་སྐབས་སུ་ནི་རིགས་ལྔས་བསྡུས་པ་ཐམས་ཅད་ཀྱིས་གཟིགས་པའོ། །འོ་ན་རིགས་ལྔ་ཞེས་སྨོས་ [108a.2]པ་ཅིའི་ཕྱིར་ཞེ་ན། འོག་ནས། རིགས་ནི་རྣམ་པ་བརྒྱར་བཤད་པ། །མདོར་བསྡུས་ན་ནི་རྣམ་པ་ལྔ། །ཞེས་གསུངས་པའི་ཕྱིར་རོ། །སྔགས་ཀྱི་སྤྱོད་པ་ལ་མོས་པའི་སེམས་ཅན་ཞེས་པ་ནི། སེམས་ཅན་གྱི་རིགས་ཅི་སྙེད་པ་དག་བསམ་པ་དང་། མོས་པ་དང་། ཁམས་དང་བག་ལ་ཉལ་ [108a.3]བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དག་ཡོད་མོད་ཀྱི། །དེ་དག་གི་ནང་ནས་འབྲས་བུའི་ཐེག་པར་གྱུར་པའི་གསང་བའི་དེ་ཁོ་ན་ཉིད་ཀྱིས་ངེས་པར་འབྱུང་བར་འདོད་པའི་སེམས་ཅན་ད་ལྟར་དང་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བ་མང་པོ་དག་གི་དོན་དང་བསམ་པ་ཇི་ལྟར་འདོད་པ་དེ་ [108a.4]དག་ཡོངས་སུ་གྲུབ་པར་གཟིགས་ནས། ད་འདི་ལྟ་བུའི་སྤྱོད་པའི་སྒོ་ནས་སངས་རྒྱས་པའི་ཚུལ་སྟོན་པར་མཛད་དེ། གང་ཞེ་ན། སངས་རྒྱས་ཀྱི་ཞིང་སྟུག་པོ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་སྤྲུལ་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ལ་ཞེས་བྱ་བ་ལ་ [108a.5]སོགས་པ་གསུངས་ཏེ། འདི་དག་ནི་རྒྱུད་ཀྱི་དོན་ལ་བསྙེགས་པ་སྟེ། བྱང་ཆུབ་སེམས་དཔའི་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་ཡུམ་གྱི་ལྷུམས་ནས་བལྟམས་ནས། གཞོན་ནུ་རོལ་པ་མཛད་པ་དང་། འཕོང་དང་། རྩིས་དང་། ཡི་གེ་དང་རྐྱལ་འགྲན་པ་དང་། གྱད་རྣམས་དང་གྱད་བཀྱེ་ [108a.6]བ་དང་། ཁབ་གཞེས་ནས་སྲས་བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་བ་སྤྱོད་པ་ལ་སོགས་པ་མཛད་པའི་རིམ་གྱིས་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་མངོན་པར་བྱང་ཆུབ་པ་བསྟན་པ་དང་། ཡང་སྔགས་ཀྱི་སྒོ་ནས་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་སྟུག་ [108a.7]པོ་ན་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞུགས་པ་སྟེ། དེ་ལ་སངས་རྒྱས་ཀྱི་ཞིང་སྟུག་པོ་ཞེས་བྱ་བ་ནི། ཐེག་པ་འོག་མ་པའམ་རྟོག་གེ་པ་རྣམས་ཀྱིས་རྟོགས་ཤིང་ཕིགས་པར་དཀའ་བའི་ཕྱིར་ན་དེ་སྐད་བརྗོད་དོ། །བྱང་ཆུབ་སེམས་དཔའ་ཞེས་པ་ནི་ནམ་ [108b] [108b.1]མཁའ་དང་འདྲ་བ་རྣམ་པར་དག་པའི་ངོ་བོ་བས་ན་དེའི་དོན་ལ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ། ཇི་ལྟར་རྒྱུད་ལས། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤངས་པ་ཡིན། །གང་ཞིག་དོན་དེ་ཐོབ་འདོད་པ། །སེམས་དཔའ་ཞེས་ནི་དེ་ལ་བྱ། །ཞེས་ [108b.2]གསུངས་སོ། །གཞན་དུ་ན་སྤངས་པ་ཕུན་སུམ་ཚོགས་པའི་དོན་དང་ལྡན་པས་སྒྲིབ་པའི་ཚོགས་མ་ལུས་པ་བཅོམ་པ་དང་འཇོམས་པར་མཛད་པས་ན་བྱང་ཞེས་བྱའོ། །ཡེ་ཤེས་ཕུན་སུམ་ཚོགས་པའི་དོན་དང་ལྡན་པས་ཤེས་བྱ་མ་ལུས་པའི་དོན་ལས་གོམས་ཤིང་ཆུད་པར་ [108b.3]མཛད་པའི་ཕྱིར་ན་ཆུབ་ཅེས་བྱ། ཐུགས་རྗེའི་བདག་ཉིད་དང་ཡེ་ཤེས་ཕུན་སུམ་ཚོགས་པ་གཞན་ལས་ཁྱད་པར་གྱུར་པས་བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ། ཡོངས་སུ་གྲུབ་པ་མཛད་པའི་དགོངས་པ་དང་ལྡན་པས་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་འགྲོ་བའི་དོན་མཛད་ [108b.4]པ་དང་། ཆོས་ཀྱི་རྒྱ་མཚོ་ཆེན་པོའི་རོ་འཐུངས་པར་འདོད་པའི་ཕྱིར་ན་སེམས་དཔའ་ཞེས་བྱའོ། །ཆོས་རྣམ་པ་མང་པོའི་ཁྱད་པར་དང་ལྡན་པའི་ཕྱིར་ན་ཆེན་པོ་ཞེས་བྱའོ། །བདག་གཞན་གྱི་བསྒྲུབ་པའི་འབྲས་བུ་ཕུན་སུམ་ཚོགས་པའི་དོན་ཆེན་པོ་གྲུབ་ཅིང་མཐར་ཕྱིན་པའམ། [108b.5]འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་གྲུབ་ཅིང་མཐར་ཕྱིན་པར་མཛད་པའི་ཕྱིར་ན། དོན་ཐམས་ཅད་གྲུབ་པ་ཞེས་བྱའོ། །རྣམ་པ་དེ་ལྟ་བུའི་དོན་དང་ལྡན་པས་ཇི་ལྟ་བུའི་ངོ་བོར་སྒྱུར་དུ་བཏུབ་པའམ། འདི་ལྟ་བུའི་ངོ་བོར་གྱུར་པས་སྤྲུལ་པ་ཞེས་བྱའོ། །བྱང་ [108b.6]ཆུབ་ཀྱི་སྙིང་པོ་ན་བཞུགས་ཞེས་བྱ་བ་ནི་རྡོ་རྗེའི་གདན་དེ་ཉིད་ཀྱི་ཉེ་འཁོར་དུ་གྱུར་པའོ། །ཁ་ཅིག་ན་རེ་ཡུལ་མཉམ་དཀའ་ཆུ་བོ་ནཻ་རཉྫ་ནའི་འགྲམ་ཞེས་ཀྱང་ཟེར་རོ། །གཞན་དག་ན་རེ་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་ངང་ལ་གནས་པའོ་ཞེས་ཀྱང་གླེང་ན་དེ་དག་གང་ལྟར་ཡང་འགལ་ [108b.7]བ་མེད་དེ། དེ་བཞིན་གཤེགས་པ་ཉིད་གང་དུ་བཞུགས་པ་དེ་རྡོ་རྗེའི་གདན་གྱི་རང་བཞིན་བས་ན་ཡུལ་མཉམ་དཀའ་ཆུ་བོ་ནཻ་རཉྫ་ནའི་འགྲམ་རྡོ་རྗེ་གདན་ལ་ཆོས་ཀྱི་སྐུ་མཚན་མ་རྣམས་པར་སྤངས་པའི་ཚུལ་འཛིན་པར་གནས་ཞེས་བྱ་བར་སྦྱར་ན་ཡང་རིགས་པར་མཐོང་ངོ་། །ཇི་ལྟར་ [109a] [109a.1]བཞུགས་ཤེ་ན། མ་ལེ་པའམ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེའོ། །དེ་ལ་མ་ལེ་པའམ་མི་གཡོ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནི། ཕྱག་རྒྱ་ཡོངས་སུ་རྫོགས་པར་བྱས་པའི་སྔོན་རོལ་ཏུ་སེམས་མཉམ་པར་གཞག་པའི་ཕྱིར། དབང་པོ་རྣམས་ [109a.2]ཡུལ་ལ་འཕྲོ་བ་དང་། དབུགས་ཕྱི་ནང་དུ་བག་ཡངས་སུ་རྒྱུ་བ་བསྡུས་ནས། མི་གཡོ་བར་འཇོག་པས་ན་མི་གཡོ་བའི་ཞེ་འམ། རྣམ་གཅིག་རྟོག་པ་གཞན་མི་འབྱུང་བའི་ཕྱིར་མ་ལེ་བའི་ཏིང་ངེ་འཛིན་ཅེས་བྱའོ། །མངོན་པར་བྱང་ཆུབ་པ་ལྔ་བསྟན་ཞེས་པ་ནི། དེ་ཡང་དོན་དམ་ [109a.3]པར་མི་ཤེས་པ་ནི་མ་ཡིན་མོད་ཀྱི། ཀུན་རྫོབ་ཏུ་འགྲོ་བ་འདུལ་བའི་དབང་དུ་མཛད་ནས་བསྟན་ཏོ། །དེ་ལ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ནི་རང་གི་སེམས། སོ་སོ་རབ་ཏུ་རིག་པ་ལས་མངོན་པར་བྱང་ཆུབ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་ [109a.4]སྐུར་གནས་པ་ལས་མངོན་པར་བྱང་ཆུབ་པ་དང་། བརྟན་པར་བྱས་པ་ལས་མངོན་པར་བྱང་ཆུབ་པ་དང་། སངས་རྒྱས་ཀྱི་སྐུར་གྱུར་པ་ལས་མངོན་པར་བྱང་ཆུབ་པའོ། །དེ་ལ་རང་གི་སེམས་རབ་ཏུ་རིག་པ་ལས་མངོན་པར་བྱང་ཆུབ་པ་ནི་རང་གི་སེམས་སོ་སོར་བརྟགས་ན། སེམས་ [109a.5]ཇི་བཞིན་མ་མཐོང་ནས། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མཐོང་སྟེ། དེ་ནི་ས་དང་པོ་ནས་ས་བཅུ་པའི་བར་གྱི་རྒྱུའི་ཡེ་ཤེས་དེ་མ་ཐག་པའི་ལམ་གྱི་རང་བཞིན་ནོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་མངོན་པར་བྱང་ཆུབ་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ཆེན་ [109a.6]པོ་ཉ་གང་ཞིང་ཡོངས་སུ་རྫོགས་པར་གྱུར་པའི་ངོ་བོ་སྟེ། དེ་ནི་རྣམ་པར་གྲོལ་བའི་ལམ་མོ། །ཆོས་ཀྱི་སྐུར་གནས་པ་ལས་མངོན་པར་བྱང་ཆུབ་པ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་རྩེ་ལྔ་པ་ལྟ་བུར་གྱུར་ནས། དེའི་རང་བཞིན་དུ་གནས་པ་སྟེ། དེ་ནི་རྣམ་པར་ཐར་པའི་ཡེ་ཤེས་མཐོང་བའོ། ། [109a.7]བརྟན་པར་བྱས་པ་ལས་མངོན་པར་བྱང་ཆུབ་པ་ནི་ཡེ་ཤེས་ལྔ་ལ་སོགས་པ་སྤྲོས་པ་ཐམས་ཅད་སྙིང་གར་བསྡུས་ཏེ་རང་བཞིན་གཅིག་ཏུ་བྱས་པའོ། །སངས་རྒྱས་ཀྱི་སྐུར་གྱུར་པ་ལས་མངོན་པར་བྱང་ཆུབ་པ་ནི་ཇི་ལྟར་སངས་རྒྱས་པ་དེ་ལྟར་བདག་གོ། །ཞེས་པ་སྟེ་སྐུ་ཕྱག་རྒྱ་ཆེན་ [109b] [109b.1]པོ་ཉམས་སུ་བསྟར་ནས་དེའི་ཆ་ལུགས་ཇི་ལྟ་བ་བཞིན་དུ་གྱུར་པའོ། །རྒོལ་བ་པ་ན་རེ་འོ་ན་དེ་ལྟར་གྱུར་པའི་མངོན་པར་བྱང་ཆུབ་པ་ལྔ་པོ་དེ་དག་སུས་བསྟན་ཞེ་ན། སྨྲས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གནས་པ་ལས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་ [109b.2]གཤེགས་པ་རྣམས་ཀྱིས་ཏིལ་གྱི་གང་བུ་ཞིན་དུ་གང་བར་གྱུར་ཏེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའི་གནས་སུ་བྱོན་ནས་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ཏེ། མགྲིན་གཅིག་ཏུ་སྨྲས་ནས་མངོན་པར་བྱང་ཆུབ་ [109b.3]པ་རྣམ་པ་ལྔ་བསྟབས་སོ། །རྒོལ་བ་པོ་ན་རེ་འོ་ན་དེ་དག་གིས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་པོ་སྟོབས་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། སྔོན་གྱི་སྐབས་སུ་བཏུལ་ཞིང་སྣོད་དུ་རུང་བར་བྱིན་གྱིས་བརླབས་པར་ཡང་དགོངས། ཉན་ཐོས་ཞི་བ་ཕྱོགས་གཅིག་པའི་མུར་ལྟུང་བ་རྣམས་སྔགས་ [109b.4]ཀྱི་མཁན་པོས་དབང་མི་བསྐུར་གྱི་བར་དུ་འཚང་མི་རྒྱ་བར་དགོངས་ནས་འདི་ལྟར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་པོ་དག་བསྟབས་པར་གྱུར་ཏོ། །རྒོལ་བ་པོ་ན་རེ། འོ་ན་ཚུལ་ལམ་ཐབས་ཇི་ལྟར་བསྟབས་ཤེ་ན། སྨྲས་པ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ [109b.5]བྱང་ཆུབ་པའི་དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པས་སངས་རྒྱས་པར་བྱ་སྙམ་ཞེས་གསུངས་པ་དང་། དེས་གསོལ་པ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་བགྱི་བ་དེ་ཇི་ལྟ་བུ་ལགས། ཇི་ལྟར་བསྒྲུབ་པར་བགྱི་ཞེས་གསོལ་པ་དང་། རིགས་ཀྱི་བུ་རང་གི་སེམས་རྟོགས་ [109b.6]ཤིག་ཅེས་གསུངས་སོ། །དེ་ནས་དེས་རང་གི་སེམས་བརྟགས་པ་ལས་ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཇི་ལྟ་བུར་ཡང་མ་མཐོང་ངོ་། །འོན་ཀྱང་སེམས་ཀྱི་རང་བཞིན་ཟླ་བ་ཚེས་གཅིག་པ་ལྟ་བུར་མཐོང་ངོ་། །དེ་ལྟར་གསོལ་པ་དང་། རིགས་ཀྱི་བུ་འོ་ན་སེམས་དེ་ཉིད་བྱིན་གྱིས་ [109b.7]བརླབ་པའི་ཕྱིར། ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་བརྗོད་ཅིག་ཅེས་གསུངས་སོ། །དེ་ནས་དེ་ལྟར་སྔགས་འདི་བརྗོད་ཅིང་ཇི་ལྟར་མཐོང་བ་དེ་དག་གསོལ་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། དེ་ལེགས་ཀྱིས་དེ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ [110a] [110a.1]ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྐྱེད་པར་བྱོས་ལ། སྔགས་འདིས་ཀྱང་བྱིན་གྱིས་རློབས་ཤིག །ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བ་གསུངས་པ་དང་རང་རང་གི་སེམས་དེ་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བག་ཆགས་ཀྱིས་ཡོངས་སུ་ [110a.2]བསྒོས་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་ཞིང་ཡོངས་སུ་རྫོགས་པ་ལྟ་བུར་མཐོང་ངོ་། །དེ་ནས་ཡང་ཟླ་བའི་དཀྱིལ་འཁོར་དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་གསོལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་ [110a.3]གྱུར་པའི་མཚན་ཉིད་རང་གི་སེམས་ཉིད་རྡོ་རྗེ་རྩེ་ལྔ་པའི་ངོ་བོར་གནས་པར་གྱིས་ལ། དེ་བརྟན་ཞིང་བྱིན་གྱིས་བརླབས་པའི་ཕྱིར་ཨོཾ་ཏིཥྛ་བཛྲ་ཞེས་བྱ་བའི་སྔགས་བརྗོད་ཅིག་ཅེས་གསུངས་པ་དང་། དེ་བཞིན་དུ་མཐོང་ནས་གསོལ་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་ [110a.4]སྩལ་པ། དེ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དབྱིངས་ཇི་ལྟ་བའམ་ཇི་སྙེད་པ་རྣམས་ཀྱིས་བསྟབས་ཤིང་བྱིན་གྱིས་བརླབས་པར་བྱས་ལ། དེ་ཉིད་བརྟན་པར་བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་བརྗོད་ཅིག་ཅེས་ [110a.5]གསུངས་པ་དང་། དེ་བཞིན་དུ་གྱུར་ནས་གསོལ་བ་དང་། ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། དེ་ལེགས་ཀྱིས་དེ་ལས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་མངོན་དུ་གྱིས་ལ། དེ་བརྟན་ཞིང་མི་ཉམས་པར་ [110a.6]བྱིན་གྱིས་བརླབ་པའི་ཕྱིར་སྔགས་ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཥྚ་ཨ྅ཧཾ་ཞེས་བྱ་བས་བྱིན་གྱིས་རློབས་ཤིག་ཅེས་བཀའ་སྩལ་པ་དང་། དེ་བཞིན་དུ་གྱུར་ནས་གནས་པར་གྱུར་ཏོ། །རྒོལ་བ་པོ་ན་རེ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་དེ་ལྟར་མ་ལེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ [110a.7]བཞུགས་པ་ཅི་ལྟར་དགོས་ཤེ་ན། སྨྲས་པ་དེ་ཡང་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་འགྲོ་བ་རྣམས་ཕྱག་རྒྱ་ཆེན་པོ་ལ་འཇུག་ཅིང་སྒྲུབ་པར་བྱེད་ན། སྔར་སེམས་ཀྱི་རྒྱུ་བ་རྩིང་ཞིབ་མང་པོ་འབྱུང་བ་རྣམས་བཀག་ནས་སེམས་མཉམ་པར་གཞག་ལ་གདོད་སྐུ་ཕྱག་རྒྱར་ [110b] [110b.1]བསྒྲུབ་པ་ལ་འཇུག་དགོས་པའི་ཕྱིར་ནི་འདི་ལྟར་བསྟན་ཏོ། །ཡང་རྒོལ་བ་པོ་ན་རེ། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ། དེ་ལྟར་མ་ལེ་པའམ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་དག་དེ་བཞིན་གཤེགས་པ་ཐམས་ [110b.2]ཅད་ཀྱིས་ཏིལ་གྱི་གང་བུ་བཞིན་དུ་གང་བར་གྱུར་ཏོ་ཞེས་འབྱུང་བ་འདི། དེ་བཞིན་གཤེགས་པ་རྣམས་ནི་ཐོག་མ་མེད་པའི་དུས་ནས་མངོན་པར་རྫོགས་པར་སངས་རྒྱས་པས་སངས་རྒྱས་ཀྱི་ཞིང་འདི་གང་བ་འབའ་ཞིག་ཏུ་མ་ཟད་དེ། ཚད་མེད་གྲངས་མེད་པར་གྱུར་པའི་སངས་རྒྱས་ཀྱི་ [110b.3]ཞིང་རྣམས་གང་བར་བཞུགས་པ་ཡིན་ན་འདིར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་གང་བར་བསྟན་པ་ཅི་དགོས་ཤེ་ན། སྨྲས་པ་དེ་ཡང་བདེན་མོད་ཀྱི། འོན་ཀྱང་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་པའི་ཆོས་ཀྱི་སྐུའི་རང་བཞིན་དེ་ཉིད་སྔོན་གྱི་སྨོན་ [110b.4]ལམ་གྱི་ཤུགས་སམ་རྣམ་པར་མི་རྟོག་པའི་རྒྱལ་ལས་སྐྱེས་པའི་ཡེ་ཤེས་ཀྱིས་དོན་ཐམས་ཅད་གྲུབ་བའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་པ་རྣམ་པ་ལྔའི་ཚུལ་གྱིས་སངས་རྒྱས་པར་མཛད་པའི་ཚུལ་མི་མཇེད་འདི་ཉིད་དུ་བསྟན་པར་མཛད་པས་ཀྱང་དེ་ལྟར་བསྟན་ལ། གཉིས་སུ་ན་ [110b.5]སངས་རྒྱས་ཀྱི་ཞིང་དེ་དཔལ་རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་ཀྱིས་འབྱུང་བའི་སེམས་ཅན་རྣམས་ཀྱིས་གང་བར་གྱུར་པ་ཡིན་ཞེའོ། །ཡང་རྒོལ་བ་པོ་ན་རེ། འཇིག་རྟེན་གྱི་ཁམས་ཚད་མེད་པར་གྱུར་པ་དག་ན། དེ་བཞིན་གཤེགས་པ་གྲངས་མེད་པ་བཞུགས་པ་ལས། [110b.6]འདིར་འདུས་པ་རྣམས་ནི་དེ་ལྟར་ཡིན་ལ་གཞན་རྣམས་ནི་དེ་ལྟར་མ་ཡིན་པས་མ་འདུས་སམ་ཞེ་ན། སྨྲས་པ། གཞན་རྣམས་ཀྱིས་ཞིང་འདི་དག་གང་བར་མ་བསྟན་ཅིང་རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་ཀྱིས་མ་བྱུང་བ་མ་ཡིན་མོད་ཀྱི། འོན་ཀྱང་འདིར་ནི་དེ་བཞིན་ [110b.7]གཤེགས་པ་གང་གིས་སྔོན་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་དེ་བཏུལ་ཞིང་དགེ་བའི་བཤེས་གཉེན་དུ་མཛད་པ་དེ་དང་དེ་རྣམས་འབའ་ཞིག་སྐབས་འདིར་འདུས་པ་ཡིན་པར་བསྟན་པའི་ཕྱིར་ན། ཚད་ངེས་པར་བསྟན་པ་ཡིན་ནོ། །ཡང་རྒོལ་བ་པོ་ན་རེ། དེ་ [111a] [111a.1]བཞིན་གཤེགས་པ་རྣམས་འདུས་ནས་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་དེ་ག་ལ་བར་གཤེགས་ཏེ། ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས། རིགས་ཀྱི་བུ་ཁྱོད་ཀྱིས་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་ [111a.2]པར་དཀའ་བ་སྤྱོད་པ་ལ་སྤྲོ་བ་སྐྱེད་ཅིང་ཇི་ལྟར་མངོན་པར་རྫོགས་པར་བྱ་སྙམ་ཞེས་གསུངས་པ་དེ་དེ་བཞིན་གཤེགས་པས་ཏིལ་གྱི་གང་བུ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེ་གང་བར་གྱུར་པ་ཀུན་གྱིས་མགྲིན་གཅིག་ཏུ་དུས་གཅིག་ཏུ་གསུངས་ན། དེ་ལྟ་ན་ནི་འདུག་པའི་གོ་སྐབས་ཀྱང་མེད་པར་ [111a.3]འགྱུར་རོ། །ཞེ་ན་སྨྲས་པ། དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ནི་སྐྲ་ཙམ་གྱི་ཁྱོན་ལ་ཡང་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་དག་གནས་པར་སྟོན་པའི་མཐུ་མངའ་བའི་ཕྱིར་འདུ་བའི་གོ་སྐབས་མེད་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ། །འོ་ན་མི་བསྐྱོད་པ་ལ་སོགས་ [111a.4]པ་བཞི་རྣམས་འདུས་ནས་ཀྱང་ཟེར་ན། དེ་ལྟར་རུང་ངམ་ཞེ་ན། དེ་བཞིན་གཤེགས་པ་སྐུ་གསུམ་ཡེ་ཤེས་ལྔ་བརྙེས་པའི་རང་བཞིན་ཅན་དུ་འདྲ་བས་ནི་མི་བསྐྱོད་པ་ལ་སོགས་པ་བཞི་རྣམས་འདུས་པར་བརྗོད་པར་ཡང་མི་འགལ་ལོ། །ཡང་རྒོལ་བ་པོ་ན་རེ། འོ་ན་རྒྱལ་བུ་དོན་ཐམས་ཅད་ [111a.5]གྲུབ་པ་ལ་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས་ཞེས་བ་འདི་ལྟར་སྟོན་པ་ཆ་ལུགས་གཞན་དག་གིས་རྣམ་པར་སྟོན་དུ་མི་རུང་ངམ་ཞེ་ན། སྨྲས་པ་ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པ་ཡང་ཡོངས་སུ་དག་པའི་སློབ་མ་བྱང་ཆུབ་སེམས་དཔའ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། [111a.6]ཡོངས་སུ་དག་པར་གྱུར་པའི་སློབ་དཔོན་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་པ་སྟེ། འདི་ལྟར་བསྟན་པ་ནི་མ་འོངས་པའི་དུས་ཀྱི་སློབ་མ་རྣམས་ཚུལ་དེ་ལྟར་བྱ་དགོས་པར་བསྟན་པའི་ཕྱིར་རོ། །ཡང་རྒོལ་བ་པོ་ན་རེ། དེ་བཞིན་གཤེགས་པ་དེ་དག་འདུས་ནས་དེ་སྐད་ཅེས་བཀའ་སྩལ་པ་ [111a.7]དང་། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལས་ལངས་ནས། དེ་བཞིན་གཤེགས་པ་དེ་དག་ལ་ཕྱག་འཚལ་ཞེས་འབྱུང་བ་དེ། ཕྱག་འཚལ་བར་གྱུར་ན་ཡང་ཉེས་པ་ནི་མེད་པར་འོས་ན། ཇི་ལྟ་བུའི་སྐྱོན་དུ་འགྱུར་དོགས་ནས་དེ་ལྟར་ཕྱག་འཚལ་ཞེ་ན། སྨྲས་པ། [111b] [111b.1]ཕྱག་འཚལ་ན་འང་སྐྱོན་དུ་འགྱུར་བ་ནི་མེད་མོད་ཀྱི། འོན་ཀྱང་དེ་ལྟར་ཕྱག་འཚལ་བའི་དགོས་ཆེད་ན། སློབ་དཔོན་དང་སློབ་མའི་ཚུལ་བཟུང་བའི་ཕྱིར་དང་། མ་འོངས་པའི་འགྲོ་བ་སྔགས་ཀྱི་སྒོར་འཇུག་པ་རྣམས་ཀྱང་ཚུལ་དེ་དག་མཐུན་པར་བྱ་དགོས་པའི་ཕྱིར་རོ། །ཡང་རྒོལ་བ་པོ་ན་རེ། [111b.2]དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ལ་གསུང་གཅིག་ཏུ་གདམས་ངག་བཀའ་སྩལ་ཞེས་ཟེར་བ་དེ། གསུང་ཐ་དད་པའི་སྒོ་ནས་གདམས་ངག་ཀྱང་ཐ་དད་པའི་ངག་སྟོན་པར་འོས་ན། གསུང་གཅིག་ཁོ་ནས་བཀའ་སྩལ་པ་ཅིའི་ཕྱིར་ [111b.3]ཞེ་ན། སྨྲས་བ། དེ་ནི་བསྟན་པར་བྱ་བའི་དོན་གཅིག་པ་དང་། ཡེ་ཤེས་གཅིག་ལ་སྟོན་པ་དང་། དུས་གཅིག་ཏུ་སྟོན་པར་མཛད་པའི་ཕྱིར་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུང་གཅིག་ཁོ་ནར་བཀའ་སྩལ་ཏོ། །དེ་ལྟར་བརྒལ་བ་དང་ལན་བཏབ་པའི་སྒོ་ནས་གཞན་དག་ཐེ་ [111b.4]ཚོམ་ཟ་བའི་དོགས་པ་བསལ་ནས་སྒྲུབ་ཐབས་ཀྱི་དོན་དུ་གསུངས་པ། རྡོ་རྗེ་དབྱིངས་དེ་བཞིན་གཤེགས་པའི་གཟུགས་སུ་བྱིན་གྱིས་བརླབས་ནས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཚིག་འདི་དག་ནི་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ལ་མངོན་པར་བྱང་ཆུབ་ [111b.5]པ་རྣམ་པ་ལྔ་བ་སྟབས་པའི་འབྲས་བུ་བསྟན་པ་སྟེ། དེ་ལྟར་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་དེ་མངོན་པར་བྱང་ཆུབ་པ་ལྔའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་གྱུར་པ་དང་། དེ་བཞིན་གཤེགས་པ་འདུས་པ་དེ་དག་ལ་ཕྱག་འཚལ་ནས་བྱིན་གྱིས་རློབས་ [111b.6]ཤིག་པར་གསོལ་བ་དང་། རིགས་བཞིའི་དེ་བཞིན་གཤེགས་པ་དེ་དག་དེའི་གནས་བཞིར་བཞུགས་པར་གྱུར་ཏེ་གནས་བཞི་པོ་དེ་དག་ཏུ་ཡང་རང་རང་གི་ཡང་རིགས་ཀྱི་མཚན་མ་གནས་པར་བྱས་ཏེ། རྡོ་རྗེ་དབྱིངས་ཞེས་བྱ་བའི་ཚིག་གིས་ལན་གསུམ་དུ་བོས་ནས་རྡོ་རྗེའི་མིང་གིས་ [111b.7]དབང་བསྐུར་བའི་ཚིག་སྟེ། དེ་ལྟར་བྱིན་གྱིས་བརླབས་ནས་རང་གི་ཡེ་ཤེས་རྟོགས་པའི་ཁྱད་པར་དེ་ཉིད་ཀྱི་ཡོན་ཏན་གྱི་རྣམ་པ་གཞན་དག་ཀྱང་སྟོན་པར་མཛད་དོ། །རྒོལ་བ་པོ་ན་རེ། འོ་ན་ཡོན་ཏན་གྱི་རྣམ་པ་འདི་དག་ནི་རྣམ་པར་བཀོད་པའི་ཚིག་བསྒྲགས་པ་འདི་ལས་ཐོས་ན་གཞན་ [112a] [112a.1]ཇི་ལྟ་བུ་དག་སྟོན་བར་བྱེད་ཅེ་ན། སྨྲས་པ། རང་གི་ཡེ་ཤེས་ཀྱིས་རྟོགས་པའི་གནས་སྐབས་ཀྱི་ཁྱད་པར་བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་འབྲས་བུའི་ངོ་བོ་བླ་ན་མེད་པ་ཀུན་དུ་ [112a.2]བཟང་པོའི་སེམས་ཞེས་བྱ་བ་རྡོ་རྗེ་ལྟར་མི་ཤིགས་པ་དེ་རྒྱུའི་གནས་སྐབས་ན་གནས་པ། དེའི་རིགས་ཀྱི་སེམས་ཀྱི་བདག་ཉིད་དང་བཅས་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སེམས་ཀྱི་རྒྱལ་པོས་རང་གི་སེམས་ཀྱི་བདག་ཉིད་བསྟན་ཏོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། [112a.3]དེ་ལ་རང་གི་ཡེ་ཤེས་ཞེས་པ་ནི་དེ་ལྟ་བུར་བསྟན་པའི་ཡེ་ཤེས་དེའོ། །དེ་རྟོགས་པར་གྱུར་པའི་གནས་སྐབས་ན་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་དག་ཡོད་པར་བསྟན་ཏོ། །མ་ལུས་པ་ཞེས་བྱ་བ་ནི་ལུས་པ་མེད་པ་སྟེ། ཚོགས་རྣམ་པ་གཉིས་མཐར་ཕྱིན་པའོ། །དཔག་བསམ་གྱི་ཤིང་ [112a.4]དང་ཡིད་བཞིན་གྱི་ནོར་བུ་ཞེས་པ་ནི་མཐུ་སྣ་ཚོགས་དང་ལྡན་པས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་སུ་གྱུར་ཅིག་བདག་གཞན་ལ་ཕན་འདོགས་ནུས་པའི་དཔེའོ། །འབྲས་བུའི་ངོ་བོ་ཞེས་པ་ནི་དེ་ལྟ་བུ་དག་མངོན་དུ་གྱུར་ཅིང་ཉམས་སུ་མྱོང་བའོ། །ཀུན་དུ་བཟང་པོ་ཞེས་པ་ནི་དུས་ [112a.5]གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ངོ་བོ་བས་ན་ནམ་དུ་ཡང་དམན་པར་མི་འགྱུར་པའོ། །གཞན་གྱིས་གཞིག་པར་མི་ནུས་པའི་ཕྱིར་ན་རྡོ་རྗེ་ཞེས་བྱའོ། །དེའི་རྒྱུའི་གནས་སྐབས་ན་གནས་པ་ཞེས་པ་ནི་རྡོ་རྗེ་ལྟར་མི་ཤིགས་པར་བསྟན་པའི་སེམས་དེའིའོ། ། [112a.6]རྒྱུའི་གནས་སྐབས་ན་གནས་པའི་ཞེས་པ་ནི་སློབ་པ་མེད་པའི་དུས་ན་ནི་ཐོག་མ་དང་ཐ་མ་མེད་པ་ཇི་ལྟ་བུར་ཡང་མ་གྲུབ་པའི་ངོ་བོར་གནས་ལ། ཡོངས་སུ་བསླང་བའི་དུས་ན་ནི་གང་ལྟར་འདོད་པ་དེ་བཞིན་དུ་བཏུབ་པའོ། །དེའི་རིགས་ཞེས་པ་ནི་དེ་བཞིན་དུ་ངེས་པར་གསུངས་པའི་དོན་ [112a.7]ཏོ། །སེམས་ཀྱི་བདག་ཉིད་དང་བཅས་པར་ཞེས་པ་ནི། དེ་ལྟ་བུའི་མཚན་ཉིད་དང་ལྡན་པར་བསྟན་པའོ། །དེ་ལྟ་བུའི་དོན་དང་ལྡན་པར་གནས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཞེས་པ་ནི་འཕགས་པ་དང་སེམས་ཅན་ཞེས་མིང་དུ་བཏགས་པས་བསྡུས་པའི་ [112b] [112b.1]རང་གི་ས་ལ་གནས་པ་ཐམས་ཅད་ཀྱི་སེམས་ཀྱི་མཆོག་ཏུ་བསྟན་པས་ན་སེམས་ཀྱི་རྒྱལ་པོ་ཞེས་བྱའོ། །དེ་ཡང་སྟེས་དབང་ངམ་སྐྱེས་བུ་ལྟ་བུ་བྱེད་པ་པོར་འདོན་པ་མ་ཡིན་གྱི་རྟོགས་པའི་ཁྱད་པར་ལས་གྱུར་པར་བསྟན་པས་དེ་ལས་བཟློག་པའི་ཕྱིར་ན་རང་གི་སེམས་ཀྱི་བདག་ཉིད་བསྟན་ཏོ། །ཞེས་ [112b.2]བྱའོ། །དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་རྣམ་པ་གཞན་དག་ཀྱང་དུ་མའི་ཚུལ་དུ་སྟོན་པར་བྱེད་པས་ན་དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀུན་དུ་བཟང་པོ་དེ་ཉིད་རང་གི་ངོ་བོའི་བྱེ་བྲག་གིས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་ཉིད་རང་གི་ངོ་བོ་མི་མཐུན་པར་སྟོན་པའི་བྱེ་བྲག་ [112b.3]གིས་སོ། །མི་བསྐྱོད་པ་དང་ཞེས་པ་ལ་སོགས་པ་ནི་བདེ་བར་གཤེགས་པ་བཞི་པོ་འདི་དག་གི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་རྒྱུད་སོ་སོ་ལ་ཇི་ལྟར་གྲགས་པ་དང་མཐུན་པར་དམིགས་པ་མངོན་དུ་བྱས་པའོ། །བརྟགས་ནས་ཞེས་བྱ་བ་ནི་དེ་ལྟར་དམིགས་པར་བྱས་ཞེས་པའི་ཐ་ཚིག་གོ། །དེ་རྣམས་ [112b.4]ལས་ཀྱང་ཞེས་པ་ནི། དམིགས་པ་མངོན་དུ་བྱས་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་དེ་ཞེས་བྱ་བ་དང་། ཇི་ལྟར་གནས་པའི་རིམ་བཞིན་དུ་ཞེས་པ་ནི་བདེ་བར་གཤེགས་པ་བཞི་པོ་དེ་དག་ཕྱོགས་དང་སྔ་ཕྱི་ཇི་ལྟར་གནས་པའི་རིམ་པ་བཞིན་དུའོ། །རང་གི་རྟོགས་པ་མཐུའི་ཁྱད་པར་གྱི་ངོ་བོ་ཞེས་པ་ནི། [112b.5]དམིགས་པ་མངོན་དུ་བྱས་པའི་ཏིང་ངེ་འཛིན་ལས་སུ་རུང་བའི་མཐུ་འམ་ངོ་བོ་ལས་ཡེ་ཤེས་རྣམ་པ་ལྔ་པོ་དག་གི་རྣམ་གྲངས་སུ་བསྟན་པའོ། །རང་གི་ངོ་བོ་ཐ་དད་པར་བསྟན་ཞེས་པ་ནི། ཁ་ཅིག་ན་རེ་བྱང་ཆུབ་སེམས་དེ་ཉིད་ཀྱི་ངོ་བོ་ཉིད་ཡེ་ཤེས་ཀྱི་རྣམ་པ་ཐ་དད་པའི་འདི་ལྟར་བསྟན་པ་ [112b.6]ཡིན་ཞེས་ཟེར་ན། འདི་ནི་ཡེ་ཤེས་དེ་དག་རང་རང་གི་ངོ་བོ་སྐུ་ཐ་དད་པར་སྤྲུལ་ནས། བསྟན་པ་སྟེ་བདེ་བར་གཤེགས་པ་འདི་ཉིད་འདི་དག་ཏུ་སྣང་བར་བྱས་པའོ། །དེ་ནས་ཡང་ཞེས་པ་ནི་དེ་ཉིད་དངོས་པོ་གཞན་དུ་བསྒྱུར་བའི་མཚན་ཉིད་བསྟན་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ [112b.7]ཐམས་ཅད་ཀྱི་ཞེས་པ་ནི། རིགས་ལྔ་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དེ་མ་ལུས་པ་རྣམས་ཀྱིའོ། །བྱང་ཆུབ་ཀྱི་བདག་ཉིད་ཅེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་ཀྱི་བདག་ཉིད་ཡིན་པར་བསྟན་པའི་ཕྱིར་ཀུན་དུ་བཟང་པོའི་སེམས་བསྐྱེད་པ་ཞེས་ [113a] [113a.1]སྨོས་ཏེ། སེམས་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་ག་ན་གནས་པ་ཞེས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་རྣམ་པར་དག་པ་དེ་ཉིད་ཐུགས་ཀྱི་ངོ་བོ་བས་སྙིང་ག་ན་གནས་པ་ཞེས་བྱའོ། །བརྟགས་པ་སྔོན་དུ་བྱས་ཞེས་པ་ནི་སེམས་དེ་ [113a.2]ཉིད་དེ་ལྟར་གནས་སོ་བར་དམིགས་པའི་བསམ་པ་སྔོན་དུ་བཏང་བའོ། །དབྱིབས་ཇི་ལྟ་བུར་གནས་ཤེ་ན། ཟླ་བའི་དཀྱིལ་འཁོར་ཉ་གང་ཞིང་ཡོངས་སུ་རྫོགས་པ་ལྟ་བུའི་ངོ་བོར་གནས་པ་སྟེ། དེ་ལ་ཟླ་བའི་དཀྱིལ་འཁོར་ནི་བྱང་ཆུབ་སེམས་ཀྱི་ངོ་བོའོ། །ཉ་གང་ཞིང་ཡོངས་སུ་རྫོགས་པ་ [113a.3]ནི་ཚོགས་གཉིས་རྫོགས་པའི་བག་ཆགས་ཀྱིས་ཞེན་པའོ། །དཀར་བ་ནི་སྐྱོན་གྱིས་མ་གོས་པའོ། །འོ་ན་དེ་ལ་ཇི་ལྟ་བུ་དག་གིས་ལས་བྱེད་པ་ཡིན་ཞེ་ན། སྨྲས་པ། ཇི་ལྟར་འདོད་པའི་སེམས་དཔའ་ཆེན་པོ་རྣམས་བསྐྱེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཇི་ [113a.4]ལྟར་འདོད་པ་ཞེས་པ་ནི། རྟོགས་པ་དང་ཕྲིན་ལས་ཀྱི་ཁྱད་པར་གྱིས་གཟུགས་དང་ཁ་དོག་ལ་སོགས་པ་གང་ལྟར་མོས་པ་བཞིན་དུ་སྔགས་ལ་སོགས་པས་རིམ་གྱིས་བསྐྱེད་པ་དང་། རྗེས་སུ་མཐུན་པ་ཞེས་པ་ནི། བདེ་བར་གཤེགས་པའི་ཏིང་ངེ་འཛིན་གྱི་དབང་གིས་ཇི་ལྟར་འདོད་ [113a.5]པའི་རྗེས་སུ་མཐུན་པའི་སེམས་དཔའ་ཆེན་པོ་རྣམས་ཀྱི་མཚན་མ་རྣམས་བྱང་ཆུབ་ཀྱི་སེམས་དེ་ལས་བྱུང་ནས་གོ་རིམས་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་རྣམས་རང་གི་མིང་དང་། སྙིང་པོའི་སྔགས་ཀྱི་ཚིག་དང་དེ་དག་དང་རྗེས་སུ་མཐུན་ [113a.6]པའི་དམ་ཚིག་གི་ཕྱག་རྒྱས་རང་རང་གི་ཕྱག་གཉིས་མཚན་པ། གཞན་ལས་ཁྱད་པར་དུ་གྱུར་པས་དཔེ་བསྟན་དུ་མེད་པའི་སྐུའི་ཆ་ལུགས་མི་མཐུན་པའི་རྣམ་པ་འཛིན་པ། སེམས་དཔའ་རང་རང་ཅི་འདྲ་བའི་བྱེ་བྲག་ཏུ་བྱིན་གྱིས་བརླབས་ཏེ་གནས་པར་གྱུར་ཏོ། །དེ་ནས་ཡང་དེ་ཉིད་ [113a.7]ཀྱི་ཆེ་བའི་ཡོན་ཏན་དང་ཏིང་ངེ་འཛིན་གྱི་སྒོ་དངོས་པོ་གཞན་དུ་སྟོན་པར་མཛད་པའི་དོན་གསུངས་པའོ། །དེ་རྣམས་ལས་ཀྱང་བཅོམ་ལྡན་འདས་ཀུན་དུ་བཟང་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་དེ་ཉིད་ [113b] [113b.1]བདེ་བར་གཤེགས་པ་ཐམས་ཅད་འགུགས་པའི་མཚན་ཉིད་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་བྱེ་བྲག་རྣམས་སུ་བསྟན་ཏོ། །སོགས་པའི་སྒྲས་ནི་ཕྱི་ནང་གི་ལྷ་མོ་ལ་སོགས་པ་རྣམས་སྡུད་པར་བྱེད་དོ། །དེ་དག་ལས་སོ་སོའི་རིགས་སུ་གྱུར་པའི་དོན་གསུངས་པ། དེ་ནས་ཡང་ [113b.2]ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་མི་མཐུན་པའི་མཚན་ཉིད་དུ་བསྟན་པའི་ལྷ་དེ་དག་གོ། །དང་པོ་ཉིད་དུ་ཞེས་པ་ནི་དེ་དག་དང་པོར་དེ་བཞིན་གཤེགས་པ་ཉིད་ལས་བྱུང་བར་སྣང་བའི་ཕྱིར་ན་རྒྱལ་བའི་རིགས་ཞེས་བྱ་བར་གྲགས་སོ། །ཡང་དེ་ཉིད་ལས་ [113b.3]རིགས་བཞི་པའི་ལྷ་སེམས་དཔའ་ལ་སོགས་པའི་མཚན་མ་དང་དཀྱིལ་འཁོར་གྱི་རྣམ་པ་གཞན་དུ་བསྒྱུར་ནས་བསྟན་པའི་དོན་གསུངས་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐྱེ་དགུའི་བདག་པོ་ཞེས་བྱ་བ་ལ་སོགས་པ་དག་སྟེ། བཅོམ་ལྡན་འདས་ནི་ཏིང་ངེ་འཛིན་གྱི་དབང་ [113b.4]ཕྱུག་དེ་ཉིད་རང་གིས་བརྟགས་པ་སྔོན་དུ་བྱས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་སྐུའི་བྱེ་བྲག་ཐ་དད་པའི་རྣམ་པར་བསྟན་ཏེ། གདུག་པ་ཅན་གྱི་སེམས་ཅན་མང་པོ་རྣམས་འདུལ་བའི་ཕྱིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྡོ་རྗེ་འཛིན་པ་ཞེས་བྱ་བ་དང་། རྣམ་པར་དག་པའི་ཆོས་ [113b.5]ལ་གཟིགས་པས་གཞན་དག་གྲོལ་བར་མཛད་པའི་ཕྱིར། འཇིག་རྟེན་དབང་པོ་ལས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་འཐོན་པར་གྱུར་པའོ། །སྐྱེ་བོ་ཕོངས་པ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར། ནམ་མཁའི་སྙིང་པོ་ལ་སོགས་པ་རྣམས་ཀྱང་རང་གིས་ [113b.6]བརྟགས་པའི་སྐུ་ལ་སྙིང་པོར་གནས་པར་བསྟན་ནས། དེའི་རྗེས་སུ་མཐུན་པར་སྐུའི་ཚོགས་དུ་མར་གྱུར་ཏེ། རང་གི་དམ་ཚིག་གི་ཕྱག་རྒྱས་ལག་པ་མཚན་ནས་གནས་པ་ལ་སོགས་པ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པའི་རང་བཞིན་རྣམས་ [113b.7]ཀྱང་ཁྱད་པར་མེད་པར་ཡང་དག་པར་བསྐྱེད་པར་མཛད་དོ། །རྡོ་རྗེ་དང་པདྨ་དང་། རིན་པོ་ཆེའི་རིགས་ལ་སོགས་པ་ཡང་ཞེས་པ་ནི་དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལྟ་བུ་དེ་དག་འདི་ལྟར་བསྟན་པ་ཡང་། འདུལ་བའི་འགྲོ་བ་འདོད་ཆགས་དང་ལྡན་ [114a] [114a.1]པ་དང་། ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པ་རྣམས་དང་། ང་རྒྱལ་དང་ལྡན་པ་རྣམ་པ་བཞིའི་གཉེན་པོར་རིགས་བཞིར་ཕྱེ་ནས་བསྟན་པ་འདི་དག་སྟེ། འདོད་ཆགས་སུ་སྤྱོད་པའི་གཉེན་པོར་ནི་རྡོ་རྗེ་སེམས་དཔའ་འཁོར་དང་གནས་ཕུན་སུམ་ཚོགས་པར་ [114a.2]བསྟན་ཏོ། །ཞེ་སྡང་དུ་སྤྱོད་པའི་གཉེན་པོར་རྡོ་རྗེའི་རིགས་དྲག་ཤུལ་དང་མཐུ་ཆེན་པོར་ལྡན་པ་རྣམས་བསྟན་ཏོ། །གཏི་མུག་ཏུ་སྤྱོད་པ་རང་གི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དང་མུར་འཁྲུགས་པ་ལ་དགའ་བའི་སེམས་ཅན་རྣམས་ཀྱི་གཉེན་པོར་པདྨོ་འདམ་ལས་སྐྱེས་ [114a.3]ཀྱང་འདམ་གྱི་ཉེས་པས་མི་གོས་པའི་མཚན་ཉིད་པདྨོའི་རིགས་རྣམས་བསྟན་ཏོ། །ཕྱུག་ཅིང་བཙན་པ་དང་ངར་འཛིན་པ་ལ་སོགས་པའི་སེམས་ཅན་རྣམས་ཀྱི་གཉེན་པོར་རིན་པོ་ཆེའི་རིགས་འབྱོར་པ་ཕུན་སུམ་ཚོགས་པ་རྣམས་སུ་བསྟན་ཏོ། །སོགས་པའི་སྒྲས་ནི་བཅུ་བདུན་ [114a.4]དང་བརྒྱར་བརྗོད་པ་དག་སྡུད་པར་བྱེད་དོ། །རྡོ་རྗེ་ལ་སོགས་པ་ལས་བྱུང་བའི་ཕྱིར་དེ་དག་རྣམ་པར་བཀོད་དོ་ཞེས་པ་ནི་དེ་ལས་དེ་དག་གི་དབྱིབས་རྣམས་བྱུང་བ་ལས་གྱུར་པའི་ཕྱིར་སོ་སོའི་རིགས་ཞེས་རྣམ་པར་བཀོད་དོ། འོ་ན་དེ་ལྟར་བརྗོད་པའི་རིགས་དེ་རྣམས་རྒྱུ་གཅིག་གི་ངོ་ [114a.5]བོ་ལས་གྱུར་པའི་ཕྱིར་གཅིག་ཏུ་བརྗོད་པར་འོས་ན་སོ་སོར་བརྗོད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། རིགས་དེ་རྣམས་ཀྱང་གང་དེ་བཞིན་གཤེགས་པའི་སྙིང་པོ་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་རིགས་སོ། །རྡོ་རྗེ་ལས་བྱུང་བ་ནི་རྡོ་རྗེའི་རིགས་སོ། །གང་པདྨོ་ལས་བྱུང་བ་ནི་པདྨོའོ་ [114a.6]རིགས་སོ། །གང་ནོར་བུ་ལས་བྱུང་བ་ནི་ནོར་བུའི་རིགས་སོ་ཞེས་གསུངས་པའི་ཕྱིར་ན་སོ་སོའི་རིགས་སུ་བསྟན་ཏོ། །དེ་དག་ཀྱང་རྒྱས་པར་རྒྱུད་འདི་ཉིད་དུ་རིགས་སོ་སོའི་དཀྱིལ་འཁོར་གྱི་ལྷ་སེམས་དཔའ་འབྱུང་བ་ལས་བསྟན་ཏོ། །ཞེས་པ་ནི། དེ་དག་ཀྱང་སྒྲུབ་ཐབས་འདིའི་ [114a.7]སྐབས་སུ་ནི་ཉུང་ཤས་ཙམ་དུ་མདོར་བསྡུས་ཏེ་བསྟན་པར་ཟད་ཀྱི། ཞིབ་ཏུ་རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ཉིད་ཀྱི་ནང་ནས་རིགས་བཞིའི་སོ་སོའི་སེམས་དཔའ་ལ་སོགས་པ་འབྱུང་བ་བསྟན་པའི་ལེའུ་ལས་རྒྱས་པར་བསྟན་ཏེ། དེ་བཞིན་དུ་རྒྱུད་འདིར་གཏོགས་ [114b] [114b.1]པའི་ཞེས་པ་ནི། རིགས་སོ་སོ་རྣམས་ཀྱི་སེམས་དཔའ་རྣམས་འབྱུང་བ་རྒྱས་པར་བསྟན་པ་དེ་བཞིན་དུ་རྩ་བའི་རྒྱུད་འདིར་གཏོགས་པའི་རིགས་བཞིའི་དཀྱིལ་འཁོར་ཞེས་པ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། ཁམས་གསུམ་རྣམ་པར་རྒྱལ་བ་དང་། འགྲོ་བ་འདུལ་བ་དང་། དོན་ [114b.2]ཐམས་ཅད་གྲུབ་པའི་དཀྱིལ་འཁོར་རོ། །དེ་དག་གི་ལྷ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་ཀྱི་སེམས་དཔའི་མཚན་ཉིད་ཅེས་པ་ལ་སོགས་པ་སྟེ། སེམས་དཔའ་ལ་ཡང་གཉིས་ཏེ། དམ་ཚིག་གི་སེམས་དཔའ་དང་ཡེ་ཤེས་ཀྱི་སེམས་དཔའོ། །དམ་ཚིག་གི་ [114b.3]སེམས་དཔའ་ནི་སྦྱོར་བའི་བརྩོན་འགྲུས་དྲག་པོ་དང་། ནན་ཏན་དང་ཏིང་ངེ་འཛིན་རྩེ་གཅིག་པའི་སྟོབས་ཀྱིས་ལྷའི་གཟུགས་བརྙན་ལ་སྦྱོར་བའོ། །ཡེ་ཤེས་ཀྱི་སེམས་དཔའ་ལ་ཡང་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་དང་། ཡེ་ཤེས་ལས་སྐྱེས་པའི་སེམས་དཔའོ། །ཕ་ [114b.4]རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་སེམས་དཔའ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་གོང་མའི་རིམ་པ་ཚོལ་བའི་ཕྱིར་བཀོད་པའོ། །ཡེ་ཤེས་ཀྱི་སེམས་དཔའ་ལས་སྐྱེས་པ་ནི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་དེ་རྟོགས་པ་ལས་བྱུང་བའི་གཙོ་བོ་དང་འཁོར་གྱི་སྐུར་སྣང་བའོ། ། [114b.5]ཕྱག་རྒྱ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པ་ནི། ཡན་ལག་རྫོགས་པར་གྱུར་པ་དང་། དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་དང་རིན་པོ་ཆེ་ལ་སོགས་པ་དང་། ཆོས་ཀྱི་ཕྱག་རྒྱ་བཛྲ་ཛྙཱ་ན་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་དང་། ལས་ཀྱི་ཕྱག་རྒྱ་སྙིང་གར་སྣ་ཚོགས་རྡོ་རྗེ་བསམ་པ་དང་། [114b.6]སོར་མོ་སོ་སོར་ཕྲལ་བ་ལ་སོགས་པ་སྟེ། དེ་དག་ཀྱང་བསྒྲུབ་པར་བྱ་བའི་ཏིང་ངེ་འཛིན་རྒྱུད་ལས་བསྟན་པ་ལས་འདིར་གཏན་ཚིགས་དེ་དག་བླངས་ཏེ་བཤད་པའོ། །དེ་ཡང་གང་ནས་བཤད་ཅེ་ན། རྒྱུད་བཤད་པར་ཁྱད་པར་གྱི་གླེང་གཞི་ཤེས་པར་བྱ་བའི་དམིགས་བསྟན་པའི་ [114b.7]སྐབས་ནས་ཕྱག་རྒྱ་ཆེན་པོ་བཞི་བསྒྲུབ་པའི་ཏིང་ངེ་འཛིན་བསྟན་པ་ལས་གསུངས་སོ། །ཇི་སྐད་དུ་གསུངས་ཤེ་ན། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་པ་སྐུ་གསུང་ཐུགས་ཀྱི་རང་བཞིན་ [115a] [115a.1]བསྟན་ཏེ། གཞན་གྱིས་བཤིགས་པར་མི་ནུས་པའི་ཕྱིར་ན་སྐུ་རྡོ་རྗེ། འགྲོ་བ་རྣམས་ཀྱིས་སོ་སོའི་སྐད་དུ་དོན་གོ་བར་ནུས་པས་ན་གསུང་རྡོ་རྗེའོ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བའི་ངོ་བོར་གནས་པས་ན་ཐུགས་རྡོ་རྗེའོ། །ནམ་མཁའི་ [115a.2]དབྱིངས་ཐམས་ཅད་ན་རྟག་ཏུ་ཁྱབ་པར་གནས་པ་ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་རང་བཞིན་རྡོ་རྗེ་ལྟར་སྲ་ཞིང་བརྟན་པ་གཞན་གྱིས་བཤིགས་པར་མི་ནུས་པའི་མཚན་ཉིད་དེས་ཀུན་ལ་ཁྱབ་པར་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པར་འཇུག་པ་ཞེས་པ་ནི་རིགས་ [115a.3]བཞིར་བསྡུས་པའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་མཉམ་པར་འཇུག་པའོ། །རྡོ་རྗེ་དབྱིངས་རྟོགས་པའི་ཡེ་ཤེས་ཀྱི་སེམས་དཔའ་ཞེས་པ་ནི། རྡོ་རྗེ་ལྟར་འདུས་མ་བྱས་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་པ་ལས་བྱུང་བའི་སེམས་དཔའ་རྣམས་ལ་ཡེ་ཤེས་སེམས་ [115a.4]དཔའ་རྣམས་ཞེས་བརྗོད་དོ། །སོགས་ཞེས་པ་ནི་ཚིག་དེ་དག་མཐར་ཐུག་གི་བར་དུ་སྡུད་པར་བྱེད་པའོ། །ཀུན་དུ་བཟང་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ནི་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ་ཞེས་བྱ་བའི་བར་དུ་ཞེས་པ་ནི་རྒྱུད་ཀྱི་ [115a.5]ནང་ནས་འབྱུང་བའི་ཚིག་རྫོགས་པར་གྱུར་པའི་འཇུག་སྟེ། དེ་བཞིན་གཤེགས་པའི་ཐུགས་ལ་གནས་ཞེས་པ་ནི་དོན་དམ་པར་ཡང་ཐུགས་ཀྱི་རང་བཞིན་པས་ཐུགས་ལ་གནས་སོ་བར་བསྟན་ལ་ཀུན་རྫོབ་ཏུ་ཡང་དེ་བཞིན་གཤེགས་པའི་ཐུགས་ཀ་ན་ཟླ་བ་དང་། རྡོ་རྗེ་ལ་སོགས་པར་ [115a.6]བརྟག་པ་ལས་ཇི་ལྟར་བརྟགས་པ་བཞིན་དུ་དེའི་མཚན་མ་ཐམས་ཅད་འབྱུང་བ་སྟེ། ཇི་ལྟར་སེམས་ཅན་གྱི་ལུས་ཀྱི་ཡན་ལག་གི་གཙོ་བོ་དེ་སྙིང་ག་ན་གནས་པ་བཞིན་ནོ། །དེའི་བར་སྐབས་དེ་ནས་ནི་གོང་དུ་གསུངས་པའི་དོན་དེ་ཉིད་འདིས་ཀྱང་དེ་ལྟར་གསལ་བར་བསྟན་མོད་ཀྱི། ཡང་ [115a.7]འདིར་ཚིགས་སུ་བཅད་པའི་སྒོ་ནས་དོན་དེ་ཉིད་མདོར་བསྡུས་ཏེ་བསྟན་ཏོ། །ཚིགས་བཅད་ཀྱི་དོན་གསུངས་པ། བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། ཞེས་པ་རྣམ་པར་རྟོག་པ་བཅོམ་པས་མི་རྟོག་པའི་དོན་ [115b] [115b.1]དང་ལྡན་པའི་སེམས་དཔའ་དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཏེ། དེ་ཡང་། རྡོ་རྗེ་སེམས་དཔའ་ཁོ་ན་བས། །རྡོ་རྗེ་སེམས་དཔའ་བདག་ཉིད་གཙོ། །ཞེས་པ་སྟེ། བྱང་ཆུབ་སེམས་ཀྱི་བདག་ཉིད་པས་ཐམས་ཅད་ཀུན་གྱི་གཙོ་བོར་གྱུར་པའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ [115b.2]སྟེ་ཞེས་པ་ནི་གོང་དུ་བསྟན་ཟིན་པ་དང་མཐུན་ནོ། །སེམས་དཔའ་བསྟན་པ་རང་བྱུང་བ། །ཞེས་པ་ནི་བྱང་ཆུབ་སེམས་རྣམ་པར་དག་པའི་རང་བཞིན་དེ་མ་ངེས་པའི་སེམས་ལྟ་བུ་མ་ཡིན་གྱི་བརྟན་ཞིང་མི་འགྱུར་བས་ན་སེམས་དཔའ་བརྟན་པ་ཞེས་བྱའོ། །འཇིག་རྟེན་པ་ལྟར་ཕ་མ་ལ་བརྟེན་ཏེ་ [115b.3]ཡང་མ་བྱུང་ལ་ཐེག་པ་ལྟར་ལུས་སེམས་ཀྱི་འབད་པ་བསྐྱེད་པའི་རྩོལ་བ་ལས་བྱུང་བ་ཡང་མ་ཡིན་ལ། མུ་སྟེགས་པ་ལྟར་རང་གི་གཞུང་གིས་འབྱུང་བར་འདོད་པ་མ་ཡིན་པའི་ཕྱིར་ན་རང་བྱུང་ཞེས་བྱའོ། །སེམས་དཔའ་རྣམས་ཀྱི་སེམས་དཔའ་མཆོག །ཅེས་པ་ནི་དེ་ལྟ་བུའི་དོན་དང་ [115b.4]ལྡན་པའི་སེམས་དཔའ་དེ་ནི་སེམས་དཔའ་བཅུ་དྲུག་ཏུ་བསྟན་པ་རྣམས་ཀྱི་གཙོ་བོ་བས་ན་མཆོག་གོ། །ཐུགས་ཀར་རྡོ་རྗེ་བསྒོམས་ནས་ནི། །ཞེས་པ་ནི། དེ་ཡང་ཐུགས་ཀྱི་རང་བཞིན་བས་ན་ཐུགས་ཀར་རྡོ་རྗེ་ལྟ་བུ་རྣམ་པར་དག་པའི་ངོ་བོར་བསྒོམ་པ་ལས་ཇི་ལྟར་བསྒོམས་པའི་ཡེ་ [115b.5]ཤེས་དེ་ཉིད་ཀྱི་ཚུལ་གྱིས་དེ་ལྟར་གྱུར་པ་དང་དེའི་སྒོ་ནས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེའི་ཕྱག་རྒྱ་ཆེན་པོར་གྱུར་པས་སོ། །དེ་ཉིད་ཡེ་ཤེས་ཚུལ་གྱིས་ནི། །ཞེས་པ་ནི། ཡེ་ཤེས་པ་ཉིད་ཀྱང་དེ་ལྟར་བསྒོམས་པའི་ཚུལ་གྱིས་སོ། །རྡོ་རྗེ་དེ་ལ་རབ་ཏུ་གནས། །ཞེས་པ་ནི། དེ་ལྟར་རྡོ་རྗེ་ [115b.6]སེམས་དཔའི་སྐུར་བསྒོམས་པ་དེ་ལས་དེ་ཉིད་ཀྱི་ཚུལ་གྱིས་རྡོ་རྗེ་དེ་ལ་གནས་པའམ། རྣམ་གཅིག་རྡོ་རྗེ་སེམས་དཔའི་སྐུར་བསྒོམས་པའི་ཐུགས་ཀ་ན་ཡང་ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་རྩེ་ལྔ་པར་གནས་པར་སྣང་བའི་ཕྱིར་རོ། །སངས་རྒྱས་རྣམས་ནི་འོད་མཉམ་མེད། །ཅེས་པ་ནི། [115b.7]ཡེ་ཤེས་དེ་ཉིད་ཀྱི་ཚུལ་གྱིས་སངས་རྒྱས་པ་ནི་གང་གིས་ཀྱང་འགྲན་དུ་མེད་ཅིང་མི་མཉམ་པ་ཡིན་པའི་ཕྱིར་རོ། །རྣམ་གཅིག་ཡེ་ཤེས་དེ་ཉིད་ཀྱི་ཚུལ་གྱིས་སངས་རྒྱས་པར་བྱེད་པའི་ཡེ་ཤེས་དཔེ་ཟླ་མེད་པས་གང་གིས་ཀྱང་འགྲན་དུ་མེད་པའི་དོན་དང་ལྡན་པའི་ཕྱིར་རོ། །ཐུགས་ལས་སྣ་ [116a] [116a.1]ཚོགས་བྱུང་ནས་ནི། །ཞེས་པ་ནི། ཐུགས་ཀའི་ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་ངོ་བོར་གནས་པ་དེ་ལས་འོད་རྣམ་པ་སྣ་ཚོགས་པ་མང་པོ་དག་འབྱུང་བར་བྱེད་པའི་ཕྱིར་རོ། །སེམས་ཅན་ཀུན་གྱི་རྡུལ་སྙེད་ཀྱི། །ཞེས་པ་ནི། འོད་དེ་ལས་སྐུ་ཕྲ་མོ་མང་པོ་ [116a.2]འབྱུང་བའི་དཔེའོ། །དེ་ཉིད་གསལ་བར་བསྟན་པ། སྣ་ཚོགས་གཟུགས་སུ་གྱུར་པ་ཡང་། །ཞེས་ཏེ། གཅིག་གི་ཆ་ལུགས་འཆང་བ་མ་ཡིན་གྱི། དུ་མ་ཐ་དད་པའམ། སྣ་ཚོགས་མང་པོའི་གཟུགས་ཕྲ་མོ་དག་བྱུང་ནས་བདུད་འདུལ་བ་དང་། མངོན་པར་བྱང་ཆུབ་པ་ལ་སོགས་པ་ [116a.3]སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འགྲོ་བའི་དོན་མཛད་པའོ། །རྒྱལ་བ་ཉིད་དུ་དེ་ཉིད་གྱུར། །ཞེས་པ་ནི། སྐུ་ཕྲ་མོ་དེ་དག་ཀྱང་གཅིག་ཏུ་འདུས་པའི་ངོ་བོར་རྒྱལ་བའི་སྐུ་ཕྱག་རྒྱ་ཆེན་པོར་སྐྱེད་པར་བྱེད་པའི་ཕྱིར་རོ། །ཇི་ལྟ་བུའི་རྒྱལ་བར་གྱུར་ཞེ་ན། རྡོ་རྗེའི་སྐུ་ནི་དེ་རྣམས་ [116a.4]ལས། རྡོ་རྗེ་སེམས་དཔའ་ཡང་དག་བྱུང་། །ཞེས་ཏེ། སྐུ་ཕྲ་མོ་དེ་དག་གཅིག་ཏུ་འདུས་པར་གྱུར་པ་རྣམས་ལས་སོ། །དེ་ལས་དང་པོའི་སེམས་དཔའི་ཞེས་པ་ནི། སེམས་དཔའ་བཅུ་དྲུག་གི་དང་པོར་བྱུང་བས་ན། དང་པོའི་སེམས་དཔའ་ཞེས་བྱའོ། །མཚན་མ་ཐམས་ཅད་རབ་ཏུ་ [116a.5]བྱུང་། །ཞེས་པ་ནི། དམ་ཚིག་གི་ཕྱག་རྒྱའི་མཚན་མར་གྱུར་པའོ། །ཁ་ཅིག་ན་རེ་དེ་ལས་དང་པོའི་སེམས་དཔའ་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་མཚན་མ་དག་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཇི་ལྟར་བྱུང་བའི་རིམ་པ་དེ་བཞིན་དུ་བྱུང་བ་ཡིན་ཞེས་ཟེར་རོ། །གཞན་དག་ན་རེ། [116a.6]དེ་ནས་དང་པོའི་སེམས་དཔའི་ཞེས་བྱ་སྟེ། དེ་ལས་དང་པོར་སེམས་དཔའ་བཅུ་དྲུག་པོ་རྣམས་ཀྱི་མཚན་མ་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བྱུང་ལ། མཚན་མ་ལས་ཀྱང་སེམས་དཔའ་ཆེ། །ཞེས་པ་ནི། སེམས་དཔའ་དེ་དག་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བྱུང་བ་ལ་དེ་ [116a.7]ལས་ཀྱང་སེམས་དཔའ་ཆེན་པོའི་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་བྱུང་ངོ་། །དེ་རྣམས་ལས་ནི་ཚུལ་འདི་ཀུན། །ཞེས་པ་ནི། དཀྱིལ་འཁོར་དང་སྒྲུབ་པ་ལ་སོགས་པའི་རིམ་པ་བསྟན་པའི་རྒྱུད་ཀྱི་ཚུལ་འདི་ལྟ་བུ་དག་བྱུང་ཞེས་སམ། རྣམ་གཅིག་ཚུལ་དེ་རྣམས་ལས་སེམས་ [116b] [116b.1]དཔའ་རྣམས་འདི་ལྟར་བསྟན་ཅེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་བསྡུས་པ་ཆེན་པོ་ཡོ་ག་འབུམ་སྡེ་ཉིད་ལས་ཀྱང་གསུངས་པ། རྣལ་འབྱོར་བཅོམ་ལྡན་དེ་ཉིད་ནི། །རྡོ་རྗེ་སེམས་དཔའ་དོན་ཆེན་སྩོལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་རྣལ་འབྱོར་གྱི་རང་བཞིན་དེ་ཉིད་ [116b.2]ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། དེས་ནི་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་དོན་ཆེན་པོ་སྩོལ་བར་མཛད་པའོ། །རིགས་ལྔ་ཡི་ནི་ཁྱད་པར་གྱིས། །སྤྱོད་དང་མི་སྤྱོད་བཅས་པར་རོལ། །ཞེས་པ་ནི། རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་དེ་ལས་རིགས་ལྔ་ལ་སོགས་ [116b.3]པའི་ཕྱག་རྒྱ་ཆེན་པོ་ཡང་འབྱུང་ཞིང་སྟོན་པར་བྱེད་ལ་རིགས་ལྔ་པོར་བསྟན་པ་དེ་དག་གི་ཁྱད་པར་གྱིས་ཀྱང་གཡོ་བ་དང་མི་གཡོ་བ་ལ་སོགས་པའི་རང་བཞིན་ནམ། ངོ་བོ་ལྟ་བུར་ཡང་སྟོན་པར་བྱེད་ཅེས་པའི་དོན་ཏོ། །གཞན་ཡང་དཔལ་མཆོག་དང་པོ་ལས་ཀྱང་དོན་དེ་ཉིད་འདི་ལྟར་བསྟན་ཏེ། [116b.4]གང་ཞེ་ན། སྔོན་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་དེ་ནི་ཐོག་མ་དང་ཐ་མའི་མཐའ་གཟུང་དུ་མེད་དེ། མི་དམིགས་པའི་ཕྱིར་ན་སྔོན་མཐའ་མེད་པའོ། །དེ་ལྟ་བུའི་སེམས་དཔའ་ [116b.5]དེ་ནི་དཔལ་རྡོ་རྗེ་སེམས་དཔའོ། །དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རོ་མྱོང་བའི་དགའ་བ་ཆེན་པོ་དང་ལྡན་པ་ལ། དེའི་སྒོ་ནས་འགྲོ་བའི་དོན་མཛད་པ་ལ་དགྱེས་པའི་དགའ་བ་དང་ཡང་ལྡན་པས་ན་དགའ་བ་ཆེ་ཞེས་བྱའོ། །བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ནམ་ཡང་དམན་པར་མི་ [116b.6]འགྱུར་ཏེ། རྣམ་པ་ཐམས་ཅད་དུ་བཟང་ཞིང་ཀུན་གྱི་ངོ་བོའམ་བདག་ཉིད་དུ་གྱུར་པའི་ཕྱིར་ན་ཀུན་དུ་བཟང་པོ་ཞེས་བྱའོ། །འཇིག་རྟེན་པའི་ལྷ་རྣམས་ལ་ཡང་རྡོ་རྗེ་སེམས་དཔའ་ལྟ་བུའི་ཆ་ལུགས་འཛིན་ཅིང་རྡོ་རྗེ་འཆང་བ་བདག་ཡོད་མོད་ཀྱི། དེ་དག་གི་གཙོ་བོའམ་བདག་པོ་ཡང་རྡོ་ [116b.7]རྗེ་སེམས་དཔའ་བསྙེམས་པའི་ཚུལ་བསྟན་པའི་ཕྱིར། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །ཅེས་བྱའོ། །སེམས་ཅན་ཀུན་གྱི་སེམས་གང་ནི། ཞེས་པ་ནི་སེམས་ཅན་གྱི་སེམས་གོང་དུ་སྨོས་པའི་ཚུལ་དུ་གོང་ལྟར་འདོད་པའི་ཚུལ་དུ་བསྒོམས་ནས་དེ་བཞིན་དུ་བརྟན་པར་འགྱུར་བའི་ [117a] [117a.1]ཕྱིར་ན། དེ་ལ་ནི་སེམས་དཔའ་ཞེས་བྱའོ། །དེ་ཡང་སེམས་མི་གཡེང་བར་དམིགས་པའི་དོན་ལ་རྩེ་གཅིག་པར་གནས་པའི་ཏིང་ངེ་འཛིན་ལས་གྲུབ་པར་གྱུར་པས་ནི་ཏིང་ངེ་འཛིན་གནས་ཞེས་བྱའོ། །དེ་ལྟར་བརྟན་པར་བྱས་ཤིང་རྩེ་གཅིག་པར་གནས་པ་དེ་ལས་རྡོ་རྗེའི་དེ་བཞིན་ [117a.2]དུ་བསྒོམས་པ་དང་། ཡང་དེ་བཞིན་དུ་འགྱུར་བར་ངེས་པའི་ཕྱིར་ན་རྡོ་རྗེར་གྱུར་ཞེས་བྱའོ། །སེམས་དཔའི་བྱིན་བརླབས་ཚུལ་གྱིས་ནི། །ཞེས་པ་ནི། དེ་ལྟ་བུའི་ཚུལ་དང་རིམ་པས་རྡོ་རྗེར་བསྒོམ་པ་དེའི་སྦྱོར་བས་སྐུར་བསྐྱེད་པར་བྱའོ། །སྐུ་གང་ཞིག་ཅེ་ན། བདག་ཉིད་རྡོ་རྗེ་སེམས་དཔར་གྱུར། [117a.3]ཞེས་པ་དེ་ནི་དེ་ཁོ་ནའོ། །དེ་ཉིད་ཅེས་པ་ནི་དང་པོའི་དོན་ལ་བསྙེགས་པའོ། །བཅོམ་ལྡན་སྣ་ཚོགས་པ་ཞེས་པ་ནི་འགྲོ་བའི་དོན་ཐབས་སྣ་ཚོགས་པར་མཛད་པའི་མཐུ་དང་ལྡན་པའམ། ཁ་ཅིག་ན་རེ་ལས་ཀྱི་རིགས་སོ། །ཞེས་ཀྱང་འཆད་དོ། །རྣམ་གཅིག་བྱང་ཆུབ་སྤྱོད་པའི་རྗེས་སུ་ [117a.4]མཐུན་པ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚིག་རྣམས་ལ་མར་ཡང་སྦྱར་ཏེ། འགྲོ་བ་སེམས་ཅན་གྱི་དོན་མཛད་པའོ། །གཞན་དུ་ན་འོག་ནས་འབྱུང་བ་དེ་ལྟ་བུའི་ཚུལ་གྱི་སོ་སོ་ནས་དོན་མཛད་པར་ཡང་སྦྱར་རོ། །བྱང་ཆུབ་སྤྱོད་པའི་རྗེས་མཐུན་པ། །ཞེས་པ་ནི་མཛད་པ་བཅུ་ [117a.5]གཉིས་ལྟ་བུའི་ཚུལ་དུ་སྟོན་པའོ། །བདུད་དང་བདུད་ལས་རྒྱལ་བ་ཉིད། །ཅེས་པ་ནི། བདུད་ལྟ་བུས་འདུལ་བའི་འགྲོ་བ་རྣམས་ལ་བདུད་ལྟ་བུའི་ཆ་ལུགས་སུ་སྟོན་པར་མཛད་པའམ། །རྣམ་གཉིས་ཉན་ཐོས་དང་རང་རྒྱལ་བ་ལ་སོགས་པ་ཐེག་པ་འོག་མ་དག་གིས་ལྟ་བ་གཅོད་པར་མཛད་ [117a.6]པས་ན། བདུད་ཅེས་བྱའོ། །བདུད་བཞི་པོ་དག་འཇོམས་པར་མཛད་པས་ན་བདུད་ལས་རྒྱལ་བ་ཞེས་བྱའོ། །དེ་བཞིན་དུ་བྱང་ཆུབ་བའི་རིམ་པར་སངས་རྒྱས་པའི་ཚུལ་སྟོན་པ་ཡང་དེ་ཉིད་དོ། །རྡོ་རྗེ་དྲག་པོ་མཐར་བྱེད་པ། །ཞེས་པ། རྡོ་རྗེ་དྲག་པོ་ལྟ་བུར་བསྟན་ནས་ཐམས་ཅད་མཐར་འཇིག་ [117a.7]ཅིང་མེད་པར་བྱེད་པ་ཡང་དེ་ཉིད་དོ། །ཕྱག་ན་རྡོ་རྗེ་ལྟ་བུར་བསྟན་ནས་མཐུ་སྟོབས་ཀྱིས་གཞན་ཟིལ་གྱིས་གནོན་པར་མཛད་པ་ཡང་དེ་ཉིད་དོ། །དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་པདྨ་དང་། ནོར་བུའི་རིགས་ལྟ་བུར་བརྗོད་ཅིང་སྟོན་པ་ཡང་དེ་ཉིད་དོ། །དེ་ཉིད་ཆགས་པའི་སྒོ་རུ་བསྟན། ། [117b] [117b.1]ཞེས་པ་ནི། རིགས་སོ་སོར་བརྗོད་པ་དེ་དག་གི་ཐུགས་རྗེས་སེམས་ཅན་གྱི་དོན་ལ་ཆགས་པར་མཛད་པའི་ཕྱིར་ན་འདི་སྐད་བརྗོད་དེ་གོང་མ་ཀུན་ལ་ཡང་སྦྱར་བར་བྱའོ། །འདོད་དང་ཞེས་པ་ནི་འདོད་པ་ལྔའི་རང་བཞིན་དུ་སྟོན་པ་ནི་དེ་ཉིད་དོ། །གྲོལ་དང་ཞེས་པ་ནི། དེ་དག་སྤངས་པ་ལྟ་བུར་ [117b.2]བསྟན་པ་སྟེ། རྣམ་པར་གྲོལ་བ་ཡང་དེ་ཉིད་དོ། །དུས་གསུམ་ཞེས་པ་ནི་དུས་གསུམ་དུ་སྟོན་པའོ། །སྲིད་གསུམ་ཞེས་པ་ནི་སྐྱེ་བ་དང་། འཆི་བ་དང་བར་མདོའི་སྲིད་པར་སྟོན་པའོ། །མཆོག་གསུམ་ཞེས་པ་ནི་འཇིག་རྟེན་པའི་མཆོག་སྟེ། ལྷ་ཆེན་པོ་ཚངས་པ་དང་། ཁྱབ་ [117b.3]འཇུག་དང་། དབང་ཕྱུག་ཆེན་པོའི་རང་བཞིན་དུ་སྟོན་པ་དང་། འཇིག་རྟེན་གསུམ་ནི་ས་འོག་ས་བླ་བར་སྣང་ངོ་། །དེའི་མཆོག་ནི་གཙོ་བོའམ་བདག་པོ་ལྟ་བུར་གྱུར་པ་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ། །རྣམ་གཅིག་གཞན་དག་ན་རེ་འཇིག་རྟེན་གསུམ་གྱི་མཆོག་ནི་དཀོན་ [117b.4]མཆོག་གསུམ་མོ་ཞེས་ཟེར་རོ། །ཁམས་གསུམ་ཞེས་པ་ནི། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་སོ། །དེ་ཉིད་གནས་པ་ཞེས་པ་ནི། སྣོད་ཀྱི་འཇིག་རྟེན་ཏེ། དེའི་མཆོག་ཀྱང་རྡོ་རྗེ་སེམས་དཔའོ། །བརྟན་པ་ཞེས་པ་ནི་གཞན་གྱིས་བསྐྱོད་ [117b.5]པར་མི་ནུས་པའོ། །སྲ་བ་ཞེས་པ་ནི་གཞན་གྱིས་གཞིག་པར་མི་ནུས་ཤིང་། མི་ཚུགས་པའོ། །ཆེ་ཞིང་སྡུག་པ་ཞེས་པ་ནི། རྒྱ་ཆེ་ཞིང་གཞན་གྱིས་ཕིགས་པར་དཀའ་བའི་ཕྱིར་རོ། །དེ་དག་ཀུན་གྱི་ངོ་བོར་སྣང་བ་ཡང་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་དེ་ཉིད་དོ། །འགྲོ་བ་སེམས་ [117b.6]ནི་འདུས་བྱས་པས། །ཞེས་པ་ནི། འགྲོ་བའི་སེམས་འདུས་བྱས་པས་བསྒྲུབས་ན་ཡང་བྱང་ཆུབ་སེམས་དེ་དེ་བཞིན་དུ་འགྲུབ་པར་འགྱུར་ཏེ། གོང་དུ་སྨོས་པ་ཐམས་ཅད་བྱེད་ནུས་སོ། །ཁ་ཅིག་ན་རེ་འགྲོ་བ་སེམས་འདུས་བྱས་པས་ཀྱང་བྱ་བར་འོས་པ་ཐམས་ཅད་འགྲུབ་པར་འགྱུར་ན། ཐམས་ [117b.7]ཅད་ཀྱི་བདག་ཉིད་རྣམ་པར་དག་པའི་ངོ་བོ་དེ་རྟོགས་པར་གྱུར་པའམ། དེ་བཞིན་དུ་ཐམས་ཅད་བྱེད་ནུས་པའམ་འགྲུབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ལྟར་བསྟན་པའི་སེམས་དེ་ནི་འགྲོ་བ་སེམས་འདུས་བྱས་པ་ལས་གྲུབ་པས་དེ་བཞིན་དུ་ཐམས་ཅད་བྱེད་ [118a] [118a.1]པར་འགྱུར་ཏེ། འགྲོ་བ་སེམས་འདུས་བྱས་པ་ནི་ཐམས་ཅད་ཀྱི་བདག་ཉིད་དེར་འགྱུར་རོ་ཞེས་ཀྱང་བཤད་དོ། །དེ་དག་གིས་ནི་རྡོ་རྗེ་སེམས་དཔའ་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་གཡོ་བ་དང་མི་གཡོ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ཀུན་གྱི་ངོ་བོ། [118a.2]བསྡུས་ཏེ་བསྟན་ཏོ། །དེ་བས་ན་ཞེས་པ་ནི་གོང་མའི་གཏན་ཚིགས་དེའི་དོན་ལ་བསྙེགས་པ་སྟེ་མཚོན་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི། མ་ལུས་པའི་དོན་ཏེ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །རྡོ་རྗེ་སེམས་དཔའི་རིགས་སོ་ཞེས་པ་ [118a.3]ནི་རིགས་གསུམ་དང་། བཞི་དང་། ལྔ་དང་། བཅུ་བདུན་དང་། ཉི་ཤུ་རྩ་གཅིག་དང་། བརྒྱའོ་ཞེས་གྲངས་དུ་མར་བསྟན་པ་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའ་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་དེ་རྟོགས་པའི་ཁྱད་པར་ལས་བྱུང་བའི་ཕྱིར་ན། དེ་དག་ཐམས་ཅད་ནི་རྡོ་རྗེ་སེམས་དཔའི་ [118a.4]རིགས་ཡིན་པས་དེ་གཅིག་པུ་ཁོ་ནར་ངེས་པས་མང་པོར་དབྱེར་མེད་དོ། །ཞེས་ཀྱང་རྣལ་འབྱོར་གྱི་ཚུལ་ཞེས་བྱ་བའི་རྒྱུད་ལས་ཞིབ་ཏུ་བསྟན་ཏོ། །དེ་ཉིད་ལས་ཞེས་པ་ནི་རྣལ་འབྱོར་གྱི་ཚུལ་ཞེས་བྱ་བའི་རྒྱུད་དེ་ཉིད་ལས། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་ [118a.5]བོ་ཡིན་པར་ཡང་བསྒྲགས་ཏེ། ཞེས་པ་ནི་དོན་འདི་གསལ་པོར་སྟོན་པའོ། །ཐེག་པ་ཆེན་པོར་མངོན་པར་རྟོགས་པ་ཆུང་ངུ་ལས་ཀྱང་ཞེས་པ་ནི། ཐེག་པ་ཆེན་པོ་ཞེས་བྱ་བ་ཞིག་ཀྱང་བཞུགས་ཏེ། དེ་དགག་པའི་ཕྱིར་ཆུང་ངུ་ཞེས་སྨོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ [118a.6]ཀྱིས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་གྱུར་པའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བདག་ཉིད་ཆེ་བ་བསྟན་པ་ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་ཡོན་ཏན་སྣ་ཚོགས་ཀྱི་སྒོ་ནས་བསྟོད་པ་བྱས་པའོ། །དེ་ལྟར་བསྟོད་པ་བྱས་པ་དེ་ཡང་རྒྱུད་དེའི་ [118a.7]ནང་ནས་འདི་སྐད་ཅེས་བཤད་དོ། །དེ་བཞིན་གཤེགས་པས་ཕྱག་བྱས་ཤིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གུས་པའི་ཚུལ་གྱིས་ཕྱག་འཚལ་བ་དང་། ཕྱི་ནང་གི་ལྷ་མོའམ། དྲི་དང་མེ་ཏོག་ལ་སོགས་པའི་ [118b] [118b.1]རྣམ་པས་མཆོད་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་དང་། ཕུ་དུད་དང་རིམ་གྲོའི་སྒོ་ནས་བསྐུར་སྟི་དང་བླ་མར་བྱ་བར་རིགས་ཤིང་འབད་པའམ་འོས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་བྱ་ཞེ་ན། ཐམས་ཅད་མཁྱེན་པའི་སེམས་ཞེས་ཏེ། རྣམ་པ་ཐམས་ཅད་མཁྱེན་ [118b.2]པའི་ཡེ་ཤེས་ཀྱང་ཁྱོད་ཡིན། བྱང་ཆུབ་སེམས་དཔའ་རྣམ་པར་དག་པ་ཡང་ཁྱོད་ལ་བྱ། མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་ཁྱོད་ལ་བརྟེན་ནས་ཐོབ། དེའི་ཕྱིར་ན་ཁྱོད་ཀྱི་རང་བཞིན་རྟོགས་པར་གྱུར་པ་ལས་ཆེ་བའི་ཡོན་ཏན་ཀུན་སྐྱེ་བས་ན། ཁྱོད་ནི་ཐམས་ཅད་གཟིགས་པའི་ [118b.3]ཡབ་བོ། །བྱུང་དང་འབྱུང་བར་གྱུར་པ་ཡི། །ཞེས་པ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་སྔ་ནས་བྱུང་བར་གྱུར་ཟིན་པ་དང་མ་འོངས་པའི་དེ་བཞིན་གཤེགས་པ་དག་གཟོད་འབྱུང་བར་འགྱུར་བ་རྣམས་ཀྱང་ཁྱོད་ལ་བརྟེན་ཏེ་འབྱུང་ཞེས་དང་། དེ་ཡང་རྟེན་པར་འགྱུར་ཞེས་པའི་ཐ་ [118b.4]ཚིག་གོ། །སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན། །ཞེས་པ་ནི། བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་བརྟན་ཞིང་མི་འགྱུར་བའི་སེམས་དེ་ལས་བྱུང་བའམ། རྣམ་གཅིག་སེམས་དཔའ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་ [118b.5]པའི་ཡེ་ཤེས་ཐོབ་པར་འགྱུར་བ་ཡང་། བརྟན་ཞིང་མི་འགྱུར་བའི་བདག་ཉིད་ཁྱོད་ལས་བྱུང་བས་ན། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཁྱོད་ཀྱི་མཚན་རྡོ་རྗེ་སེམས་དཔའ་ཞེས་བཤད་དོ། །ཞེས་བྱ་བའི་དོན་ཏོ། །ཐམས་ཅད་གཟིགས་པའི་སྙིང་པོ་ཞེས་པ་ནི། [118b.6]དེ་བཞིན་གཤེགས་པའི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཀུན་དེ་ཉིད། །ཅེས་པ་ནི།དེ་བཞིན་གཤེགས་པ་རྣམས་དེ་དེ་ལས་བྱུང་བའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཡེ་ཤེས་བླ་ན་མེད་པའོ། །དད་པ་གང་ཞིག་དད་དེ་ཡང་། །ཞེས་པ་ནི། [118b.7]དད་པ་ཅན་གྱི་འགྲོ་བ་གང་ལ་ལ་ཞིག་གིས་དཔལ་རྡོ་རྗེ་སེམས་དཔའ་དེ་ལ་དད་ཅིང་མོས་པའི་སྒོ་ནས་སྒོམ་ཞིང་སྒྲུབ་པར་བྱེད་པ་ན། དེ་ལྟར་བྱེད་པ་དེ་ལ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་འཚལ་བར་འོས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་དེ་ལྟ་བུ་དག་ཉམས་སུ་ [119a] [119a.1]ལེན་ཅིང་རྟོགས་པར་བྱེད་པ་ནི་ཤིན་ཏུ་དཀོན་པའི་ཕྱིར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ཉིད་རྣམ་པ་དུ་མས་དེ་ཁོ་ན་ཉིད་ཅེས་བྱ་བར་འགྲོ་བའི་དོན་མཛད་པའི་ཕྱིར་བཞུགས་པར་ཞེས་པ་ནི། རྒྱུད་ཀྱི་ཁུངས་ལས་གསུངས་པའི་གཏན་ཚིགས་བསྟན་པ་དེ་ལྟར་དོན་ [119a.2]དམ་པའི་དེ་ཁོ་ན་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པ་དེ་ལ། དེ་བཞིན་གཤེགས་པ་ཉིད་ཅེས་བྱ་སྟེ། མི་དམིགས་པ་ཡིན་ན་ཡང་། ཀུན་རྫོབ་ཏུ་རྡོ་རྗེ་དབྱིངས་ཀྱི་ལྷ་ཇི་སྙེད་པ་རྣམས་མཚན་མ་མི་མཐུན་པའི་རྣམ་པར་བསྟན་ནས། ཐབས་དུ་མས་འགྲོ་བའི་ [119a.3]དོན་ལ་མི་སླུ་བ་ཞེས་བྱ་བ་བསྟན་པ་དེའི་སྒོ་ནས་འགྲོ་བའི་དོན་མཛད་པའི་ཕྱིར། ཆ་ལུགས་དེ་བཞིན་དུ་བཞུགས་པར་ཤེས་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་ཡང་གང་གིས་ཤེས་པར་བྱ་ཞེ་ན། བློ་གྲོས་རབ་ཏུ་དྲི་མ་མེད་པ་ཞེས་པ་ལ་སོགས་པ་སྟེ་ཐབས་དང་ཤེས་རབ་ཉེས་པས་མ་ [119a.4]གོས་པ་ནི་བློ་གྲོས་དྲི་མ་མེད་པ་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །བདུད་རྩིའི་བཅུད་ཅེས་པ་ནི། བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་རང་བཞིན་མི་འགྱུར་བའི་ངོ་བོར་གནས་པ་དེ་ཐོབ་པར་འདོད་པའམ། རིགས་དང་རིགས་ཀྱི་གཙོ་བོ་ལ་སོགས་པའི་ལྷ་གང་འདོད་པ་ [119a.5]བསྒྲུབ་པར་འདོད་པའོ། །སེམས་ཅན་དམ་པ་ཞེས་པ་ནི་ཁྱད་པར་ཅན་དུ་གྱུར་པ་སྟེ་དེས་དེ་བཞིན་དུ་རིག་པར་བྱའོ། །མདོར་ན་ཐབས་དང་ཤེས་རབ་ཀྱི་བློ་གྲོས་སུ་ལྡན་པས་སྒྲིབ་པའི་དྲི་མ་བསལ་བ་བྱང་ཆུབ་སེམས་རང་བཞིན་གྱིས་རྣམ་པར་དག་ཅིང་མི་འགྱུར་བའི་བདུད་རྩིའི་བཅུད་ [119a.6]དང་འདྲ་བ་དེ་ཉམས་སུ་ལེན་ཅིང་ལག་ཏུ་ཐོབ་པར་འདོད་པའི་སེམས་ཅན་དམ་པ་ཁྱད་པར་ཅན་དུ་གྱུར་པ་རྣམས་ཀྱིས་དོན་དེ་བཞིན་དུ་ཤེས་པར་བྱ་བ་བསྟན་ཏོ། །དེ་ལྟར་གོང་དུ་འཕགས་པའི་རིགས་པའི་ཡེ་ཤེས་དོན་དམ་པའི་དེ་ཁོ་ན་ཉིད་ཅེས་བཤད་པ་དེ་འགྲོ་བ་ཕལ་གྱིས་རེག་ [119a.7]པའི་སྤྱོད་ཡུལ་དུ་མི་འགྱུར་བས། ཀུན་རྫོབ་ཀྱི་བདེན་པ་ལ་གནས་པའི་སྒོ་ནས་རང་གིས་རྟོགས་པའི་ཡེ་ཤེས་དེ་ཉིད་ལས་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་དུ་རྡོ་རྗེ་དབྱིངས་ལ་སོགས་པའི་ལྷ་རྣམས་སུ་སྣང་བར་བསྟན་ལ། དེ་རྣམས་འགྲོ་བ་གང་ཡང་རུང་བ་རྣམས་ཀྱིས་བསྒྲུབས་ན་དེ་བཞིན་དུ་ [119b] [119b.1]འགྲུབ་པར་འགྱུར་བས་ན། འགྲོ་བའི་དོན་ལ་མི་སླུའོ། །ཞེས་བཤད་པ་སྟེ་དེ་ཡང་རྡོ་རྗེ་དབྱིངས་དེ་བཞིན་གཤེགས་པ་ལས་སེམས་དཔའ་རྣམས་ཇི་ལྟར་འབྱུང་བའི་ཚུལ་གོ་རིམས་བསྟན་པ་དེ་ཡང་སློབ་དཔོན་ཉིད་ཀྱིས་རང་བཟོར་བྱས་པ་མ་ཡིན་པའི་གཏན་ཚིགས་ཞལ་ནས་ [119b.2]གསུངས་པའི་རྒྱུད་ལས་བསྟན་ཏེ། དེ་ལྟར་སེམས་དཔའ་ཇི་ལྟར་གྲུབ་ཅིང་འཐན་པ་སྔར་བཤད་པ་དེ་དག་ཇི་ལྟར་གྲུབ་པའི་ཐབས་གསུངས་པ། གང་གི་ཕྱིར་དངོས་གྲུབ་ཁྱད་པར་ཅན་ཇི་ལྟར་འདོད་པའི་བདེ་བ་འབྱུང་བ་རྣམས་ཀྱང་དེ་དག་དང་། མཉམ་པར་ལྡན་ན་བདེ་བ་དེ་ [119b.3]ཉིད་ཀྱིས་དེའི་གོ་འཕང་མྱུར་དུ་འཐོབ་སྟེ་ཞེས་བྱ་བ་ལ་སོགས་པའི་རིམ་པ་བརྗོད་པ་དག་སྟེ། གང་གི་ཕྱིར་ཞེས་པ་ནི་དེའི་དོན་གྱི་ཕྱིར་ཞེས་བྱའོ། །དངོས་གྲུབ་ཁྱད་པར་ཅན་ཇི་ལྟར་འདོད་པའི་བདེ་བ་འབྱུང་བ་རྣམས་ཀྱང་ཞེས་པ་ནི་སྦྱོར་བའི་རྒྱུད་འདི་ནི་གཞན་ལས་ཀྱང་ཁྱད་པར་དུ་ [119b.4]བླ་ན་མེད་པར་འགྲུབ་པས་དངོས་གྲུབ་སྒྲུབ་པའི་ཐབས་མང་པོ་ཡོན་ཏན་དང་ལྡན་པར་བསྟན་ཏོ། རྡོ་རྗེ་དབྱིངས་ཆེན་པོ་ལ་སོགས་པ་ལྷ་གང་འདོད་པའི་དངོས་གྲུབ་བོ། །དེ་དག་ཐབས་གང་གིས་འགྲུབ་པར་འགྱུར་ཞེ་ན། བདེ་བར་འབྱུང་བ་དེ་དག་དང་མཉམ་པར་ལྡན་ན་ཞེས་པ་སྟེ། [119b.5]ལྷའི་སྐུ་གསུང་ཐུགས་དང་བདག་གི་སྒོ་གསུམ་གཉིས་སུ་མེད་པར་སྦྱོར་བར་ནུས་པས་ཏིང་ངེ་འཛིན་དང་མཉམ་པར་ལྡན་པ་པོ་དེ་ཉིད་ཀྱིས་དངོས་གྲུབ་གང་འདོད་པ་དེའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་ཏེ། དེ་ལ་བདེ་བ་ཞེས་བྱ་བ་ནི། སྔགས་སྤྱིའི་དཀའ་ཐུབ་དང་བརྟུལ་ཤུགས་ [119b.6]དྲག་པོ་འབྱུང་བའམ་མུ་སྟེགས་པའི་བརྟུལ་ཤུགས་དྲག་པོ་ལྟ་བུ་སྤྱད་པས་འགྲུབ་པར་སྟོན་པ་དེ་དགག་པ་སྟེ། ལྷ་དང་མཉམ་པར་ལྡན་པ་དེ་ཁོ་ན་ལ་བདེ་བ་ཞེས་བཤད་དོ། །བདག་ཉིད་ཆེན་པོ་སྲས་དང་བཅས་པ་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་དང་ལྡན་པ་ཐམས་ [119b.7]ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཆེན་པོ་ཉིད་དམ་དེའི་ཡེ་ཤེས་རྣམ་པར་དག་པའི་ཡོན་ཏན་ལས་བྱུང་བའི་འཁོར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་དུ་མ་ཚང་བའམ། གཅིག་ཀྱང་རུང་སྟེ་གང་འདོད་པ་དེ་ཡོངས་སུ་བཟུང་ནས་དེ་དག་རང་གི་སྦྱོར་བས་ [120a] [120a.1]མཉེས་པར་བྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ནུས་པའི་དབང་ཕྱུག་ཆེན་པོའི་དངོས་གྲུབ་སྩོལ་བར་མཛད་དེ། དབང་ཕྱུག་ཆེན་པོ་ཞེས་པ་ནི། འཇིག་རྟེན་པའི་དབང་ཕྱུག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་ཡང་ཡིན་མོད་ཀྱི། [120a.2]འདིར་ནི་འཇིག་རྟེན་ལས་འདས་པའི་དབང་ཕྱུག་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་དག་གི་དངོས་གྲུབ་དང་། དེ་བས་ན་གང་བདག་ཉིད་ཆེ་བ་ཞེས་པ་ནི། སྒྲུབ་པ་པོ་ཚོགས་རྣམ་པ་གཉིས་བསགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་བསྒྲུབ་པ་ལ་དད་པ་དང་མོས་ [120a.3]པ་ཆེ་ཞིང་བརྩོན་འགྲུས་དང་ལྡན་པའོ། །རང་བཞིན་གྱིས་རླབས་ཆེ་བ་ཞེས་པ་ནི་འོག་མའི་ཐེག་པའམ་འཇིག་རྟེན་པའི་ལམ་བསྒྲུབ་པ་ལྟར་རང་གཅིག་པུར་ཐར་པ་འདོད་པ་མ་ཡིན་གྱི་འགྲོ་བ་མང་པོ་ལ་ཕན་པ་བསྒྲུབ་པའི་བསམ་པ་འཆང་བའོ། །ཕན་འདོགས་ཞེས་པ་ནི་ [120a.4]འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་སློབ་པར་བྱེད་པའི་དངོས་གྲུབ་དེ་བསྒྲུབ་པའི་ཕྱིར་རོ། །ཡོན་ཏན་རིན་པོ་ཆེ་ཞེས་པ་ནི། ནུས་པ་དང་ལྡན་པའི་གཞི་དེ་བཞིན་གཤེགས་པ་རྣམས་ལ་མངའ་བའི་ཆེ་བའི་ཡོན་ཏན་རྣམས་ཐོབ་པར་ [120a.5]འདོད་པ་སྟེ། སྒྲུབ་པ་པོ་དེས་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་མང་པོ་དག་རྗེས་སུ་དྲན་པར་བྱས་ནས་སྒྲུབ་པར་བྱེད་དེ། ཡོན་ཏན་ཉིད་རིན་པོ་ཆེ་དང་འདྲ་བ་མང་ཞིང་རྒྱ་ཆེ་བའི་ཚོགས་ལ་གནས་པ་ནི་ཐོབ་པའོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་དབང་ཕྱུག་ཅེས་པ་ནི། དེའི་དབང་ [120a.6]ཕྱུག་ཏུ་གྱུར་པ་ནི་ལྷ་ཆེན་པོ་ཡིན་མོད་ཀྱི། དེའི་ཡང་མཐུ་འཇོམས་པའི་ཁམས་གསུམ་གྱི་མངའ་བདག་ཆོས་ཀྱི་རྒྱལ་པོ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཡིན་པས་དེ་ལ་མཚན་དེ་སྐད་བྱ་སྟེ། འགྲོ་བ་མ་ལུས་པ་དེ་དག་རྣམས་ཇི་ལྟ་བུས་འདུལ་བ་དེ་ལྟ་བུའི་རྗེས་སུ་ [120a.7]མཐུན་པའི་ཆ་ལུགས་དག་སྟོན་པར་མཛད་པའོ། །དེ་ལ་རྒྱུན་མི་འཆད་ཅེས་པ་ནི། རྟག་པར་ཞེས་པའམ་བྲེང་ཆགས་པ་སྟེ། ཆུའམ་མེའི་རྒྱུན་བཞིན་སྟོན་པའོ། །རིང་པོར་མི་ཐོགས་པར་ཞེས་པ་ནི་མཚན་ཉིད་ཀྱི་གནས་སྐབས་སུ་འགྲུབ་པར་འགྱུར་བའི་དུས་ཚད་དེ་ [120b] [120b.1]དགག་པ་སྟེ། ཚེ་གཅིག་ཁོ་ནས་བསྒྲུབས་ན་འགྲུབ་པར་བསྟན་པའོ། །དེ་ལ་ཞེས་པ་ནི་སྒྲུབ་པ་པོ་དེ་ལའོ། །དེའི་ཕྱིར་ཞེས་པ་ནི་དེ་ལྟ་བུའི་དོན་གྱི་རྣམ་པ་ཡོན་ཏན་ཆེན་པོ་དག་བསྒྲུབ་པའི་ཕྱིར་རོ། །སངས་རྒྱས་སྲས་དང་བཅས་པ་ཞེས་པ་ནི། དེ་བཞིན་གཤེགས་པ་དང་། [120b.2]དེ་ལས་བྱུང་བ་དང་། བྱིན་གྱིས་བརླབས་ལས་འདུས་པར་གྱུར་པའོ། །དེ་དག་ཐོབ་པར་བྱར་རུང་བ་ཉིད་དུ་དགོངས་ཞེས་པ་ནི། སྲས་དང་བཅས་པའི་སངས་རྒྱས་དེ་དག་གིས་ཡོན་ཏན་རིན་པོ་ཆེའི་ཚོགས་དང་དངོས་གྲུབ་ཀྱི་རྣམ་པ་གང་འདོད་པ་དེ་དག་ཐོབ་པར་འགྱུར་བར་དགོངས་ [120b.3]པ་ཆེན་པོར་མཛད་དོ། །དེ་རྣམས་ཀྱིས་ཀྱང་དེའི་ཕྱིར་དེ་སྒྲུབ་པའི་ཐབས་སུ་ཞེས་པ་ནི་སྲས་དང་བཅས་པའི་སངས་རྒྱས་དེ་དག་གིས་སྒྲུབ་པ་པོ་དེའི་དོན་ཉམས་སུ་ལེན་པར་འདོད་པའི་དངོས་གྲུབ་ལ་སོགས་པ་རྣམས་སྒྲུབ་པའི་ཐབས་སུ་རང་གིས་བརྟགས་པའི་འདོད་པའི་ངོ་བོ་དེ་ [120b.4]སྟོན་པར་བྱེད་དེ། ཇི་ལྟ་ཞེ་ན། ལྷའི་ངོ་བོ་ཉིད་ཀྱི་བྱེ་བྲག་ཏུ་གྱུར་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དཔེ་བཞི་འདིར་བསྟན་ཏེ་ཞེས་བྱ་བ་དག་སྟེ། སོགས་ཀྱི་སྒྲ་དང་བཞིས་ནི་ལྷག་མ་སྡུད་པར་བྱེད་པ་སྟེ། མདོར་ན་ལྷ་དེ་རྣམས་ཀྱིས་ཀྱང་སྒྲུབ་པ་པོའི་གང་ཟག་དེའི་ཕྱིར་ལྷ་དང་དངོས་ [120b.5]གྲུབ་དེ་ལྟ་བུ་སྒྲུབ་པའི་ཐབས་རྒྱུའི་ངོ་བོར་རང་གིས་བརྟགས་ཤིང་ཉམས་སུ་བླང་བར་བྱ་བའི་རྡོ་རྗེ་དབྱིངས་ལ་སོགས་ཆེན་པོར་ལྷའི་ངོ་བོ་ཉིད་ཀྱི་ཆ་ལུགས་སུ་བྱུང་བ་དང་། འཁོར་དུ་གྱུར་པའི་སེམས་དཔའ་དང་སེམས་མ་ལ་སོགས་པའི་བྱེ་བྲག་མི་མཐུན་པར་གྱུར་པའི་ཕྱག་རྒྱ་ཆེན་པོ་ [120b.6]བཞི་པོ་དག་སྒྲུབ་ཐབས་འདིར་བསྟན་ཏེ་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་བདག་ཉིད་ཆེན་པོ་སྲས་དང་བཅས་པ་དེ་དག་མཉེས་པར་བྱས་ན། གཞན་ལ་ཕན་འདོགས་ནུས་པའི་དབང་ཕྱུག་ཐོབ་པར་གྱུར་པས་ན། སྒྲུབ་པ་པོ་བདག་ཉིད་དད་པ་དང་བརྩོན་འགྲུས་ཆེ་བ་རང་ [120b.7]བཞིན་གྱིས་བསམ་པ་དང་སྤྱོད་པ་རླབས་ཆེ་བ་དང་ལྡན་པས་སེམས་ཅན་གྱི་ཚོགས་རྒྱ་ཆེན་པོ་ལ་ཆོས་དང་ཟང་ཟིང་ལ་སོགས་པ་ཇི་ལྟར་དོན་དུ་འགྱུར་བའི་ཐབས་རྣམ་པ་ཐམས་ཅད་ཀྱིས་ཕན་འདོགས་པ་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཆེ་བའི་ཡོན་ཏན་རིན་པོ་ཆེ་ [121a] [121a.1]དང་འདྲ་བ་མཐའ་ཡས་པའི་ཚོགས་མང་པོ་ལ་གནས་པར་འདོད་ཁམས་ལ་སོགས་པའི་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོར་གྱུར་ནས། སྐུ་དང་ཐབས་དང་ཐུགས་རྗེའི་རྒྱུན་མི་འཆད་པར་འཇིག་རྟེན་གསུམ་གྱི་འགྲོ་བ་མཐའ་དག་གི་དོན་མཛད་ [121a.2]པའི་བདེ་བ་དེ་ཐེག་པ་འོག་མ་བལྟར་དུས་རིང་པོ་མི་ཐོགས་པར་ཚེ་གཅིག་ཁོ་ནས་བདག་ཉིད་ཀྱིས་ཐོབ་པར་འདོད་ནས་སྒྲུབ་པ་དེ་དག་དེ་ལྟ་བུའི་དོན་གྱི་ཕྱིར་དུས་གསུམ་གྱིའམ། རྒྱུད་འདིར་གསུངས་པའི་སངས་རྒྱས་སྲས་སེམས་དཔའ་དང་སེམས་མའི་ཚོགས་སུ་བཅས་པ་རྣམས་ཀྱིས་ [121a.3]གོང་མ་ལྟ་བུའི་ཡོན་ཏན་དང་དངོས་གྲུབ་ཀྱི་རྣམ་པ་དེ་དག་ཐོབ་པར་བྱར་རུང་བ་ཉིད་དུ་བྱིན་གྱིས་རློབ་ཅིང་དགོངས་པ་ཆེན་པོ་མཛད་དོ་ཞེས་བཤད་དོ། །དེ་ལྟར་བསྟན་པ་དེ་ཡང་རང་བཟོར་བརྩམས་པ་མ་ཡིན་པའི་ཕྱིར་ན་ཁུངས་ངེས་པར་རྒྱུད་ལས་གསུངས་ཏེ། དེའང་ཇི་སྐད་དུ་ཞེས་པ་ནི་ [121a.4]འདི་སྐད་དུ་ཞེས་པའི་དོན་ཏེ་གང་ཞེ་ན། ཇི་ལྟར་འཇིག་རྟེན་འདུལ་འགྱུར་བ། །ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཏེ། དེ་ལ། ཇི་ལྟར་འཇིག་རྟེན་འདུལ་འགྱུར་བ། །ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་འཇིག་རྟེན་པ་རྣམས་ཐབས་གང་དང་གང་གིས་འདུལ་བ་དེ་ [121a.5]བཞིན་དུ་སྐུ་སྟོན་ཅིང་གསུང་འཆད་པའི་ཐབས་དང་ཡེ་ཤེས་མངའོ། །དེ་བཞིན་དུ་སྔགས་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དེའི་རྗེས་སུ་བསྒྲུབ་དགོས་པའི་ཕྱིར་ན་དེ་སྐད་བརྗོད་དོ། །དེ་ལ་ཇི་ལྟར་འཇིག་རྟེན་འདུལ་འགྱུར་བ་ཞེས་པ་ནི་འཇིག་རྟེན་པ་རྣམས་ཅི་ལྟར་འདུལ་བ་དེ་ [121a.6]བཞིན་དུ་བསྒྲུབ་པར་བྱའོ། །དེ་ལྟར་དངོས་གྲུབ་མྱུར་དུ་བསྟན། །ཞེས་པ་ནི་འཇིག་རྟེན་པ་རྣམས་འདུལ་བའི་ཐབས་ཐ་དད་པའི་སྒོ་ནས་ལྷ་ཐ་དད་པ་དང་དེ་དག་གི་སྒྲུབ་ཐབས་ཀྱང་ཐ་དད་པར་བསྟན་ལ་དེ་བཞིན་དུ་བསྒྲུབས་ནའང་མྱུར་དུ་འགྲུབ་པར་བསྟན་པའོ། །དེ་ཡང་རྒྱུ་ཇི་ [121a.7]ལྟ་བུ་དག་གིས་འགྲུབ་ཅེ་ན། དེ་ལ་ཐབས་ནི་ཕྱག་རྒྱ་ཆེ་ཞེས་པ་སྟེ། ཐབས་ཞེས་བྱ་བའི་སྒྲ་མང་དུ་ཡང་བོད་པ་ཡོད་མོད་ཀྱི། འདིའི་གནས་སྐབས་སུ་ནི་རྒྱུའི་དོན་ཏེ། དེ་ལྟར་བསྒྲུབ་པའི་རྒྱུ་ནི་ཕྱག་རྒྱ་སྟེ། ཕྱག་རྒྱ་ལ་ཡང་རྣམ་པ་བཞི་ལ་སོགས་པས་གསུངས་པ་ཡོད་མོད་ཀྱི་འདིར་ [121b] [121b.1]ནི་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཁོ་ནས་འགྲུབ་པར་བསྟན་ཏེ། བཅིངས་པ་ནི་མ་ཡིན་ནོ། །འོ་ན་དེས་དེ་དག་ཁོ་ན་འགྲུབ་བམ། འོན་ཏེ་གཞན་གྱི་རྣམ་པ་དག་ཀྱང་འགྲུབ་པར་འགྱུར་སྙམ་པ་ལ། དངོས་གྲུབ་ཐམས་ཅད་རབ་བསྒྲུབ་པ། །ཞེས་གསུངས་ཏེ། འཇིག་རྟེན་དང་འཇིག་རྟེན་ [121b.2]ལས་འདས་པའི་དངོས་གྲུབ་རྣམ་པ་གཉིས་ཀྱིས་བསྡུས་པ་རྣམས་གྲུབ་པར་འདོད་ན་ཡང་འདི་དག་གིས་འགྲུབ་པར་བསྟན་པས་ནི་འདི་སྐད་སྨོས་སོ། །ཇི་ལྟར་ཕྱག་རྒྱ་འགྲུབ་འགྱུར་བ། །ཞེས་པ་ནི། ཇི་ལྟར་ཕྱག་རྒྱ་སྒོམ་པ་གྲུབ་ཅིང་མངོན་དུ་གྱུར་ན། དངོས་གྲུབ་གང་འདོད་ [121b.3]པ་དེ་དག་འགྲུབ་པར་བཤད་དོ། །འོ་ན་ཕྱག་རྒྱ་བསྒོམས་པ་ཁོ་ནས་འགྲུབ་ཀྱི་གཞན་གྱིས་མ་ཡིན་ནམ་ཞེ་ན། དེ་ལྟར་བྱང་ཆུབ་ཀྱི་སྤྱོད་ལམ་སོགས་ཞེས་བྱ་བ་གསུངས་ཏེ། དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་ཡང་ཀུན་དུ་འགྲོ་བ་ཡིན་མོད་ཀྱི། འོན་ཀྱང་འདིར་ནི་རྒྱུའི་ཐེག་པའི་གནས་སྐབས་ [121b.4]སུ་གསུངས་པའི་དཀའ་བ་སྣ་ཚོགས་སྤྱད་པས་འགྲུབ་པར་བསྟན་པ་དག་གོ། །ཐབས་ཀུན་ཆོ་ག་རིམ་པས་ཀྱང་། །ཞེས་པས་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱིས་འཇིག་རྟེན་པའི་ལམ་སྤོང་ཞིང་། འཇིག་རྟེན་ལས་འདས་པའི་ལམ་ཐོབ་པར་བྱེད་པ་དང་། འཕགས་པའི་ལམ་གྱིས་ [121b.5]ཡན་ལག་ལ་གནས་ཤིང་ས་དང་ཕ་རོལ་ཏུ་ཕྱིན་པའི་རིམ་པ་དག་ཀྱང་སྤྱད་ནས་སངས་རྒྱས་ཀྱི་ས་ཐོབ་པར་འདོད་པ་སྟེ། ཐབས་ནི་རྒྱུའི་དོན་ལ་ཆོ་ག་ནི་འབྲས་བུ་ལ་སྦྱོར་བར་བྱེད་པས་ན་རྒྱུས་འབྲས་བུ་ལ་སྦྱོར་བའི་ཐབས་སུ་བསྟན་ཏོ། །ཀྱང་ཞེས་པ་ནི་ངེས་པའམ་འགྱངས་པར་ [121b.6]བསྙད་པའི་ཚིག་ཐེ་ཚོམ་ཅན་ནོ། །སངས་རྒྱས་སེམས་ཅན་དོན་མི་འགྲུབ། །ཅེས་པ་ནི་དེ་དག་གིས་སངས་རྒྱས་པ་ནས་སེམས་ཅན་གྱི་དོན་བྱ་བར་མི་ནུས་ཞེས་སམ། སངས་རྒྱས་མཉེས་པར་བྱ་བ་དང་སེམས་ཅན་སྨིན་པར་བྱ་བའི་དོན་མི་འགྲུབ་སྟེ་ཞེས་པའི་ཐ་ཚིག་གོ། ། [121b.7]རྣམ་གཅིག་ཏུ་འགྲོ་བ་རྣམས་ཇི་ལྟར་འདུལ་བར་འདོད་པ་དང་དངོས་གྲུབ་རྣམ་པ་གཉིས་ཐོབ་ཅིང་འགྲུབ་པར་འདོད་ན། དེ་དག་འགྲུབ་ཅིང་འཐོབ་པར་བྱ་བའི་ཐབས་ནི། ཕྱག་རྒྱ་ཆེན་པོར་བསྒོམ་པ་སྟེ། ཇི་ལྟར་ཕྱག་རྒྱ་མངོན་དུ་གྲུབ་པར་གྱུར་ན། དེ་ལྟར་དངོས་གྲུབ་གང་འདོད་པ་ [122a] [122a.1]དེ་དག་ཀྱང་མྱུར་དུ་འགྲུབ་པར་བསྟན་གྱི། ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་དཀའ་བ་སྤྱད་པས་ནི་དེ་ལྟར་མི་འགྲུབ་ཅེས་གསུངས་སོ། །རྒོལ་བ་པོ་ན་རེ། འོ་ན་དེ་ལྟར་ཡིན་ན་རྒྱུའི་ཐེག་པ་པའི་མདོ་སྡེ་མང་པོ་རིམ་པར་གསུངས་པ་དེ་དག་ཅི་དགོས། འོན་ཏེ་སྟོན་པས་མ་ [122a.2]གསུངས་སམ་ཞེ་ན། སྨྲས་པ་དེ་ཡང་བདེན་ཏེ་དེ་བཞིན་གཤེགས་པས་ཀྱང་གསུངས་ལ། གསུངས་པ་བཞིན་མི་འགྲུབ་པ་ཡང་མ་ཡིན་མོད་ཀྱི། སྟོན་པ་དང་ཐེག་པའི་ཁྱད་པར་གྱིས་དེ་དག་ནི་གྲུབ་པ་ཤིན་ཏུ་འགྱངས་པར་བསྟན་ལ། འདི་ནི་དེ་ལྟར་མ་ཡིན་པས་ན་མྱུར་བ་དང་འགྱངས་ [122a.3]པའི་བྱེ་བྲག་ལ་འདི་སྐད་ཅེས་གདགས་ཏེ། དཔེར་ན་ཕྲ་བར་སྣང་བའི་རྫས་ལ་མེད་ཅེས་བརྗོད་པ་ལྟ་བུའོ། །འོ་ན་རིགས་སོ་སོའི་དབྱེ་བས་ཕྱག་རྒྱ་ཡང་རྣམ་པ་མང་པོ་དག་གསུངས་པ་ཡོད་ན། འདིར་བརྗོད་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་མཉེས་པར་ [122a.4]བྱ་བ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་དག་སྟེ། དེ་ལྟར་གསུངས་པས་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པ་དང་། སོགས་པའི་སྒྲས་ལྷག་མ་གསུམ་པོ་དག་སྡུད་པར་བྱེད་དེ། ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་པའི་སྒོ་ནས་ལྷ་རྣམས་ཇི་ལྟར་མཉེས་པར་བྱ་བའི་ཐབས་དང་ཆོ་ག་དེ་ [122a.5]དག་ཀྱང་རིགས་བཞི་པོ་དག་ཏུ་བརྗོད་པ་ལས་དེ་བཞིན་གཤེགས་པའི་རིགས་ལ་མཉེས་པར་བྱ་བའི་ཐབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གཏོགས་པར་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པ་ཉི་ཚེ་སྒྲུབ་ཐབས་ཀྱི་སྐབས་འདིར་མཛད་མཁན་གྱིས་གླེང་བར་ [122a.6]རིག་པར་བྱ་སྟེ།གཞན་ནི་མ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བ་ནི་རིགས་གཞན་ལས་བགར་བའི་ཚིག་གོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གཏོགས་པ་ཞེས་པ་ནི། དེར་གསུངས་པ་སྟེ། དཀྱིལ་འཁོར་དུམ་བུ་བཞི་ལས་ལོགས་སུ་ཕྱེ་བ་སྟེ། རྩ་ [122a.7]བའི་དཀྱིལ་འཁོར་གྱི་དབང་དུ་བྱས་པའོ། །གསུངས་པ་ཉི་ཚེ་ཞེས་པ་ནི་དེར་གསུངས་པ་རྣམས་བསྟན་གྱིས། གཞན་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །སྐབས་འདིར་ཞེས་པ་ནི་སྒྲུབ་ཐབས་ཀྱི་སྐབས་འདིར་རོ། །གླིང་བར་རིག་པར་བྱ་སྟེ་ཞེས་པ་ནི་མཛད་མཁན་བདག་ [122b] [122b.1]གིས་འདི་ཁོ་ན་གླེང་བར་གཞན་གྱིས་ཤེས་པའམ། རིག་པར་བྱའོ་སྟེ་ཞེས་པ་ནི། ལྷག་མ་ཅན་ཏེ་འོག་མའི་འཕྲོ་ལ་མཆོད་པར་བྱེད་པའོ། །རྒོལ་བ་པོ་ན་རེ། འོ་ན་གཏན་ཚིགས་གང་གི་ཕྱིར་འདི་དག་ཁོ་ན་བསྟན་ནས་གཞན་དག་མ་གསུངས་ཤེ་ན། སྨྲས་པ། དེ་དག་ཉིད་མཉེས་ [122b.2]པར་བྱ་བའི་ཕྱིར། འདིར་ཆོ་ག་འདི་ལྟར་འདི་དག་བསྡུས་པ་ཡིན་ལ། གཞན་དག་ནི་དེ་དག་རང་གིས་མཉེས་པར་བྱ་བའི་སྒྲུབ་ཐབས་ཡོད་པ་དེར་སྟོན་པར་བྱེད་པས་ནི་འདིར་མ་བྲིས་སོ། །ཡང་རྒོལ་བ་པོ་ན་རེ། འོ་ན་རྩ་བའི་རྒྱུད་ཆེན་པོ་ལས་ལྷ་དང་དཀྱིལ་འཁོར་རྣམ་པ་མང་པོ་དག་ [122b.3]གསུངས་པ་ཡོད་ན། འདིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཁོ་ནའི་སྒྲུབ་ཐབས་བརྩམས་པ་ཅིའི་ཕྱིར་ཞེ་ན་སྨྲས་པ། དེ་ཡང་བདེན་མོད་ཀྱི། འོན་ཀྱང་འདིར་བསྟན་པ་ནི་དོན་རྣམ་པ་གཉིས་ཀྱི་ཕྱིར་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི་རྒྱུད་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང་། [122b.4]ཤིན་ཏུ་བསོད་ནམས་ཆེན་པོར་འབྱུང་བས། ཐམས་ཅད་ལ་མཉམ་སྙོམས་པར་ནུས་པའི་ཕྱིར་འདི་ལྟར་བསྟན་ཏེ། དེ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྒྱུད་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་དང་པོར་རྒྱལ་བུ་དོན་ཐམས་ཅད་གྲུབ་པས་ཚོགས་ཆེན་པོ་རྣམ་པ་གཉིས་བསགས་ [122b.5]ཤིང་། དཀའ་བ་མཐར་ཕྱུང་ནས་འཛམ་བུའི་གླིང་དུ་སྐྱེ་བ་བཞེས་ཤིང་ངོ་མཚར་གྱི་ཆོ་འཕྲུལ་བསྟན་པ་ནི། མཚན་ཉིད་ཀྱི་སྒོ་ནས་སངས་རྒྱས་པར་བསྟན་པ་ཡིན་ལ། སྔགས་ཀྱི་སྒོ་ནས་སངས་རྒྱས་པར་བསྟན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་སྡུག་པོ་ན། མི་གཡོ་བའི་ཏིང་ངེ་འཛིན་ལ་ [122b.6]མཉམ་པར་བཞག་ནས་བཞུགས་པ་ལས་རིགས་བཞིའི་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་མཐུན་པ་རྣམས་ཕྱོགས་གཅིག་ཏུ་འདུས་ནས་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པ་ལ་སོགས་པ་སྔར་གསུངས་པའི་རིམ་གྱིས་རྡོ་རྗེ་དབྱིངས་ཆེན་པོ་ཞེས་བྱ་བའི་ [122b.7]སངས་རྒྱས་ཀྱི་སྐུ་བསྟན་པར་མཛད་པ་ནི་ལྷ་ཐམས་ཅད་ཀྱི་རྩ་བའོ། །དེ་ལས་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཉིད་ཀྱི་སྐུ་ལས་འཐོན་ནས། འཁོར་དུ་བསྐོར་བ་དང་། གཟུགས་བརྙན་གྱིས་དཀྱིལ་འཁོར་དུ་དེ་དག་སྒྲུབ་པའི་ཐབས་དང་བཅས་པར་བསྟན་པ་ནི་ [123a] [123a.1]དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བའོ། །རྣལ་འབྱོར་གྱི་རྒྱུད་ཆེན་པོ་གསུངས་པ་དག་ལས་དང་པོར་གསུངས་པ་ནི་དཔལ་དེ་ཉིད་བསྡུས་པ་འདི་ཁོ་ན་ཡིན་པས་རྒྱུད་ཐམས་ཅད་ཀྱི་རྩ་བའོ། །དེ་ལ་དཀྱིལ་འཁོར་མང་པོ་དག་བསྟན་པ་ལས་ཀྱང་དང་པོར་དཀྱིལ་འཁོར་ [123a.2]འདི་བསྟན་ནས། བསྐལ་པ་ཅན་གྱི་འགྲོ་བ་རྒྱུད་དག་པ་དང་ལྡན་པ་རྣམས་དར་བཅུག་ཅིང་དབང་བསྐུར་ནས་ལས་དང་སྒྲིབ་པ་ཟད་པར་བྱས་ཏེ། རིགས་ངེས་པའི་ས་ལ་བཙུད་པར་མཛད་པ་ཡིན་པ་དང་། འདིས་ཡང་སྔགས་ཀྱི་ངེས་པར་འབྱུང་བའི་སྐལ་བ་ཅན་གྱི་འགྲོ་བ་རྣམས་དེ་བཞིན་ [123a.3]དུ་བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་ཐབས་འདི་བརྩམས་སོ། །ཤིན་ཏུ་བསོད་ནམས་ཆེན་པོར་གྱུར་པས་ཐམས་ཅད་ལ་མཉམ་སྙོམས་པར་ནུས་པའི་ཕྱིར་འདི་ལྟར་བསྟན་པ་ནི་རྒྱུད་གཞན་ལས་དཀྱིལ་འཁོར་དུ་འཇུག་པ་དག་ཡོད་ན་ཡང་སྣོད་དུ་རུང་ངམ་མི་རུང་བརྟགས་ནས་འཇུག་པར་ [123a.4]བྱེད་ལ་འདིར་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་སྡིག་པ་བྱེད་པ་དང་། ནོར་དང་ཁ་ཟས་ལ་སོགས་པ་ལ་ཆགས་པ་དང་། གླུ་གར་དང་རྩེ་འཇོ་ལ་དགའ་བ་དང་། ཆོས་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པ་ལ་འབད་པར་བྱེད་པ་དག་འདིར་འཇུག་ནས་ཡང་དེ་རྣམས་ཀྱི་ [123a.5]རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་དང་། སྡིག་པ་ཆེན་པོ་བྱེད་པའི་སེམས་ཅན་དག་ཀྱང་སྣོད་མ་ཡིན་ཞེས་མི་སྤང་བར་དཀྱིལ་འཁོར་དུ་བཅུག་ནས་ཕྱག་རྒྱ་བསྟན་ན་སློབ་མ་དམ་པར་མི་རུང་ཡང་སྔོན་བྱས་པའི་སྡིག་པ་ཐམས་ཅད་བྱང་ནས་ངན་སོང་ལས་ཐར་ཅིང་སྣོད་དུ་རུང་བར་ [123a.6]འགྱུར་བ་དང་། ནོར་དང་ཟས་སྐོམ་ལ་སོགས་པ་འདོད་པ་ལྔ་ལ་ཆགས་ཤིང་དམ་ཚིག་མི་བསྲུང་བ་རྣམས་ཀྱང་དེ་དག་ཅི་བདེ་བར་སྤྱོད་དུ་གནང་བར་བྱས་ནས་དཀྱིལ་འཁོར་དུ་བཅུག་ཅིང་ལྷའི་སྦྱོར་བ་གོམས་པར་བྱས་ན་དེ་དག་ཀྱང་རིམ་གྱིས་མངོན་པར་འབྱུང་བ་དང་། མ་ལུས་པའི་ [123a.7]བདེ་བ་ཐོབ་པའི་སྒོ་ནས་མཐར་རེ་བ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་དེ་དག་ཀྱང་དཀྱིལ་འཁོར་དུ་བཞུགས་པར་འོས་པར་གསུངས་པ་དང་སེམས་ཅན་གང་དག་གླུ་གར་དང་རྩེ་འཇོ་ལ་དགའ་ཞིང་སྲེད་པ་རྣམས་དེ་བཞིན་གཤེགས་པའི་ཐེག་པ་ཆེན་པོའི་དོན་ཁོང་དུ་མ་ཆུད་ [123b] [123b.1]ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདི་ནི་གླུ་གར་དང་རྩེ་འཇོ་ལ་སོགས་པ་ཡོད་པར་མི་ཤེས་ཤིང་བསླབ་པའི་ཚིག་གིས་འཇིགས་སྐྲག་ནས་མི་འཇུག་ལ། ཕྱི་རོལ་གྱི་ལྷ་གཞན་གྱི་དཀྱིལ་འཁོར་གླུ་གར་ལ་སོགས་པ་ཡོད་པ་རྣམས་སུ་ནི་འཇུག་པར་བྱེད་དེ། ལམ་ངན་པར་ཁ་བལྟས་པ་ [123b.2]དག་དེ་ལས་བཟློག་པའི་ཕྱིར་དཀྱིལ་འཁོར་འདིར་བཅུག་ན་སྒེག་མོ་ལ་སོགས་པའི་གླུ་གར་རྣམས་མཐོང་བས་འཕྲལ་དུ་དགའ་བ་དང་། མགུ་བ་བསྐྱེད་པ་དང་། དེ་དག་གི་དོན་བསྒོམས་ཤིང་མཆོད་པས་ཡུལ་དུ་བྱང་ཆུབ་ཀྱི་དགའ་བ་ལ་སོགས་པའི་ཡོན་ཏན་ཐོབ་པར་བྱ་ཞེས་རྩ་བའི་ [123b.3]རྒྱུད་ཉིད་ལས་གསུངས་ཏེ། དེ་ལྟ་བུའི་ཡོན་ཏན་ཆེན་པོ་དང་ལྡན་པ་དེའི་སྒྲུབ་ཐབས་བརྩམས་ན་ཡང་ཡོན་ཏན་ཆེན་པོ་དེ་དག་ཡོད་པར་དགོངས་པས་སྒྲུབ་ཐབས་འདི་ཁོ་ན་བརྩམས་པར་ཤེས་པར་བྱའོ། །ཡང་རྒོལ་བ་པོ་ན་རེ། འོ་ན་རྒྱུད་གཞན་གྱི་ནང་ནས་ཀྱང་ཡོན་ཏན་ [123b.4]གྱི་རྣམ་པ་མང་པོ་འབྱུང་ན། འདི་དེ་དག་པས་ཡོན་ཏན་ཆེ་བ་ཡིན་ནམ་ཞེ་ན། སྨྲས་པ། རྒྱུད་གཞན་ལས་ནི་སྣོད་བརྟག་པར་འབྱུང་ལ། འདི་ལ་ནི་དེ་ལྟར་མ་ཡིན་ཏེ་ཐམས་ཅད་ཤོང་བར་བསྟན་པ་དེ་ཁོ་ན་ཡོན་ཏན་གཞན་ལས་ཆེ་བར་བསྟན་པ་ཡིན་ནོ། །དེ་བས་ན་ཕྱག་རྒྱ་ཆེན་པོ་དང་ [123b.5]ཞེས་པ་ནི་དེ་དག་མཉེས་པར་འགྱུར་བའི་ཐབས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞིའི་རྣམ་པ་དག་སྒྲུབ་པ་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་བསྒོམས་ནས་ལྷ་རྣམས་མཉེས་ཤིང་དངོས་གྲུབ་གང་འདོད་པ་འཐོབ་པར་འགྱུར་བས་ན། དང་པོར་སྐུ་ཕྱག་རྒྱ་ཆེན་པོ་དང་། ཐུགས་ [123b.6]དམ་ཚིག་གི་ཕྱག་རྒྱ་དང་། གསུང་ཆོས་ཀྱི་ཕྱག་རྒྱ་དང་། ཕྲིན་ལས་ལས་ཀྱི་ཕྱག་རྒྱའི་སྒྲར་བརྗོད་པ་རྣམས་སྤྱི་དང་རང་གི་མཚན་ཉིད་ཇི་ལྟ་བུ་ཡིན་པའི་ལོ་རྒྱུས་རྒྱུད་ནས་བཤད་ཅིང་དབྱེ་བར་བྱའོ་ཞེས་པའི་དོན་ཏོ། །དེ་དག་ལ་ཡང་རྣམ་པ་བཞིར་ཤེས་པར་བྱ་སྟེ། གང་ཞེ་ན། [123b.7]ཕྱག་རྒྱ་དེ་དག་རྒྱུ་གང་ལས་བྱུང་བ་དང་། བཅིང་བའི་ཐབས་དང་། དགྲོལ་བའི་ཚུལ་དང་། ལས་སུ་རུང་བའི་ཚད་དང་། བཅིངས་པའི་འབྲས་བུའོ། །དེ་ལ་འབྱུང་བའི་རྒྱུ་ཡང་ཁ་ཅིག་ན་རེ་གསུང་ཆོས་ཀྱི་ཕྱག་རྒྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྔ་མ་ལས་རིམ་གྱིས་ཕྱི་མ་རྣམས་འབྱུང་ [124a] [124a.1]བའི་ཕྱིར་རོ་ཞེས་ཟེར་ན། དེ་ཡང་འགལ་ཏེ་ཇི་ལྟར་ཞེ་ན། ཆོས་ཀྱི་ཕྱག་རྒྱར་བརྗོད་པ་ཡང་ཕྱག་རྒྱ་ཆེན་པོས་གསུངས་པ་དང་། དེའི་ངག་ལས་སྒོམ་པའི་ཕྱིར། དེ་སྐད་བརྗོད་པར་ཟད་ཀྱི། དེ་ལྟར་མ་ཡིན་ན་འབྱུང་བའི་གཞི་ཡིན་པས་དེ་སྐད་བརྗོད་པའི་མིང་དེ་ [124a.2]ཉིད་ཀྱང་འགྲུབ་པར་མི་འགྱུར་བས་ན། དེ་ལྟར་ན་དེ་མི་རིགས་སོ། །གཞན་དག་ན་རེ་སྐུ་ཕྱག་རྒྱ་ཆེན་པོ་ལས་བྱུང་ངོ་ཞེས་ཟེར་ན་དེ་ཡང་ཡིན་མོད་ཀྱི། འོན་ཀྱང་དེ་ཡང་འཐད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་གསུམ་པོ་དག་གི་རྒྱུར་བརྗོད་ན་ནི་དེ་ལྟར་ཡིན་ན། བཞི་ཞེས་བརྗོད་ [124a.3]པས་ན་འདི་ལྟར་གླེངས་ན་ཡང་རང་གི་རྒྱུ་སྨོས་སུ་མེད་པའི་ཕྱིར་ན་དེ་སྐད་མི་འཐད་དོ། །མཁན་པོ་འདིའི་དགོངས་པས་ནི་ཕྱག་རྒྱ་ཆེན་པོ་ནི་སྐུའི་བྱིན་རླབས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་ཐུགས་ཀྱི་བྱིན་རླབས་སོ། །ཆོས་ཀྱི་ཕྱག་རྒྱ་ནི་གསུང་གི་བྱིན་རླབས་སོ། །ལས་ཀྱི་ [124a.4]ཕྱག་རྒྱ་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་པའི་བྱིན་རླབས་སོ་ཞེས་ཟེར་ན་དེ་ཡང་ཡིན་མོད་ཀྱི། འོན་ཀྱང་རྒྱུ་མངོན་པར་གྲུབ་པའི་དུས་ན་དེ་དག་འབྲས་བུ་ཡིན་པས་དེའི་ཡང་རྒྱུའི་མུ་ཚོལ་བ་གཟོད་རྩོལ་དགོས་པས་འདིར་སྦྱར་བར་དཀའ་བས་རིགས་པར་མ་མཐོང་ངོ་། །འོ་ན་ཇི་ལྟར་ [124a.5]འདོད་ཅེ་ན། བྱང་ཆུབ་ཀྱི་སེམས་ལས་ནི་སྐུ་ཕྱག་རྒྱ་ཆེན་པོ་འབྱུང་ལ། དེའི་ཡེ་ཤེས་ཀྱི་ཡོན་ཏན་ལས་ནི་གཞན་དུ་སྣང་བའམ་བསྟན་པ་ཡིན་པའི་ཕྱིར་ན། འདིར་ནི་དེ་ཁོ་ན་ཡིན་པར་འདོད་དེ། འགལ་བའི་སྐྱོན་དུ་ཡང་མི་འགྱུར་རོ། །དེ་ལ་ཡང་གནས་སྐབས་ཀྱིས་བཤད་ན་ [124a.6]ཆོས་ཀྱི་ཕྱག་རྒྱ་ནི་རང་སྔགས་ཀྱི་ཡི་གེ་གསལ་བ་ལས་སོ། །དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ནི་སོར་མོ་རྡོ་རྗེ་བཅིངས་པ་ལས་སོ། །འཇིག་རྟེན་པའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་བཅིངས་པ་ལས་སོ། །ལས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ཕྲལ་བའི་ཁུ་ཚུར་སོ་སོར་བཅིངས་པ་ [124a.7]ལས་འབྱུང་ངོ་། །བཅིང་བའི་ཐབས་ནི་སྐུ་ཕྱག་རྒྱ་ཆེན་པོ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཆོས་ཀྱི་ཕྱག་རྒྱ་དེ་ལས་དམ་ཚིག་གི་ཕྱག་རྒྱ་དེ་ལས་ཕྱག་རྒྱ་ཆེན་པོ་རྫོགས་པར་འགྱུར་བའོ། །ཆོས་ཀྱི་ཕྱག་རྒྱ་ནི་ལྕེ་ལ་གནས་པའི་ཟླ་བ་ལ། རྡོ་རྗེ་དགེ་བ་བསྒོམས་ཏེ་བུམ་པ་ལ་ཆོས་ཀྱི་ [124b] [124b.1]ཡི་གེ་བཞག་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་སྙིང་གའི་ཟླ་བའི་དབུས་ན་རྡོ་རྗེ་རྩེ་ལྔ་པ་གནས་པར་བརྟགས་ན་རང་རང་གི་མཚན་མ་གང་ཡིན་པ་དེའི་ཚུལ་དུ་བཅིང་བའོ། །ལས་ཀྱི་ཕྱག་རྒྱ་ནི་སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་རྡོ་རྗེ་ཁ་བཞི་པ་བཞག་ནས་རང་རང་གི་མཚན་མའི་གནས་སུ་ [124b.2]ལག་པ་འཇོག་ཅིང་ཇི་ལྟ་བུའི་ཚུལ་དུ་འཛིན་པར་བྱེད་པ་དེ་བཞིན་དུ་སྟོན་པའོ། །དགྲོལ་བའི་ཚུལ་ནི་མཐའ་མར་གསལ་བ་དེའི་རིམ་གྱིས་དང་པོར་བསྒོམས་པའི་བར་དུ་དགྲོལ་ལ། ཤིན་ཏུ་ཕྲ་བའི་རྣམ་པས་རང་བཞིན་མེད་པར་མོས་པར་བྱའོ། །ལས་སུ་རུང་བའི་ཚད་ནི་ཕྱག་རྒྱ་དེ་ [124b.3]དང་མཉམ་པར་ཁོང་དུ་ཆུད་པ་ནི་ངག་དང་ཡིད་ཀྱི་བྱ་བ་ཡང་ཡིད་ཀྱིས་བྱེད། ལུས་དང་ངག་གི་བྱ་བ་ཡང་སེམས་ཀྱིས་བྱེད་ལུས་དང་སེམས་ཀྱི་བྱ་བ་ཡང་ངག་གིས་བྱེད་དེ། དེ་ལྟར་བྱ་བ་མཚུངས་པར་བྱེད་པ་ནི་ཕྱག་རྒྱ་ཐམས་ཅད་ལས་སུ་རུང་བའི་ཚད་དང་མཉམ་པར་ཁོང་དུ་ཆུད་ [124b.4]པའི་རྟགས་སོ། །བཅིངས་པའི་འབྲས་བུ་ནི། གང་ལ་དམིགས་པ་བཞིན་དུ་བསྒོམས་པ་དེའི་འབྲས་བུ་ཐོབ་ཅིང་ཉམས་སུ་མྱོང་བའོ། །ཁ་ཅིག་འཆད་པའི་ཕྱག་རྒྱའི་དོན་རྣམ་པ་བཞི་སྟེ། ངེས་པའི་ཚིག་དང་དུ་ཡོད་པའི་དབྱེ་བ་དང་། བཅིང་ཞིང་བསྒོམ་པའི་ཐབས་དང་། [124b.5]དེ་ལྟར་བྱས་པའི་ཡོན་ཏན་ཏེ། དེ་དག་ཀྱང་དཀྱུས་ཀྱི་གནས་སྐབས་ལས་ཤེས་པར་བྱའོ་ཞེས་བཤད་དོ། །དེ་ལ་རེ་ཞིག་འདི་ན་མར་ནི་དང་པོར་ཕྱག་རྒྱའི་མཚན་ཉིད་ཇི་ལྟ་བུ་ཡིན་པའི་དོན་དུ་གསུངས་པ། དེ་ལ་ལྷ་ཉིད་ཀྱི་རང་བཞིན་ཉིད་དམ། དེའི་ཆ་ཤས་ཀྱིས་གང་རང་བཞིན་ [124b.6]མེད་པར་བརྟགས་པ་དེ་ནི་ཕྱག་རྒྱ་ཞེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་དག་སྟེ། དེ་ལ་ལྷ་ཉིད་ཀྱི་རང་བཞིན་ནམ་ཞེས་པ་ནི། ལྷ་ཉིད་ཀྱི་སྐུའི་ངོ་བོར་སྣང་བ་སྟེ། བྱང་ཆུབ་སེམས་ཀྱི་རང་བཞིན་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའོ། །དེའི་ཆ་ཤས་ཀྱིས་ཞེས་པ་ནི། ཕྱག་རྒྱ་ [124b.7]ཆེན་པོ་དེའི་ཡེ་ཤེས་ཀྱི་ཡོན་ཏན་རྣམས་ཀྱི་ངོ་བོ་ལས་གྱུར་པ་ནི། རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་སུ་བསྟན་པ་ཡིན་པར་ཤེས་པར་བྱའོ། །གང་ཁྱད་པར་མེད་པར་བསྟན་པ་ཞེས་པ་ནི་དེ་ལྟར་དེ་དག་མཚན་ཉིད་མི་འདྲ་བར་སྣང་མོད་ཀྱི། འོན་ཀྱང་ཁྱད་པར་ [125a] [125a.1]མེད་པར་རྒྱུད་ལས་གསུངས་ཏེ། དཔེར་ན་སྐུ་གསུང་ཐུགས་དང་ལྡན་པས་འགྲོ་བ་རྣམས་ཀྱི་དོན་བྱ་བར་ནུས་ཤེའམ། སྐུ་གསུང་ཐུགས་དང་ལྡན་པར་སྤྱོད་ཅེས་བྱ་བ་ལ་སོགས་པ་བསྟན་ཏེ། སྐུ་གང་ན་ཡོད་པ་དེ་ནི་གསུང་དང་ཐུགས་མེད་པ་ཡང་མི་སྲིད་ལ། གསུང་ [125a.2]དང་ཐུགས་ཡོད་པ་དེ་ལ་སྐུ་མི་མངའ་བ་ཡང་མི་སྲིད་དེ། གང་ན་གཅིག་ཡོད་པ་དེ་ན་གཞན་ཡང་ཡོད་ལ། ཡོད་བཞིན་དུ་བྱ་བ་མི་བྱེད་པར་འདུག་པ་ཡང་མི་སྲིད་དེ། སྐུ་གསུང་ཐུགས་གསུམ་པོ་དེ་དག་དང་ཡང་ལྡན་ལ་ཕྲིན་ལས་ཀྱང་འགྲོ་བ་ཇི་ལྟར་འདུལ་བ་བཞིན་མཛད་པས་ན། [125a.3]དེ་དག་སོ་སོའི་ཡོན་ཏན་གྱི་སྒོར་གྱུར་པའི་ངོ་བོར་ཕྱག་རྒྱའི་རྣམ་པར་དབྱེ་བ་མི་མཐུན་པ་ལྟར་བསྟན་ལ། མཚན་ཉིད་ཀྱང་མི་མཐུན་པ་ལྟར་སྣང་མོད་ཀྱི། གང་ཡང་ཁྱད་པར་མེད་པར་བརྟགས་པ་དེའི་སྤྱིའི་མིང་ནི་ཕྱག་རྒྱ་ཞེས་བྱ་སྟེ། མཚན་མ་ཞེས་ཀྱང་བྱའོ། །ཁྱད་པར་མེད་ [125a.4]ཅེས་བྱ་བ་ནི་ཡོན་ཏན་མཉམ་པ་ཡིན་པར་སྟོན་པའོ། །རྣམ་གཅིག་ཏུ་ན་ལྷ་ཉིད་ཀྱི་རང་བཞིན་ཕྱག་རྒྱ་ཆེན་པོ་ཉིད་དམ་དེའི་ཆ་ཤས་ཀྱིས་བརྟགས་ན། མཚན་ཉིད་མི་མཐུན་པར་སྣང་བའི་དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་བསྟན་པ་ཡང་མཚན་ཉིད་མི་མཐུན་པར་ཟད་ཀྱི། [125a.5]ཡོན་ཏན་གང་ཡང་ཁྱད་པར་མེད་དེ་མཉམ་པར་བརྟགས་པ་དེ་ལ་ནི་སྤྱིའི་མིང་དུ་ཕྱག་རྒྱ་ཞེས་བྱ་སྟེ། མིང་གི་རྣམ་གྲངས་མཚན་མ་ཞེས་ཀྱང་བྱ་བའི་དོན་ཏོ་ཞེས་ཟེར་ཏེ། དེ་གཉིས་ཐ་མི་དད་པར་བསྟན་ཏོ། །རྒོལ་བ་པོ་ན་རེ། འོ་ན་སྐུ་ཕྱག་རྒྱ་ཆེན་པོར་སྣང་བ་དག་གིས་གཞན་ [125a.6]གྱིས་མཐོང་བ་ཙམ་གྱིས་ཀྱང་འགྲོ་བ་གྲོལ་ནུས་པ་ལ་སོགས་པའི་ཡོན་ཏན་གྱི་རྣམ་པ་མང་པོ་དག་དང་ལྡན་པ་ཡིན་ན། ལྷག་མ་རྣམས་ཀྱང་དེ་ལྟར་ཡིན་ན། ལྷ་མཉམ་པར་བརྗོད་དུ་རུང་ན། དེ་ལྟར་མ་ཡིན་ནོ་ཞེ་ན། སྨྲས་པ། འབྲེལ་པ་ཅན་གྱི་གཟུགས་རྣམས་ཀྱིས་དེ་དེ་ལྟར་ [125a.7]ནུས་པ་ཡིན་ན་ནི་འབྲེལ་པའི་མཐུས་དེ་ལྟར་ནུས་པར་ཟད་ཀྱི་གཟུགས་དངོས་ཀྱིས་མ་ཡིན་ལ། འབྲེལ་པ་མེད་པའི་གཟུགས་ཀྱིས་དེ་ལྟར་ནུས་པར་གྱུར་ན་ནི་ཆུའི་ཟླ་བ་ལ་སོགས་པ་རི་བྲག་གི་གཟུགས་བརྙན་དང་ཤེས་པས་མ་ཟིན་པའི་གཟུགས་ཅན་དག་གིས་ཀྱང་དེ་ལྟར་ནུས་པར་ [125b] [125b.1]འོས་ན། དེ་ལྟར་མ་ཡིན་ནོ། །གལ་ཏེ་ནུས་སུ་ཟིན་ཀྱང་བྱིན་གྱིས་བརླབས་པའི་མཚན་ཉིད་ཅན་དུ་ཟད་པས་རང་གི་ཡོན་ཏན་དུ་མི་གཞག་གོ། །ཕྱག་རྒྱ་ཆེན་པོ་དེ་ཡང་དེ་བཞིན་དུ་བལྟ་སྟེ། འབྲེལ་པ་ཅན་གྱིས་དེ་ལྟར་ནུས་ན་ནི་འབྲེལ་པའི་མཐུ་ཡིན་ལ་འབྲེལ་པ་ཅན་མ་ཡིན་ན་ནི་གཞན་ [125b.2]ལས་ཁྱད་པར་བརྗོད་དུ་མེད་དེ། དེ་གཅིག་པོའི་ཡོན་ཏན་གྱི་རྣམ་པར་གྱུར་པ་དག་གི་ཟླ་ནི་ལྷག་མ་རྣམས་ལ་ཡང་དེ་ལས་ལྷག་པར་ལྡན་ཞིང་གནས་ཏེ། དམ་ཚིག་གི་ཕྱག་རྒྱའི་གནས་སྐབས་ནའང་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བའི་དགོངས་པ་བསམ་ [125b.3]གྱིས་མི་ཁྱབ་པ་དང་ལྡན་པ་དག །དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་ཐ་དད་པར་བསྟན་ཞིང་སྣང་བ་དག་གིས་མཚོན་པར་བྱེད་དེ། གང་ཞེ་ན། དམ་ཚིག་གི་ཕྱག་རྒྱའི་དབྱིབས་རྡོ་རྗེ་ལྟ་བུར་བསྟན་པ་ནི་ཡེ་ཤེས་ལྔས་ཉོན་མོངས་པ་ལ་སོགས་པའི་དངོས་པོའི་ཆོས་ཅན་ཐམས་ཅད་ [125b.4]འཇོམས་ཤིང་འཇིག་པ་དང་། ཚུར་མི་ཚུགས་པར་བསྟན་པའོ། །འཁོར་ལོར་སྣང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྦྱོར་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་ནས་འཁོར་བའི་འཁོར་ལོ་རྒྱུན་གཅོད་པར་བྱེད་པའི་མཚན་ཉིད་དུ་བསྟན་ཏོ། །རིན་པོ་ཆེར་བསྟན་པ་ནི་བདག་གཞན་གྱི་དགོས་ [125b.5]འདོད་བསྐང་བའི་མཚན་ཉིད་དུ་བསྟན་ཏོ། །པདྨར་བསྟན་པ་ནི་འཁོར་བ་ན་གནས་ཀྱང་འཁོར་བས་མ་གོས་ཤིང་ཡེ་ཤེས་དང་ཐུགས་རྗེས་ཆོས་ཉིད་དང་འཁོར་བ་ལ་ཆགས་པའི་མཚན་ཉིད་དུ་བསྟན་ཏོ། །སྣ་ཚོགས་རྡོ་རྗེར་བསྟན་པ་ནི་ཕྲིན་ལས་སྣ་ཚོགས་པའི་སྒོ་ནས་འགྲོ་བ་ [125b.6]རིས་མི་མཐུན་པར་གྱུར་པ་དག་འདུལ་བར་མཛད་པའི་མཚན་ཉིད་དུ་བསྟན་ཏོ། །ལྕགས་ཀྱུ་ལྟ་བུར་སྣང་བ་ནི་འཕགས་པ་ནི་འཕགས་པ་རྣམས་སྤྱན་འདྲེན་ཅིང་སེམས་ཅན་རྣམས་འགུགས་པར་བྱེད་པའི་མཚན་ཉིད་དུ་བསྟན་ཏེ་ཕྱི་མ་ཡང་དེ་བཞིན་དུ་ཡོན་ཏན་གྱི་རྣམ་པ་མང་པོ་རྣམས་ [125b.7]དང་ལྡན་པའི་མཚན་ཉིད་དུ་བསྟན་པ་ཡིན་པར་ཤེས་པར་བྱའོ། །ཆོས་ཀྱི་ཕྱག་རྒྱ་རྡོ་རྗེ་དགེ་བ་ནི་ཁ་གྱེས་པ་ལ་ཆོས་ཀྱི་ས་བོན་གནས་པར་སྣང་བ་ཡང་གསུང་རྣམ་པ་གཉིས་ཀྱིས་འགྲོ་བའི་རྒྱུད་གྲོལ་བར་མཛད་པའི་མཚན་ཉིད་དུ་བསྟན་ཏོ། །ལས་ཀྱི་ཕྱག་རྒྱ་ཡང་འགྲོ་བ་རིས་ [126a] [126a.1]དང་ཁ་དོག་དང་། ཁམས་དང་། བག་ལ་ཉལ་བ་ཐ་དད་པ། ཐབས་མི་མཐུན་པས་འདུལ་བར་གྱུར་པ་དག་ལ་ཕྲིན་ལས་དེ་དག་དང་མཐུན་པའི་རྣམ་པའི་སྒོ་ནས་བཏང་སྙོམས་སུ་མ་འཇོག་ཅིང་དོན་མཛད་པའི་མཚན་ཉིད་དུ་བསྟན་ཏེ། དཔེར་ན་དུ་བ་ལས་མེ་ཤེས་ [126a.2]པའམ། མེའི་རྟགས་སུ་དུ་བར་སྣང་བ་བཞིན་ནོ། །དེ་བས་ན་ཕྱག་རྒྱ་ཆེན་པོ་ལ་ཡོན་ཏན་ཇི་ལྟ་བུ་མངའ་བ་དེ་ལས་མི་ཞན་པར་གྱུར་པའི་ཡོན་ཏན་གྱི་རྣམ་པ་དག་ཀྱང་ཕྱག་རྒྱ་ལྷག་མ་རྣམས་ལ་ཡོད་ལ། དེར་ཡང་མ་ཟད་དེ་ཕྱག་རྒྱ་ཆེན་པོ་ལ་མངའ་བའི་ཡོན་ཏན་ནི་ལྷག་མ་རྣམས་ལ་ཡང་མངའ་ [126a.3]ལ། ལྷག་མ་རྣམས་ལ་ཡོད་པའི་ཡོན་ཏན་ནི་ཕྱག་རྒྱ་ཆེན་པོ་ལ་མི་མངའ་སྟེ། ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་ཆེན་པོའི་ཡོན་ཏན་རྣམས་ནི་ལྷག་མ་རྣམས་དང་འབྲེལ་པ་ལས་བྱུང་བར་ཟད་ཀྱི། དེ་དང་མ་འབྲེལ་ན་དེ་ལྟ་མ་ཡིན་ལ། ལྷག་མ་རྣམས་ཀྱི་ཡོན་ཏན་རྣམས་ནི་དེ་ལ་བརྟེན་པ་མ་ཡིན་པ་ [126a.4]ལས་བྱུང་བ་ཡང་ཡོད་པའི་ཕྱིར་ན་དེ་དག་ལ་ཁྱད་པར་མེད་པར་བརྗོད་དོ། །ཕྱག་རྒྱ་དང་མཚན་མ་ཞེས་བྱ་བ་ལ་སོགས་པ་འདི་དག་ནི། ཕྱག་རྒྱའི་མིང་གི་རྣམ་གྲངས་བརྗོད་པ་སྟེ། དོན་ཐ་དད་པ་མ་ཡིན་ཏེ། ཞེས་པ་ནི། ཕྱག་རྒྱ་ཆེན་པོ་བཞི་པོ་ལ་སོགས་པ་འདི་དག་ལ་མིང་གི་ [126a.5]རྣམ་གྲངས་འདི་ལྟར་འདོགས་ཏེ། གོང་དུ་བཏགས་ཀྱང་དོན་གཅིག་ལས་གཞན་དུ་མི་འགྱུར་ཏེ། གཅིག་ཅེས་བྱ་བའི་དོན་ཏོ། །ཅི་ལྟ་ཞེ་ན་ཞེས་པ་ནི། གཏན་ཚིགས་འབྱིན་པའི་ཚིག་སྟེ། ཅི་ལྟའམ་ཅིའི་ཕྱིར་ཞེ་ན། མིང་གི་རྣམ་གྲངས་མི་མཐུན་པར་སྟོན་པ་དག་དོན་ [126a.6]གཅིག་ཅེའམ། དོན་གཅིག་ལ་མིང་གི་རྣམ་གྲངས་འདི་ལྟར་འདོགས་པ་ཅིའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ལྷའི་ངོ་བོ་ཉིད་དམ་དེའི་ཆ་ཤས་ཀྱིས་བྱེ་བྲག་མེད་པར་བརྟགས་ཏེ་ཞེས་པ་ནི། གོང་དུ་བསྟན་པའི་དོན་དེ་ཉིད་སླར་བསྣན་ཏེ་བསྟན་པ་བཤད་པ་ནི་སྔ་མ་བཞིན་ནོ། ། [126a.7]སྒྲུབ་པ་པོས་ཞེས་པ་དེ་བས་ན་སྒྲུབ་པ་པོ་འཕགས་པའི་དངོས་གྲུབ་བསྒྲུབ་པར་འདོད་པ་ཞིག་ཡོད་པར་གྱུར་ན་དེས་ལྷ་གང་རྗེས་སུ་དྲན་པར་འདོད་པ་དེ་ལ་དམིགས་ནས་དེའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམས་ན་ལྷའི་སྐུའི་སྦྱོར་བ་ཡིན་ནོ་བར་དྲན་པ་སྐྱེ་བར་འགྱུར་ཏེ། དེ་བས་ན་དྲན་པ་ [126b] [126b.1]སྐྱེ་བར་འགྱུར་བ་ལ་བྱའོ། །དེའི་ཕྱིར་ན་ཕྱག་རྒྱ་ཆེན་པོའི་སྒོམ་པ་འདི་ལྷ་དེ་ཉེ་བར་དྲན་པའི་རྒྱུ་ཡིན་པའི་ཕྱིར་ན་ཉེ་བའི་མཚན་ཉིད་ཅེས་བྱའོ། །དེ་བས་ན་དོན་དེ་རྒྱུད་འདི་ཉིད་དང་ཞེས་པ་དེ་བས་གོང་དུ་བཤད་པའི་དོན་དེ་ཉིད་མཛད་མཁན་གྱིས་རང་བཟོར་བྱས་པ་མ་ཡིན་པའི་གཏན་ཚིགས་དེ་ཁོ་ན་ [126b.2]ཉིད་བསྡུས་པའི་རྒྱུད་འདི་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཉིད་གསལ་བར་བསྟན་ཏེ། ཇི་སྐད་དུ་ཞེ་ན་ཞེས་པ་ནི། འོག་ནས་འབྱུང་བ་འདི་སྐད་དུ་ཞེས་པའི་དོན་ཏོ། །རེ་ཞིག་འདི་ཉིད་ལས་ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ཉིད་ལས་འདི་སྐད་ [126b.3]དུ་བསྟན་ཏོ། །འདའ་དཀའ་དེ་བཞིན་མི་ཤིགས་པ། །ཞེས་པ་ནི་གང་གིས་ཀྱང་འདའ་བར་དཀའ་ཞིང་གཞིག་པར་མི་ནུས་པའོ། །གང་ཡིན་ཞེ་ན། རྒྱལ་པོ་ཕྱག་རྒྱ་མཆོག་གི་རྟག །ཅེས་བྱ་བ་དག་སྟེ། འཁོར་ལོས་སྒྱུར་བའམ་ས་བདག་གིས་རྒྱལ་པོ་ཆེན་པོས་ཁྲིམས་སུ་ [126b.4]བཅས་པའི་གཙིགས་ཀྱི་ཕྱག་རྒྱས་བཏབ་པ་གང་ཡིན་པ་དེའོ། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཞེས་པ་ནི་དེ་བཞིན་གཤེགས་པ་ཁམས་གསུམ་གྱི་རྒྱལ་པོ་མཆོག་གི་ཕྱག་རྒྱ་རྣམས་ནི། བདུད་དང་མུ་སྟེགས་ལ་སོགས་པ་གང་གིས་ཀྱང་གཅོག་ཅིང་ [126b.5]ཉམས་པར་བྱ་བ་དང་། འདའ་ཞིང་གཞིགས་པར་མི་ནུས་ཞེས་པའི་དོན་ཏོ། །བདག་ཉིད་ཆེན་པོ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་ཡེ་ཤེས་ཀྱི་མཚན་མའི་གཟུགས་ལ་སོགས་པ་རྣམས་ལ་ཕྱག་རྒྱ་ཞེས་བསྒྲགས་ཏེ། བསྟན་པའི་ཕྱིར་རོ། །གཞན་ཡང་ [126b.6]འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས་ཀྱང་གསུངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཞེས་པ་ལ་སོགས་པ་སྟེ། ལུས་ངག་ཡིད་གསུམ་རྡོ་རྗེ་ལྟ་བུའི་ཚུལ་དུ་སྦྱོར་བ་ལས་ཕྱག་རྒྱ་བཞི་འབྱུང་བར་བསྟན་པ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་ [126b.7]བ་ནི། ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ཏེ། ཚུར་ཅིས་ཀྱང་མི་ཚུགས་ཤིང་དངོས་པོ་གཞན་པར་འཇིག་པར་བྱེད་པའོ། །གཟུགས་བརྙན་གྱི་ནི་སྦྱོར་བ་ཡིས། །ཞེས་པ་ནི། ལྷའི་ཆ་ལུགས་མངོན་དུ་དམིགས་ལ་ངག་གི་མཚན་མ་ལྕེ་ལ་རང་གི་ཆོས་ཀྱི་ཕྱག་རྒྱ་བཞག་པ་ [127a] [127a.1]དང་། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རང་གི་ཡེ་ཤེས་ཀྱི་ཕྱག་རྒྱ་བཞག་ནས་བདག་གང་སྒྲུབ་པར་དད་པའི་ལྷའི་ཆ་ལུགས་སུ་བསྒྱུར་ལ། ང་རྒྱལ་བསྐྱེད་པ་ལ་བྱ་སྟེ། དེ་ལྟ་བུའི་སྦྱོར་པས་ཕྱག་རྒྱ་ཐམས་ཅད་ཁྱད་པར་འདི་ཞེས་པ་ནི། ཕྱག་རྒྱ་ཐམས་ཅད་ [127a.2]ཅེས་པ་ནི་མ་ལུས་པའི་དོན་ཏེ། ཕྱག་རྒྱ་བཞི་པོ་དག་གི་ཁྱད་པར་ཡང་ཚུལ་འདི་ལྟར་བསྐྱེད་པར་རབ་ཏུ་བསྒྲགས་པ་ཡིན་ནོ་ཞེས་བཤད་དོ། །རྣམ་གཅིག་ཏུ། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །ཞེས་བྱ་བ་ནི། སྐུ་རྡོ་རྗེ་ནི་བརྟན་ཞིང་མི་འགྱུར་བ་སྟེ། གཞན་གྱིས་བཤིགས་ [127a.3]པར་མི་ནུས་པའོ། །གསུང་རྡོ་རྗེ་ནི་ཇི་སྐད་གསུངས་པ་དེ་བཞིན་དུ་མི་འགྱུར་བའོ། །ཐུགས་རྡོ་རྗེ་ནི་གཟུང་འཛིན་དང་བྲལ་བའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ། སྐུ་གསུང་ཐུགས་ཀྱི་རང་བཞིན་དེ་ལས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་རྣམས་སུ་བསྟན་པའོ། ། [127a.4]གཟུགས་བརྙན་གྱི་ནི་སྦྱོར་བ་ཡི། །ཞེས་པ་ནི་ཡེ་ཤེས་དེའི་ཡོན་ཏན་དང་རྗེས་སུ་མཐུན་པའི་ཕྱག་རྒྱའི་མཚན་མའི་གཟུགས་བརྙན་རྣམས་སུ་བསྟན་པའོ། །ཕྱག་རྒྱ་ཐམས་ཅད་ཁྱད་པར་འདི། །ཅེས་པ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་དཔལ་རྡོ་རྗེ་སེམས་ [127a.5]དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་ལ་སོགས་པ་རྣམས་སམ། ལྷ་སོ་སོའི་ཕྱག་རྒྱ་བཞི་ཆར་གྱི་ཁྱད་པར་འདི་ཁོ་ན་ལས་བསྐྱེད་པར་རབ་ཏུ་བསྒྲགས་པ་ཡིན་ཞེས་བཤད་ནས། ཡང་རྟོག་པ་དེ་ཉིད་ལས་དོན་དམ་པ་དེ་ཁོ་ན་ཉིད་ཕྱག་རྒྱ་ཡིན་ནོ་ཞེས་ཀྱང་བཤད་དོ་ [127a.6]ཞེས་པ་ནི་དོན་དམ་པའི་མཚན་མ་མི་སླུ་བའི་ཕྱིར་ན་དེ་ལ་ཡང་དེ་སྐད་བཤད་དོ། །རྒོལ་བ་པོ་ན་རེ། འོ་ན་དོན་དམ་པ་རང་བཞིན་མི་དམིགས་པ་དང་ཕྱག་རྒྱ་གཟུགས་སུ་གྱུར་པ་གཉིས་མིང་གཅིག་ཏུ་བརྗོད་པ་མི་འདྲ་བའི་སྐྱོན་དུ་མི་འགྱུར་རམ་ཞེ་ན། སྨྲས་པ། དོན་དམ་པ་དེ་ཉིད་ [127a.7]ལས་ཕྱག་རྒྱའི་མཚན་མར་བྱིན་གྱིས་བརླབས་ཏེ་བྱུང་བ་ཡིན་ལ། ཕྱག་རྒྱ་མཚན་མ་དེའི་སྒོ་ནས་དེ་མཚོན་ནས་རྟོགས་པར་བྱེད་པའི་ཕྱིར་ན་དེའི་མཚན་ཉིད་མ་རྫོགས་པའི་ཉེས་པར་མི་འགྱུར་རོ། །འདིར་གཟུགས་བརྙན་ནོ་ཞེས་སྨོས་པ་ནི། ཕྱག་རྒྱ་ལ་བྱ་སྟེ་གང་ཞེ་ན། [127b] [127b.1]ལྷའི་མཚན་མའི་མཚན་ཉིད་དུ་བསྟན་པ་སྟེ་ཞེས་པ་ནི། མཚན་མ་ནི་མངོན་དུ་སྣང་བའི་ཆ་ལུགས་སོ། །མཚན་ཉིད་ནི་ཕྱག་རྒྱ་རྣམ་པ་བཞིར་བསྟན་ཏོ། །དེའི་ཕྱིར་མི་འདྲ་བའི་མཚན་མ་ལ་ཡང་གཟུགས་སུ་བཤད་པས་ན་ཞེས་པ་ནི། ཕྱག་རྒྱ་བཞི་པོ་དེ་དག་དབྱིབས་དང་མཚན་ཉིད་མི་ [127b.2]འདྲ་བ་ཡང་ཐུན་མོང་དུ་མིང་གཟུགས་བརྙན་ནོ་ཞེས་བཤད་ན་འགལ་བ་མེད་པས་ན། འདིར་དེ་ཁོ་ན་ཉིད་ལ་ཕྱག་རྒྱ་ཞེས་བརྗོད་པ་ཡང་མཚན་ཉིད་མ་རྫོགས་པའམ་མི་མཐུན་པའི་སྐྱོན་གྱི་ཉེས་པར་ཡང་མི་འགྱུར་རོ་ཞེས་བཤད་དོ། །རྒོལ་བ་པོ་ན་རེ། འོ་ན་དོན་དམ་པར་འདོད་པ་ལ་ [127b.3]ཡང་རྣམ་གྲངས་མང་དུ་ཡོད་ན། འདིར་དོན་དམ་པ་དེ་ཁོ་ན་ཉིད་ཕྱག་རྒྱར་འདོད་པ་དེ་གང་ཡིན་ཞེ་ན། སྨྲས་པ། དོན་དམ་པ་ཞེས་བྱ་བ་ཡང་འདིར་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ཡིན་པར་བལྟའོ་ཞེས་གསུངས་སོ། །དེའི་གཏན་ཚིགས་སྦྱོར་པའི་རྒྱུད་དུ་ [127b.4]གཏོགས་པའི་གཞུང་གཞན་དག་ལས་ཀྱང་གསུངས་པ། དོན་དམ་པའི་ལྷའི་མཚན་མའི་མཚན་ཉིད་ཕྱག་རྒྱ་ཡིན་པར་བསྟན་ཞེས་བྱ་བ་སྟེ། རྣམ་པར་མི་རྟོག་པ་དོན་དམ་པའི་ངོ་བོ་ལ་ཡང་ཕྱག་རྒྱ་ཞེས་བྱའོ། །དེའི་མཚན་མར་བྱིན་གྱིས་བརླབས་པའི་མཚན་ཉིད་ལ་ཡང་ [127b.5]ཕྱག་རྒྱ་ཡིན་པར་བསྟན་ཏོ། །ཆོས་ཀྱི་དབྱིངས་ལ་མདོ་རུ་ནི། །ཕྱག་རྒྱ་མཚན་མ་ཆེ་ཞེས་བྱ། །ཞེས་པ་ནི། མདོར་ན་ཆོས་ཀྱི་དབྱིངས་སམ་དེ་ཉིད་མཚན་མའི་ཕྱག་རྒྱར་བྱིན་གྱིས་བརླབས་ནས་བསྟན་པ་སྟེ། ཆོས་ཀྱི་དབྱིངས་དང་ཕྱག་རྒྱ་ཆེན་པོ་གཉིས་འབྲེལ་པར་བསྟན་པའི་དོན་ [127b.6]གསལ་བར་གསུངས་པ། དེ་ལ་ཆོས་ཀྱི་དབྱིངས་ཞེས་བྱ་བའི་སྒྲ་ནི་དོན་དམ་པ་དང་། དེ་དང་འབྲེལ་པའི་ལྷའི་ཁྱད་པར་རྣམས་ལ་བྱ་བ་སྟེ་ཞེས་པ་ནི། ཆོས་ཀྱི་དབྱིངས་སུ་བརྗོད་པའི་སྒྲ་དེ་ནི་རྣམ་པ་གཉིས་སུ་སྦྱར་ཏེ། དོན་དམ་པ་ཉིད་ལ་ཡང་བྱ་བའི་ཆོས་ཀྱི་དབྱིངས་དེ་དང་ [127b.7]འབྲེལ་པའི་ལྷའི་ཁྱད་པར་རིགས་དང་རིགས་ཀྱི་གཙོ་བོ་སེམས་དཔའ་ལ་སོགས་པར་སྣང་བ་རྣམས་ལ་བྱ་སྟེ། དཔེར་ན་གནས་སྐབས་ཁ་ཅིག་ཏུ་རྒྱལ་པོ་ཞེས་བྱ་བའི་སྒྲས་རྒྱལ་པོ་དང་དེ་དང་འབྲེལ་པའི་འཁོར་ལ་བྱ་བ་བཞིན་ནོ་ཞེས་པ་ནི་རྒྱལ་པོ་ཉིད་ལ་ཡང་དེ་སྐད་ཅེས་ [128a] [128a.1]བྱ་ལ་དེ་དང་འབྲེལ་བར་གྱུར་པའི་འཁོར་རྣམས་ལ་ཡང་རྒྱལ་པོ་ཞེས་འདོགས་པ་བཞིན་ནོ་ཞེས་བསྟན་ཏོ། །དེ་ལ་ཆོས་ཀྱི་དབྱིངས་དང་འབྲེལ་པར་བརྗོད་པ་དེ་ཡང་གང་ཡིན་ཞེ་ན། གང་དག་གིས་དེ་རྟོགས་ནས་རྣམ་པར་དག་སྟེ་ཞེས་བྱ་བ་དག་སྟེ། སྒྲུབ་པ་པོ་ [128a.2]གང་དག་གང་ཡང་རུང་བས་ཇི་ལྟར་ཆོས་ཀྱི་དབྱིངས་ལས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མཚན་མར་བསྟན་པའི་ཆ་ལུགས་དང་། དོན་ཇི་བཞིན་བར་བསྒོམས་པ་ལས། སྒྲིབ་པའི་ཚོགས་ཐམས་ཅད་ཟད་པར་གྱུར་ནས་ཆོས་ཀྱི་དབྱིངས་རྟོགས་ཤིང་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་ [128a.3]པར་གྱུར་པའི་ཚེ། བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་འདོད་པ་དག་ཀྱང་ཇི་ལྟར་རིགས་པར་བྱེད་ནུས་པའི་རྩོལ་བ་འབྱུང་བར་གྱུར་པ་ལ་ནི། དོན་དམ་པ་དང་འབྲེལ་པ་ཞེས་བྱའོ། །དེ་ལྟར་ཡིན་པའི་གཏན་ཚིགས་ཀྱང་མདོ་སྡེ་ལས་གསུངས་ཏེ། དཔེར་ན་མདོ་སྡེ་ [128a.4]ལས་ཀྱང་འདུས་མ་བྱས་ལས་འབྱུང་བ་ནི་འཕགས་པའི་གང་ཟག་གོ་ཞེས་བྱ་བ་འབྱུང་བ་དེ་ཡང་དོན་དམ་པ་དང་འབྲེལ་པ་དེ་ཉིད་ལ་བྱའོ། །རྒོལ་བ་པོ་ན་རེ། འོ་ན་དཀྱིལ་འཁོར་དུ་འགོད་པའི་འཇིག་རྟེན་ལས་འདས་པའི་ལྷ་རྣམས་མཉེས་པར་བྱེད་པའི་ཐབས་ནི་ཕྱག་རྒྱ་ [128a.5]ཆེན་པོ་བཞི་ལ་སོགས་པའི་ཆོ་ག་དེ་ལྟར་བསྟན་པས་བྱར་རུང་ནི། འཇིག་རྟེན་པའི་ལྷ་རྣམས་ཇི་ལྟར་མཉེས་པར་བྱེད་པ་ཡིན་ཞེ་ན། སྨྲས་པ། ཡོངས་སུ་མ་དག་པའི་ལྷར་སྣང་བ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་དག་སྟེ། དེ་ལས་ཡོངས་སུ་མ་དག་པའི་ལྷར་སྣང་བ་ནི་ [128a.6]ཚངས་པ་དང་། བརྒྱ་བྱིན་དང་། ལྷ་ཆེན་པོ་ལ་སོགས་པར་སྣང་བ་དང་། དེའི་ཆ་ལུགས་འཛིན་པ་དང་། འཁོར་དུ་བསྡུས་པ་དག་གོ། །དེ་དག་ལ་ཅིའི་ཕྱིར་ཡོངས་སུ་མ་དག་པ་ཞེས་བརྗོད་ཅེ་ན། སྨྲས་པ་མཐུ་དང་བསོད་ནམས་ཆེན་པོ་དང་ལྡན་དུ་ཟིན་ཀྱང་དེ་དག་འཁོར་བ་མ་ [128a.7]སྤངས་ཤིང་རྣམ་པར་གྲོལ་བའི་འབྲས་བུ་མ་ཐོབ་པ་ལྟ་བུའི་ཚུལ་དུ་གནས་པས་དེ་སྐད་བརྗོད་དོ། །འོ་ན་དེ་ལྟར་སྣང་བ་དེ་དག་དེ་ལྟར་གནས་པ་ཡིན་ནམ་བསྒྱུར་བ་ཡིན་ཞེ་ན། སྨྲས་པ། ཡང་ན་ནི་དེ་ལྟ་བུས་འདུལ་བའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་དེ་བཞིན་གཤེགས་ [128b] [128b.1]པའི་བྱིན་གྱིས་བརླབས་པ་ཉིད་དམ་ཞེས་ཏེ། ཚངས་པ་དང་། བརྒྱ་བྱིན་དང་། ལྷ་ཆེན་པོ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པའི་ཆ་ལུགས་འཛིན་པར་སྣང་བ་འདི་དག་ཀྱང་གཅིག་ཏུ་ངེས་པར་མི་བལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་གདུལ་བྱ་ [128b.2]གང་དང་གང་གིས་འདུལ་བ་དེ་དག་དང་རྗེས་སུ་མཐུན་པར་སྟོན་ཅིང་དོན་བྱེད་པར་སྤྱོད་དེ། འགྲོ་བ་གང་དག་དེ་ལྟ་བུས་འདུལ་པར་འགྱུར་བའི་སྐྱེ་བོ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དེ་ལྟར་བྱིན་གྱིས་བརླབས་ཏེ། བསྟན་པའམ། ཡང་ན་དེ་བཞིན་ [128b.3]གཤེགས་པའི་སྤྲུལ་པ་ཡིན་ཡང་སྲིད་ལ། གལ་ཏེ་དེ་ལྟར་མ་ཡིན་ན་འཇིག་རྟེན་པའི་ལྷ་དངོས་ཡིན་པར་གྱུར་ན་ཡང་ཆོས་ཀྱི་དབྱིངས་ལ་ཕྱོགས་ཀྱི་གོམས་པར་བྱས་པ་ལས་ཞེས་ཏེ་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའོ་སྙམ་པའི་འདུ་ཤེས་སྔོན་ [128b.4]དུ་བཏང་བའམ། བསོད་ནམས་བསྐྱེད་ཅེས་པ་ནི། ལྷ་དང་མིའི་ཐེག་པར་གྱུར་པ། ལུས་དང་། ངག་དང་། ཡིད་ལས་ཡོངས་སུ་དག་པར་བྱ་བའི་ངོ་བོ་དགེ་བ་བཅུ་ལ་སོགས་པ་རྣམ་པར་དཀར་བའི་ཆོས་རྣམས་ལ་འདུན་པ་བསྐྱེད་ཅིང་དེ་དག་གོམས་པར་བྱ་བའི་འབྲས་བུ་ལྷ་ལྟ་ [128b.5]བུའི་སྐྱེ་བ་ཐོབ་པར་སྣང་བ་ཡིན་པས། དེ་ཡང་དོན་དམ་པ་ཆོས་ཀྱི་དབྱིངས་དང་འབྲེལ་པ་ཡིན་པས། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཆོས་གང་མཉེས་པར་བྱར་རུང་ངོ་། །ཡོང་ཡེ་ཤེས་དེ་རྣམས་ཀྱང་ཞེས་པ་ནི། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་ལྷ་གང་ཡང་རུང་བ་དང་ [128b.6]དེ་དག་གི་ཕྱག་རྒྱ་བཞི་ལ་སོགས་པ་ཡང་ཆོས་ཀྱི་དབྱིངས་དང་འབྲེལ་པ་ཉིད་དུ་ཤེས་པར་བྱ་སྟེ། །མ་འབྲེལ་པ་དག་ཆ་ལུགས་འདི་ལྟ་བུར་གནས་པ་དང་། ཐོབ་པ་མི་སྲིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་ཐམས་ཅད་དུ་ཕྱག་རྒྱ་བཞིའི་ཚོགས་མཉེས་པར་བྱ་བའི་མཚན་ [128b.7]ཉིད་ནི་མཐུན་པར་བྱས་ཀྱང་འགལ་བ་མེད་དེ། འཐད་པ་འམ་རིགས་པར་འགྱུར་རོ་ཞེས་བཤད་དོ། །དེ་ནི་ཕྱག་རྒྱ་ཆེན་པོའི་རྣམ་པར་དབྱེ་བའི་གྲངས་གསུངས་པ། ཕྱག་རྒྱ་དེ་ཡང་འདི་སྐུ་ལ་སོགས་པའི་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་དག་སྟེ། དེ་ལྟར་བསྟན་པའི་ [129a] [129a.1]ཕྱག་རྒྱ་དེ་ཡང་གནས་སྐབས་འདིར་སྐུ་དང་གསུང་དང་ཐུགས་དང་སྤྱོད་པའི་བྱེ་བྲག་གིས་རྣམ་པ་བཞིར་བསྟན་ཏོ། །དེ་ལ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་གསུངས་པ། དེ་ལ་ལྷའི་གཟུགས་བརྙན་ནི་ཕྱག་རྒྱ་ཆེན་པོ་སྟེ་ཞེས་པ་ནི། ལྷ་གང་ལ་དད་པ་དག་གིས་སྐུར་སྒོམ་པ་ [129a.2]ནི་སྐུའི་གཟུགས་བརྙན་ཏེ། དེ་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། འདྲ་བའི་ཕྱིར་ལྷ་དེ་དྲན་པའི་རྒྱུར་ཆེ་བས་ན་ཞེས་པ་ནི། དོན་དམ་པ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལྟར་ལྷའི་ཆ་ལུགས་སུ་སྣང་བ་དེ་ལྟར་བསྒོམས་ན་དེ་འདྲ་བའི་རྟོག་པ་འཇུག་པའི་ཕྱིར་ལྷ་དེ་དྲན་པར་བྱེད་ [129a.3]པའི་རྒྱུར་ཆེ་བས་ན། ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ལ་རྒྱུ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་རྫོགས་པའི་ལྷའི་གཟུགས་དེ་ཆ་ལུགས་ཇི་ལྟ་བ་བཞིན་དུ་དྲན་པའི་རྒྱུ་ལ་བྱའོ། །ཆེ་བ་ནི་དེས་མཚོན་པའི་སྒོ་ནས་དེ་རྟོགས་ཤིང་ཆུད་པར་གྱུར་པའོ། །དེའི་མཚན་ཉིད་ཀྱང་ཞེས་པ་ནི། ཕྱག་རྒྱ་ཆེན་ [129a.4]པོ་བསྒོམ་པ་དེའི་མཚན་ཉིད་ཀྱང་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་དང་སྦྱོར་བའི་རྒྱུད་གཞན་ལས་ཕྱག་རྒྱ་ཆེན་པོའི་ཆོ་ག་འབྱུང་བའི་ལེའུ་ལས་ཀྱང་བསྟན་ཏེ། དང་པོར་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ཉིད་ལས་གསུངས་པ། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །ཞེས་བྱ་བ་དག་སྟེ། དོན་ [129a.5]དམ་པ་ལས་ཕྱག་རྒྱའི་མཚན་མ་བྱུང་བ་གང་དུ་བསྟན་པ་དེ་བཞིན་དུ་སྒྲུབ་པ་པོས་བསྒོམས་ན་དེའི་སྒོ་ནས་དེ་ཁོ་ན་ཉིད་རྟོགས་པའམ། ཆུད་པར་གྱུར་པས་ན། དོན་དེ་ལྟར་ཤེས་པས་བསྒོམས་ན། གང་འདོད་པ་དེ་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་བཞིན་དུ་རྒྱུད་གཞན་ལས་ཀྱང་ [129a.6]གསུངས་པ། སྐུ་གསུང་ཐུགས་ནི་རྡོ་རྗེ་དག །ཅེས་པ་ནི་རྡོ་རྗེ་དབྱིངས་དང་དེའི་འཁོར་དུ་གྱུར་པའི་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱི་གཟུགས་དང་། ཆ་ལུགས་བྲིས་པའམ། ལུགས་སུ་བླུགས་པའམ། བྱས་པའམ། ཇི་ལྟ་བ་བཞིན་དུ་གནས་པ་དེ་བཞིན་དུ་སྒྲུབ་པ་ [129a.7]པོས་ཕྱག་རྒྱ་བཞིའི་མཚན་མ་དང་ལྡན་པར་བསྒོམས་པའི་སེམས་དཔའ་ཆེན་པོ་ལ་སོགས་པ་དེ་ཉིད་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །དོན་དེ་ཉིད་སླར་རྒྱས་པར་བཤད་པ། གཟུགས་བརྙན་ཇི་ལྟར་བྲིས་པ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་སྐུའི་གཟུགས་བརྙན་ [129b] [129b.1]ཇི་ལྟར་འདོད་པ་བཞིན་བྲིས་ནས་མཚན་མར་བརྟགས་པ་སྔོན་དུ་བྱས་ཏེ་ཞེས་པ་ནི་མདུན་དུ་བཞག་པའོ། །དེའི་རྗེས་སུ་མཐུན་པར་ཞེས་པ་ནི་མདུན་དུ་བཞག་པའི་ལྷའི་གཟུགས་བརྙན་དེའི་རྗེས་སུ་མཐུན་པར་སྒྲུབ་པ་པོའི་ཡིད་ཀྱིས་ལྷའི་སྐུའི་གཟུགས་བརྙན་ཉིད་ཇི་ལྟ་བུར་རིགས་པར་ [129b.2]སྒྲུབ་པ་པོ་བདག་དང་ལྷའི་གཟུགས་དེ་བྱེ་བྲག་མེད་པར་བསམ་མོ། །རྒོལ་བ་པོ་ན་རེ། ལྷའི་གཟུགས་བརྙན་བསྟན་པ་ཡང་རྒྱུད་སོ་སོའི་འདོད་ཀྱིས་གྲངས་དང་བྱེ་བྲག་མི་མཐུན་པར་འབྱུང་བ་དག་ཡོད་ན། འདིའི་སྐབས་སུ་དེ་ཁོ་ནར་ཤེས་པར་བྱ་ཞེ་ན། སྨྲས་པ། ལྷའི་སྐུའི་གཟུགས་ཀྱང་ [129b.3]གནས་སྐབས་འདིར་ནི་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། གཅིག་ཏུ་ནི་ཕྱག་རྒྱ་བཞི་ལ་སོགས་པའི་ལྷའི་ཆ་ལུགས་རྫོགས་པའི་སྐུའོ། །དེ་ལས་གཞན་པ་ནི་གཟུགས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་སྟེ། ཕྱག་རྒྱའི་ལྷའི་སྐུ་ཞེས་ [129b.4]པ་ནི། དམ་ཚིག་གི་ཕྱག་རྒྱ་མཆོད་རྟེན་གྱི་ཁྲིའུ་ལ་བཞག་པ་དང་། ལག་པས་བཅིངས་པའི་རྣམ་པ་འབྱུང་བ་རྣམས་སོ། །རྒོལ་བ་པོ་ན་རེ། འོ་ན་དཀྱིལ་འཁོར་གཞན་དུ་ནི་འདི་ལྟར་མ་ཡིན་ན། གཟུངས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་འདི་ཁོ་ན་ལྟར་བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། [129b.5]དེ་གཉིས་ལས་གཟུངས་ཀྱི་ལྷ་མོ་རྣམས་ནི་དེ་ལྟ་བུས་འདུལ་བའི་འགྲོ་བའི་དབང་གིས་ཕྱག་རྒྱ་ལ་སོགས་པ་ཡན་ལག་མང་པོའི་མཚན་ཉིད་བུད་མེད་ཀྱི་གཟུགས་སྤངས་ནས་ཞེས་བྱ་བ་ལ་སོགས་པ་རྣམས་ཏེ། གཟུངས་ཀྱི་ལྷ་མོ་རྣམས་ནི་དེ་ལྟ་བུས་འདུལ་བའི་ཞེས་པ་ནི་ [129b.6]གཟུངས་ཀྱི་དཀྱིལ་འཁོར་དུ་ལྷ་མོ་རྣམས་སྐུ་འགོད་པ་ནི་དེ་ལྟ་བུས་འདུལ་བའི་འགྲོ་བ་རྣམས་ཀྱི་ཆེད་དུ་དེ་ལྟར་བསྟན་ཏེ། རྩ་བའི་རྒྱུད་ཉིད་ལས་ཀྱང་གསུངས་པ། ཨེ་མའོ་གང་ཕྱིར་བྱང་ཆུབ་སེམས། སེམས་ཅན་ཀུན་ལ་ཕན་བཞེད་པ། །འདུལ་བའི་དབང་གིས་དཔའ་བོ་གང་། ། [129b.7]བུད་མེད་གཟུགས་སུ་མཛད་པར་འགྱུར། །ཞེས་གསུངས་སོ། །ཕྱག་རྒྱ་ལ་སོགས་པ་ཡན་ལག་མང་པོའི་མཚན་ཉིད་བུད་མེད་ཀྱི་གཟུགས་སྤངས་ནས་ཞེས་པ་ནི། ཡན་ལག་རྫོགས་པར་གྱུར་པའི་ལྷ་མོ་དེ་ཉིད་ཀྱི་གཟུགས་མི་སྣང་བར་བྱས་ནས། དམ་ཚིག་གི་ཕྱག་རྒྱ་དགོད་པའོ། ། [130a] [130a.1]དེའི་བརྡར་གྱུར་པ་ཞེས་པ་ནི། གཟུངས་ཀྱི་དཀྱིལ་འཁོར་དུ་ལྷ་མོ་དེ་དག་ཉིད་ཡིན་པའི་ཕྱག་རྒྱའི་མཚན་མའམ་བརྡར་གྱུར་པ། མཆོད་རྟེན་ཁྲི་ལ་བཞུགས་པ་ལ་སོགས་པའི་ཕྱག་རྒྱའི་གཟུགས་རྣམས་སུ་འདིར་བསྟན་ཏེ། རྩ་བའི་རྒྱུད་ཉིད་ལས་ཀྱང་གསུངས་པ། [130a.2]མཆོད་རྟེན་ཁྲི་ལ་ལེགས་འདུག་པ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་འབྱུང་ངོ་། །རྒོལ་བ་པོ་ན་རེ། འོ་ན་མགོར་ནི་བུད་མེད་ཀྱི་གཟུགས་ཆ་ལུགས་རྫོགས་པར་བསྟན་ལ། འདིར་ནི་འདི་ལྟར་སྟོན་པ་མི་མཐུན་པར་བྱ་བ་ཅི་དགོས་ཤེ་ན། སྨྲས་པ། དེ་ཡང་དོན་གྱི་ [130a.3]གནས་སྐབས་ཀྱི་དེ་ལྟར་བསྟན་ཏེ། མགོར་ནི་བུད་མེད་ཀྱིས་འདུལ་བ་ཡང་ཡོད། །མགོར་ནི་དེ་ལ་སྙད་འདོགས་པར་བྱེད་པ་ཡང་ཡོད་པས་དེ་དག་གིས་ཁ་ན་མ་ཐོ་བ་སྤང་བའི་ཕྱིར་འདི་ལྟ་བུའི་ཕྱག་རྒྱ་བསྟན་ཏེ། ཇི་སྐད་དུ། རྩ་བའི་རྒྱུད་ཉིད་ཀྱི་རྒྱུད་ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས། [130a.4]མུ་སྟེགས་རྣམས་ལ་ཕན་གདགས་ཕྱིར། །དེ་བཞིན་གཤེགས་པའི་བཙུན་མོ་སྦ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱ་ཞེས་བྱ་བ་བྲིས་པའམ་ཞེས་བྱ་བ་ལ་སོགས་པ་འདི་བཞིན་དུ་ཤེས་པར་བྱའོ། །ཡང་ན་རྡོ་རྗེ་དབྱིངས་ [130a.5]ཀྱི་དབང་ཕྱུག་མ་ལ་སོགས་པ་ཞེས་པ་ནི། གཟུངས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ལྷ་མོ་དེ་དག་གི་ཕྱག་རྒྱ་རྒྱུད་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་ལག་པ་གན་རྐྱལ་དང་ཁ་སྦུབ་ཏུ་བསྒྱུར་ཏེ་སོ་སོའི་ཕྱག་རྒྱ་བཅང་བ་དག་ཀྱང་གཟུངས་ཀྱི་ལྷ་མོ་དེ་དག་ཉིད་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་ [130a.6]སུ་རྫོགས་པའི་རང་གི་ངོ་བོ་སྟོན་པར་བྱེད་པ་ཡིན་ཏེ། དེའི་རྗེས་སུ་མཐུན་པར་ལྷ་མོ་དེ་རྣམས་ཀྱི་ཞེས་པ་ནི། ཇི་ལྟར་ལག་པའི་ཕྱག་རྒྱ་བཅིངས་པ་དེ་ཉིད་དེའི་རྗེས་སུ་མཐུན་པར་གཟུངས་ཀྱི་ལྷ་མོ་དེ་རྣམས་ཀྱི་སྐུ་རྫོགས་པར་དྲན་པར་སྐྱེད་པའི་ཕྱིར་ཕྱག་རྒྱ་དེ་དག་བསྟན་པར་རིག་པར་བྱའོ། ། [130a.7]ཞེས་བཤད་དོ། །རྒོལ་བ་པོ་ན་རེ། དེ་ལྟར་བསྟན་པའི་ཕྱག་རྒྱ་དེ་དག་ལ་དེ་ལྟར་ཤེས་པར་བྱའམ་འོན་ཏེ་དབྱེ་བའམ་བསྡུ་བ་གཞན་ཡང་ཡོད་ཅེ་ན། སྨྲས་པ། ཕྱག་རྒྱ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ཕྱི་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ་ཞེས་བྱ་བ་དག་གོ། །དེ་ལ་ [130b] [130b.1]བྲིས་པ་དང་། བརྩམས་པ་དང་། བརྐོས་པ་ལ་སོགས་པ་ཤེས་པས་མ་ཟིན་པའི་ཚུལ་ཅན་རྣམས་ནི་ཕྱི་རོལ་གྱིའོ། །དེ་ལས་གཞན་པ་ལྷ་སོ་སོ་གང་ལ་འདོད་པ་དག་གི་གཟུགས་བརྙན་རྣལ་འབྱོར་བའི་ཡིད་ཀྱིས་བསམས་པ་ནི་ནང་གི་ཡིན་ཏེ། དེ་དག་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བསྟན་པར་ [130b.2]རིག་པར་བྱའོ། །ཕྱག་རྒྱ་ཆེན་པོའི་མཚན་ཉིད་དང་དབྱེ་བ་བཤད་ཟིན་ཏོ། །དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཡེ་ཤེས་ཀྱི་མཚན་མར་བསྟན་པ་དེ་ལ་དམ་ཚིག་གི་ཕྱག་རྒྱའི་དོན་བཤད་པར་བྱ་བ་གསུངས་པ། དེ་ལ་དམ་ཚིག་གི་མཚན་མ་ཕྱག་རྒྱ་ནི་སོར་མོ་བཀོད་པའི་བདག་ [130b.3]ཉིད་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་ཞེས་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཉིད་ཀྱི་མཚན་མ་ནི། དམ་ཚིག་གི་ཕྱག་རྒྱ་ལག་པས་བཅིངས་པའི་ཚུལ་ལམ་ཐབས་སུ་བསྟན་ཏོ། །བདག་ཉིད་ཆེན་པོ་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་སོ། །ཐུགས་གསང་ [130b.4]བ་ཞེས་པ་ནི། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་སོ། །དེ་ནི་དམ་ཚིག་ཅེས་བྱ་བའི་སྒྲར་བརྗོད་དེ། རྒྱུད་ནས་བཤད་ཅེས་པ་ནི། རྣམ་གྲངས་དང་མཚན་ཉིད་ཇི་ལྟ་བུ་ཡིན་པ་དག་གསལ་བར་སྟོན་པ་སྟེ། དེ་ལ་རྣམ་གྲངས་བཤད་པ་ [130b.5]ནི། ཡང་དག་པར་ཐོབ་པའམ་ཞེས་བྱ་བ་ལ་སོགས་པ་རིམ་པར་སྟོན་ཏེ། དེ་ལ་ཐོབ་པ་ཞེས་པས་ས་སམྱཀ་བྱ་བ་ནི་ཡང་དག་པ་ཀུན་ཞེས་ཟེར་ཏེ། ཡ་ཨ་ཡང་ཞེས་བྱ་བས་ནི་ཐོབ་པ་ཞེས་ཟེར་ཏེ། འཇིག་རྟེན་པའི་འདོད་པའི་འབྲས་བུ་གཟུགས་སྒྲ་ལ་སོགས་པས་ནི་འཆིང་ [130b.6]བར་བྱེད་པས་ཡང་དག་པ་མ་ཡིན་ལ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆེ་བའི་ཡོན་ཏན་ཀུན་གྱི་མཆོག་ཡིན་པས་ཐམས་ཅད་དགྲོལ་བར་བྱེད་པའི་ངོ་བོ་སྟེ། ཡང་དག་པ་ཡིན་པས་ཡང་དག་པ་སྟེ། ཀུན་ཐོབ་པར་བྱེད་པས་ན་དེ་སྐད་བརྗོད་དོ། །རྟོགས་པར་བྱ་ [130b.7]བའི་ཕྱིར་རམ་ཞེས་པ་ནི། ས་སམྱ་ཀ་ཛྙཱ་ན་ཞེས་བྱ་བས་རྟོགས་ཤིང་ཁོང་དུ་ཆུད་པའི་ཕྱིར་ན་དམ་ཚིག་ཅེས་བྱ་བ་སྟེ་ཆོས་ཅན་གྱི་རྣམ་པ་ཆོས་ཉིད་དུ་ཆུད་པའམ། ཤེས་བྱ་ཐམས་ཅད་ཡེ་ཤེས་སུ་ཆུད་པའི་ཕྱིར་ན་དེ་སྐད་བརྗོད་དོ། །མི་འདའ་བའི་དོན་དུ་དམ་ཚིག་ཅེས་བྱ་བ་ནི་ས་སམ་ [131a] [131a.1]ཡ་བྱ་བས་མི་འདའ་བའི་དོན་གྱིས་དམ་ཚིག་ཅེས་བྱ་སྟེ། དེ་ཡང་སྒྲུབ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་ནམ་ཡང་འདའ་བར་བྱ་བ་མ་ཡིན་པ་དང་། དེ་བསྒྲུབས་ན་འགྲུབ་པར་འགྱུར་བ་ལས་མི་འདའ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པའི་དམ་ཚིག་དེ་ཉིད་དམ་ཚིག་ [131a.2]གི་ཕྱག་རྒྱར་བྱིན་གྱིས་བརླབས་ཏེ། བསྟན་པས་ཡེ་ཤེས་དེ་ཉིད་དོན་དམ་པར་དམིགས་པ་ལས་མི་འདའ་བས། དེས་དེ་ཁོ་ན་ཉིད་མཚོན་པའམ་ཆུད་པར་བྱེད་པས་དེ་སྐད་བརྗོད་དོ། །དེ་རང་གི་ཡུལ་དེ་ཁོ་ན་ཉིད་ལས་མི་འདའ་བའི་ངོ་བོ་ཞེས་པ་ནི། ཐུགས་ཡེ་ཤེས་ཀྱི་མཚན་ [131a.3]མར་གྱུར་པ། དམ་ཚིག་ཅེས་བརྗོད་པ་དེའི་ཡུལ་ནི་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་ཡིན་ཏེ། དེ་ལས་གཞན་དུ་མི་འདའ་བའི་ཕྱིར་རོ། །སྔར་བཤད་པ་ཡིན་ནོ་ཞེས་པ་ནི་དེའི་དོན་ཡང་གོང་ཉིད་དུ། དེ་ཕྱིར་ཡེ་ཤེས་གང་འཇུག་པ། །དེ་ལ་འང་དེ་ཉིད་ཅེས་བསྒྲགས་སོ། །ཞེས་བསྟན་པ་ [131a.4]ལས་ཤེས་པར་བྱའོ། །དེ་བས་ན་ལྷའི་ཐུགས་གསང་བ་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཉིད་ཤིན་ཏུ་ཟབ་ཅིང་ཕྲ་བར་གནས་པས་གཞན་པ་ཞེས་བྱ་སྟེ། དེའི་མཚན་མར་གྱུར་པ་ལ་ནི་དམ་ཚིག་ཅེས་བཤད་དོ། །དེ་བས་ན་དེ་ལྟ་བུ་དག་ལ་དམ་ཚིག་གི་ཕྱག་རྒྱ་ [131a.5]ཞེས་བྱ་བར་རྒྱུད་འདི་ཉིད་དང་གཞན་ལས་ཀྱང་བསྟན་ཏེ། དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ན་ཞེས་པ་ནི་དོན་དེ་ལྟ་བུ་དག་དང་ལྡན་པ་དེའོ། །བསྒྲུབ་པར་བྱ་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ཞེས་པ་ནི། བསྒྲུབ་པར་འདོད་པ་ལྷ་གང་ཡིན་པ་དེའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དེ་སྒྲུབ་ [131a.6]པར་བྱེད་པའི་རྣལ་འབྱོར་པའི་ལག་པས་བཅིངས་ཏེ། རང་གི་སྙིང་གའི་ཕྱོགས་སུ་བཞག་ལ། རང་གི་སྙིང་གའི་སེམས་རྡོ་རྗེ་བསམ་མོ་ཞེས་པ་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་གནས་པར་བསམ་མོ་ཞེས་བཤད་དོ། །དེ་བས་ན་དམ་ [131a.7]ཚིག་གི་ཕྱག་རྒྱ་སྒྲུབ་པའི་སྐབས་སུ་རང་གི་སྙིང་གར་བཅིངས་ཏེ་བསྒྲུབ་ཅིང་འབྱུང་བ་དང་སྦྱར་ན། ཐམས་ཅད་མཁྱེན་པ་ཉིད་དམ་ཚིག་གི་ཕྱག་རྒྱར་བྱིན་གྱིས་བརླབས་ཏེ། བསྟན་པ་ཡིན་པར་མངོན་ནོ། །རྒོལ་བ་པོ་ན་རེ། དེ་ལྟར་བསྟན་པའི་དམ་ཚིག་གི་ཕྱག་རྒྱ་དེ་གཅིག་གི་ངོ་ [131b] [131b.1]བོར་ཤེས་པར་བྱའམ། ཐ་དད་པར་ཤེས་པར་བྱ་ཞེ་ན། སྨྲས་པ། གདུལ་བྱ་རྣམས་ཀྱི་ངོ་བོ་གང་ལ་མཚན་ཉིད་ཐ་དད་པར་བསྟན་པ་ཡང་ཐུགས་ཡེ་ཤེས་ཀྱི་ཁྱད་པར་ཉིད་དེ་ལྟར་སྣང་བར་ཟད་ཀྱི་ཐ་དད་པར་གནས་པ་ཡང་མ་ཡིན་ལ། གང་གི་ཡང་མཐར་མ་གྱུར་པས། གཅིག་ཏུ་ [131b.2]ཡང་མ་ངེས་མོད་ཀྱི། འོན་ཀྱང་གནས་སྐབས་ཀྱི་དབྱེ་བ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། འཆང་བ་དང་འཆིང་བའོ། །འཆང་བ་ནི་རྡོ་རྗེ་དང་པདྨ་ལ་སོགས་པ་དངོས་སུ་འཆང་བའོ། །འཆིང་བ་ནི་དེ་དག་གི་ཚུལ་དུ་ལག་པས་འཆིང་བ་སྟེ། འདྲ་བ་དང་མི་འདྲ་བ་ཞེས་ཀྱང་བཤད་དོ། ། [131b.3]ཁ་ཅིག་ན་རེ་འཛིན་པ་དང་འཆིང་བ་དང་། བསམ་པ་དང་། གནས་པ་དང་། བརྩམས་པའི་བྱེ་བྲག་གིས་རྣམ་པ་ལྔར་འགྱུར་རོ་ཞེས་ཀྱང་བཤད་དོ། །དེ་ཁོ་ན་ཉིད་ལྟར་ཡིན་པའི་མཚན་ཉིད་ཀྱང་གཞུང་ཆེན་པོར་གྱུར་པའི་རྣལ་འབྱོར་གྱི་རྒྱུད་ཡོ་ག་འབུམ་སྡེ་ལས་ཞིབ་ཏུ་བཤད་པ། རང་ [131b.4]གི་སེམས་ནི་རབ་རྟོགས་པས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་འོག་ནས་ཞིབ་ཏུ་བཤད་དོ། །ཐུགས་ཀྱི་མཚན་མ་གང་ཡིན་པ་ཞེས་པ་ནི་དམ་ཚིག་སྟེ། དོན་དམ་པ་སེམས་ལྟ་བུ་པས་ཤེས་པ་དང་སྦྱར་རོ། །དེའི་དོན་དུ་ཞེས་པ་ནི་དེ་ཉིད་ཀྱི་དོན་དུའོ། །དེའི་ [131b.5]གནས་ཀྱི་མཚན་མ་ནི། དོན་དམ་པ་དེའི་གནས་ཀྱི་མཚན་མ་དམ་ཚིག་གི་ཕྱག་རྒྱ་ལུས་ལྟ་བུ་ཡིན་པས་ཤེས་པ་དང་སྦྱར་ཏེ། དེ་གཉིས་ཐ་མི་དད་པར་བསྟན་ཏོ། །རིག་པ་དང་རིག་བྱའམ། མཛོད་དང་མཛོད་ཅན་བཞིན་ནོ། །དེ་བཞིན་དུ། དཔལ་དམ་པ་དང་པོ་ལ་སོགས་པ་སྦྱོར་བའི་ [131b.6]རྒྱུད་གཞན་ལས་ཀྱང་གསུངས་པ། སྐུ་གསུང་ཐུགས་ནི་རྡོ་རྗེ་རྣམས། །ཞེས་པ་ནི་སྔ་མ་བཞིན་ནོ། །སོར་མོ་སྦྲེལ་བ་བསྟན་པ་སྟེ། ཞེས་པ་ནི་སོར་མོ་བསྣོལ་བ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། བརྟན་ཞིང་མི་འགྱུར་བས་གཞན་གྱིས་བསྐྱོད་པར་མི་ནུས་པས་ན་བརྟན་པ་ཞེས་བརྗོད་དོ། ། [131b.7]དམ་ཚིག་སེམས་དཔའ་ལས་ཤེས་པར་བྱ་ཞེས་པ་ནི་དེ་ཉིད་དོ། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱ། །ཞེས་པ་ནི། འདིའི་ཞར་ལ་བསྟན་པའི་ཚིག་སྟེ། དམ་ཚིག་གི་ཕྱག་རྒྱ་དེ་ལས་གཉིས་སུ་བྱས་པ་ནི་ཕྱག་རྒྱར་གྱུར་ཏེ། དེ་ཉིད་ཀྱི་དོན་འོག་ནས་འཆད་དོ། །རྒོལ་བ་པོ་ན་རེ། འོ་ན་ [132a] [132a.1]སྐུ་གསུང་ཐུགས་ཀྱི་མཚན་མ་གསང་བ་དག་སོ་སོར་དབྱེ་བ་ལ་དགོས་པ་ཅི་ཡོད་ཅེ་ན། སྨྲས་པ། སྐུ་དང་གསུང་དང་ཐུགས་གསང་བ་རྣམ་པར་དབྱེ་བ་ནི་ཞེས་པ་ནི། དོན་དམ་པའི་ལྷའི་སྐུའི་གསང་བའི་མཚན་མར་བསྟན་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། ལྷའི་སྐུའོ། །གསུང་ [132a.2]གི་གསང་བའི་མཚན་མར་བསྟན་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཐུགས་ཀྱི་གསང་བའི་མཚན་མར་བསྟན་པ་ནི་དམ་ཚིག་གི་ཕྱག་རྒྱར་བསྟན་པའོ། །ལས་ཀྱི་ཕྱག་རྒྱ་ནི་དེ་རྣམས་འདུས་པ་ལས་བྱུང་བ་སྟེ། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་འགྲེལ་བ་དེ་ཁོ་ན་ཉིད་སྣང་བ་ [132a.3]ལས་ཀྱང་ཕྱག་རྒྱ་ཆེན་པོའི་སྐུའི་བྱིན་རླབས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་སེམས་ཀྱི་བྱིན་རླབས་སོ། །ཆོས་ཀྱི་ཕྱག་རྒྱ་ནི་གསུང་གི་བྱིན་རླབས་སོ། །ལས་ཀྱི་ཕྱག་རྒྱ་ནི་ལུས་དང་ངག་དང་ཡིད་གསུམ་གྱི་སྤྱོད་པའི་བྱིན་རླབས་སོ་ཞེས་གསུངས་སོ། །དེའི་མཚན་མ་དང་ [132a.4]བརྡ་ཞེས་པ་ནི་སྐུ་གསུང་ཐུགས་གསང་བ་རྣམ་པར་དབྱེ་བའི་དེའི་མཚན་མའམ་བརྡ་ནི་ཕྱག་རྒྱར་བསྟན་པ་དེ་དག་གོ། །གཞུང་འདི་ཉིད་དུ་རྣམ་པར་བཀོད་ཅེས་པ་ནི། དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ཉིད་དུ་དེ་ལྟར་བཀོད་ནས་བསྟན་པའོ། །དེ་ལྟར་བསྟན་པ་དེ་ཡང་སེམས་ [132a.5]ཅན་གང་དག་དེ་ལྟ་བུས་འདུལ་བ་རྣམས་ཀྱི་རྒྱུད་ལ་གཟིགས་ནས་དེ་ལྟར་བསྟན་ཏོ། །རྒྱུད་གཞན་དག་ལས་ནི་སྐུ་ལ་སོགས་པ་བསྡུས་པ་ཉིད་ལ་སོགས་པ་ནི་རྣལ་འབྱོར་གྱི་རྒྱུད་གཞན་དག་ལ་ནི། སྐུ་དང་གསུང་དང་ཐུགས་གཅིག་ཏུ་བསྡུས་པའི་སྐུ་ཡོངས་སུ་རྫོགས་པ་ཉིད་ [132a.6]ལ་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བར་བརྟགས་པ་དག་སྣང་ངོ་། །ཡང་ན་སེམས་དཔའ་ཆེན་པོ་རྣམས་དེ་ལས་མི་འདའ་བས་ན་ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱས་བཅིངས་ནས། སེམས་དཔའ་རྣམས་དེ་ལས་འདའ་བར་མི་མཛད་པའོ། །མི་འདའ་བའི་མཚན་ཉིད་ཀྱི་དམ་ཚིག་ [132a.7]དང་ལྡན་པའི་ཕྱིར་ཞེས་པ་ནི་ཕྱག་རྒྱ་དེ་བཅིངས་པ་དེ་ལས་ལྷ་རྣམས་འདའ་བར་མི་མཛད་པའི་ཕྱིར། དམ་ཚིག་དང་ལྡན་པའི་ཕྱག་རྒྱ་དེ་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་གསུངས་སོ། །ཡང་ན་དེ་གཉིད་མི་འདའ་བ་ཡིན་པས་ན་དེ་ཉིད་ལ་དམ་ཚིག་ཅེས་བྱ་བའི་སྒྲར་བརྗོད་ཅེས་པ་ནི། དམ་ [132b] [132b.1]ཚིག་གི་ཕྱག་རྒྱ་དེ་ཁོ་ན་ཉིད་འདའ་བར་མི་མཛད་པས་ནི་ཡང་དམ་ཚིག་ཅེས་བྱ་བ་སྟེ། ཅིའི་ཕྱིར་ཞེ་ན། དམ་ཚིག་གི་ཕྱག་རྒྱ་དེས་དོན་མཚོན་པར་བྱེད་པ་ལས་མི་འདའ་བའི་ཕྱིར་ཡང་དམ་ཚིག་ཅེས་བྱ་སྟེ། དེ་ལྟར་ཅིས་མངོན་ཞེ་ན། རྒྱུད་ཉིད་ལས་ཀྱང་འདི་སྐད་ཅེས་གསུངས་ཏེ། སྐུ་གསུང་ [132b.2]ཐུགས་ནི་བརྟན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཚིག་གསུངས་ཏེ། ཕྱག་རྒྱ་འདི་དག་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་ལས་འབྱུང་བས་གཞན་གྱིས་བསྐྱོད་པར་མི་ནུས་པར་བསྟན་པའོ། །དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ [132b.3]ཀྱིས་ཀྱང་ཕྱག་རྒྱ་དེ་ལས་གཞན་དུ་འདའ་བར་མི་མཛད་པས་ན། དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ལས་དམ་ཚིག་ཅེས་བཤད་དོ་ཞེས་པའི་དོན་ཏོ། །འོ་ན་རྒོལ་བ་པོ་ན་རེ། དེ་ལྟར་གཞི་གཅིག་གི་ངོ་བོ་ལ་མཚན་ཉིད་མི་མཐུན་པའི་རྣམ་པ་དུ་མ་དག་ཏུ་དེ་ལྟར་སྟོན་ན། འདི་ཉིད་ཀྱི་ [132b.4]གནས་སྐབས་སུ་ཇི་ལྟར་ཤེས་པར་བྱ་ཞེ་ན། སྨྲས་པ། ཕྱོགས་འདི་ལ་ནི། དམ་ཚིག་ཉིད་ཕྱག་རྒྱ་ཡིན་པས་ན་དམ་ཚིག་གི་ཕྱག་རྒྱའོ། །ཞེས་པ་ནི་ཕྱོགས་འདི་ལ་ཞེས་པ་ནི་སྒྲུབ་ཐབས་ཀྱི་ཕྱོགས་འདི་ལའོ། །དམ་ཚིག་ཉིད་ཕྱག་རྒྱ་ཡིན་པས་ན་ཞེས་པ་ནི། དམ་ཚིག་ཉིད་དམ་ [132b.5]དམ་ཚིག་གི་ཕྱག་རྒྱ་བས་ན། དམ་ཚིག་གི་ཕྱག་རྒྱ་ཞེས་བཤད་དོ། །གྲགས་པའི་སྒྲ་ནི་ཡུལ་སོ་སོར་ངེས་པ་ཤེས་པར་བྱ་སྟེ་ཞེས་པ་ནི། སྐུ་ལ་སོགས་པ་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་འདོགས་པ་ཡང་ཡོད་མོད་ཀྱི། འོན་ཀྱང་འདིར་ནི་དེ་ལྟར་མི་བཤད་དེ། ཕྱག་རྒྱ་ཆེན་པོ་ལ་ [132b.6]སོགས་པ་བཞིའི་ཡུལ་རྣམས་ལ་མིང་གང་དང་གང་དུ་བཏགས་པའི་གྲགས་པ་དེ་དང་དེ་སོ་སོར་ངེས་པར་ཤེས་པར་བྱ་སྟེ། དེ་བས་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལ་དམ་ཚིག་གི་ཕྱག་རྒྱར་གདགས་ཞེས་པ་ནི། གནས་སྐབས་ལ་ལ་དག་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལ་དམ་ཚིག་གི་ [132b.7]ཕྱག་རྒྱ་ཞེས་འདོགས་པ་ཡང་ཡོད་དེ། དེ་ལྟར་གདགས་སུ་རུང་གིས་ཀྱང་དེ་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་མི་བྱའོ། །ཐུགས་ཀྱི་མཚན་ཉིད་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་བརྗོད་དོ། །རྒོལ་བ་པོ་ན་རེ། གཞུང་དག་ལས་སྐུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་ཟེར་བ་ [133a] [133a.1]ཡང་ཡོད་ན་འདིར་འདི་ལྟར་བསྟན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། གདགས་པའི་རྒྱུ་སྲིད་དུ་ཟིན་ཀྱང་ཞེས་པ་ནི། དེ་ལྟར་གདགས་སུ་རུང་དུ་ཟིན་ཀྱང་དེ་ལ་མི་བྱ་ཞེས་པའི་ཐ་ཚིག་གོ། །རྒོལ་བ་པོ་ན་རེ། འོ་ན་དེ་ལྟར་བསྟན་པའི་དམ་ཚིག་གི་ཕྱག་རྒྱ་དེ་དག་མཚན་ཉིད་ཇི་ལྟ་བུ་ལ་ [133a.2]འདུ་བར་ཤེས་པར་བྱ་ཞེ་ན། སྨྲས་པ། དམ་ཚིག་གི་ཕྱག་རྒྱ་དེ་དག་ཀྱང་རྡོ་རྗེ་དང་། ལྕགས་ཀྱུ་དང་། མདའ་དང་། མཉེས་པ་ལ་སོགས་པར་འདུ་ཤེས་པ་སྟེ། དངོས་གྲུབ་འདི་དག་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་བྱའོ། །རྒོལ་བ་པོ་ན་རེ། དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་འདི་ལྟ་བུ་དག་འཛིན་ [133a.3]བ་ཅི་དགོས་ཤེ་ན། སྨྲས་པ། རྡོ་རྗེ་ལ་སོགས་པའི་སྒྲས་དེ་རྣམས་ཀྱི་དགོས་པ་བཤད་པ་རྒྱུད་འདི་ལས་བཤད་ཅེས་པ་ནི། ལྷ་རྣམས་ཀྱིས་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པ་ཕྱག་ན་བསྣམས་པ་ཡང་དགོས་པ་མེད་ཅིང་དོན་དང་མི་ལྡན་པར་མི་བསྣམས་ཀྱི། དགོས་པ་དང་བཅས་ [133a.4]ཤིང་དོན་དང་ལྡན་པར་ཕྱག་ན་བསྣམས་པའི་ཕྱིར། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ལས། དེ་དག་གི་ཡོན་ཏན་དང་དགོས་པ་རྣམས་བཤད་དེ། ཇི་སྐད་དུ་གསུངས་ཤེ་ན། བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །རྡོ་རྗེ་སེམས་དཔའི་ཐུགས་ཀར་གནས། །དེ་བཞིན་གཤེགས་པའི་ཏིང་ [133a.5]འཛིན་ནི། །སངས་རྒྱས་བྱང་ཆུབ་སྒྲུབ་པ་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བཅོམ་ལྡན་འདས་སེམས་དཔའ་དེ་ཉིད་ནི་ཞེས་པ་ནི། བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ལ་བྱ་སྟེ། དེ་ཉིད་དོན་དེ་དང་ལྡན་པས་ན། རྡོ་རྗེ་སེམས་དཔའི་ཐུགས་ཀར་གནས། །ཞེས་པ་ནི་དེ་ཉིད་རྡོ་རྗེ་ [133a.6]སེམས་དཔའ་སྟེ། ཐུགས་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཐུགས་ལ་གནས་ཞེས་བྱའོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན། །ཞེས་པ་ནི་དེ་ཉིད་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཏེ། ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་ངོ་བོའོ། །སངས་རྒྱས་བྱང་ཆུབ་སྒྲུབ་པའོ། །ཞེས་ [133a.7]པ་ནི། དེ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཐེག་པ་དམན་པ་དག་སྒྲུབ་པ་མ་ཡིན་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁོ་ན་སྒྲུབ་པར་བྱེད་པའོ། །ཤིན་ཏུ་འབིགས་པས་རྡོ་རྗེའོ། །ཞེས་པ་ནི། བྱང་ཆུབ་ཀྱི་སེམས་དེ་རྟོགས་པའི་གནས་སྐབས་ན། ཆོས་ཉིད་ [133b] [133b.1]ཀྱི་དོན་མངོན་དུ་གྱུར་ཅིང་ཕྱིན་ཅི་ལོག་གི་མཐར་གྱུར་པ་རྣམས་འཇོམས་ཤིང་འདྲལ་བར་བྱེད་པས་སོ། །མཆོག་ཏུ་སྦྱོར་བས་ལྕགས་ཀྱུས་སོ། །ཞེས་པ་ནི། བྱང་ཆུབ་སེམས་དེ་ནི་སེམས་ཐམས་ཅད་ཀྱི་ནང་ནས་གཙོ་བོའམ་རྒྱལ་པོ་ལྟ་བུ་ཡིན་པས། འཕགས་པ་རྣམས་སྤྱན་འདྲེན་ཅིང་། [133b.2]སེམས་ཅན་རྣམས་འགུགས་པར་བྱེད་པའོ། །ཕྲ་བས་འབིགས་པ་མདའ་ཡིན་ནོ། །ཞེས་པ་ནི་འགྲོ་བའི་དོན་མཛད་ཅིང་གང་འདོད་པ་དག་སྟོན་པར་མཛད་པ་སྟེ། དཔེར་ན་འདོད་ཁམས་ཀྱི་ལྷའི་རྒྱལ་པོ་ཀཱ་མ་དེ་བ་ལ་མེ་ཏོག་གི་མདའ་ལྔ་ཡོད་པས་འདོད་པ་ཐམས་ཅད་སྐུལ་བར་བྱེད་པ་ [133b.3]དང་འདྲ་བར་དོན་མཛད་པའོ། །མགུ་བས་དགའ་བར་བྱེད་པ་སྟེ། །ཞེས་པ་ནི། བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པས་བདག་ཀྱང་མགུལ།བསྡུ་བ་རྣམ་པ་བཞི་པོ་དག་གིས་གཞན་ལ་ཕན་འདོགས་པས་གཞན་ཡང་དགའ་ཞིང་དགེ་བ་ལ་འགོད་པར་མཛད་ [133b.4]པའོ། །སྤྲས་པས་རིན་པོ་ཆེ་རུ་བཤད། །ཅེས་པ་ནི་བྱང་ཆུབ་སེམས་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དག་གིས་སྤྲས་ཤིང་བརྒྱན་པའམ། རྣམ་གཅིག་ཏུ་རིན་པོ་ཆེ་ལ་ཡོན་ཏན་གྱིས་སྤྲས་ཤིང་བརྒྱན་པ་ལྟར། དེ་ལ་ཡང་མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས་ཤིང་བརྒྱན་པའོ། །ཉི་མ་ [133b.5]གཟི་བརྗིད་ཅེས་སུ་བརྗོད། །ཅེས་པ་ནི། དཔེར་ན་ཉི་མས་མུན་པ་ཐམས་ཅད་སེལ་བར་བྱེད་པ་བཞིན་དུ་ཡེ་ཤེས་ཉི་མ་དང་འདྲ་བའི་གཟི་བརྗིད་ཀྱིས་ཉོན་མོངས་པ་དང་སྒྲིབ་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པའོ། །བསྒྲེང་བས་རྒྱལ་མཚན་ཆེར་བསྟན་ཏེ། །ཞེས་པ་ནི། དཔེར་ན་འཇིག་ [133b.6]རྟེན་ན། རྒྱལ་པོའི་རྒྱལ་མཚན་བསྒྲེང་བས་དགྲའི་ཕྱོགས་འཇོམས་པ་དང་འདྲ་བར། བྱང་ཆུབ་སེམས་རྒྱལ་མཚན་དང་འདྲ་བ་དེས་མི་མཐུན་པའི་ཕྱོགས་རྣམས་འཇོམས་པར་བྱེད་པའོ། །བཞད་པས་གད་མོ་ཞེས་སུ་གྲགས། །ཞེས་པ་ནི། བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཐར་ [133b.7]ཕྱིན་པར་སྤྱོད་པས་མཉེས་པའི་གད་མོས་སྒྲོགས་པར་བྱེད་པའོ། །ཁ་ཅིག་ན་རེ་པདྨ་ཁ་ཕྱེ་བ་བཞིན་དུ་བློ་རྒྱས་ཤིང་རྫོགས་པའི་སྒོ་ནས་བཞད་པའི་གད་མོ་སྒྲོགས་པར་བྱེད་ཅེས་ཀྱང་ཟེར་རོ། །འདོད་ཆགས་དག་པས་པདྨ་སྟེ། །ཞེས་པ་ནི། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་ [134a] [134a.1]པས་མི་གོས་པ་ལྟར། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་ནའང་འཁོར་བའི་སྐྱོན་དང་ཉེས་པས་མ་གོས་པའོ། །ཉོན་མོངས་དགྲ་གཅོད་རལ་གྲིའོ། །ཞེས་པ་ནི་དཔེར་ན་འཇིག་རྟེན་པའི་མཚོན་ཆ་རལ་གྲིས་དགྲ་དང་མི་མཐུན་པའི་སྲོག་གཅོད་པར་བྱེད་པ་དང་འདྲ་ [134a.2]བར། ཡེ་ཤེས་རལ་གྲི་ལྟ་བུ་དེས་ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བའི་དྲ་བ་དགྲ་ལྟ་བུ་དག་གཅོད་པར་བྱེད་པའོ། །དཀྱིལ་འཁོར་ཚུལ་བས་འཁོར་ལོ་སྟེ། །ཞེས་པ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པ་སྟེ། འགྲོ་བའི་རྒྱུན་ལ་ཆོས་ཀྱི་འཁོར་ [134a.3]ལོ་བསྐོར་བས་རྟེན་ཅིང་འབྲེལ་པ་སྤྱོད་ཞིང་འཁོར་བའི་འཁོར་ལོ་རྒྱུན་གཅོད་པར་མཛད་པའོ། །ཚིག་ཏུ་བརྗོད་པས་སྨྲ་ཞེས་བྱ། །ཞེས་པ་ནི། གདུལ་བྱའི་རྒྱུད་དང་སྦྱར་ཏེ། ལུང་དང་རིགས་པའི་ཆོས་བསྟན་ནས་གཞན་གྲོལ་བར་བྱེད་པའོ། །སྣ་ཚོགས་ཐམས་ཅད་རྡོ་རྗེའི་ཕྱིར། །ཞེས་ [134a.4]པ་ནི། འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པའི་ཕྲིན་ལས་མཛད་པའི་ཕྱིར་སྣ་ཚོགས་རྡོ་རྗེ་ཁ་བཞི་པ་བསྣམས་པའོ། །མི་ཚུགས་སྦྱོར་བས་གོ་ཆའོ། །ཞེས་པ་ནི། བདུད་དང་མུ་སྟེགས་ལ་སོགས་པ་ཕས་ཀྱི་རྒོལ་བ་གང་གིས་ཀྱང་མི་ཚུགས་པར་ [134a.5]བྱ་བའི་ཕྱིར་བྱང་ཆུབ་སེམས་དང་ལྡན་པའི་གོ་ཆ་བགོས་སོ། །འཇིགས་པར་སྦྱོར་བས་མཆེ་བ་སྟེ། །ཞེས་པ་ནི་གྲགས་པ་ཅན་གྱི་བདུད་དང་མུ་སྟེགས་ལ་སོགས་པ་མ་རུངས་པ་དག་འདུལ་ཞིང་ཚར་གཅོད་པར་མཛད་པའི་ཕྱིར་བྱང་ཆུབ་སེམས་རྡོ་རྗེ་གནོད་སྦྱིན་དུ་སྤྲུལ་པའོ། །བཅིང་ [134a.6]པའི་ཕྱིར་ནི་ཁུ་ཚུར་རོ། །ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཅིག་ཏུ་བསྡུས་པ་ནི་རྡོ་རྗེ་ཁུ་ཚུར་ཏེ། སྐུ་གསུང་ཐུགས་གཅིག་གི་ནང་ནས་ཡང་གསུམ་ཆར་དང་ལྡན་ལ་གསུམ་ཆར་ཡང་གཅིག་གི་ངོ་བོར་སྟོན་སྤྱོད་པའོ། །ཇི་ལྟར་བཅོམ་ལྡན་སེམས་ [134a.7]དཔའ་ནི། །ཞེས་པ་ནི། རྡོ་རྗེ་སེམས་དཔའོ། །རྡོ་རྗེ་སེམས་དཔའ་ཐམས་ཅད་དུ། །ཞེས་པ་ནི། ཐམས་ཅད་དུ་རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་སེམས་ལས་བྱུང་སྟེ། བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན་ནོ་བར་བསྟན་པའོ། །དེ་བཞིན་རྡོ་རྗེ་ལ་སོགས་ [134b] [134b.1]མཚན། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཇི་ལྟ་བ་བཞིན་དུ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱར་རྡོ་རྗེ་ལ་སོགས་པ་བསྟན་པ་ནི། འདིར་གསུང་གི་བདག་ཉིད་ཀྱི་ལྷ་ནི་བཤད་པའི་ཆོས་ཉིད་ལ་བྱའོ་ཞེས་པ་ནི། གསུང་གི་རང་བཞིན་གྱི་ལྷ་ནི་ཆོས་ཀྱི་ཡིག་འབྲུ་ལ་བྱ་བར་ [134b.2]འདོད་དོ། །གང་གི་ཕྱིར་བདག་ཉིད་ཆེན་པོ་རྣམས་ཀྱི་ཞེས་པ་ནི་དེ་བཞིན་གཤེགས་པ་དང་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་སོ། །གསུང་ཐམས་ཅད་ནི་ཞེས་པ་ནི། དེ་དག་གི་གསུང་སྟེ། དེ་ཡང་ཐུགས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་གསུང་རབ་ཡན་ལག་བཅུ་གཉིས་ [134b.3]ལ་སོགས་པ་གཉེན་པོ་དང་དབྱེ་བ་དང་བསྡུ་བའི་དོན་གྱི་ཆོས་ཀྱི་ལུང་དང་རིགས་པས་བསྡུས་པ་རྣམ་པ་མང་པོ་དག་སྟོན་པར་མཛད་ཅེས་པའི་དོན་ཏོ། །དེ་ལྟར་བསྟན་པ་དེ་ཡང་རྣམ་པ་གཉིས་ཏེ། གང་ཞེ་ན། དོན་དམ་པའི་ཆོས་སྟོན་པ་དང་ཞེས་པ་ནི། དོན་དམ་པའི་སྒོ་ནས་སྤྲོས་ [134b.4]པ་དང་བྲལ་བའི་ཆོས་སྟོན་པ་སྟེ་དེ་ནི་དོན་གྱི་གསུང་ངོ་། །གཞན་ལ་ཕན་པ་སྟོན་པའི་ངོ་བོ་བས་ན་ཞེས་པ་ནི། ཀུན་རྫོབ་ཀྱི་སྒོ་ནས་འགྲོ་བ་ལ་ཇི་ལྟར་ཕན་པ་དང་། གང་ལ་མོས་པ་དག་སྟོན་པར་མཛད་པ་སྟེ། དེ་ནི་གཞན་ལ་ཕན་འདོགས་པའི་ངོ་བོ་བས་ན། དངོས་སུ་བཤད་པའི་ [134b.5]ཆོས་ཀྱི་བདག་ཉིད་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་ཕྱག་རྒྱར་གྱུར་པ་ཞེས་པ་ནི། གསུང་དེ་དག་ཀྱང་མདོར་བསྡུས་ཏེ་ཆོས་ཀྱི་ཕྱག་རྒྱར་བསྟན་པ་ནི། བཛྲ་ཛྙཱ་ན་ཞེས་བྱ་བ་ལ་སོགས་པ་གསུང་རྣམ་པར་དག་པའི་མཚན་མར་བསྟན་པ་དེའི་རྟགས་སུ་གྱུར་པ་ཡེ་ཤེས་ཀྱི་སེམས་ [134b.6]དཔའ་རྣམས་ཀྱི་སོ་སོའི་ཆོས་ཀྱི་ཕྱག་རྒྱར་བརྗོད་པའི་ཚིག་རྣམས་ལ་ནི་ཆོས་ཀྱི་ཕྱག་རྒྱ་ཞེས་བཤད་དོ། །དེ་བས་ན་ཆོས་ཀྱི་ཕྱག་རྒྱ་ཞེས་སྒྲུབ་པའི་ཚེ་ཞེས་པ་ནི། སྒྲུབ་པ་པོ་རྣམས་ཀྱིས་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པའི་ཚེ། རང་གི་ལྕེའི་སྟེང་དུ་ཟླ་བ་ལ་རྡོ་རྗེ་བསམས་ནས། དེའི་བུམ་པ་ [134b.7]ལ་རང་གི་ཆོས་ཀྱི་ཡི་གེ་བཞག་སྟེ། དེ་ལྟར་སྒྲུབ་ཅེས་རྒྱུད་ལས་གསུངས་སོ། །རྒོལ་བ་པོ་ན་རེ། འོ་ན་གོང་དུ་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་བཛྲ་ཛྙཱ་ན་ཞེས་བྱ་བ་ལ་སོགས་པ་སེམས་དཔའ་སོ་སོའི་ཆོས་ཀྱི་ཡི་གེའོ་ཞེས་བཤད་ན། འདིར་ནི་དེ་ལས་མཚན་ཉིད་བསྐྱུར་བའི་ངོ་བོ་འདི་ [135a] [135a.1]ལྟར་བྱ་ཞེས་བསྟན་པ་མི་འགལ་ལམ་ཞེ་ན། སྨྲས་པ། འདི་ལྟར་བསྟན་པ་ཡང་འགལ་བ་མེད་དེ། ཅིའི་ཕྱིར་ཞེ་ན། ལྕེ་ནི་རྗོད་པར་བྱེད་པའམ། སྨྲ་བར་བྱེད་པའི་རང་བཞིན་བས་ན་གསུང་རྣམ་པར་དག་པའི་ཆོས་ཀྱི་ཕྱག་རྒྱའི་ཡིག་འབྲུ་བསྟན་པ་ཡང་དེ་དང་ [135a.2]མཐུན་པའི་ཕྱིར་ལྕེ་ལ་བསམ་ཞིང་བསྒྲུབ་པར་བྱ་བའི་རིགས་པ་ཡིན་པས་འགལ་བ་མེད་དོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱ་དེ་ཡིན་ནོ་བར་བཤད་པ་དེ་ཡང་རང་བཟོ་མ་ཡིན་པར་བསྟན་པའི་ཕྱིར་ཁུངས་གསུངས་པ། འདི་ལྟར་གཞན་དག་ལས་ཀྱང་གསུང་གི་གསང་བ་བཤད་པ་ནི་ཆོས་ [135a.3]ཀྱི་ཕྱག་རྒྱ་ཉིད་དུ་སྟོན་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་གསུང་གི་གསང་བ་ཞེས་པ་ནི། གསང་བ་ནི་ཚིག་ཀྱང་གཞན་ལ་དོན་ཀྱང་གཞན་དུ་སྟོན་པ་ལྟ་བུའི་མཚན་ཉིད་ལ་ནི་གསང་བ་ཞེས་བྱ་སྟེ། ཆོས་ཀྱི་སྐུའི་རང་བཞིན་ལས་མཚན་ཉིད་གཞན་དུ་སྟོན་པ་ལ་ཡང་གསང་བ་ [135a.4]ཞེས་བཤད་དོ། །གནས་སྐབས་འདིར་ནི་གསུང་གི་རང་བཞིན་རྣམ་པར་དག་པ་དེ་ལས་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཡིག་འབྲུར་བྱིན་གྱིས་བརླབས་ནས་བསྟན་པ་དེ་ལ་དེ་སྐད་བརྗོད་དོ། །རྡོ་རྗེ་ཚིག་གི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པའི་དོན་ནི་འོག་ནས་བཤད་དོ། ། [135a.5]ལྷའི་གསུང་གི་བརྡར་བསྟན་པའི་ཡི་གེ་ཞེས་པ་ནི་བཛྲ་ཛྙཱ་ན་ཞེས་བྱ་བ་ལ་སོགས་པའོ། །དེའི་རང་བཞིན་གྱི་ཕྱག་རྒྱ་ཞེས་པ་ནི་ཆོས་ཀྱི་ཡིག་འབྲུ་ཉིད་ལ་ཆོས་ཀྱི་ཕྱག་རྒྱ་ཞེས་གསུངས་སོ། །འདིར་ཡང་སྨྲ་བ་པོ་དང་ཞེས་པ་ནི་གསུང་རྣམ་པར་དག་པའི་རང་བཞིན་ཏེ་དེ་ནི་ [135a.6]སྨྲ་བ་པོ་ལྟ་བུའོ། །ཚིག་ཅེས་པ་ནི་ཆོས་ཀྱི་ཕྱག་རྒྱའི་ཡིག་འབྲུ་རྣམས་ཏེ་དེ་ནི་སྨྲ་བ་ལྟ་བུ་སྟེ། དེ་གཉིས་ཐ་མི་དད་པས་ན། དེའི་རང་བཞིན་གྱི་མཚན་མ་ཞེས་པ་ནི་གསུང་རྣམ་པར་དག་པའི་རང་བཞིན་གྱི་མཚན་མའམ་རྟགས་སུ་གྱུར་པ་ནི་ཆོས་ཀྱི་ཡིག་འབྲུའོ། །དོན་དུ་ན་ཡན་ [135a.7]ལག་དང་བཅས་པའི་ལྷའི་ངོ་བོ་ཉིད་བྱིན་གྱིས་རློབ་པར་བསྟན་པ་ཡིན་ནོ་ཞེས་པ་ནི། དོན་དུ་ན་ཡིག་འབྲུ་དེ་ལས་ཀྱང་ཡན་ལག་དང་བཅས་པའི་ལྷའི་ངོ་བོའི་ཕྱག་རྒྱ་ཆེན་པོ་ཆ་ལུགས་ཡོངས་སུ་རྫོགས་པའི་ལྷའི་ངོ་བོ་ཉིད་བྱིན་གྱིས་རློབ་པར་འགྱུར་དུ་བཏུབ་པའམ་དེ་ལྟར་ནུས་པར་ [135b] [135b.1]བཤད་དོ། །རྒོལ་བ་པོ་ན་རེ། འོ་ན་དེ་དག་དེ་བཞིན་དུ་འགྲུབ་པར་ཅིས་མངོན་ཞེ་ན། སྨྲས་པ། དེ་བཞིན་དུ་ཕྱག་རྒྱ་གཞན་རྣམས་ལ་ཡང་ཕལ་ཆེར་བསྟན་ཏེ་ཞེས་པ་ནི། རྣལ་འབྱོར་གྱི་རྒྱུད་གཞན་དག་ལས་ཆོས་ཀྱི་ཕྱག་རྒྱ་གཅིག་པུ་ལས་ཕྱག་རྒྱ་ཆེན་པོའི་སྐུ་ལ་སོགས་པར་ [135b.2]བྱིན་གྱིས་རློབ་པར་འགྱུར་རོ་ཞེས་འབྱུང་བ་ཡང་ཡོད་དོ། །དེ་ལ་ལ་ན་རེ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞིར་གསུངས་པ་དེ་དག་རེ་རེའི་ནང་དུ་བཞི་ཆར་འདུས་པར་བསྟན་པ་ཡང་ཡོད་དོ་ཞེས་ཟེར་རོ། །དེ་ལྟར་བསྟན་པ་འདི་ནི་ཆོས་ཀྱི་ཕྱག་རྒྱའི་རྒྱུད་ནས་བཤད་པ་ཡིན་པར་ཤེས་ [135b.3]པར་བྱའོ། །དེ་ཡན་ཆད་དུ་ཆོས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་ལས་ཀྱི་ཕྱག་རྒྱའི་དོན་དང་མཚན་ཉིད་དང་རྣམ་པར་དབྱེ་བ་བཤད་པར་བྱའོ། །དེ་ལ་གཞན་དག་ན་རེ། ཕྱག་རྒྱ་དེ་ལྟར་བརྗོད་པ་དེ་དག་ནི་བསྟན་ཟིན་ན་ལས་ཀྱི་ཕྱག་རྒྱར་བརྗོད་པ་འདིའི་དོན་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། [135b.4]ལས་ཀྱི་ཕྱག་རྒྱའི་སྒྲའི་དོན་ཡང་བརྟག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། ལས་ཀྱི་ཕྱག་རྒྱའི་མཚན་ཉིད་བསྟན་པའོ། །དེ་ལ་ལྷའི་ལས་ཀྱི་མཚན་མ་ནི་ལས་ཀྱི་ཕྱག་རྒྱ་སྟེ་ཞེས་པ་ནི། འཇིག་རྟེན་པའི་ལས་སུ་བརྗོད་པ་ལྟ་བུ་མ་ཡིན་གྱི། དེ་བཞིན་གཤེགས་པ་རྣམས་ཀྱི་ [135b.5]ཕྲིན་ལས་ནི། འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་བྱེད་པ་སྟེ། དེའི་མཚན་མར་བསྟན་པའི་ཕྱག་རྒྱ་ལ་ནི་ལས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། དེ་དག་གི་མཚན་ཉིད་ཀྱང་ཇི་ལྟ་བུ་ཞེ་ན། བྱང་ཆུབ་མཆོག་ལ་སོགས་པའི་ཕྱག་རྒྱའི་མཚན་ཉིད་དོ་ཞེས་བྱ་བ་སྟེ། བྱང་ཆུབ་མཆོག་གི་ [135b.6]རྟག་པའི་ལས་ཀྱི་ཕྱག་རྒྱར་བརྗོད་པ་སྟེ། སོགས་ཀྱི་སྒྲས་ནི་གཞན་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་དག་བསྡུས་པར་བྱའོ། །རྒོལ་བ་པོ་ན་རེ། འོ་ན་དེ་དག་སྒོམ་ཞིང་སྒྲུབ་ན་གནས་སྐབས་ནི་གང་དུ་བསྒྲུབ་པར་བྱ། ཚུལ་ལམ་ཐབས་ནི་ཇི་ལྟ་བུར་བཅིང་ཞིང་བསམ་པ་ཡིན་ཞེ་ན། སྨྲས་པ། [135b.7]དེ་བཞིན་དུ་དེ་སྒྲུབ་པའི་ཚེ་ཞེས་བྱ་བ་ལ་སོགས་པ་དག་སྟེ། དེ་བཞིན་དུ་དེ་སྒྲུབ་པའི་ཚེ་ཞེས་བྱ་བ་ནི་འཕགས་པའི་དངོས་གྲུབ་རབ་འབྲིང་ལ་སོགས་པ་སྒྲུབ་པ་དང་། ལས་རྣམ་པ་བཞི་པོ་དག་རྩོམ་པར་བྱེད་པ་དེའི་ཚེ་བསྒྲུབ་པར་བྱའོ། །ཚུལ་ལམ་ཐབས་ཇི་ལྟ་བུར་བཅིང་ཞིང་བསམ་ [136a] [136a.1]པའི་ཐབས་ནི། ལས་སྣ་ཚོགས་པའི་རང་བཞིན་རྡོ་རྗེ་རྩེ་མོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ལས་སྣ་ཚོགས་ལ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཕྲིན་ལས་སྣ་ཚོགས་པའི་སྒོ་ནས་འགྲོ་བ་གྲོལ་བར་མཛད་པའོ། །རྡོ་རྗེ་རྩེ་མོ་ཐམས་ཅད་པ་ལས་ [136a.2]ཐམས་ཅད་བསྒྲུབ་པ་ཞེས་པ་ནི། རྡོ་རྗེ་ཁ་བཞི་པ་སྟེ་དེ་ནི་ཕྲིན་ལས་ལ་སྙོམ་ལས་མེད་པར་ཀུན་ལ་ཁྱབ་པར་མཛད་པའི་མཚན་མར་བསྟན་ཏོ། །ལུས་ཀྱི་སྙིང་གའི་ཕྱོགས་སུ་ཞེས་པ་ནི་སྒྲུབ་པ་པོའི་སྙིང་གར་བསམ་པར་བཤད་པའོ། །འདིའང་ལས་ཉེ་བར་བསྟན་པའི་སྒོ་ནས་ཞེས་པ་ [136a.3]ནི། འདི་ནི་ལས་ཉིད་ཉེ་བར་མཚོན་པའི་ཕྱིར་ལས་ཀྱི་ཕྱག་རྒྱ་བསྟན་པར་ཟད་ཀྱི། དེས་ཡན་ལག་དང་བཅས་པའི་སྐུ་ཕྱག་རྒྱ་ཆེན་པོ་ཆ་ལུགས་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ཉེ་བར་སྟོན་ནུས་པར་དོན་གྱིས་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལས་དང་བྱེད་པ་པོ་ཐ་མི་དད་པའི་ཕྱིར་རོ་ [136a.4]ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ལས་ནི་ལས་བྱེད་པའི་ངོ་བོ་ལས་ཀྱི་ཕྱག་རྒྱའི་མཚན་མ་རྣམས་ཏེ། དེའི་རང་བཞིན་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་རྣམ་པར་དག་པའི་མཚན་ཉིད་དང་ལས་ཀྱི་ཕྱག་རྒྱར་གྱུར་པ་ཐ་མི་དད་པའི་ཕྱིར་ན་དེ་སྐད་བརྗོད་དོ། །ཕྱག་རྒྱ་བཞིའི་ངོ་བོ་ཉིད་བྱེ་བྲག་ [136a.5]ཅེས་པ་ནི་ཕྱག་རྒྱ་བཞི་པོར་བསྟན་པ་དེ་དག་གི་སྒྲ་དང་དོན་གྱི་བྱེ་བྲག་ཇི་ལྟ་བུ་ཡིན་པ་དག་གོ། །དེ་ཡན་ཆད་ཕྱག་རྒྱ་རྣམ་པ་བཞིའི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་ཕྱག་རྒྱ་བསྡུ་བའི་མཚན་ཉིད་བཤད་པར་བྱ་སྟེ། དེ་ལ་གཞན་དག་ན་རེ། དེ་ལྟར་ཕྱག་རྒྱ་བཞི་པོར་བསྟན་པ་དེ་དག་དེ་ [136a.6]ལྟར་ངེས་སམ་གཞན་དུ་ཡང་ཤེས་པར་བྱར་རུང་བ་ཡིན་ཞེ་ན། སྨྲས་པ། དེ་དག་ཐམས་ཅད་ཀྱང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་པོ་ལ་སོགས་པར་བསྟན་པ་དེ་དག་ཀྱང་སྤྱིར་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ་ཞེས་ [136a.7]པའི་དོན་ཏོ། །ལྷར་བརྟགས་པའི་རང་བཞིན་དང་ཞེས་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་བྱུང་བའི་ལྷ་སྟེ། ཡེ་ཤེས་ཀྱི་སེམས་དཔའ་རྣམས་སོ། །དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པ་ཞེས་པ་ནི། སྒྲུབ་པ་པོས་བདག་ཉིད་ལྷ་གང་ཡང་རུང་བའི་ཆ་ལུགས་སུ་བསྒྱུར་ [136b] [136b.1]ནས་རང་ཉིད་ངེས་པར་མོས་པའི་ཏིང་ངེ་འཛིན་གྱིས་བརྟགས་པའོ། །གང་ཡང་ལྷའི་ལུང་དང་རྗེས་སུ་མཐུན་པའི་དམ་ཚིག་ཅན་གྱིས་བསྐྱེད་པ་ཞེས་པ་ནི། སྦྱོར་བའི་རྒྱུད་ལས་རྗེས་སུ་བཤད་པའི་རྣམ་པ་དེ་དང་རྗེས་སུ་མཐུན་པར་དམ་ཚིག་སེམས་དཔས་བདག་ཉིད་ཀྱི་རྣམ་པར་སྨིན་ [136b.2]པའི་ཕུང་པོ་བཤིགས་ནས་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་ལྷར་བསྐྱེད་པའོ། །གང་ལྷའི་ངོ་བོ་ཉིད་དམ་ཞེས་པ་ནི་ཆ་ལུགས་ཡོངས་སུ་རྫོགས་པའོ། །དེའི་ཆ་ཤས་སུ་བྱེ་བྲག་མེད་པར་མོས་པ་ཞེས་པ་ནི། རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་དམ་ཚིག་གི་ཕྱག་རྒྱར་བཏགས་པའི་ཆ་ [136b.3]ཤས་ཏེ། དེ་དག་བྱེ་བྲག་དང་ཁྱད་པར་མེད་པར་ཤེས་པ་དེ་ནི་དམ་ཚིག་ཅན་གྱི་སྐྱེ་བོས་བཏགས་པའི་ལྷ་ཞེས་བྱའོ། །དེ་ལ་ལྷ་རྣམས་ཀྱི་སྤྲུལ་པའི་མཚན་མར་གྱུར་པ་གང་ཡིན་པ་ཞེས་པ་ནི། ལྷ་རྣམས་ཀྱིས་ཡེ་ཤེས་ལས་སྤྲུལ་པའི་མཚན་མར་གྱུར་པ་གང་ཡིན་པ་དེ་ནི་ཡེ་ཤེས་ [136b.4]སེམས་དཔའ་རྣམས་སོ། །གང་ལྷའི་ངོ་བོ་ཉིད་དམ་ཞེས་པ་ནི་དེའི་སྐུ་ཕྱག་རྒྱ་ཆེན་པོ་ཆ་ལུགས་ཡོངས་སུ་རྫོགས་པར་གྱུར་པའི་སྐུའོ། །དེའི་ཆ་ཤས་སུ་བྱེ་བྲག་མེད་པར་ཤེས་པ་ནི། དེ་དག་གི་དམ་ཚིག་གི་ཕྱག་རྒྱར་གྱུར་པ་རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པ་རང་རང་གི་ཡོན་ཏན་ [136b.5]གྱི་སྒོ་མཚོན་པར་བྱེད་པ་སྟེ། དེ་དང་བྱེ་བྲག་མེད་པར་ཤེས་པ་ནི་ལྟར་བཏགས་པའོ། །དེ་ལྟར་བརྟགས་པའི་ཕྱག་རྒྱའི་ལྷའི་མཚན་ཉིད་ཅེས་པ་ནི་དམ་ཚིག་ཅན་གྱི་སྐྱེ་བོ་དེས་ལྷར་བཏགས་པའི་སྐུ་ཕྱག་རྒྱ་ཆེན་པོའི་ལྷའི་བདག་ཉིད་དུ་སྔགས་པས་བསྒོམས་ཤིང་བསྒྲུབས་ན་ལས་ [136b.6]རྣམ་བཞི་དང་དངོས་གྲུབ་རབ་འབྲིང་ལ་སོགས་པ་གང་དགོས་པའི་དོན་དུ་བསྒྲུབ་པ་དེ་འཐོབ་ཅིང་འདུས་པར་བྱིན་གྱིས་རློབ་པར་མཛད་དོ་ཞེས་ཕལ་ཆེར་རྣལ་འབྱོར་གྱི་རྒྱུད་རྣམས་ལས་བཤད་དེ། །ཕལ་ཆེར་ཞེས་པ་ནི་ཤས་ཆེར་ཞེས་པའི་ཐ་ཚིག་གོ། །གང་གི་ཕྱིར་ཞེ་ན་ཞེས་ [136b.7]པ་ནི་གཏན་ཚིགས་གང་གི་ཕྱིར་དེ་ལྟར་བྱིན་གྱིས་རློབ་པར་མཛད་པ་ཡིན་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཅན་གྱི་སྐྱེ་བོས་བཏགས་པ་ཞེས་པ་ནི། དམ་ཚིག་ཅན་གྱི་སྐྱེ་བོས་ལྷའི་སྐུར་བསྒོམས་ཤིང་། དམ་ཚིག་ཅན་གྱི་ཕྱག་རྒྱ་བཅིངས་ནས་དེ་ལ་དེ་བཞིན་གཤེགས་པ་ [137a] [137a.1]རྣམས་ཀྱིས་ཀྱང་འགྲོ་བ་གང་དག་ཇི་ལྟར་འདོད་པ་རྣམས་ཀྱི་དགོས་པ་བསྒྲུབ་པར་བྱའོ་ཞེས་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་དུས་ན་དམ་ཚིག་ཏུ་མཛད་པ་དེའི་རྗེས་སུ་དགོངས་ནས་ཡེ་ཤེས་ཀྱི་ལྷ་རྣམས་ཀྱིས་དེ་ལ་བྱིན་གྱིས་རློབ་པར་མཛད་དེ། དེ་ཡང་རྒྱུད་ལས་འདི་སྐད་དུ། [137a.2]གང་དག་བཅིངས་པ་ཙམ་གྱིས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་ཚོགས། །དམ་ཚིག་ཉམས་ཀྱིས་འཇིགས་པས་ན། །བྱིན་གྱིས་རློབ་པ་ཉིད་དུ་འགྱུར། །ཞེས་བྱ་བ་གསུངས་ཏེ། གང་དག་བཅིངས་ཞེས་པ་ནི། སྒྲུབ་པོ་གང་དག་གིས་ལྷའི་སྐུར་བསྒོམས་ཤིང་། ཕྱག་རྒྱ་གང་ [137a.3]འདོད་པའི་བཅིངས་པའམ། ཕྱག་རྒྱ་གང་དག་སྒྲུབ་པ་པོས་བཅིངས་ཤིང་བསྒོམས་པ་ཙམ་གྱིས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་ཚོགས། །ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་ཀྱི་སེམས་དཔའི་ཚོགས་རྣམས་སོ། །དམ་ཚིག་ཉམས་ཀྱིས་ [137a.4]འཇིགས་པ་ཞེས་པས་ནི། སྔོན་དམ་བཅས་པ་དམ་ཚིག་དེ་ལས་འདའ་བར་དགོས་པའོ། །བྱིན་གྱིས་རློབ་པ་ཞེས་པ་ནི། དེ་ལྟར་ཕྱག་རྒྱ་བསྒོམ་ཞིང་འཆིང་བའི་སྒྲུབ་པ་པོ་དེ་ལ་དེ་ལྟར་བྱིན་གྱིས་རློབ་པར་གསུངས་སོ། །དམ་ཚིག་ཅན་གྱི་སྐྱེ་བོས་ཞེས་པ་ནི་དོན་དེ་བཞིན་དུ་དམ་ [137a.5]ཚིག་དང་ལྡན་པའི་སྒྲུབ་པ་པོས་གང་ལྟར་མོས་པ་དེ་བཞིན་དུ་བརྟགས་པའོ། །ཡི་གེའི་རང་བཞིན་ཞེས་པ་ནི། གང་ལ་མོས་པའི་ལྷ་དེའི་ཆོས་ཀྱི་ཕྱག་རྒྱའི་ཡིག་འབྲུ་རྣམས་སོ། །རང་བཞིན་གྱི་ལྷའི་ངོ་བོ་ཉིད་དམ་ཞེས་པ་ནི། ཡི་གེའི་རང་བཞིན་རྣམས་ལས་རིམ་གྱིས་ [137a.6]ལྷའི་སྐུ་རྫོགས་པར་འགྱུར་བར་བསྒོམས་ན། ཡང་དེ་བཞིན་དུ་འགྱུར་ཏེ། དངོས་སུ་ལྷར་བརྟགས་པའི་ངོ་བོ་ཉིད་ཁོ་ནར་བྱིན་གྱིས་རློབ་པར་མཛད་པས་ཡི་གེའི་རང་བཞིན་ལ་ལྷའི་ངོ་བོ་ཉིད་ཅེས་བྱ་སྟེ། དེ་གཉིས་ཀྱང་དོན་ཐ་མི་དད་པར་བལྟའོ། །དེ་བཞིན་དུ་འགྱུར་བ་ཅིས་མངོན་ཞེ་ན་ [137a.7]དེ་ལྟར་འགྱུར་བའི་གཏན་ཚིགས་རྒྱུད་གཞན་རྣམ་པར་སྣང་མཛད་ཀྱི་རྒྱུད་ལས་ཀྱང་གསུངས་པ་བདག་ལྷར་བྱིན་གྱིས་བརླབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་པོ་བདག་ཉིད་དམ་གཞན་དག་ཀྱང་རུང་སྟེ། ལྷའི་རང་བཞིན་དུ་བྱིན་གྱིས་རློབ་པར་འདོད་ན། [137b] [137b.1]དེ་སྒྲུབ་པའི་ཕྱིར་ཡི་གེའམ། ཕྱག་རྒྱའམ་རྣམ་པར་རྟོག་གོ་ཞེས་པ་ནི། ཆོས་ཀྱི་ཡི་གེ་ལས་དམ་ཚིག་གི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོར་གྱུར་པར་བརྟག་པའམ། རྣམ་གཅིག་ཏུ་ཆོས་ཀྱི་ཡི་གེ་ལས་སྐུ་རྫོགས་པར་གྱུར་པའམ། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ལྷའི་རང་བཞིན་དུ་བསྒྱུར་ [137b.2]བ་སྟེ། དཔེར་ན་མཛོད་སྤུའི་ཕྱག་རྒྱ་ཁོ་ན་བཅིངས་པ་ཙམ་གྱིས་སྐུ་རྫོགས་པར་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ། །ཡང་ཇི་སྐད་དུ། རྒྱུད་དེ་ཉིད་ལས་གསུངས་པ། དེ་ནས་ཕྱག་རྒྱའམ་ཡི་གེ་ཡིས། །རྡོ་རྗེའི་ལུས་སུ་བསྒྲུབ་པར་བྱ། །ཞེས་གསུངས་ཏེ། དེའི་དོན་ཡང་གོང་མ་བཞིན་ [137b.3]དུ་ཤེས་པར་བྱའོ། །དེ་བཞིན་དུ་གཞན་ཡང་རྒྱུད་དེ་ཉིད་ལས་གསུངས་པ། ཡི་གེ་ལྔའམ་ཡི་གེ་གསུམ་མམ། ཡི་གེའི་ཕྱི་མོའམ་ཡི་གེ་མང་པོར་བཀོད་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡི་གེ་ལྔའམ་ཞེས་པ་ནི། རྣལ་འབྱོར་གྱི་རྒྱུད་ཀྱི་དབང་དུ་བྱས་ [137b.4]ནས་གསུངས་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་ཆོས་ཀྱི་ཡི་གེ་ལྔ་པོ་དག་སྤྱི་བོ་ནས་ལྟག་པའི་བར་དུ་རིམ་པར་བཀོད་པ་ལས་སོ་སོའི་སྐུ་ཕྱག་རྒྱ་ཆེན་པོ་རྫོགས་པར་བསྐྱེད་ནས་ཡང་དེ་བཞིན་དུ་འབྱུང་བར་བསྟན་པའོ། །ཡི་གེ་གསུམ་མམ་ཞེས་པ་ནི་བྱ་བའི་རྒྱུད་ཀྱི་ [137b.5]དབང་དུ་བྱས་ནས་གསུངས་པ་སྟེ། སྐུ་གསུང་ཐུགས་ཀྱི་དབང་དུ་བྱས་ནས་རིགས་གསུམ་གྱི་ཆོས་གྱི་ཡི་གེ་འབྲུ་གསུམ་པོ་དག་སྤྱི་བོའམ་སྨིན་མཚམས་ལ་སོགས་པའི་གནས་གསུམ་པོ་དག་ཏུ་བཀོད་ནས། དེ་ལས་སོ་སོའི་སྐུར་བསྐྱེད་ན་ཡང་དེ་བཞིན་དུ་འགྱུར་བར་བསྟན་ [137b.6]ཏོ། །ཡི་གེའི་ཕྱི་མོ་འམ་ཞེས་པ་ནི། མཚན་རྣམས་ཀྱི་ས་བོན་དབྱངས་ཀྱི་ཡི་གེ་བཅུ་གཉིས་དང་། མ་ནིང་གི་ཡི་གེ་བཞི་སྟེ་བཅུ་དྲུག་པོ་དག་ལས་བསྒོམས་ན་ཡང་དེ་བཞིན་དུ་འགྱུར་རོ། །ཡི་གེ་མང་པོ་བཀོད་པ་ཙམ་གྱིས་ཞེས་པ་ནི། ཀ་པི་ཝང་ལྷག་དགྱེ་འདྲ་བར་ལ་སོགས་ [137b.7]པ་དཔེ་བྱད་ཀྱི་ཡི་གེར་གསུངས་པའི་ཀ་ནས་ཀྵའི་བར་དུ་གསུངས་པའི་ཡི་གེ་མང་པོ་བཀོད་པའི་ཆོས་ཀྱི་ཕྱག་རྒྱ་རྣམས་བསྒོམས་ན་ཡང་དེ་བཞིན་དུ་འགྲུབ་པར་འགྱུར་བར་བསྟན་ཏེ། དེ་བས་ན་དེ་བཞིན་གཤེགས་པས་བྱིན་གྱིས་རློབ་པར་འགྱུར་བས་ན་ཞེས་བྱ་སྟེ། གང་འདོད་པ་དེ་ [138a] [138a.1]བཞིན་དུ་འགྲུབ་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབ་པར་མཛད་དོ། །བདེ་བར་གཤེགས་པ་ཉིད་དུ་བཤད་དོ་ཞེས་པ་ནི། ཆོས་ཀྱི་ཕྱག་དང་། ཡི་གེ་ལ་སོགས་པ་དེ་དག་བསམས་པ་ཙམ་གྱིས་ཇི་ལྟར་འདོད་པ་དེ་བཞིན་དུ་འགྲུབ་པར་འགྱུར་ཞེས་པའི་དོན་ཏོ། །ད་ནི་ [138a.2]ཕྱག་རྒྱའི་དོན་བཤད་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ཞེས་བྱ་བ་ཡང་ཅིའི་ཕྱིར་དེ་ལྟར་བརྗོད་པ་ཡིན་ཞེ་ན། སྨྲས་པ། ཕྱག་རྒྱ་ཡང་མུ་དྲ་ན་མུ་དྲ་སྟེ། མགུ་བས་ན་ཕྱག་རྒྱ་ཞེས་བྱ་སྟེ། བུད་མེད་དག་ལ་ཡང་ཕྱག་རྒྱའི་སྒྲ་བརྗོད་དེ། དཔེར་ན་འཇིག་རྟེན་དག་ན་ཇི་ལྟར་བུད་མེད་ཀྱི་དབང་བོས་ [138a.3]སྐྱེས་པའི་དབང་པོ་མགུ་བར་བྱེད་པ་དང་འདྲ་བར་ཕྱག་རྒྱ་དེ་དག་བཅིངས་ཤིང་བསྒོམས་པས་འཕགས་པ་ཐམས་ཅད་མཉེས་པ་དང་། འགྲོ་བ་དག་ལ་ཕན་བཏགས་ན་དེ་དག་དེའི་སྒོ་ནས་མགུ་བར་བྱེད་པ་ན་ཡང་ཕྱག་རྒྱ་ཞེས་བྱའོ། །མུ་དྲ་ན་མུ་དྲ་སྟེ་ཕྱག་རྒྱས་འདེབས་པས་ན་ཞེས་ [138a.4]བྱ་བ་ནི། འདོད་པའི་དངོས་པོ་རྒྱས་འདེབས་པས་ན། ཕྱག་རྒྱ་ཞེས་བྱ་བར་བཤད་དེ། གང་གི་ཕྱིར་ཞེ་ན་ཞེས་པ་ནི། གཏན་ཚིགས་སམ་དོན་གང་གི་ཕྱིར་དེ་སྐད་བརྗོད་ཅེས་པའི་དོན་ཏེ། གཏན་ཚིགས་ཀྱི་དོན་འབྱིན་པར་བྱེད་པའི་ཐ་ཚིག་གོ། །དེས་སྲོག་ཆགས་རྣམས་ [138a.5]བསྲུང་བའི་ཕྱིར་ཞེས་པ་ནི། ཕྱག་རྒྱ་དེས་སྲོག་ཆགས་རྣམས་འཇིགས་པ་ལས་ཡོངས་སུ་བསྲུངས་ནས་དེ་དག་མགུ་བར་བྱེད་པའི་ཕྱིར་ན་ཕྱག་རྒྱ་ཞེས་བརྗོད་ཅེས་པའི་དོན་ཏོ། །ཕན་གདགས་པ་དང་ཞེས་པ་ནི་འཇིགས་པ་ལས་སྐྱོབ་པ་དང་། འཇིགས་པ་ཆེན་པོ་ལས་སྐྱོབ་ [138a.6]པར་བྱེད་པའི་ཕན་གདགས་པའོ། །འདོད་པའི་དངོས་པོ་མྱུར་དུ་འགྲུབ། །ཅེས་པ་ནི་གང་འདོད་པའི་དངོས་པོར་གྱུར་པའི་དོན་ཏེ་བསྒྲུབ་ན་འགྲུབ་པར་བྱེད་པའི་ཕྱིར་རྒྱས་འདེབས་པ་ཡང་དེ་ལྟར་འདོད་དོ། །དེའི་གཏན་ཚིགས་ཀྱང་རྒྱུད་ལས་གསུངས་པ། ཇི་ལྟར་རྒྱལ་པོ་རང་ [138a.7]གི་རྒྱལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་པོའི་གཙིགས་ནི་བཏབ་པ་ལྟར། །ཞེས་པ་ནི། ཇི་ལྟར་རྒྱལ་པོ་ཉིད་ཀྱི་མགུ་རྟགས་ཀྱི་ཕྱག་རྒྱས་བཏབ་པའི་གཙིགས་དང་བཀའ་ཁྲིམས་སུ་བཅད་པ་དག་ལ་འབངས་སུ་གྱུར་པའི་མི་རྣམས་ཀྱིས་འདའ་བར་མི་བྱེད་དོ། །དེ་བཞིན་དུ། [138b] [138b.1]བདག་ཆེན་ཉིད་ཀྱི་ཕྱག་རྒྱས་ཀྱང་། །ཞེས་པ་ནི་བདག་ཉིད་ཆེན་པོ་བཅོམ་ལྡན་འདས་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཞི་པོ་དག་གིས་ཀྱང་། སྐྱེ་བོའི་ཚོགས་གང་དག་བསྒྲུབ་བྱར་གྱུར་པ་དག་ལ་བཏབ་ན་གཞན་གྱིས་འགལ་བའམ་བཤིགས་པར་མི་ནུས་སོ་ཞེས་གསུངས་སོ། །དེ་བཞིན་དུ་གཞན་ [138b.2]དག་ལ་ཡང་ཞེས་པ་ནི་གོང་དུ་བསྟན་པ་དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྒྱུད་ལས་ཀྱང་གསུངས་པ། གསང་བའི་བདག་པོ་ཞེས་པ་ནི། ཕྱག་རྒྱ་རྡོ་རྗེ་སྟེ་དེ་ནི་གསང་བའི་མཛོད་འཛིན་པར་གཉེར་གཏད་ཅིང་གནོད་སྦྱིན་གསང་བ་པ་དག་གི་བདག་པོར་གྱུར་པས་དེ་ལ་དེ་སྐད་བརྗོད་དོ། བཅོམ་ [138b.3]ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་ལ་བོས་པའི་ཚིག་གོ། །དེ་བཞིན་གཤེགས་པའི་རྒྱུན་དུ་གྱུར་པ་ཞེས་པ་ནི། འཇིག་རྟེན་པའི་རྒྱུན་དང་། བརྒྱན་པ་ལྟ་བུ་མ་ཡིན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱུན་དུ་གྱུར་པ་ནི། ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང་། དེ་དག་ [138b.4]གིས་རྒྱན་དུ་གྱུར་པ་བཞིན་དུ་གནས་པའི་ཕྱིར་ན་དེ་སྐད་བརྗོད་དོ། །དེ་གང་ལས་བྱུང་བ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མ་ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་རྟོགས་པ་ལས་བྱུང་བའི་མཚན་མ་ནི་ཕྱག་རྒྱའོ། །ལྷ་དང་ཀླུ་དང་ཞེས་པ་ནི་ནག་བོའི་ཕྱོགས་ཀྱི་རིགས་ཅན་ [138b.5]དུ་གྱུར་པའི་གདུག་པ་ཅན་རྣམས་ཏེ་དེ་དག་གིས་ཀྱང་ཚུལ་གནོད་པ་མི་ཚུགས་ཤིང་ཕར་བསྒོས་པ་ཐམས་ཅད་བྲན་བཞིན་དུ་བཀའ་ཉེན་པར་འགྱུར་བ་སྟེ། དཔེར་ན་ཕྱག་ན་རྡོ་རྗེས་འཁོར་ལྷ་མ་སྲིན་གྱི་སྡེ་རྣམས་བསྒོས་པ་བཞིན་དུ་འགྱུར་རོ། །རྒོལ་བ་པོ་ན་རེ། འོ་ན་དེ་ལྟར་དེ་བཞིན་དུ་ཕྱག་རྒྱས་ [138b.6]འགྲུབ་པར་གསུངས་ན། དེ་ལྟ་ན་ནི་དེའི་རྗེས་སུ་མཐུན་པར་འཇུག་པའི་གདུལ་བྱ་ཀུན་ཡང་དེ་ལྟ་བུའི་ཡོན་ཏན་དང་ལྡན་པར་འོས་ན་དེ་ལྟར་མ་གྱུར་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། ཕྱག་རྒྱས་དེ་ལྟར་བྱིན་གྱིས་རློབས། །དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་ [138b.7]བུའི་སྐལ་བ་ཞེས་པ་ནི་སྐལ་བ་ཡང་གཅིག་ཏུ་ཟད་པ་མ་ཡིན་པས་མི་མཉམ་པར་གསུངས་ཏེ། རབ་འབྲིང་དང་ཐ་མར་གྱུར་པ་དག་ཡོད་པར་བསྟན་པའོ། །མོས་པ་ཞེས་པ་ནི། དད་ཅིང་འདུན་པ་སྟེ། དེ་ཡང་གཅིག་ཏུ་ཟད་པར་བསྟན་པའོ། །མཉམ་པར་གཞག་པ་ཞེས་པ་ནི་ཏིང་ངེ་ [139a] [139a.1]འཛིན་ཏོ། །རྣམ་པ་གསུམ་ཞེས་པ་ནི་རབ་འབྲིང་ཐ་མའི་བྱེ་བྲག་གོ། །ཆུང་ངུ་དང་འབྲིང་པོ་དང་ཆེན་པོའི་བྱེ་བྲག་ཅེས་པ་ནི་དེའི་དབང་གིས་བྱིན་གྱིས་བརླབས་པ་དང་དངོས་གྲུབ་ཀྱང་དེ་བཞིན་དུ་རྣམ་པ་གསུམ་དུ་འགྱུར་རོ། །དེ་བས་ན་དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་ [139a.2]པའི་ཞེས་པ་ནི་དམ་ཚིག་ཅན་གྱི་སྐྱེ་བོས་ཏིང་ངེ་འཛིན་གྱིས་བརྟགས་པའི་ཕྱག་རྒྱ་བཞིའི་སྒོ་ནས་ལྷར་བསྒོམས་པ་ཡང་གོམས་པ་དང་ལྡན་པ་ང་རྒྱལ་ཆེན་པོ་དང་འབྲིང་པོ་དང་ཆུང་ངུའི་བྱེ་བྲག་གིས་དགོས་པའི་དོན་དང་། བྱིན་རླབས་དང་། དངོས་གྲུབ་སྩོལ་བ་ཡང་རྣམ་པ་གསུམ་དུ་ [139a.3]གྲུབ་པར་འགྱུར་བར་བཤད་དེ། དེ་དག་ཀྱང་སྒྲུབ་པ་པོ་ཉིད་ཀྱིས་ཇི་ལྟར་སྒྲུབ་པ་ལ་རག་ལས་པར་བསྟན་ཏོ། །ཕྱག་རྒྱའི་ངེས་ཚིག་གཞན་དག་ཀྱང་སྟོན་པར་བྱེད་པས་ན་ཡང་ཞེས་སྨོས་སོ། །སྲིད་པ་དང་མྱ་ངན་ལས་འདས་པ་སོ་སོར་བཅིངས་པ་ཞེས་པ་ནི། སྲིད་པར་བཅིངས་པ་ནི་ [139a.4]སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་རྣམས་སོ། །མྱ་ངན་ལས་འདས་པར་བཅིངས་པ་ནི་ཉན་ཐོས་ཞི་བའི་མཐར་ལྷུང་བ་རྣམས་ཏེ། དེ་གཉིས་ཀ་གྲོལ་བར་བྱེད་པའམ། དངོས་གྲུབ་སྒྲུབ་པའི་དོན་ཆེན་པོ་ལ་བར་ཆད་བྱེད་པའི་བགེགས་རྣམས་འཇིག་པར་བྱེད་པའི་ཕྱིར་ཕྱག་ [139a.5]རྒྱ་ཞེས་བྱ་བར་བཤད་དོ། །འོ་ན་དེ་ལྟར་ཅི་མངོན་ཞེ་ན། ཕྱག་རྒྱ་ལ་མུ་དྲ་ཞེས་བྱ་བར་འདོད་པ་དེའི་དོན་གྱིས་དེ་ལྟར་འདོད་པར་བཤད་དེ། དེ་ཡང་མུ་ཞེས་བྱ་བའི་སྒྲ་ནི་མུཀྟ་ཏེ། གྲོལ་བ་ལ་བྱ་སྟེ། གང་གྲོལ་ཞེ་ན། སྲིད་པ་དང་མྱ་ངན་ལས་འདས་པར་བཅིངས་པ་དེ་དག་ལས་གྲོལ་ [139a.6]བར་བྱེད་པའོ། །ཏྲ་ཞེས་བྱ་བའི་སྒྲ་ནི་ཏྲ་བ་ན་སྟེ། འཇིག་པ་ཞེས་བྱ་སྟེ། གང་འཇིག་ཅེ་ན། དོན་ཆེན་པོ་ལ་བར་ཆད་བྱེད་པའི་བགེགས་རྣམས་འཇིག་པར་བྱེད་དེ་དེ་བས་ན་དེ་ལྟ་བུའི་དོན་དང་ལྡན་པས་ན་ཕྱག་རྒྱ་ཞེས་བྱ་བར་བཤད་དོ། །གཞུང་གཞན་དག་ལས་ཀྱང་རྒྱུད་ [139a.7]ནས་བཤད་པ་འདི་རྣམ་པ་གཞན་དུ་བསྟན་པ་ཞེས་བྱ་བ་ལ་སོགས་པ་དག་སྟེ། རྒྱུད་ནས་བཤད་པ་ཞེས་པ་ནི་ཕྱག་རྒྱའི་གཏན་ཚིགས་ལོ་རྒྱུས་ནས་སམ། རྒྱུད་ནས་བཤད་དེ་རྒྱས་པར་བསྟན་པའི་དོན་ཏོ། །འདི་རྣམ་པ་གཞན་དུ་ཞེས་པ་ནི་དེ་ལྟར་བསྟན་པའི་མཚན་ཉིད་ [139b] [139b.1]དེ་ལས་ཀྱང་ཅི་མི་འདྲ་བ་གཞན་དག་སྟོན་པར་བྱེད་པའོ། །འདི་ནི་དམ་ཚིག་རྩ་བ་སྟེ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞི་པོ་དག་གི་སྒྲར་བརྗོད་པའི་བར་རང་བཞིན་དུ་ཚུལ་ཇི་ལྟ་བ་བཞིན་དུ་གོམས་པར་བྱས་པས་སངས་རྒྱས་ཐོབ་པར་འགྱུར་བའི་རྒྱུ་ཆེན་པོའི་ཡིན་པས་རྩ་ [139b.2]བ་ཞེས་བྱའོ། །དབུ་རྒྱན་བཅིངས་པ་རྒྱུ་ཡི་མཆོག །ཅེས་པ་ནི། དེ་བས་ན་དབུ་རྒྱན་ལྔས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་ཐོབ་པར་བྱེད་པའི་རྒྱུའི་མཆོག་ཀྱང་ཕྱག་རྒྱ་གོམས་པར་བསྒོམས་པ་ཡིན་ནོ་ཞེའོ། །རྣམ་པ་གཅིག་ཏུ་ལ་ལ་ན་རེ་དམ་ཚིག་ཐམས་ཅད་ཀྱི་རྩ་བ་ནི་ཕྱག་རྒྱ་ཆེན་པོ་སྟེ། [139b.3]དེ་གོམས་པར་བྱས་པས་དབུ་རྒྱན་ལྔ་དང་ལྡན་པའི་སངས་རྒྱས་དེ་དག་འགྲུབ་པའི་རྒྱུའི་མཆོག་ནི་ཕྱག་རྒྱ་ཆེན་པོའི་ཡིན་ནོ་ཞེའམ། གང་གིས་ལུས་ཀུན་བརྟན་པས་ན། །ཞེས་པ་ནི་ཕྱག་རྒྱ་གོམས་པར་བསྒོམས་པས་ན་གང་གིས་ལུས་ཀུན་དུ་བརྟན་པས་ན་རྡོ་རྗེ་དང་འདྲ་བར་ [139b.4]གྱུར་པའོ། །དེ་བས་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་པ་ནི་དོན་དེ་ལྟ་བུ་དང་ལྡན་པས་ན་དེ་མིང་དེ་སྐད་ཅེས་བསྒྲགས་པའོ། །དེ་བས་ན་འཕགས་པ་རྣམས་ཀྱི་སྐུ་རྡོ་རྗེ་དང་འདྲ་བ་དག་འགྲུབ་ཅིང་ཐོབ་པར་བྱེད་པའི་ཕྱིར་ཕྱག་རྒྱ་ཞེས་བརྗོད་ཅིང་བརྟགས་སོ་ཞེས་གསུངས་སོ། །དེ་ [139b.5]ཁོ་ན་ཉིད་རབ་ཏུ་དབྱེ་བས་བསྡུས་པ་ཞེས་པ་ནི། དེ་ཁོ་ན་ཞེས་པ་ནི་དོན་དམ་པའི་དེ་ཁོ་ན་ཉིད་ལ་བྱའོ། །རབ་ཏུ་དབྱེ་བ་ཞེས་པ་ནི། དོན་དམ་པ་དེ་ལས་ཀུན་རྫོབ་ཏུ་རྡོ་རྗེ་དབྱིངས་ལ་སོགས་པའི་ལྷ་དང་ཕྱག་རྒྱ་བཞི་བསྟན་པ་ནི། དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་དབྱེ་བའོ། ། [139b.6]བསྡུས་པ་ནི་དེ་དག་འདིར་ཕྱོགས་གཅིག་ཏུ་བསྡུས་ཏེ་རིམ་པར་བཀོད་ནས་བཤད་པའོ། །དེ་ཡན་ཆད་དུ་དེ་ཁོ་ན་ཉིད་ཅེས་བརྗོད་པ་དེའི་རང་བཞིན་དང་མཚན་ཉིད་རྣམ་པར་དབྱེ་བ་བཤད་ཟིན་ཏོ། །ད་ནི་སློབ་དཔོན་རང་གི་ལྷག་པའི་ལྷ་གཟུང་བའི་ཐབས་ཀྱི་ལུང་མནོད་པ་དང་། བསྲུང་ [139b.7]བ་དང་། སྤང་བ་དང་། བླང་བར་བྱ་བའི་དམ་ཚིག་རྣམས་ཀྱི་དོན་བཤད་པར་བྱ་སྟེ། དེ་བས་ན་བདག་ཉིད་ཆེན་པོ་དེས་དེ་རིག་པར་བྱས་ནས་ཞེས་པ་ནི། དེ་བས་ན་ཞེས་བྱ་བ་ནི་གོང་དུ་བསྟན་པའི་དོན་ལ་བསྙེམས་པའི་ཚིག་སྟེ་རྒྱུད་དམ་སྒྲུབ་ཐབས་འདི་ལྟ་བུར་ཞུགས་པའི་སྐལ་བ་ཡོད་ [140a] [140a.1]པའི་སྒྲུབ་པ་པོ་དག་ནི་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་། དེ་ལ་ཐུན་མོང་མ་ཡིན་པའི་ལས་འཕྲོ་དང་སྐལ་བར་ལྡན་པ་ཡིན་པས་བདག་ཉིད་ཆེན་པོ་རྣམས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ལ་དགོངས་ནས་དེ་སྐད་བརྗོད་དོ། །དེ་རིག་པར་བྱས་ནས་ཞེས་པ་ནི། རྣམ་ [140a.2]པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་དེ་ལས། སྔོན་གྱི་སྨོན་ལམ་གྱི་ཤུགས་དང་ཐུགས་རྗེ་ཆེན་པོའི་དབང་གིས་ཀུན་རྫོབ་ཏུ་རྡོ་རྗེ་དབྱིངས་ལ་སོགས་པའི་ལྷ་རྣམས་སྤྲུལ་ཏེ་བསྟན་པ་དེའི་སྒོ་ནས། སྒྲུབ་པ་པོ་དེ་བཞིན་དུ་བསྒྲུབས་ན་འགྲུབ་པར་འགྱུར་རོ་ཞེས་གསུངས་པ་དེ་ [140a.3]དག་བསྒྲུབས་ན་མྱུར་དུ་འགྲུབ་པའི་ཐབས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་བསྟན་ཏེ། དེ་དག་གི་མཚན་ཉིད་དེ་བཞིན་ཁོང་དུ་ཆུད་པར་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྒྲུབ་པ་པོ་དེས་གོང་དུ་ཕྱག་རྒྱ་བཞི་ལ་སོགས་པའི་མཚན་མ་ལ་སོགས་པ་བསྟན་པ་དེ་དག་ཁོང་དུ་ཆུད་པར་ [140a.4]བྱས་ནས། དེའི་འོག་ཏུ་སློབ་དཔོན་ལས་རང་གི་ལྷག་པའི་ལྷའི་གཟུང་ཞིང་བསྒྲུབ་པར་བྱ་བའི་ཐབས་ཀྱི་ཆོ་ག་བསྟན་པ་དང་། དེ་དག་གི་དམ་ཚིག་མནོད་ཅིང་བསྲུང་བར་བྱ་བའི་རྣམ་གྲངས་བཤད་པར་བྱ་སྟེ། དེ་ཡང་གང་ཞེ་ན། ངེས་པར་སེམས་ཅན་གྱི་ཚོགས་ཆེན་པོ་ལ་ཕན་གདགས་ [140a.5]པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཚོགས་ཆེན་པོ་ལ་ཕན་གདགས་པའི་ཕྱིར་ཞེས་པ་ནི། སྒྲུབ་པའི་རྣལ་འབྱོར་པ་དེས་གདོན་མི་ཟ་བར་འགྲོ་བ་མང་པོ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། གང་འདོད་པའི་འཕགས་པ་རྣམས་ཀྱི་དངོས་གྲུབ་སྒྲུབ་པར་ [140a.6]བྱའོ་སྙམ་པའི་བསམ་པ་འཆང་བར་བྱེད་པའོ། །གོ་འཕང་དམ་པ་འཐོབ་པར་འདོད་པས་ཞེས་པ་ནི། ཐེག་པ་འོག་མ་པའི་རིགས་ཅན་དག་གིས་བདག་ཁོ་ནས་མྱ་ངན་ལས་འདས་པའི་བདེ་བ་འཐོབ་པར་བྱའོ་སྙམ་པའི་བསམ་པ་ཅན་མ་ཡིན་གྱི། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་ [140a.7]འཕང་དམ་པ་དེ་ཐོབ་པར་བྱས་ལ། འགྲོ་བ་མང་པོ་ལ་ཕན་གདགས་པར་བྱའོ་སྙམ་པ་ནི་ཐོབ་པར་འདོད་པའོ། །བདེ་བར་གཤེགས་པ་སྲས་དང་བཅས་པ་ཞེས་པ་ནི། དུས་གསུམ་དུ་འབྱུང་བའི་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་རྟེན་འབྲེལ་གྱིས་འཁོར་བ་རྣམས་སྐྱེ་གནས་ [140b] [140b.1]རྣམ་པ་བཞིར་སྐྱེ་བ་ལྟ་བུ་ནི་མ་ཡིན་གྱི། སྐུ་གསུང་ཐུགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་རྟོགས་པ་ལས་བྱུང་བ་དང་། དེའི་རིགས་ཅན་གྱུར་པའི་སྲས་མངའ་བས་ན་སྲས་དང་བཅས་པའོ། །བདག་ཉིད་ཕུལ་ནས་ཞེས་པ་ནི། དེ་ལྟ་བུའི་དོན་དང་ལྡན་པའི་བདེ་བར་གཤེགས་ [140b.2]པ་མ་ལུས་པ་ཐམས་ཅད་ལ་དོན་དེ་ཉིད་ཐོབ་པར་འདོད་པས་ཉེ་བར་བསྒྲུབ་པའི་ཕྱིར་སྒྲུབ་པ་པོ་དེས་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ཕུལ་བར་བྱ་སྟེ། དེའི་ཐབས་ནི་འོག་ནས་འབྱུང་བ་ཉིད་དུ་ཤེས་པར་བྱའོ། །བདག་གི་ལྷག་པའི་ལྷ་ཞེས་བྱ་བ་ནི། བདག་གིས་བསྒྲུབ་པར་བྱ་བའི་ལྷའོ། ། [140b.3]དེ་ལ་འཇིག་རྟེན་པའི་གཙོ་བོར་གྱུར་པ་མཐུ་དང་ལོངས་སྤྱོད་དང་རྫུ་འཕྲུལ་རྣམ་པ་མང་པོ་དག་འཆར་ཞིང་ཆེ་བ་དང་། དྲེགས་པས་རྒྱགས་པ་རྣམས་ཀྱང་ལྷ་ཡིན་མོད་ཀྱི། ཐེག་པ་ཆེན་པོའི་སྒོར་ཞུགས་པ་རྣམས་ཀྱིས་ནི་དེ་དག་སྒྲུབ་པར་མི་བྱེད་ཀྱི་མཚམས་ཅད་བའི་རིམ་པ་ཉིད་དེ་དག་ [140b.4]དགག་པའི་ཕྱིར་ན། སེམས་དཔའ་ཞེས་བྱ་བ་སྨོས་སོ། །གང་ཡང་རུང་བ་ཞེས་པ་ནི་འཇིག་རྟེན་ལས་འདས་པ་དང་། དེའི་ཕྱོགས་སུ་གཏོགས་པ་ཀུན་ཀྱང་རང་གི་ལྷག་པའི་ལྷ་ཡིན་མོད་ཀྱི། དེ་དག་གི་ནང་ནས་གདམ་ཀ་མེད་པ་གཅིག་ཁོ་ན་བསྒྲུབ་པར་བྱ་བ་སྟེ། རང་གང་འདོད་པའི་ [140b.5]ལྷའོ། །ཡོངས་སུ་བཟུང་བ་ཞེས་པ་ནི། བཟུང་བའི་ཐབས་ནི་གང་ལ་དད་པའི་ཕྱོགས་ཀྱི་ལྷའི་དཀྱིལ་འཁོར་དུ་མེ་ཏོག་དོར་ནས་གང་ལ་འབས་པའི་ལྷ་དེ་ཉིད་ལྟར་གཟུང་སྟེ་བསྒྲུབ་པར་བྱའོ། །མཉེས་པར་བྱེད་པས་ཞེས་པ་ནི། དམ་ཚིག་སྲུང་ཞིང་སྒོམ་པ་ནི་ལྷ་མཉེས་པར་བྱེད་པའི་ [140b.6]རྒྱུ་ཡིན་པས་དེའི་སྒོ་ནས་དེ་ལྟར་བྱའོ། །གང་འདོད་པའི་དངོས་གྲུབ་ཅེས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེ། འཇིག་རྟེན་པའི་གྲུབ་པ་ཕྲ་མོ་ཡན་ཆད་དང་། བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མན་ཆད་གང་འདོད་པ་དེ་བསྒྲུབ་པར་བྱ་བ་སྟེ་ [140b.7]དེའི་དོན་ཡང་འོག་ནས་གསུངས་པ་ཁོ་ནའོ། །ད་ནི་དེ་ལྟར་གསུངས་པའི་སྒྲུབ་པ་དེ་དག་གི་ཡན་ལག་དང་དམ་ཚིག་བསྲུང་བའི་བྱེ་བྲག་རྣམས་བཤད་པར་བྱ་སྟེ། མཉེས་པར་བྱ་བའི་ཡན་ལག་ཅེས་པ་ནི། དེ་དག་བསྲུང་བར་བྱ་བའི་ཡན་ལག་ཏུ་གྱུར་པ་ནི་རྩ་བ་དང་ཡན་ལག་གི་དམ་ [141a] [141a.1]ཚིག་ལ་སོགས་པ་བསྟན་པའི་ཆོ་ག་སྟེ། དེ་དག་གི་བྱེ་བྲག་ཇི་ལྟ་བུ་ཡིན་པ་དག་བཤད་པར་བྱ་སྟེ། དེ་དག་ཀྱང་རང་བཟོ་མ་ཡིན་ཏེ། འདིར་ཕལ་ཆེར་རྣལ་འབྱོར་གྱི་རྒྱུད་རྣམས་ལས་རྒྱས་པར་གསུངས་པས། ལུང་དེ་དག་གི་ཚིག་བལྟས་ལ་དེ་བཞིན་དུ་བསྲུང་བར་བྱའོ་ཞེས་ [141a.2]པར་བསྟན་ཏོ། །དེའི་ཕྱིར་ཐབས་ཀྱི་ཆོ་ག་ཤེས་པ་ཞེས་པ་ནི་དངོས་གྲུབ་བསྟན་པ་དེ་དག་གི་ཕྱིར་དེ་དག་ཐོབ་པར་བྱ་བའི་རྒྱུར་གྱུར་པའི་ཐབས་ཀྱི་ཆོ་ག་ཤེས་པ་ནི། བླ་མ་རིན་པོ་ཆེའི་ཡིན་པས་དེ་བས་དེ་མཉེས་པར་བྱའོ་བར་བསྟན་པ་སྟེ། དེ་ལ་བླ་མ་རིན་པོ་ཆེ་ནི་རྡོ་རྗེ་སློབ་དཔོན་ཏེ། དཔེར་ན་ཡིད་ [141a.3]བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་གང་དཔགས་པའི་འདོད་པ་འབྱུང་བ་བཞིན་དུ་བླ་མ་དེ་ལ་བརྟེན་ན་ཡང་གང་འདོད་པའི་དངོས་གྲུབ་ཐོབ་པར་བྱེད་པས་ན། རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །བླ་མ་མཉེས་པར་བྱས་པ་དེ། ཞེས་པ་ནི། བླ་མ་རྡོ་རྗེ་སློབ་དཔོན་མཉེས་པར་ [141a.4]བྱ་བའི་སློབ་མ་དེའོ། །དེས་བསྟན་པ་ཞེས་པ་ནི་རྡོ་རྗེ་སློབ་དཔོན་དེས་ཇི་སྐད་བསྟན་པའི་དཀྱིལ་འཁོར་བཞི་ལ་སོགས་པའོ། །དཀྱིལ་འཁོར་ཆེན་པོ་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཏེ་སྐུའི་བདག་ཉིད་ཡིན་པས་དེས་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་གྱུར་པའི་ཕྱིར་ན་དེ་སྐད་ཅེས་ [141a.5]བརྗོད་དོ། །དམ་ཚིག་དང་ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། ཐུགས་ཀྱི་སྒོ་ནས་ཆེ་བ་བསྟན་པས་ལྷ་ཆེན་པོ་ལ་སོགས་པ་རྣམས་བཏུལ་ནས། དེ་དག་ལ་དམ་ཚིག་བྱིན་པའི་ཕྱིར་ན་དེ་སྐད་ཅེས་བརྗོད་དོ། །ཆོས་དང་ཞེས་པ་ནི་གསུང་གི་དཀྱིལ་ [141a.6]འཁོར་འགྲོ་བ་འདུལ་བ་སྟེ། གསུང་གི་སྒོ་ནས་ཆོས་བསྟན་པས་གདུལ་དཀའ་བའི་འགྲོ་བ་རྣམས་འདུལ་བར་མཛད་པས་ན་དེ་སྐད་ཅེས་བརྗོད་དོ། །ལས་ཀྱི་དཀྱིལ་འཁོར་ཞེས་པ་ནི་ཕྲིན་ལས་ཀྱི་ངོ་བོ་བསྟན་པ་ནི་ལས་ཀྱི་དཀྱིལ་འཁོར་དོན་ཐམས་ཅད་གྲུབ་པ་སྟེ། འཕགས་པ་མཆོད་པ་དང་ [141a.7]སེམས་ཅན་གྱི་དོན་བྱ་བ་ལ་སོགས་པའི་ཕྲིན་ལས་ཀྱིས་བདག་དང་གཞན་གྱི་དོན་ཐམས་ཅད་གྲུབ་པར་བྱེད་པས་ན་དེ་སྐད་ཅེས་བརྗོད་དོ། །ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ཞེས་པ་ནི། དེ་དག་གང་ཡང་རུང་བར་ཞུགས་པའི་ཐབས་དང་རིམ་པ་ཇི་ལྟར་འབྱུང་བ་དེ་བཞིན་དུ་དཀྱིལ་འཁོར་དུ་གཞུག་ [141b] [141b.1]ཅིང་སྔགས་དང་ཕྱག་རྒྱ་ལ་སོགས་པས་དབང་བསྐུར་བའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོ་གས་ཞེས་པ་ནི་རྒྱུད་ཀྱི་མཚན་ཉིད་དེ། འདི་ལས་གསུངས་པའི་ཆོ་གའི་རིམ་པས་སྡོམ་པ་གཟུང་བའོ། །ལ་ལ་ན་རེ་རྣལ་འབྱོར་པའི་རྒྱུད་བཞུགས་སོ་འཚལ་ཐམས་ཅད་ལ་མཚན་དེ་ [141b.2]སྐད་ཅེས་བྱ་སྟེ། དེ་དག་གི་ནང་ནས་འབྱུང་བའི་ཆོ་གའི་རིམ་པས་སྡོམ་པ་གཟུང་བར་བྱ་བ་ཡིན་ཞེས་ཟེར་ན། གང་ཡང་ཕན་ཚུན་དུ་འགལ་བ་མེད་པས་དེ་བཞིན་དུ་བཤད་དོ། །ཡོངས་སུ་བསྲུང་བར་བྱ་བའི་དམ་ཚིག་དང་འདུལ་བ་ཞེས་པ་ནི། རྣལ་འབྱོར་གྱི་རྒྱུད་རྣམས་ལས་ཀྱང་རྒྱ་ཆེར་ [141b.3]གསུངས་མོད་ཀྱི། ཁྱད་པར་དུ་ཡང་ལེགས་པར་བསྒྲུབ་པའི་རྒྱུད་ཆེན་པོའི་བསྲུང་བར་བྱ་བའི་དམ་ཚིག་རིམ་པར་ཕྱེ་བའི་ལེའུ་ལས་གསུངས་པའོ། །དེ་ནས་གཞན་ཡང་གང་ཞིག་ལ། །གནས་ན་ཟློས་པ་པོ་རྣམས་ཀྱིས། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གསང་སྔགས་ [141b.4]ཟློས་པའི་འདུལ་བར་བཤད། །སྒྲུབ་པས་གསང་སྔགས་ཐམས་ཅད་དང་། །ལྷ་རྣམས་དག་ནི་ཐམས་ཅད་དང་། །ཟློས་པ་བདག་ཉིད་ཆེན་པོ་ལ། །མཁས་པས་ཞེ་སྡང་མི་བྱའོ། །ཞེས་པ་ལ་སོགས་པ་མཐར་ཐུག་གི་བར་དུ་གསུངས་པའི་ཚིག་དང་། རྒྱུད་གཞན་ལས་གསུངས་ [141b.5]པའི་དམ་ཚིག་གི་བྱེ་བྲག་རྣམས་སོ། །སྤྱོད་པ་ཞེས་པ་ནི་འཇུག་པར་བྱ་བའི་ཐབས་ཏེ། བསྙེན་པ་དང་། སྒྲུབ་པའི་ལས་དང་། བྱ་བ་རིམ་པར་ཕྱེ་བའོ། །སྤྱོད་ཡུལ་ཞེས་པ་ནི་བསྒྲུབ་པར་བྱ་བའི་གནས་རྣམས་ཏེ། དེ་ཡང་བྱ་བའི་རྒྱུད་ཆེན་པོ་དེ་ཉིད་ལས་གསུངས་པའོ། །དེ་ནས་ [141b.6]གཞན་ཡང་སྒྲུབ་པ་པོ། །ཡུལ་གང་དག་ཏུ་གནས་ན་ནི། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གནས་ཀྱི་མཚན་ཉིད་བཤད་པར་བྱ། །ཞེས་པ་ལ་སོགས་པའི་མཐར་ཐུག་གི་བར་དུ་གསུངས་པ་དེ་དག་དེ་ལྟ་བུ་གཞན་དག་ལ་བྱའོ། །ཆོ་ག་བཞིན་དུ་མཁས་པར་བྱས། །ཞེས་ [141b.7]པ་ནི། བསྲུང་བའི་དམ་ཚིག་དང་ལས་དང་བྱ་བའི་རིམ་པ་དང་། གནས་ཀྱི་མཚན་ཉིད་རྣམས་ལ་མཁས་པའམ། གོམས་པར་བྱས་པའོ། །དེ་ཕྱིན་ཆད་དམ་ཚིག་ལ་སོགས་པ་ཇི་ལྟར་བླངས་པ་བསྲུང་བའི་ཕྱིར་ཞེས་པ་ནི། གོང་དུ་གསུངས་པའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ [142a] [142a.1]བསྐུར་ཕྱིན་ཆད་དམ་ཚིག་གི་བྱེ་བྲག་ལ་སོགས་པ་ཇི་ལྟར་ཁས་བླངས་པ་བཞིན་དུ་བསྲུང་བའི་ཕྱིར། རྟག་ཏུ་སྤྲོ་བ་མི་སློང་བར་བྱ་སྟེ་ཞེས་པ་ནི། དམ་ཚིག་བསྲུང་བ་དང་། སྔགས་བཟླས་པ་ལ་སོགས་པ་ལ་དགའ་བར་བྱ་ཞིང་སྒྲིན་པར་བྱ་སྟེ། ལེ་ལོ་དང་སྙོམ་ལས་སུ་མི་ [142a.2]གཞག་པའོ། །ཅིའི་ཕྱིར་ཀློད་པར་མི་བྱ་ཞེ་ན། བདག་དང་གཞན་གྱི་དོན་མ་ལུས་པར་གྲུབ་པ་ལ་དེ་ཐོག་མར་འགྲོ་བའི་ཕྱིར་རོ་ཞེས་གསུངས་ཏེ། དེ་ལྟར་བྱ་བ་ནི་བདག་གི་དོན་དུ་འཕགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྒྲུབ་པ་དང་གཞན་གྱི་དོན་དུ་འགྲོ་བ་རྣམས་ལ་ཕན་ [142a.3]གདགས་པར་བྱ་བ་ཡང་དམ་ཚིག་བསྲུང་བ་ལ་སོགས་པ་དེ་དག་ཐོག་མར་འགྲོ་བ་ཡིན་པའི་ཕྱིར་ན་དེ་ལྟར་བྱའོ་ཞེས་བཤད་དོ། །དམ་ཚིག་ཀྱང་སྐབས་འདིར་ནི་འབྲས་བུ་འདོད་པ་རྣམས་ཀྱིས་མི་འདའ་བར་བྱས་པས་ཞེས་པ་ནི། དམ་ཚིག་ཅེས་བརྗོད་པ་ཡང་ཐེག་པ་གཞན་གྱི་ [142a.4]གནས་སྐབས་སུ་དོན་ཇི་ལྟར་བཤད་པ་ཡང་ཡོད་མོད་ཀྱི་སྔགས་ཀྱི་གནས་སྐབས་འདིར་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འདོད་པའི་སྒྲུབ་པ་པོ་རྣམས་ཀྱིས་ཇི་ལྟར་ཁས་བླངས་པ་དེ་ལས་མི་ཉམས་པར་བསྲུང་བ་ནི་མི་འདའ་ [142a.5]བར་བྱ་བ་ཡིན་པས་དེས་རང་གི་ལྷག་པའི་ལྷ་མཉེས་པར་འགྱུར་བ་དང་རྗེས་སུ་མཐུན་པའི་ཞེས་པ་ནི་ལྷ་དེ་དང་རྗེས་སུ་མཐུན་པའམ། རྣམ་གཅིག་ཏུ་དགེ་བའི་ཕྱོགས་དང་རྗེས་སུ་མཐུན་པའོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཞེས་པ་ནི། སྒོ་གསུམ་གྱི་སྤྱོད་པ་དགེ་བ་བཅུ་དང་། མི་ [142a.6]དགེ་བ་བཅུ་དང་། སོགས་ཀྱི་སྒྲས་དེ་གཉི་གའི་ཕྱོགས་ན་རིགས་མཐུན་པར་གྱུར་པའི་ལས་གཞན་རྣམས་སྡུད་པར་བྱེད་པའོ། །འཇུག་པ་དང་ལྡོག་པའི་མཚན་ཉིད་དེ་ཞེས་པ་ནི། ལྷ་དང་རྗེས་སུ་མཐུན་པ་དང་དམ་ཚིག་ཁས་བླངས་པ་དང་རྗེས་སུ་མཐུན་པར་དགེ་བ་ལ་འཇུག་ཅིང་ [142a.7]མི་དགེ་བ་ལ་སོགས་པའི་མཚན་ཉིད་དེ། དེ་ལྟར་བྱ་བ་ནི་སྟོན་པས་གསུངས་པའི་ཚུལ་གྱིས་ཁྱད་པར་རོ་ཞེས་བདུད་རྩི་དཔུང་བཟངས་ཀྱི་རྒྱུད་ལས་གསུངས་སོ། །ཀུན་ཐོབ་ཅིང་གྲོལ་བའམ། འདིས་ཀུན་རྟོགས་ཤིང་ཆུད་པར་འགྱུར་བས་ན་ཞེས་པ་ནི། གོང་དུ་བཤད་པ་ [142b] [142b.1]བཞིན་ནོ། །དེ་ལྟར་བསྟན་པའི་དམ་ཚིག་དེ་དག་ཀྱང་རྣམ་པ་གཉིས་སུ་བཤད་དེ། གང་ཞེ་ན་དམ་ཚིག་བསྟན་པ་དེ་ཡང་ལྷ་ཐམས་ཅད་དང་ཐུན་མོང་བ་དང་ཞེས་པ་ནི། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྱིར་སྒོམ་པའི་དམ་ཚིག་གོ། །ཁྱད་པར་དུ་འཇུག་པ་ཞེས་པ་ནི། དཀྱིལ་འཁོར་གྱི་ལྷ་དེ་དག་གི་ [142b.2]ནང་ནས་རིགས་གང་ཡང་རུང་བའི་སེམས་དཔའ་གཅིག་ཁོ་ན་སྒོམ་ན་སྤྱིའི་དམ་ཚིག་ལས་ཁྱད་པར་དུ་བསྟན་པ་དང་གཉིས་ལ་བྱ་སྟེ། རྒྱུད་འདི་དང་ཞེས་པ་ནི་རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་དོ། །དེ་ལས་གཞན་པ་ཞེས་པ་ནི་དེ་དང་ཆ་མཐུན་པར་གྱུར་པའི་རྒྱུད་ [142b.3]གཞན་ཏེ། དཔལ་མཆོག་དང་པོ་དང་རྡོ་རྗེ་རྩེ་མོ་ཞེས་པ་ནི། རྒྱུད་ཉིད་ཀྱི་མཚན་ནོ། །སོགས་ཀྱི་སྒྲས་ནི་རྟོག་པ་བསྡུས་པ་ལ་སོགས་པ་གཞན་དག་སྡུད་པར་བྱེད་དོ། །དེ་རྣམས་ལས་བཤད་པར་རིག་པར་བྱའོ། །དེ་གཉིས་ལས་ཞེས་པ་ནི། སྤྱི་དང་ཁྱད་པར་གསུངས་པའི་དམ་ [142b.4]ཚིག་སྟེ། དེ་གཉིས་ལས་རྒྱུད་གཞན་ལས་གསུངས་པ་ཞེས་པ་ནི། རྩ་བའི་རྒྱུད་ལས་གཞན་དུ་གྱུར་པའི་རྒྱུད་ཡིན་པས་ན་དེ་སྐད་བྱའོ། །ལྷ་ཐམས་ཅད་ཐུན་མོང་བ་དེ་རེ་ཞིག་བཤད་པར་བྱ་སྟེ་ཞེས་པ་ནི། ལྷ་ཐམས་ཅད་ཀྱི་ཐུན་མོང་བའི་དམ་ཚིག་དེ་སྔར་ཇེ་ལ་བསྟན་པར་བྱའོ་ཞེས་ [142b.5]སོ། །རྒོལ་བ་པོ་ན་རེ། དེ་ཁོ་ན་ཉིད་བསྡུས་པ་ནི་རྩ་བའི་རྒྱུད་ཆེན་པོ་ཡིན་པས། སྦྱོར་བའི་རྒྱུད་ཆེན་པོ་ཐམས་ཅད་ཀྱི་དོན་འདུས་པར་བསྟན་པ་ཡིན་པས། དམ་ཚིག་ཐམས་ཅད་ཀྱང་དེར་འདུས་པར་མངོན་ན། ཅིའི་ཕྱིར་རྒྱུད་གཞན་དག་གི་དམ་ཚིག་རྣམས་འདིར་སྦྱར་ནས་སྟོན་ [142b.6]པ་མི་འགལ་ལམ་ཞེ་ན། སྨྲས་པ། དེ་ལྟར་བསྟན་པ་འགལ་བ་མེད་དོ། །གང་གི་ཕྱིར་ཞེ་ན། དེ་ཡང་དོན་གྱི་རྗེས་སུ་བརྟགས་ན་ཞེས་བྱ་བ་ལ་སོགས་པ་དག་སྟེ་འདི་ལྟར་རྒྱུད་གཞན་ལས་དམ་ཚིག་གསུངས་པ་དེ་ཡང་དོན་གྱི་རྗེས་སུ་བརྟགས་ན། འདི་ཉིད་ཀྱི་ནང་དུ་འདུས་པར་ [142b.7]མངོན་ཏེ་ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པ་ཉིད་ཀྱི་ནང་དུ་གསུངས་པའི་དམ་ཚིག་གི་ནང་དུ་འདུས་པར་མངོན་ཏེ། དེ་བས་ན་འདི་ལྟར་འདི་དག་སྤྱིའི་དམ་ཚིག་འབྱུང་བ་དཔལ་མཆོག་དང་པོ་ལས་གསུངས་པ། དམ་ཚིག་སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱེད་ཀྱིས་བསྲུང་བར་བྱ། ། [143a] [143a.1]སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དམ་ཚིག་སྡོམ་པ་གྲུབ་པ་འདི་ཞེས་པ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ནས་སློབ་མ་དཀྱིལ་འཁོར་དུ་ [143a.2]བཟུང་ཅིང་དམ་ཚིག་བསྟན་པའི་ཚེ་སྒོམ་པའི་ཚིག་སྟེ། དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའོ། །སྡོམ་པ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྲུང་དགོས་པར་བསྟན་པའོ། །གྲུབ་པ་ནི་དོན་དེ་དང་འགལ་ན་དངོས་གྲུབ་པས་རྟག་ཏུ་ཁྱེད་ཀྱིས་དམ་ཚིག་བསྲུང་བར་བྱ་ [143a.3]དགོས་སོ། །སངས་རྒྱས་རྣམས་ཀྱིས་མཐུན་པར་གསུངས། །ཞེས་པ་ནི། དེ་ལྟར་དམ་ཚིག་བསྲུང་བའི་ཚིག་བསྟན་པ་དེ་ཡང་གྱི་ནའི་ཚིག་མ་ཡིན་གྱི། སངས་རྒྱས་ཀྱི་ཞལ་ནས་གསུངས་པ་ཡིན་ལ། སངས་རྒྱས་ཀྱང་གཅིག་པུ་ཁོ་ནས་གསུངས་པ་མ་ཡིན་གྱི། དུས་གསུམ་ [143a.4]གྱི་སངས་རྒྱས་ཀུན་གྱིས་མཐུན་པར་དེ་སྐད་གསུངས་ཏེ། དམ་པ་རྟག་པའི་བཀའ་ཡིན་ནོ། །ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ལ་བྱའོ། །དམ་ཚིག་བསྲུང་བའི་རྣམ་གྲངས་ཏེ། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་རྒྱུད་ལས་གསུངས་པ། [143a.5]ལག་ན་རྡོ་རྗེ་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཆོས་ཉིད་དོ། །ཆོས་ཉིད་གང་ཡིན་པ་ནི་མ་སྐྱེས་པའོ། །མ་སྐྱེས་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་བཤད་པ་ལྟ་བུ་ལ་བྱ་སྟེ། དེ་ལ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ [143a.6]སོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ཡང་རྣམ་པ་ལྔ་སྟེ། རྩོམ་པ་དང་རྩོལ་བ་དང་འཇུག་པ་དང་། གནས་པ་དང་། ལྡང་བའོ། །དེ་ལ་རྩོམ་པ་ནི་བདག་བླ་ན་མེད་པའི་བྱང་ཆུབ་འདོད་པའི་ཕྱིར་དེ་ལྟ་བུར་གྱུར་ཅིག་པར་སྨོན་པའོ། །རྩོལ་བ་ནི་ལུང་དང་རིགས་པ་ལ་བརྟེན་ཅིང་བསམ་པའི་ [143a.7]ཤེས་རབ་ཀྱིས་ཆོས་བདག་མེད་པ་ལ་མོས་པ་སྟེ་སྟོང་པ་ཉིད་དུ་རྩོལ་བའོ། །འཇུག་པ་ནི་ཆོས་བདག་མེད་པ་དེ་ནི་རང་གིས་ཉམས་སུ་མྱོང་བར་འཇུག་པའོ། །གནས་པ་ནི་ཉམས་སུ་མྱོང་བ་དེའི་དོན་དེ་ལ་མི་གཡོ་བར་རྩེ་གཅིག་ཏུ་གནས་པའོ། །ལྡང་བ་ནི་གནས་པའི་དོན་ [143b] [143b.1]དེ་ལས་ལངས་ནས་འགྲོ་བའི་དོན་ལ་འཇུག་པར་བྱེད་པ་སྟེ། དོན་དེ་དག་གཏང་བར་མི་བྱ་ཞེས་པའི་དོན་ཏོ། །གཞན་དག་ན་རེ་དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་འདིའི་སྐབས་སུ་ནི་བདག་ཉིད་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་བརྟགས་པའི་སྤྱོད་ཡུལ་ལྷའི་དཀྱིལ་འཁོར་དུ་སྣང་བའི་བ་སྤུའི་བུ་ག་ [143b.2]རྣམས་ནས་སྤྲུལ་པ་མང་པོའི་ཚོགས་བྱུང་བས་འགྲོ་བའི་དོན་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་ཕྱག་རྒྱ་མཚན་མར་གསལ་བ་ནི་ཀུན་རྫོབ་བོ། །དེ་རང་གི་ངོ་བོས་སྟོང་སྟེ་མཚན་མ་མེད་པ་ལས་མ་གཡོས་ཏེ་གཉིས་སུ་དབྱེར་མེད་པ་ནི་དོན་དམ་པ་བྱང་ཆུབ་སེམས་ཏེ། དེ་ལྟ་བུ་དག་ [143b.3]གཏང་བར་མི་བྱ་ཞེས་ཟེར་ན་དེ་གཉིས་གང་དུའང་འགལ་བ་མེད་དེ། ཐ་མི་དད་པས་ནི་དེ་དག་ལ་གནས་པར་བྱ་ཞེས་པའི་ཐ་ཚིག་གོ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པ། །ཞེས་པ་ནི། བྱང་ཆུབ་སེམས་དཔའ་དེའི་གཟུགས་བརྙན་ཐམས་ཅད་མཁྱེན་པའི་ཐུགས་ཡེ་ཤེས་ཀྱི་མཚན་མ་ [143b.4]ནི་ཡེ་ཤེས་རྡོ་རྗེའི་གཟུགས་ཕྱག་རྒྱ་རྡོ་རྗེར་བསྟན་པ་སྟེ། དེ་ཡང་གོང་དུ་ཆ་མཐུན་པ་ཞེས་བཤད་པའི་དོན་གྱིས་བྱང་ཆུབ་སེམས་ཀྱི་མཚན་མ་འདི་ཡིན་པར་ཤེས་པར་བྱའོ། །དེའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། འདི་ལྟར་ཤེས་པར་བྱ་སྟེ། གང་དག་བསྐྱེད་པ་ཙམ་གྱིས་སུ། །ཞེས་ [143b.5]པ་ནི། བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ་ལྟ་བུ་དེ་ལ་བསྐྱེད་པ་ཙམ་གྱིས་གདོན་མི་ཟ་བར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བསྟན་པས་ན། སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །ཅེས་པའོ། །དམ་པའི་ཆོས་ནི་མི་སྨད་ཅིང་། །ཞེས་པ་ནི། མ་རྟོགས་པ་དང་། མ་གུས་པ་དང་། དབང་ [143b.6]ཟ་བའི་བསམ་པས་ཆོས་དང་ཆོས་ཀྱི་གཟུགས་བརྙན་དུ་གྱུར་པ་ལ་སྨད་པར་མི་རུང་ཞེས། གཞན་དུ་ན་འབྲས་བུ་རྡོ་རྗེའི་ཐེག་པར་གསུངས་པའི་དོན་ཟབ་ཅིང་རྒྱ་ཆེ་བ་རྣམས་ཕལ་གྱིས་རྟོགས་པར་དཀའ་བའི་ཕྱིར། དེ་དག་ལ་སྨད་པ་དང་སྐུར་བ་མི་བྱའོ། །ནམ་ཡང་གཏང་བར་མི་ [143b.7]བྱའོ། །ཞེས་པ་ནི་དམ་པའི་ཆོས་དང་དེའི་གཟུགས་བརྙན་དུ་གྱུར་པ་དག་ལ་སྨད་པར་མི་རུང་ཞེས་བཤད་ན་གཏང་བ་ལྟ་ཅི་སྨོས་ཏེ། །དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པའི་བརྟུལ་ཞུགས་གཏང་ནས་གཞན་གྱི་ལྟ་བ་འཛིན་པར་བྱེད་པའམ། གསང་སྔགས་ཀྱི་དོན་ [144a] [144a.1]དེ་ཁོ་ཉིད་བོར་ནས་ཐེག་པ་དམན་པ་ལ་འཇུག་པའི་བློ་སྐྱེད་པ་དག་སྤང་བར་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཞེས་པ་ནི། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་རིགས་པ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་དོན་མི་ཤེས་པའམ་རྒྱུད་མཉན་པ་ལ་སོགས་པའི་ཐོས་པ་ [144a.2]མ་སྐྱེས་པས་དམ་ཚིག་དང་སྡོམ་པའི་བྱེ་བྲག་ལ་རྨོངས་པ། སྔགས་དང་ཕྱག་རྒྱ་ལ་སོགས་པས་དབང་མ་བསྐུར་བར་སློབ་དཔོན་དུ་ཁས་འཆེ་བ་དག་གིས་སོ། །ཚུལ་ཆེན་བསྟན་པར་མི་བྱའོ། །ཞེས་པ་ནི། སྔགས་དང་ཕྱག་རྒྱ་དང་དམ་ཚིག་དང་དཀྱིལ་འཁོར་ལ་སོགས་པ་ [144a.3]འབྱུང་བའི་རྒྱུད་བསྟན་པར་མི་བྱའོ། །རྣམ་པ་གཅིག་ཏུ་དམ་ཚིག་མེད་པ་ལ་སོགས་པའི་གང་ཟག་གཞན་ལ་མི་བསྟན་ཏེ་གསང་བར་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །ཞེས་པ་ནི། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་སྒྲུབ་པ་པོས་དེས་བདག་ཉིད་ [144a.4]ཀྱིས་ལུས་ཀྱི་བདེ་བ་སྤངས་ཏེ། དཀའ་ཐུབ་དང་བརྟུལ་ཞུགས་དྲག་པོས་ལུས་གདུང་ཞིང་ཉོན་མོངས་པར་མི་བྱ་བས་ན། དཀའ་ཐུབ་ཀྱིས་ཀྱང་མ་གདུང་ཤིག །ཅེས་བྱའོ། །འོ་ན་ཇི་ལྟར་བྱ་ཞེ་ན། ཅི་བདེ་བར་ནི་བདེ་བར་གཟུང་། ཞེས་ཏེ། ཁ་ན་མ་ཐོ་བ་མེད་པའི་ཟས་ [144a.5]སྐོམ་དང་། སྨན་ལ་སོགས་པ་ཅི་བདེ་བའི་ཡོ་བྱད་རྣམས་ཀྱིས་རང་གི་ལུས་བདེ་བར་གནས་པར་བྱ་བ་ལ་ནི་གཟུང་ཞེས་བྱའོ། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ཞེས་པ་དེ་ལྟར་བྱེད་པའི་སྒྲུབ་པ་པོ་འདི་ནི་དུས་ཕྱི་མ་ལ་སངས་རྒྱས་པར་འགྱུར་བས་ན། དེ་སྐད་བརྗོད་དོ། ། [144a.6]སློབ་དཔོན་སྨད་པར་མི་བྱ་ཞིང་། །འདི་ནི་སངས་རྒྱས་ཀུན་དང་འདྲ། །ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་གདུལ་བའི་ཞིང་ཐ་དད་པ་རྣམས་ལ་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་རིམ་དང་ཅིག་ཅར་གྱི་ངོ་བོས་རྣམ་པར་གྲོལ་བའི་སྒོ་སྟོན་པར་མཛད་པ་དང་འདྲ་བར་སློབ་ [144a.7]དཔོན་གྱིས་ཀྱང་བདག་ཉིད་ལ་ཡང་དག་པའི་དོན་དང་སྒྲུབ་པ་པོའི་དམིགས་པ་དང་། ལས་དང་བྱ་བའི་ཐབས་དང་། རིམ་པ་སྟོན་པར་བྱེད་པ་དེ་གཉིས་ཆོས་མཐུན་པའི་ཕྱིར་ན་དེ་སྐད་ཅེས་བཤད་དོ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །ཞེས་ [144b] [144b.1]བྱ་བ་ལ་སོགས་པའི་ཚིག་རྣམས་ནི་སློབ་དཔོན་ལ་སྨོད་པར་བྱེད་པའི་སྐྱོན་བསྟན་པའོ། །དུག་དང་དབྱིག་དུག་ཅེས་པ་ལ། དུག་ནི་ཧ་ལ་ཧ་ལ་དང་། ནག་པོ་བརྩེགས་པ་དང་། བེའུ་ལྟ་བུའི་དུག་གོ། །དབྱིག་དུག་ནི་ཐབས་གཞན་དང་གཞན་སྦྱར་བ་དང་། རྐྱེན་མི་མཐུན་པ་དང་ [144b.2]ཕྲད་པ་ལས་གྱུར་པ་སྟེ། ཉེ་བའི་དུག་གི་མཚན་ཉིད་དོ། །རྣམ་གཅིག་ལ་དུག་ལ་སོགས་པ་དང་། སྦྱོར་བའི་དུག་གི་བྱེ་བྲག་གིས་དུག་དང་དབྱིག་དུག་ཅེས་བཤད་དོ། །དེ་བས་ན་ཐམས་ཅད་ཀྱིས་ཞེས་པ་ནི། ཤེས་རབ་དང་ཏིང་ངེ་འཛིན་གྱི་ནན་ཏན་གྱིས་རྡོ་རྗེ་སློབ་དཔོན་དེ་ཉིད་བདག་ [144b.3]གང་བསྒོམ་པའི་ལྷག་པའི་ལྷ་དང་ཐ་མི་དད་ཅིང་བྱེ་བྲག་མེད་པར་བལྟའོ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ཞེས་པ་ནི། རྡོ་རྗེ་སློབ་དཔོན་དེའི་ཡོན་ཏན་གྱི་རྣལ་འབྱོར་པ་དག་ནི་བརྗོད་ཅིང་བསྒྲགས་ལ། སྐྱོན་དུ་གཟུང་བ་དག་ཡོད་པ་དག་ནི་སྤ་ཞིང་བཅབ་པར་བྱ་བ་ཡིན་པ་ལས་དེ་ལས་ [144b.4]བཟློག་པ་ལ་ནི་མི་སྤྱོམས་པ་ཞེས་བྱའོ། །རྟག་ཏུ་བདག་གི་དམ་ཚིག་བསྲུང་། །ཞེས་པ་ནི། གོང་དུ་བསྟན་པ་ལྟར་བྱ་བའི་ལས་དེ་སྤང་བའོ། །གཞན་ཡང་དཔལ་མཆོག་དང་པོའི་རྒྱུད་དེ་ཉིད་ལས། དཔལ་རྡོ་རྗེ་སེམས་དཔའ་བདག་ཉིད་ཆེན་པོའི་དམ་ཚིག་གི་རང་བཞིན་དང་། དེ་ [144b.5]བསྒོམ་པར་བྱ་བའི་ཐབས་གསུངས་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྲིད་པ་རྣམ་པར་དག་པ་ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཐུགས་རྗེ་ཆེན་པོའི་དབང་གིས་ཁམས་གསུམ་གྱི་སྲིད་པ་ནི་འགྲོ་བའི་དོན་མཛད་ཀྱང་སྲིད་པ་གསུམ་གྱི་སྐྱོན་དང་ཉོན་མོངས་པས་མ་ [144b.6]གོས་པས་སྲིད་པ་རྣམ་པར་དག་པ་ནི་དཔལ་རྡོ་རྗེ་སེམས་དཔའོ། །རྒོལ་བ་པོ་ན་རེ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་གང་གིས་འཁོར་བ་ནི་འགྲོ་བའི་དོན་མཛད་ན་ཡང་དེ་དག་འཁོར་བའི་སྐྱོན་གྱིས་མི་གོས་སོ་ཞེས་འབྱུང་ན། འདིར་དཔལ་རྡོ་རྗེ་སེམས་དཔའ་ [144b.7]ཁོ་ན་འདི་སྐད་བརྗོད་པ་གཞན་གྱིས་དེ་ལྟར་མ་ཡིན་ནམ་ཞེ་ན། སྨྲས་པ་གཞན་གྱིས་ཀྱང་དེ་ལྟར་ནུས་སོ་ཞེས་འབྱུང་བ་དེ་བདེན་མོད་ཀྱི། འོན་ཀྱང་དེ་དག་ཐམས་ཅད་ནི་དཔལ་རྡོ་རྗེ་སེམས་དཔའ་དེའི་རང་བཞིན་དང་ཁྱད་པར་ལས་དེ་ལྟར་ཤེས་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། འདི་ཉིད་ [145a] [145a.1]དང་གཞན་རྣམས་ཀྱི་རྒྱུད་ནས་དེ་ལྟར་རྒྱ་ཆེར་སྟོན་པ་དག་འབྱུང་བའི་ཕྱིར་རོ། །ཐབས་ཀྱི་མཆོག་ཅེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་དམ་ཚིག་གི་རང་བཞིན་དུ་སྟོན་པ་ཉིད་ཐབས་ཡིན་ལ། སྒོ་དེ་ནས་སྣ་ཚོགས་འདུལ་བར་མཛད་པའི་མཐུ་མངའ་བས་ན་མཆོག་གོ། ། [145a.2]རྟོག་པ་ཐམས་ཅད་ཀྱི་ཞེས་པ་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོག་པ་མེད་པའི་རང་བཞིན་ལས་དཀྱིལ་འཁོར་དང་ཕྱག་རྒྱ་བཞི་ལ་སོགས་པར་བརྟགས་ཏེ་བཞག་པས་ན་རྟོག་པ་སྟེ། དེ་ཡང་ཇི་ལྟར་བརྟགས་ཤེ་ན། རྣམ་པར་མི་རྟོག་པའི་ཆོས་ཉིད་ནི་རིགས་པས་རྟོགས་པའི་ [145a.3]ཡུལ་ཡིན་ལ། རྟོག་པས་བརྟགས་པར་གྱུར་པ་ལས་ནི་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་གྱི་བདག་ཉིད་རྒྱུད་ཀྱི་རྣམ་པ་འདི་ལྟ་བུ་དག་འབྱུང་བ་ཡིན་ལ། རྒྱུད་རྟོག་པ་མེད་པའི་དོན་ལ་ནི་རྣལ་འབྱོར་པས་རྟོགས་པའི་བྱ་བའི་ཡུལ་ཡིན་ཏེ། རྒྱུད་ཀྱི་དོན་རྟོག་པས་བརྟགས་ [145a.4]པ་ལས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང་ཡོན་ཏན་གྱི་རྣམ་པ་མང་པོ་དག་ཐོབ་ཅིང་འགྲུབ་པའི་ཕྱིར་ན། འདི་སྐད་བརྗོད་དེ་རྟོག་པའི་ཆོ་ག་ཞིབ་མོ་ཞེས་བྱ་བའི་དོན་ཏོ། །གསང་བ་ཆེན་པོ་ཞེས་པ་ནི། དོན་གཞན་ལ་ཚིག་གཞན་དུ་སྟོན་པ་སྟེ། འགྱུར་བ་ཅན་དུ་གྱུར་བའི་ [145a.5]ངོ་བོ་བས་ཕལ་གྱིས་གོ་ཞིང་དཔགས་པར་དཀའ་བའི་མཚན་ཉིད་དང་ལྡན་པ་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་དམ་ཚིག་གི་རང་བཞིན་ལ་གསང་བ་ཆེན་པོ་ཞེས་བརྗོད་དེ། རྟག་ཏུ་བསྒོམ་པར་བྱའོ་ཞེས་པ་ནི་གཞན་དུ་མ་ཡེངས་པར་རྟག་ཏུ་བརྩོན་པར་བྱའོ་ [145a.6]ཞེས་པའི་ཐ་ཚིག་གོ། །རབ་ཏུ་གསང་བ་ཞེས་པ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་གསང་བ་ནི་དཔལ་རྡོ་རྗེ་སེམས་དཔའོ། །དེའི་གོང་ན་གཞན་མེད་པས་ན་བླ་ན་མེད་པའོ། །ཐེག་པ་ཆེན་པོ་ཞེས་པ་ནི་ཐེག་པ་ཆེན་པོ་རྒྱུར་གྱུར་པ་སྟེ། དེ་ཡང་འདི་ [145a.7]ཁོ་ན་ཡིན་ལ་དེ་ཉིད་ཐུགས་ཀྱི་རང་བཞིན་ཡོན་ཏན་ཀུན་གྱི་གཞིར་གྱུར་པས་ན། དམ་ཚིག་ཆེན་པོ་ཞེས་བྱའོ། །རྣལ་འབྱོར་ཞེས་པ་ཡང་དེ་ཉིད་དོ། །བཅོམ་ལྡན་འདས་ནི་དམ་ཚིག་གོ་ཞེས་པ་ཡང་དེ་ཉིད་ཡིན་ཏེ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཇི་ལྟ་ཞེས་པ་ནི་དེ་ཅིའི་ཕྱིར་ [145b] [145b.1]ཞེས་པའི་དོན་ཏོ། །དཔལ་མཆོག་དང་པོ་ལས་ཀྱང་གསུངས་པ། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །ཞེས་པ་ནི་མ་ལུས་པས་སོ། །འདའ་བ་རུ་ནི་མི་མཛད་པས། །ཞེས་པ་ནི་དམ་ཚིག་ལས་འདའ་བར་མི་ནུས་པའོ། །ཕྱག་རྒྱ་དམ་ཚིག་ཅེས་སུ་བཤད། །ཅེས་པ་ནི། ཕྱག་རྒྱ་ [145b.2]བཞི་དག་དང་ལྡན་པར་བསྒོམ་ཞིང་གནས་པ་ལ་འདི་ལྟར་བཤད་དོ། །ཡིད་ཀྱིས་ལུས་ནི་བརྟན་པའི་ཕྱིར། །ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལ་བྱ་སྟེ། དེ་ཉིད་གཞན་དུ་མི་འགྱུར་བས་ན་བརྟན་པ་ཞེས་བྱའོ། །སྲིད་པ་བདེ་བ་ཆུང་ངུ་ཞེས་པ་ནི། འཇིག་རྟེན་པ་ [145b.3]དག་ཁ་ན་མ་ཐོ་བ་དང་བཅས་པའི་ལས་ཀྱིས་འཚོ་བར་བྱེད་པའི་ཡོ་བྱད་ཕྲ་མོ་ཙམ་གྱི་བདེ་བ་ལ་བརྟེན་པའོ། །སྡུག་བསྔལ་ཆེན་པོ་ཞི་བའི་ཕྱིར། །ཞེས་པ་ནི། དེའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བའི་སྡུག་བསྔལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བ་ཆེན་པོ་སྟེ། དེ་ཞི་བར་བྱ་བའི་ [145b.4]ཕྱིར་རོ། །ཤིན་ཏུ་བཟང་ཤིང་བདེ་བའི་ཐབས། །ཞེས་པ་ནི། ཤིན་ཏུ་བཟང་ཞིང་བདེ་བ་ནི་མྱ་ངན་ལས་འདས་པའོ། །བདེ་བ་ཆེན་པོ་དེ་ཐོབ་པའི་ཐབས་སམ་རྒྱུར་གྱུར་པ་ནི་དམ་ཚིག་གོ། །ཞི་བར་མཛད་པའི་དམ་ཚིག་ཅེས་པ་ནི་ཉོན་མོངས་པ་དང་རྟོག་པ་ཐམས་ཅད་ཞི་བར་ [145b.5]བྱེད་པ་ནི་དམ་ཚིག་གི་རང་བཞིན་འདི་ཡིན་པས། དེ་བས་ཐམས་ཅད་འདོད་ལོངས་སྤྱོད། །ཅེས་པ་ནི། དོན་དེ་ལྟ་བས་ན་སྒྲུབ་པ་པོ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་དགའ་བ་དེ་ལ་ཇི་ལྟར་འདོད་པ་བཞིན་ལོངས་སྤྱོད་པའོ། །ཇི་ལྟར་འདོད་པས་དེ་བཞིན་དུ་སྤྱད་ནས་ [145b.6]འདི་ལྟར་བྱ་བར་གསུངས་ཏེ་གང་ཞེ་ན། རང་གི་ལྷ་ནི་རྣལ་འབྱོར་གྱིས། །བདག་དང་གཞན་ལ་མཆོད་པར་བྱ། །ཞེས་པ་ནི། སྒྲུབ་པ་པོ་རང་གི་ཇི་ལྟར་འདོད་པའི་དམ་ཚིག་སེམས་དཔར་བསྐྱེད་དེ། ལྷའི་རྣལ་འབྱོར་དུ་གནས་པའི་ཏིང་ངེ་འཛིན་གྱིས་མཆོད་པའི་ལྷ་མོ་རྣམས་ [145b.7]ཀྱིས་བདག་ཉིད་ལ་ཡང་མཆོད་ཅིང་བདག་གི་མདུན་ན་ཡེ་ཤེས་སེམས་དཔའི་ཚོགས་གནས་པར་བརྟག་པ་མདུན་དུ་བྱས་པ་ལ་ཡང་མཆོད་པར་བྱ་ཞེས་གསུངས་སོ། །གཞན་དག་ན་རེ་འོ་ན་འདོད་པ་ཞེས་བརྗོད་པ་སྟེ། འཇིག་རྟེན་པ་དང་འཕགས་པའམ་ཐེག་པ་སོ་སོའི་ [146a] [146a.1]འདོད་པ་ནི་མཐུན་པའི་དབང་གིས་མིང་གཅིག་ལ་དངོས་པོ་ཐ་དད་པར་འདོད་པ་དག་ཡོད་ན། འདིར་གང་ལ་གཟུང་བར་བྱ་ཞེ་ན། སྨྲས་པ། འདོད་པ་ཞེས་བྱ་བའི་སྒྲ་ཡང་ཞེས་པ་ནི། རྣམ་པ་མང་པོར་འདོད་པ་ཡང་ཡོད་མོད་ཀྱི་ཞེས་པའི་ཐ་ཚིག་གོ། །སྐབས་འདིར་ [146a.2]ཞེས་པ་ནི། འོན་ཀྱང་ཞེས་པའི་དོན་ཏེ། སྒྲུབ་ཐབས་འདིའི་འདོད་གཞུང་ངམ། རྣལ་འབྱོར་གྱི་རྒྱུད་འདི་དག་གི་གཞུང་གིས་ནི་གཞན་ལ་མི་བྱ་སྟེ། རང་གི་ལྷ་ཉིད་ཅེས་པ་ནི། དཔལ་རྡོ་རྗེ་སེམས་དཔའོ། །བྱང་ཆུབ་ཀྱི་སེམས་འདོད་པ་ཆེན་པོ་ཉིད་ཅེས་པ་ནི་རང་བཞིན་བྱང་ཆུབ་ [146a.3]ཀྱི་སེམས་འདོད་པ་ཆེན་པོ་ལས་གྱུར་པའི་ངོ་བོ་བས་དེའི་མཚན་ཉིད་ལ་འདི་སྐད་ཅེས་བརྗོད་དོ། །འདོད་པ་བྱང་ཆུབ་ཀྱི་སེམས་དེ་བསྒྲུབ་ཅིང་ཐོབ་པར་བྱ་བ་ཡིན་པས་ནི་དེ་ལ་འདོད་པ་ཞེས་ཀྱང་བྱའོ། །བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་རྡོ་རྗེ་སེམས་དཔའོ། །དེའི་ལོངས་ [146a.4]སྤྱོད་ནི་རྣམ་པ་བཞི་སྟེ་འོག་ནས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ལ་དགའ་བའི་མཚན་ཉིད་རྡོ་རྗེ་ལ་གསང་ཞེས་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཆོས་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་བྱང་ཆུབ་ཀྱི་རང་བཞིན་ལས་འཁོར་བར་ཡང་མི་ལྡོག་མྱ་ངན་ལས་ [146a.5]འདའ་བར་ཡང་མི་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་དེ་ལས་གཞན་དུ་མི་ཕྱོགས་པའི་གཟུགས་སུ་གྱུར་པས་བྱང་ཆུབ་ཀྱི་སེམས་ལ་དགའ་བའི་ཆོས་ཉིད་རྡོ་རྗེ་ལ་གསང་ཞེས་བྱ་བའི་ལྷ་མོར་བསྟན་པ་སྟེ། འདིར་བྱང་ཆུབ་སེམས་དཔའ་དགའ་བ་ཞེས་བརྗོད་པ་ནི་ཆོས་ཀྱི་ [146a.6]དབྱིངས་ཡེ་ཤེས་ཀྱིས་རྟོགས་པ་ནས་གཉིས་སུ་མེད་པའི་མཚན་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་ཞེས་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་བདག་གཞན་དུ་འབྱེད་པ་མེད་ཅིང་མཉམ་པ་ཉིད་དུ་རྟོགས་ཏེ། མཉམ་པ་ཉིད་ [146a.7]ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་དམིགས་པ་ལས་གྱུར་པའི་མཚན་ཉིད་དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་དང་ཚིག་གི་གཟུངས་དང་ཆོས་ཀྱི་གཟུངས་ལ་སོགས་པ་ [146b] [146b.1]གཟུངས་ཀྱི་སྒོ་མང་པོ་རྣམས་ཀྱང་ཞི་གནས་དང་། ལྷག་མཐོང་ཟུང་དུ་འབྲེལ་པའི་དོན་སྟོན་པ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ངོ་བོ་མེ་ཏོག་གི་ཕྲེང་བ་དང་། གསུང་རབ་སྒྲོགས་པའི་མཚན་ཉིད་ཅེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་ [146b.2]དུ་རྟོགས་ནས་ཇི་ལྟར་རྟོགས་པའི་དོན་དེ་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་རྣམ་པར་གྲོལ་བའི་དབྱངས་ཀྱིས་སྒྲོགས་པར་མཛད་པའི་མཚན་ཉིད་རྡོ་རྗེ་གླུ་ཞེས་བྱ་བར་བསྟན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཞེས་བྱའོ། །ནན་ཏན་གྱི་ཡེ་ཤེས་ཀྱིས་ [146b.3]གཡེང་སྒྲིབ་མི་མངའ་བའི་བརྩོན་འགྲུས་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་དག །ཇི་ལྟར་གར་མཁན་གྱིས་གར་བསྒྱུར་བའི་མཚན་ཉིད་ཅི་ལ་ཡང་ཐོགས་པ་མེད་པ་བཞིན་དུ་བདག་གཞན་གྱི་དོན་བརྒྱ་ལྷག་ [146b.4]ཕྲད་པར་མཛད་པའི་མཚན་ཉིད་རྡོ་རྗེ་གར་རྣམས་སོ། །གཞན་དག་ན་རེ་བཅོམ་ལྡན་འདས་ཀྱི་ཡོན་ཏན་དེ་རྣམས་ཚུལ་གཞན་གྱིས་རྣམ་པར་སྟོན་པར་མི་མཛད་ནས། ཅིའི་ཕྱིར་ལྷ་མོ་ལ་སོགས་པའི་གཟུགས་སུ་སྟོན་པ་མཛད། དེ་ལྟ་ན་ནི་འདོད་ཆགས་དང་བྲལ་བ་གཞན་ [146b.5]གྱིས་དཔྱས་འདོགས་ཤིང་ཉིད་ཀྱིས་གསུངས་པའི་དོན་དང་ཡང་འགལ་བར་འགྱུར་རོ་ཞེ་ན་སྨྲས་པ། དེ་ཡང་བདེན་མོད་ཀྱི་འོན་ཀྱང་འདོད་པའི་ཁམས་ཀྱི་དབང་ཕྱུག་ཆེན་པོ་ཉིད་འདོད་པའི་ཡོན་ཏན་གྱི་ལྷ་མོ་རྣམས་ལ་ཞེན་ཅིང་བུད་མེད་འདུས་པའི་འཁོར་ན་གནས་ཏེ་འདོད་པའི་ [146b.6]ཁམས་སུ་གཏོགས་པ་འདི་ནི་བདག་གི་ལོངས་སྤྱོད་ལས་ཁྱད་པར་དུ་གྱུར་པ་འཆང་བ་ནི་སུ་ཡང་མེད་དོ་བའི་ང་རྒྱལ་སྔོན་དུ་གཏོང་ཞིང་གཞན་དག་ཁྱད་དུ་གསོད་པའི་བསམ་པ་དང་ལྡན་པས་གཞན་དག་གིས་འདུལ་བར་མི་ནུས་པ་དེ་གདུལ་བའི་ཕྱིར་དང་། གཞན་ཡང་གནས་དེ་ [146b.7]ཉིད་ཀྱི་ལྷ་རྣམས་སྔོན་དུ་བསགས་པ་ལས་གྲུབ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པས་གཞན་ལས་ཁྱད་འཛུད་པའི་བསྙེངས་པ་འཆང་ཞིང་ཕྱིས་མྱོང་བར་གྱུར་པའི་རྣམ་པར་སྨིན་པའི་བག་ཆགས་སྟུག་པོ་སོག་པར་བྱེད་པ་དེ་དག་རང་གི་འཁོར་རྣམས་ལ་སུན་དབྱུང་བར་ [147a] [147a.1]བྱ་བ་དང་མིའི་ཡུལ་དག་ན་ཡང་ཀ་བི་ན་ལ་སོགས་པ་འདོད་ཆགས་ཀྱིས་མྱོང་བའི་བསམ་པ་ཅན་གྱི་འགྲོ་བ་རིགས་མཐུན་པ་རྣམས་གཞན་གྱིས་འདུལ་བར་དཀའ་བ་དག་ལ། སྒོ་དེ་ནས་འདུལ་བའི་ཐབས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ཡེ་ཤེས་ [147a.2]དང་ཡོན་ཏན་གྱི་སྒོ་འདི་ལྟ་བུའི་ལྷ་མོའི་སྐུར་བསྟན་ནས་ཉིད་ཀྱི་འཁོར་དུ་བསྐོར་ཏེ་བསྟན་པར་ཟད་ཀྱི། སེམས་ཅན་ལྟ་བུའི་སྲིད་པའི་བདག་ཉིད་ཀྱིས་ཆགས་པ་མ་ཡིན་པས་ན་ཉེས་པ་དང་འགལ་བ་མེད་དོ། །སྐུ་དང་གསུང་དང་ཐུགས་གསང་བ། །ཞེས་པ་ནི་སྐུ་དེ་བཞིན་ [147a.3]གཤེགས་པ་རྣམས་ལ་མངའ་བའི་སྐུ་གསུང་ཐུགས་ཀྱི་གསང་བ་སྟེ། དེ་ལ་སྐུའི་གསང་བ་ནི། འགྲོ་བ་ཇི་ལྟ་བུར་འདུལ་བ་དེ་ལྟ་བུའི་གཟུགས་སུ་སྟོན་པར་སྤྱོད་པ་ནི་སྐུའི་གསང་བ་སྟེ། དཔེར་ན་མདོ་སྡེ་ལས་ཀྱང་ཚངས་པས་འདུལ་བ་དང་། བརྒྱ་བྱིན་གྱིས་འདུལ་བ་དང་། འཁོར་ [147a.4]ལོས་སྒྱུར་བའི་རྒྱལ་པོས་འདུལ་བ་དང་། དབང་ཕྱུག་ཆེན་པོས་འདུལ་བ་དང་། རབ་ཏུ་བྱུང་བས་འདུལ་བ་དང་། དྲང་སྲོང་གིས་འདུལ་བ་དང་། སྐྱེས་པས་འདུལ་བ་དང་། བུད་མེད་ཀྱིས་འདུལ་བ་དང་། བྲམ་ཟེས་འདུལ་བ་དང་། ཁྱིམ་བདག་གིས་འདུལ་བ་དང་། གླང་པོ་ཆེས་འདུལ་བ་ [147a.5]དང་། རྟ་ཅང་ཤེས་ཀྱིས་འདུལ་བ་དང་། ཐ་ན་རི་བོང་གིས་འདུལ་བ་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་ལྟ་བུའི་ཚུལ་དང་རྣམ་པར་མཐོང་ཞེས་བྱ་བ་ལྟ་བུའོ། །གསུང་གི་གསང་བ་ནི་འགྲོ་བ་རིགས་དང་སྐལ་བ་ཐ་དད་པ་དག་ལ་དེ་བཞིན་དུ་སོ་སོར་གོ་བའི་བགོ་སྐལ་གྱི་ཆོས་སྟོན་ [147a.6]པ་སྟེ། དཔེར་ན་མདོ་སྡེ་ལས། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་བཞིན་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་གསུངས་པ་ལྟ་བུའོ། །ཐུགས་ཐམས་ཅད་མཁྱེན་པའི་ [147a.7]ཡེ་ཤེས་དེ་ཉིད་བཞེད་ན་ནི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའི་གཟུགས་རྣམས་སུ་ཡང་བྱིན་གྱིས་རློབ་ཅིང་སྟོན་པར་མཛད་ལ། མི་བཞེད་ན་ནི་ཇི་ལྟ་བུའི་ངོ་བོར་ཡང་མི་གནས་ལ། མཚན་མ་མེད་པའི་བདག་ཉིད་དུ་ཞུགས་པའམ། རྣམ་གཅིག་ཕྱི་ནང་གི་རྣམ་པ་དང་ཤེས་པའི་རྒྱུད་ཇི་ [147b] [147b.1]ལྟ་བ་བཞིན་དུ་མཁྱེན་པ་ནི་ཐུགས་ཀྱི་གསང་བ་སྟེ། དཔེར་ན་མདོ་སྡེ་ལས་རིགས་ཀྱི་བུ་དེ་ལྟ་བུ་དེའི་སེམས་ཀྱི་རྟོག་པ་དེ་བཞིན་གཤེགས་པའི་ཐུགས་ཀྱིས་མཁྱེན་ཏོ། །རིགས་ཀྱི་བུ་ཆེ་གེ་མོ་ཞིག་འདུལ་བའི་དུས་ལ་བབ་ནས་དེར་གཤེགས་ཤིང་དེ་ལྟ་བུ་མཛད་པ་ལྟ་བུ་དག་གོ། །མཁས་ [147b.2]པ་ཡིས་ནི་བསྲུང་བར་བྱ། །ཞེས་པ་ནི་སྒྲུབ་པ་པོ་རྣམས་ཀྱིས་དེ་དག་དེ་བཞིན་དུ་བསྒོམ་པར་བྱ་བའི་ཐ་ཚིག་གོ། །དེ་ལྟར་བསྒོམས་ན་ཅི་འགྲུབ་ཅེ་ན། དེ་བཞིན་དུ་འགྲུབ་པར་གསུངས་སོ། །དེ་དག་ཀྱང་རྒྱས་པར་བཤད་དོ། །དེ་ལ་དང་པོ་སྐུའི་གསང་བའི་མཚན་ཉིད་གསུངས་པ། [147b.3]གང་དག་དུ་མ་རྒྱུ་ཆེན་པོ། །ཞེས་པ་ནི། སྣ་ཚོགས་པ་མངའ་ཞིང་རྒྱ་ཆེ་བདག་སྟོན་པར་མཛད་པའོ། །ཁ་དོག་དང་ནི་དབྱིབས་དང་གདན། །ཞེས་པ་ནི། གསེར་དང་ཟངས་ལྟ་བུ་ལ་སོགས་པའི་ཁ་དོག་དང་། བྲམ་ཟེ་ལ་སོགས་པའི་རིགས་སུ་སྟོན་པ་དང་། རབ་ཏུ་བྱུང་བ་དང་ཁྱིམ་ [147b.4]བདག་ལ་སོགས་པའི་ཆ་ལུགས་དང་དབྱིབས་ཆེ་ཆུང་དུ་སྟོན་པ་དང་། པདྨ་དང་། ཟླ་བ་དང་། སེང་གེ་ལ་སོགས་པའི་གདན་ལ་བཞུགས་པའོ། །ཕྱག་རྒྱ་བསྐྱོད་པ་ལ་སོགས་གཟུགས་འདི་ནི། །ཞེས་པ་ནི་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་འཛིན་པ་དང་། འཆང་བ་དང་། བསྐྱོད་པ་ [147b.5]དང་། ཞབས་མཉམ་པའི་སྐྱིལ་ཀྲུང་ལ་སོགས་པའི་སྟང་སྟབས་དང་ལྡན་པ་སྟེ། སྣ་ཚོགས་པའི་ཚུལ་དུ་བཞུགས་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟ་བུར་གཟུགས་གཅིག་ལས་དངོས་པོ་གཞན་དང་གཞན་དུ་སྟོན་པར་མཛད་པ་འདི་ནི་སྐུའི་གསང་བའོ། །གསུང་གི་གསང་བའི་མཚན་ [147b.6]ཉིད་གསུངས་པ། རྡོ་རྗེ་ཚིག་གི་སྦྱོར་བ་ཡིས། །ཞེས་པ་ནི། སོ་དང་སོར་མཆུ་དང་མཆུར་སྦྱར་བའོ། །སྨྲ་བ་ཞེས་པ་ནི་ལྕེས་ཁྲོལ་བར་སྨྲས་པའོ། །འདི་ནི་གསལ་བར་གསུང་གསང་བ། །ཞེས་པ་ནི། མཆུ་གཉིས་ཆུང་ཟད་བསྒུལ་ཞིང་ཡིད་ལ་གསལ་བར་བརྗོད་པའོ། །རྡོ་རྗེ་ [147b.7]ཚིག་ནི་སྒྲ་མེད་པ། །ཞེས་པ་ནི། བདག་ལ་གསལ་གྱི་གཞན་གྱིས་མི་ཐོས་པར་བརྗོད་པ་སྟེ། འདི་ནི་གསུང་གི་གསང་བའོ། །ད་ནི་ཐུགས་ཀྱི་གསང་བའི་མཚན་ཉིད་གསུངས་པ། རང་གི་སེམས་ནི་རབ་རྟོགས་ནས། །ཞེས་པ་ནི་རང་གི་སེམས་རྣམ་པར་བརྟགས་པའི་མཐུས། གློ་ [148a] [148a.1]བུར་གྱི་དྲི་མ་ཐམས་ཅད་བསལ་ནས། ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པའི་མཚན་ཉིད་སེམས་ཉིད་ཟླ་བའི་དཀྱིལ་འཁོར་དུ་སྣང་བའི་སྟེང་ན། ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་ལ་སྐུ་གསུང་ཐུགས་ཀྱི་ཡིག་འབྲུས་མཚོན་པ་འམ། རྣམ་གཅིག་ [148a.2]གསུམ་ཆར་ཚང་བའི་མཚན་ཉིད་དང་ལྡན་པར་བསྟན་པའོ། །དེ་ལ་ཟླ་བ་དང་རྡོ་རྗེ་བརྩེགས་མར་བསྟན་པ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡང་ཡིན་ལ་ཚོགས་རྣམ་པ་གཉིས་རྫོགས་པའི་རྟགས་སུ་བསྟན་ཏེ། ཟླ་བ་ནི་གཟུང་འཛིན་ལ་སོགས་པའི་སྐྱོན་དང་བྲལ་ཞིང་སྤྲོས་པ་ཐམས་ཅད་ [148a.3]ལས་དབེན་པའི་ངོ་བོར་བསྟན་ཏོ། །རྡོ་རྗེ་ནི་མི་ཤེས་པའི་ལྟ་བའི་དྲ་བ་ཐམས་ཅད་འཇོམས་པར་བྱེད་པའི་མཚན་ཉིད་ཅན་ཏེ་འདི་ནི་ཐུགས་ཀྱི་གསང་བའོ། །རྒོལ་བ་པ་ན་རེ། འོ་ན་དོན་དེ་ལྟ་བུ་དག་ཚུལ་ཇི་ལྟར་བསྒྲུབ་པར་བྱ་སྟེ། སྨྲས་པ། དེ་དག་དེ་ཉིད་མཆོག་ཆེན་པོ། །ཞེས་པ་ནི། [148a.4]དེ་དག་ནི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་པོ་དེ་དག་གོ། །དེ་གཉིས་ནི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དེ་ཁོ་ན་ལྟར་སྒོམ་པ་སྟེ། ནོར་བ་དགག་པའོ། །མཆོག་ནི་འཇིག་རྟེན་ལས་འདས་པ་ཀུན་གྱི་མཆོག་ཏུ་གྱུར་པས་སོ། །ཆེན་པོ་ནི་ཉན་ཐོས་དང་རང་རྒྱལ་བ་རྣམས་ལས་ [148a.5]ཁྱད་པར་དུ་གྱུར་པ་སྟེ། དེ་ལྟ་བུའི་དོན་དང་ལྡན་པས་དེ་ལྟར་བརྗོད་དོ། །རྟག་ཏུ་ཡང་དང་ཡང་བསྒོམས་ན། །ཞེས་པ་ནི། དེ་ལྟར་བསྟན་པའི་དོན་དེ་དུས་རྟག་ཏུ་ཡང་དང་ཡང་དུ་བསྒོམས་ན་འགྲུབ་པར་བསྟན་པ་སྟེ། འདིས་ནི་ལེ་ལོ་དགག་པ་སྟེ། ཅུང་ཟད་ཙམ་གྱིས་མི་འགྲུབ་ [148a.6]པར་བསྟན་ཏོ། །གསུམ་གྱི་སྦྱོར་བས་འགྲུབ་པར་འགྱུར་ཏེ་ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་སྦྱོར་བ་དེའི་ཚུལ་དུ་བསྒོམས་པ་ཁོ་ནས་འགྲུབ་པར་བསྟན་པ་སྟེ། ཐབས་གཞན་གྱི་ཚུལ་དུ་བསྒྲུབ་པ་དགག་པའོ། །གཞན་དུ་མ་ཡིན་ཀུན་མཁྱེན་གསུངས། །ཞེས་པ་ནི། དེ་ [148a.7]ཁོ་ན་ལྟར་བྱའི་དེ་ལས་གཞན་དུ་བྱས་ན་མི་འགྲུབ་ཀྱི་འདི་བཞིན་དུ་བསྒྲུབ་པར་བྱའོ་ཞེས་ཡིད་ཆེས་པའི་ཁུངས་བསྟན་པའོ། །ད་ནི་དེ་དག་གི་ཡོན་ཏན་གསུངས་པ། གསང་བ་གསུང་གི་ཆོ་ག་ཡིས། །ཞེས་པ་ནི་གོང་དུ་བསྟན་པའི་དོན་དེ་ཆོ་ག་ནི་ལས་དང་བྱ་བ་དང་བསྒོམ་པའོ། ། [148b] [148b.1]ཕྱག་རྒྱ་ཐམས་ཅད་ཤིན་ཏུ་བསྡུས། །ཞེས་པ་ནི། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་བཞིར་བསྟན་པ་དེ་དག་རྒྱུ་འབྲས་བུ་བཅས་པ་ཐམས་ཅད་གསང་བ་གསུམ་པོ་དེར་འདུས་པར་བསྟན་ཏོ། །དེ་བས་རྣམ་པ་ཐམས་ཅད་དུ། །ཞེས་པ་ནི་སྤྱོད་ལམ་རྣམ་པ་བཞིར་དེ་དག་དང་ལྡན་པར་ལྷའི་ [148b.2]རྣལ་འབྱོར་དུ་བསྒོམ་པའོ། །རྣམ་པར་སྤ་ཞེས་པ་ནི་གཞན་གྱིས་མི་རྟོགས་པར་ཚུལ་དེ་བཞིན་བསྒོམ་པ་ལ་ནི་སྤ་བ་ཞེས་བཤད་དོ། །རྒོལ་བ་པ་ན་རེ། འོ་ན་དེ་དག་དེ་ལྟར་མ་ནུས་ཤིང་གཞན་ལ་བསྟན་ན་ཅིར་འགྱུར་ཞེ་ན། སྨྲས་པ། རྡོ་རྗེ་ཆེན་པོ་མཆོག་འཛིན་པ། ཞེས་བྱ་བ་ [148b.3]ལ་སོགས་པ་དག་སྟེ། ཡེ་ཤེས་རྡོ་རྗེ་ལྟ་བུའི་མཆོག་འཛིན་པའོ། །མགོན་པོ་ཆེན་པོས་བྱིན་གྱིས་བརླབས། །ཞེས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ། །བློ་ངན་གང་ཞིག་འདའ་བ་ནི་གསང་བ་གསུམ་གྱི་དོན་དང་མི་ལྡན་པ་སྟེ། མནོས་ནས་ཉམས་པར་བྱས་པའོ། །རྡོ་རྗེ་ [148b.4]འཛིན་པས་མོད་ལ་སྟོང་། །ཞེས་པ་ནི། དེ་ལྟར་ཉམས་པར་བྱས་མ་ཐག་ཏུ་བྱིན་གྱིས་རློབ་པར་མི་མཛད་པའོ། །རྣམ་གཅིག་རྡོ་རྗེ་པོའི་མཆོག་འཛིན་ཅིང་། མགོན་པོ་ཆེན་པོས་བྱིན་གྱིས་བརླབས་པ་ནི་གསང་བ་ཀུན་གྱི་དོན་དང་ལྡན་པའི་སྒྲུབ་བོའོ། །བློ་ངན་གང་ཞིག་འདའ་བ་ [148b.5]ནི་དེ་དང་བྲལ་བར་གྱུར་པ་སྟེ། དེ་ནི་རྡོ་རྗེ་འཛིན་ཆེན་པོས་དེ་ཉིད་དུ་མོད་ལ་སྤོང་བར་གསུངས་སོ། །འོ་ན་སྤངས་སུ་ཟད་ཉེས་པ་གཞན་དུ་ཅང་འགྱུར་ཞེ་ན། སྤངས་པའི་སེམས་ཅན་ཆེན་པོ་དེ། །ཞེས་བྱ་བ་ལ་སོགས་པའི་ཚིག་གསུངས་སོ། །འོ་ན་དེ་ལྟར་སྦ་བར་བྱ་བ་ [148b.6]ཡིན་ནམ། འོན་ཏེ་གཞན་དག་ལ་བསྟན་པར་བྱ་བའི་སྣོད་ཀྱང་ཡོད་ཅེ་ན་སྨྲས་པ། ཐད་ཀར་སྦ་བར་བྱ་བ་ཡང་མ་ཡིན་གྱི་བསྟན་པར་སྣང་བའི་སྣོད་གསུངས་པ། རྡོ་རྗེ་དབྱིངས་ནི་དགའ་ཆེན་པོར། །ཞེས་བྱ་བ་ལ་སོགས་པ་དག་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནི་ [148b.7]ཤིན་ཏུ་བསོད་ནམས་ཆེན་པོ་དང་ལྡན་པས་སྣོད་དང་ལྡན་མི་ལྡན་བརྟག་མི་དགོས་ཏེ། གང་ཞིག་གང་ཡང་རུང་བ་དག་ཞུགས་པར་གྱུར་པ་སློབ་དཔོན་ལ་སྒྲིབ་པར་མི་འགྱུར་ཞིང་ཞུགས་པ་དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགའ་བ་རྣམ་པ་གཉིས་དང་ལྡན་ [149a] [149a.1]བར་འགྱུར་བས་མཚན་དགའ་བ་ཆེན་པོ་ཞེས་བརྗོད་དོ། །མངོན་པར་དབང་བསྐུར་མཁས་པ་གང་། །ཞེས་པ་ནི། དེར་བཅུག་ཅིང་བུམ་པ་ལ་སོགས་པའི་དབང་གི་རིམ་པ་རྒྱུད་གཞན་ལས་གསུངས་པ་དང་། འདི་ཉིད་ལས་རྡོ་རྗེ་དབྱིངས་དབང་ལ་སོགས་པ་ཕྱག་རྒྱའི་ཕྲེང་བ་ [149a.2]ཡིས་ཞེས་བྱ་བ་ལ་སོགས་པའི་ཚིག་དང་དོན་དུ་ལྡན་པའི་སྔགས་དང་ཕྱག་རྒྱས་མངོན་པར་དབང་བསྐུར་བ་ལས་དང་བྱ་བ་དང་། རྒྱུད་ཀྱི་ལས་ལ་མཁས་པ་རྟག་ཏུ་གསང་བ་གསུམ་གྱི་དོན་དང་ལྡན་པའི་མཚན་ཉིད་ཅན་དེ་ལ། དགེ་བའི་བཤེས་གཉེན་མཁས་པ་དག་གིས་བསྟན་ཅིང་བཤད་ [149a.3]པར་བྱའོ། །དེ་ལ་གསང་བའི་མཆོག་དང་ལྡན། །ཞེས་པ་ནི། གོང་གི་ཡོན་ཏན་དང་ལྡན་པ་ཡང་ཡིན་ལ། གསང་བ་གསུམ་དཔོག་ཏུ་རུང་བའི་མཚན་ཉིད་དང་ལྡན་པ་ལ་དེ་སྐད་བརྗོད་དོ། །རྒོལ་བ་པོ་ན་རེ། འོ་ན་སྒོ་གསུམ་གྱི་ཡོན་ཏན་དང་མི་ལྡན་པ་ནི་འགའ་ཙམ་དུ་ཟད་ཀྱི། [149a.4]ཕལ་དུ་དེ་དང་དེའི་ཆ་ཤས་སུ་འབྲེལ་པ་དག་ཡོད་ན། དེ་དག་ལ་ནི་གསང་བ་ཞེས་མི་བརྗོད་ན་འདི་དག་ལ་གསང་བ་ཞེས་བརྗོད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ་སྒོ་གསུམ་གྱི་མཚན་ཉིད་དང་ལྡན་པ་དག་ཡོད་ན་ཡང་ཡོན་ཏན་དེ་ལྟ་བུ་མངའ་བ་ནི་བདག་ཉིད་ཆེན་པོ་རྣམས་ལས་མ་གཏོགས་ [149a.5]པ་གཞན་ན་ཉུང་བས་གང་གིས་ཀྱང་དེ་ལྟ་བུ་དག་རྟོགས་པར་མི་ནུས་ན་ཉམས་སུ་མྱོང་ཞིང་མངོན་དུ་གྱུར་པ་ལྟ་ཅི་སྨོས་ཏེ། གང་དང་ཡང་ཐུན་མོང་དུ་མ་གྱུར་པས་ན་གསང་བ་ཞེས་བརྗོད་དོ། །ཇི་སྐད་དུ་གསུངས་པའི་དམ་ཚིག་ལ་གནས་པ་ནི་ཞེས་པ་ནི་གོང་དུ་བསྟན་པའི་དོན་དེ་ཁོ་ན་ [149a.6]དང་ལྡན་པའོ། །རྟག་ཏུ་ནང་ནི་སྦྱངས་པའི་ཕྱིར། །ཞེས་པ་ནི། གསང་བ་གསུམ་དང་ལྡན་པའི་རྣལ་འབྱོར་ལ་གནས་པ་ནི་ཉེས་པ་གཞན་དང་མི་ལྡན་པས་ན་ནང་སྦྱངས་པའོ། །ཕྱི་རོལ་གྱི་ཁྲུས་ལ་སོགས་པ་ཞེས་པ་ནི། འཇིག་རྟེན་པའི་ལམ་སྒྲུབ་པས་བདག་ཅེས་བྱ་བའི་རྫས་ [149a.7]ཅན་ཁ་ལོ་སྒྱུར་བའི་བྱེད་པ་པོར་ལྟ་བ་དེ་དག་པར་འདོད་པའི་ཕྱིར་ཁྲུས་བྱེད་པ་དང་། ཐེག་པ་འོག་མ་པ་ལྟར་བརྗོད་པ་གཞན་ཞིག་ཡོད་པར་འདོད་པ་དེ་མཉེས་པར་བྱ་བའི་ཕྱིར་ཁྲུས་དང་གཙང་སྦྲ་བྱེད་པ་དང་། དཀའ་སྤྱད་ཅེས་པ་ནི། ཐེག་པ་འོག་མ་པ་དང་འཇིག་རྟེན་པ་དག་ནི་དཀའ་ [149b] [149b.1]ཐུབ་དང་བརྟུལ་ཤུགས་དྲག་པོས་འཚོ་ཞིང་སྦྱངས་པའི་ཡོན་ཏན་གྱི་གྲངས་སུ་བགྲང་བས་གནས་པས་རང་གི་ལུས་ངལ་ཞིང་ཉོན་མོངས་པའི་གདུང་བ་པ་གནོད་པར་གྱུར་པའི་དེ་དག་དགག་པ་སྟེ། སོགས་ཀྱི་སྒྲས་ནི་བརྟུལ་ཞུགས་ཀྱི་རྣམ་གྲངས་གཞན་ཇི་སྙེད་ཡོད་པ་དག་བསྡུའོ། །དེ་ [149b.2]ལྟར་ཡང་རྟོག་པ་བསྡུས་པ་ལས་གསུངས་པ། བསྡམ་དང་གཙང་སྦྲ་འདིར་མི་དགོས། །ཞེས་པ་ནི། ལུས་ངག་གི་སྒོ་བསྡམ་པ་དང་། ཁྲུས་ལ་སོགས་པས་གཙང་སྦྲ་བྱེད་པ་དག་ལྷའི་རྣལ་འབྱོར་སྒོམ་པའི་སྐབས་འདིར་མི་དགོས་ཏེ་དགག་གོ། །དཀའ་ཐུབ་དྲག་པོ་སྤྱོད་པ་ཡང་དགག་ [149b.3]གོ། །འོ་ན་ཅིས་འགྲུབ་ཅེ་ན། སངས་རྒྱས་ཀུན་དང་སེམས་དཔའ་ཆེ། །ཞེས་པ་ནི། སངས་རྒྱས་ལྔ་དག་དང་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་པོ་དག་གོ། །བདག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་པ་ནི། དེ་དག་ཀུན་ལས་གཅིག་གཟུང་ཡང་རུང་སྟེ། ལྷའི་སྐུ་གསུང་ཐུགས་ [149b.4]ཀྱི་གསང་བ་གསུམ་དང་ལྡན་པར་བདག་གི་ལུས་ངག་ཡིད་གསུམ་བསྒོམ་པ་ལ་ནི་བདག་ཏུ་སྦྱོར་བ་ཞེས་བྱ་སྟེ། དེས་འགྲུབ་པར་འགྱུར་ཞེས་གསུངས་སོ། །ཡང་རྟོག་པ་ཐམས་ཅད་བསྡུས་པ་ཉིད་ལས་འདི་སྐད་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཀྱི་ [149b.5]བདག་ཉིད་རྡོ་རྗེ་དྲིལ་བུ་དང་། དཀོན་མཆོག་གསུམ་དང་། ཁྲིམས་དང་ལྡན་ཡང་རུང་རལ་ཡང་རུང་སྟེ། དད་ཅིང་འདུན་པ་མི་གཏོང་བ་དང་། སྡོམ་པ་རྣམ་པ་གསུམ་པོ་དག་མི་གཏོང་ཞིང་དཀའ་ཐུབ་ལ་སོགས་པས་ནི་བདག་གདུང་བར་མི་བྱའོ་ཞེས་བཤད་དོ། །རྒོལ་བ་པ་ན་རེ། [149b.6]འོ་ན་གོང་དུ་ནི་སྡོམ་པ་མི་གཏོང་བར་བཤད་ལ། འདིར་ནི་བདག་གདུང་བར་མི་བྱ་བར་བཤད་པ་འདི་གདུང་བའི་རྒྱུ་ནི་སྡོམ་པ་ཡིན་ན་འདི་ལྟར་བཤད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། དགག་པར་བསྟན་པ་ནི་འཇིག་རྟེན་པའི་དཀའ་ཐུབ་ལྟ་བུ་དོན་མེད་པ་དེ་དག་ཀྱང་དགག་ལ། ཐེག་པ་འོག་མ་པ་ལྟ་ [149b.7]བུའི་རང་དོན་ལྷུར་ལེན་པའི་ཕྱིར་འབད་རྩོལ་བྱེད་པ་དེ་དགག་པ་དང་། གཉིས་ཅན་དུ་འཛིན་པའི་ལྟ་བ་ཅན་དེ་དགག་པ་དང་། སེམས་ཀྱི་དབང་བཏང་ནས་ལུས་ངག་གི་དབང་དུ་འདོད་པ་དེ་དག་སྤངས་ཏེ་འདིར་དེ་དག་ལས་བཟློག་ཅིང་སེམས་ཁོ་ན་གཙོར་བསྟན་པ་ཡང་ཡིན་ལ། གཉིས་ [150a] [150a.1]སུན་མི་གཏོང་བར་བསྟན་ལ་དེ་དག་ཁོ་ན་སྡོམ་པས་དེ་ལྟར་བྱས་ན་གཞན་སྤྱད་མི་དགོས་པར་བསྟན་པའི་ཕྱིར་འདི་ལྟར་བཤད་དེ་ཉེས་པ་མེད་དོ། །སློབ་དཔོན་ལ་ནི་མ་སྨོད་ཅིག །ཅེས་བྱ་བ་ལ་སོགས་པ་འདི་ན་མར་ཡང་བསྲུང་བར་བྱ་བའི་རྣམ་གྲངས་ཏེ། སློབ་དཔོན་སངས་ [150a.2]རྒྱས་དང་འདྲ་བས་དེ་ལ་སྨད་པར་མི་བྱའོ། །མ་གུས་པ་དང་དབང་ཟོས་པའི་སྐྱོན་དུ་འགྱུར་བས། སྔགས་དང་ཕྱག་རྒྱ་མི་སྨད་པ་དང་། འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་སོགས་ཀྱི་སྒྲས་དེ་ལས་གཞན་པ་དབྱིབས་གང་ཡང་རུང་བར་བྱས་པའི་ཕྱག་རྒྱའི་དབྱིབས་དང་མཚན་མར་བྱས་པ་ [150a.3]དག་མི་བགོམ་པ་དང་། བཅའ་བའི་རྣམ་པ་ལས་བྱས་པའི་གཟུགས་བརྙན་མཐོང་ན་མི་བཟའ་བ་དང་། དམན་མ་ཞེས་པ་ནི་མེ་ཏོག་གི་ཕྲེང་བ་རྙིང་པ་ལ་མི་འགོམ་པ་དང་། ལྷའི་གྲིབ་མ་ལ་མི་འགོམ་པ་དང་། སློབ་དཔོན་གྱི་སྟན་ལ་མི་འདུག་པ་དང་། རྐང་པས་འགོམ་པར་བྱ་བ་དང་། སྒོ་ [150a.4]གསུམ་ནས་མི་དགེ་བ་བཅུ་སྤང་ཞིང་དགེ་བ་བཅུ་ལ་གནས་པར་བྱའོ་ཞེས་གསུངས་སོ། །ཡུལ་དང་དུས་ཀྱི་དབང་གིས་ཞེས་པ་ནི། ཡུལ་སྒྲུབ་ལ་དམིགས་པ་དང་འཕགས་པ་མཆོད་པའི་དུས་སོ། །རྒོལ་བ་པ་ན་རེ། འོ་ན་དེ་དག་དེ་ལྟར་བསྲུང་བ་ཡིན་ནམ་འོན་ཏེ་གནང་བའི་དབྱེ་བས་ [150a.5]ཡང་ཡོད་ཅེ་ན། སྨྲས་པ། ཡང་ཡུལ་དང་དུས་ཀྱི་དབང་གིས་མི་འགོམ་པ་འགོམ་པའི་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཤུགས་ཀྱི་སྔགས་རྗོད་པར་བྱེད་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་གནས་པའི་སྒྲུབ་པ་པོ་དག་ནི་གནང་སྟེ། [150a.6]དེ་དག་གི་དབང་གིས་བྱས་ན་རྣལ་འབྱོར་ལ་ཉེས་པར་མི་འགྱུར་རོ། །དེ་ལྟར་ཡང་གཏན་ཚིགས་རྒྱུད་ལས་གསུངས་པ། མི་ཤེས་པ་དང་གཏི་མུག་དང་། དེ་བཞིན་ལེ་ལོའམ་མི་དྲན་པས། རྡོ་རྗེ་རི་མོ་ལ་སོགས་བརྫིས། །ངེས་པར་དམ་ཚིག་ཉམས་པར་འགྱུར། །ཞེས་གསུངས་ཏེ། [150a.7]རྡོ་རྗེ་ཤུགས་ཀྱི་སྔགས་མི་ཤེས་པ་དང་། ཕྱག་རྒྱ་ཆེན་པོའི་དོན་སྒོམ་པ་དང་། སྔགས་ཟློས་མི་ཤེས་པའི་གཏི་མུག་ཅན་དང་། ཤེས་བཞིན་དུ་ལེ་ལོ་བྱེད་པ་དང་། བག་མེད་པ་དག་གིས་བརྫིས་པ་དང་། འགོམས་པར་གྱུར་ན་དམ་ཚིག་ཉམས་པར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ནན་ཏན་ [150b] [150b.1]ཐམས་ཅད་ཀྱིས་ཞེས་པ་ནི། དཀྱིལ་འཁོར་འབྲི་དང་། ཕྱག་རྒྱ་འགོད་ཅིང་ལས་རྩོམ་པའི་ཚེ། ནན་ཏན་གྱིས་རྡོ་རྗེ་ཤུགས་དང་ལྡན་པར་བྱའོ། །བརྟག་པར་བྱ་ཞེས་པ་ནི། ཤེས་རབ་ཅན་གྱིས་བསྲུང་དགོས་པར་བསྟན་ཏོ། །ཁྱད་པར་དུ་ནི་དཀྱིལ་འཁོར་དུའོ་ཞེས་པ་ནི། དཀྱིལ་འཁོར་ [150b.2]འབྲི་བ་དང་། དཀྱིལ་འཁོར་དུ་འཇུག་པའི་ཚེ་ལྷའི་མཚན་མ་ལ་མི་འགོམ་པའི་ཕྱིར་ཁྱད་པར་དུ་ཡང་རྡོ་རྗེ་ཤུགས་ཀྱི་སྔགས་དང་། ཕྱག་རྒྱར་ལྡན་པར་བྱ་དགོས་པར་བསྟན་ཏོ། །རྡོ་རྗེ་ཤུགས་ལྡན་ཉེས་མི་འགྱུར། །ཞེས་པ་ནི། རྡོ་རྗེ་ཤུགས་ཀྱི་ཡོན་ཏན་ཏེ། དེ་དང་ལྡན་ན་ཉེས་པར་ [150b.3]མི་འགྱུར་བར་བཤད་དོ། །ཕྱག་རྒྱའི་རྣལ་འབྱོར་གྱི་དབང་དུ་བྱས་ནས་ཀྱང་དེ་བཞིན་དུ་གསུངས་ཏེ་ཞེས་པ་ནི། ལྷ་གང་ཡང་རུང་བའི་ཕྱག་རྒྱའི་རྣལ་འབྱོར་ལ་གནས་པ་དག་གིས་ནི་བརྫིས་པ་དང་། བགོམ་པ་བྱས་ཀྱང་ཉེས་པར་མི་འགྱུར་ཏེ། རྡོ་རྗེ་ཤུགས་དང་ལྡན་པ་དང་འདྲའོ། ། [150b.4]རྡོ་རྗེ་ཤུགས་ཞེས་བྱ་བའི་སྒྲའི་གནས་སུ་ཕྱག་རྒྱའི་རྣལ་འབྱོར་ཞེས་བྱ་བའི་སྒྲ་བརྗོད་པར་བྱའོ་ཞེས་པ་ནི། གོང་དུ་ཤུགས་ཞེས་བྱ་བའི་སྒྲར་བརྗོད་པ་བཞིན་དུ་ཕྱག་རྒྱའི་རྣལ་འབྱོར་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རི་མོའམ་རྡོ་རྗེ་སྲད་བུའང་རུང་། །ཞེས་པ་ནི་དཀྱིལ་འཁོར་འདྲི་བ་དང་ [150b.5]དེར་འཇུག་པར་འགྱུར་ན་རྡོ་རྗེ་ཤུགས་ཀྱི་སྔགས་དང་ཕྱག་རྒྱ་བཅིང་ཞིང་བརྗོད་པས་རི་མོ་དང་ཐིག་དང་ཚོན་གྱི་སྲད་བུ་དག་ཡིད་ཀྱིས་གྱེན་ཏུ་བཏེག་པར་བསམས་ལ་འབྱུང་འཇུག་བྱས་ན་དམ་ཚིག་ཉམས་པར་མི་འགྱུར་རོ་ཞེས་གསུངས་སོ། །བཛྲ་བེ་ག་ཨ་ཀྲ་མ་ཞེས་པ་ནི་རྡོ་རྗེ་ཤུགས་ཀྱི་ [150b.6]སྔགས་ཏེ། རྡོ་རྗེ་ཤུགས་ཀྱིས་གནོན་ཞེས་པའི་དོན་ཏོ། །རྒྱུད་གཞན་ལས་ནི་བཛྲ་བཛྲ་ཞེས་སྨྲ་ཞེས་བྱ་བ་འདི་ལྟར་ཡང་བཤད་དོ། །ཕྱག་རྒྱའི་སྦྱོར་བ་གཞན་དག་ཀྱང་། །ཞེས་པ་ནི། དེ་ཡང་དེ་ཁོ་ན་ཉིད་བསྡུས་པའི་གཞུང་འདི་ལས་གྲགས་པ་ནི་ཕྱིས་ཞེས་ཏེ། འོག་ནས་བཤད་ [150b.7]དོ། །དཔལ་མཆོག་དང་པོ་ལ་སོགས་པ། གཞུང་གཞན་ལས་སྤྱིར་སྨོས་པ་ནི་འདི་དག་སྟེ། རང་གི་ལྷ་ཡི་རྣལ་འབྱོར་གྱིས། །ཞེས་པ་ནི་དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་ལས་གང་ཡང་རུང་བ་གཅིག་རྣལ་འབྱོར་དུ་བྱས་ནས་ལྷ་ཐམས་ཅད་ [151a] [151a.1]ཀྱང་རྣལ་འབྱོར་དུ་བྱས་པར་འགྱུར་བས་ན། བདག་ཉིད་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་ཞེས་བྱའོ། །དཔེར་ན་བྱང་ཆུབ་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའ་ཁོ་ན་བསྒོམས་པས་ཀྱང་ལྷ་ཐམས་ཅད་བསྒོམས་པར་འགྱུར་རོ། །དེ་བས་འདི་ནི་ [151a.2]རབ་ཏུ་བརྟག །ཅེས་པ་ནི་དེ་བས་ལྷའི་རྣལ་འབྱོར་འདི་ནི་རབ་ཏུ་བརྟག་པར་བྱ་སྟེ། རྟག་ཏུ་བསྒོམ་པའི་ཡིན་ནོ། །ཕྱག་རྒྱ་ཐམས་ཅད་ཀྱི་སྦྱོར་བ་རབ་ཏུ་གསང་བའོ་ཞེས་པ་ནི་ཡེ་ཤེས་ཀྱི་ལྷ་རྣམས་བསྒོམ་པར་བྱ་བ་ནི་ཐབས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་སྤྱིར་བསྟན་པ་འདི་ནི་སྣོད་དུ་མ་གྱུར་བའི་ [151a.3]འགྲོ་བ་རྣམས་དང་། ལྷའི་ཁ་དོག་དང་། དབྱིབས་དང་། མཚན་མ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་སྤྲུལ་པ་ཡིན་པར་མི་ཤེས་པ་རྣམས་ལ་གསང་བར་གསུངས་སོ། །རྣལ་འབྱོར་གྱི་སྒྲ་ཡང་དེ་ཉིད་དུ་གཙོ་བོར་བསྟན་ཏེ་ཞེས་པ་ནི། རྣལ་འབྱོར་ཞེས་བརྗོད་པའི་སྒྲས་དེ་ཡང་དངོས་པོ་ [151a.4]དེ་ལྟར་བསྟན་པ་དེ་ཁོ་ན་ཡིན་པར་འདོད་དེ། དཔེར་ན་རྫས་མང་པོ་བསྡུས་པ་ལ་སྦྱོར་བ་གྲུབ་པ་དེ་བཞིན་དུ་ཞེས་པ་ནི། དཔེར་ན་སྨན་གྱི་རྣམ་པ་ལ་སོགས་པའི་རྫས་མང་པོ་བསྡུས་པ་ལ་དངོས་པོ་གཅིག་ཏུ་གྲགས་པ་དག་ཡོད་པ་དེ་བཞིན་དུ་ཕྱག་རྒྱ་ཐམས་ཅད་བདག་ཏུ་སྦྱོར་བས་ཞེས་པ་ནི། [151a.5]ཕྱག་རྒྱ་བཞིའི་ཚུལ་གྱིས་དེའི་རང་བཞིན་དུ་བསྒོམས་པས་ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་དུ་བྱས་པ་ཡིན་ཏེ། དེའི་དམ་ཚིག་གི་རྣལ་འབྱོར་ཞེས་བྱ་བར་རྒྱུད་ལས་གསུངས་སོ། །ཕྱག་རྒྱ་ཀུན་དུ་བདག་སྦྱོར་བས། །ཞེས་པ་ནི། ཕྱག་རྒྱ་བཞིའི་རང་བཞིན་དུ་བདག་སྦྱོར་བ་བྱས་པའོ། ། [151a.6]དབྱིབས་དང་ཆ་ལུགས་ནི་འདྲ་བར། །ཞེས་པ་ནི་ཁ་དོག་གི་བྱེ་བྲག་དང་དབྱིབས་ཀྱི་ཁྱད་པར་རོ། །བདག་ཉིད་ལ་ནི་བདག་ཉིད་དུ། །ཞེས་པ་ནི་བདག་ཉིད་ནི་བདག་ཉིད་དམ་ཚིག་སེམས་དཔར་བསྒོམས་པ་ལ་བྱའོ། །བདག་ཉིད་དུ་ཞེས་པ་ནི། ཡེ་ཤེས་སེམས་དཔའ་དེ་གཞུག་པར་བྱའོ། ། [151a.7]ཡང་དག་བཀོད་དེ་རྗེས་སུ་བསྒྲུབ། །ཅེས་པ་ནི། བཅུག་ནས་གཉིས་སུ་མེད་པར་བྱས་ལ་དེའི་རྗེས་སུ་བསྒྲུབ་པ་སྟེ། དེ་ཡང་གཞུག་པའི་ཐབས་ནི་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་དང་སྔགས་སུ་ལྡན་པའི་ཆོ་གའི་རིམ་པས་བྱ་བར་གསུངས་སོ། །སྦྱོར་བའི་རྒྱུད་གཞན་ལས་ཀྱང་ [151b] [151b.1]གསུངས་པ། རྡོ་རྗེ་སེམས་དཔར་བདག་སྦྱོར་བ། །ཞེས་པ་ནི། བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དུ་སྦྱོར་བའོ། །དབྱིབས་དང་ཆ་ལུགས་ཅི་འདྲ་བར། །ཞེས་པ་ནི། སྐུ་མདོག་དང་ཕྱག་མཚན་དང་ཆ་ལུགས་སོ། །ཕྱག་རྒྱ་ཀུན་དུ་ཞེས་པ་ནི་ཕྱག་རྒྱ་བཞི་པོ་དག་གོ། །མི་ [151b.2]འགྱུར་དམ་པ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་མི་འགྱུར་བའི་རང་བཞིན་དེ་འགྲུབ་པར་མི་འགྱུར་རོ་ཞེས་གསུངས་སོ། །རྗེས་སུ་སྒྲུབ་པ་དེ་ཡང་དེ་ཉིད་ལས་ཞེས་པ་ནི། གང་ནས་རྗེས་སུ་བཀོད་དེ་རྗེས་སུ་བསྒྲུབ་ཅེས་བསྟན་པ་དེ་ཡང་རྒྱུད་འདི་ཉིད་ལས་རྒྱས་པར་བཤད་དེ། ལྷ་ཉིད་ [151b.3]གང་དང་གང་དག་གི། །ཕྱག་རྒྱ་གང་དང་གང་བཅིངས་པ། །དེ་དང་དེ་ཡི་རྣལ་འབྱོར་གྱིས། །ཕྱག་རྒྱ་དེ་དང་དེ་འགྲུབ་བོ། །ཞེས་གསུངས་པ་ནི། །ལྷ་གང་དང་གང་བསྒྲུབ་པར་འདོད་པ་དེ་ཉིད་ཀྱི་ཕྱག་རྒྱ་གང་དང་གང་ཡིན་པ་བཅིངས་ཤིང་བསྒོམས་ན། གང་ལྟར་བཅིངས་ཤིང་ [151b.4]བསྒོམས་པའི་ལྷ་དེ་དང་དེའི་རྣལ་འབྱོར་གྱིས་གང་འདོད་པ་དེ་བསྒྲུབ་ཅེས་བསྟན་ཏོ། །སྤྱིའི་དམ་ཚིག་མདོར་བསྡུས་པ་ཞེས་པ་ནི་ལྷ་ཀུན་གྱི་ཐུན་མོང་གི་དམ་ཚིག་དེ་གཅིག་ཏུ་བསྡུས་ནས་བསྟན་པའོ། །སྤྱིའི་དམ་ཚིག་བཤད་ཟིན་ཏོ།། །།ད་ནི་ཁྱད་པར་གྱི་དམ་ཚིག་གི་དོན་ [151b.5]བཤད་པར་བྱ་སྟེ། །དེ་ལ་ཡང་རྒོལ་བ་པ་ན་རེ། ལྷ་གང་གྲངས་མེད་ཅིང་བརྗོད་ཀྱིས་མི་ལང་བ་དག་ཡོད་ན་དེ་དག་ཀུན་གྱི་དམ་ཚིག་བརྗོད་ན་ནི་ཇི་སྲིད་འཚོ་བའི་བར་དུ་བརྗོད་པས་ཀྱང་མི་རྫོགས་པར་འགྱུར་ལ། གལ་ཏེ་འགའ་ཙམ་ཁོ་ནའི་བརྗོད་ན་ནི་དེའི་སྒྲ་ཡང་མི་འཇུག་པར་འགྱུར་ [151b.6]ན། འདི་ལྟར་བརྗོད་པ་ཇི་ལྟར་སྟོན་པར་བྱེད་ཅེ་ན། སྨྲས་པ། གཞུང་འདི་ལྟར་ལྷ་སོ་སོར་ངེས་པའི་དམ་ཚིག་བསྟན་པས་ན། དམ་ཚིག་ཀྱང་རྣམ་པ་ལྔར་གསུངས་སོ་ཞེས་བརྗོད་དོ། །ལྷ་ཇི་སྙེད་པོ་དག་ཀྱང་གྲངས་འདི་ལྟར་ངེས་པ་དམ་ཚིག་ཀྱང་འདིར་བཞིན་དུ་གསུངས་སོ། ། [151b.7]ཡང་རྒོལ་བ་པ་ན་རེ། འོ་ན་འདིར་དམ་ཚིག་ལྔར་བསྟན་པ་འདི་ལྷ་ཡང་དེ་ལྟར་ཤེས་པར་བྱ་བ་ཡིན་ནམ་ཞེ་ན། སྨྲས་པ། གང་གི་ཕྱིར་འདི་ལ་ལྷ་རྣམ་པ་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་བདག་པོ་བདེ་བར་གཤེགས་པ་ཞེས་པ་ནི། བདེ་བར་གཤེགས་པ་ [152a] [152a.1]ལྔ་གཅིག་ཏུ་བསྡུས་པའི་བདག་ཉིད་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དེ་ལས་བྱུང་བའི་རིགས་ཞེས་པ་ནི། དེ་བཞིན་གཤེགས་པའི་རིགས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཏེ། དེ་དག་ནི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་བྱུང་ [152a.2]བའི་ཕྱིར་དེ་ལས་བྱུང་བའི་རིགས་ཞེས་བྱའོ། །རྡོ་རྗེ་དང་པདྨ་དང་རིན་པོ་ཆེའི་རིགས་ཀྱང་དེ་དག་ལས་བྱུང་བའི་ཕྱིར་དེ་ལྟར་གྲགས་སོ། །དེ་ལྟར་ན་ལྷ་རྣམ་པ་ལྔར་བསྟན་པའི་བྱེ་བྲག་གིས་འདི་ནི་བསྡུས་ཏེ་བསྟན་པར་རིག་པར་བྱའོ། །འོ་ན་རྣམ་པར་སྣང་མཛད་ལ་སོགས་པ་ལ་ [152a.3]རིགས་ལྔར་འདོད་པ་དེ་དག་དང་མི་མཐུན་པར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེའང་མི་མཐུན་པ་མེད་དེ། དེ་རབ་ཏུ་ཕྱེ་སྟེ་བཤད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ལྔ་རྣམས་གཅིག་ཏུ་གྱུར་པ་ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། ། [152a.4]དོན་ལྔར་བཤད་པ་རྣམ་པ་ལྔར་བརྟགས་པ་སྟེ་ཞེས་པ་ནི། རིགས་ལྔའོ་ཞེས་གོང་དུ་བཤད་པ་བཞིན་ནོ། །རྒོལ་བ་པ་ན་རེ། འོ་ན་དེ་དག་དེ་ལྟར་བརྗོད་པ་ལྟར་ཡིན་གྱི་གཞན་དུ་ནི་མ་ཡིན་ནམ། འོ་ན་གཞན་དུ་འདོད་པ་དག་ཀྱང་ཡོད་ཅེ་ན། སྨྲས་པ། དེ་རྣམས་སོ་སོ་ལས་ཀྱང་ [152a.5]རིགས་སུ་གྱུར་པས་ན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་རིགས་གཅིག་པུ་ལས་ཀྱང་རིགས་རྣམ་པ་ལྔར་གྱུར་པ་ཡོད་དོ། །རྒོལ་བ་པ་ན་རེ། འོ་ན་འདིར་ནི་འདི་ལྟར་ཡང་བསྟན་ལ་གཞན་དག་ནས་རིགས་མཐའ་ཡས་སོ་ཞེས་ཀྱང་ཟེར་ན། དེ་ལྟར་ [152a.6]སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། གཞུང་ཆེན་པོ་ལས་ནི་དེ་བཞིན་གཤེགས་པ་མཐའ་ཡས་པའི་ཕྱིར་དེ་དག་གི་རིགས་ཀྱང་མཐའ་ཡས་པར་སྲིད་དོ་ཞེས་གསུངས་ཏེ། དེ་ཁོ་ན་ཉིད་བསྡུས་པའི་འབུམ་སྡེ་སྟོང་ཕྲག་བརྒྱ་པ་ལས་ནི། དེ་བཞིན་གཤེགས་པ་མཐའ་ཡས་བསམ་ [152a.7]གྱིས་མི་ཁྱབ་པས་དེ་དག་གི་རིགས་ཀྱང་གྲངས་གཅིག་དང་དུ་མར་ངེས་པ་མེད་དེ་མཐའ་ཡས་སོ་ཞེས་འབྱུང་ངོ་། །རྒོལ་བ་པ་ན་རེ། འོ་ན་དེ་ཉིད་ལས་རིགས་ལྔའོ་ཞེས་ཀྱང་བཤད་ན། དེ་གཉིས་མི་མཐུན་པར་སྟོན་པ་འགལ་བས་སྐྱོན་དུ་འགྱུར་རོ་ཞེ་ན། སྨྲས་པ། རིགས་སྔར་བཤད་ [152b] [152b.1]པ་ཡང་བསྡུས་ཏེ་བཤད་པ་ཉིད་དུ་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་རྣམ་པ་བརྒྱའོ་ཞེས་ཚིག་ཏུ་བརྗོད་ཀྱང་དོན་དུ་རྣམ་པ་ལྔ་ལས་མེད་དོ་ཞེས་བཤད་དོ། །རྒོལ་བ་པ་ན་རེ། འོ་ན་དེ་དག་དེ་ལྟར་ངེས་པར་བརྟག་གམ་འོན་ཏེ་གཞན་དུ་འགྱུར་ཞེ་ན་སྨྲས་པ། རྡོ་རྗེ་དང་པདྨོ་ [152b.2]དང་། རིན་པོ་ཆེའི་རིགས་ཀྱང་རེ་རེ་ལས་ཀྱང་དཀྱིལ་འཁོར་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་རིགས་ལ་ཡང་དཀྱིལ་འཁོར་རྣམ་པ་བཞིར་འགྱུར་ལ། ཕྱི་མའང་དེ་བཞིན་དུ་འགྱུར་བར་ཤེས་པར་བྱ་སྟེ། དེ་ལ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བཞིན་འཇིག་ [152b.3]རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། ཞེས་པར་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཆེན་པོར་མི་བསྐྱོད་པའི་གནས་ན་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ་བཞུགས་ནས་ཁམས་གསུམ་གྱི་སེམས་ཅན་མ་རུངས་པའི་གདུག་པ་ཅན་དང་། ཁམས་གསུམ་གྱི་བདག་པོ་འཁོར་ [152b.4]དང་བཅས་པ་འདུལ་བའི་ཕྱིར་བསྟན་པའོ། །རྡོ་རྗེ་དབང་སྒྱུར་དང་ཞེས་པ་ནི། རིན་ཆེན་འབྱུང་ལྡན་གྱི་གནས་ན་རྡོ་རྗེ་དབང་སྒྱུར་ཞེས་བྱ་བ་བཞུགས་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོའི་ལོངས་སྤྱོད་ལ་ལོངས་སྤྱོད་པར་མཛད་པའོ། །རྡོ་རྗེ་སྡེ་ཞེས་པ་ནི་སྣང་བ་མཐའ་ཡས་ཀྱི་ [152b.5]གནས་ན་རྡོ་རྗེ་སྡེ་ཞེས་བྱ་བ་བཞུགས་ནས་གོང་དུ་སྨོས་པའི་བདེ་བ་ལ་ལོངས་སྤྱོད་ཅིང་དེ་དག་གི་མགོན་དུ་གྱུར་པར་མཛད་པའོ། །རྡོ་རྗེ་དབབ་པ་ཞེས་པ་ནི། གདོན་མི་ཟ་བར་གྲུབ་པའི་གནས་ན་རྡོ་རྗེ་འབེབས་པ་ཞེས་བྱ་བ་བཞུགས་ནས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན། [152b.6]ལྷ་མ་རུངས་པ་དང་སེམས་ཅན་ཐམས་ཅད་འདུལ་བར་མཛད་པ་སྟེ། འདི་དག་ནི་རྡོ་རྗེའི་རིགས་སུ་གསུངས་པའོ། །པདྨའི་རིགས་སུ་བཞི་གསུངས་པ་ལ། འགྲོ་བ་འདུལ་བ་ཞེས་པ་ནི་པདྨའི་རིགས་ཀྱི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་མི་བསྐྱོད་པ་ལ་སོགས་པའི་ [152b.7]སངས་རྒྱས་དེ་དག་མིང་དང་མཚན་མ་གཞན་དུ་བསྟན་པ་སྟེ། མི་བསྐྱོད་པའི་གནས་ན་འགྲོ་བ་འདུལ་བ་ཞེས་བྱ་བ་བཞུགས་ནས་ལྷ་མི་ལ་སོགས་པ་འགྲོ་རྣམས་འདུལ་བར་མཛད་པའོ། །སངས་རྒྱས་ཐོར་ཚུགས་ཞེས་པ་ནི། རིན་ཆེན་འབྱུང་བའི་གནས་ན་སངས་རྒྱས་ཐོར་ [153a] [153a.1]ཚུགས་ཞེས་བྱ་བ་བཞུགས་ནས་རབ་ཏུ་དགའ་བ་ལ་སོགས་པ་བཅུ་པ་རྣམས་ཀྱི་གཙོ་བོ་སངས་རྒྱས་ཀྱི་སར་མཛད་པའོ། །ཏིང་ངེ་འཛིན་གྱི་པདྨ་ཞེས་པ་ནི། སྣང་བ་མཐའ་ཡས་ཀྱི་གནས་ན་པདྨོའི་ཏིང་ངེ་འཛིན་ཞེས་བྱ་བ་བཞུགས་ནས། མཉམ་པ་ཉིད་ཀྱི་ཡེ་ [153a.2]ཤེས་ཀྱིས་ཆོས་ཐམས་ཅད་རྣམ་པར་དག་པར་རྟོགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའོ། །སྣ་ཚོགས་ཀྱི་པདྨ་ཞེས་པ་ནི་གདོན་མི་ཟ་བར་གྲུབ་པའི་གནས་ན་སྣ་ཚོགས་ཀྱི་པདྨའི་མདུང་རྩེ་ཞེས་བྱ་བ་འདི་བཞུགས་ཏེ། སྒོ་གསུམ་གྱི་སྤྱོད་པ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་ [153a.3]པའི་ཚུལ་དུ་སྤྱོད་པར་མཛད་པའོ། །རིན་པོ་ཆེའི་རིགས་སུ་བཞི་གསུངས་པ་ལ། དོན་ཐམས་ཅད་གྲུབ་པ་ཞེས་པ་ནི་རིན་པོ་ཆེའི་རིགས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་མི་བསྐྱོད་པའི་གནས་ན་འགྲོ་བ་འདུལ་བ་ཞེས་བྱ་བ་བཞུགས་ནས་འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་ [153a.4]དོན་མཛད་པའོ། །རིན་ཆེན་ལྟ་བ་ཞེས་པ་ནི། རིན་ཆེན་འབྱུང་བའི་གནས་ན་རིན་ཆེན་ལྟ་བ་ཞེས་བྱ་བ་བཞུགས་ནས། འགྲོ་བ་ཕོངས་པ་རྣམས་ལ་རེ་བ་ཡོངས་སུ་སྐོང་བར་མཛད་པའི་སྤྱན་གཟིགས་པའོ། །རིན་པོ་ཆེ་པདྨ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་གནས་ན་རིན་ [153a.5]ཆེན་པདྨ་ཞེས་བྱ་བ་བཞུགས་ནས་འགྲོ་པ་ཕོངས་པར་གྱུར་པའི་ཉེས་པ་སེལ་བར་མཛད་པའོ། །རིན་ཆེན་དབབ་པ་ཞེས་པ་ནི། གདོན་མི་ཟ་བར་གྲུབ་པའི་གནས་ན་རིན་ཆེན་འབབ་པ་ཞེས་བྱ་བ་བཞུགས་ནས་དགོས་པ་ཐམས་ཅད་འབེབས་པར་བྱེད་པའོ། །རྒོལ་བ་པ་ན་རེ། འོ་ [153a.6]ན་རིགས་བཞི་དང་དཀྱིལ་འཁོར་བཞིར་བཤད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། བསྡུས་ཏེ་བཤད་ན་ནི་རིགས་བཞིར་བཤད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་རིགས་ནི་རིན་པོ་ཆེའི་རིགས་སུ་འདུས་པར་བསྟན་ཏོ། །རྒོལ་བ་པ་ན་རེ། །འོ་ན་ཅིའི་ཕྱིར་དེར་འདུས་ [153a.7]པར་སྟོན་ཞེ་ན། སྨྲས་པ། བླ་ན་མེད་པའི་མཚན་དང་དཔེ་བྱད་རིན་པོ་ཆེ་སྣ་ཚོགས་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ན་དེ་ལྟར་བསྟན་ཏོ། །རྒོལ་བ་པ་ན་རེ། འོ་ན་གོང་དུ་རིགས་ཀྱི་དབྱེ་བ་རྒྱས་པར་བསྟན་ཟིན་ན། ཡང་འདིར་འདི་ལྟར་སྟོན་ཅི་དགོས་ [153b] [153b.1]ཤེ་ན། སྨྲས་པ། རྡོ་རྗེ་རྩེ་མོ་ལས་ནི་ཇི་ལྟར་བརྟགས་པའི་བྱེ་བྲག་དེ་ལ་བརྟེན་ནས་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ཡོ་ག་འབུམ་སྡེ་ལས་གསུངས་པ་དེའི་གཞུང་བཟུང་ནས་ལས་དང་རིན་པོ་ཆེ་གཉིས་རིགས་སོ་སོར་ཕྱེ་བ་བསྟན་པས་རིགས་ལྔ་ཞེས་གྲགས་སོ། །རྒོལ་བ་པ་ན་རེ། འོ་ན་ [153b.2]བདུད་རྩི་འབྱུང་བ་ལས་ནི་རིགས་བཞི་ཞེས་འབྱུང་བས་དེ་དང་དེ་དག་ཀྱང་མི་མཐུན་པར་གྱུར་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། བདུད་རྩི་འབྱུང་བ་ལས་ནི་དེ་ལྟར་བརྟགས་པ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་རིགས་ནི་དེ་བཞིན་གཤེགས་པའི་རིགས་སུ་འདུས་པར་བསྟན་པ་ [153b.3]ནི་རིགས་བཞིར་བརྗོད་དོ། །རྒོལ་བ་ན་རེ་དེ་ལྟར་རིགས་བཞིར་བསྡུ་བ་ཅི་དགོས་ཤེ་ན། སྨྲས་པ། དེ་ལྟར་རྣམ་པ་དེས་རྒྱུད་འདིར་རིགས་བཞིར་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་རིགས་མང་པོར་བཤད་པའི་རྣམ་པ་དེས་ནི་རྩ་བའི་རྒྱུད་ [153b.4]འདིར་རིགས་བཞིར་བསྡུས་ཏེ། བསྟན་པས་དེ་བཞིན་གཤེགས་པ་དེ་དག་གི་སྐུ་མི་ཟད་པར་བཀོད་པ་དང་། གསུང་མི་ཟད་པར་བཀོད་པ་དང་། ཐུགས་མི་ཟད་པར་བཀོད་པ་དང་། སྦྱོར་བ་མི་ཟད་པར་བཀོད་པ་དག་བསྟན་པའི་ཕྱིར་དེ་སྐད་བརྗོད་དོ། །རྒོལ་བ་པ་ན་རེ། འོ་ན་རིགས་བཞི་ [153b.5]ཞེས་བརྗོད་པས་ཆོག་མོད། དེ་དག་གི་དཀྱིལ་འཁོར་ཡང་རྣམ་པ་བཞིར་སྟོན་པ་འཕེལ་འགྲིབ་ཏུ་གྱུར་ན་ཅི་འགལ་ཞེ་ན། སྨྲས་པ། དེ་བཞིན་དུ་རིགས་བཞི་རྣམས་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་རིགས་བཞིར་བརྗོད་པ་ཡང་དཀྱིལ་འཁོར་ཆེན་པོ་བཞི་འབྱུང་ [153b.6]བ་དང་། རིམ་བཞིན་དུ་སྦྱར་ཏེ། གཟུགས་ཀྱི་སྐུར་བཀོད་པའི་ཕྱིར་ཞེས་པ་ནི། དང་པོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་པ་ནི་གཟུགས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་བཀོད་པའི་ཕྱིར། སྐུ་མི་ཟད་པར་བཀོད་པའི་མཛོད་དང་། རྣམ་པར་སྤྲུལ་པ་གྲངས་མེད་པ་དག་བསྡུས་ནས་ [153b.7]བསྟན་པ་སྟེ། དེ་བཞིན་གཤེགས་པའི་རིགས་ཏེ་སྐུའི་དཀྱིལ་འཁོར་དང་སྦྱར་རོ། །དམ་ཚིག་གི་དཀྱིལ་འཁོར་ནི་ཞེས་པ་སྟེ། དམ་ཚིག་གི་དཀྱིལ་འཁོར་བསྟན་པ་ནི། རྡོ་རྗེའི་རིགས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཏེ། ཐུགས་ཡེ་ཤེས་ཀྱིས་ཇི་ལྟར་རྟོགས་པའི་ [154a] [154a.1]རྣམ་པར་གྲོལ་བའི་སྒོ་མཚོན་པར་བྱེད་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་དེར་རྣམ་པར་བཀོད་པའི་ཉེ་བའི་མཚན་ཉིད་ཐུགས་མི་ཟད་པ་རྣམ་པར་བཀོད་པའི་མཛོད་རྣམ་པར་སྤྲུལ་པ་གྲངས་མེད་པ་དག་བསྡུས་ནས་བསྟན་པ་སྟེ། ཐུགས་ཀྱི་དཀྱིལ་འཁོར་དང་སྦྱར་རོ། །ཆོས་ཀྱི་ [154a.2]དཀྱིལ་འཁོར་ཞེས་པ་ནི་པདྨོའི་རིགས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཏེ་གསུང་མི་ཟད་པའི་ཆོས་ཉིད་རྟོགས་པའི་དོན་གཞན་ལ་སྟོན་པའི་ཐབས་མཚོན་པར་བྱེད་པའི་ཆོས་ཀྱི་ཕྱག་རྒྱའི་ཡིག་འབྲུ་རྣམས་སུ་བཀོད་པ་སྟེ། དེ་བཞིན་གཤེགས་པའི་གསུང་གི་བདག་ཉིད་བསྡུས་ཏེ་བསྟན་པའོ། །དེ་ལ་ [154a.3]ཐབས་སྤྱོད་པ་ཞེས་པ་ནི་ཆོས་སྟོན་པའི་རྒྱུ་མཚོན་པའོ། །མཉམ་པར་གཞག་པ་ཞེས་པ་ནི་ཆོས་ཀྱི་ཡི་གེའོ། །རྣམ་པར་བཀོད་པའི་གནས་པ་ཞེས་པ་ནི། ལྷ་རྣམས་ཀྱི་ངག་ལ་གནས་པ་ཡིན་ལ། ཆོས་ཀྱི་དཀྱིལ་འཁོར་གྱི་རྒྱུ་བཀོད་པའི་གནས་པ་ཡང་ཡིན་ནོ། །ལྷ་ཞེས་པ་ནི་དེ་དག་ [154a.4]ཉིད་དོ། །དེ་བཞིན་དུ་ལས་ཀྱི་དཀྱིལ་འཁོར་ཡང་ཞེས་པ་རིན་པོ་ཆེའི་ནང་དུ་ལས་ཀྱི་རིགས་བསྡུས་ཏེ། དེའི་དཀྱིལ་འཁོར་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཏེ་འཕགས་པ་མཆོད་པ་དང་། འགྲོ་བའི་དོན་བྱེད་པའི་ལྷ་དག་བཀོད་དམས། དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་བདག་ [154a.5]ཉིད་བསྡུས་ནས་བསྟན་པའོ། །རྒོལ་བ་པ་ན་རེ། འོ་ན་རྣམ་པ་འདི་ལྟ་བུའི་བྱེ་བྲག་ཏུ་སྟོན་པར་བྱེད་པ་འབྲེལ་པ་ཅན་གྱི་མཚན་ཉིད་དུ་མི་རུང་བ་ཡིན་ནམ། དེ་ནི་སེམས་ཅན་ཡང་དེ་བཞིན་དུ་འགྱུར་བར་འོས་ན། དེ་ལྟར་མ་ཡིན་ལ། གལ་ཏེ་འབྲེལ་པ་ཅན་གྱི་མཚན་ཉིད་དུ་རུང་བ་ཞིག་ཡིན་ [154a.6]པར་འགྱུར་ན་ནི། འདི་ལྟར་སྟོན་པར་མཛད་ཅིའི་ཕྱིར་ཞེ་ན། སྨྲས་པ། རིམ་པ་འདིས་ནི་སྐུ་ལ་སོགས་པ་རྣམ་པ་བཞིའི་གཙོ་བོར་གྱུར་པའི་ཕྱིར་ཞེས་བྱ་བ་ལ་སོགས་གསུངས་ཏེ། དེ་ལ་རིམ་པ་འདིས་ནི་ཞེས་པ་ནི་སྐུ་ལ་སོགས་པར་བསྟན་པའི་རིམ་པ་འདིའོ། །སོགས་ཀྱི་སྒྲས་ནི་ལྷག་ [154a.7]མ་གསུམ་བསྡུའོ། །དཀྱིལ་འཁོར་རྣམ་པ་བཞིར་ཞེས་པ་ནི། དེ་བས་ན་དཀྱིལ་འཁོར་ཡང་རྣམ་བཞི་ཁོ་ནར་གསུངས་སོ། །མོད་ཀྱི་ཞེས་པ་ནི། མ་ངེས་པའི་ཚིག་གོ། །འོན་ཀྱང་ཞེས་པ་ནི་དེ་ལ་སོགས་པའི་ཚིག་སྟེ། ལུས་མེད་པའི་སེམས་ཀྱང་མི་སྲིད་ལ་ཞེས་བྱ་བ་དག་གོ། ། [154b] [154b.1]དཀྱིལ་འཁོར་སོ་སོར་ལ་ཡང་ཞེས་པ་ནི། གོང་དུ་བསྟན་པའི་སྐུའི་དཀྱིལ་འཁོར་དང་། གསུང་གི་དཀྱིལ་འཁོར་དང་། ཐུགས་ཀྱི་དཀྱིལ་འཁོར་དང་། ཕྲིན་ལས་ཀྱི་དཀྱིལ་འཁོར་སོ་སོར་ཕྱེ་ནས་བསྟན་པ་དེ་དག་རེ་རེ་ལ་ཡང་སོ་སོ་ནས་སྐུ་གསུང་ཐུགས་དང་ཕྲིན་ལས་བཞི་ཆར་དགོས་པར་བལྟའོ། ། [154b.2]རྒོལ་བ་པ་ན་རེ། འོ་ན་དེ་ལྟར་ཡིན་ན། དེའི་གཏན་ཚིགས་ཇི་ལྟ་བུ་ཡིན་པ་དེ་བརྗོད་དགོས་སོ་ཞེ་ན། སྨྲས་པ། དེ་བས་ན་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རིགས་ཀྱི་ཞེས་པ་ནི་སོ་སོའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དོ། །སྐུ་ལ་ [154b.3]སོགས་པའི་ཞེས་པ་ནི་དེ་དག་ཚང་བར་མངའ་བའི་རྟགས་སམ། མཚན་མར་སྐུ་ལ་སོགས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིམ་བཞིན་སྒྲུབ་ཐབས་འདིར་འཆད་དོ། །རྒོལ་བ་པ་ན་རེ། འོ་ན་དེ་ལྟ་བུའི་རིགས་ཀྱི་དབྱེ་བ་དང་བསྡུ་བ་དེ་དག་རྣམ་གྲངས་སུ་གླེང་བར་བྱེད་ཅི་ [154b.4]དགོས་ཤེ་ན། སྨྲས་པ་དེ་བས་ན་སྐུ་ལ་སོགས་པའི་ལྷ་རྣམས་རིགས་བཞིར་གསུངས་པ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་མཉེས་པར་བྱ་བའི་ཕྱིར། རིགས་སོ་སོའི་དམ་ཚིག་སྤྱོད་པའི་མཚན་ཉིད་རིགས་ཀྱི་བྱེ་བྲག་ལས་བསྡུས་ཏེ་བཤད་པར་བྱའོ་ཞེས་གསུངས་སོ། །དེ་ལ་ [154b.5]སྐུ་ལ་སོགས་པའི་ལྷ་རྣམས་ཞེས་པ་ནི། སྐུ་ཕྱག་རྒྱ་ཆེན་པོ་དང་། གསུང་ཆོས་ཀྱི་ཕྱག་རྒྱ་དང་། ཐུགས་དམ་ཚིག་གི་ཕྱག་རྒྱས་བསྡུས་པའི་ལྷ་རྣམས་སོ། །རིགས་བཞིར་གསུངས་པ་ཞེས་པ་ནི་དེ་ཉིད་དོ། །དེ་བཞིན་གཤེགས་པ་ལ་སོགས་པའི་ཞེས་པ་ནི། རིགས་བཞིའི་ [154b.6]དེ་བཞིན་གཤེགས་པའོ། །སོགས་ཀྱི་སྒྲས་ནི་འཁོར་གཞན་དུ་སྡུད་པར་བྱེད་པའོ། །སྤྱོད་པའི་མཚན་ཉིད་ཅེས་པ་ནི། སྒོ་གསུམ་ནས་བསྡམ་ཞིང་བསྲུང་བར་བྱ་བ་ཡིན་པས་དེ་ཡང་ལུས་ལ་སོགས་པའི་སྤྱོད་པའི་མཚན་ཉིད་དུ་བསྟན་ཏོ། །རིགས་ཀྱི་བྱེ་བྲག་ལས་ཞེས་པ་ནི། [154b.7]རིགས་བཞི་བསྟན་པ་དེ་དག་གི་སོ་སོའི་དམ་ཚིག་རྒྱུད་ལས་ཇི་སྐད་གསུངས་པ་དེ་འདིར་ཕྱོགས་གཅིག་ཏུ་བསྡུས་ཏེ་བཤད་པར་བྱའོ་ཞེས་གསུངས་ཏེ། དེ་དག་གསལ་བར་བསྟན་པའི་ཕྱིར། རིགས་ཀྱི་རྣམ་པར་དབྱེ་བ་ཡང་བསྡུ་བ་དག་རྣམ་གྲངས་སུ་རྒྱས་པར་གླེང་བ་ཡིན་པར་རིག་ [155a] [155a.1]པར་བྱའོ། །འོ་ན་དེ་ལྟར་བསྟན་པར་འདོད་པའི་རིགས་སོ་སོའི་དམ་ཚིག་གི་བྱེ་བྲག་དེ་དག་ཇི་ལྟ་བུ་ཁོ་ནར་འདོད་ཅེ་ན། སྨྲས་པ། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་ཅེས་ [155a.2]པ་ནི། དེ་བཞིན་གཤེགས་པ་ལྔར་བརྗོད་པ་ལས་དང་པོར་དེ་བཞིན་གཤེགས་པའི་རིགས་བཞི་སྔར་སྟོན་པའི་དང་པོར་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་བསྟན་པ། གང་དག་འདོད་ཆགས་སྙོམས་འཇུག་པ། །ཞེས་པ་ནི་སྒྲུབ་པ་པོ་གང་དག་བདེན་པ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་དོན་ [155a.3]ལ་གཞོལ་ཞིང་སྙོམས་པར་འཇུག་པའོ། །དེ་ནི་འདོད་ཆགས་ཉིད་ཀྱིས་སྦྱང་། །ཞེས་པ་ནི། བྱང་ཆུབ་སེམས་རྣམ་གཉིས་ལ་གོམས་པར་བྱེད་ཅིང་དེ་ལ་རྗེས་སུ་ཆགས་པས་འགྲོ་བ་སྨིན་པ་དང་། གྲོལ་བར་བྱེད་པ་ལ་ནི་སྦྱང་ཞེས་བྱའོ། །འདི་ནི་སངས་རྒྱས་ཕྱག་རྒྱ་སྟེ། །ཞེས་པ་ནི། [155a.4]བདེན་པ་གཉིས་ཀྱི་དོན་དེ་ཁོ་ན་ཉིད་ཐོབ་ཅིང་རྟོགས་པར་བྱ་བའི་མཚན་མའམ། རྟགས་སམ་བརྡ་ལ་སོགས་པའི་མཚན་ཉིད་དེ་ལྟ་བུ་དག་བསྟན་ཏོ། །ཡེ་ཤེས་དམ་ཚིག་ཡིན་པར་བཤད། །ཅེས་པ་ནི། དེ་ནི་ཡེ་ཤེས་ཀྱི་རང་བཞིན་པས་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་ [155a.5]ཡིན་པར་བཤད་དོ། །འདིར་འདོད་ཆགས་ལ་སྙོམས་པར་འཇུག་པ་ཞེས་བྱ་བའི་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་ནི། སློབ་དཔོན་གྱིས་གོང་མ་དེའི་དོན་སླར་བཀྲོལ་བའི་ཚིག་སྟེ། ཆགས་པར་ནན་ཏན་བྱའོ་ཞེས་པ་ནི་སྙིང་རྗེས་ཆགས་པར་བྱ་ཞིང་གཞན་གྱི་དོན་བྱ་བ་དེ་དག་ལ་ནན་ [155a.6]ཏན་བྱ་སྟེ། དེ་ཁོ་ན་སྦྱང་བ་ཡིན་པར་བཤད་དོ། །དེ་བཞིན་གཤེགས་པའི་རིགས་ཀྱིས་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བཤད་པའོ། །རྣམ་གཅིག་ལ་ལ་ན་རེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་རྣམས་ཀྱི་དམ་ཚིག་ཡིན་ཞེས་ཀྱང་ཟེར་ [155a.7]རོ། །དེ་ཡང་གང་ཞེ་ན། འདོད་ལ་སྐྱོ་བར་མི་བྱ་སྟེ། །ཞེས་པ་ནི། ཉན་ཐོས་ལ་སོགས་པའི་འདོད་པ་སྡུག་བསྔལ་བ་དང་། འཚེ་བ་དང་། ཟུག་རྔུ་དང་འདྲ་བའོ་ཞེས་ཟེར་ཞིང་སྤོང་བར་བྱེད་དེ། ཞི་བ་ཕྱོགས་གཅིག་པའི་མཐར་གྱུར་པ་ལྟ་བུ་ལ་མི་བྱ་སྟེ། བྱང་ཆུབ་ཀྱི་སེམས་བརྟན་ [155b] [155b.1]བ་དང་། རྗེས་སུ་ཆགས་པ་དང་། འགུགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་འོག་ནས་བཤད་པའི་མཚན་ཉིད་དེ་ལ་ཆགས་པར་བྱ་བའི་དམ་ཚིག་གི་ཚུལ་ཆེན་པོ་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་རྣམ་པར་དག་པའི་རང་བཞིན་གྱི་དམ་ཚིག་དེ་ལྟ་བུ་ལ་རྒྱལ་བ་རྣམས་ཀྱང་འདའ་ [155b.2]བར་མི་མཛད་ཅེས་པའི་དོན་ཏོ། །འདོད་པ་ཞེས་བྱ་བའི་སྒྲ་ཡང་འདིར་ནི་བྱང་ཆུབ་ཀྱི་སེམས་ཉིད་བསྟན་པ་དང་ཞེས་པ་ནི་བདེན་པ་གཉིས་ཀྱི་བྱང་ཆུབ་སེམས་མི་འགྱུར་བ་དེ་སེམས་ཅན་ཐམས་ཅད་ཀྱིས་འཐོབ་པར་བྱ་བ་དང་། བསྒྲུབ་པར་བྱ་བའི་མཚན་ཉིད་ཡིན་ཏེ། དེ་ཡང་བྱང་ཆུབ་ཀྱི་ [155b.3]སེམས་མི་འགྱུར་བའི་མཚན་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཤར་ཕྱོགས་ཀྱི་གཙོ་བོ་བཞི་ལ་བྱའོ། །དེ་ལ་སོགས་པའི་སྒྲ་ཡང་གོང་མས་ནི་ཡོན་ཏན་སྡུད་པར་བྱེད་ལ་འོག་མས་ནི་གྲངས་ཀྱི་མཚན་ཉིད་སྡུད་དེ། འདོད་ཅིང་མངོན་པར་འདོད་པར་བྱ་བ་ཡིན་ཞེས་པ་ནི། དེ་རྣམས་ལ་ [155b.4]འགྲོ་བས་འདོད་ཅིང་དད་པ་དང་ཐོབ་པར་བྱ་བ་ཡིན་ཞེས་བྱ་བའི་དོན་ཏོ། །སྒྲ་ཞེས་པ་ནི་སྒྲའི་རྣམ་པ་དུ་མར་འདོད་པ་ལས་འདིར་ནི་བྱཱ་ཀ་ར་ཎའི་སྒྲས་དེ་ལྟར་འདོད་དེ། སྒྲའི་དོན་གཞན་དུ་བྱུང་བ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་བས་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ཞེས་པ་ [155b.5]ནི་གཟུང་འཛིན་དང་བྲལ་བ་རྣམ་པར་དག་པའི་མཚན་ཉིད་དོ། །བདག་གི་རྣམ་པར་གྲོལ་བའི་རྗེས་སུ་ཞེས་པ་ནི། དེ་ལ་ཞེན་ཅིང་གོམས་པར་བསྒོམས་པའོ། །རང་གི་ལྷའི་ཏིང་ངེ་འཛིན་ལ་སྐྱོ་བར་མི་བྱ་ཞེས་པ་ནི། དེ་ལྟར་བསྒོམས་པའི་དོན་དེ་ཡང་རང་གི་ལྷག་པའི་ལྷའི་ཏིང་ངེ་ [155b.6]འཛིན་ལ་བསྒོམས་པས་སྐྱོ་བར་མི་བྱ་སྟེ། ཇི་ལྟར་བྱ་ཞེ་ན། ཉིན་མཚན་དུ་ཞེས་པ་དག་སྟེ། ཉིན་མཚན་དུ་དུས་བཞི་འམ་སྤྱོད་ལམ་རྣམ་པ་བཞིར་ཅི་ནུས་པར་བསྒོམ་སྟེ། གལ་ཏེ་དུབ་པར་གྱུར་ན་ཡང་ངལ་བསོ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྷའི་ཏིང་ངེ་འཛིན་དེར་བསམ་པ་བརྟན་པར་ [155b.7]བྱའོ་ཞེས་བསྟན་ཏོ། །དེ་ལྟར་འདོད་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པར་བཤད་པ་དེ་ཡང་མཛད་མཁན་གྱིས་རང་བཟོར་བསྟན་པ་མ་ཡིན་ཏེ། རྒྱུད་ལས་འདི་སྐད་དུ་འདོད་པ་བཅོམ་ལྡན་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བྱ་སྟེ། [156a] [156a.1]བྱང་ཆུབ་ཀྱི་སེམས་མི་འགྱུར་བའི་རང་བཞིན་དུ་གནས་པས་རྟག་པ་ཞེས་བརྗོད་དོ། །སེམས་ཅན་ཐམས་ཅད་བདེ་བ་སྩོལ། །ཞེས་པ་ནི་དེས་ནི་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྩོལ་བར་མཛད་པའི་མཚན་ཉིད་ཅན་ [156a.2]ཡིན་པས་སོ། །རྡོ་རྗེ་སེམས་དཔའ་བདག་ཉིད་ཅེས། ཞེས་པ་ནི་དེ་ལྟར་སེམས་ཅན་ལ་བདེ་བ་སྩོལ་བ་དེ་རྡོ་རྗེ་སེམས་དཔའ་བདག་ཉིད་ཡིན་ཞེས་བསྟན་ཏོ། །བསྒོམ་པ་ནི་རབ་ཏུ་འགྲུབ་པར་འགྱུར། །ཞེས་པ་ནི། དེ་ཡང་ཏིང་ངེ་འཛིན་གྱིས་འགྲུབ་པ་ཡིན་གྱིས་གཞན་ནི་མ་ཡིན་པར་བསྟན་པའོ། ། [156a.3]འདོད་ལ་སོགས་པའི་བདེ་བ་ཀུན། །ཞེས་པ་ནི་འདོད་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་དག་བདེ་བ་ཐོབ་པའི་རྒྱུར་གྱུར་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །རྟག་ཏུ་བདག་ཉིད་སྙིང་གར་གནས། །ཞེས་པ་ནི། དེ་ཡང་ཐུགས་ཀྱི་བདག་ཉིད་པས། རྟག་ཏུ་བདག་གི་སྙིང་ [156a.4]གར་བསྒོམ་པར་བྱ་བ་ཡིན་པས་སོ། །བསྒོམས་པས་ཅི་འགྲུབ་ཅེ་ན། ཨེ་མའོ་སེམས་ཅན་དོན་གྱི་ཕྱིར། །ཞེས་པ་ནི། ཨེ་དང་འོའི་བར་དུ་མ་བཞག་པ་ནི་དོན་ཞིག་ངོ་མཚར་ཆེ་བར་སྟོན་པ་སྟེ། ལྷ་ལ་སོགས་པའི་སེམས་ཅན་དེ་དག་ཁམས་གསུམ་གྱི་ཉོན་མོངས་པ་ལས་གྲོལ་ [156a.5]ཞིང་། །མ་ཆགས་པ་ཡང་ཆགས་པར་བཤད། །ཅེས་པ་ནི་མྱ་ངན་ལས་འདའ་བའི་རང་བཞིན་མ་ཆགས་པའི་ངོ་བོར་གྱུར་ཀྱང་སེམས་ཅན་གྱི་དོན་དུ་ཆགས་པའི་བདག་ཉིད་སྐུ་ལ་སོགས་པའི་སྣ་ཚོགས་ཚུལ་དུ་སྟོན་པ་དེ་ངོ་མཚར་ཆེའོ། །ཞེས་པའི་དོན་ཏོ། །དོན་འདི་ཉིད་ཅེས་ [156a.6]པ་ནི་དེ་ལྟར་སྟོན་པའི་དོན་འདི ཉིད་དོ། །དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ཀྱི་རྟོག་པ་ལས་ཞེས་པ་ནི། དེ་ལ་འདི་ལྟར་བཤད་པའི་ཕྱིར་འདིར་ཡང་འདི་ལྟར་བསྟན་ཞེས་པའི་དོན་ཏོ། །གཞུང་འདིས་གསལ་བར་བསྟན་ཞེས་པ་ནི། འོག་མ་འདིས་བརྡ་ཕྲད་པར་སྟོན་པའོ། །སྒྲུབ་པ་པོའི་ [156a.7]ཕྱག་རྒྱ་ཆེན་པོ་དང་ལྡན་པར་བྱ་སྟེ་ཞེས་པ་ནི། སྒྲུབ་པའི་རྣལ་འབྱོར་པ་ཉིད་ཕྱག་རྒྱ་ཆེན་པོའི་སྦྱོར་བ་དང་ལྡན་པར་བྱའོ། །འདོད་པ་རྣམས་ལ་མི་སྐྱོ་བས་སོ་ཞེས་པ་ནི། བསྒྲུབ་པར་བྱ་བ་སྟེ། དེ་ནི་དཔལ་རྡོ་རྗེ་སེམས་དཔའ་ལྷ་རྣམས་སྐྱོ་ཞིང་ཡིད་འབྱུང་བར་མི་བྱེད་པའོ། །ཅིའི་ [156b] [156b.1]ཕྱིར་སྐྱོ་བར་མི་བྱེད་ཅེ་ན། འདོད་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའོ་ཞེས་རྒྱུད་ལས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །རྡོ་རྗེ་རིགས་ཀྱི་དམ་ཚིག་བསྟན་པ། སེམས་ཅན་དོན་ཕྱིར་མི་ཁྲོ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁོང་ཁྲོ་བ་དང་ཞེ་སྡང་གི་ཀུན་ནས་དཀྲིས་ [156b.2]པའི་མནར་སེམས་དང་བྲལ་བ། དེ་བཞིན་གཤེགས་པ་རྣམས་ནི་འགྲོ་བ་ལ་ཕན་པའི་དོན་ཇི་ལྟ་བུ་དག་མཛད་ན་ཡང་ཁྲོ་བ་མི་མངའ་བས་མཛད་པ་ཡིན་མོད་ཀྱི། འོན་ཀྱང་གནས་སྐབས་ཁ་ཅིག་ཏུ་ཁྲོ་བོ་ཆེན་པོའི་ཆ་ལུགས་འཇིགས་སུ་རུང་བ་དང་། ཕ་རོལ་གནོན་པར་བྱེད་ [156b.3]པའི་སྟོབས་དང་ལྡན་པར་རབ་ཏུ་སྟོན་ཅིང་འགྲོ་བ་རྣམས་ཀྱི་དོན་བསྔགས་པའི་སྒོ་ནས་མཛད་པ་ཡང་ཡོད་དེ། དེ་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ་བཤད་དོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོའི་ཞེས་པ་ནི། ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་ལས་རྣམ་པར་ [156b.4]རྒྱལ་བའི་སྐུ་ཕྱག་རྒྱ་ཆེན་པོའི་ཆ་ལུགས་ཡོངས་སུ་རྫོགས་པའི་བདག་ཉིད་ལ་བྱ་སྟེ། ཇི་ལྟར་རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་དང་། ཕྱག་ན་ [156b.5]རྡོ་རྗེས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པའི་ཚིག་ཐོས་ནས། ཕྱག་མཚན་རྡོ་རྗེའི་བདག་ཉིད་ཀྱིས་ཐུགས་ཀར་བཞག་ནས། བཅོམ་ལྡན་འདས་བདག་གིས་མ་འཚལ་ཏོ་ཞེས་གསོལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། ཅིའི་ཕྱིར་ [156b.6]ཞེས་གསུངས་པ་དང་། བཅོམ་ལྡན་འདས་དབང་ཕྱུག་ཆེན་པོའི་ལ་སོགས་པ་ཁྲོ་ཞིང་མཐུ་ཆེ་བའི་སེམས་ཅན་མ་རུངས་པ་དག་ཀྱང་མཆིས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞི་བས་འདུལ་བར་མི་སྤྱོད་ན། བདག་གིས་ཇི་ལྟར་བསྒྲུབ་པར་བགྱི་ཞེས་གསོལ་བ་དང་། བཅོམ་ལྡན་ [156b.7]འདས་རྣམ་པར་སྣང་མཛད་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཆེན་བོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སངས་རྒྱས་བཞི་ལ་སོགས་པ་ཕྱོགས་བཅུར་སྤྲོས་ [157a] [157a.1]ནས། དེ་བཞིན་གཤེགས་པའི་ཆོས་ལ་བདག་མེད་པའི་ཏིང་ངེ་འཛིན་ལ་དམིགས་ནས། རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་དཔལ་བེའུར་ཞུགས་སོ། །དེ་རྣམས་རྣམ་པར་སྣང་མཛད་ཀྱིས་སངས་རྒྱས་བཞི་པའི་ཐུགས་དང་བདག་གི་ཐུགས་ཐ་མི་དད་པར་བྱིན་གྱིས་ [157a.2]བརླབས་ཏེ། སེམས་ཅན་ཐམས་ཅད་ངན་སོང་ལས་བསྐྱབ་པ་དང་། ཚེ་འདི་ལ་ཕན་པ་དང་། ཕྱི་མ་ལ་བདེ་བ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོའི་ཐབས་ཀྱི་ཏིང་ངེ་འཛིན་ལ་དམིགས་ཏེ། དེ་བཞིན་གཤེགས་པའི་སྙིང་རྗེ་ [157a.3]ཆེན་པོའི་ཐབས་ཀྱི་ཁྲོ་བོ་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་དེ་བཞིན་གཤེགས་པ་མང་པོ་ཞུགས་ཏེ། གཅིག་ཏུ་གྱུར་ནས་དེ་བཞིན་གཤེགས་པའི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་སྙིང་པོ་ཧཱུྃ་ཞེས་བརྗོད་ [157a.4]པ་ལས་ཧཱུྃ་དེས་ཕྱག་ན་རྡོ་རྗེའི་ཐུགས་བྱང་ཆུབ་ཀྱི་སེམས་དེ་བསྐུལ་ནས་ཕྱག་ན་རྡོ་རྗེའི་སྐུར་གྱུར་ལ། ཕྱག་ན་རྡོ་རྗེའི་ཐུགས་དེ་ལས་ཀྱང་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་རྣམས་བྱུང་ནས། དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་བྱང་ཆུབ་སེམས་ཀུན་དུ་བཟང་པོ་རྡོ་རྗེ་འཛིན་པ་དེ་ཉིད་ [157a.5]སེམས་དཔའ་ཆེན་པོ་བཅུ་དྲུག་པོར་གྱུར་ཏེ། ཀུན་དུ་འབར་ཞིང་མེ་དཔུང་འབར་བ་ཆེན་པོའི་ནང་ན་བཞུགས་པ་ཁྲོ་གཉེར་ཅན་གྱི་སྨིན་མ་གཅུམ་ཞིང་དཔྲལ་བ་བསྙེར་བ། མཆེ་བ་ལྷག་གེར་བྱུང་ཞིང་སོ་གཙིགས་པ། བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དེ་ [157a.6]མདོག་ཨིནྡྲ་ནཱི་ལ་ལྟ་བུ་ལ་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་དང་དྲིལ་བུ་འཛིན་པ། འོག་མ་གཉིས་ན་མདའ་གཞུ་བསྣམས་ཏེ། ཐབས་དང་ཤེས་རབ་ཀྱི་ཞབས་ཀྱིས་འདོད་ཆགས་དང་ཞེ་སྡང་དབང་དུ་མཛད་པའི་ཕྱིར་མ་ཧཱ་དེ་བ་དང་། ཨུ་མའི་ [157a.7]སྙིང་ག་དང་ནུ་མའི་བར་དུ་བརྫིས་པ། སེམས་དཔའ་དེ་དག་ཀྱང་རང་རང་གི་ཕྱག་མཚན་ཐོགས་པ། རྣམ་པ་དུ་མའི་ཁ་དོག་དང་སྦྲུལ་ལ་སོགས་པ་རྒྱན་སྣ་ཚོགས་ཀྱི་ཆ་ལུགས་ཅན། སྙིང་རྗེའི་བདག་ཉིད་ཅན་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་དག་གི་སྐུ་ཕྱག་རྒྱ་ཆེན་པོ་བྱུང་ནས། འཇིག་ [157b] [157b.1]རྟེན་གྱི་ཁམས་ཐམས་ཅད་ཏུ་ཤིན་ཏུ་མ་རུངས་པ་རྣམས་བཏུལ་ནས་རི་རབ་ཀྱི་རྩེ་མོ་ཁང་བུ་བརྩེགས་པའི་ནང་ནས། རྣམ་པར་སྣང་མཛད་ཀྱི་ཕྱོགས་ཀུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཁོད་དོ། །ལྷ་ཆེན་པོ་ལ་སོགས་པ་མ་རུངས་པའི་སེམས་ཅན་རྣམས་ཐབས་ཀྱིས་འདུལ་བར་མཛད་དོ། ། [157b.2]ཞེས་རྒྱ་ཆེར་གསུངས་པའི་མཚན་ཉིད་དེ་ཁོ་ན་ལས་ཤེས་པར་བྱའོ། །སོགས་ཀྱི་སྒྲས་ནི་ཆོས་དང་ལས་ཀྱི་དཀྱིལ་འཁོར་ལ་སོགས་པ་གསུངས་པའམ། དེ་ཉིད་ཀྱི་སྐབས་ནས་འབྱུང་བའི་ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དག་སྡུད་པར་བྱེད་དོ། ། [157b.3]ཁྲོ་བོ་འཆོལ་པ་དང་བཅས་པ་ཞེས་པ་ནི་དེ་ལྟ་བུའི་ཁྲོ་བོའི་ཆ་ལུགས་སུ་བསྒོམ་པར་བྱ་བའི་ངོ་བོ་ཉིད་དུ་དེ་ལྟར་གནས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུད་ཉིད་ལས། ཨེ་མ་ཐབས་ཀྱིས་འདུལ་བ་ཡི། །ཐབས་ཆེན་ལྡན་པ་བདག་ཡིན་ཏེ། །གང་ཕྱིར་སེམས་ཅན་འདུལ་ [157b.4]ཐབས་ཀྱིས། །དྲི་མ་མེད་པ་ཁྲོ་བོར་གྱུར། །ཞེས་གསུངས་པའི་ཕྱིར་རོ། །པདྨའི་རིགས་ཀྱི་དམ་ཚིག་གསུངས་པ། རང་བཞིན་དག་པར་ཤེས་ནས་ནི། དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམས་ནས་དངོས་པོ་ཐམས་ཅད་རྣམ་པར་དག་པར་ཤེས་པར་བྱའོ། །དགོས་ [157b.5]པ་དེ་དང་དེ་དག་བྱེད། །ཅེས་པ་ནི། ཀུན་རྫོབ་དེ་ལས་ལངས་ནས་ཕྱག་རྒྱ་ཆེན་པོའི་སྐུར་སྦྱོར་བར་བྱེད་པ་ལ་སོགས་པ་བྱ་སྟེ། འགྲོ་བ་ལ་ཇི་ལྟར་ཕན་ཞིང་བདེ་བའི་དོན་དང་དགོས་པ་གང་ཡིན་པ་དེ་དང་དེ་དག་བྱེད་པའོ། །ཆོས་ཐམས་ཅད་རྣམ་པ་མེད་པར་མོས་པ་སྟེ་ཞེས་ལ་ནི། [157b.6]ལུང་དང་རིགས་པའི་གཏན་ཚིགས་སམ་གཉེན་པོའི་སྒོ་ནས་དེ་ལྟར་མོས་པར་བྱའོ། །དེ་སྔོན་དུ་བྱས་ནས་ཞེས་པ་ནི། དོན་དམ་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་རྣམ་པར་མི་རྟོག་པའི་བསྒོམ་པ་དེའོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་གསུངས་པ། ཉུང་ངམ་ཡང་ན་མང་ཡང་རུང་། ། [157b.7]ཞེས་བྱ་བ་ནི། སྦྱིན་པའི་རྣམ་པས་གཞན་སིམ་པར་བྱ་བ་སྟེ། ཟས་དང་གོས་ལ་སོགས་པའི་རིམ་པ་ཅི་ཡོད་ཀྱང་རུང་བའོ། །ཇི་ལྟར་འདོད་པ་ཞེས་པ་ནི། ཞིང་སོ་སོས་ཇི་ལྟར་འདོད་པ་བཞིན་སྦྱིན་པའོ། །ཚད་ཇི་ཙམ་དུ་ཞེ་ན། རྒྱུད་གཞན་ལས་ཉིན་རེ་བཞིན་དུ་དུས་དྲུག་ཏུའོ། །ཞེས་ [158a] [158a.1]གསུངས་སོ། །གཞན་དག་ན་རེ་འོ་ན་འདི་ལྟར་བསྟན་པའི་དམ་ཚིག་འདི་དག་གཅིག་གི་ངོ་བོ་བསྒོམ་པ་ལ་ཀུན་བསྲུང་དགོས་པ་ཡིན་ནམ། འོན་ཏེ་རང་གི་ངོ་བོ་བསྒོམ་པ་དག་ལ་དེ་བཞིན་དུ་བསྲུང་བ་ཡིན་ཞེ་ན། སྨྲས་པ་འདི་དག་ནི་དམ་ཚིག་རྣམ་པ་ལྔ་སྟེ་ཞེས་བྱ་བ་ [158a.2]ལ་སོགས་པ་དག་སྟེ། སྔར་གོང་དུ་གཉིས་བསྟན་པ་དང་འོག་ཏུ་གསུམ་བསྟན་པ་ལ། རྣམ་གྲངས་ལྔ་ཡོད་པས་དེ་ལྟར་བརྗོད་དོ། །ལྷ་རྣམ་ལྔར་མོས་པའི་ཕྱིར་རོ་ཞེས་པ་ནི་དེ་ལྟར་བསྟན་པ་ནི་འདིར་ལྷ་ནི་རྣམ་པ་ལྔའོ་ཞེས་བཤད་པ་དེ་དབང་དུ་བྱས་ནས་དེ་དང་རྗེས་སུ་མཐུན་པར་ [158a.3]དམ་ཚིག་ཀྱང་སོ་སོའི་ལྔ་ཁོ་ན་གཙོ་བོར་བསྟན་མོད་ཀྱི། རིགས་དེ་དག་ལས་གང་ཡང་རུང་བ་ཟློས་པར་འདོད་པས་ཀྱང་དེ་ལྔ་ཚང་བར་བསྲུང་དགོས་ཏེ། བདེ་བར་གཤེགས་པ་ལས་གཞན་པ་ཞེས་བྱ་བ་ལ་སོགས་པ་ནི་བདེ་བར་གཤེགས་པ་ལས་གཞན་དུ་ཕྱེ་བའི་རིགས་གཞན་དག་ [158a.4]ཇི་སྐད་དུ་གསུངས་པའི་ལྷའི་བྱེ་བྲག་རྣམས་དེ་ལྟར་བསྟན་ཡང་དེ་བཞིན་གཤེགས་པ་ཉིད་ཀྱི་ངོ་བོ་ཁོ་ན་ཡིན་པས། རིགས་སོ་སོར་བསྟན་པ་དེ་དག་གི་དམ་ཚིག་ཐམས་ཅད་ཀྱང་བདེ་བར་གཤེགས་པའི་དམ་ཚིག་ངོ་བོ་ཡིན་པས་ན། བདེ་བར་གཤེགས་པའི་ཚུལ་གྱི་གསང་སྔགས་ [158a.5]ཟློས་པ་རྣམས་ཀྱིས་ཀྱང་། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ལ་སྒྲུབ་པ་པོ་བདག་ཉིད་ཀྱི་ལུས་ཕུལ་ལ་ལུས་ཕུལ་བ་དེས་མཉེས་པར་གྱུར་ནས་རྒྱལ་བ་དེས་གསུངས་པ་དེ་བཞིན་བྱ་བར་བདག་ཉིད་ཀྱིས་ཁས་བླངས་ཏེ། དོན་དེ་དང་མཐུན་པར་བྱ་བ་ལ་འཇུག་དགོས་པའི་ཕྱིར་ཏེ། [158a.6]དེ་ལྟར་བསྟན་ཏོ་ཞེས་བཤད་དོ། །རྒོལ་བ་པ་ན་རེ། འོ་ན་དེ་བཞིན་གཤེགས་པ་རྣམས་ནི་འགྲོ་བ་འདུལ་བར་མཛད་པའི་ཐབས་མཁྱེན་པའི་སྒོ་ནས་རྣམ་པ་ཐ་དད་པའི་ཚུལ་ཀྱིས་ཀྱང་འགྲོ་བ་འདུལ་བར་མཛད་པ་ཡིན་ན། འདིར་ཚུལ་འདི་ཁོ་ན་ལྟར་སྟོན་པ་མཛད་ཅིང་གཞན་དག་གིས་ [158a.7]འདུལ་བར་གྱུར་པའི་ཐབས་སྟོན་པར་མི་མཛད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འགྲོ་བ་མ་ལུས་པ་ [158b] [158b.1]འདི་དག་སྒྲིབ་པ་རྣམ་པ་གཉིས་ཀྱི་དྲི་མ་སྟུག་པོས་ཡོག་ཅིང་སྒྲིབ་པ་དེ་དག་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་དུས་གསུམ་གྱི་ནད་ཀྱིས་གཟིར་བ་གཟིགས་ནས། ཐུགས་རྗེའི་དབང་དུ་ཞེས་པ་ཐུགས་རྗེའི་ཞིང་ཡིན་པར་དགོངས་པའི་ཐུགས་ཀྱིས་སེམས་ཅན་ལ་ལ་དག་འདོད་ཆགས་ལ་ [158b.2]སོགས་པ་དུས་གསུམ་གྱི་ཉེས་པའི་སྐྱོན་དང་ལྡན་པ་ཁ་ཅིག་ངོ་བོ་ཉིད་ཀྱིས་ཉེས་པའི་སྐྱོན་རྣམ་པར་དག་པ། ཐབས་སམ་ཚུལ་འདི་ལྟ་བུས་འདུལ་བའི་མངོན་དུ་གྱུར་པའི་ཡིད་དང་ལྡན་པ་རྣམས་ལ་ཉེས་པའི་སྐྱོན་རབ་ཏུ་ཞི་བ་ཉིད་ཀྱི་ཆོ་ག་འདིས་ཡོངས་སུ་དག་པར་མཛད་པའི་ཕྱིར་འདི་ལྟར་ [158b.3]བསྟན་ཏོ། །འོ་ན་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཁྲོ་བོ་ཆེན་པོའི་ཚུལ་དུ་བསྟན་ཞེས་པ་ཅི་དགོས། ཐབས་གཞན་གྱིས་བྱར་མི་རུང་ངམ་ཞེ་ན། སྨྲས་པ། དེ་ཡང་འདོད་ཆགས་ལ་སོགས་པས་སེམས་ཤིན་ཏུ་དབང་དུ་བྱས་པ་ཁ་ཅིག་ལ་ནི་ཞེས་ཏེ། གོང་མ་དེ་ལས་མཚན་ཉིད་གཞན་དུ་ [158b.4]སྟོན་པའི་ཕྱིར་ན་ཡང་ཞེས་སྨོས་སོ། །སེམས་ཅན་ཁ་ཅིག་འདོད་ཆགས་ལ་སོགས་པ་དུག་གསུམ་གྱིས་ཀུན་ནས་དཀྲིས་པས་རང་དབང་མེད་པར་སེམས་ལྷག་པར་དབང་དུ་བྱས་ཏེ། མ་རུངས་པར་གྱུར་ཅིག་གཞན་གྱི་ངག་གི་ཉན་ཏེ། ཤིན་ཏུ་འདུལ་བར་དཀའ་བའི་འགྲོ་བ་ཁ་ཅིག་ [158b.5]ལའོ། །བདག་ཉིད་རྣམ་པ་ཐམས་ཅད་དུ། །ཞེས་པ་ནི་དེ་བཞིན་གཤེགས་པ་བདག་ཉིད་རྣམ་པ་ཐམས་ཅད་དུ་ཉེས་པའི་སྐྱོན་དང་བྲལ་ཏེ་ཁོང་ཁྲོ་བ་ལ་སོགས་པ་མི་མངའ་ན་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་འདོད་པ་ཞེས་བྱ་བ་དང་། རང་གི་ངོ་བོ་ལས་ཁྲོ་བ་ལ་སོགས་པ་ཞེས་ [158b.6]བྱ་བའི་མིང་དང་ཆ་ལུགས་རྣམ་པ་གཞན་དུ་བསྒྱུར་ཞིང་གདུལ་བྱ་སོ་སོ་དང་མཐུན་པར་བསྟན་ནས་འདོད་ཆགས་ལ་སོགས་པས་སེམས་ཤིན་ཏུ་དབང་དུ་བྱས་པའོ། །ཉེས་པ་དེ་དང་དེ་དག་ཇི་ལྟར་འཚམ་ཞིང་རིགས་པ་བཞིན་དུ་ཡོངས་སུ་སྤོང་བར་བྱེད་དུ་འཛུད་དོ། །འདི་ནི་དེ་དག་སྤྱིའི་ [158b.7]དོན་གྱི་མཇུག་སྡུད་པར་བྱེད་པ་སྟེ། དེ་བས་ན་རྣལ་འབྱོར་པ་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་ཀྱང་ཞེས་པ་ནི། སྒྲུབ་པ་པོ་བདག་ཉིད་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་དག་ཇི་ལྟ་བ་བཞིན་དུ་བདག་ཉིད་ཀྱིས་ཐོབ་པར་འདོད་པ་རྣམས་ཀྱིས་ཀྱང་སེམས་ཅན་ [159a] [159a.1]གྱི་ཁམས་མཐའ་ཡས་པ་རྣམས་ཀྱི་སྒོ་གསུམ་གྱི་ཉེས་པ་དང་དེ་ལས་བྱུང་བའི་སྒྲིབ་པ་དང་། བག་ལ་ཉལ་གྱི་ཀུན་ནས་དཀྲིས་པ་རྣམས་རྣམ་པར་བྱང་བའི་ཐབས་དང་། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་རྣམས་ཀྱི་མཚན་ཉིད་འདོད་པའི་ཡོན་ [159a.2]ཏན་རྣམས་ལ་གཞན་གྱིས་མི་འཕྲོགས་ཤིང་བརྟན་པར་ཆགས་པའམ། དེ་དག་གི་རྗེས་སུ་ཆགས་ཤིང་ཞེན་པར་བྱ་བའི་ཉན་ཐོས་ལ་སོགས་པའི་བསམ་པ་དེ་དག་ནི་དགག་པར་བསྟན་ཏོ། །རབ་ཏུ་བསྡིགས་པར་བྱའོ་ཞེས་པ་ནི། ཞེ་སྡང་གིས་གཞན་འཇིགས་པ་བསྐྱེད་པར་བྱ་བ་མ་ [159a.3]ཡིན་གྱིས། སྙིང་རྗེ་ཆེན་པོས་གཞན་གྱི་ཉེས་བ་ཟད་པར་བྱ་བའི་ཕྱིར་བསྡིགས་པར་བྱའོ། །བྱམས་པའི་ཡིད་དུ་ཞེས་པ་འདི་ཡང་སྙིང་རྗེ་དང་མི་འབྲལ་བར་བྱ་བར་བསྟན་པའོ། །དེ་བས་ན་དོན་དེ་ཉིད་བསྟན་ཏེ་གསུངས་པ། ལས་ཐམས་ཅད་ལ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་ [159a.4]དག་པར་བལྟས་ནས་མ་ཆགས་པར་བྱའོ་ཞེས་པ་ནི་འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ལས་རྣམ་པ་བཞི་པོ་དག་རྩོམ་པའམ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་ན་ཡང་དང་པོར་ཆོས་ཐམས་ཅད་དམ་པ་དེ་དག་ཉིད་རང་གི་ངོ་བོ་ཉིད་རང་བཞིན་གྱིས་རྣམ་པར་དག་ [159a.5]པ་སྟེ། བདག་མེད་པ་སྟོང་པ་ཉིད་ཀྱི་ཚུལ་དུ་བསྒོམ་པར་བྱའོ། །དེ་ནི་ཤེས་རབ་ཀྱིས་དོན་དམ་པའི་ཚུལ་དུ་ཤེས་པར་བྱའོ། །ཐབས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་མོས་པ་ཞེས་པ་ནི། ཐབས་ཐུགས་རྗེ་ཆེན་པོས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཏེ། མཚན་མའི་ཕྱག་རྒྱའི་རྣམ་ [159a.6]པར་གསལ་བར་བརྟགས་ལ། འགྲོ་བ་མ་ལུས་པའི་དོན་བྱ་བ་དང་། བསྒྲུབ་པའི་དོན་དེ་ལ་ཆགས་པར་བྱས་ཏེ། དེ་ནི་ཐབས་ཐུགས་རྗེ་ཆེན་པོས་ཀུན་རྫོབ་ཀྱི་ཚུལ་དུ་ཤེས་པར་བྱའོ། །རྣམ་གཅིག་ཀུན་རྫོབ་ཏུ་དེ་ལྟར་སྒོམ་ཡང་དོན་དམ་པར་རང་གི་ངོ་བོ་ཉིད་རྣམ་པར་དག་པའོ་སྙམ་ [159a.7]དུ་ཡིད་ཆེས་པར་བྱས་ནས་འགྲོ་བའི་དོན་སྤྱོད་པའོ། །འདི་ན་མར་ན་རིན་པོ་ཆེའི་རིགས་ཀྱི་དམ་ཚིག་དེ་ཉིད་རྣམས་སྟོན་པ་སྟེ། བདག་ལ་སྦྱིན་པར་བྱའོ། །དངོས་པོ་མང་དུ་མི་བདོག་པའོ། །ཞེས་པ་ནི། སེམས་ཞུམ་པར་མི་བྱ་ཞིང་བདོག་པ་ཆུང་བར་གྱུར་ཀྱང་ཡོངས་སུ་གཏང་བར་བྱ་བར་ [159b] [159b.1]བསྟན་པའོ། །དེ་བས་ན་གང་ཡང་རུང་བའི་རིགས་ལ་ཞེས་པ་ནི། རིགས་བཞི་བོར་བརྗོད་པ་དེ་དག་གང་ཡང་རུང་བའོ། །རང་གི་ལྷ་ཞེས་པ་ནི། རང་གིས་བསྒྲུབ་པར་འདོད་པའི་ལྷ་གང་ཡང་རུང་བའོ། །རིགས་ཀྱི་རྗེས་སུ་མཐུན་པར་ཞེས་པ་ནི་དེ་དག་བསྒྲུབ་ན་གང་སྒྲུབ་པ་དེའི་རིགས་དེ་ [159b.2]དང་མཐུན་པའི་རིགས་ཀྱི་དམ་ཚིག་བསྲུང་བར་བྱ་དགོས་སོ་ཞེས་བྱ་བར་བསྟན་ཏོ། །དམ་ཚིག་འདི་ཡང་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པའི་ཚེ་ནི་ཞེས་པ་ནི། དེ་ལྟར་བསྟན་པའི་དམ་ཚིག་གི་བྱེ་བྲག་འདི་དག་ཀྱང་སྤྱིར་ནི་དུས་ཐམས་ཅད་དུ་བསྲུང་དགོས་པ་ཡིན་གྱིས་ཀྱང་། ཁྱད་པར་དུ་ནི་དམ་ཚིག་གི་ཕྱག་ [159b.3]རྒྱ་སྒྲུབ་པའི་ཚེ་ལྷག་པར་དམ་ཚིག་རྣམས་ཡིད་ལ་བྱ་ཞིང་མི་ཉམས་པར་བསྲུང་དགོས་སོ། །འདི་དག་ནི་དམ་ཚིག་གི་བྱེ་བྲག་བསྡུས་པའོ་ཞེས་པ་ནི། ལྷ་རྣམ་པ་ལྔ་ཡོད་པར་བཤད་པའི་སོ་སོའི་དམ་ཚིག་གི་བྱེ་བྲག་བསྟན་པ་རྣམས་འདིར་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པར་བྱེད་པས་ན་ [159b.4]འདི་སྐད་བརྗོད་དོ། །དེ་ཡན་ཆད་དུ་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཇི་ལྟ་བུ་དག་ཡིན་པའི་མཚན་ཉིད་རིམ་པར་བཤད་ཟིན་ཏོ།། །།ད་ནི་ཇི་ལྟར་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་གསུངས་པའི་ལྷ་དེ་དག་བསྒོམ་ཞིང་བསྒྲུབ་པ་དང་། བཟླས་བརྗོད་ཀྱིས་མཉེས་པར་བྱ་བའི་ཐབས་ [159b.5]བཤད་པར་བྱ་སྟེ། དེ་ལ་ཡང་གཞན་དག་ན་རེ། དེ་ལྟར་ཕྱག་རྒྱ་དམ་ཚིག་ལ་སོགས་པར་བསྒྲུབ་པའི་བྱེ་བྲག་བསྟན་པ་ནི་དེ་ལྟར་རུང་ན། དེ་དག་ཉམས་སུ་ལེན་པར་བྱེད་པར་འདོད་པ་དག་གིས་ཚུལ་ལམ་རིམ་པ་ཇི་ལྟ་བུ་དག་ཏུ་བསྒྲུབ་པར་བྱ་ཞེ་ན། སྨྲས་པ། དེ་ལྟར་དེ་ལ་སོགས་པ་གཞན་ཡང་དེ་ [159b.6]བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོར་བཤད་པའི་ལྷ་སྒྲུབ་པ་པོས། རྒྱུད་དང་མཐུན་པར་བླ་མའི་མན་ངག་ལས་བཟླས་བརྗོད་བྱེད་པའམ། བསྒོམས་པས་བསྒྲུབ་པའི་ཡན་ལག་རྣམས་ངེས་པར་བྱས་ནས། དེ་ལ་ནན་ཏན་བྱ་བར་ཡིད་ལ་ཤིན་ཏུ་བརྟན་པར་བྱ་སྟེ། གྲོགས་ [159b.7]པོ་མཐུན་པ་དང་ལྷན་ཅིག་པའམ། ཡང་ན་གཅིག་པུ་རྩོལ་བ་དང་། གཉིས་ཀྱིས་བཟླས་བརྗོད་བྱེད་པ་དང་། བསྒོམ་པ་ལ་སོགས་པ་ལ་འཇུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་ལྟར་དེ་ལ་སོགས་པ་ཞེས་པ་ནི། གོང་མའི་དོན་ལ་སྙེགས་པར་བྱེད་པ་སྟེ། སྤྱི་ [160a] [160a.1]དང་ཁྱད་པར་གྱི་དམ་ཚིག་གི་མཚན་ཉིད་སོ་སོར་བཤད་པ་དག་གོ། །གཞན་ཡང་ཞེས་པ་ནི་དེ་ལྟར་དམ་ཚིག་ལ་གནས་ནས་བསྒྲུབ་པ་ལ་འཇུག་པའི་རྣལ་འབྱོར་པས་མཆོད་པའི་ཡོ་བྱད་ལ་སོགས་པ་བསྒྲུབ་པའི་རྐྱེན་དུ་གྱུར་པའི་དགོས་པ་རྣམས་བཤད་ནས། བཟླས་བརྗོད་ [160a.2]དང་། ཏིང་ངེ་འཛིན་ལ་སོགས་པའི་རིམ་པ་བརྩམ་དགོས་པར་བསྟན་པ་སྟེ། འོག་མའི་མགོ་འདྲེན་པར་བྱེད་པའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོར་བཤད་པ་ཞེས་པ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་ [160a.3]དཀྱིལ་འཁོར་ཁོ་ནར་འདོད་དེ། དེར་བཤད་པའི་ལྷ་ནི་སུམ་ཅུ་རྩ་བདུན་དུ་བགྲང་བ་དག་གོ། །སྒྲུབ་པ་པོས་རྒྱུད་དང་མཐུན་པར་བླ་མའི་མན་ངག་ལས་བཟླས་བརྗོད་བྱེད་ཅེས་པ་ནི། དེ་རྣམས་སྒྲུབ་པ་པོས་དེ་བཞིན་གཤེགས་པའི་ཞལ་ནས་གསུངས་པའི་རྒྱུད་དང་མཐུན་པར་བླ་མ་དགེ་ [160a.4]བའི་བཤེས་གཉེན་གྲུབ་པ་ཐོབ་པ་ཆོས་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་ཉམས་ཀྱི་མན་ངག་ལས་ཐོས་པ་བཞིན་བཟླས་བརྗོད་དང་བསྒྲུབ་པར་བྱའོ་ཞེས་བཤད་པ་སྟེ། བཟླས་བརྗོད་བྱེད་པའམ་ཞེས་པ་ནི། བཟླས་བརྗོད་ཀྱི་བསྒྲུབ་པ་སྟེ། དེ་ཡང་རྡོ་རྗེ་བཟླས་པ་ལ་སོགས་པ་རིགས་སོ་སོའི་ [160a.5]བཟླས་བརྗོད་ཀྱི་ཐབས་རྒྱུད་ལས་ཇི་སྐད་གསུངས་པ་བཞིན་དུ་བྱེད་པས་ལྷ་མཉེས་པར་བྱ་བའམ། རྣམ་གཅིག་ཡིད་ཀྱི་བཟླས་པ་དང་། ཤུ་བུར་བཟླས་པ་དང་། གསལ་བོར་བཟླས་པ་དང་། གསུམ་དུ་བསྟན་པ་དག་གོ། །བསྒོམ་པས་བསྒྲུབ་པ་ཞེས་པ་ནི། ཏིང་ངེ་འཛིན་གྱི་དབང་དུ་བྱས་ [160a.6]ནས་བསྒྲུབ་པ་སྟེ། དེ་ཡང་རྒྱུའི་རིས་ཀྱིས་སྐུ་ཕྱག་རྒྱ་ཆེན་པོར་རྫོགས་པར་བསྒོམ་པའམ། རྣམ་གཅིག་སྟོང་པ་ཉིད་དུ་བསྒོམ་པ་དང་། ཟླ་བའི་དཀྱིལ་འཁོར་དུ་བསྒོམ་པ་དང་། སྐུ་ཕྱག་རྒྱར་བསྒོམ་པས་དེ་དག་སྒྲུབ་པ་སྟེ། དེ་ཡང་སྒྲུབ་པ་གང་རུང་སྟེ། རྒྱུད་དང་མཐུན་པའི་བླ་མའི་ [160a.7]མན་ངག་མནོས་ནས་དེ་ལྟ་བ་བཞིན་དུ་བསྒྲུབ་པོ། །ཡན་ལག་རྣམས་ངེས་པར་བྱས་ནས་ཞེས་པ་ནི། སྒྲུབ་པའི་རྐྱེན་དུ་གཏོགས་པའི་མཆོད་པའི་ཡོ་བྱད་ལ་སོགས་པ་རྣམས་ནི་ཡན་ལག་སྟེ། སྔ་ནས་གཏན་ལ་དབབ་ཅིང་བཤད་པ་ལ་ནི་ངེས་པར་བྱས་ནས་ཞེས་བྱའོ། །དེ་ལ་ནན་ཏན་ [160b] [160b.1]བྱ་བར་ཡིད་ལ་ཤིན་ཏུ་བརྟན་པར་བྱ་སྟེ་ཞེས་པ་ནི། སྒྲུབ་པ་དེ་ལ་ཡིད་ནན་ཏན་དུ་བྱ་ཞིང་སེམས་གཞན་གྱིས་མི་བསྐྱོད་པར་ཡི་དམ་དུ་བཅས་ཏེ། སྲོག་གི་ཕྱིར་ཡང་གཏང་བར་བྱ་བ་མ་ཡིན་པས་ན་ལེ་ལོ་དང་སོམ་ཉི་དགག་པར་བྱ་བའོ། །གྲོགས་པོ་མཐུན་པ་དང་ཞེས་བྱ་བ་ནི། བདག་དང་ [160b.2]མཐུན་ཞིང་ཡིད་ལ་འབབ་པ་ཞི་བ་དང་། དེས་པ་དང་། རྒྱུད་མཉེན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྟེ། ཇི་ལྟར་རྒྱུད་ལས། གཙང་ཞིང་དུལ་ལ་བརྟན་དང་ལྡན། །མ་འཇུངས་བློ་ལྡན་གཡེར་བག་ཆེ། །སྨྲ་མཁས་མི་འཇིགས་བཤེས་གཉེན་ཅན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། ། [160b.3]ཅེས་བྱ་བ་ལ་སོགས་པ་མཐར་ཐུག་གི་གསུངས་པ་དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་བདག་དང་ལྷན་ཅིག་ཏུ་གནས་ནས་སྒྲུབ་པའམ། ཡང་ན་གཅིག་པུ་རྩོལ་བ་དང་། །ཞེས་བསྒྲུབ་པ་པོ་བདག་ཉིད་བསྒོམ་པ་ལ་འཇུག་པ་རྩོལ་བ་དང་། སྤྲོ་བ་དང་། ཏིང་ངེ་འཛིན་གྱི་འབད་རྩོལ་དང་ལྡན་པའོ། ། [160b.4]གཉིས་ཀྱིས་བཟླས་བརྗོད་བྱེད་པ་དང་། །ཞེས་པ་དང་། ལྷུར་དད་པའི་རྩོལ་བ་དང་ལྡན་པའི་སེམས་དང་གཉིས་ཀྱིས་བཟླས་བརྗོད་དང་ཕྱག་རྒྱ་ཆེན་པོར་བསྒོམ་པ་ལ་འཇུག་པར་བྱ་སྟེ། སོགས་ཀྱི་སྒྲས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྒྲུབ་བྱའི་རིགས་པ་གཞན་ཡང་རུང་ [160b.5]བ་དག་ཀྱང་སྡུད་པར་བྱེད་དོ། །རྒོལ་བ་པ་ན་རེ། འོ་ན་དེ་ལྟར་བྱ་བ་དེ་དག་གི་ཐབས་དང་རིམ་པར་འཇུག་པའི་མཚན་ཉིད་ཇི་ལྟར་བྱ་བ་ཡིན་ཞེ་ན། སྨྲས་པ་དེའི་རིམ་པ་ཡང་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པ་སྟེ། ལངས་ནས་ཉལ་བའི་བར་དུ་བྱ་བའི་རིམ་པའོ། །དང་པོར་རེ་ཞིག་ [160b.6]ནང་བར་གྱི་དུས་ལ་བབ་པ་དང་ཞེས་པ་ནི། ཐོ་རངས་ཀྱི་སྐྱ་རེངས་ཤར་བར་གྱུར་པའི་དུས་དེ་དག་ལ་བྱ་བའི་དུས་ལ་བབ་པ་ཡིན་པས་སོ། །ཁྲི་ལ་སོགས་པ་མེད་པ་ཞེས་པ་ནི། བ་སོ་དང་གསེར་དངུལ་ལ་སོགས་པ་རིན་པོ་ཆེས་བརྒྱན་པའི་ཁྲི་དང་དར་ཟབ་ལ་སོགས་པའི་མལ་ [160b.7]ཆ་དག་མེད་པར་གྱུར་ན་ལེགས། ཡོད་པར་གྱུར་ན་ཡང་སྤངས་ལ། རང་གི་རྣལ་འབྱོར་དང་རྗེས་སུ་མཐུན་པའི་མལ་བདེ་བ་ལ་གནས་པ་ལས་ལངས་ལ་ཡི་དམ་བཀླག་པར་བྱ་སྟེ། དེ་ལ་རང་གི་རྣལ་འབྱོར་དང་རྗེས་སུ་མཐུན་པའི་མལ་བདེ་བ་ཞེས་པ་ནི། རས་བལ་ལ་སོགས་པའི་སྟན་ནང་ཚངས་ [161a] [161a.1]ཅན་འབོལ་ཞིང་བདེ་བའམ། དེའི་ཆར་གྱུར་པའི་མལ་ན་གནས་པར་བྱ་ལ། ལངས་ཏེ་ཞེས་པ་ནི་མལ་དེར་ཉལ་བ་ལས་ལངས་ཏེ། ཙོག་བུ་ལ་སོགས་ཏེ་གང་བདེ་བར་འདུག་ནས་དམ་པའི་ཆོས་བཀླག་པ་ཞེས་པ་ནི། རྒྱུད་ལས་ཀྱང་ཟབ་ཅིང་རྒྱ་ཆེ་བའི་ཆོས་གླེང་ལ་གསུངས་ [161a.2]ཏེ། ཟབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ལྟ་བུའོ། །རྒྱ་ཆེ་བ་ནི་སྡོང་པོས་བརྒྱན་པ་ལ་སོགས་པའི་མདོའོ། །རྣམ་པ་གཅིག་གཉིས་ཀའི་དོན་དང་ལྡན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་དེ་དག་དང་དེ་ལས་གཞན་པའི་མདོ་སྡེ་གང་ཡང་རུང་བ་དག་ཀྱང་བཀླག་པར་བྱའོ། ། [161a.3]སོགས་ཀྱི་སྒྲས་ནི་ཁ་ཏོན་དང་། སྔགས་ཟློ་བ་དང་། གདམས་ངག་དབོག་པ་ལ་སོགས་པ་གཞན་དག་ཀྱང་སྡུད་པར་བྱེད་དོ། །གཞན་དག་ན་རེ་འོ་ན་ཁྲི་སྟན་མཐོན་པོ་དང་། བཟང་པོ་སྤང་བ་ནི་ཐེག་པ་འོག་མ་པའི་གཞུང་གི་འདོད་པ་ཡིན་ཏེ། ཇི་ལྟར་ལེའུར་བྱས་པ་ལྔ་བཅུ་པ་ལས་ཀྱང་། ། [161a.4]ཤིང་ཁྲི་ཁྲུ་གང་མཐོ་བ་དང་། །བ་སོ་ལ་སོགས་བརྒྱན་པའི་ཁྲི། །ནམ་ཡང་མལ་ཁྲི་མཐོན་པོ་ལ། ཉལ་ལ་སོགས་པ་མི་བྱའོ། །ཞེས་ཟེར་ན། འདིར་ཡང་དེ་དང་མཐུན་པར་སྟོན་ན་ནི་དེ་གཉིས་ཀྱང་བྱེ་བྲག་མེད་པར་འགྱུར་ལ་གཞན་དུ། དཀའ་ཐུབ་དཀའ་སྤྱོད་མི་དགོས་སོ། །ཞེས་གསུངས་ [161a.5]པ་དེ་དང་འགལ་བར་འགྱུར་ན་འདི་ལྟར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ཡང་བདེན་མོད་ཀྱི། འོན་ཀྱང་བསྲུང་བའི་བྱེ་བྲག་གིས་སྤྱོད་པ་ཆ་མཐུན་པར་སྤྱོད་པ་ཡང་ཡོད་དོ། །སྔགས་ཀྱི་རྒྱུད་ལས་ཀྱང་། །ཁྲི་རྣམས་དང་ནི་ཁྲིའུ་དག་ལ། །སྒྲུབ་པོ་བློ་ལྡན་མི་གཙང་བ། །གཞན་དང་ [161a.6]ཉལ་བར་མི་བྱ་སྟེ། །གན་རྐྱལ་ཁ་སྦུབ་ཏུ་ཡང་མིན། །ཞེས་གསུངས་ཏེ། གཞན་དང་ཉལ་བར་མི་བྱ་ཞེས་གསུངས་པའི་སྒྲས། །བདག་ཀྱང་ཉལ་བར་མི་བྱ་བར་ཡིན་པར་མངོན་པས་ན། སྤྱོད་པ་མཐུན་པར་སྟོན་པ་དེ་ལྟ་བུ་དག་ཡོད་ཀྱང་ལྟ་བའི་ཁྱད་པར་འདྲེས་པ་དཔག་ཡས་པ་ [161a.7]མེད་པས་དེ་དག་དེ་དང་མཉམ་པར་ཡང་མི་འགྱུར་ལ་དཀའ་ཐུབ་ནི་དཀའ་བ་སྤྱད་པས་འགྲུབ་པར་ལྟ་བ་ཡིན་ལ། རྣལ་འབྱོར་པ་ནི་ལྷའི་སྤྱན་སྔ་ན་བག་བྱ་བའི་ཕྱིར། །འདི་ལྟར་བསྟན་པས་ཕན་ཚུན་འགལ་བར་ཡང་མི་འགྱུར་བར་ཤེས་པར་བྱའོ། །མི་བརྗེད་པའི་ཆོས་ཉིད་མངོན་པར་བྱ་བའི་ [161b] [161b.1]ཕྱིར་ཞེས་པ་ནི། རྣམ་པར་མི་རྟོག་པ་དེ་ཀུན་གྱི་གཟུངས་སུ་བྱ་བ་ཡིན་པས་སོ། །རྣམ་གཅིག་ཤེས་པས་མི་བརྗེད་པར་བྱ་བའི་ཡུལ་ནི་ཆོས་ཀྱི་དབྱིངས་པས་དེ་ལ་དམིགས་པ་འཕེལ་བར་བྱ་བའི་ཕྱིར་འདི་ལྟར་བྱའོ། །མཚན་མོ་དང་ཉིན་པར་ལེགས་པར་སྤྱད་པའི་ཡི་དམ་ཇི་ལྟར་བླངས་པ་ [161b.2]ཞེས་པ་ནི། ཉིན་ཞག་གཅིག་ལ་དུས་གསུམ་དུ་གཞིག་སྟེ། བདག་གིས་ལེགས་པར་བླངས་པའི་སྡོམ་པ་ཉམས་པར་གྱུར་རམ་མ་གྱུར། དགེ་བའི་ལས་དག་གང་ནི་འགྲིབ་པར་འགྱུར། གང་ནི་འཕེལ་བར་འགྱུར་སྙམ་དུ་རྗེས་བཅད་ཅིང་གཞིགས་ནས་དེ་དག་ཇི་ལྟ་བུར་གྱུར་པ་དྲན་པར་ [161b.3]བྱས་ལ། ཉེས་པ་ཡང་ཕྱི་ནས་མི་བྱ་བར་སེམས་བསྐྱེད་ལ་ཞེས་པ་ནི། གལ་ཏེ་དགེ་བའི་ཕྱོགས་འགྲིབས་ཤིང་དམ་ཚིག་དང་སྡོམ་པ་ལ་སོགས་པ་ཉམས་པ་དང་། མི་དགེ་བའི་ཕྱོགས་དག་འཕེལ་བར་འགྱུར་ན། དེ་ལ་འགྱོད་པ་བསྐྱེད་ཅིང་དམ་ཚིག་དང་སྡོམ་པ་ལ་སོགས་པ་ [161b.4]ཉམས་པ་དག་གསོ་ཞིང་བླང་བ་དང་། སྡིག་པ་མི་དགེ་བའི་ཕྱོགས་འགྲིབ་པར་བྱ་བའི་བརྩོན་པ་བསྐྱེད་པའི་བསམ་པ་སྔོན་དུ་བཏང་ཞིང་རྗེས་སུ་འབད་རྩོལ་སྐྱེད་པའོ། །དགེ་བ་ལ་འབད་རྩོལ་སྐྱེད་པའི་ཐབས་ཀྱང་འདི་ལྟ་སྟེ། དཀྱིལ་འཁོར་ཆེན་པོ་ན་བཞུགས་པ་ཞེས་པ་ནི། རྡོ་རྗེ་ [161b.5]དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ན་བཞུགས་པའི་ལྷ་རྣམས་སོ། །བདེ་བར་གཤེགས་པ་ལ་སོགས་པ་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཆེན་པོའོ། །སོགས་ཀྱི་སྒྲས་ནི་ཕྱོགས་ཀྱི་སངས་རྒྱས་བཞི་པོ་དག་བསྡུའོ། །སེམས་དཔའ་ཆེན་པོ་རྣམས་ཞེས་པ་ནི། དཔལ་ [161b.6]རྡོ་རྗེ་སེམས་དཔའ་འམ་ཡེ་ཤེས་སེམས་དཔའ་རྣམས་ཏེ། སྤྱིར་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་བཞུགས་པར་ཐང་ཅིག་ཡུད་ཙམ་ཅིག་དྲན་པ་མངོན་དུ་བྱས་ནས། མངོན་སུམ་དུ་དམིགས་ལ་ཕྱག་འཚལ་ལོ་ཞེས་པ་ཡང་མི་གཉིས་ [161b.7]པའི་འདུས་པས་སམ། རྣམ་གཅིག་འོག་ནས་གསུངས་པའི་ཕྱག་བཞི་པོ་དེས་ཕྱག་བཙལ་བར་བྱའོ། །ལ་ལ་ན་རེ་མདུན་གྱི་ནམ་མཁའ་ལ་མྱུར་བའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟར་གསུངས་པ་བཞིན་དུ་བསྐྱེད་ལ། བདག་གི་ཐུགས་ཀའི་ཟླ་བའི་དཀྱིལ་ [162a] [162a.1]འཁོར་ལས་ཇི་ཞེས་པའི་འཕྲོ་འདུ་ལས་ཡེ་ཤེས་ཀྱི་ལྕགས་ཀྱུ་སྤྲོས་པས་རྡོ་རྗེ་དབྱིངས་ཀྱི་ལྷ་ཇི་སྙེད་པ་སྔོན་ནས་ལྷུན་གྱིས་གྲུབ་པའི་གནས་ན་བཞུགས་པ་རྣམས་སྤྱན་དྲངས་ལ། འོག་ནས་གསུངས་པའི་ཚུལ་གྱིས་ཕྱག་འཚལ་ལ། དེའི་རྗེས་སུ་མཐུན་པའི་མཆོད་ [162a.2]པའི་ཡན་ལག་རྣམས་ཀྱིས་མཉེས་པར་བྱས་ཤིང་བདག་གི་ཡི་དམ་ཉམས་པར་གྱུར་པ་དག་ཀྱང་གསོ་བར་མཛད་པའི་གནང་བ་བྱིན་པར་བསམས་ལ། གདོད་འོག་ནས་འབྱུང་བ་བཞིན་དུ་བྱ་ཞེས་ཟེར་རོ། །ཇི་སྐད་དུ་གསུངས་པའི་རང་གི་རིགས་ཀྱི་སྲུང་བ་ཞེས་པ་ནི། རང་གི་རིགས་ཀྱི་ [162a.3]སྲུང་བ་གང་ཡིན་པས་བདག་ཉིད་བསྲུང་བར་བྱ་བའི་སྦྱོར་བ་ལ་གནས་པར་བསྟན་པ་སྟེ། སྲུང་བ་ཡང་ཐ་དད་མོད་ཀྱི་འདིར་ནི་དེ་བཞིན་གཤེགས་པ་དང་དེའི་རིགས་ཀྱི་སྲུང་བ་ཁོ་ནས་བྱ་བར་གསུངས་སོ། །ནན་ཏན་བྱས་ཏེ་ཞེས་པ་ནི། རང་གི་རིགས་ཀྱི་སྲུང་བ་བསྟན་པས་སྔར་ [162a.4]སྲུང་བ་ནན་ཏན་བྱས་ལ་གདོང་བསང་བ་དང་། བཀྲུ་བ་དང་། འཆག་པ་ལ་སོགས་པའི་དགོས་པ་དག་བྱ་བའི་ཕྱིར། ཕྱི་རོལ་གྱི་ས་ལ་སོགས་པར་འགྲོ་བར་བྱའོ། །དེ་ལས་གཞན་པའི་དུས་དང་སྤྱོད་པའི་ཚེ་ཞེས་པ་ནི་རྣམ་གྲངས་གཞན་དུ་སྟོན་པ་སྟེ། གོང་མའི་ཚིག་དགག་པའོ། ། [162a.5]དམ་ཚིག་སེམས་དཔའི་ང་རྒྱལ་ཡོངས་སུ་མ་བཏང་དུ་ཟིན་ཀྱང་ཞེས་པ་ནི། དེ་ལྟར་བསྟན་པའི་སྤྱོད་ལམ་ཀུན་དུ་རང་གི་ལྷའི་ཏིང་ངེ་འཛིན་ལ་གནས་ཏེ། དེའི་ང་རྒྱལ་མ་བཏང་དུ་ཟིན་ཀྱང་གཞན་དུ་འགྲོ་བའི་ཚེ། རང་གི་རིགས་དང་རྗེས་སུ་མཐུན་པའི་སྲུང་བའི་ཆོ་ག་ལ་གནས་ [162a.6]པར་བྱ་དགོས། དེ་མི་བྱར་མི་རུང་བས་ནན་ཏན་དུ་མི་གཏོང་ངོ་། །འོ་ན་ཅིའི་ཕྱིར་དེ་ལྟར་བྱ་བ་བཏང་དུ་ཟིན་ཀྱང་ཅི་སྐྱོན་ཞེ་ན། སྨྲས་པ། དངོས་པོའི་ངོ་བོ་ཉིད་ཀྱིས་རབ་ཏུ་སྦྱོར་བ་ལ་ཞེས་བྱ་བ་དག་གསུངས་ཏེ་ཆོས་ཉིད་རང་བཞིན་གྱིས་ཏིང་ངེ་འཛིན་དུ་གནས་སུ་ཟིན་ཀྱང་། སྲུང་བའི་ཆོ་ [162a.7]ག་མ་བྱས་ན་བགེགས་དང་ངན་ཁྲིད་རྣམས་ཀྱིས་སྐབས་ཚོལ་ཞིང་བར་དུ་གཅོད་པར་བྱེད་པས་ན། རང་གི་རིགས་ཀྱི་སྲུང་བའི་ཆོ་ག་ལ་གནས་ན་དེ་དག་གིས་མི་ཚུགས་ཤིང་ལྷ་རྣམས་དགོངས་པ་དང་བྱིན་གྱིས་རློབ་པར་མཛད་པའི་ཕྱིར་འདི་ལྟར་བྱའོ། །དེ་བས་ན་དངོས་པོ་བདག་ཉིད་རང་གི་ [162b] [162b.1]ངོ་བོ་ཉིད་ཀྱི་ལྷའི་སྐུ་ཕྱག་རྒྱར་སྦྱོར་བ་ལ་རབ་ཏུ་གནས་སུ་ཟིན་ཀྱང་གནས་པ་དེ་ལྟ་བུའི་དུས་ཉིད་ཀྱི་ཚེ། དམ་ཚིག་གིས་འདི་ལྟར་བསྲུང་བ་ངེས་པར་བྱ་བར་ཤིན་ཏུ་རིགས་སོ་ཞེས་བཤད་དོ། །འོ་ན་སྲུང་བའི་བྱེ་བྲག་དང་རྣམ་པ་ཡང་རྒྱུད་ལས་མི་མཐུན་ཞིང་མང་དག་གསུངས་པ་ཡོད་ན། [162b.2]འདིའི་སྐབས་སུ་ཇི་ལྟར་ཤེས་པར་བྱ་ཞེ་ན། སྨྲས་པ། དེ་ལ་དེ་བཞིན་གཤེགས་པ་མཉེས་པར་བྱ་བ་རྣམས་ཀྱི་དབང་དུ་བྱ་ཞེས་བྱ་བ་དེ་དག་སྟེ། དེ་ལྟར་བསྟན་པ་དེའི་ནང་ནས་འདི་དག་བསྟན་ཏེ། དེ་བཞིན་གཤེགས་པ་ཞེས་པ་ནི་བུདྡྷ་ལྔར་འདུས་པའི་ངོ་བོ་དེ་བཞིན་གཤེགས་པ་རྟག་ [162b.3]པའམ། རྣམ་གཅིག་སངས་རྒྱས་ལྔ་ལས་གང་བསྒོམ་ཡང་རུང་བ་ལ་དགོངས་པའོ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །ཞེས་པ་ནི། བདག་གིས་ཁམས་གསུམ་གྱི་སེམས་ཅན་འདི་དག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲུབ་ལ་མྱ་ངན་ལས་འདས་པ་ཆེན་པོའི་ཐང་ [162b.4]བདེ་བ་ལ་དགོད་པར་བྱའོ་ཞེས་ཡི་དམ་ཆེན་པོ་འཆའ་ཞིང་དེ་བསྒྲུབ་པ་ལ་བརྩོན་པར་བྱེད་པ་ནི། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ཞེས་བྱའོ། །རྟག་ཏུ་སངས་རྒྱས་མཆོད་པའི་བདག །ཅེས་པ་ནི། གང་བདག་དང་གཞན་ལ་དགོས་པར་གྱུར་པའི་རིན་ཐང་ཆེན་པོའི་ [162b.5]རྫས་རྣམས་དང་། བཟའ་བ་དང་བཏུང་བ་དང་། བགོ་བ་དང་རྒྱན་གྱི་རྣམ་པ་ཇི་སྙེད་ཡོད་པའམ། ཕྱི་ནང་གི་ལྷ་མོ་རྣམས་ཀྱི་རྣམ་པར་གྲོལ་བའི་ཡོན་ཏན་ལས་བྱུང་བའི་མཆོད་པ་ལ་སོགས་པ་རྒྱུད་ལས་ཇི་སྐད་གསུངས་པའི་མཆོད་པའི་རྣམ་པ་དང་། དེའི་ཐབས་འབྱུང་བ་ཁོ་ན་བཞིན་ [162b.6]དུ་མཉེས་པར་བྱེད་པ་ལ་སོགས་པའོ། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །ཅེས་པ་ནི། དོན་དམ་པའི་སྒོ་ནས་ཆོས་ཉིད་ཀྱི་དང་ངམ། ཆོས་ཀྱི་སྐུ་ལ་དམིགས་པ་དང་། ཀུན་རྫོབ་ཀྱི་སྒོ་ནས་གཟུགས་ཀྱི་སྐུ་ལ་དམིགས་ཤིང་དེའི་བདག་ཉིད་དུ་སྦྱོར་བ་དང་། ཡོན་ཏན་གྱི་བདག་ཉིད་ [162b.7]སྟོན་པར་བྱེད་པ་མདོ་ཀློག་ཅིང་འདོན་པ་ལ་སོགས་པ་སྐུ་གསུམ་དང་དེ་དག་གི་ཡོན་ཏན་ཡིད་ལ་བྱེད་པ་དང་བརྗོད་པའོ། །སྲུང་བ་འདི་ནི་དམ་པ་མཆོག །ཅེས་པ་ནི། དོན་དེ་ལྟ་བུ་དང་ལྡན་པ་སྲུང་བ་འདི་ནི་དམ་པ་བས་ན་སྲུང་བ་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་ནོ་ཞེས་གསུངས་ [163a] [163a.1]སོ། །འོ་ན་དེ་ལྟར་གསུངས་པའི་སྲུང་བ་དེས་མཆོག་པར་གཟུང་གི་གཞན་གྱི་དེ་བཞིན་གཤེགས་པའི་རིགས་སུ་གསུངས་པ་རྣམས་ལ་ཡང་དེ་ལྟར་ཡིན་ནམ་ཞེ་ན། སྨྲས་པ། དེ་ལྟར་ཡིན་བར་བསྟན་པའི་ཕྱིར་ན། དེ་བཞིན་གཤེགས་པའི་རིགས་ཀྱི་སྲུང་བ་ཡང་ [163a.2]ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་རིགས་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་ཀྱི་སེམས་དཔའ་རྣམས་ཏེ། དེ་སྲུང་བའི་སྦྱོར་བ་ཡང་འདི་སྐད་དུ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལན་ཅིག་ཞིག །ཅེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ [163a.3]ལན་ཅིག་ཙམ་དྲན་པ་ཡང་ཕན་ཡོན་ཆེན་པོར་བསྟན་པ་སྟེ། མིང་ཡང་ཡོངས་སུ་འཛིན་པ་སྤང་། །ཞེས་པ་ནི། དེའི་མཚན་ལན་ཅིག་ཙམ་རྗོད་པར་བྱེད་པའོ། འདི་ནི་སྲུང་བ་ཆེན་པོ་སྟེ། །ཞེས་པ་ནི། དེ་ལྟར་བྱ་བ་འདི་ནི་སྲུང་བ་རྣམས་ཀྱི་ནང་ན་ཆེ་བར་གྱུར་པས་སོ། །ངེས་པར་ [163a.4]འགྲུབ་སྟེ་སྐད་ཅིག་གིས། །ཞེས་པ་ནི། སྐད་ཅིག་གིས་སྲུང་བར་མཛད་པའི་བྱིན་རླབས་ངེས་པར་གསོལ་བར་མཛད་པ་སྟེ། དངོས་གྲུབ་ཐོབ་པར་བྱེད་པ་ལ་ནི་མི་སྦྱོར་ཞེས་བྱའོ། །དེ་བས་ན་ལྷའི་རྣལ་འབྱོར་ལ་གནས་ཤིང་སྲུང་བའི་བསམ་པ་དང་ལྡན་པ་ལྟ་ཅི་སྨོས་ཀྱི། ཆུང་ངུ་ན་ [163a.5]མཚན་ལན་ཅིག་ཙམ་བརྗོད་པས་ཀྱང་འདི་ལྟར་འགྲུབ་པར་བསྟན་ཏོ། །གཞན་དག་ན་རེ་འོ་ན་དཔལ་རྡོ་རྗེ་སེམས་དཔའ་ཁོ་ནས་དེ་ལྟར་གྱི་གཞན་རྣམས་ཀྱིས་ནི་དེ་ལྟར་མ་ཡིན་ནམ་ཞེ་ན། སྨྲས་པ། དཔལ་རྡོ་རྗེ་སེམས་དཔའ་ནི་ཡེ་ཤེས་སེམས་དཔའ་རྣམས་ཀྱི་དང་པོ་སྟེ། རྒྱུད་ [163a.6]ཉིད་ལས་ཀྱང་། །རྡོ་རྗེ་དང་པོ་ཀུན་དུ་བཟང་། །ཞེས་གསུངས་པས་ནི། །འདིར་ཡང་མཚོན་པའི་ས་འཛིན་དུ་འདི་ལྟར་བསྟན་པར་ཟད་ཀྱི། སེམས་དཔའ་གཞན་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་འགྲུབ་པར་འགྱུར་ངེས་པས་ན་གང་ལ་དད་པའི་སེམས་དཔའ་རྣམས་ལ་དམིགས་ [163a.7]ན་ཡང་དེ་བཞིན་དུ་འགྲུབ་པར་གསུངས་སོ། །བྱ་བ་བྱས་ནས་ཞེས་པ་ནི། བསང་བ་དང་འཆག་པ་ལ་སོགས་པའི་གང་འདོད་པའི་བྱ་བ་དེ་བསྒྲུབས་ཟིན་ནས་སོ། །གཙང་སྦྲ་ཇི་ལྟ་བ་བཞིན་བྱས་ཏེ། །ཞེས་པ་ནི་ཁྲུས་ལ་སོགས་པའི་ལག་བྱད་ཀྱིས་གཞན་གྱི་ཀྱལ་ཀ་སྤང་བར་ [163b] [163b.1]བྱ་བའི་ཐབས་སོ། །སྲུང་བའི་སྦྱོར་བ་ཡང་རྗེས་སུ་དྲན་ཞེས་པ་ནི་གང་གི་རིགས་གང་གི་ཡིན་པ་དེའི་སྲུང་བའི་ཆོ་གའི་སྦྱོར་པ་ལ་གནས་པར་བྱའོ། །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་སྔ་ནས་བསྒོམས་པ་ཞེས་པ་ནི། ཤེས་རབ་རྣམ་གསུམ་གྱི་སྒོ་ནས་ཆོས་ཐམས་ཅད་ལ་སོ་ [163b.2]སྟོང་པ་ཉིད་དང་མཚན་མ་མེད་པར་གཞིག་ཅིང་གཏན་ལ་ཕབ་ནས། དཔེར་ན་སྒྱུ་མ་དང་སྨིག་རྒྱུ་དང་། རྨི་ལམ་དང་། བྲག་ཅ་ལ་སོགས་པ་རྣམས་ངེས་པ་མ་ཡིན་བཞིན་དུ་ངོ་གང་ལ་སྣང་དུ་བཏུབ་པ་དང་འདྲ་བར་འཇིག་རྟེན་གྲགས་པའི་ཕྱི་ནང་གི་དངོས་པོ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་ [163b.3]བྱའོ། །ཁ་ཅིག་ན་རེ་ཤེས་རབ་རྣམ་གསུམ་གྱི་སྒོ་ནས་ཆོས་ཐམས་ཅད་སྟོང་བར་བཤིག་པ་དེ་ཡང་ཇི་ལྟར་བྱ་ཞེ་ན། ཕྱི་སྣོད་ཀྱི་འཇིག་རྟེན་ནི་སྒྱུ་མ་ལྟ་བུར་ཤེས་པར་བྱ། །ནད་བཅུད་ཀྱི་འཇིག་རྟེན་ནི་སྨིག་རྒྱུ་ལྟ་བུར་ཤེས་པར་བྱ། དེ་དག་གི་སྤྱོད་པ་ནི་རྨི་ལམ་དང་བྲག་ཅ་ལ་སོགས་པའི་ཚུལ་ [163b.4]དུ་ཤེས་པར་བྱའོ་ཞེས་ཟེར་རོ། །དེ་ལྟར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་བསྒོམས་ནས། འཇིག་རྟེན་ན་གྲགས་པའི་ལུས་དང་། ལོངས་སྤྱོད་དང་ཤེས་པ་དང་། ཤེས་བྱའི་མཚན་ཉིད་དེ་ལྟ་བུ་ཡིན་པར་བརྟགས་ནས་ཕྱི་རོལ་པའི་ཁྲུས་དང་གཙང་སྦྲས་དག་པར་ལྟ་བའི་ [163b.5]དངོས་གཞི་དེ་དག་སྤང་ངོ་། །ཅིའི་ཕྱིར་ཞེ་ན། དེ་ཁོ་ནས་ཐམས་ཅད་དག་པར་འགྱུར་གྱི། གཞན་གྱིས་ནི་དེ་ལྟར་མ་ཡིན་ཏེ། ཇི་ལྟར་གཞུང་ལས་ཀྱང་། ཡེ་ཤེས་ཆུ་བོ་ཁྲུས་ཀྱི་མཆོག །ཅེས་གསུངས་ཏེ། རྣམ་པར་མི་རྟོག་པ་དེ་ཁོ་ན་གཙོ་བོར་བསྟན་ཏོ། །འོ་ན་འདིའི་གཞུང་ [163b.6]ཉིད་ལས་ཀྱང་ཁྲུས་དང་གཙང་སྦྲས་དག་པར་བྱའོ་ཞེས་བཤད་པ་ཡོད་ལ། རྒྱུད་གཞན་ལས་ཀྱང་ཁྲུས་བྱས་ཡན་ལག་དྲིས་བསྐུས་ཞེས་བྱ་བ་ལ་སོགས་པའི་རྣམ་པ་མང་པོ་དག་སྟོན་པ་ཡང་ཡོད་ན། དེ་དག་དེ་ལྟར་མ་ཡིན་ན་ནི་དེ་གསུང་བར་ཡང་མི་འོས་ལ། འོན་ཏེ་དེ་ལྟར་ན་ནི་འདིར་སློབ་ [163b.7]དཔོན་གྱིས་ཅིའི་ཕྱིར་འདི་སྐད་སྟོན་པར་བྱེད་ཅེ་ན། སྨྲས་པ། གཞན་དུ་ན་དེ་ལྟ་བུའི་འཇིག་རྟེན་དང་མཐུན་པར་བྱ་བ་དང་། རང་གི་ལུས་ལ་ཕན་ཞིང་བདེ་བར་བྱ་བའི་ཕྱིར་ནི། གཙང་སྦྲ་སྤྱད་པའི་ཆོ་ག་ཇི་ལྟར་བསྟན་པ་བཞིན་བྱའོ་ཞེས་གསུངས་ཏེ། འཇིག་རྟེན་ན་གང་དག་གཙང་སྦྲར་སྤྱོད་པ་ [164a] [164a.1]ཅན་དག་གདུལ་བར་བྱ་བའི་ཕྱིར། དེ་དང་རྗེས་སུ་མཐུན་པར་བྱ་བ་དང་། རང་གི་ལུས་ཀྱི་ཁམས་བརྟས་པ་དང་། ནད་དང་གནོད་པ་དག་ཞི་བར་བྱ་བའི་ཕྱིར་ནི་གཙང་སྦྲ་ལ་སོགས་པ་བྱ་བར་གནང་སྟེ། བཀག་པ་མེད་དོ། །གཞན་དག་ན་རེ་དེ་ནི་དེ་ལྟར་རུང་ན་རང་གི་ལྷའི་རྣལ་འབྱོར་ [164a.2]ལ་གནས་པ་དག་གིས་ཁྲུས་དང་གཙང་སྦྲ་ལ་སོགས་པ་བྱས་ན། རིགས་པར་གླེང་བ་ཡང་ཡོད། ཁ་ཅིག་ན་རེ་དེ་ལྟར་མ་ཡིན་ནོ་ཞེས་ཀྱང་ཟེར་ན། དེའི་དོན་ཇི་ལྟར་བུར་ཤེས་པར་བྱ་ཞེ་ན། སྨྲས་པ། ཡང་ན་རང་གི་ལྷའི་དམ་ཚིག་སེམས་དཔའི་ང་རྒྱལ་མངོན་དུ་བྱས་པ་ནི་ཕྱི་རོལ་གྱི་གཙང་སྦྲ་ལ་ [164a.3]སོགས་པ་མི་དགོས་པའི་རྒྱུད་བཤད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་དེའི་ཚུལ་དུ་བསྟན་མོད་ཀྱིས་དེ་དང་མི་འདྲ་བའི་ཆ་ཤས་སུ་ཕྱེ་བ་གཞན་དག་སྟོན་པར་བྱེད་པའི་ཕྱིར་ན་ཡང་ཞེས་སྨོས་ཏེ། རང་གི་ལྷག་པའི་ལྷ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་ཏེ། གནས་ [164a.4]པའི་རྣལ་འབྱོར་པ་དག་གིས་ནི་ཁྲུས་དང་གཙང་སྦྲ་ལ་སོགས་པ་མི་དགོས་པའི་རྒྱུར་བཤད་དེ། སྒོ་གསུམ་ལྷའི་ངང་ཉིད་དུ་གནས་པ་ལ་མ་དག་པའི་དྲི་མ་མི་མངའ་བའི་ཕྱིར་རོ། །དེའི་ཕྱིར་ནི་རྗེས་སུ་དྲན་པའི་ཡིད་ལ་བྱ་བ་བསྐྱེད་པར་བྱ་སྟེ། ཞེས་པ་ནི་ལྷའི་ཕྱག་རྒྱ་ཆེན་པོ་ལ་གནས་ [164a.5]པའི་རྣལ་འབྱོར་རྟག་ཏུ་ཡིད་ལ་བྱའོ། །དེ་བས་ན་རྒྱུད་ལས་ཀྱང་། ཇི་སྐད་དུ། གཙང་སྦྲ་བསྡམ་པ་འདིར་མི་དགོས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་དག་པར་ཀུན་དུ་རྟོགས་པ་ལེགས་པར་བྱས་ནས་ཞེས་པ་ནི། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་གཞིག་ [164a.6]པ་དང་། རང་གི་ལྷའི་ཕྱག་རྒྱ་དམ་ཚིག་སེམས་དཔའི་ངོ་བོར་གནས་པས་དག་པར་ཡིད་ཆེས་པར་བྱས་པའོ། །ད་ནི་གནས་ཕུན་སུམ་ཚོགས་པར་དམ་ཚིག་སེམས་དཔའ་བསྒོམ་པ་ལ་སོགས་པའི་ཐབས་བཤད་པར་བྱ་སྟེ། དེ་ལ་རྒོལ་བ་པ་ན་རེ། འོ་ན་ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་ [164a.7]སོགས་པ་ཡང་རྒྱུད་གཞན་དག་ལས་མཚན་ཉིད་དང་རིམ་པ་གཅིག་ཏུ་ངེས་པར་གསུངས་པ་དག་ཡོད་ན། དེ་དག་གི་རྗེས་སུ་འབྲང་བ་ལས་ཤེས་པར་བྱ་བའམ། འོན་ཏེ་འདི་ལས་ཀྱང་རང་གཉེར་གྱིས་འདོད་པའི་གནས་ཀྱི་རིམ་པ་དག་ངེས་པར་བསྟན་པ་ཡོད་ཅེ་ན། སྨྲས་པ། བདག་གི་ཡིད་ [164b] [164b.1]དང་མཐུན་པའི་ཡུལ་གྱི་བྱེ་བྲག་གང་ཡང་རུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་གཞན་དག་ལ་ཕྱོགས་གཅིག་ཏུ་འཆད་ཅིང་ངེས་པར་གསུངས་པ་ཡོད་ཀྱང་འདིའི་སྐབས་སུ་ནི་དེ་ལྟར་མི་བལྟ་སྟེ། སྒྲུབ་པ་པོ་བདག་ཉིད་ཀྱིས་འཇུག་ཅིང་དག་པར་གྱུར་པའི་གནས་གང་ཡང་རུང་བ་དེ་ [164b.2]ཁོ་ན་བརྟག་པར་གསུངས་ཏེ། དེ་ཉིད་གསལ་བར་བསྟན་པ། ལྷ་ཁང་ལ་སོགས་པར་གནས་ཏེ་ཞེས་བྱ་བ་དག་སྟེ། ལྷ་ཁང་དང་། གནས་ཁང་དང་ཀུན་དགའ་ར་བ་དང་། ནེའུ་གསིང་དང་བྲག་ཕུག་དང་། རི་ཁྲོད་ལ་སོགས་པ་གང་ཡང་རུང་བར་གསུངས་ཏེ། དེ་ལྟ་བུའི་གནས་སུ་འདུག་ [164b.3]ནས་ཕྱོགས་དང་དུས་ན་བཞུགས་པའི་བདེ་བར་གཤེགས་པ་ཞེས་པ་ནི་ཕྱོགས་བཅུ་ན་བཞུགས་ཤིང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཏེ། སོགས་པའི་སྒྲས་ནི་དེའི་སྲས་དང་འཁོར་དུ་གྱུར་པ་རྣམས་ཀྱང་སྡུད་པར་བྱེད་མོད་ཀྱི། འདིར་ནི་གནས་སྐབས་ཀྱིས་ནི་རྡོ་རྗེ་དབྱིངས་ལ་ [164b.4]སོགས་པའི་དཀྱིལ་འཁོར་ཆེན་པོར་གནས་པའི་ལྷ་རྣམས་སོ། །སོགས་པའི་སྒྲས་ནི་དེར་གསུངས་པའི་ཡོངས་སུ་མ་དག་པའི་ལྷ་རྣམས་ཀྱང་བསྡུའོ། །བླ་མའི་བླ་ཞེས་པ་ནི་ལྷ་ཐམས་ཅད་ཀྱང་བླ་མར་གྱུར་པ་ཡིན་མོད་ཀྱང་། དེའི་ནང་ནས་རྒྱུད་འདིའང་རྒྱུད་ཐམས་ཅད་ཀྱི་རྩ་བར་གྱུར་བའི་ [164b.5]ཕྱིར། འདིར་གསུངས་པའི་ལྷ་རྣམས་ཀྱང་ཀུན་གྱི་ནང་ན་བླ་མ་ཡིན་པར་མངོན་ནོ། །ཁ་ཅིག་ན་རེ་གཞན་གྱི་ལྷ་དག་ནི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པས་བླ་མར་མི་གཞག་པ། འདིར་གསུངས་པའི་ལྷ་ནི་ཡེ་ཤེས་ཀྱི་བདག་ཉིད་ལས་སྐྱེས་པའི་ཕྱིར། དེ་དག་གི་བླ་མར་གཞག་གོ་ཞེས་ཟེར་རོ། ། [164b.6]ཕྱག་འཚལ་ལོ་ཞེས་པ་ནི་རྒྱུད་འདི་ཉིད་ལས་གསུངས་པ་འོག་ནས་འབྱུང་བ་དག་གི་ཕྱག་འཚལ་བ་དེས་ཕྱག་འཚལ་བར་བྱ་བ་སྟེ། དེ་ཡང་གང་གི་ཕྱིར། ཚུལ་ལམ་ཐབས་ཇི་ལྟར་ཞེས་བྱ་བར་སྦྱར་ཏེ། གང་གི་ཕྱིར་ཞེ་ན། ཡེ་ཤེས་རྣམ་པ་བཞི་ཐོབ་ཅིང་ཆོ་འཕྲུལ་རྣམ་པ་བཞི་དང་ལྡན་ [164b.7]པར་བྱ་བའི་ཕྱིར། དེ་ཡང་གཞན་དག་ན་རེ་ནི་འདི་ལྟར་གསུངས་པའི་ལྷ་རྣམས་དཀྱིལ་འཁོར་གྱི་ཚུལ་དུ་བཀོད་པ་ལས་སྒོ་བཞི་ནས་བསྐོར་ཞིང་ཕྱག་འཚལ་ལོ་ཞེས་ཟེར་ན། འདི་ཉིད་མཛད་པའི་སློབ་དཔོན་ན་རེ་ནི། དེ་ལྟར་བྱ་བ་འཐད་པར་མ་ངེས་ཏེ། ཅིའི་ཕྱིར་ཞེ་ན། དོན་ཐམས་ཅད་ [165a] [165a.1]གྲུབ་པའི་བྱང་ཆུབ་སེམས་དཔའ་རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་བ་ཡང་ཕྱོགས་སུ་བསྐོར་ནས་ཕྱག་བྱས་ཞིང་མི་གྲག་ལ། རྣལ་འབྱོར་བས་ཀྱང་དེ་དང་མཐུན་པར་བྱ་བའི་ཕྱིར་རོ། །གཞན་དུ་ན་སྔགས་སྤྱོད་པའི་རྣལ་འབྱོར་པས་ནི་ [165a.2]ཏིང་ངེ་འཛིན་ཁོ་ན་གཙོ་བོར་བསྟན་གྱི་སྤྱོད་པ་གཙོ་བོར་མ་གསུངས་པའི་ཕྱིར་རོ། །དེ་ལྟར་ཕྱག་འཚལ་ནས་ཁ་འདི་ལྟར་བལྟ་བ་ཡང་དོན་རྣམ་པ་གཉིས་ཀྱི་ཕྱིར་གསུངས་ཏེ། དེ་ཡང་བདག་དང་གཞན་གྱི་དོན་ལ་དམིགས་པའི་ཚུལ་ནི་ཁ་ནུབ་ཕྱོགས་སུ་བལྟ་ཞེས་སྨོས་ལ། དེ་བཞིན་ [165a.3]གཤེགས་པའི་ཡོན་ཏན་ལ་དམིགས་པའི་ཕྱིར་ནི་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ཞེས་སྨོས་ཏེ། ནུབ་ཕྱོགས་སུ་བལྟས་པས་ནི་བསྒྲུབ་པར་བྱ་བའི་ཕྱིར་དང་། སེམས་ཅན་རྣམ་པར་བྱང་བ་ལ་རྒྱས་བསྟན་ཅིང་མུན་པ་ཆེན་པོར་འཁྱམས་པ་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་བསྐྱེད་ [165a.4]པའི་ཕྱིར་རོ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་པ་ནི། དེ་བཞིན་གཤེགས་པ་དེ་དག་ལ་ཕྱོགས་དང་རིགས་སུ་ཆད་པ་མི་མངའ་སྟེ། ཐམས་ཅད་མཉམ་པ་ཉིད་དུ་དམིགས་པས་གང་དུ་བལྟས་ཀྱང་དེ་བཞིན་གཤེགས་པ་ཀུན་ཀྱི་མདུན་ན་གནས་པར་གྱུར་པས་ན་འདི་ལྟར་ [165a.5]བསྟན་ཏོ། །ཇི་ལྟར་བདེ་བའི་སྟན་ལ་འདུག་ནས་ཞེས་པ་ནི། བྱ་བའི་རྒྱུད་ལས་གསུངས་པའི་རྩ་དང་ཤིང་སྟན་ལ་འདུག་པར་བྱ་ཞིང་གཅིག་ཏུ་ཆད་པར་བསྟན་པ་དེ་དགག་པ་སྟེ། རས་དང་མོན་དར་ལ་སོགས་པ་ལས་ཤིང་བལ་ལ་སོགས་པ་དྲོ་ཞིང་འཇམ་པའི་ནང་ཚངས་ཅན་དུ་བྱས་ཏེ། [165a.6]འབོལ་ཞིང་བདེ་བའི་སྟན་ཇི་ལྟ་བུའི་ལུས་དང་མཐུན་པ་དེ་ལྟ་བུ་ལ་གནས་པར་བྱའོ། །དེ་བཞིན་དུ་སྲུང་བའི་སྦྱོར་བ་རྗེས་སུ་དྲན་ནས་ཞེས་པ་ནི་གང་བསྒོམ་པར་འདོད་པའི་རིགས་ཀྱི་སྲུང་བའི་སྦྱོར་བ་འདི་ཉིད་ལས་ཇི་སྐད་དུ་གསུངས་པ་དེ་བཞིན་དུ་རྗེས་སུ་དྲན་པར་བྱས་ནས། རྣལ་འབྱོར་པ་ [165a.7]བདག་དང་གྲོགས་པོ་དང་ཡོ་བྱད་ཀྱི་རྣམ་པར་དགོས་པ་ཇི་སྙེད་པ་རྣམས་ཏིང་ངེ་འཛིན་གྱིས་སྲུང་བའི་སྦྱོར་བ་བྱའོ། །དེ་ནས་རང་གི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཞེས་པ་ནི། རང་གི་ལྷའི་ཕྱག་རྒྱའི་རྣལ་འབྱོར་དུ་བསྒོམ་པའི་ཆོ་ག་འོག་ནས་ཇི་སྐད་འབྱུང་བའི་རིམ་པ་བཞིན་དུ་བྱས་ལ། [165b] [165b.1]དེའི་འོག་ཏུ་གང་ལ་དད་པའི་ཡི་དམ་གྱི་ལྷ་རྣམས་ལ། ཕྱི་ནང་གི་མཆོད་པའི་བྱེ་བྲག་ཇི་སྐད་གསུངས་པའི་ཆོ་གས་མཆོད་ཟིན་མ་ཐག་ཏུ་ལྷའི་བསྒོམ་པ་དང་བཟླས་བརྗོད་ལ་འཇུག་པར་བྱས་ཏེ། དེ་ལྟར་ཡང་ཅིས་མངོན་ཞེ་ན། ཞལ་ནས་གསུངས་པའི་རྒྱུད་ལས་གཏན་ཚིགས་གསུངས་པ། ཇི་ [165b.2]སྐད་དུ། བདག་ཉིད་ལྷ་ཡི་རྣལ་འབྱོར་པས། །བདག་དང་གཞན་ལ་མཆོད་པར་བྱ། །ཞེས་གསུངས་པའི་ཕྱིར་ན། འདི་ལྟར་བྱ་དགོས་པར་མངོན་ནོ། །འདིར་ཡང་མཆོད་པར་དགོས་པ་དང་། །ཞེས་པ་ནི་ཇི་སྐད་གསུངས་པའི་ཕྱིར་ནང་གི་ལྷ་མོ་རྣམས་ཀྱིས་མཆོད་པ་དང་། དེའི་ཚེ་དེ་དག་སོ་སོའི་ [165b.3]སྔགས་བརྗོད་དགོས་པའོ། །རང་གི་ལྷའི་སྒྲུབ་པའི་སྙིང་པོ་རྣམས་ཞེས་པ་ནི། ལྷ་མངོན་པར་བྱང་ཆུབ་པའི་རིམ་པས་རང་ཉིད་ལྷར་བསྐྱེད་པའི་སྙིང་པོ་ཙིཏྟ་པྲ་ཏི་བྱ་བ་ལ་སོགས་པ་ཇི་ལྟར་ལྕོགས་པ་བཞིན་བརྗོད་ནས། དོན་དེ་ལྟར་དམིགས་ནས། རང་གི་དགོས་པ་འགྲུབ་པར་བྱེད། །ཅེས་པ་ [165b.4]ནི་ལྷ་གང་བསྒོམས་པ་བཞིན་དུ་འགྲུབ་པར་གསུངས་པའོ། །རྣལ་འབྱོར་གྱི་ཚུལ་གྱིས་ཆོ་ག་ལ་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་ཕྱིར་རོ་ཞེས་པ་ནི། སྦྱོར་བའི་རྒྱུད་འདི་དག་སྒྲུབ་པར་བྱེད་པའི་སྐབས་འདིར་ནི་ཏིང་ངེ་འཛིན་ཁོ་ན་གཙོ་བས་དེ་ལ་གནས་པར་འགྲུབ་པར་བསྟན་གྱི། བཟླས་བརྗོད་ [165b.5]ལ་སོགས་པའི་ཡན་ལག་རྣམས་འདི་སྙེད་ཅིག་མི་བྱར་མི་རུང་ཞེས་དཔྱད་པར་བྱ་བ་མེད་དོ། །ཇི་ལྟར་ལྕོགས་པ་ཙམ་དུ་བརྗོད་པས་འགྲུབ་པར་བཤད་དེ། དེ་ལྟར་ཡང་གསུངས་པ། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །ཞེས་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་ [165b.6]ཀྱི་སེམས་དཔའ་རྣམས་སོ། །སྒྲུབ་དང་ལས་རྣམས་ཐམས་ཅད་ལ། །ཞེས་པ་ནི། ཕྱག་རྒྱ་ཆེན་པོ་སྒྲུབ་པ་དང་། མཆོད་པ་ལ་སོགས་པའི་ལས་སོ། །རྣམ་ཤེས་པ་དང་ཐམས་ཅད་ཅེས་པས་ནི་རྣམ་གྲངས་མང་པོ་དང་མ་ལུས་པ་དག་སྡུད་པར་བྱེད་དེ། འདིར་ནི་བཟླས་བརྗོད་ཅི་འདོད་ [165b.7]པ། །ཞེས་བྱ་བ་ནི། ཇི་ལྟར་བྱ་བའི་རྒྱུད་ལས་བཟླས་བརྗོད་མང་དུ་བརྗོད་པ་ལས་འགའ་ཙམ་གྱིས་མ་ཐེམ་པར་རྐྱེན་གཞན་གྱིས་བར་དུ་ཆོད་ན་གཞི་ནས་ཟློས་པར་བྱ་བ་དང་། གནས་ནས་གནས་གཞན་དུ་ཕྱེད་དུ་བཟླས་ན་དོན་མེད་པར་གསུངས་པ་དང་། བརྒྱ་དང་སྟོང་ཞེས་པ་ལ་སོགས་ [166a] [166a.1]པ་གྲངས་ངེས་པར་གསུངས་པ་དེ་དགག་པ་སྟེ། འདིར་ནི་ཏིང་ངེ་འཛིན་གཙོ་བོར་ཟད་ཀྱི། བཟླས་བརྗོད་ལ་ནི་ཅི་འཚམ་པར་བརྗོད་པས་མ་ཆོག་པ་མེད་པར་བསྟན་པའོ། །རྟོག་པ་ཀུན་ལ་དངོས་གྲུབ་སྩོལ། །ཞེས་པ་ནི། དེ་ལྟར་བྱས་པས་ཚིག་ཀུན་དེ་བཞིན་དུ་ [166a.2]འགྲུབ་སྟེ། གྲུབ་པར་ཐོབ་པར་བྱེད་ཅེས་བཤད་དོ། །རྒོལ་བ་པ་ན་རེ། འོ་ན་དེ་དག་གིས་དེ་ལྟར་གྲུབ་པར་གསུངས་ན་ལྷ་ཡང་རྣམ་པ་མང་པོ་དག་ཡོད་ན་རྫོགས་པར་ནི་འདིར་ཆུད་པར་ཡང་མི་འགྱུར་ལ། ཕྱོགས་གཅིག་བཟུང་ན་ནི་གྲུབ་པ་དང་རྗེས་སུ་མཐུན་པར་འགྱུར་བར་ཡང་མ་ངེས་ [166a.3]ན། འདིར་དེ་དག་གི་རིམ་པ་གང་ཐོབ་ཁོ་ན་སྒྲུབ་པར་བསྟན་ཞེ་ན། སྨྲས་པ། མང་པོ་དག་ལས་རྣམ་པར་ཕྱེ་བའི་ཕྱིར་ན་རེ་ཞིག་ཅེས་བྱ་བའོ། །དེ་བཞིན་གཤེགས་པ་རྣམས་དང་ཞེས་པ་ནི། དེ་བཞིན་གཤེགས་པ་ལྔའམ་གཅིག་གང་ཡང་རུང་བ་སྟེ། ཅིའི་ཕྱིར་ཞེ་ན། གཅིག་གི་ནང་ [166a.4]དུ་ཡང་ཀུན་འདུས་པར་བསྟན་པ་ཡིན་ལ་ལྔ་པོར་བརྗོད་ན་ཡང་འགལ་བ་མེད་པའི་ཕྱིར་རོ། །དེའི་རིགས་ཞེས་པ་ནི་ཡེ་ཤེས་ཀྱི་སེམས་དཔའ་རྣམས་སམ། །དེ་ལས་གང་ཡང་རུང་བའི་བཟླས་བརྗོད་དང་སྒྲུབ་པའི་ཐབས་ཀྱི་ཆོ་གའི་རིམ་པ་འདིར་བསྟན་པར་བྱའོ། །ཞེས་བཤད་དོ། ། [166a.5]འོ་ན་བཟླས་བརྗོད་ཀྱི་ཐབས་དང་རིགས་དང་རྒྱུད་ཀྱི་བྱེ་བྲག་གིས་རྣམ་པ་དུ་མར་བགྲང་བ་དག་ཡོད་ན་འདིར་ཇི་ལྟར་བྱ་ཞེ་ན། སྨྲས་པ། ད་འདིར་དེ་བཞིན་གཤེགས་པ་དང་དེའི་རིགས་ཀྱི་བཟླས་བརྗོད་ཅེས་གླེངས་པ་ཉིད་ཀྱི་བར་མངོན་ནོ། །འོ་ན་བཟླས་བརྗོད་དང་མཆོད་པ་ལ་སོགས་པས་ [166a.6]མཉེས་པར་བྱ་བའི་རིམ་པ་དེ་དག་ཇི་ལྟར་བྱ་བ་ཡིན་ཞེ་ན། སྨྲས་པ། དང་པོར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ལ་མཆོད་པར་བྱ་བའི་ཕྱིར་ཞེས་པ་ནི། དེ་དག་མཆོད་པས་མཉེས་པར་བྱ་བའི་ཕྱིར་རོ། །དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པར་བྱའོ་ཞེས་པ་ནི་ [166a.7]བདག་ཉིད་གང་ལ་དད་པའི་ལྷ་མཉེས་པར་འདོད་པ་དེའི་ཏིང་ངེ་འཛིན་དུ་གནས་པར་བྱས་ལ་གདོད་ཡེ་ཤེས་སེམས་དཔའ་ལ་མཆོད་པར་བྱ་དགོས་པས་ན་འདི་ལྟར་བརྗོད་དོ། །འོ་ན་དེ་ལྟར་མ་བྱས་པར་མཆོད་པ་དང་བཟླས་བརྗོད་ཀྱི་ལས་རྩོམ་པར་བྱས་ན་མཉེས་པར་མི་འགྱུར་རམ་ཞེ་ན། སྨྲས་པ། [166b] [166b.1]དེ་ཡང་དེ་ལྟར་འགྱུར་མོད་ཀྱི། འོན་ཀྱང་སེམས་ཅན་ལས་དང་ཉོན་མོངས་བའི་དབང་གིས་སྡུག་བསྔལ་གྱི་ངོ་བོར་སྨིན་པའི་ཕུང་པོ་རྟེན་འབྲེལ་གྱི་དབང་གིས་ཁམས་གསུམ་དུ་འཁོར་ཞིང་མངལ་གྱི་སྐྱེ་གནས་མི་གཙང་བ་ནས་སྐྱེས་པས་མི་གཙང་བའི་དྲི་མ་ཅན་དུ་གྱུར་པ་དེས། མཆོད་པ་ [166b.2]ནི་མཛེས་ཤིང་རིགས་པ་མ་ཡིན་པས། དེ་ཉིད་རྣམ་པར་བརྟགས་ནས་ལྷའི་རང་བཞིན་དུ་བྱིན་གྱིས་བརླབས་ནས། ཤིན་ཏུ་དག་པར་གྱུར་པའི་ཕྱག་རྒྱར་རང་ཉིད་གནས་པར་བྱས་ནས་མཆོད་པ་ནི་ཤིན་ཏུ་མཛེས་ཤིང་རིགས་པར་གྱུར་བས་ན། འདི་ལྟར་བསྟན་ཏོ། །དེ་བཞིན་ [166b.3]གཤེགས་པའི་དམ་ཚིག་སེམས་དཔའ་ཞེས་པ་ནི་བརྗོད་པའི་རྣམ་པར་དབྱེ་བའི་ཚིག་གིས་བསྒྲུབ་པར་བྱ་བའི་རིམ་པ་སྟོན་པར་བྱེད་པའི་ཚིག་སྟེ། དེ་ལ་སྔར་དེ་བཞིན་གཤེགས་པའི་དམ་ཚིག་སེམས་དཔའ་གང་ཡང་རུང་བའི་ཆོ་ག་དང་རིམ་པ་བསྟན་པ་འདི་ལྟ་སྟེ་ཞེས་སོ། །དེ་ [166b.4]ལྟར་བྱ་བའི་ཐབས་དང་རིམ་པ་ནི་འདི་ཁོ་ན་ལྟར་བྱ་སྟེ་དང་པོར་སྔགས་འདི་བརྗོད་དོ། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་པ་ནི། ཨོཾ་མགོ་ལ་སྨོས་པ་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྣམ་པར་བཀོད་པའི་ཡོན་ཏན་གྱི་བདག་ཉིད་དེ་ཚང་བར་སྟོན་ [166b.5]པའོ། །ལྷག་མ་རྣམས་ཀྱིས་ནི། ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །ཅེས་གསུངས་པ་སྟེ། སྣོད་བཅུད་བདག་གཞན་གྱི་དངོས་པོ་རྣམས་རང་བཞིན་གྱིས་རྣམ་པར་དག་སྟེ། ཆོས་ཀྱི་དབྱིངས་དང་ཐ་མི་དད་ཅིང་དབྱེར་མེད་པར་བསྟན་པའོ། །འོ་ན་ [166b.6]དེ་ལྟར་སྔགས་དེ་ཚིག་ཏུ་བརྗོད་པས་དོན་དེ་ལྟ་བུ་དག་འགྲུབ་པར་འགྱུར་བར་ཅིས་མངོན་ཞེ་ན་སྨྲས་པ། སྔགས་ནི་རང་བཞིན་གྱིས་འགྲུབ་པའི་མཐུ་དང་ལྡན་པས་བརྗོད་པ་ཙམ་གྱིས་ཀྱང་དེ་བཞིན་དུ་འགྱུར་ཏེ། དཔེར་ན་མཚོན་པ་བསྟན་པས་མཚོན་བྱ་རྟོགས་པར་ནུས་པ་བཞིན་ནོ། །འོ་ན་ [166b.7]འདི་ལྟར་མ་བྱས་ན་ཅིར་འགྱུར་དུ་དོགས་པའི་ཕྱིར་འདི་ལྟར་མོས་བ་བསྐྱེད་ཅེ་ན། སྨྲས་པ། འདི་ལྟར་མ་བྱས་པས་ཀྱང་ཉེས་པར་འགྱུར་བ་ནི་མེད་མོད་ཀྱི་འོན་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་བ་ནི་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པ་ཡིན་པས་ན། [167a] [167a.1]འདིར་ཡང་འདི་ལྟར་བྱས་པས་དེ་ཐོབ་པར་བྱ་བའི་ཕྱིར། འདི་ལྟར་བསྟན་ཏེ་ཉེས་པ་མེད་དོ། །རྡོ་རྗེ་ཐལ་མོ་སྙིང་གར་བཅིངས་ལ། ཞེས་པ་ནི་དེ་ལྟར་བརྟགས་ཤིང་མོས་པར་བྱས་པའི་རྟིང་ཐོགས་སུ་རྡོ་རྗེ་ཐལ་མོ་ལ་སོགས་པའི་ཕྱག་རྒྱ་འདི་དག་རིམ་པར་བཅིངས་ [167a.2]ཤིང་སྔགས་བཟླས་པར་བྱའོ། །དེ་ལ་རྒོལ་བ་པ་ན་རེ། དེ་ལྟར་བདག་གཞན་རྣམ་པར་དག་ཕན་ཆད་ཕྱག་རྒྱ་བཅིངས་པའི་གནས་ཀྱང་མངོན་པར་མ་གྲུབ་ན་ཅིའི་ཕྱིར་འདི་ལྟར་སྟོན་ཅེ་ན། སྨྲས་པ། དོན་དམ་པར་རང་བཞིན་མེད་པར་བརྟགས་པས་དངོས་པོར་མ་གྲུབ་པ་ཡང་བདེན་མོད་ [167a.3]ཀྱི། འོན་ཀྱང་ཀུན་རྫོབ་ཀྱི་སྒོ་ནས་བདག་ཉིད་དམ་ཚིག་སེམས་དཔར་བསྒོམ་པའི་ཐབས་རྫོགས་པར་བྱ་བའི་ཕྱིར་འདི་ལྟར་བྱ་བ་ལ་ཉེས་པ་མེད་དེ། དཔེར་ན་དེ་བཞིན་གཤེགས་པ་རྣམས་རྣམ་པར་མི་རྟོག་པ་ལ་དམིགས་བཞིན་དུ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་འགྲོ་བའི་དོན་ [167a.4]མཛད་པ་བཞིན་ནོ། །དེ་ལ་ཕྱག་རྒྱ་ལ་སོགས་པ་བཅིང་བའི་རིམ་པ་ཡང་འདི་ལྟར་གསུངས་པར་འགྱུར་ཏེ། དང་པོར་ལག་པའི་སྦྱོར་བ་བྱ་སྟེ། དང་པོ་ལག་པ་གཡས་པའི་མཐིལ་དུ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཞེས་པའི་ཡི་གེ་གཞག་པར་བྱའོ། །ལག་པ་གཡོན་ [167a.5]པའི་མཐིལ་དུ་ཊ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་གཞག་པར་བྱའོ། །དེ་གཉིས་ལས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེ་དང་དྲིལ་བུ་བསམ་པར་བྱའོ། །དེ་བཞིན་དུ་སོར་མོ་རྣམས་ལ་ཡང་ཉི་མའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་ཨོཾ་ཞེས་པ་དང་། ཧཱུྃ་ཞེས་པ་ལ་ [167a.6]སོགས་པའི་རིགས་དང་རིགས་ཀྱི་ཡུམ་རྣམས་སོ་སོའི་ས་བོན་གྱི་ཡི་གེ་རྣམས་རིམ་པར་དགོད་དེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་མོས་པར་བྱས་ལ་ལག་པ་ཐལ་མོ་སྦྱར་བར་བྱའོ། །འོ་ན་ཅིའི་ཕྱིར་དེ་ལྟ་བུར་སྟོན་པར་བྱེད། མ་བྱས་ན་ཇི་ལྟ་བུར་འགྱུར་ཞེ་ན། སྨྲས་པ། དཔེར་ན་ [167a.7]འཇིག་རྟེན་པའི་འགྲོ་བ་རྣམས་ཕ་མ་གཉིས་ལ་བརྟེན་ནས་སྐྱེ་ཞིང་འབྱུང་བ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ནི་ཡབ་ཐབས་ལ་མཁས་པ་དང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བརྟེན་ཏེ་བྱུང་གི། རང་ཐད་དང་སྟེས་དབང་གིས་བྱུང་བ་མ་ཡིན་ནོ། །དེ་ [167b] [167b.1]བཞིན་དུ་དེ་དག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱང་དེ་ལྟ་བུའི་ཚུལ་གྱིས་འགྲུབ་པས་ན་ཕྱག་རྒྱ་དག་འབྱུང་བ་དང་བརྟས་པར་བྱ་བའི་ཕྱིར་དེ་ལྟར་བསྒྱུར་ཞིང་དམིགས་པར་བྱ་སྟེ། དེ་ནི་རྡོ་རྗེ་ཐལ་མོའི་མཚན་ཉིད་དེ། ཕྱག་རྒྱ་ཐམས་ཅད་འབྱུང་བའི་གཞིའོ། །དེ་ལྟར་ན་རྒྱུད་ལས་ཀྱང་། །ཐལ་ [167b.2]མོ་རབ་ཏུ་དམ་སྦྱར་བ། །རྡོ་རྗེ་ཐལ་མོས་བཀའ་སྩལ་པ། །ཞེས་བྱའོ། །ཨོཾ་བཛྲ་ཨཉྫ་ལི་ཞེས་པ་ནི། དེའི་སྔགས་ཏེ་རྡོ་རྗེ་ཐལ་མོ་སྟེ་ཡུམ་མོ། །ཨོཾ་བཛྲ་བནྡྷ་ཞེས་པ་ནི། རྡོ་རྗེ་བཅིང་བའི་སྔགས་ཏེ་ཡབ་བོ། །ཨོཾ་བཛྲ་བནྡྷ་ཏྲཊ་ཅེས་པ་ནི་རྡོ་རྗེ་བྲད་པའི་སྔགས་ཏེ་སྲས་སོ། །དེ་ནི་ཐང་ [167b.3]གཅིག་བྲད་པས་ཀྱང་སྡིག་པ་ཐམས་ཅད་མ་ལུས་པར་སེལ་བར་བྱེད་དོ། །སྙིང་གའི་ཕྱོགས་སུ་སྒྲ་དང་བཅས་པར་འགྲོལ་ཞེས་པ་ནི་སྙིང་གའི་ཐད་ཀར་སྔགས་འདི་ཉིད་ཕྱག་རྒྱ་སྒྲ་དང་བཅས་པར་ལན་གསུམ་བཀྲོལ་བས་ཀུན་གཞི་གནས་ངན་ལན་གྱི་སྒྲིབ་པ་རྣམ་པར་དག་པར་ [167b.4]དམིགས་སོ། །ལེན་གསུམ་བརྗོད་པ་ནི་བདག་གི་སེམས་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ན་ཡང་། གློ་བུར་བླ་ཐབས་ཀྱི་ཉོན་མོངས་པའི་དྲི་མ་དང་རྡུལ་གྱིས་ཁེབས་ཤིང་གཡོགས་པར་གྱུར་ཏེ། མ་རུངས་པར་གནས་པ་ལ་དང་པོར་བཀྲོལ་བས་ནི་སྔ་མ་འདས་པའི་ [167b.5]དུས་ན་བསགས་པ་དེ་དག་བསལ་ལ། གཉིས་པས་ནི་ད་ལྟར་གྱི་དུས་ཀྱི་ཚེ་འདི་ལ་བྱས་པ་བསགས་པ་དེ་དག་མ་ལུས་པར་བསལ། གསུམ་པས་ནི་མ་འོངས་པའི་དུས་ན་བསག་ཅིང་བྱེད་པར་འགྱུར་བ་དེ་དག་བསལ་ཏེ། དུས་གསུམ་གྱི་ཉོན་མོངས་པ་དང་སྒྲིབ་པ་ཐམས་ཅད་སེལ་ [167b.6]ཅིང་ཟད་པར་བྱེད་པའི་དོན་ཏོ། །དེ་ལྟར་སྒྲིབ་པ་ཐམས་ཅད་ཟད་བྱས་ནས། དུས་གསུམ་གྱི་ཡེ་ཤེས་ཐམས་ཅད་ཀྱི་གནས་སུ་རུང་བར་གྱུར་པ་དང་། གནས་དེར་དབབ་པར་བྱ་བའི་དབང་དུ་བྱས་ཏེ་གསུངས་པ། དེ་ནས་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ཏེ་ཞེས་བྱ་བ་ལ་སོགས་པ་དག་གོ ། [167b.7]དེ་ལ་དབབ་པ་ལ་ཡང་གཉིས་ཏེ། ཡེ་ཤེས་དབབ་པ་དང་ཞེས་པ་ནི། དུས་གསུམ་གྱི་སྒྲིབ་པ་ཟད་པར་བྱས་པའི་གནས་དེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཐམས་ཅད་སྤྱན་དྲངས་ཏེ་བཅུག་པས་ཤིན་ཏུ་གཟི་བྱིན་དང་ལྡན་པར་དམིགས་སོ། །ཕྱག་རྒྱ་ཆེན་པོ་དབབ་པར་ [168a] [168a.1]བྱ། ཞེས་པ་ནི། དེ་བཞིན་གཤེགས་པའི་སྐུ་ཕྲ་མོ་ནམ་མཁའི་དབྱིངས་ཀྱི་སྙིང་པོ་གང་བ་རྣམས་བཀུག་སྟེ། སྒྲིབ་པ་ཟད་པར་བྱས་པའི་རང་བཞིན་ལུས་ཀྱི་གནས་སུ་ཞུགས་པས་ཡེ་ཤེས་དང་སྐུ་རྣམ་པར་དག་པའི་རང་བཞིན་དུ་འགྱུར་བར་བསམ་མོ། །འོ་ན་དེ་ལྟར་མ་ [168a.2]བྱས་ན་ཅི་ཉེས་ཤེ་ན། སྨྲས་པ། དེ་ལྟར་མ་བྱས་པར་འཕགས་པའི་སྤྱོད་པ་རྒྱ་ཆེན་པོ་ལ་འཇུག་ན། བདག་ཉིད་ཀྱི་ལུས་ལ་བྱིན་དང་མི་ལྡན་པས་བགེགས་ལ་སོགས་པ་འཇུག་ཅིང་བར་དུ་གཅོད་པར་བྱེད་ལ། དེ་ལྟར་བྱས་ན་བསྒྲུབ་པར་བྱ་བའི་ལས་རྩོལ་བ་ལ་བར་ཆད་ཀྱི་རྐྱེན་བགེགས་ [168a.3]ཀྱིས་མི་ཚུགས་པར་འགྱུར་རོ། །ཨོཾ་བཛྲ་ཨ་བེ་ཤ་ཨ་ཨ་ཨ་ཞེས་པ་ནི་དབབ་པ་དེའི་སྔགས་སོ། །དེ་ལྟར་ཉོན་མོངས་པ་དང་སྒྲིབ་པ་ཟད་པར་བྱས་ཤིང་ཡེ་ཤེས་དང་ཕྱག་རྒྱ་དབབ་པས་བདག་ཉིད་གཟི་བྱིན་ཅན་དུ་བྱས་ནས་ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱ་བའི་རིམ་པ་གསུངས་པ། དེའི་འོག་ [168a.4]ཏུ་རང་གི་སེམས་བརྟག་པ་ལ་སོགས་པ་མཉམ་པར་གཞག་པའི་མཚན་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མོས་པར་བྱས་ལ་དེ་བཞིན་གཤེགས་པའི་སྐུར་བདག་ཉིད་བྱིན་གྱིས་བརླབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེའི་འོག་ཏུ་ [168a.5]ཞེས་པ་ནི་གོང་མ་ལྟ་བུའི་སྦྱོར་བ་སྔོན་དུ་བཏང་བ་དེའི་རྟིང་ཐོགས་སུ་བྱ་བའོ། །རང་གི་སེམས་བརྟག་པ་ཞེས་པ་ནི། རང་གི་སེམས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པ་བདག་མེད་ཅིང་སྐྱེ་འགག་མེད་པ་ཉིད་དུ་མོས་པར་བྱའོ། །སོགས་ཀྱི་སྒྲ་དེ་ལས་བྱང་ཆུབ་ཏུ་སེམས་ [168a.6]བསྐྱེད་པ་དང་། ཡིག་འབྲུ་ཐུགས་ཕྱག་མཚན་དུ་གནས་པ་དང་། དེ་བརྟན་པར་གྱུར་ཅིང་དེ་ལས་ཡང་ཕྱག་རྒྱ་ཆེན་པོར་སྦྱོར་བ་དང་། དེའི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་བར་གྱི་ཐབས་རིམ་པ་སྣ་ཚོགས་པར་གསུངས་པའི་དོན་སྡུད་པའོ། །མཉམ་པར་གཞག་ [168a.7]པའི་མཚན་ཉིད་ཅེས་པ། དངོས་པོ་དེ་ལྟ་བུའི་དོན་ལ་དམིགས་པ་རྩེ་གཅིག་པར་བྱེད་པའོ། །མངོན་པར་བྱང་ཆུབ་པ་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་སྔགས་ཀྱི་སྒོ་ནས་སངས་རྒྱས་པའི་ཚུལ་སྟོན་པར་མཛད་པའི་ཐབས་ཀྱི་མཚན་ཉིད་མངོན་པར་བྱང་ཆུབ་པ་ལྔ་ཞེས་མིང་གི་ཐ་ [168b] [168b.1]སྙད་དུ་བཏགས་པ་འདི་ཉིད་ལས་གསུངས་པ་དེའི་དོན་ལ་འདུན་པར་བྱས་ནས་དེ་བཞིན་གཤེགས་པར་སྒྲུབ་པའོ། །སྐུར་བདག་ཉིད་བྱིན་གྱིས་བརླབས་ཞེས་པ་ནི། མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་རིམ་པ་དེས་རང་གི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་ [168b.2]རྣམ་པར་བཀོད་པའི་བདག་ཉིད་དུ་བསྒྱུར་ཏེ། དེ་ཁོ་ན་ཡིན་པར་དམིགས་པ་ལ་ནི་བྱིན་གྱིས་བརླབས་ཞེས་བྱའོ། །མདོར་ན་རང་གི་སེམས་བརྟག་པ་ལ་སོགས་པ་མཉམ་པས་མཉམ་པའི་མཚན་ཉིད་ནི། དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་སྟེ། དེ་ལ་མོས་པ་ནི། [168b.3]མཉམ་པར་འཇོག་པའོ། །དེ་ནས་དེ་བཞིན་གཤེགས་པའི་སྐུར་བདག་ཉིད་གནས་པར་བྱ་བའོ། །དེ་ལྟར་ཡང་རྩ་བའི་རྒྱུད་ཆེན་པོ་ལས་གསུངས་པ། དེ་བཞིན་གཤེགས་པའི་དམ་ཚིག་ཆེན་པོའི་སེམས་བསྒྲུབ་པ་བསྟན་པ་ལས་ཞེས་པ་ནི་མཚན་ཉིད་དེ་ཁོ་ན་སྐད་བྱ་བའི་རིམ་པར་ཕྱེ་ [168b.4]བའི་ལེའུ་སྟེ། སྐབས་ཀྱི་མིང་ངོ་། །སེམས་ཤེས་པ་ནས་བརྩམས་ནས་ནི། །ཞེས་པ་ནི། །དང་པོར་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཕྱིན་ཅི་ལོག་པར་བརྟགས་ཤིང་གཞིག་པར་བྱའོ། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །ཞེས་པ་ནི། དེ་ལྟར་སེམས་ཉིད་ཇི་ལྟ་བུའི་ངོ་བོར་ [168b.5]ཡང་མ་གྲུབ་པར་བརྟགས་པའི་དོན་ཏེ། དེ་ལྟར་རྟོགས་པར་རིག་པའི་བློ་སྐྱེས་པར་གྱུར་པ་དང་། དེའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་འབྲེལ་པ་ཅན་དུ་གནས་པས་ཉི་མ་ཞེས་བརྗོད་པ་དང་དེའི་ཟླས་ཟླ་བ་ཡང་སྨོས་པར་བྱ་དགོས་ཏེ། དེ་གཉིས་ [168b.6]གང་ཡང་རུང་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །བདག་ཉིད་སངས་རྒྱས་སྐུར་བསྒྱུར་ཏེ། །ཞེས་པ་ནི། དེའི་སྟེང་དུ་སྙིང་པོ་དང་ལྡན་པ་གསལ་བར་གནས་པ་ལས། བདག་ཉིད་སངས་རྒྱས་ཀྱི་སྐུར་གྱུར་པར་བསྒོམ་པར་བྱ་བ་སྟེ། དེ་ནི་སྔར་སེམས་ཅན་ལས་ཕྱིས་འདི་ལྟ་བུའི་ [168b.7]སྐུར་གྱུར་པས་མཚན་ཉིད་འགྱུར་བ་ལ་དགོངས་ནས་བསྒྱུར་ཞེས་བྱའོ། །རྡོ་རྗེ་དབྱིངས་ནི་ཟློས་བྱེད་ཅིང་། །ཞེས་པ་ནི། རྡོ་རྗེ་དབྱིངས་ཆེན་པོའི་ཕྱག་རྒྱ་བསྒོམ་པར་འདོད་ན་ནི་བཛྲ་དྷཱ་ཏུ་ཞེས་བརྗོད་ལ། འདི་ནི་གཙོ་བོས་འདི་སྐད་བསྟན་པར་ཟད་ཀྱི། གཞན་གང་བསྒོམ་པར་འདོད་པའི་ [169a] [169a.1]སྙིང་པོ་ཡང་དེ་བཞིན་དུ་ཟློས་ཤིག །དེའི་སྐུའི་ཡན་ལག་དང་། ཉིང་ལག་ཏུ་གཏོགས་པ་རྫོགས་པར་བསྒོམ་མོ། །དེ་ཡང་གང་ཞེ་ན། རྡོ་རྗེ་ཉི་མ་བསྒོམ་པར་བྱ། །ཞེས་གསུངས་པ་འདི་ཁོ་ན་སྟེ། དམ་ཚིག་སེམས་དཔར་བསྒོམ་པའི་སྐུ་ཕྱག་རྒྱ་རྫོགས་པར་ [169a.2]བསྒོམ་པ་དང་། རྒྱབ་ཏུ་ཉི་མའི་དཀྱིལ་འཁོར་གྱི་རྒྱབ་རྟེན་འོད་འབར་བ་ཅན་བསམ་པར་བྱ་ཞེས་པའི་བར་དུ་དེ་མཚོན་པར་བྱེད་པའོ། །འོ་ན་སེམས་བརྟག་པར་བྱ་བའི་རྣམ་པ་ཡང་ཐ་དད་པ་དང་བྱེ་བྲག་མི་མཐུན་པའི་རྣམ་གྲངས་ཇི་སྙེད་པ་དག་ཡོད་ན་འདིར་ཇི་ལྟར་བྱ་བ་ཡིན་ཞེ་ན། སྨྲས་པ་རང་ [169a.3]གི་སེམས་བརྟག་པ་ལ་སོགས་པའི་རིམ་པ་ཡང་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་བརྟག་པའི་ཐབས་དེ་ལྟ་བུ་ཇི་སྙེད་པ་དག་ཡོད་པར་མངོན་དུ་ཟིན་གྱིས་ཀྱང་། འདིར་རྩ་བའི་རྒྱུད་ཆེན་པོ་དེར་གསུངས་པའི་དོན་དང་མཐུན་པ་དག་བཤད་པར་བྱ་སྟེ། དང་པོར་ [169a.4]རེ་ཞིག་ཅེས་པ་ནི། ཇི་ལྟར་བྱ་བའི་རིམ་པ་གྲངས་སུ་དགོང་བར་བྱེད་པའི་ཚིག་གི་སྐབས་འཛིན་པའོ། །ཡིད་བདག་གི་སྙིང་གར་བསྡུས་ལ་ཞེས་པ་ནི། །ཡིད་ཀྱི་རྣམ་པར་ཤེས་པ་བྱ་བྱེད་མང་པོ་ཅན་དེ་དབང་པོ་དང་ཡུལ་གང་གིས་ཀྱང་རྗེས་སུ་འབྲང་དུ་མི་གཞུག་པར་དགག་པའོ། །ལུས་ [169a.5]ཐམས་ཅད་ཀྱི་སྲོག་སླར་བསྡུ་བའི་ཚུལ་གྱིས་ཞེས་པ་ནི། ཇི་ལྟར་བྱ་བའི་རྒྱུད་རྣམས་ལས། སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱའོ། །ཞེས་གསུངས་ཏེ། དེ་ལ་སྲོག་ཅེས་བྱ་བ་ནི་མིག་དང་རྣ་བ་དང་། སྣ་དང་ཁ་དང་། ལྟེ་བ་དང་། སྐྱེས་པ་དང་། བུད་མེད་ [169a.6]ཀྱི་དབང་པོ་དང་། མི་གཙང་བའི་ཁུང་བུ་དང་། སྐྲ་དང་བ་སྤུའི་བུ་ག་ནས་འབྱུང་བ་དང་། འཇུག་པའི་མཚན་ཉིད་ཀྱི་རླུང་སྟེ། དེ་བསྡམ་པ་ཡང་སྐབས་འདིར་འབྱུང་བ་དང་འཇུག་པ་དགག་པ་སྟེ། རླུང་འབྱུང་བ་དང་འཇུག་པ་རྣམས་དགག་པ་སྟེ་གྱེན་དུ་འདྲེན་པའི་རླུང་གིས་རུས་སྒལ་གྱིས་ལུས་བསྐུམ་པ། ལྕེའུ་ [169a.7]ཡིས་ཆུ་བཏུང་བའི་ཚུལ་གྱིས་བསྡུ་སྟེ། ཏིང་ངེ་འཛིན་དང་བཟླས་བརྗོད་མ་རྫོགས་གྱི་བར་དུའམ། ཅི་ནུས་པར་གཟུང་ངོ་ཞེས་བཤད་དོ། །དེའི་བཟླས་བརྗོད་རྩོལ་བ་ཡང་དགག་པར་འབྱུང་སྟེ། རྩོལ་བ་ནི་དྲན་པ་སྟེ། དེ་བསྡམ་པ་ཡང་བཟླས་བརྗོད་མ་རྫོགས་ཀྱི་བར་དུའམ། ཅི་ནུས་པར་ཇི་ལྟར་ [169b] [169b.1]བསམས་པའི་ལྷ་ཉིད་ཀྱི་གཟུགས་ལས་གཞན་པ་གུད་དུ་དམིགས་པ་དགག་པ་སྟེ། བསྡམ་པ་དེ་ཀུན་དུ་བསྡམས་པ་རྒྱུན་བཅད་ཅིང་འགོག་པ་ནི་སྲོག་རྩོལ་བ་རབ་ཏུ་བསྡམས་པའོ། །སྐབས་འདིར་བདག་ཅེས་བྱ་བའི་སེམས་བསྡམས་པ་ཉིད་ཀྱིས་དྲན་པ་བསྡམས་པར་རིག་པར་ [169b.2]བྱའོ། །དེ་ལྟར་ཅི་མངོན་ཞེ་ན། སེམས་རྒྱལ་པོ་དང་འདྲ་བ་དྲན་པ་དང་། ཏིང་ངེ་འཛིན་དང་། ཡིད་ལ་བྱེད་པ་ལ་སོགས་པའི་འཁོར་གྱིས་བསྐོར་བ་སྲོག་གི་རྟ་ཞོན་པ་ཉིད་དུ་འདོད་དེ། སྲོག་གི་རྟ་དེ་ཉིད་བཟུང་ན་སེམས་རྒྱལ་པོའི་འཁོར་དང་། བཅས་པ་ངེས་པར་གཟུང་བར་ [169b.3]འགྱུར་རོ། །འདིར་གཞན་དག་ལས་ཀྱང་སྲོག་རྩོལ་བ་ནི་སྲོག་འགོག་པ་སྟེ། དེ་བཀག་པས་དྲན་པ་དང་། བློ་དང་ཡིད་ལ་བྱེད་པ་དང་སོགས་པ་དང་བཅས་པའི་བདག་གི་སེམས་ངེས་པར་གཟུང་བར་འགྱུར་རོ་ཞེས་གསུངས་སོ། །སྲོག་ནི་དབུས་སུ་བཤད་པ་ཡིན། །ཞེས་གསུངས་པས་ནི། [169b.4]གནས་སྐབས་ཀྱིས་ནི་འདིར་ཡང་ལུས་ཀྱི་སྲོག་ཏུ་འདོད་པ་ནི་དབུགས་ཁོ་ན་སྟེ་ཇི་ལྟར་ཡིད་བསྡུ་བ་བཞིན་དུ་དབུགས་ཀྱང་བསྡུ་ལ་ཡིད་བསྡུས་པ་དང་དབུགས་ཀྱང་བསྡུ་བར་འགྱུར་བས་མི་གཡེང་བར་བྱ་བའི་ཕྱིར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བ་ཡིན་པར་མི་གཏོང་བར་བདག་གི་དབང་དུ་གྱུར་པར་ [169b.5]དགུག་ཅིང་ཡན་པར་མི་གཏོང་སྟེ། དེ་ཡང་དབུགས་ཀྱི་རླུང་གང་ནས་ཇི་ལྟར་རྒྱུ་བ་དང་། ཇི་ལྟར་བསྡམ་པ་དང་། དུས་ཇི་སྲིད་དུ་བསྡམ་པ་དང་། དཔེ་ཅི་འདྲ་བ་དག་བཤད་པར་བྱ་དགོས་ཏེ། དེ་ལ་གང་ནས་རྒྱུ་ཞེ་ན། ཁ་དང་སྣ་དང་། དབང་པོ་རྣམས་ཀྱི་བུ་ག་དང་། བ་སྤུའི་བུ་ག་ཐམས་ཅད་ [169b.6]ནས་ཕྱི་ནང་དུ་རྒྱུའོ། །ཇི་ལྟར་རྒྱུ་ཞེ་ན། སེམས་གཡེང་ཞིང་ལྷོད་པའི་ཚེ་ན་ནི་རིང་དུ་རྒྱུ་ལ་དམ་པའི་ཚེ་ན་ནི་ཐུང་དུ་རྒྱུ་བ་སྟེ། ཕྱིར་ནི་འདོམ་གང་ཚུན་ཆད་ནང་དུ་ནི་ལྟེ་བའི་ཐད་ཀ་ཡན་ཆད་དུ་འཇུག་པའོ། །ཇི་ལྟར་བསྡམ་པ་ནི་རུས་སྦལ་གྱི་ཡན་ལག་ནང་དུ་སྡུད་པ་དང་། ལྕེའི་ཆུ་བཏུང་བའི་ [169b.7]ཚུལ་དུ་བཟུང་བ་ནི་ཡན་ལག་ནང་དུ་སྡུད་པ་དང་། ལྕེའུ་ཡིས་ཆུ་བཞིར་པ་ལྟར་དབུགས་ནང་དུ་བརྔུབ་པར་མི་བྱ་སྟེ། བསྡམ་པ་དང་ལྷོད་པས་ཉལ་ལོག་པའི་དབུགས་ལྟར་མི་བྱ་བར་བཟུང་ཞིང་མཉམ་མོ། །དུས་ཇི་སྲིད་དུ་བསྡམ་པ་ནི། དང་པོར་ཏིང་ངེ་འཛིན་དུ་གཏད་ནས་བགས་ཀྱིས་ [170a] [170a.1]བསྡམས་ཏེ། ཏིང་ངེ་འཛིན་དང་བཟླས་པ་ནམ་ཟིན་གྱི་བར་དུ་བྱའོ། །དེ་ལྟར་མ་བྱས་པའི་སྐྱོན་ནི། རླུང་འཁྱིལ་ནས། སྙིང་ག་ན་བ་དང་། ལུས་ལྕི་བ་དང་། སྔངས་ཤིང་སེམས་འཁྲུགས་པར་འགྱུར་རོ། །དབུགས་བསྡམ་པ་དྲགས་ན་ཡང་སྐྱོན་འདིར་འགྱུར་ཏེ། དེ་ [170a.2]ལས་བཟློག་པས་ནི་ཏིང་ངེ་འཛིན་མི་འགྲུབ་པར་བསྟན་ཏོ། །ཕྱུགས་བཞིན་སྲོག་བསྡམས་པ་མེད་པ་ལ་ནི་ཏིང་ངེ་འཛིན་འགྲུབ་པ་མེད་དོ་ཞེས་བཤད་དོ། །དེ་ནི་ལུས་ཐམས་ཅད་ཀྱི་སྲོག་སླར་བསྡུ་བ་སྟེ། དེ་ལྟ་བུའི་ཐབས་ཀྱིས་དེ་ལྟར་ལུས་ཀྱི་སྲོག་སླར་བསྡུ་པའི་ཚུལ་ནི་ཐབས་ [170a.3]ཏེ། །དེ་ལྟ་བུའི་ཚུལ་གྱིས་དབང་པོ་ལྔ་དང་། བ་སྤུའི་བུ་ག་ཐམས་ཅད་དབུགས་ནང་དུ་བསྡུ་བར་བསམ་པ་ནི་དབང་པོ་མཐའ་དག་ནི་རྒྱུན་ནང་དུ་དམིགས་པར་བྱས་པ་དང་། ནང་དུ་ཕྱོགས་པ་ཞེས་བྱ་བ་ནི་དབང་པོ་རྣམས་ཡུལ་ལ་འཕྲོ་བར་བྱེད་པ་དགག་པ་སྟེ། ཡིད་ཀྱིས་ནང་དུ་ཕྱོགས་པར་བྱས་ [170a.4]པའོ། །སྙིངཔོ་དབུགས་མི་འབྱུང་བར་བརྗོད། །ཅེས་པ་ནི། སེམས་བརྟག་པའི་སྙིང་པོ་འོག་ནས་འབྱུང་བ་འདིའི་ཚིག་ཏུ་བརྗོད་པ་མ་ཡིན་གྱི་ཡིད་ཀྱིས་བཟླས་པར་བྱ་བའོ། །ལུས་དང་སེམས་ལས་སུ་མི་རུང་བ་སྤངས་ཞེས་པ་ནི་བསམ་གཏན་གྱི་མི་མཐུན་ཕྱོགས་ཏེ་སྙོམས་པ་དང་། གཉིད་དང་ [170a.5]རྨུགས་པ་དང་། གཡེང་བ་དང་། རྒོད་པ་དང་། བྱིང་བ་དང་། འཕྱར་བ་ལ་སོགས་པ་ཇི་ལྟར་མཁན་པོ་དག་གིས་མཛད་པའི་བསམ་གཏན་ལ་འཇུག་པའི་ལུགས་རྣམས་ལས་ལུས་སེམས་ཀྱི་མི་མཐུན་པའི་ཕྱོགས་ཏིང་ངེ་འཛིན་གྱི་གེགས་སུ་གྱུར་པ་རྒྱ་ཆེར་བཤད་པ་དེ་དག་དགག་པར་བྱའོ། །དེ་གཉིས་ [170a.6]མཐུན་པར་འཇུག་པར་བྱའོ་ཞེས་པ་ནི། དེ་གཉིས་རྐྱེན་མི་མཚུངས་ན་སེམས་ཀྱི་བསམ་གཏན་རྣལ་དུ་མི་ཕེབས་ཏེ། །དམིགས་པ་ལ་འཇུག་ཏུ་མི་བཏུབ་པས་ན་སེམས་དེ་གཉིས་ཀྱི་རྐྱེན་མཉམ་ཞིང་མཚུངས་པར་བསྙམས་ནས། དེ་གཉིས་ཚེ་མཐུན་པར་གྱུར་པས་ཚུལ་འདི་ལ་འཇུག་པར་བྱའོ། །རང་བཞིན་གྱིས་ [170a.7]འགྲུབ་པའོ་ཞེས་པ་ནི། བ་ཏི་ཏ་སིདྡྷི་ཞེས་བྱ་བའི་སྒྲ་འདི་ལྟར་འདོད་དེ། སྔགས་འདི་བརྗོད་པས་རང་གི་སེམས་ཇི་ལྟར་བརྟགས་པ་དེ་བཞིན་དུ་རྟོགས་པར་འགྱུར་ནུས་པའམ། སྔགས་དེའི་མཐུས་ཇི་ལྟར་འདོད་པ་དེ་བཞིན་དུ་འགྲུབ་པར་ནུས་པའི་དོན་ཏེ། སྔགས་ཐམས་ཅད་ལ་ཡང་དེ་བཞིན་ [170b] [170b.1]དུ་སྦྱར་བར་བྱའོ། །རྒོལ་བ་བ་ན་རེ། འོ་ན་དེ་ལྟར་སེམས་བརྟག་པར་བྱ་བ་དེ་ཡང་སྔགས་དང་མདོ་སྡེའི་ཁྱད་པར་རིམ་པ་གྲངས་སུ་བཏུབ་པར་ཡོད་པ་དག་དགའ་ནའི་གཞུང་ལྟར་ན། ཁ་ཅིག་ནི་ཐལ་བར་གྱུར་བ་དང་། ཁ་ཅིག་ནི་ལུས་པར་འགྱུར་བས་གཅིག་གི་ཚད་དང་མཐུན་པ་གཞན་དང་ [170b.2]འགལ་ལ། གཞན་དང་མི་འགལ་བ་གཅིག་གི་ཚད་དང་མི་མཐུན་པ་ཡོད་པས། རྣམ་པ་དེ་དག་ཀྱང་ཕན་ཚུན་དུ་གནོད་པ་སྐྱེལ་བར་བྱེད་པ་ཡིན་ན། འདིའི་སྐབས་སུ་གང་ལ་གཟུང་བར་བྱ་ཞེ་ན། རང་གི་སེམས་བརྟག་པ་ཡང་སྐབས་འདིར་ནི། ཆོས་དང་གང་ཟག་ལ་བདག་མེད་པར་བསྟན་པའི་ [170b.3]གཏན་ཚིགས་ཀྱིས། བདག་དང་བདག་གིར་འཛིན་པ་དང་། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པའི་དྲི་མ་སྤངས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་སྐབས་འདིར་ནི་ཞེས་བྱ་བ་ནི་ཐེག་པ་འདིའི་གཞུང་དང་རྒྱུད་ཀྱི་དོན་ལ་སྙགས་པ་ཡང་ [170b.4]ཡིན་ལ། སྒྲུབ་ཐབས་འདི་ཉིད་ཀྱི་དཀྱུས་སུ་སྦྱར་བར་བྱ་བའི་ཚིག་ཀྱང་ཡིན་ནོ། །གང་ཟག་དང་ཆོས་ལ་བདག་མེད་པར་བསྟན་པའི་གཏན་ཚིགས་ཤེས་པ་ནི་སྔོན་གྱི་སློབ་དཔོན་དག་གིས་མཛད་པའི་བསྟན་བཅོས་དང་རབ་ཏུ་བྱེད་པའི་གཙུག་ལག་ལས་གསུངས་པ་དང་། དེ་ [170b.5]དག་གི་ཁུངས་སུ་གྱུར་པའི་མདོ་དག་ལས་ཇི་སྐད་བསྟན་པའི་ཡོད་པར་བལྟ་བ་བཞིན་དང་། མེད་པར་བལྟ་བ་བཞིན་མཚན་ཉིད་ཇི་སྐད་དུ་བསྟན་པས་གཅིག་གི་གཞུང་སྒྲུབ་ཅིང་གཅིག་འཇོམས་པར་བྱེད་པའི་གཏན་ཚིགས་ཀྱི་མཐའ་རྣམས་པ་གཉིས་བསལ་བའི་རིམ་པ་བཀོད་པ་ལས་ཆོས་དང་ [170b.6]གང་ཟག་ལ་བདག་མེད་པར་འདོད་པ་གང་ཡིན་པ་དེས་གཟུང་འཛིན་དང་བྲལ་བར་མོས་པའོ། །བདག་དང་བདག་གིར་འཛིན་པ་ཞེས་པ་ནི། ནང་གི་ཆོས་རྣམས་ལ་གཟུང་འཛིན་དུ་རྟོག་པས་བརྟགས་པའོ། །ཕུང་པོ་ཞེས་པ་ནི་འབྲུའི་ཕུང་པོ་དང་ཆོས་མཐུན་པ་སྟེ། གཟུགས་ཀྱི་ཕུང་པོ་དང་། [170b.7]ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །སྐྱེ་མཆེད་ནི་རྣམ་པ་བཅུ་གཉིས་ཏེ། གཟུང་བ་ནི་ཡུལ་ཐ་དད་པ་ཡིད་ལ་བྱེད་པའོ། །འཛིན་པ་ནི་སེམས་ཏེ། དེ་ལྟར་རྟོགས་པ་ཉིད་དྲི་མ་སྤངས་ཏེ། དེ་མི་དམིགས་པར་བྱ་བར་སྟོན་ཏེ། [171a] [171a.1]ཅུང་ཟད་ཅིག་ནམ་མཁའ་དང་འདྲ་བར་དམིགས་ནས་ཞེས་པ་ནི་སྔ་མའི་གཟུང་འཛིན་མི་རྟོག་པའི་དྲི་མ་སྤངས་པའི་སེམས་དེ་ཉིད་ཀྱི་མཚན་ཉིད་དེ། ཇི་ལྟར་ནམ་མཁའ་བརྟག་པ་ཡོད་ན་ཡང་རྫས་སུ་མ་གྲུབ་སྟེ། སྤྲོས་པའི་མཐའ་ཐམས་ཅད་ལས་དབེན་པ་བཞིན་དུ་ [171a.2]རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དེ་ཉིད་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་དུ་གང་གི་མཐར་ཡང་མ་གྱུར་པའི་སེམས་དེ་ཉིད་ནམ་མཁའ་ལྟ་བུར་མོས་པར་བྱའོ། །དེ་ལྟར་མོས་པར་བྱ་བའི་ཏིང་ངེ་འཛིན་དེ་དག་གལ་ཏེ་སྐྱོའམ་གཡེང་བར་གྱུར་ན། འདི་ལྟ་བུའི་རྣམ་པར་ [171a.3]བསྒྱུར་བའི་བསམ་གཏན་སྔོན་དུ་བྱ་བ་སྟེ། ཟླ་བ་ཚེས་གཅིག་གི་ཤས་འདྲ་བ་ཞེས་པ་ནི་སེམས་ཉིད་དེ་ལྟར་བརྟག་པའོ། །ནང་སྟོང་པ་ལ་ཞེས་པ་ནི་ཚེས་གཅིག་པའི་མཚན་ཉིད་པས་ཁམས་གང་བར་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མོས་པར་བྱ་བའོ། །ཁ་ཅིག་ན་རེ། ཡི་གེ་ [171a.4]ཨའི་རྣམ་པར་གསལ་བ་ལས་ཟླ་བའི་དཀྱིལ་འཁོར་དུ་མོས་པར་བྱའོ་ཞེས་ཟེར་ན། ལྷག་པར་འདིར་ནི་དེ་ལྟར་ངེས་པ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། ཨའི་དོན་སྐྱེ་བ་མེད་པ་ཡིན་པ་དང་། གང་དུ་ཆོས་དང་གང་ཟག་ལ་བདག་མེད་པའི་རྣམ་པར་བརྟག་པའི་བསམ་གཏན་ལ་དེས་ཁྱབ་པར་ [171a.5]གནས་པ་ལས། འདིར་སྐྱེ་བའི་ཆོ་འཕྲུལ་འདི་ལྟ་བུ་རྣམ་པར་བསྟན་པའི་ཕྱིར་ཏེ། བདག་མེད་པའི་ངོ་བོ་དེ་ལས་འདི་ཁོ་ན་རྣམ་པར་མོས་པར་བྱ་བ་ཉིད་རིགས་པར་མཐོང་ངོ་། །གཞན་དག་ན་རེ། འདི་ལྟར་བསྟན་པ་ཡང་ཟླ་བའི་དཀྱིལ་འཁོར་ཞེས་བསྟན་པར་ཟད་ཀྱི། ནང་སྟོང་པ་དང་ནང་གང་ [171a.6]བར་གྱུར་པའི་བྱེ་བྲག་གང་དུ་ཡང་ཕྱེ་བ་མེད་ན། ཅིའི་ཕྱིར་འདི་སྐད་ཅེ་ན། གང་གི་ཕྱིར་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མངོན་པར་རྟོགས་པའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་ཇི་ལྟར་གོང་དུ་གསུངས་པ་ [171a.7]བཞིན་ཏེ། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མི་རྣམས་ཀྱི་ནང་དུ་ཤཱཀྱའི་རིགས་རྒྱལ་པོའི་སྲས་སུ་སྐུ་སྐྱེ་བ་བཞེས་ནས། བཟོ་དང་རིག་བྱེད་ལ་སོགས་པ་སྐྱེས་བུའི་རྩལ་ཆེན་པོ་བསྟན་ནས། ཕྱོགས་གཅིག་ཏུ་སྐྱེས་པའི་རིགས་ཀྱི་ན་ཚོད་མཐུན་པ་རྣམས་ [171b] [171b.1]ལས་ཁྱད་པར་དུ་གྱུར་པའི་ཕྲིན་ལས་བསྟན་ནས་སྔགས་ཀྱི་སྒོ་ནས་སངས་རྒྱས་པར་བྱ་བའི་ཚུལ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་སྡུག་པོ་ན་སྟོང་པ་ཆེན་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞུགས་པའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་དེའི་ [171b.2]གང་དུ་གཤེགས་ཏེ་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས་བྱང་ཆུབ་སེམས་དཔའ་དེ་ལ་མགྲིན་གཅིག་ཏུ་གསུང་མཐུན་པར་འདི་སྐད་ཅེས་གསུངས་སོ། །རིགས་ཀྱི་བུ་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་མ་བྱས་པར། དཀའ་བ་སྤྱད་པ་ [171b.3]ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱ་སྙམ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་དེ་དག་གིས་བསྐུལ་བའི་མཐུས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་དེ་བཞིན་ [171b.4]གཤེགས་པ་དེ་དག་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ལགས། བདག་གིས་ནི་དེ་དག་ཇི་ལྟ་བུར་བསྒྲུབ་པར་བགྱི་ཞེས་གསོལ་བ་དང་། དེ་བཞིན་གཤེགས་པ་དེ་དག་གིས་འདི་སྐད་ཅེས་བཀའ་ [171b.5]སྩལ་ཏོ། །རང་གི་སེམས་རྟོགས་ཤིང་མཉམ་པར་ཞོག་ལ། རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགར་བཟླ་ཞིང་ཡིད་ལ་གྱིས་ཤིག །ཅེས་གསུངས་པའི་རིམ་གྱིས་རང་གི་སེམས་རྟོགས་པར་གྱུར་པའི་ཚེའམ་དུས་ན། དང་པོར་རང་གི་སེམས་ཉིད་ཟླ་བ་ལྟ་བུའི་རྣམ་པར་གནས་པར་ [171b.6]མཐོང་བ་ལ་སོགས་པའི་རྣམ་པས་རྡོ་རྗེ་དབྱིངས་ཞེས་བྱ་བ་དེ་བཞིན་གཤེགས་པར་སངས་རྒྱས་པའི་ཚེའོ། །འོག་ནས་འབྱུང་བའི་ཆོ་ག་ཞེས་པ་ནི་དེ་ལྟར་སངས་རྒྱས་པའི་འཇུག་པའི་གོ་རིམས་ལ་ཆོ་ག་ཞེས་བྱ་སྟེ། ཇི་ལྟར་འོག་ནས་འབྱུང་བའི་རིམ་པའོ། །དེ་བཞིན་གཤེགས་པ་རྣམས་ལ་འདི་སྐད་ [171b.7]ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བདག་ཉིད་ཀྱི་སྙིང་ག་ན་རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལྟ་བུར་གདའ་བར་མཐོང་ངོ་ཞེས་གསོལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་སེམས་འདི་ཉིད་རང་བཞིན་ [172a] [172a.1]གྱིས་འོད་གསལ་བས་ཇི་ལྟར་སྦྱངས་པ་བཞིན་དུ་འགྱུར་བ་སྟེ། དཔེར་ན་རས་དཀར་པོ་ཚོན་གྱིས་བསྒྱུར་བ་བཞིན་ནོ་ཞེས་གསུངས་སོ། །བྱང་ཆུབ་སེམས་བསྐྱེད་ནས་ཞེས་པ་ནི། དེ་ནས་ཡང་དེ་བཞིན་གཤེགས་པ་དེ་དག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ [172a.2]ཀྱི་བུ་དེ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀུན་དུ་བཟང་པོ་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་གསུངས་པ་དང་། བྱང་ཆུབ་སེམས་དཔའ་དེས་དེ་བཞིན་དུ་སེམས་བསྐྱེད་པ་དང་། རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་ཉ་གང་ཞིང་ཡོངས་སུ་རྫོགས་པ་ལྟ་བུའི་རྣམ་པར་མཐོང་ནས་ [172a.3]འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གང་ཡིན་པ་དེ་ནི་ཟླ་བའི་དཀྱིལ་འཁོར་དུ་མཐོང་ངོ་ཞེས་གསོལ་བ་དང་། ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་དུ་མངོན་པར་བྱང་ཆུབ་པ་རྣམས་ཡོངས་སུ་རྫོགས་པར་བསྟབས་ [172a.4]ནས། བྱང་ཆུབ་སེམས་དཔའ་དེས་རང་གི་སེམས་རྟོགས་པའི་རིམ་པས་འབྲས་བུ་མངོན་དུ་གྱུར་པ་ནི་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཞེས་བྱ་བའི་དེ་བཞིན་གཤེགས་པར་གྲགས་པ་དེའི་སྐུ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་པར་གྱུར་ཏོ། །དེ་བས་ན་འདིར་ཡང་དེའི་གཏན་ཚིགས་ཀྱི་དགོངས་ [172a.5]པའི་དོན་གསལ་བར་མཚོན་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ནང་སྟོང་པ་སྣང་བ་དེ་ཉིད་རྫོགས་པར་བྱས་པའོ། །དེ་བཞིན་གཤེགས་པ་རྣམས་ལ་ཞེས་པ་ནི་དེའི་དུས་སུ་འདུས་པའི་དེ་བཞིན་གཤེགས་པ་དེ་དག་གོ། །ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གང་ [172a.6]ཡིན་པ་དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེས་རང་གི་རྟོགས་པའི་ཡེ་ཤེས་ཀྱིས་ཉམས་གསལ་བའི་ཚིག་གོ། །དེ་ལ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གང་ཡིན་ཞེས་པ་ནི། ཟླ་བ་ཚེས་པའི་མཚན་ཉིད་དེ་ཁ་མ་གང་བའི་རྣམ་པའོ། །ཟླ་བའི་དཀྱིལ་འཁོར་ [172a.7]ཉིད་མཐོང་ངོ་ཞེས་པ་ནི་ཉ་གང་ཞིང་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །འདིར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་པའི་ཚིག་གིས་ནི། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཞེས་བརྗོད་པ་དང་། དཀྱིལ་འཁོར་ཉིད་དུ་ཞེས་བསྟན་ཏེ་བསྟན་པའི་ [172b] [172b.1]ཚིག་དེའི་ཚུལ་གྱིས་སོ། །ཟླ་བའི་དཀྱིལ་འཁོར་དུ་མཐོང་བའི་རྣམ་པ་ཟླ་བའི་དཀྱིལ་འཁོར་མ་རྫོགས་པ་ཡིན་པར་མངོན་ཏེ་ཞེས་པ་ནི་གོང་མ་དེ་ཚེས་པ་ཁོ་ན་ཡིན་པར་སྟོན་པའོ། །དེ་ལྟར་ཅི་མངོན་ཞེ་ན། གཏན་ཚིགས་གང་གི་ཕྱིར་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་ཕྱིས་སྨྲས་པའི་ཕྱིར་རོ་ [172b.2]ཞེས་ཏེ། དེའི་ལྟར་ཕྱིས་བསྟན་པའི་དོན་འདིས་ནི་དེ་ལྟར་མངོན་ནོ། །རྒོལ་བ་པ་ན་རེ། འོ་ན་དེ་དག་ཅིག་ཅར་དུ་སྟོན་པར་མི་མཛད་ནས། འདི་ལྟར་རིམ་དུ་སྣང་བ་ཅིའི་ཕྱིར་སེམས་དཔའ་ཡིན་ཞེ་ན། དེ་དག་གི་དགོངས་པ་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ [172b.3]བའི་བག་ཆགས་ཀྱི་རྡུལ་གྱི་ཁུག་རྣ་ཐམས་ཅད་སྤངས་པས་ཞེས་པ་ནི། དེ་ལྟར་གོང་དུ་གཏན་ཚིགས་ཀྱིས་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པས་བདག་དང་བདག་གིར་འཛིན་པ་ལ་སོགས་པའི་འཁོར་བའི་བག་ཆགས་ཀྱི་རྡུལ་གྱི་ཁུག་རྣས་ཡོངས་སུ་ཁེབས་པར་གྱུར་ [172b.4]པ་སྟེ། བྱང་ཆུབ་སེམས་དཔའ་དེས་སེམས་རྟོགས་པའི་རིམ་པས་ཡོངས་སུ་སྤངས་ཏེ། དང་བར་བྱས་སུ་ཟིན་ཀྱང་ཡོངས་སུ་རྫོགས་པར་གྱུར་པའི་རྒྱུ་མ་བསགས་པར་གང་བར་མི་འགྱུར་ཏེ། ཐོག་མ་མེད་པའི་དུས་ནས་བསགས་པའི་དཀར་པོའི་ཆོས་ཀྱི་བག་ཆགས་ཡོངས་སུ་མ་རྒྱས་པ་དང་ [172b.5]ལྡན་པས་ཞེས་པ་ནི། ཐོག་མ་མེད་པའི་དུས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་འགྲོ་བའི་དོན་ལ་འཇུག་པ་ལ་སོགས་པས་དེའི་བག་ཆགས་སྟུག་པོར་གྱུར་པ་དག་བསགས་ནས་དེ་བཞིན་དུ་གྱུར་པའི་རྒྱུར་གསུངས་པ་ལས་ཐོག་མ་མེད་པའི་དུས་ནས་བསགས་པའི་རྣམ་པར་བྱང་བ་དཀར་པོའི་ཆོས་ [172b.6]ཀྱི་བག་ཆགས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་བསགས་པར་དཀའ་བ་དག་མ་བསགས་ཤིང་དེ་དག་ཡོངས་སུ་རྫོགས་པར་མ་གྱུར་པའི་ཕྱིར་ཟླ་བ་དེ་ཡོངས་སུ་མ་རྫོགས་པར་སྣང་ངོ་། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མ་བྱས་ཀྱི་བར་དུ་ཞེས་པ་ནི། དེ་བས་ན་ཚོགས་ཆེན་ [172b.7]པོ་གཉིས་ཡོངས་སུ་རྫོགས་པར་མ་བྱས་ཀྱི་བར་དུ་ཟླ་བའི་དཀྱིལ་འཁོར་ཅིག་ཅར་དུ་རྫོགས་པར་སྣང་དུ་མི་བཏུབ་པོ། །དེ་ལ་ཚོགས་རྣམ་གཉིས་རྫོགས་པར་བྱ་བའི་ཐབས་ཀྱང་ཐེག་པ་འོག་མ་པ་ལྟར་དཀའ་བསྐྱད་པའི་སྒོ་ནས་ནི་མ་ཡིན་ཏེ། སེམས་བསྐྱེད་པ་དེ་ཉིད་རྟོགས་པ་གོང་ནས་གོང་དུ་འཕར་ [173a] [173a.1]པའི་རིམ་པས་གོམས་པ་མངོན་དུ་གྱུར་པ་ལ་བྱའོ། །འདིས་ཀྱང་འབྲས་བུ་དང་བཅས་པའི་ཡེ་ཤེས་ཀྱིས་ཞེས་པ་ནི། ཟླ་བ་ཚེས་པ་ལྟ་བུ་མ་རྫོགས་པར་བསྟན་པའི་རྣམ་པ་འདིས་ཀྱང་འབྲས་བུ་བྱང་ཆུབ་སེམས་དང་བཅས་པའི་རྒྱུའི་བྱང་ཆུབ་ཀྱི་སེམས་ཏེ། རྒྱུ་དང་ [173a.2]བཅས་པའི་ཡེ་ཤེས་ཀྱིས་འབྲས་བུའི་ཆོས་འཛིན་པར་བསྟན་པའོ། །དཀར་པོ་ཐམས་ཅད་ཀྱི་བག་ཆགས་ཀྱི་གནས་ཤེས་པ་ནི། འབྲས་བུ་ཡེ་ཤེས་ཐོབ་པར་བྱེད་པ་དང་བཅས་པའི་རྒྱུའི་བྱང་ཆུབ་སེམས་ཏེ། ཡེ་ཤེས་དེས་དེ་ཐོབ་པར་བྱེད་པའི་ས་བོན་ཚོགས་རྣམ་པ་གཉིས་ཀྱི་བག་ཆགས་ [173a.3]ཐོག་མ་མེད་པའི་དུས་ནས་བསགས་པ་རྣམས་འཛིན་པར་བྱེད་པའི་གནས་སུ་ནུས་པར་བསྟན་པའོ། །ཐོག་མ་མེད་པའི་དུས་ནས་འབྱུང་བར་བསྟན་ཏོ་ཞེས་པ་ནི། དེ་ལྟར་ནུས་པར་བསྟན་པའི་ཕྱིར་ན་ཟླ་བ་ཡོངས་སུ་མ་རྫོགས་པར་བསྟན་ཏེ། དཔེར་ན་ཆུའི་ཁམས་དང་། ནམ་མཁའི་དང་ [173a.4]གསེར་བཞིན་དུ་ཡོད་པར་བསྟན་པའོ། །ཟླ་བ་མ་རྫོགས་པར་བསྟན་པ་འདིས་ཀྱང་འབྲས་བུ་བྱང་ཆུབ་དང་བཅས་པའི་རྒྱུའི་བྱང་ཆུབ་ཀྱི་སེམས་ཏེ། རྒྱུ་དང་བཅས་པའི་ཡེ་ཤེས་ཀྱི་འབྲས་བུ་འཐོབ་པར་འགྱུར་བའི་ས་བོན་ཆོས་དཀར་པོ་ཐམས་ཅད་ཀྱི་བག་ཆགས་ཚོགས་གཉིས་རྫོགས་པར་ [173a.5]བྱ་བའི་གནས་འཛིན་ནུས་པར་བསྟན་ཏེ། ཐོག་མ་མེད་པའི་དུས་ནས་འབྱུང་བར་བསྟན་ཞེས་པ་ནི་ཐོག་མ་མེད་པའི་དུས་ནས་དེ་དག་འཛིན་པར་ནུས་ཞེས་པའི་དོན་ཏོ། །དེ་ནས་བྱང་ཆུབ་སེམས་གཉིས་ལ། དེ་ནས་རང་བཞིན་གྱིས་འོད་གསལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ [173a.6]བཞིན་གྱིས་འོད་གསལ་བ་ཞེས་པ་ནི་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བའོ། །ཡེ་ཤེས་ཀྱི་ཟླ་བ་དེ་ཞེས་པ་ནི། ཡེ་ཤེས་བདག་ཉིད་ཟླ་བ་ཚེས་པས་སྣང་བ་དེའོ། །ཡོངས་སུ་རྫོགས་པར་འགྱུར་བའི་ཞེས་པ་ནི། མ་རྫོགས་པར་སྣང་བ་དེ་ཡོངས་སུ་རྫོགས་པར་བྱ་བའོ། །མཚན་ཉིད་བསྟན་ [173a.7]པར་བྱེད་པའི་རྒྱུ། །ཞེས་པ་ནི་ཟླ་བ་ཡོངས་སུ་རྫོགས་པར་བྱེད་པའི་མཚན་ཉིད་དམ་བརྟན་པར་བྱེད་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རང་བཞིན་གྱིས་གྲུབ་པའི་སྙིང་པོ་ཞེས་པ་ནི། དེ་ལྟར་བྱང་ཆུབ་སེམས་དེས་རྒྱུ་བྱས་ནས་འབྱུང་བའི་ཟླ་བའི་དཀྱིལ་འཁོར་རྫོགས་པར་བསྐྱེད་པའི་ཐབས་ [173b] [173b.1]རང་བཞིན་གྱིས་གྲུབ་པའི་སྔགས་འདི་བརྗོད་པས་དེ་བཞིན་དུ་འགྱུར་བ་ན། སྙིང་པོ་འདིས་སྐྱེད་ཅིག་ཅེས་བྱའོ། །དེ་ལྟར་བྱུང་ནས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་འོད་ཟེར་མང་པོ་འཕྲོ་བའི་སྦྱོར་བས་ཞེས་པ་ནི། དེ་ལྟ་བུར་གྱུར་པའི་སྔགས་བརྗོད་ཅིང་བསམས་པས་ཟླ་བའི་དཀྱིལ་འཁོར་མ་རྫོགས་པའི་རྣམ་པ་དེ་ [173b.2]ལས་འོད་ཟེར་མང་པོ་འཕྲོ་ཞིང་འདུ་བའི་སྦྱོར་བས་འདི་ལྟ་བུར་འགྱུར་ཏེ། སྟོན་ཀའི་ཟླ་བའི་དཀྱིལ་འཁོར་ཉ་བ་ལྟར་རྙོག་པ་མེད་པར་མོས་པར་བྱས་ཏེ་ཞེས་པ་ནི། དཔེར་ན། སྟོན་ཀའི་ནམ་ཤིན་ཏུ་གསལ་བར་གྱུར་པའི་དུས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་ཞིང་ཡོངས་སུ་རྫོགས་པར་སྣང་བ་ནི་གསལ་བ་དང་རྒྱ་ [173b.3]ཆེ་བ་དང་དྲི་མ་མེད་པ་བཞིན་དུ་ཡེ་ཤེས་ཀྱི་ཟླ་བ་དེ་ཡང་དེ་བཞིན་མོས་པར་སྣང་བ་བྱས་ཏེ། ཤིན་ཏུ་ཡུན་རིང་དུ་རབ་ཏུ་གསལ་བར་སྣང་བར་ཞེས་པ་ནི། དེ་ཡང་སྐད་ཅིག་ཙམ་གྱིས་མ་ཡིན་གྱི་ཇི་སྲིད་ལས་སུ་རུང་བར་མ་གྱུར་པ་དེ་སྲིད་ཀྱི་ལས་སུ་ཡུན་རིང་དུ་ཡིད་ལ་བྱའོ། །དྲན་པ་དང་སྲོག་ཉིད་བསྡམས་ནས་ [173b.4]ཞེས་པ་ནི། སྔོན་བྱས་པའི་བག་ཆགས་ཡིད་ལ་རྒྱུ་བ་དང་། དྲན་པ་གཞན་རྒྱུ་བ་དང་། དབུགས་ཉིད་ཤིན་ཏུ་བསྡམས་པ་ཡིད་ལ་བྱ་བའོ། །ཇི་སྲིད་འདོད་པར་བསམ་མོ། །དེ་ཡང་དུས་ནི་ཇི་སྲིད་འདོད་པ་དེ་སྲིད་དུ་བསམ་པར་བྱ་བ་སྟེ། སེམས་སྐྱོ་བར་མ་གྱུར་གྱི་བར་དུ་ཡིད་ལ་བྱའོ། །འདིས་ནི་རྒྱུའི་གནས་ [173b.5]སྐབས་སུ་བསྡུས་པ་ཞེས་པ་ནི། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྟན་པ་འདི་ནི་ས་གཉིས་པ་ནས་བཟུང་སྟེ། ས་བཅུ་པ་དང་། འབྲས་བུ་སངས་རྒྱས་ཀྱི་སའི་མཐར་ཐུག་པའི་ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་པའི་བདག་ཉིད་དུ་བྱིན་གྱིས་བརླབ་པ་ཡིན་པར་རིག་པར་བྱའོ། །རྒོལ་བ་ [173b.6]པ་ན་རེ། འོ་ན་འདིར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་འདི་ཁོ་ན་ལྟར་བསྟན་ན། རྒྱུད་དང་དགོངས་འགྲེལ་གཞན་དག་ལས་ཟླ་བའི་དཀྱིལ་འཁོར་གཅིག་གི་སྟེང་དུ་གཅིག་བརྩེགས་པར་བསྒོམ་མོ་ཞེས་ཟེར་བ་ཡོད་ན། །འདི་ལྟར་ཚུལ་མི་མཐུན་པར་སྟོན་བ་ཅིའི་ཕྱིར་ཞེ་ན། རྟོག་པ་ཐམས་ཅད་བསྡུས་པ་ལས་ [173b.7]ནི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྟེང་དུ་ཟླ་བ་ཡོངས་སུ་རྫོགས་པ་གཉིས་པ་བསྒོམ་པར་བཤད་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་འདི་དག་འདི་ལྟར་བསྟན་པ་ནི་སློབ་དཔོན་རྒྱུད་ལ་མཁས་པ་ཉིད་ཀྱིས་དེའི་སློབ་མར་གྱུར་པ་རྣམས་ཀྱང་རྒྱུད་ལ་མཁས་པར་བྱ་བའི་ཕྱིར་ [174a] [174a.1]བསྟན་པ་སྟེ། ཟླ་བའི་དཀྱིལ་འཁོར་རྫོགས་པའི་སྟེང་དུ་ཟླ་བ་ཡོངས་སུ་རྫོགས་པ་གཉིས་པ་ཞེས་པ་ནི། དེ་ལ་དང་པོར་ཟླ་བའི་དཀྱིལ་འཁོར་དུ་བསྒོམས་པའི་སྟེང་དུ་རྡོ་རྗེ་བཞག་པ་ལས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་པར་རིགས་ན། རྟོག་པ་བསྡུས་པ་ལས་ཟླ་བའི་དཀྱིལ་འཁོར་ [174a.2]རྫོགས་པ་བརྩེགས་མར་བསྒོམ་པ་བཤད་པ་གང་ཡིན་པ་དེ་ནི། དེར་མངོན་པར་རྫོགས་པར་བྱང་ཆུབ་པའི་བྱིན་གྱི་རླབས་བཤད་པས་ཞེས་པ་ནི་རྒྱུའི་བྱང་ཆུབ་ཀྱི་སེམས་ཚོགས་རྣམ་པ་གཉིས་རྫོགས་པའི་ཟླ་བ་ལ། འབྲས་བུ་བྱང་ཆུབ་ཀྱི་སེམས་ཟླ་བ་གང་བ་གཞག་པ་དེ་ནི། རྟོག་པ་བསྡུས་པ་ [174a.3]དེར་ཟླ་བ་དེ་ལྟར་གཉིས་རྫོགས་པར་བཤད་པས་འདུལ་བའི་དོན་དུ་བསྟན་པ་སྟེ། འདུལ་བའི་སྐྱེ་བོའི་དབང་གིས་གཞན་དུ་བརྟགས་ཞེས་པ་ནི། སྔགས་སྤྱོད་པའི་སྐྱེ་བོ་ཁ་ཅིག་དེ་ལྟ་བུས་འདུལ་བར་འགྱུར་བའི་དབང་གིས་གོང་མ་ལས་གཞན་དུ་བརྟགས་ཏེ། ཟླ་བ་ཉིས་བརྩེགས་སུ་བསྟན་ [174a.4]ཏེ། རྒྱུ་དང་འབྲས་བུའི་སེམས་གཉི་གའི་མཚན་ཉིད་ཀྱི་ཚུལ་འདི་ལྟར་བསྟན་ཏོ། །དེར་ནི་རང་གི་སེམས་རྟོགས་པས། །ཞེས་པ་ནི་རྟོག་པ་བསྡུས་པའི་ནང་དེར་རང་གི་སེམས་ཆོས་དང་གང་ཟག་ལ་བདག་མེད་པར་བརྟགས་པས་སོ། །བག་ཆགས་ཐམས་ཅད་རྣམ་པར་དག་ཅིང་ཞེས་པ་ནི། [174a.5]དེ་ལྟར་རྟོག་པ་གཟུང་འཛིན་ལ་སོགས་པ་དྲི་མ་ཐམས་ཅད་དང་བྲལ་བའོ། །ས་དང་ཕ་རོལ་ཕྱིན་པའི་བག་ཆགས་ཡོངས་སུ་རྫོགས་པའི་གནས་སྐབས་ཞེས་པ་ནི། དེའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དེ་ཉིད་ཟླ་བའི་དཀྱིལ་འཁོར་དུ་སྣང་བའོ། །འདིར་སྔ་མས་བྱིན་གྱིས་ [174a.6]བརླབས་སོ་ཞེས་པ་ནི་རྒྱུའི་རང་བཞིན་ཏེ། ཟླ་བ་སྔ་མ་དེར་བྱིན་གྱིས་བརླབས་སོ། །ཟླ་བ་གཉིས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་རྟོགས་པ་ཐོབ་པའི་ཞེས་པ་ནི། ཟླ་བ་སྔ་མའི་སྟེང་དུ་ཕྱི་མ་བརྩེགས་མར་བསྟན་པ་ནི་ཟླ་བ་གཉིས་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་དང་གང་ [174a.7]ཟག་རྣམ་པ་གཉིས་ལ་བདག་མེད་པར་རྟོགས་ནས། སངས་རྒྱས་ཀྱི་ས་ཐོབ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཐུགས་ཀྱི་མཚན་མར་གྱུར་པ་སྟེ། དེ་བས་ན་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་སེམས་ཀྱི་མཚན་མར་བསྟན་ཏོ་ཞེས་བྱའོ། །རྒོལ་བ་པ་ན་རེ། །འོ་ན་དེ་ནི་དེ་ལྟར་རུང་ན་དེ་ལ་གནས་པའི་རྡོ་རྗེ་ [174b] [174b.1]དེས་ཅི་སྟོན་པར་བྱེད་པ་ཡིན་ཞེ་ན། དེ་ལ་གནས་པའི་རྡོ་རྗེ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེའི་འོག་ཏུ་འབྱུང་བའི། ཡེ་ཤེས་རྣམ་པ་ལྔ་རྣམས་སུ། །ཞེས་པ་ནི་ཟླ་བ་དེ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་ནི་མངོན་པར་བྱང་ཆུབ་པའི་དེ་མ་ཐག་པའི་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཡེ་ཤེས་གཟུང་ [174b.2]འཛིན་གྱི་དྲི་མ་དང་བྲལ་བའི་ཡེ་ཤེས་དེ་གནས་པ་སྟེ། ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །ད་ནི་འདི་སྐད་དུ་ཡང་དེ་ཉིད་ལས་ཞེས་པ་ནི། དེ་ལྟར་བསྟན་པ་ནི་སློབ་དཔོན་གྱི་ཚིག་ཡིན་ཏེ། དེ་ཡང་ཅིས་མངོན་ཞེ་ན། ཁུངས་རྟོག་པ་ཐམས་ཅད་བསྡུས་པ་དེ་ཉིད་ལས་འདི་ལྟར་བསྟན་ [174b.3]ཏེ། སྙིང་པོ་བློ་ཅན་གྱིས་བླངས་ནས། །ཞེས་པ་ནི་སེམས་བརྟག་པར་བྱ་བའི་སྙིང་པོ་ཙིཏྟ་པྲ་ཏི་བེདྷཱཾ་ཀ་རོ་མི་ཞེས་བྱ་བའི་སྔགས་ཀྱི་ཚིག་དེ་བཞིན་གཤེགས་པ་རྣམས་ཀྱིས་གནང་བ་འདི་བློ་ཅན་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་སྟེ། ཁྱོད་ཀྱིས་བླངས་ཤིང་གཞན་དག་ [174b.4]ཀྱང་རིམ་པར་དེ་བཞིན་དུ་བསྒོམ་དུ་གཞུག་པའི་དོན་ནི། རང་གི་སེམས་བདག་མེད་པར་བརྟག་པར་བྱའོ་ཞེས་བསྟན་པའི་ཕྱིར་ན། རང་གི་སེམས་ནི་བརྟག་པར་བྱ། །ཞེས་སོ། །དེ་ནི་སྐད་ཅིག་མཉམ་གཞག་ལ། །ཞེས་པ་ནི་སྒྲུབ་པ་པོ་དེས་སྐད་ཅིག་བདག་མེད་པའི་ཆོས་ཉིད་དེ་ལྟ་བུའི་དོན་ [174b.5]ལ་སེམས་མཉམ་པར་ག་ཞག་པའི་བསམ་གཏན་ལ་གནས་པར་བྱས་ལ། དེ་ནས་འགྲོ་བའི་དོན་ལ་འཇུག་པར་འདོད་པས་བྱང་ཆུབ་སེམས་བསྐྱེད་པར་བྱ་སྟེ། ཟླ་བའི་དཀྱིལ་འཁོར་བཞིན་དུ་བལྟ། །ཞེས་པ་ནི། དེ་ལྟར་བདག་མེད་པར་བརྟགས་པའི་སེམས་ཀྱི་ཆོས་ཉིད་ཟླ་བ་གང་བ་ལྟ་ [174b.6]བུར་བསམ་པའོ། །དེ་ནི་སེམས་ཀྱི་རང་བཞིན་ནམ། །ཞེས་པ་འདི་དག་ནི་སེམས་དེ་ལྟ་བུའི་རང་བཞིན་སྣང་བ་དེ་ལ་སླར་རྟོག་པ་སྐྱེས་པའི་བསམ་པ་སྟོན་པའི་ཚིག་སྟེ། ཇི་ལྟར་རྟོག་པ་སྐྱེས་ཤེ་ན། ཇི་ལྟར་ཟླ་བ་རྫོགས་པའི་རྣམ་པ་ལྟ་བུར་སྣང་བ་དེ་དག་གི་སེམས་ཀྱི་རང་བཞིན་ཡིན་ [174b.7]པར་བརྟགས་པ་དང་། ཀུན་ནས་ཉོན་མོངས་ས་བོན་ཡིན། །ཞེས་པ་ནི་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ཕྱིར། ཀུན་ནས་ཉོན་མོངས་པའི་ས་བོན་དང་བཅས་པས་བསྐྱེད་པའི་ས་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ངོ་བོའམ། དེ་འཛིན་པ་ཡིན་ནམ་སྙམ་རྟོག་པ་དང་། [175a] [175a.1]འདི་ནི་ཀུན་གཞི་ས་བོན་ཡིན། །ཞེས་པ་ནི། ཀུན་གཞི་ས་བོན་ཡིན་ནམ་སྙམ་དུ་རྟོག་པ་སྟེ། དེ་ནི་འདི་ཡིན་པར་བརྟག་གི་དེ་ལྟ་བུར་རྟོག་པ་དང་འདྲེས་པ་དེ་དག་ནི་ད་རུང་རང་གི་སེམས་ཉིད་མ་རྟོགས་པ་ཁོ་ནའི་རྣམ་པ་སྟེ། ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་རྟོག་པ་མང་པོ་དག་སྐྱེ་ [175a.2]བར་བྱེད་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུའི་རྣམ་པར་ཤེས་ན་རྟོགས་པར་གྱུར་པའི་ཚད་ཡིན་ཞེ་ན། སྨྲས་པ། ཆོས་ཀྱི་མཐར་ནི་རྟོགས་ནས་ནི། །ཞེས་བྱ་བ་ལ་སོགས་པར་ཤེས་པ་སྟེ། གང་གིས་བདག་མེད་པའི་རྣམ་པ་གཉིས་ཀྱི་དོན་རྟོགས་ནས་གཟུང་འཛིན་གྱི་དྲི་མ་དང་བྲལ་བར་གྱུར་པ་ནི་ [175a.3]ཆོས་ཀྱི་མཐར་རྟོགས་པ་ཡིན་ཏེ། ཚོགས་རྣམ་པ་གཉིས་རྫོགས་པར་བྱས་པའི་བག་ཆགས་གནས་པའི་རང་བཞིན་ནོ། །དེ་བས་ན་ཕ་རོལ་ཕྱིན་དྲུག་བག་ཆགས་བསགས་པ་ནི། ས་དང་པོ་ནས་ས་བཅུ་པའི་བར་དུ་སྦྱིན་པ་ལ་སོགས་པ་རྒྱུ་མཐུན་པའི་ས་བོན་ནི་བག་ཆགས་ཏེ། དེ་ཡང་དག་པ་གསུམ་དང་ [175a.4]ལྡན་པས་ན། ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་དྲུག་དང་ལྡན་པས་ཕྱིན་དྲུག་སྟེ། དེའི་བག་ཆགས་བསགས་པ་ནི། རྟས་པར་བྱེད་པའམ། གནས་པར་བྱེད་པའམ། འཛིན་པར་བྱེད་པ་སྟེ། ཆགས་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་དག་པའི་སེམས་ཅན་ཞེས་པ་ནི། བདག་མེད་པར་ [175a.5]རྟོག་པའི་ཉེས་པ་ཐམས་ཅད་བྲལ་བས་ན་དག་པ་ཡང་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་ཅན་ཇི་སྙེད་པའི་ནང་ན་མཆོག་པས་ན་ཆེན་པོ་སྟེ། དེ་ཉོན་མོངས་ཀུན་གཞི་མ་ཡིན་གྱི་ཞེས་པ་ནི། ཡོངས་སུ་དག་པའི་སེམས་ཆེན་པོ་དེ་ནི། གོང་མ་ལྟར་བཤད་པ་དེ་མ་ཡིན་གྱི། [175a.6]ཚོགས་རྣམ་པ་གཉིས་ཡུན་རིང་པོ་ནས་བསགས་པའི་ངོ་བོ་དེ་དེ་ལྟ་བུར་སྣང་བའོ། །དེ་བས་ན། བསོད་ནམས་ཡེ་ཤེས་ཚོགས་ཆེན་པོ། །ཞེས་པ་ནི། ཚད་གཟུང་དུ་མེད་དོ། །ཡུན་རིངས་དུས་ནས་བསགས་པ་སྟེ། །ཞེས་པ་ནི། བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་འཁོར་བ་ཇི་སྲིད་པ་དེའི་ [175a.7]བར་དུ་བསག་གོ། །ཇི་ལྟར་ཟླ་བ་གང་བ་བཞིན། །ཞེས་པ་ནི། ཇི་ལྟར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའོ། །དག་ཅིང་དང་ལ་དྲི་མ་མེད། །ཅེས་པ་ནི་སྒྲིབ་པ་རྣམ་པ་གཉིས་དང་བྲལ་བས་སོ། །དེ་ལྟར་ཚོགས་ནི་རྫོགས་པའི་ཕྱིར། ། [175b] [175b.1]ཞེས་བྱ་ནི། ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ན། འདི་ལྟར་བསྟན་ཏེ། རང་སེམས་ཟླ་བ་གང་བ་བཞིན། །ཞེས་པ་ནི། ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་པར་འགྱུར་བ་ལས་བྱུང་བས་ན། རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་ [175b.2]རྫོགས་ཤིང་རྒྱས་པ་ལྟར་བསྟན་ནས། སྣང་བ་ཡིན་པར་ཟད་ཀྱི། འཇིག་རྟེན་པའི་ཟླ་བ་ལྟར་དངོས་པོར་ཡོད་པའི་མཚན་ཉིད་ཅན་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡོད་པ་མ་ཡིན་དངོས་མེད་ཕྱིར། །ཞེས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པས་ན། མཚན་མའི་རྣམ་ [175b.3]པ་དང་བྲལ་ཞིང་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན། ཟླ་བ་ལྟར་ཡང་མི་བཤད་དེ། ཞེས་པ་ནི། ཟླ་བ་ལྟར་དངོས་པོར་སྣང་བའི་མཚན་ཉིད་ཅན་དམིགས་པའམ་ཐོགས་པ་དང་བཅས་པ་མ་ཡིན་པས་དེ་ལྟར་མི་བལྟ་སྟེ། ཚོགས་རྣམ་པ་གཉིས་རྫོགས་པ་དང་ཆོས་མཐུན་པས་ན། [175b.4]བསོད་ནམས་ཡེ་ཤེས་ཚོགས་ཆེན་དག །རྫོགས་པས་ཟླ་བ་ལྟ་བུར་བཤད། །ཅེས་བྱའོ། །རང་སེམས་ཟླ་བའི་དཀྱིལ་འཁོར་ལ། །ཞེས་པ་ནི། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་ཚོགས་རྣམ་པ་གཉིས་ལེགས་པར་བསགས་པས་ལེགས་པར་བྱས་པའི་ཚོགས་རྣམ་པ་གཉིས་ [175b.5]ཀྱིས་བསྒོས་པའི་ངོ་བོ། རང་གི་སེམས་ཟླ་བའི་དཀྱིལ་འཁོར་འདྲ་བར་མཐོང་ནས་དགའ་ཞིང་མགུ་བར་གྱུར་པའི་སེམས་བྲོད་པ་སྐྱེས་ནས། འདི་སྐད་སྨྲས་སོ། །གང་སྨྲས་ཤེ་ན། མགོན་པོ་བཅོམ་ལྡན་བདག་གིས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་དང་བདུད་ཀྱི་ཕྱོགས་ [175b.6]ཐམས་ཅད་བཅོམ་ནས་ལེགས་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ཐམས་ཅད་ཀྱི་མགོན་དུ་གྱུར་པས་སོ། །བདག་གིས་ཐོག་མ་མེད་པའི་དུས་ནས་བསགས་པའི་ཉོན་མོངས་པའི་དྲི་མ་གློ་བུར་བ་རྣམས་རྣམ་པར་དག་སྟེ་གཟུང་བ་དང་འཛིན་པའི་སྐྱོན་དང་བྲལ་ནས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ཆེན་ [175b.7]པོར་མཐོང་ངོ་ཞེས་སྨྲས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ལན་གསུངས་པ། དེ་ནས་སངས་རྒྱས་ཀུན་གསུངས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། སྔ་ནས་མ་སྐྱེས་སེམས་བཟང་འདི། །ཞེས་པ་ནི། སེམས་ཀྱི་རང་བཞིན་ཐོག་མ་ནས་མ་སྐྱེས་པ་རྒྱུ་རྐྱེན་ཚོགས་པའི་དབང་གིས་འབྱུང་བ་མ་ཡིན་ [176a] [176a.1]ཏེ། ཀུན་དུ་བཟང་པོའི་སེམས་ཀྱི་ངོ་བོ་ཉིད་མོད་ཀྱི། འོན་ཀྱང་གློ་བུར་གྱིས་ཉོན་མོངས་ཞེས་པ་ནི། འོན་ཀྱང་གློ་བུར་བའི་ཉོན་མོངས་པའི་བག་ཆགས་ཀྱིས་བསྒྲིབས་པར་བྱས་པའོ། །རྫོགས་པ་བྱང་ཆུབ་སེམས་སྦྱངས་པའི། །ཞེས་པ་ནི། རྒྱུའི་བྱང་ཆུབ་སེམས་རྣམ་པར་དག་པ་ལ་གློ་བུར་བའི་ཉོན་མོངས་ [176a.2]པས་མ་རུང་བར་བྱས་པ་དེ་བདག་མེད་པ་ལ་མོས་པ་གཙོར་བྱས་པའི་གོམས་པ་མངོན་དུ་གྱུར་པའི་དབང་གིས་སྦྱངས་ནས། དེ་ཉིད་ཚོགས་སུ་གྱུར་པ་ཡོངས་སུ་རྫོགས་པ་ཟླ་བའི་དཀྱིལ་འཁོར་དུ་སྣང་བའི་དབུས་སུ་འབྲས་བུ་བྱང་ཆུབ་སེམས་བསྒོམ་པར་བྱ་བས་ན། ཉེས་པ་ཐམས་ཅད་རྣམ་སྤངས་པ། །ཞེས་པ་ནི། [176a.3]འབྲས་བུ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉེས་པ་ཤིན་ཏུ་ཕྲ་བའི་ཡང་ཕྲ་བར་གྱུར་པ་ཤེས་རབ་ཕལ་པས་བརྟག་ཅིང་སྤང་བར་དཀའ་བའི་སྒྲིབ་པ་ཐམས་ཅད་གཏན་ནས་སྤངས་ཏེ། ཟད་པའམ། མ་ལུས་པར་བྱས་པའི་སེམས་དེ་རྟོགས་པ་མངོན་དུ་གྱུར་པར་བྱ་དགོས་པས་ན། བྱང་ཆུབ་སེམས་ཀྱང་རྣམ་པར་རྟོགས། །ཞེས་ [176a.4]པ་ནི་དེ་ལྟར་སྒྲིབ་པ་སྤངས་པའི་འབྲས་བུའི་བྱང་ཆུབ་སེམས་རྣམ་པར་དག་པའི་ངོ་བོ་དེ་ཡང་། ཟླ་བའི་དཀྱིལ་འཁོར་སྔ་མ་དེའི་དབུས་སུ་རྟོགས་ཤིག་པའོ། །ཀུན་དུ་དག་པའི་སྙིང་པོ་འདིས། །ཞེས་པ་ནི། དེ་ལྟར་བརྟགས་པ་འདིའང་རྟོགས་པར་བྱ་བའི་ཐབས་ཀྱི་སྙིང་པོ། ཨོཾ་བོདྷི་ཙིཏྟ་ཨུཏྦཱ་ད་ཡཱ་མི་ཞེས་པ་འདིས་ [176a.5]ཟླ་བའི་དཀྱིལ་འཁོར་སྔ་མའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཆེན་པོ་ཕྱི་མ་གནས་པར་རྟོགས་ཤིག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་སྐད་གནང་བའི་སྙིང་པོ་དེ་མནོས་ [176a.6]པས་ན། སྙིང་པོ་དག་པ་བླངས་ལ་ཞེས་བྱ་སྟེ། ཉེས་པ་ཐམས་ཅད་མི་འབྱུང་བས་སྙིང་པོ་དེ་ནི་དག་པ་ཞེས་བརྗོད་དོ། །ཟླ་བའི་དབུས་སུ་རྣམ་བརྟགས་ནི། །ཞེས་པ་ནི། སྙིང་པོ་བརྗོད་ནས་ཟླ་བ་སྔ་མའི་སྟེང་དུ་རྣམ་པར་བརྟགས་ན། དེ་བཞིན་དུ་འགྱུར་བའོ། །ཟླ་བའི་དཀྱིལ་འཁོར་གཉིས་པ་ཡང་། །ཞེས་ [176a.7]པ་ནི། ཟླ་བའི་དཀྱིལ་འཁོར་ཕྱི་མའོ། །ཟླ་བའི་དཀྱིལ་འཁོར་དབུས་ན་མཐོང་། །ཞེས་པ་ནི་སྔ་མའི་དབུས་སུ་བརྟགས་པ་དེ་བཞིན་དུ་ཟླ་བའི་དཀྱིལ་འཁོར་ཕྱི་མ་ཡང་དེ་ན་འདུག་པར་མཐོང་ངོ་། །དེ་ནས་སངས་རྒྱས་ཀུན་གསུངས་པ། །ཞེས་པ་ནི། དེ་ལྟར་གསོལ་བ་དང་ཡང་དེ་བཞིན་གཤེགས་པ་ [176b] [176b.1]ཐམས་ཅད་ཀྱིས་དེ་ལ་སླར་བཀའ་སྩལ་བའོ། །བྱང་ཆུབ་སེམས་འདི་བརྟན་པའོ། །ཞེས་པ་ནི་དེ་ལྟར་མཐོང་བས་ན་བྱང་ཆུབ་སེམས་དཔའ་ཁྱེད་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ནི་ཤིན་ཏུ་བརྟན་པར་འགྱུར་རོ་ཞེས་གསུངས་པ་སྟེ། དེ་ལ་བརྟན་ཞེས་བྱ་བ་ནི། གཞན་གྱིས་བསྐྱོད་པར་མི་ནུས་ཏེ། བསྒྱུར་བར་ [176b.2]དཀའ་བའི་དོན་ཏོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ་ཞེས་པ་ནི་འདི་གཅིག་པུ་ཙམ་ཞིག་གསུངས་པ་མ་ཡིན་གྱིས། །དེ་ལ་སོགས་པ་མཐར་ཐུག་གི་བར་དུ་རྒྱས་པར་གསུངས་པ་དག་རྒྱུད་དེ་ན་ཡོད་པར་བསྟན་པའོ། །དེ་བས་ན་རྟག་པ་ཐམས་ཅད་བསྡུས་པ་ལས་གསུངས་པའི་ཞེས་པ་ནི། དེ་ལྟར་ཟླ་བ་ [176b.3]མི་མཐུན་པ་དེ་ལས་འདུལ་བའི་སྐྱེ་བོ་ལ་དགོངས་ནས་བསྟན་པར་ཟད་ཀྱི། ཉེས་པ་མེད་དོ། །མངོན་པར་རྫོགས་པར་བྱ་བའི་ཞེས་པ་ནི། རིམ་པ་འདི་ལྟར་བསྟན་པ་འདི་ཁོ་ནའོ། །བསྡུས་པར་བསྟན་པ་ཡང་ཞེས་པ་ནི་ཟླ་བ་གང་ཞིང་རྫོགས་པར་གྱུར་པ་གཉིས་བརྩེགས་མར་བསྟན་པའོ། །ཡང་ཞེས་བྱ་བའི་ [176b.4]སྒྲས་ནི། དགོངས་པ་གཞན་དུ་སྟོན་པར་བྱེད་པའི་དོན་དེ་འཆད་པར་བྱེད་པའོ། །འདིར་ཡང་གཞན་དུ་དགོངས་པ་ན། །ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པ་ཆེན་པོ་ཞེས་བྱ་བ་རྩ་བའི་རྒྱུད་འདིར་ནི། ཟླ་བའི་དཀྱིལ་འཁོར་ཆོས་པ་དེ་ཉིད་ལས་གང་ཞིང་རྫོགས་པར་གྱུར་པ་གཅིག་བུར་བསྟན་པ་དེ་གཉིས་ཀྱང་ [176b.5]མཚན་མའི་སྒོ་ནས་འདུལ་བའི་དབང་གིས་མི་འདྲ་བ་ཙམ་དུ་བསྟན་པར་ཟད་ཀྱི། དོན་དུ་མི་འདྲ་བ་མེད་དེ་གང་ལ་དད་པ་དེ་བཞིན་དུ་མོས་པར་བྱས་ན་ཉེས་པ་མེད་དེ། དེ་བས་ན་དེ་ལྟར་རྣམ་པ་མི་མཐུན་པར་བསྟན་པ་དེ་འགལ་བ་མེད་པར་ཤེས་པར་བྱའོ། །དེ་ནི་གོང་མའི་མཚམས་སྦྱར་བར་བྱ་སྟེ། དེ་ཁོ་ན་ཉིད་ [176b.6]བསྡུས་པ་ལས་གསུངས་པའི་ཟླ་བའི་དཀྱིལ་འཁོར་རྐྱང་པར་བསྒོམ་པའམ། རྟོག་པ་བསྡུས་པ་ལས་གསུངས་པའི་ཟླ་བའི་དཀྱིལ་འཁོར་བརྩེགས་མར་བསྒོམ་པ་དེ་གཉིས་གང་ལ་དད་པ་བཞིན་དུ་བསྒོམས་པའི་ཟླ་བའི་དཀྱིལ་འཁོར་དེ་ལས་རིམ་ཀྱིས་བརྟག་པར་བྱ་བའི་བསམ་གཏན་གྱི་ཐབས་ [176b.7]གསུངས་པ། དེ་ནས་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་སྐབས་ཀྱི་ཚིག་གོ། །ཀུན་དུ་བཟང་བོའི་ཞེས་པ་ནི། རྣམ་པ་ཐམས་ཅད་དུ་བཟང་པོར་གནས་པའི་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་ཟླ་བ་ [177a] [177a.1]དེ་གང་བསྒོམས་པའི་སྟེང་དུ་ཞེས་པའི་དོན་ཏོ། །ཕྱི་མ་དེ་ཉིད་ཀྱི་དོན་དང་ལྡན་པས་དེ་སྐད་དོ། །དེ་ལ་ཞེས་བྱ་བ་ནི་དེའི་སྟེང་དུ་གཞག་པར་བྱ་བ་མཚོན་པའི་ཚིག་གོ། །རྡོ་རྗེ་ཚིག་གིས་སྙིང་པོ་འདི་བརྗོད་ལ། །ཞེས་པ་ནི། སྒྲ་མེད་པའི་ཚིག་གིས་འོག་ནས་འབྱུང་བའི་སྙིང་པོ་ཏིཥྛ་བཛྲ་ཞེས་བྱ་ [177a.2]བ་འདི་བརྗོད་ལ། དམ་ཚིག་གི་ཕྱག་རྒྱ་མོས་པར་བྱ་བའོ། །རྡོ་རྗེ་རྩེ་ལྔ་ཁ་གཉིས་པ། །ཞེས་པ་ནི། ཡེ་ཤེས་ལྔའི་བདག་ཉིད་པས་རྡོ་རྗེའོ། །གཟི་བྱིན་དང་འོད་མེད་པ་ལས་བཟློག་པས་ན། སྣང་བ་དང་གསལ་བར་བྱའོ་ཞེས་བསྟན་ཏོ། །སྙིང་པོ་ཏིཥྛ་བཛྲ་ཞེས་བྱ་བའི་དོན་ནི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་ [177a.3]བརྟན་པར་འདུག་ཤིག་པའོ། །འདིས་ཀྱང་ཞེས་པ་འདི་ལྟར་སྔགས་དང་བཅས་པར་བསམ་པ་འདིས་ཀྱང་འབྲས་བུ་ཐོབ་པར་བསྟན་པ་དང་འབྲེལ་པའོ། །མངོན་པར་བྱང་ཆུབ་པས་ཐོབ་པར་བྱ་བའི་ཞེས་པ་ནི། རྒྱུ་བྱང་ཆུབ་སེམས་དཔའི་ས་བཅུ་རྫོགས་པར་བྱས་ནས་འབྲས་བུ་སངས་རྒྱས་ཀྱིས་ལ་ [177a.4]སྦྱོར་ཞིང་བླ་ན་མེད་པའི་བྱང་ཆུབ་དེ་ཐོབ་པས་ན། ཐམས་ཅད་མཁྱེན་པ་མངོན་དུ་འགྱུར་བར་བསྟན་ཏེ། ཐམས་ཅད་མཁྱེན་པ་ཞེས་པ་ནི་ཤེས་བྱ་མ་ལུས་པར་ཁོང་དུ་ཆུད་པ་སྟེ། སྣོད་དང་བཅུད་དུ་བཅས་པའམ་འཁོར་བ་དང་མྱ་ངན་ལས་འདས་པར་བསྡུས་པའི་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པ་སྟེ། [177a.5]དཔེར་ན་ཤིང་ཏོག་སྐྱུ་རུ་རའི་འབྲས་བུ་མཉམས་པའམ། ཤེལ་དྭངས་པ་ལག་མཐིལ་དུ་བླངས་པ་བཞིན་དུ་གྱུར་པས་ན་དེ་སྐད་བརྗོད་དོ། །ཡན་ལག་ལྔའི་མཚན་ཉིད་སྤྱོད་དམ་མཚོན་པ་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་རྩེ་ལྔ་པར་བསྟན་པ་སྟེ། དཔེར་ན་ལག་པ་དང་རྐང་པའི་ལུས་ [177a.6]རྫོགས་པའི་རྒྱུ་བྱེད་པས་ན། ཡན་ལག་ཅེས་འབོད་པ་བཞིན། ཡེ་ཤེས་ལྔ་པོ་འདིས་ཀྱང་སྐུ་ཡོངས་སུ་རྫོགས་པར་བྱེད་པས་ན། ཡན་ལག་ཅེས་བྱ་སྟེ། དེ་བས་ན་དེ་བཞིན་གཤེགས་པའི་ས་ལ་གནས་པ་བསྟན་ཏོ་ཞེས་བྱའོ། །རྒོལ་བ་པ་ན་རེ། འོ་ན་འཇིག་རྟེན་ན་རྡོ་རྗེ་ཞེས་མིང་མཐུན་པར་ [177a.7]གྲགས་པ་མང་པོ་དག་ཡོད་ན། དེ་དག་མཚན་ཉིད་མི་མཐུན་ཞིང་དབྱིབས་ཐ་དད་པར་གནས་པ་ཤ་སྟག་ཏུ་སྣང་ན། འདིར་བསྟན་པ་འདི་དབྱིབས་འདི་ལྟར་འདོད་པ་ཅི་དགོས་ཤེ་ན། །སྨྲས་པ། འཇིག་རྟེན་དུ་གྲགས་པའི་རྡོ་རྗེ་ཞེས་མིང་མཐུན་པ་ལས་མཚན་ཉིད་མི་མཐུན་པ་དང་། དབྱིབས་ཐ་དད་པར་ [177b] [177b.1]སོ་སོ་ན་གནས་པར་སྣང་ཡང་དེ་དག་ཆོས་མཐུན་པས་ན་དེ་སྐད་དུ་བརྗོད་ལ་འདིར་རྡོ་རྗེ་ཞེས་བརྗོད་པ་འདི་ལྟར་བསྟན་པ་འདིའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། གང་ཞེ་ན། འདི་ནི་ལོག་པར་ལྟ་བའི་རི་ཐམས་ཅད་འཇོམས་པ་ལ་མཁས་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་འདི་ནི་ [177b.2]ཞེས་པ་ནི་དེ་ལྟར་བསྟན་པའི་རྡོ་རྗེ་བརྗོད་པ་འདིའོ། །ལོག་པར་ལྟ་བ་ནི་ཕྱིན་ཅི་ལོག་བཞི་ལ་སོགས་པ་ཡང་ཡིན་མོད་ཀྱི། འདིར་ནི་ཁྱད་པར་དུ་ཡང་བདག་ཏུ་ལྟ་བའི་རྣམ་པ་གཉིས་པོ་ཁོ་ནའོ། །དེ་ནི་ཤིན་ཏུ་བརྩན་པར་འགྱུར་ཏེ། རི་དང་མཐུན་པ་ནི་རི་ཞེས་བརྗོད་དོ། །དེ་འཇོམས་ཤིང་འཇིག་པར་བྱེད་ [177b.3]པ་ལ་ཐབས་ཁྱད་པར་དུ་གྱུར་པའི་མཚན་ཉིད་དང་ལྡན་པའི་ཡེ་ཤེས་ཏེ། རྩེ་མོ་ལྔ་དང་ལྡན་པ་ཉིད་ཡེ་ཤེས་ལྔའི་བདག་ཉིད་དུ་བསྟན་པ་སྟེ། རྩེ་མོ་དབུ་མ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་མར་བསྟན་པའོ་ཞེས་པ་ནི། ཆེ་བའི་ཡོན་ཏན་གྱི་འབྱུང་གནས་དབྱིངས་རྣམ་པར་དག་པ་དེ་ལ་ནི་ཆོས་ཀྱི་ [177b.4]དབྱིངས་ཀྱི་ཡེ་ཤེས་བརྗོད་དེ། དེའི་མཚན་མར་ནི་དབུས་མ་དེ་བསྟན་ཏོ། །དེ་ལས་གཞན་པའི་བཞི་རྣམས་ནི། །ཞེས་པ་ནི། དེ་ཕྱོགས་བཞི་ནས་འདུད་པའི་རྭ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་པ་ནི། ཀུན་གཞི་རྣམ་པར་དག་པའི་ངོ་བོ་ལས་གྱུར་པའི་ཆོས་ཐམས་ཅད་གསལ་བཞིན་དུ་རྟོགས་པ་མེད་ [177b.5]པ་མཁྱེན་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་དག་པ་ལས་གྱུར་པའི་ངོ་བོ་ཐམས་ཅད་མཉམ་པར་རྟོགས་པ་ལས། བདག་གཞན་དུ་མི་འབྱེད་པའོ། །སོ་སོར་རྟོག་པ་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དུས་གསུམ་ལ་གསལ་བར་གཅོད་པ་དེ་རྣམ་པར་དག་པ་ལས་ [177b.6]གྱུར་པའི་ངོ་བོ་ཆོས་ཐམས་ཅད་གསལ་ཞིང་མ་འདྲེས་པ་རྟོགས་པ་ཡང་མི་འབྱུང་བཞིན་དུ་དེ་ལྟར་རིག་པར་བྱའོ། །བྱ་བ་གྲུབ་པའི་ཡེ་ཤེས་ཞེས་པ་ནི། སྒོ་ལྔའི་རྣམ་པར་ཤེས་པ་རྣམ་པར་དག་པ་ལས་གྱུར་པའི་ངོ་བོ་བདག་གཞན་གྱི་དོན་ལ་བརྩོན་པར་བྱེད་པ་སྟེ། དེ་ལྟ་བུའི་རྣམ་པ་བསྟན་ཏོ། །ཁ་ཅིག་ན་རེ། [177b.7]ཡེ་ཤེས་དེ་ལ་ཡང་དོན་རྣམ་པ་ལྔ་སྟེ། རྒྱུ་དང་རྐྱེན་དང་། རང་བཞིན་དང་། འབྲས་བུ་དང་། ངེས་པའི་ཚིག་གོ་ཞེས་བཤད་དོ། །ཁ་གཉིས་ཀྱིས་ཞེས་བརྩེ་ལྔ་པ་གཉིས་ཡིན་མན་དུ་བྱུང་བའོ། །ཡེ་ཤེས་ཀྱི་སྣང་བ་ཞེས་པ་ནི་ཡེ་ཤེས་ལྔ་པོ་དེའི་སྣང་བ་ཕྱོགས་བཅུར་རྒྱས་ཤིང་ཁྱབ་པར་བྱེད་པས་ཁྱད་པར་ [178a] [178a.1]བསྟན་པའོ། །ཨོཾ་བཛྲ་མ་ཀ་སྟྭཾ། ཞེས་པ་ནི། སྔགས་འདི་བརྗོད་པའི་དོན་ནི་དེ་ལྟ་བུའི་དོན་དང་ལྡན་པའི་རྡོ་རྗེ་དེ་ཉིད་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དང་ལྡན་པའི་བདག་ཉིད་དུ་མོས་པ་བསྐྱེད་པར་བྱའོ། །རྡོ་རྗེ་དེ་ལ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ཡེ་ཤེས་ [178a.2]ལྔའི་བདག་ཉིད་དང་ལྡན་པ་དེའོ། །སྐུ་གསུང་ཐུགས་རྡོ་རྗེ་དབྱིངས་ཞུགས། །ཞེས་པ་ནི། ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དབྱིངས་མ་ལུས་པ་དག་འདུས་ནས་དེ་ལ་ཞུགས་པར་མོས་པའོ། །དེ་ཡང་མ་རིག་པའི་མུན་པ་དང་ལྟ་བའི་ [178a.3]ཐིབས་པོ་ཐམས་ཅད་བཅོམ་པས་ན། གསལ་བ་ཞེས་བྱའོ། །གཞན་གྱིས་བསྐྱོད་པར་མི་ནུས་ཤིང་མི་མཐུན་པའི་དབང་དུ་མི་འགྲོ་བས་བརྟན་པ་ཞེས་བྱའོ། །བདག་ཡིན་ནོ་ཞེས་པ་ནི། ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་བདག་ཡིན་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱིངས་ཞེས་བརྗོད་པ་དེ་ཇི་ལྟ་བུ་དག་ལ་བྱ་ཞེ་ [178a.4]ན། སྨྲས་པ། སྐུའི་དབྱིངས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱིངས་ཇི་སྙེད་པ་དག་རྡོ་རྗེ་ལ་འཇུག་པའི་མཚན་ཉིད་ནི་འདི་དག་ཁོ་ནར་ཤེས་པར་བྱ་སྟེ། དབྱིངས་ཞེས་བྱ་བ་ཡང་འདིར་ནི་རང་བཞིན་ཁོ་ན་ལ་ཤེས་པར་བྱ་སྟེ། སྐུ་མང་པོ་རྣམས་སོ་ཞེས་པ་འདི་དག་ཀྱང་ [178a.5]སྐུ་ཤིན་ཏུ་ཕྲ་བའི་མཚན་ཉིད་ཅན་དག་ཏུ་ཤེས་པར་བྱ་ཞེས་པ་ཁ་ཅིག་འཆད་དོ། །ཁ་ཅིག་ན་རེ་ཕྲ་བར་ངེས་པ་མེད་ཀྱི་གོང་ལྟར་དད་པའམ་ཏིང་ངེ་འཛིན་གྱིས་ཇི་ལྟར་ལྕོགས་པ་བཞིན་ནོ་ཞེས་ཟེར་རོ། །གསུང་བཀོད་པའི་རྒྱན་སོ་སོར་སྣང་བ་ཞེས་པ་ནི། འགྲོ་བ་རིགས་མི་མཐུན་པ་སྡེ་མང་པོར་གྱུར་པ་ [178a.6]རྣམས་ལ་དེ་དང་ཇི་ལྟར་འཚམ་པ་བཞིན་དུ་སྐད་དོ་ཅོག་གིས་རྣམ་པས་སོ་སོར་ཆོས་སྟོན་པས་གྲོལ་བར་མཛད་པའི་གསུང་ངོ་། །རྣམ་པ་གཅིག་ཏུ་ན་གསུང་གཅིག་ཕྱུང་བས་འགྲོ་བ་རིགས་མི་མཐུན་པ་བསམ་པ་ཐ་དད་པ་དག་ལ་གང་ལ་མོས་པ་བཞིན་དུ་རང་རང་གི་སྐད་དང་མཐུན་པར་དོན་གྱིས་གོ་བར་ནུས་པ་སྟེ། [178a.7]ཇི་ལྟར་མདོ་སྡེ་ལས་དེ་བཞིན་གཤེགས་པའི་གསུང་གཅིག་གིས་འགྲོ་བ་སོ་སོའི་སྐད་དུ་ཆོས་སྟོན་པར་ནུས་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་བསྒྲགས་ཞེས་བྱ་སྟེ། བསོད་ནམས་ཆེན་པོ་བསགས་པའི་མཐུ་ལས་གྲུབ་པ་ཡིན་གྱི། ཇི་ཙམ་གྱིས་བསོད་ནམས་ཚོད་གཟུང་དུ་ཡོད་པའམ། ཐེག་པ་འོག་ [178b] [178b.1]མ་བདག་གི་བསམ་པས་འགྲུབ་པ་མ་ཡིན་ནོ་ཞེས་གསངས་བའི་དོན་དེ་དང་མཐུན་པ་སྟེ། འདིའི་ཕྱི་མ་ཡང་དོན་དེ་བཞིན་དུ་ཤེས་པར་བྱའོ། །མི་གནས་པའི་མྱ་ངན་ལས་འདས་པ་ཞེས་པ་ནི་བྱིས་པ་སོ་སོའི་སྐྱེ་བོའམ། ཉན་ཐོས་དང་རང་སངས་རྒྱས་ལྟ་བུར་གང་གི་མཐར་ཡང་མ་བྱུང་བའི་བདེ་བ་ཆེན་པོ་ [178b.2]གྱ་ནོམ་པ་དེ་ལ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེའི་མཚན་ཉིད་དུ་བྱིན་གྱིས་བརླབས་པར་རིག་པར་བྱའོ། །དེ་ནས་སྙིང་པོ་འདི་བརྗོད་པས་ཞེས་པ་ནི་དེ་ལྟར་གནས་པའི་རྡོ་རྗེའི་མཚན་ཉིད་འཛིན་པ་དེ་ལས་འོག་ནས་འབྱུང་བའི་སྙིང་པོ་འདི་བརྗོད་པས་སྐུ་ཕྱག་རྒྱ་ལ་སྦྱོར་བ་མངོན་ [178b.3]དུ་བྱ་བ་སྟེ། འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་ཞེས་པ་ནི། ཡེ་ཤེས་ཀྱི་རྡོ་རྗེ་ཚོགས་རྣམ་པ་གཉིས་རྫོགས་པར་ཟླ་བའི་དཀྱིལ་འཁོར་ན་གནས་པ་དེ་ལས་འོད་ཟེར་གྱི་འཕྲོ་འདུ་འབྱུང་བ་སྟེ། དེ་ལས་དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་གྱི་རྡུལ་ཕྲ་མོ་དང་མཉམ་པའི་གྲངས་སྙེད་འབྱུང་ཞིང་ [178b.4]འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཇི་སྙེད་པ་རྣམས་སུ་གཤེགས་ཏེ། ཞིང་དེ་དག་ན་གནས་པའི་འགྲོ་བ་དེ་དག་གི་བསམ་པ་དང་། སྐལ་བ་དང་། མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པས་དོན་མཛད་ནས་དེ་དག་སླར་འདུས་ཏེ། ཡེ་ཤེས་ཀྱི་རྡོ་རྗེ་དེ་ཉིད་ལ་ཐིམ་པ་ལས་འོད་ [178b.5]ཀྱི་གོང་བུ་གཅིག་ཏུ་གྱུར་པ་ལས་སྐུ་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུ་གྱུར་ཏེ། སྐུ་ཡང་ཇི་ལྟ་བུ་ཞིག་ཅེ་ན། གང་ལྟར་མོས་པ་དེ་བཞིན་དུ་གྱུར་པའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའམ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཉི་མའི་འོད་ཀྱི་དཀྱིལ་འཁོར་གྱིས་འཇིག་རྟེན་གྱི་ཁམས་མཐའ་ [178b.6]ཡས་བར་ཁྱབ་པའི་བདག་ཉིད་དུ་གྱུར་པར་རབ་ཏུ་བརྟག་གོ་ཞེས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་པ་ནི་བཅོམ་པ་དང་ལྡན་པའི་དོན་གྱིས་ན། བཅོམ་ལྡན་འདས་ཏེ། སྐལ་བ་དང་ལྡན་པའི་འགྲོ་བ་རྣམས་ལ་ཅི་མོས་པའི་རྣམ་པར་སྣང་བའི་སྐུ་སྟོན་པར་མཛད་པས་ན། [178b.7]རྣམ་པར་སྣང་མཛད་དེ། དངོས་སུ་ན་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཞེས་བརྗོད་པའི་སངས་རྒྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་པ་སྟེ། འདི་ཡང་ཉོན་མོངས་པའི་མུན་པ་དང་བྲལ་ཞིང་ཤེས་བྱའི་ཡུལ་ཆེ་བའི་ཡོན་ཏན་གྱི་རྣམ་པས་ཁམས་རྒྱས་པར་འགྱུར་ཏེ། མི་མཐུན་པའི་ཕྱོགས་ [179a] [179a.1]འཇོམས་ཤིང་ལེགས་པར་གྱུར་བའི་ཡོན་ཏན་རྣམ་པ་དྲུག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཤཱཀྱ་ཐུབ་པ་ཞེས་པ་ནི། ཤཱཀྱའི་རིགས་རྒྱལ་པོའི་སྲས་སུ་སྐུ་སྐྱེ་བ་བཞེས་ཤིང་ཤཱཀྱ་རྣམས་ཀྱིས་ཐུབ་པར་མཛད་པའི་གཟི་མདངས་མངའ་བས་ན། ཤཱཀྱ་ཐུབ་པ་ [179a.2]སྟེ། དེའི་སྐུ་ཐབས་ཀྱི་བདག་ཉིད་ཉི་མའི་དཀྱིལ་འཁོར་གྱིས་བསྐོར་བ་སྟེ། མ་རིག་པའི་མུན་པ་འཇོམས་པར་བྱེད་པའི་དོན་དང་ལྡན་པས་ན། འདི་ལྟར་བསྟན་ཏོ། །གཞན་དག་ན་རེ་ཇི་ལྟར་སྦྱོར་བའི་རྒྱུད་རྣམས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ནས་གསུངས་པར་ཟད་ཀྱི། [179a.3]གཞན་གྱིས་གསུངས་པ་མ་ཡིན་ལ། དེ་དག་གི་ནང་ནས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ན་རིམ་པ་འདི་དག་གིས་གསལ་བར་བསྒོམ་ཞེས་གསུངས་ན། འདིར་འདི་ལྟར་སྟོན་པ་ཅི་དགོས་ཤེ་ན། སྨྲས་པ། དེ་ལྟར་སྦྱོར་བའི་རྒྱུད་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ནས་ [179a.4]གསུངས་ཤིང་། དེའི་ཆ་ལུགས་གསལ་བར་བསྒོམ། །ཞེས་གསུངས་པར་ཟད་ཀྱི། གཞན་དག་མ་གསུངས་པ་ཡང་བདེན་མོད་ཀྱི་འོན་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་ཀྱིས་ཀྱང་། སྦྱོར་བའི་རྒྱུད་འཆད་པའི་སྟོན་པ་ཡང་མཛད་ལ། འདི་གཉིས་ཐམས་ཅད་དུ་རང་བཞིན་གྱིས་ [179a.5]འབྲེལ་བའི་མཚན་ཉིད་ཅན་བས་འདི་ལྟར་བསྟན་པ་ཡང་ཡིན་ལ། འཛམ་བུ་གླིང་དུ་མི་རྣམས་ཀྱི་སྟོན་པར་གྱུར་པ་འདི་ཁོ་ན་བས་འཛམ་བུའི་གླིང་པའི་མི་འདི་དག་གི་རྗེས་སུ་སྒྲུབ་པར་འདོད་པ་ལ་ཕན་གདགས་པའི་ཕྱིར་སློབ་དཔོན་གྱིས་འདི་ལྟར་བསྟན་པ་ལ་འགལ་བ་མེད་དོ། །ཁ་ཅིག་ན་རེ། [179a.6]འཇིག་རྟེན་དུ་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་ཆ་ལུགས་རྣམ་པ་གཉིས་མངའ་ལ། དེའི་རྗེས་སུ་སྒྲུབ་པའི་འགྲོ་བ་རྣམས་ཀྱང་མོས་པ་མི་མཐུན་པའི་དབང་གིས་ཆ་ལུགས་རྣམ་པ་གཉིས་ཁོ་ནས་སྒྲུབ་པར་བྱེད་ཅིང་། དེའི་སྤྱོད་ཡུལ་ལ་འཇུག་པར་བྱེད་དེ། གང་ཞེ་ན། རབ་ཏུ་བྱུང་བ་ [179a.7]དང་། ཁྱིམ་པའོ། །དེ་ལ་ཁྱིམ་བའི་ཆ་ལུགས་འཛིན་པའི་ལྷ་ལ་དད་པའི་གང་ཟག་རྣམས་ཀྱི་དོན་དུ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ནས་བསྟན་ལ། གསང་སྔགས་སྤྱོད་པའི་འགྲོ་བ་དེ་དག་ལ་ཡང་གང་དག་རབ་ཏུ་བྱུང་བའི་ཚུལ་ཅན་གྱི་ལྷ་ལ་དད་པ་ཡོད་པ་དག་གི་དོན་དུ་ནི་ཤཱཀྱ་ཐུབ་པ་ [179b] [179b.1]སྨོས་པར་རིག་པར་བྱའོ་ཞེས་ཟེར་རོ། །གཞན་དག་ན་རེ། རྣམ་པར་སྣང་མཛད་ཀྱི་ཚུལ་འདི་ཉིད་ཀྱིས་སྐུ་ཕྱག་རྒྱ་ཡང་འདི་བཞིན་དུ་བསྟན་པ་ཡིན་ཏེ། ཤཱཀྱ་ཐུབ་པ་རབ་ཏུ་བྱུང་བའི་ཚུལ་ཅན་འདི་གསང་སྔགས་སྒྲུབ་པའི་སྐབས་སུ་བསྟན་པ་དགོས་པ་ཅི་ཡང་མེད་དེ། དེ་ལྟ་ན་ནི་ཉན་ཐོས་ལ་སོགས་ [179b.2]པའི་ཚུལ་ཐེག་པ་འོག་མ་བ་རྣམས་ཀྱང་གསང་སྔགས་ཀྱི་དོན་ལ་འཇུག་པ་དང་། ཉམས་སུ་ལེན་པའི་གཙོ་བོར་ཐལ་བའི་སྐྱོན་འབྱུང་བར་འགྱུར་བས་འདི་མི་རིགས་སོ་ཞེ་ན། སྨྲས་པ། རྣམ་པར་སྣང་མཛད་ཆེན་པོ་ཡང་བདེན་མོད་ཀྱི། འོན་ཀྱང་ཤཱཀྱ་ཐུབ་པ་འཛམ་བུའི་གླིང་དུ་མི་རྣམས་ཀྱི་སྟོན་ [179b.3]པར་གྱུར་པ་བདེན་གྱིས་ཀྱང་། ལྷ་བསོད་ནམས་ཅན་དག་རིགས་ངེས་པའི་ས་ལ་འགོད་པར་མཛད་པ་དང་། ལྷ་སྡུག་བསྔལ་གྱིས་གདུངས་པ་རྣམས་དེ་ལས་དབུགས་དབྱུང་བ་དང་། གང་དག་ངན་སོང་གི་འདམ་དུ་བྱིང་བ་རྣམས་དེ་ལས་གདོན་པར་བྱ་བའི་ཕྱིར། མཐོ་རིས་ལྷ་རྣམས་ཀྱི་གན་དུ་གཤེགས་ [179b.4]ནས་གསང་སྔགས་ཀྱི་རྒྱུད་ཆེན་པོ་སྟོན་པར་མཛད་ཅིང་དེའི་དཀྱིལ་འཁོར་ཆེན་པོའི་བདག་པོར་བཞུགས་ནས། འཁོར་རྣམས་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་དང་། རིག་པ་དང་། དམ་ཚིག་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་དོན་ཡོངས་སུ་འཆད་པར་མཛད་ན། ཅི་འདིར་སྒྲུབ་ཐབས་ཀྱི་ནང་དུ་འདི་ལྟར་ [179b.5]མོས་པའི་དབང་དུ་བསམ་གཏན་གྱི་སྦྱོར་བ་བྱ་བར་བསྟན་པ་འགལ་ལམ། དེ་ལྟ་ན་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་ཐ་དད་པར་འགྱུར་ཏེ། སྐུ་གསུམ་དང་ལྡན་ཡང་བཤད་པ་དང་། མཉམ་པ་དང་། མི་མཉམ་པའི་རྣམ་པར་དབྱེ་བ་གསུངས་པའི་དོན་ཡང་དེ་ལྟར་མ་ཡིན་ཞིང་རྣམ་པ་གཞན་དུ་ [179b.6]འགྲུབ་པའི་རྒྱུར་གྱུར་ན། དེ་ལྟར་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བའི་ཞིང་མི་མཐུན་པའི་དབང་གིས་སྐུ་དུ་མ་དང་། རྣམ་པར་ཐར་པ་ཐ་དད་པ་དང་། ཆ་ལུགས་མི་མཐུན་པར་སྟོན་པས་རང་བཞིན་གཞན་དུ་འགྱུར་བ་མེད་དེ། ཇི་ལྟར་དཔེར་ན་ཤེས་རབ་ཀྱི་རང་བཞིན་གྱིས་བསྒྱུར་ [179b.7]བ་བཞིན་པས་ཇི་ལྟར་བསྟན་པ་ལ་འགལ་བ་མེད་པར་ཤེས་པར་བྱའོ། །ཨོཾ་ཡ་བཏྟ་ཐཱ་ག་ཏ་ཤྱ་ཐཱ་ཨཱཿཧཱུྃ་ཞེས་བྱ་བའི་སྔགས་འདི་བརྗོད་པའི་དོན་ནི་འབྲས་བུའི་དོན་སྡུད་པར་བྱེད་པ་སྟེ། ཀྱང་ཞེས་བྱ་བ་ནི་དེ་ལྟར་གྲུབ་ཏུ་ཟིན་གྱིས་ཀྱང་། འདིས་ཀྱང་འོག་མ་འདི་ལྟར་གྲུབ་པར་བྱེད་ཅེས་པའོ། །ཡེ་ཤེས་ [180a] [180a.1]ཀྱིས་ཀུན་དུ་འོད་ཅེས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ས་མཚན་ཀུན་དུ་འོད་ཅེས་བྱའོ། །རྒྱུ་མཐུན་པར་གྱུར་པ་ཞེས་པ་ནི། ས་དེའི་རྒྱུ་མཐུན་པར་གྱུར་པའི་འབྲས་བུ་སྟེ། གང་ཞེ་ན། དེ་བཞིན་གཤེགས་པའི་སྐུ་དང་། གསུང་དང་ཐུགས་རྣམས་སྡུད་པར་བལྟའོ་ཞེས་ [180a.2]བྱ་བ་འདི་ཁོ་ནའོ། །དེ་ལྟར་མངོན་པར་བྱང་ཆུབ་པའི་རིམ་པས་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་ལ་སྦྱོར་བར་བྱེད་པའི་ཐབས་སློབ་དཔོན་གྱིས་གསུངས་པ་དེ་ཡང་། རྒྱུད་འགའ་ནས་གསུངས་པར་མ་ཟད་ཀྱི་རྒྱུད་མང་པོ་དག་ལས་དོན་མཐུན་པར་གསུངས་ཏེ། དེ་དག་ཀྱང་འདིར་སློབ་དཔོན་ [180a.3]གྱིས་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྟན་པ། དགོས་པ་འདི་ཐམས་ཅད་ཀྱང་རྡོ་རྗེ་རྩེ་མོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་རབ་ཏུ་དབྱེ་བ་ལས་གསལ་བར་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དགོས་པ་འདི་ཐམས་ཅད་ཅེས་པ་ནི། འདི་ལྟར་བཤད་པའི་ལྔ་བྱང་ཆུབ་པའི་རིམ་ [180a.4]བས་ལྷའི་སྐུ་ཕྱག་རྒྱར་སྦྱོར་བའི་ཐབས་སྟོན་པའི་དགོངས་པའོ། །རྡོ་རྗེ་རྩེ་མོ་ཞེས་པ་ནི། རྒྱུད་ཀྱི་མཚན་ཏེ་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པའི་ཞལ་མཆུ་བ་སྟེ། དཔེར་ན་རྫས་ཀྱི་རྡོ་རྗེ་རྩེ་མོས་རྫས་ཀྱི་རྣམ་པ་ཐམས་ཅད་འབིགས་པར་བྱེད་པ་དང་འདྲ་ [180a.5]བར། རྒྱུད་འདིའི་དོན་གྱིས་ཀྱང་གཞན་ལས་བྱུང་བའི་ཐེ་ཚོམ་གྱི་རི་བོ་དང་། གཞན་གྱི་དྲ་བ་གཅོད་ཅིང་སྡུག་པའོ། །ཆོས་ཉིད་ལ་འབིགས་པར་བྱེད་པའི་མཚན་ཉིད་དང་ལྡན་པས་ནའོ། །ཐེག་པ་ཆེན་པོ་ཞེས་པ་ནི། དེ་ཁོ་ན་ཉིད་དེའི་དོན་དང་ལྡན་པས་སོ། །མངོན་པར་རྟོགས་པ་ནི་གསལ་ [180a.6]བའི་ངོ་བོར་རིག་པའོ། །རབ་ཏུ་དབྱེ་བ་ཞེས་པ་ནི། ཡན་ལག་གི་རབ་ཏུ་དབྱེ་བ་སྟེ། རྡོ་རྗེ་རྩེ་མོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་རྒྱུད་ཡན་ལག་རབ་ཏུ་དབྱེ་བའི་དོན་གསལ་བར་རྟོགས་པར་བྱེད་པ་དེ་ལས་འདི་ལྟར་བསྟན་ཏེ། སྲ་ཞིང་སྡུག་ལ་རབ་ཏུ་དག །ཅེས་པ་ནི་དང་པོར་རང་གི་ [180a.7]སེམས་བརྟག་པའི་མཚན་ཉིད་བརྟན་པ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་སེམས་དེ་ནི་བདུད་དང་མུ་སྟེགས་ལ་སོགས་པས་མི་ཚུགས་པའི་ཕྱིར་ན་སྲ་ཞེས་བྱའོ། །ཚོགས་ཆེན་པོ་གཉིས་རྫོགས་པས་ན་སྡུག་ཅེས་བྱའོ། །སྒྲིབ་པ་རྣམ་པ་གཉིས་དང་བྲལ་བའི་རང་བཞིན་བས་ན་རབ་ཏུ་ [180b] [180b.1]དག་ཅེས་བྱའོ། །དེ་ཡང་དཔེར་ན་ནམ་མཁའ་དང་འདྲ་བས་ན། ནམ་མཁའ་དང་ནི་མཚུངས་མཉམ་པ། །ཞེས་བྱའོ། །གནས་ངན་ལེན་གྱི་བག་ཆགས་དང་བྲལ་བས་ན། གནས་ངན་ལེན་པ་ཀུན་ལས་གྲོལ། །ཞེས་བྱའོ། །གནས་ངན་ལེན་པས་གྲོལ་ཞིང་གཉེན་པོས་སྒྲིབ་པའི་རྣམ་པར་རྟོག་པ་ [180b.2]བསམ་བས་ན། རྣམ་པར་རྟོག་པ་སྤངས་པའི་ཞེས་བྱའོ། །ཉན་ཐོས་ལ་སོགས་པ་ཐེག་པ་འོག་མ་པ་ལ་ཡང་ཐབས་དེ་ཡོད་མོད་ཀྱི་དེ་བས་ཁྱད་པར་དུ་གྱུར་པས་མཆོག་ཅེས་བྱའོ། །དེ་ཁོ་ན་ཉོན་མོངས་པའི་དྲི་མ་ཟད་པའི་མཚན་ཉིད་པས། ཉོན་མོངས་དྲི་མ་ཐམས་ཅད་དག །ཅེས་བྱའོ། །ཉོན་ [180b.3]མོངས་པའི་དྲི་མ་དག་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་མེད་པ་དེ་ཉིད་དང་པོ་ཟླ་བ་ལྟ་བུར་མཐོང་བ་དང་། ཟླ་བ་གཉིས་ལས་དང་པོར་མཐོང་བས་ན། ཟླ་བ་ལྟ་བུར་མངོན་མཐོང་བ། །ཞེས་བྱའོ། །ཉན་ཐོས་ལྟར་ཞི་བ་ལ་གནས་པ་མ་ཡིན་གྱི། ཆོས་ཉིད་རྟོགས་པའི་བྱམས་པ་དང་། སྙིང་རྗེའི་ངོ་ [180b.4]བོ་ལས་བྱུང་བས་ན། བྱམས་དང་སྙིང་རྗེ་ལས་བྱུང་བ། །ཞེས་བྱའོ། །བདག་གཅིག་པུ་བསྒོ་བ་དེ་བྱ་བའི་ཕྱིར་མ་ཡིན་པས་ན། སེམས་ཅན་ལ་ནི་ཕན་མཛད་པ། །ཞེས་བྱའོ། །སེམས་ཅན་ལ་ཕན་པ་མཛད་པའི་བྱང་ཆུབ་ཆེན་པོ་དེ། ཟླ་བ་ལྟ་བུར་སྣང་བས་སོ། །དྲི་མ་དང་བྲལ་བས་ན། །བྱང་ཆུབ་སེམས་ [180b.5]ཆེན་རབ་ཏུ་དག །ཅེས་བྱའོ། །བྱང་ཆུབ་སེམས་རྣམ་པར་དག་པ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུའི་ཡེ་ཤེས་ཀྱི་སེམས་འབྲས་བུའི་ངོ་བོ་དང་བཅས་པས་ཉེས་པའི་སྐྱོན་མེད་པས་ན། སངས་རྒྱས་བྱང་ཆུབ་སྐྱོན་མེད་པ། །ཞེས་བྱའོ། །ས་དང་ཕ་རོལ་ཕྱིན་པ་ལ་སོགས་པ་རྣམ་ [180b.6]པར་དཀར་བའི་ཕྱོགས་ཡོན་ཏན་གྱི་ཆ་རྫོགས་པས་ན། དགེ་བའི་ཕྱོགས་རྣམས་ཀུན་རྫོགས་ཤིང་། །ཞེས་བྱའོ། །དེ་ཁོ་ན་ཉོན་མོངས་པ་དང་བྲལ་བའི་ངོ་བོ་བས་ན། ཉོན་མོངས་ཐམས་ཅད་རྣམ་པར་གྲོལ། །ཞེས་བྱའོ། །ཆོས་ཀྱི་དབྱིངས་གཞན་གྱིས་ཕིགས་པར་དཀའ་བའམ། ཚོགས་རྣམ་པ་ [180b.7]གཉིས་རྫོགས་པས་སྟུག་པོར་གྱུར་པ་ལས་བྱུང་བས་དེ་ཉིད་ཀྱི་དཀྱིལ་ན་ཟླ་བ་ཡོངས་སུ་གང་བ་ལྟར་གནས་པར་མཐོང་བས། སྟུག་པོའི་དབུས་ན་ཟླ་ཆེན་པོ། །ཞེས་བྱའོ། །དེ་ནི་བྱང་ཆུབ་ལས་བྱུང་བའི་ཟླ་བ་བརྩེགས་མ་ལས་ཕྱི་མར་གྱུར་པས་ན། བྱང་ཆུབ་སེམས་ནི་གཉིས་པ་སྟེ། །ཞེས་བྱའོ། །བསྐལ་ [181a] [181a.1]པ་གྲངས་མེད་པ་གཅིག་སྟེ། ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་བསྐལ་པ་གྲངས་མེད་པ་གསུམ་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཐོབ་པ་ལས་བྱུང་བས་ན་བསྐལ་པ་གྲངས་མེད་གསུམ་དུ་བྱང་ཆུབ་བསྒྲུབས་པས་ཐོབ་པ་སྟེ་ཞེས་བྱའོ། །སྟོབས་དང་མི་འཇིགས་པ་དང་། མ་ [181a.2]འདྲེས་པ་ལ་སོགས་པའི་ཆོས་རྣམས་ནི་ཕྱི་རོལ་པ་ལས་དམ་པར་གྱུར་ཅིང་འོག་མ་རྣམས་ཀྱི་མཆོག་པས་ན། དམ་པའི་ཆོས་མཆོག་གྲངས་མེད་པ། །ཞེས་བྱའོ། །དེའི་འགྲོ་བའི་དོན་དུ་བདག་གིས་སྤྱོད་ཅིང་གཞན་ལ་སྟོན་པ་དང་། གཞན་སྤྱོད་དུ་འཇུག་པ་ནི། སྨྲ་བ་པོར་གྲགས་པ་ཇི་སྙེད་པ་རྣམས་ཀྱི་ནང་ན་ [181a.3]མཆོག །ཟླ་བ་ནི་ཟླ་བ་ལྟར་སྣང་བ་དེ་ཡིན་པས་ན། སྤྱད་པ་སྤྱོད་པ་མཆོག་ཡིན་ཏེ། །ཞེས་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དང་། ཉན་ཐོས་དང་མུ་སྟེགས་པ་ལ་སོགས་པ་ལྟ་བ་ཐ་དད་པའི་རྟོག་པ་ཅན་གྱི་ཤེས་རབ་ཀྱིས་བརྟགས་པའི་ཆ་ལ་སྣང་བའི་ས་དང་། ས་མ་ཡིན་པ་ཐམས་ཅད་རིག་ [181a.4]པས་ན། །ས་དང་ས་མིན་ཤིན་ཏུ་མཁྱེན། །ཞེས་བྱའོ། །སྒྲིབ་པ་རྣམ་པ་གཉིས་དང་བྲལ་བས། ཡེ་ཤེས་དག་པས་སྒྲིབ་པ་མེད། །ཅེས་བྱའོ། །དེ་ལྟ་བུའི་ཡོན་ཏན་གྱི་རྣམ་པར་རྫོགས་པའི་ཟླ་བའི་སྟེང་དུ་ཡེ་ཤེས་ཀྱི་བདག་ཉིད་ཐུགས་ཀྱི་མཚན་མ་རྡོ་རྗེ་གནས་པར་བརྟགས་པ་ལ་ནི། [181a.5]ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཞེས་བྱའོ། །རྩེ་ལྔ་པའི་རྡོ་རྗེ་གནས་པར་བརྟགས་པ་ལ་ནི། རྡོ་རྗེའི་གཟུགས་ནི་བལྟ་བར་བྱ། །ཞེས་བྱའོ། །དེ་ནི་སངས་རྒྱས་ཀུན་གྱི་དང་། གཟུགས་བརྙན་གྱི་སྐུ་ལས་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པའི་རྡོ་རྗེ་འདི་ནི་ཆོས་ཀྱི་སྐུའི་ངོ་བོ་བས་ན། [181a.6]སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཞེས་བྱའོ། །དེ་ན་རང་བཞིན་དམིགས་སུ་མེད་ཅིང་ཕྱོགས་གང་ན་ཡང་མི་གནས་པས་ན། སྣང་བ་མེད་ཅིང་གནས་མེད་པ། །ཞེས་བྱའོ། །རྒྱུ་རྐྱེན་གྱིས་མ་བསྐྱེད་ཅིང་ཕྱྭ་དང་དབང་ཕྱུག་ལ་སོགས་པའི་བྱེད་པ་པོས་མ་བྱས་ཏེ། རང་བཞིན་གྱིས་སྒྲིབ་པ་དག་པའི་མཚན་ཉིད་ [181a.7]ཅན་པས་ན། མ་སྐྱེས་མ་བྱས་པ་དག་སྟེ། །ཞེས་བྱའོ། །ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བས་ན། དངོས་དང་དངོས་མེད་རྣམ་པར་སྤངས། །ཞེས་བྱའོ། །མཚོན་ཆ་ལ་སོགས་པས་གཅད་པར་མི་ནུས་ཤིང་མུ་སྟེགས་ལ་སོགས་པའི་ལྟ་བ་ངན་པས་མི་ཤིགས་ཤིང་མེས་ཚིག་པར་མི་ནུས་ [181b] [181b.1]པས་ན། མི་ཆོད་མི་ཤིགས་མི་ཚིག་པ། །ཞེས་བྱའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་བྲལ་བ་ཟག་པ་མེད་པའི་ཆོས་ཀྱི་སྐུ་བས་ན། ཕུང་པོ་མེད་པ་ཆོས་ཀྱིས། །ཞེས་བྱའོ། །ཆོས་ཀྱི་སྐུ་དེ་ལྟ་བུ་དེ་ནི་རྡོ་རྗེའི་རང་བཞིན་ལས་བྱུང་བའམ། རྣམ་གཅིག་ཆོས་ཀྱི་སྐུ་རྡོ་རྗེ་དང་འདྲ་བ་ལས་བྱུང་བས་ན། རྡོ་རྗེ་ [181b.2]བདག་ཉིད་ལས་བྱུང་བ། །ཞེས་བྱའོ། །མ་སྐྱེས་པའི་ངོ་བོ་ཟླ་བའི་སྟེང་ན་གནས་པའི་རྡོ་རྗེ་དེ་ནི་རྡོ་རྗེའི་སྐུ་སྟེ་དེའི་སྟེང་དུ་གཞན་གཞག་ཏུ་མེད་པས། རྡོ་རྗེའི་སྐུ་ནི་བླ་མེད་པའོ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཞེས་པ་ནི། དེ་དག་མཐར་ཐུག་གི་བར་དུ་རྣམ་པ་མང་པོ་དག་རྒྱས་པར་གསུངས་སོ་ཞེས་བྱ་ [181b.3]བའི་ཐ་ཚིག་གོ། །དེ་ལྟར་བསྟན་པའི་ལྔ་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་པ་འདི་ཡང་། སློབ་དཔོན་ཁ་ཅིག་ན་རེ་དང་པོར་རང་གི་སེམས་བརྟགས་པས་བདག་མེད་པ་རྣམ་པ་གཉིས་ཀྱི་དོན་རྟོགས་པ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་སོ། །གཉིས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དུ་སྣང་བ་ [181b.4]ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གསུམ་པ་ཟླ་བ་ལ་ཐུགས་མཚན་རྡོ་རྗེ་གཞག་པ་ནི་ཆོས་ཀྱི་སྐུའི་ངོ་བོ་སྟེ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །བཞི་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དབྱིངས་ཇི་སྙེད་པའི་བྱིན་རླབས་ཀྱིས་བརྟན་ཞིང་མི་གཡོ་བར་བྱས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ལྔ་པ་སྐུ་ [181b.5]ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་མཚན་ཉིད་དུ་གནས་པར་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ་ཞེས་ཟེར་ན། སྔར་སྐུ་གསུམ་དང་ཡེ་ཤེས་ལྔ་ཐོབ་བཞིན་པ་ལས་ཕྱིས་སྔགས་ཀྱི་ཆེ་བའི་བདག་ཉིད་དེའི་སྒོ་ནས་སངས་རྒྱས་བར་བྱ་བའི་ཐབས་བསྟན་པའི་ཕྱིར་མངོན་པར་བྱང་ཆུབ་པའི་རིམ་པས་སེམས་ཀྱི་བདག་ཉིད་གོང་ [181b.6]ནས་གོང་དུ་རྟས་པར་བྱེད་པའི་བསམ་གཏན་གྱི་སྐུ་ཕྱག་རྒྱ་ཆེན་པོ་རྫོགས་པར་བསྟན་ཏེ་དེ་ལྟར་སྣང་བཞིན་དུ་སེམས་རྟོགས་པའི་རིམ་པ་ལྔ་དང་། ཡེ་ཤེས་ལྔར་སྦྱར་བ་དེ་ཡང་དེ་ལྟར་ནི་ཡིན་མོད་ཀྱི། འོན་ཀྱང་རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཉིད་འདུས་པ་ལས་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ལྔ་མངོན་ [181b.7]པར་རྫོགས་པའི་རིམ་པས་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ནས་བྱིན་གྱིས་བརླབ་པར་གསོལ་ཞེས་ཞུས་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་གནས་རྣམ་པ་བཞིར་བཞུགས་པས་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པར་གྱུར་ཏོ། ། [182a] [182a.1]ཞེས་གླེང་བ་དང་སྦྱར་ན་སྐུ་ཕྱག་རྒྱ་ཆེན་པོ་རྫོགས་པའི་ཆོ་གའི་ཡན་ལག་ཚང་བར་གྱུར་པས་ཡེ་ཤེས་ལྔ་ཐོབ་པར་བརྟགས་ན་རུང་བར་མངོན་ནོ། །གཞན་དག་ན་རེ་གོང་གི་སྐབས་རྣམས་སུ་ཡེ་ཤེས་ལྔ་དང་ལྡན་ཞིང་རྫོགས་པར་གྱུར་པའི་ཚིག་ངེས་པ་གསུངས་བཞིན་དུ་ཕྱི་ནས་གདོད་ཐོབ་པར་བྱ་བ་ [182a.2]ཡང་འགལ་ལ་ལྔ་མངོན་པར་བྱང་ཆུབ་པའི་རིམ་པ་དང་། སྦྱར་བ་ཡང་རིགས་པ་མ་ཡིན་ནོ་ཞེ་ན། སྨྲས་པ། དེ་ལྟར་ཡང་སྔོན་དུ་ཡེ་ཤེས་ལྔ་དང་ལྡན་པར་བརྗོད་ཀྱིས་ཀྱང་སྐུ་ཡན་ལག་རྫོགས་པར་མ་གྱུར་པས་ཡེ་ཤེས་ལྔ་དང་ལྡན་པའི་སངས་རྒྱས་ཞེས་མི་བརྗོད་ལ་ཕྱིས་སྐུ་ཡོངས་སུ་རྫོགས་པར་གྱུར་ནས་གདོད་ [182a.3]ཡེ་ཤེས་ལྔ་དང་ལྡན་པའི་སངས་རྒྱས་ཞེས་བརྗོད་པས་ན། ཕྱིས་བསྟན་པར་རིགས་པར་མངོན་ཏེ། ཇི་ལྟར་དཔེར་ན་རྒྱལ་པོའི་སྲས་རྒྱལ་རིགས་སུ་སྐྱེས་པ་ཡིན་གྱིས་ཀྱང་། རྒྱལ་སྲིད་ཀྱི་དབང་མ་བསྐུར་གྱི་བར་དུ་རྒྱལ་ཆོས་ཀྱང་མི་མཛད་ན། རྒྱལ་པོ་ཞེས་བྱ་བའི་མིང་ཡང་མི་ཐོབ་སྟེ། དེ་དག་དང་ལྡན་ན་དེ་བཞིན་ [182a.4]དུ་འགྱུར་བ་བཞིན་ནོ། །གཞན་དག་ན་རེ། ལྔ་མངོན་པར་བྱང་ཆུབ་པའི་རིམ་པ་འདི་དག་ལས་དང་པོ་ནི་ཆོས་ཀྱི་སྐུ་ཐོབ་པར་བྱེད་པའི་རྒྱུའོ། །གཉིས་པ་ནི་བསོད་ནམས་ཀྱི་ཚོགས་སོ། །གསུམ་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བཞི་པ་ནི་ཆོས་ཀྱི་སྐུ་གནས་པའོ། །ལྔ་པ་ནི་དེ་ལས་གཟུགས་ཀྱི་སྐུར་བསྟན་ནས་འགྲོ་ [182a.5]བའི་དོན་ལ་འཇུག་པའོ་ཞེས་ཟེར་རོ། །དེ་ལ་སྨྲས་པ། དེ་ལྟར་བསྟན་པ་ཡང་འགལ་བ་མེད་མོད་ཀྱི། འོན་ཀྱང་རྒྱུ་བསོད་ནམས་ཀྱི་ཚོགས་ཉིད་འབྲས་བུ་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པས་དེ་གཉིས་གཅིག་གི་ངོ་བོར་གཅིག་གནས་པས། དེ་གཉིས་ལས་བྱུང་བའི་འབྲས་བུའི་སྐུ་ཡང་དེ་བཞིན་ནོ་ཞེས་ཟེར་རོ། ། [182a.6]དེ་ལ་ལན་བཏབ་པ། དེ་ལྟར་ཡིན་གྱིས་ཀྱང་རྣམ་པར་དབྱེ་བ་བརྩམས་པ་ཡང་འགལ་བ་མེད་དོ། །བསོད་ནམས་ཀྱི་རྒྱུ་མཐུན་པ་གཟུགས་ཀྱི་སྐུ་ལ་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་མཐུན་པ་ནི། ཆོས་ཀྱི་སྐུ་སྟེ་ཇི་ལྟར་མདོ་སྡེ་ལས་ཟག་པ་དང་བཅས་པའི་དགེ་བའི་རྩ་བ་ལས་བྱུང་བ་ནི་གཟུགས་ཀྱི་སྐུ་ལ་ཟག་པ་མེད་པའི་དགེ་ [182a.7]བའི་རྩ་བ་ལས་བྱུང་བ་ནི་ཆོས་ཀྱི་སྐུའོ་ཞེས་བཤད་དོ། །དེ་བས་ན་འདི་ལྟར་བསྟན་པ་ཡང་འགལ་བ་མེད་པར་དགོངས་པའོ་ཞེས་ཟེར་རོ། །དེ་ལྟར་བསྟན་པའི་ལྔ་མངོན་པར་བྱང་ཆུབ་པའི་རིམ་པ་དེ་ཡང་ལམ་རྣམ་པ་གསུམ་དང་། ཡེ་ཤེས་རྣམ་པ་གསུམ་དང་སྦྱར་བར་བྱ་སྟེ། དང་པོར་རང་གི་སེམས་ཡང་ [182b] [182b.1]དག་པར་རིག་པས་སེམས་ཀྱི་ཆོས་ཉིད་རྟོགས་པ་དང་། གཉིས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དུ་སྣང་བ་གཉིས་ནི་རྒྱུའི་ཡེ་ཤེས་ཞེས་བྱ་སྟེ། མཐོང་བའི་ལམ་དང་བསྒོམ་པའི་ལམ་ཡོངས་སུ་རྫོགས་པས་དང་པོ་ནས་ས་བཅུའི་མཐར་ཕྱིན་པར་གྱུར་པ་མན་ཆད་ཀྱི་ལམ་གྱི་རང་བཞིན་དུ་རིག་ [182b.2]པར་བྱའོ། །དེ་ལས་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་རྩེ་ལྔ་པར་གྱུར་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ནི་འབྲས་བུ་ཡེ་ཤེས་ཞེས་བྱ་སྟེ། ས་བཅུ་མཐར་ཕྱིན་པས་སངས་རྒྱས་ཀྱི་ས་ལ་རྣམ་པར་གྲོལ་བའི་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུ་དང་སྦྱར་རོ། །བརྟན་པར་བྱས་པ་དང་སངས་རྒྱས་ཀྱི་སྐུར་གྱུར་པ་གཉིས་ཀྱིས་ནི་ [182b.3]རྒྱུ་མཐུན་པའི་འབྲས་བུའི་ཡེ་ཤེས་ཞེས་བྱ་སྟེ། སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པ་དེ་བཞིན་དུ་གྲུབ་པའི་མཐུ་བརྙེས་ཏེ། སྔོན་རྒྱུའི་གནས་སྐབས་སུ་ཇི་ལྟར་བསྒོམས་ཤིང་སྤྱད་པ་དེ་དང་མཐུན་པའི་འབྲས་བུའི་ཡོན་ཏན་གྱི་རྣམ་པ་མཆོག་ཐམས་ཅད་དང་ལྡན་པ་སངས་རྒྱས་ཀྱི་སྐུར་བདག་ཉིད་གྱུར་ [182b.4]པའོ། །དེ་ལྟར་ལྔ་མངོན་པར་བྱང་ཆུབ་པའི་རིམ་པས་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་ངོ་བོར་གནས་པ་དེ་ནི་སངས་རྒྱས་ཀྱི་གདུང་འཚོབ་ཅིང་དམ་པའི་ཆོས་ཀྱི་རྒྱལ་སྲིད་འཛིན་པར་བྱེད་པ་སྟེ། དཔེར་ན་རྒྱལ་རིགས་སུ་གྱུར་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་ཀྱིས་རྒྱལ་པོའི་གདུང་ [182b.5]འཚོབ་ཅིང་སྲིད་འཛིན་པ་དང་འདྲ་བར་ཤེས་པར་བྱའོ། །དེ་ལྟར་སྐུ་ཕྱག་རྒྱ་ཆེན་པོའི་བསམ་གཏན་མཐར་ཐུག་པ་དང་། དེ་ནི་བརྟན་ཞིང་མི་གཡོ་བ་དང་། མདའ་དབང་དམ་པ་དང་ལྡན་པ་དང་། བསམ་གཏན་རྣམ་པ་གཞན་དུ་མི་འགྱུར་བ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་བྱ་བའི་ཕྱིར་ [182b.6]རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་བཏབ་ལ་རིགས་བཞི་པ་དེ་དག་གི་རྣམ་པར་ཐར་པའི་མཐུ་ལས་བྱུང་བའི་བྱིན་གྱི་རླབས་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པའི་ཆོ་ག་རྣམས་ཡོངས་སུ་རྫོགས་པར་བྱ་སྟེ། དེ་ལ་དང་པོར་དེ་བཞིན་གཤེགས་པའི་རིགས་ [182b.7]ཀྱི་རྣམ་པར་ཐར་པའི་མཐུ་ལས་བྱུང་བའི་བྱིན་གྱིས་བརླབ་པའི་ཆོ་འཕྲུལ་གསུངས་པ། དེ་ལྟར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་ལྟར་ཞེས་བྱ་བ་ནི་གོང་མའི་དོན་ལ་བསྙེགས་པའི་ཚིག་སྟེ། གོང་དུ་ལྔ་མངོན་པར་བྱང་ཆུབ་པའི་རིམ་ [183a] [183a.1]པས་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཤིན་ཏུ་གསལ་བར་བསྒོམས་ནས་དེ་བསམ་གཏན་དེའི་ཡན་ལག་རྣམས་རྫོགས་པར་བྱ་བའི་ཕྱིར། དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པ་བསྟན་ཏེ། སྙིང་པོ་འདིས་དམ་ཚིག་སེམས་དཔའ་ཞེས་པ་ནི། [183a.2]སེམས་དཔའ་ལ་ཡང་རྣམ་པ་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པའི་སེམས་དཔའ་དང་། ཡེ་ཤེས་ཀྱི་སེམས་དཔའ་དང་། དམ་ཚིག་གི་སེམས་དཔའ་གསུམ་ལས་འདིར་ནི་དམ་ཚིག་གི་སེམས་དཔའ་བྱིན་གྱིས་བརླབ་པ་སྟེ། སྙིང་པོ་འདི་བརྗོད་པས་དམ་ཚིག་སེམས་དཔའ་ཆེན་པོ་གང་ཡིན་པ་དེ་ནི་བདག་གོ་ཞེས་ང་ [183a.3]རྒྱལ་བསྐྱེད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ་སཏྭ་སྟྭཾ། ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སེམས་དཔའ་ཆེན་པོ་དག་གོ་ཞེས་པའི་དོན་ཏོ། །དེ་ནས་བདག་དང་མི་གཉིས་པའི་སངས་རྒྱས་ཀྱི་སྐུ་དེ་ལ་ཞེས་པ་ནི་བདག་དང་རང་བཞིན་ཐ་མི་དད་པར་བརྟག་པའི་བསམ་གཏན་ [183a.4]གྱིས་བསྐྱེད་པའི་སྐུ་ཕྱག་རྒྱ་ཆེན་པོ་ལ་དེ་ལ་བྱང་ཆུབ་ཆེན་པོར་མོས་པར་བྱ་སྟེ་ཞེས་པ་ནི། སངས་རྒྱས་ཀྱི་དམ་ཚིག་སེམས་དཔའ་ལ་ནི་བྱང་ཆུབ་ཆེན་པོ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ས་ལ་གནས་པར་མོས་པར་བྱ་སྟེ། ཇི་སྐད་དུ། རྒྱུད་ལས་ཀྱང་དེའི་གཏན་ཚིགས་གསུངས་པ། རྡོ་རྗེ་སེམས་དཔའི་ཏིང་ [183a.5]འཛིན་གནས། །ཞེས་པ་ནི། དང་པོར་བདག་གི་སེམས་བརྟག་པའི་རིམ་པས་བདག་མེད་པའི་བསམ་གཏན་ལ་མོས་པར་བྱ་བ་དང་། ཟླ་བའི་དཀྱིལ་འཁོར་དུ་མཐོང་བར་མོས་པ་བསྐྱེད་པ་དང་། ཟླ་བ་ལ་རྡོ་རྗེ་གནས་པར་བརྟག་པའོ། །སངས་རྒྱས་རྗེས་སུ་དྲན་དེ་བཞིན། །ཞེས་པ་ནི། དེ་ལྟར་ [183a.6]སེམས་བརྟག་པའི་རིམ་པ་མངོན་དུ་བྱས་ན། ཟླ་བ་དང་རྡོ་རྗེ་ལས་དེ་བཞིན་གཤེགས་པའི་སྐུར་གྱུར་པར་མོས་པ་བསྐྱེད་པ་ལ་ནི། དེ་སྐད་བརྗོད་དོ། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །ཞེས་པ་ནི་དེ་ལྟར་སངས་རྒྱས་རྗེས་སུ་དྲན་པ་དེ་ཉིད་ལ་ནི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཞེས་བྱའོ། །དེ་ནས་འོག་ནས་ [183a.7]འབྱུང་བའི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ལ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་མཚན་མ་མི་མཐུན་པ་རི་སྣང་བ་ལས་སྐུ་གཅིག་གི་ངོ་བོར་གྱུར་པ་བསྟན་པའི་ཕྱིར་སྒོ་གསུམ་གཅིག་ཏུ་བསྡུས་པར་བསྟན་པ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་འདི་བཅིངས་བས་ལུས་ངག་ཡིད་གསུམ་དོན་དམ་པར་གཅིག་ཏུ་མོས་པར་བྱའོ། །དེ་ [183b] [183b.1]ལྟར་བྱས་ནས་ཡང་དེའི་རྟིང་ཐོགས་སུ་འདི་ལྟར་བྱ་སྟེ། དེ་ནས་རྡོ་རྗེ་དབྱིངས་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་ཞེས་པ་ནི། ལྷ་རེ་རེ་ལ་ཕྱག་རྒྱ་བཞི་བཞི་དང་ལྡན་པ་ལས་འདིར་རྡོ་རྗེ་དབྱིངས་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་གང་ཞེ་ན། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་འོག་ནས་འབྱུང་བའོ། །དེ་ལས་གཞན་པའི་དེ་ [183b.2]བཞིན་གཤེགས་པ་རྣམས་ཞེས་པ་ནི། བཅོམ་ལྡན་འདས་དེ་ལས་མཚན་ཉིད་གཞན་དུ་གྱུར་པ་སྟེ། མི་འཁྲུགས་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་པོ་རྣམས་སོ། །རྡོ་རྗེ་སེམས་མ་གཉིས་པོ་ལ་སོགས་པ་ཞེས་པ་ནི་སེམས་མ་ལྷག་མ་རྣམས་ཏེ། སོགས་ཀྱིས་ནི་གཉིས་པའི་ཟླས་དྲངས་པའི་ [183b.3]གསུམ་པ་དང་། བཞི་པ་དག་བསྡུ་བར་བྱ་སྟེ། ཕྱག་རྒྱ་དེ་དག་བཅིངས་ལ། དམ་ཚིག་གི་ཕྱག་རྒྱ་སེམས་དཔར་ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱ་དམ་ཚིག་གི་སེམས་དཔར་བྱིན་གྱིས་བརླབས་པ་དམ་ཚིག་གི་ཕྱག་རྒྱའི་སེམས་དཔའ་སྟེ། ཡིད་ཁོ་ན་ཡིན་ནོ་བར་ངེས་པར་བྱེད་པའི་སྙིང་པོ་འདིས་བདག་གི་དམ་ཚིག་གི་ [183b.4]སེམས་དཔའ་ཡིན་ནོ་བར་བསྒོམ་མོ། །ཨོཾ་ས་མ་ཡ་ཧཾ་ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱའི་སེམས་དཔར་བྱིན་གྱིས་རློབ་པའི་སྙིང་པོའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་རང་གི་སྙིང་གའི་ཕྱོགས་སུ་གཞག་ཅེས་པ་ནི། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དེ་ཉིད་དམ་ཚིག་སེམས་དཔའ་བདག་གི་སྙིང་གར་གཏང་ [183b.5]པའོ། །དེ་བཞིན་གཤེགས་པ་དམ་ཚིག་གི་སེམས་དཔའི་ཞེས་པ་ནི། གོང་དུ་དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་དཔར་བསྒོམ་པར་བྱའོ་ཞེས་སྨྲས་པས་འདིར་ཡང་དེ་དང་མཐུན་པར་སྟོན་པས་འདི་ལྟར་བརྗོད་དེ། དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པའི་སྙིང་པོ་ནི་འདི་ཁོ་ན་སྟེ། [183b.6]ཨོཾ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་མཾ་ཞེས་པ་ཡང་དོན་གོང་དུ་བཤད་པ་དེ་བཞིན་དུ་ཤེས་པར་བྱའོ། །འདི་བསྐྱེད་པར་བྱ་བའི་སྙིང་པོ་ཞེས་པ་ནི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བསྟན་པ་འདི་བསྐྱེད་པའམ་བརྟན་པར་བྱེད་པ་ནི་སྔགས་འདིའོ། །ཁ་ཅིག་ན་རེ་ཕྱག་རྒྱ་དེ་ལེགས་པར་བཅིངས་པས་ཡང་དག་པར་གནས་པར་ [183b.7]འགྱུར་བའི་སྔགས་འདིའོ་ཞེས་ཟེར་རོ། །ཨོཾ་ས་མ་ཡ་སྟྭཾ་ཞེས་པ་དམ་ཚིག་ནི་ཁྱོད་དོ་ཞེས་པའི་དོན་ཏོ། །དེ་ལྟར་བྱ་བའི་གཏན་ཚིགས་ཀྱང་རྒྱུད་ལས་འདི་སྐད་དུ་གསུངས་ཏེ། ས་མ་ཡ་སྟྭཾ་ཞེས་སྨྲས་ན། ཞེས་པ་ནི་སྔགས་འདི་དེ་སྐད་དུ་བརྗོད་པའོ། །ཕྱག་རྒྱའི་རིགས་ནི་ཀུན་ལ་ཡང་། །ཞེས་པ་ནི་ཕྱག་རྒྱ་མ་ [184a] [184a.1]ལུས་པ་སྟེ། རིགས་བཞིའམ། གང་ཡང་རུང་བའི་རིགས་བསྒོམ་པའི་ཕྱག་རྒྱ་ཀུན་ལ་འདིས་བསྐུལ་བ་སྟེ། གནད་ལ་འབབ་པར་བྱེད་པའོ། །དེ་བས་ན། དེ་ཉིད་བསྐུལ་བས་བདག་ཆེན་རྣམས། །ཞེས་པ་ནི། སྔགས་དེ་བརྗོད་པས་རིགས་དེའི་དེ་ཁོ་ནའི་རང་བཞིན་བསྐུལ་བས་ [184a.2]གནད་ལ་འབབ་པར་འགྱུར་ཏེ། ལྷ་བདག་ཉིད་ཆེན་པོ་རྣམས་དམ་ཚིག་ལས་འགལ་བར་མི་མཛད་དེ། ལྷའི་སྐུར་གནས་པའི་ངོ་བོ་སྟོན་པར་མཛད་པས་ན། ཉིད་ཀྱིས་བསྡམས་ནས་བསྟན་པར་འགྱུར། །ཞེས་ཏེ་ཉིད་དང་དམ་ཚིག་ལ་གནས་ནས་སྔོན་གྱི་དམ་ཚིག་བཅས་པའི་སྨོན་ལམ་བསྟན་པར་བྱེད་ཅེས་ [184a.3]པའི་ཐ་ཚིག་གོ། །བཛྲ་ཧཱུཾ་ཞེས་པ་ནི་ཇི་ལྟར་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་དབྱིངས་ཉིད་སྐུ་འགྱུར་བ་བསྟན་པའི་ཕྱིར། བྱིན་གྱིས་བརླབ་པའི་སྔགས་གསུངས་པའི་སྣ་ལ་སྨོས་པ་དེ་བརྗོད་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ [184a.4]ཆེན་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་གནས་གྱུར་བའི་མཚན་མ་དེ་བཅིང་བར་བྱའོ། །དེ་ཡང་གང་ཞེ་ན། རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་ཉིད་ལས་གསུངས་ཏེ། རྡོ་རྗེ་ཐལ་མོ་ལས་བྱུང་བ། །ཞེས་པ་ནི། སྔར་རྡོ་རྗེ་ཐལ་མོ་ལས་ཕྱག་རྒྱ་ཐམས་ཅད་འབྱུང་བར་བསྟན་པ་དེའོ། །གསང་བ་ཆེན་ [184a.5]མོར་རབ་ཏུ་གྲགས། །ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་ཆེན་པོར་སྣང་བ་སྦས་ནས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་མཚན་མར་བསྟན་པ་ལ་ནི་གསང་བ་ཆེན་མོ་ཞེས་བྱ་བར་གྲགས་སོ། །དེ་ཁོ་ན་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་མདོར་བསྡུས་པའི་ངོ་བོ་ཡིན་པས་ན། ཕྱག་རྒྱ་ཆེན་པོ་ [184a.6]མདོར་བསྡུས་ཏེ་ཞེས་བྱའོ། །དེ་བཅིང་བའི་ཐབས་ནི་འདི་ལྟར་ཤེས་པར་བྱ་སྟེ། མཐེ་བོ་གཉིས་ནི་སྐྱིལ་མོ་ཀྲུང་། །ཞེས་པ་ནི་རྡོ་རྗེ་ཐལ་མོ་ལས་སོར་མོ་རྣམས་རྒྱབ་ཏུ་ཕན་ཚུན་བསྣོལ་ཏེ་བསྡམས་ལ་མཐེ་བོང་གཉིས་ཀྱང་བསྣོལ་ཏེ་སྐྱིལ་མོ་ཀྲུང་བཅས་པ་འདྲ་བར་བྱས་པའོ། །གུང་མོའི་རྩེ་མོ་བསྙམས་པ་ [184a.7]སྟེ། །ཞེས་པ་ནི། གུང་མོ་གཉིས་རྩེ་སྤྲད་དེ་བསྒྲེང་བའོ། །མཛུབ་མོ་དག་ནི་རྩེ་མོ་དགུག །ཅེས་པ་ནི། མཛུབ་མོ་གཉིས་རྩེ་སྤྲད་དེ་ཟླུམ་པོར་དགུག་པ་གུང་མོའི་ངོས་ལ་བཅར་བའོ། །དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་འོ། །སྔགས་འདི་ཡང་དེ་དང་སྦྱར་ལ་བརྗོད་པར་བྱ་སྟེ། དེ་ལྟར་ཡང་རྩ་བའི་རྒྱུད་ལས་ [184b] [184b.1]གསུངས་པ། རྡོ་རྗེ་དབྱིངས་ཕྱུག་ཕྱག་རྒྱ་ནི། །རབ་མཉམ་གཞག་པས་བཅིངས་ནས་ཀྱང་། །སྙིང་ག་མཛོད་སྤུ་མགྲིན་སྤྱི་བོར། །བཞག་ན་སངས་རྒྱས་བྱིན་གྱིས་རློབ། །ཅེས་བྱའོ། །བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་དང་། བཞིས་ཕྱག་རྒྱ་ཆེན་པོའི་ཡན་ [184b.2]ལག་ཡོངས་སུ་རྫོགས་པར་འགྱུར་བ་ལས་དེ་ཡན་ཆད་བྱིན་གྱིས་བརླབ་པ་བཤད་ཟིན་ཏོ། །ད་ནི་དབང་བསྐུར་བའི་དོན་གསུངས་ཏེ། དེ་ལྟར་དེ་བཞིན་གཤེགས་པའི་བདག་ཉིད་དུ་བྱིན་གྱིས་བརླབ་པ་དེ་ནི་ཐམས་ཅད་ལ་དབང་བསྐུར་བར་ནུས་པའི་མཐུ་ཡོད་པར་བྱ་བའི་ཕྱིར་དབང་བསྐུར་དགོས་ཏེ། དེ་ནས་བདག་ [184b.3]ཉིད་དེ་བཞིན་གཤེགས་པར་གྱུར་པ་ཞེས་པ་ནི་གོང་དུ་གསུངས་པའི་བྱིན་གྱིས་བརླབ་པའི་རིམ་པ་དེས་བྱིན་གྱིས་བརླབས་པས་བདག་ཉིད་དེ་བཞིན་གཤེགས་པ་གང་ལ་མོས་པ་བསྐྱེད་པ་དེའི་སྐུར་གྱུར་པ་དེ་གདན་སེང་གེའི་ཁྲི་ལ་བཞུགས་པར་བརྟག་གོ། །སེང་གེའི་གདན་ཁྲི་ལ་བཞུགས་ཤིང་། །ཞེས་པ་ནི། འཇིགས་ [184b.4]པ་མི་མངའ་བ་བརྙེས་པའི་རྟགས་སུ་ཡང་བསྟན་ལ་གང་དག་ཐོས་པ་མང་པོས་ཁམས་རྒྱས་པར་འདོད་པ་དག་འདི་ལྟ་བུའི་ཚུལ་འཛིན་པར་བྱེད་པ་ཡིན་ནོ་ཞེས་ཀྱང་གླེང་ངོ་། །འོག་ནས་འབྱུང་བའི་མཆོད་པའི་ཞེས་པ་འོག་ནས་མཆོད་པ་བཤད་པའི་སྐབས་ནས་འབྱུང་བའི་རིན་པོ་ཆེའི་གཞལ་མེད་ཁང་ཀ་བ་བརྒྱད་དང་ [184b.5]ལྡན་པ་རྟ་བབས་ཀྱིས་མཛེས་པར་བྱས་པ་ལ་སོགས་པའི་ཡོན་ཏན་རྣམ་པ་མང་པོ་དང་ལྡན་པ། རྒྱན་ཐ་དད་པ་དག་གིས་བརྒྱན་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བསྔགས་པའི་ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོ་དུ་མ་འདུས་པ་གཞན་དང་ཐུན་མོང་དུ་གྱུར་པ་མ་ཡིན་པ་བཟང་པོ་ཁྱད་པར་ཅན་དུ་མོས་པར་བྱས་ལ་ [184b.6]ས་མ་ཡ་སྟྭཾ་ཞེས་བརྗོད་དེ་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱ་འོག་ནས་འབྱུང་བ་རང་གི་སྤྱི་བོར་བཞག་ལ་དེའི་སྙིང་པོ་ཨོཾ་བཛྲ་རཏྣ་ཞེས་པ་བརྗོད་ལ་ཇི་ལྟར་རིན་པོ་ཆེའི་ཅོད་པན་གྱིས་འཇིག་རྟེན་པའི་རྒྱལ་པོ་དབང་བསྐུར་བ་དེ་བཞིན་དུ་རིན་པོ་ཆེའི་མྱུ་གུའི་ཕྱག་རྒྱ་འདིས། རིན་པོ་ཆེའི་མྱུ་གུའི་དབང་བསྐུར་བར་མོས་པར་ [184b.7]བྱའོ། །དེ་ལྟར་དབང་བསྐུར་བ་ཡང་རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་ལས་འདི་སྐད་དུ་གསུངས་ཏེ། རྡོ་རྗེ་རིན་ཆེན་དཔྲལ་བ་རུ། །ཞེས་པ་ནི། རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་བཅིངས་ལ་དཔྲལ་བར་བཞག་པའོ། །རབ་ཏུ་གནས་པར་བསམས་ནས་ནི། །ཞེས་པ་ནི། དཔྲལ་བའི་གནས་དེ་ནི་བརྟན་པར་གནས་པར་ [185a] [185a.1]བརྟག་པའོ། །རྡོ་རྗེ་རིན་ཆེན་ཞེས་བྱས་ནས། །ཞེས་པ་ནི་བཛྲ་རཏྣ་ཞེས་བརྗོད་པར་བྱའོ། །རྒྱལ་བ་རྣམས་ཀྱིས་དབང་བསྐུར་འགྱུར། །ཞེས་པ་ནི་ཕྱོགས་བཅུ་དང་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བའི་གནས་དེ་ལ་དགོངས་པར་འགྱུར་བའི་ཐ་ཚིག་གོ། །དེ་ལ་དཔྲལ་བ་ཞེས་སྨོས་པ་ནི་དབང་བསྐུར་ [185a.2]པའི་གནས་སོ། །དབང་བསྐུར་བའི་གནས་ནི་རྣམ་པ་གཉིས་ཏེ། སེམས་དཔའ་ཆེན་པོ་རྣམས་ལ་ནི་སངས་རྒྱས་ལྔས་དབུ་བརྒྱན་ཅིང་དཔྲལ་བར་རིན་པོ་ཆེའི་དབང་སྐུར་བའོ། །དེ་བཞིན་གཤེགས་པའི་བསམ་གཏན་ལ་གནས་པའི་རྣལ་འབྱོར་པ་ལ་ནི་སྤྱི་བོར་ནི་རིན་པོ་ཆེས་དབང་བསྐུར་བྱའོ། །ཅིའི་ཕྱིར་འདི་ལྟར་ [185a.3]བྱེ་བྲག་ཏུ་སྟོན་ཞེ་ན། སེམས་དཔའ་ཆེན་པོ་རྣམས་ནི་ད་དུང་དུ་ཤེས་བྱ་མ་རྫོགས་པའི་ཚུལ་འཛིན་པས་དེ་དག་ཡེ་ཤེས་མཐར་ཕྱིན་ཅིང་ཤེས་བྱ་རྫོགས་པར་བྱ་བའི་ཕྱིར་འགྲོ་བའི་དོན་ལ་མངའ་བརྙེས་པ་འགྲུབ་པའི་དོན་དུའོ། །དེ་བཞིན་གཤེགས་པ་རྣམས་ནི་ཤེས་བྱ་མཐར་ཕྱིན་ཅིང་ཡེ་ཤེས་རྫོགས་པ་དང་ལྡན་ [185a.4]པས་འགྲོ་བ་སྨིན་པར་མཛད་པ་ལས་དགོངས་པ་གཞན་མི་མངའ་བའི་ཕྱིར་རོ། །དེ་ལྟར་དབང་བསྐུར་བའི་ཕྱག་རྒྱ་ནི། རྡོ་རྗེ་བཅིངས་པ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ལག་པ་གཉིས་སོར་མོ་རྡོ་རྗེ་བཅིངས་པ་བསྡམས་པ་ལས་མཐེ་བོང་གཉིས་བསྙམས་ཏེ། གཤིབས་ལ་རྩེ་མོ་ཅན་དུ་བྱས་ལ་ [185a.5]མཐེ་བོ་རྩེ་མོ་ཐད་ཀ་དེའི་སྟེང་ཙམ་དུ་མཛུབ་མོ་གཉིས་ཕན་ཚུན་རྩེ་སྤྲད་དེ། ཅུང་ཟད་ཚིགས་ཀྱི་དང་པོར་བཅག་ནས་རིན་པོ་ཆེའི་རྩེ་མོ་འདྲ་བར་བྱས་པ་ནི། རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱའོ། །དེའི་སྙིང་པོ་འདིའོ། །ཨོཾ་བཛྲ་རཏྣ་ཞེས་པ་ནི་རིན་པོ་ཆེའི་རིགས་ཀྱིས་དབང་བསྐུར་བར་མཛོད་ཅེས་པ་སྟེ། འདི་ནི་དབང་ [185a.6]བསྐུར་བའོ། །དབང་བསྐུར་བ་བཤད་ཟིན་ཏོ།། །།ད་ནི་ཏིང་ངེ་འཛིན་གྱི་དོན་གསུངས་ཏེ། དེ་ལྟར་དབང་བསྐུར་ཅིང་ཐམས་ཅད་ལ་མངའ་བརྙེས་པར་གྱུར་པ་དེ་ནི། བསམ་གཏན་མེད་པའི་སེམས་འཕྱན་པ་མ་ཡིན་གྱི། ཡང་དག་པའི་ཏིང་ངེ་འཛིན་གྱི་དོན་ངེས་པར་གཏན་ལ་འབེབས་པའི་བསམ་ [185a.7]གཏན་ལ་གནས་པར་བྱ་དགོངས་པའི་ཕྱིར་ན་ཏིང་ངེ་འཛིན་བསྟན་ཏོ། །ཏིང་ངེ་འཛིན་གྱི་བསམ་གཏན་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ནས་ཆོས་ཀྱི་ཕྱག་རྒྱ་རབ་ཏུ་འགྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྕེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དམིགས་པའི་དབུས་སུ་ཐུགས་ཀྱི་མཚན་མ་རྡོ་རྗེ་རྩེ་ལྔ་པ་ནས་འབྲུའི་ [185b] [185b.1]ཚད་ཙམ་བསམས་ལ། རྡོ་རྗེ་དེའི་བུམ་པའི་དབུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའི་སྔགས་བཛྲ་ཛྙཱ་ན་ཞེས་བྱ་བ་ཤིན་ཏུ་ཆུང་བ་གཟུགས་བརྙན་ལྟ་བུར་བསམ་པར་བྱའོ། །ཁ་ཅིག་ན་རེ་རྡོ་རྗེ་འགྲེང་བུར་བསམས་པའི་རྩེ་མོ་ལ་ཆོས་ཀྱི་ཕྱག་རྒྱའི་སྔགས་གནས་པར་བསམ་མོ་ཞེས་ [185b.2]ཀྱང་ཟེར་ན། འདིར་ནི་རྡོ་རྗེ་མཆུ་རིངས་སུ་བསམས་པའི་བུམ་པ་ལ་ཆོས་ཀྱི་ཕྱག་རྒྱའི་སྔགས་གནས་པར་འདོད་དོ། །ལས་ཀྱི་ཕྱག་རྒྱ་རྫོགས་པར་བྱེད་པ་ཡང་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱའི་ [185b.3]མཚན་ཉིད་དེ་བརྗོད་པ་སྟེ། དེ་དག་བསྐྱེད་པ་དང་རྫོགས་པ་དང་། འབྱུང་བར་བྱེད་པ་ཡང་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་སྣ་ཚོགས་རྡོ་རྗེ་སྟེ་རྒྱ་གྲམ་ལྗང་གུར་བསམས་ལ། དེ་བཞིན་གཤེགས་པ་རྣམས་ཕྲིན་ལས་གང་དང་གང་མཛད་པའི་ཕྱག་རྒྱ་འོག་ནས་འབྱུང་བའི་མཚན་ཉིད་བྱང་ [185b.4]ཆུབ་མཆོག་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེ་བཞིན་གཤེགས་པ་གང་ཡང་རུང་བའི་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔ་པོ་རང་བརྗོད་པ་དག་ལས་གང་ལ་མོས་པར་བྱས་པའི་བསམ་གཏན་ལ་གནས་པ་དེའི་སྐུར་མོས་པར་བྱས་ལ། དེ་དང་བདག་ཏུ་མི་གཉིས་པར་གྱུར་པར་ [185b.5]བརྟགས་པ་དེ་ལེགས་པར་ཤིན་ཏུ་ཡུན་རིང་དུ་མངོན་པར་ཞེན་པར་སེམས་རྩེ་གཅིག་ཏུ་བསམ་མོ། །ཡུན་རིང་དུ་ཞེས་པ་ནི། ཡང་ཡུད་ཙམ་གྱིས་མི་འགྲུབ་པར་གསུངས་པས་ན་ཡུན་ཐུང་བ་དགག་པའོ། །མངོན་པར་ཞེན་པ་ཞེས་པ་ནི་རས་དྲི་མ་མེད་པ་ལ་ཚོན་འཛིན་སླ་བ་བཞིན་དུ་ཡུན་རིང་དུ་གནས་པའི་བསམ་ [185b.6]གཏན་ལ་དེའི་བག་ཆགས་འཛིན་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་འདི་སྐད་དུ་གསུངས་ཏེ། ཏིང་ངེ་འཛིན་བཤད་པའི་སྐབས་ཏེ་རྒྱུད་ཕྱི་མ་ལས་སོ། །རྒྱལ་བ་ཀུན་གྱི་རྣམ་པ་ཡིས། །ཞེས་པ་ནི། འདི་ཡང་གོང་མའི་ཚིག་ལ་བསྙེགས་པ་སྟེ། སེམས་ [185b.7]རྟོགས་པར་བྱ་བ་ལ་སོགས་པའི་རིམ་གྱིས་ཚོགས་རྣམ་པ་གཉིས་རྫོགས་པར་བྱས་ནས། སངས་རྒྱས་ཀྱིས་ཕྱག་རྒྱ་ཆེན་པོར་སྐུའི་ཆ་ལུགས་དང་ཁ་དོག་ཅི་འདྲ་བ་བཞིན་དུ་བདག་ཉིད་གནས་པར་བསྒྲུབ་སྟེ། རྡོ་རྗེ་ཉི་མའི་བར་ལ་ཐུག་གི་བར་དུ་བྱིན་གྱིས་བརླབ་པ་ལ་ནི། རྒྱལ་བ་ཀུན་གྱི་རྣམ་པ་ཞེས་བྱའོ། །ཕྱག་རྒྱ་ [186a] [186a.1]མཉམ་གཞག་བཅིངས་ནས་ནི། །ཞེས་པ་ནི། ཕྱག་རྒྱ་རྣམ་པ་བཞི་དང་ལྡན་པར་བྱ་བ་ལ་ནི་མཉམ་གཞག་ཅེས་བྱ་སྟེ། བཅིངས་པ་དང་བསམས་པའི་རིམ་པས་དེའི་ངང་ལ་གནས་པར་བྱའོ། །རང་གི་སྔགས་དང་རིག་པ་བཟླས། །ཞེས་པ་ནི་བདག་ཉིད་ཀྱི་དཀྱིལ་འཁོར་ལས་གསུངས་ [186a.2]པའི་སྔགས་དང་རིག་པ་བཟླས་ནས་དེ་ལྟར་གནས་པར་བྱ་བ་སྟེ། དེས་ནི། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་དེ་འགྲུབ་པ་སྟེ། དངོས་གྲུབ་རྣམ་པ་གཉིས་དང་གསུམ་དུ་བགྲང་བའམ། ཚུལ་འདི་ཉིད་ཀྱི་སྦྱོར་བ་འགྲུབ་པར་བསྟན་པའོ། །ཏིང་ངེ་འཛིན་བཤད་ཟིན་ཏོ། །ད་ནི་མཆོད་པའི་དོན་གསུངས་ཏེ། དེ་ [186a.3]ལྟར་དབང་དང་ཏིང་ངེ་འཛིན་གྱི་བསམ་གཏན་རྩེ་གཅིག་པ་དང་ལྡན་པ་དེ་ནི་ཡིད་དུ་འོང་བའི་བདོག་པས་མཉེས་ཤིང་ཁམས་རྒྱས་པར་བྱ་བའི་འོས་ཡིན་པས་ཕྱི་ནང་གི་མཆོད་པས་མཆོད་པར་བྱ་བ་བསྟན་ཏོ། །དེ་ལ་མཆོད་པ་ཡང་མཚན་ཉིད་ཇི་ལྟ་བུ་ཞིག་ཅེ་ན། དེ་ནས་གསང་བའི་མཆོད་པ་བརྗོད་ཅིང་ཞེས་བྱ་བ་ལ་ [186a.4]སོགས་པ་གསུངས་པ་སྟེ། དེ་ལ་གསང་བ་ཞེས་པ་ནི། བསྙེམས་པ་ཅན་གཞན་ཟིལ་གྱིས་མནན་པའི་ཐབས་སུ་གྱུར་པའི་རང་གི་ཡོན་ཏན་གྱི་ངོ་བོར་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས་བརྟན་པའི་འཁོར་ལྷ་མོའི་ཚུལ་འཛིན་པར་སྣང་བ་འདི་དག་བདག་ཉིད་ཀྱི་རྣམ་པར་ཐར་པ་དང་། རྫུ་འཕྲུལ་གྱི་སྟོབས་ [186a.5]ཀྱིས་དེ་ལྟར་འགྲུབ་པར་ཟད་ཀྱི་གཞན་རྣམས་ཀྱིས་དེ་ལྟར་ནུས་པ་དང་། རྟོགས་པར་བྱེད་པའི་ཤེས་པ་དང་མཐུ་མེད་དེ། ཀུན་དང་ཐུན་མོང་དུ་གྱུར་པ་མ་ཡིན་པས་ན་གསང་བ་ཞེས་བྱའོ། །དེ་ཡང་གང་ཞེ་ན། རྡོ་རྗེ་ལ་གསང་བ་ལ་སོགས་པ་གསང་བའི་མཆོད་པ་བཞིས་མཆོད་པར་བྱའོ་ཞེས་པ་སྟེ། རྡོ་རྗེ་ [186a.6]ལ་གསང་བ་ལ་སོགས་པའི་ལྷ་མོ་དེ་དག་གསང་བའི་དོན་དང་ལྡན་པས་དེ་དག་གི་རྒྱན་ཆ་ལུགས་གསལ་བར་དམིགས་ནས་དེའི་ཕྱག་རྒྱ་བཅིངས་ནས་མཆོད་པ་ནི་གསང་བའི་མཆོད་པ་བཞིས་མཆོད་པར་བྱའོ། །དེ་ལྟར་ཡང་རྩ་བའི་རྒྱུད་ལས་གསུངས་པ། གསང་བའི་མཆོད་པ་རྣམ་པ་བཞིས། །ཞེས་པ་ [186a.7]ནི། རྡོ་རྗེ་སྒེག་མོ་དང་ཕྲེང་བ་མ་དང་། དབྱངས་དང་གར་རོ། །མཆོད་པ་གསང་བ་མཆོད་ཅིང་བྱ། །ཞེས་པ་ནི། བཛྲ་སཏྭ་སཾ་གྲ་ཧ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་། དེ་དག་གི་གླུ་ཚིག །རྡོ་རྗེ་སེམས་དཔའ་བསྡུས་པ་ཉིད། །ཅེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བའོ། །ཡང་ན་བདག་འབུལ་ལ་སོགས་པའི། ། [186b] [186b.1]ཞེས་པ་འདིས་ནི་རྣམ་པ་བཅུ་དྲུག་གི་མཆོད་པ་གྱིས་ཤིག་ཅེས་ཟུར་གྱིས་སྟོན་པར་བྱེད་པའི་ཚིག་སྨོས་པ་སྟེ། བྱང་ཆུབ་སེམས་ཀྱི་མཆོད་པ་རྣམ་པ་བཞི་དང་ཕྱག་འཚལ་བའི་མཆོད་པ་རྣམ་པ་བཞིས་བདག་དབུལ་བར་བྱ་བ་དང་། ཆོས་ཀྱི་མཆོད་པ་རྣམ་པ་བཞི་དང་། གསང་བའི་མཆོད་པ་རྣམ་པ་བཞི་སྟེ་ [186b.2]བཅུ་དྲུག་གོ། །དེ་ལ་དང་པོར་ནི་གསང་བའི་མཆོད་པ་རྣམ་པ་བཞིས་མཆོད་པར་བྱའོ། །དེ་ནས་ཕྱི་མ་རྣམས་ནི་རིམ་བཞིན་དུ་སྟེ། དེ་ནས་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པ་བསྡུས་པའི་ལས་ཀྱི་དཀྱིལ་འཁོར་དུ་མཆོད་པ་རྣམ་པ་བཅུ་དྲུག་གསུངས་པ་ལས་ཤེས་པར་བྱའོ། །དེ་བས་ན་ [186b.3]མཆོད་པ་རྣམས་ནི་རབ་ཏུ་བྱ། །ཞེས་གསུངས་སོ། །དེ་ལ་ཆོ་འཕྲུལ་རྣམ་པ་བཞི་པོ་འདི་དག་ཀྱང་རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ཀྱི་མཐུ་ལས་བྱུང་བ་སྟེ། བྱིན་གྱི་བརླབས་པ་ནི་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམ་ཀྱིས་ཐུགས་ཀྱི་བདག་ཉིད་བདེ་བར་གཤེགས་པའི་སྲས་ཀྱི་གཙོ་ [186b.4]བོར་བྱིན་གྱིས་རློབ་པར་མཛད་པ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་མཚན་དང་ལྡན་པར་གྱུར་པ་ལྟ་བུའོ། །དབང་བསྐུར་བ་ནི་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམ་པར་ཐར་པའི་སྒོས་དབང་བསྐུར་བ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བ་ [186b.5]ལྟ་བུ་སྟེ། ཆོས་ཐམས་ཅད་ལ་དབང་ཐོབ་པར་བྱ་བའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་བདག་ཉིད་དུ་བྱིན་གྱིས་རློབ་པར་མཛད་པའི་ཏིང་ངེ་འཛིན་དང་ལྡན་པར་མཛད་པ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་དང་ལྡན་པ་ལྟ་བུ་སྟེ། སེམས་ [186b.6]གཡོ་བ་ལས་བཟློག་པའི་དོན་དང་ལྡན་པའོ། །མཆོད་པ་ནི་བྱང་ཕྱོགས་ཀྱི་སངས་རྒྱས་ཀྱི་ཕྲིན་ལས་ཀྱིས་མཉེས་པར་བྱ་བའི་ཐབས་སྦྱིན་པར་བྱ་བའི་མཐུ་སྟོབས་པ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་པོའི་ལོངས་སྤྱོད་ཀྱི་འཁོར་འདུ་ལོང་མང་པོ་དང་ལྡན་པ་ལྟ་བུ་སྟེ། ཆོས་ཀྱི་ [186b.7]ལོངས་སྤྱོད་ཆེན་པོ་དང་ལྡན་པར་འགྱུར་བའོ། །དེ་ལྟར་གསང་བའི་མཆོད་པ་ལ་སོགས་པ་འདིར་ཞིབ་ཏུ་མ་སྨོས་པ་ནི་ཕྱི་རོལ་གྱི་མཆོད་པའི་ཆོ་ག་ཞེས་རྒྱས་པར་འབྱུང་བ་འོག་གི་སྐབས་ལས་འབྱུང་བ་ལས་བཤད་པར་ཤེས་པར་བྱའོ། །དེ་ཡན་ཆད་དུ་དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་དཔའ་ཆེན་ [187a] [187a.1]པོར་བདག་ཉིད་བསྒྲུབ་པའི་རྣལ་འབྱོར་བཤད་ཟིན་ཏོ། །དེ་ལྟར་གོང་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་སེམས་དཔའ་ཆེན་པོར་བསྒྲུབ་པའི་རྣལ་འབྱོར་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་སེམས་དཔའ་ཆེན་པོ་རྣམ་པ་གཉིས་ཀྱི་ཕྱག་རྒྱ་ཡོངས་སུ་བསྒྲུབ་ [187a.2]པར་བྱའོ་ཞེས་འབྱུང་བ་ལས་དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་དཔའ་དང་བཅས་པར་བཤད་ནས། ད་ནི་དེའི་རིགས་སུ་གྱུར་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་ [187a.3]སེམས་དཔའ་རྣམས་ཀྱི་གཙོ་བོ་ནི། རྡོ་རྗེ་སེམས་དཔའ་ཡིན་ལ་དེ་ཉིད་དེ་བཞིན་གཤེགས་པའི་རིགས་པས་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའོ། །དེ་གང་ཞིག་གིས་རྣལ་འབྱོར་གྱིས་རྟོགས་པར་བྱེད་པའི་ཐབས་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ [187a.4]གི་སེམས་དཔའ་ཆེན་པོ་དང་། བསྒྲུབ་པར་བྱ་བ་དེ་འོག་ནས་འབྱུང་བ་འདི་ལྟར་བཤད་པར་བྱའོ། །དེ་ལ་རྡོ་རྗེ་སེམས་དཔའ་སྒྲུབ་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བཤད་པ་ནི་ཞེས་པ་ལ་རྡོ་རྗེ་སེམས་དཔའ་ནི་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་པོ་རྣམས་ཀྱི་དང་པོ་ཡང་ཡིན་ལ། བྱང་ཆུབ་སེམས་ [187a.5]ཀྱི་རང་བཞིན་པས་ཐམས་ཅད་འབྱུང་བའི་རྒྱུ་བྱེད་པ་ཡང་ཡིན་པ་དང་། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་སྟོན་པ་ཕྱི་མར་གྱུར་པ་ཡང་ཡིན་པས་དེའི་བསྒྲུབ་པའི་མཚན་ཉིད་དང་པོར་བཤད་དོ། །གང་ཞེ་ན། བསྙེམས་ཚུལ་བཅས་པས་རྡོ་རྗེ་བསོར། །ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ནི་ [187a.6]སྙེམས་ཚུལ་དང་བཅས་པའི་ཕྱག་རྒྱས་རྡོ་རྗེ་འཛིན་པ་སྟེ། དེའི་དོན་ནི་ལག་པ་གཡོན་པ་ཁུ་ཚུར་བཅས་པ་དཀུར་བརྟེན་ནས། ཕྱག་གཡས་ཀྱིས་རྡོ་རྗེ་བསོར་ཐབས་སུ་གྱེན་དུ་འཕང་བསྟོད་དེ། ཐུགས་ཀར་འཛིན་ཅིང་ལྡན་པ་གཡོན་དུ་འདུད་པའོ། །རྡོ་རྗེ་བསྙེམས་མའི་ཚུལ་བྱེད་ཅིང་། ཞེས་པ་ཡང་། [187a.7]ཆ་ལུགས་དང་ཚུལ་དེ་ལྟ་བུ་དང་ལྡན་པ་དེ་ཁོ་ན་ལ་ལྡན་པར་ཤེས་པར་བྱའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །ཞེས་པ་ནི། ཆ་ལུགས་དང་ཚུལ་དེ་དག་གིས་སེམས་རྟོགས་པ་ལ་སོགས་པའི་རིམ་པས་ལུས་ངག་ཡིད་གསུམ་རྡོ་རྗེ་དང་འདྲ་བའི་སྐུར་བསྒོམས་པའི་ཆ་ལུགས་དེ་ལྟ་བུ་དང་ལྡན་པར་གྱུར་པས་ན། རྡོ་རྗེ་ [187b] [187b.1]སེམས་དཔའ་ཉིད་དུ་འགྱུར། །ཞེས་བྱའོ། །སེམས་དཔའ་ཆེན་པོ་གཞན་རྣམས་ཀྱི་ཡང་གསུངས་པ། རྡོ་རྗེ་རྒྱལ་པོ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་དག་སྟེ། རྡོ་རྗེ་སེམས་དཔའ་ཇི་ལྟ་བ་དེ་བཞིན་དུ། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་ལ་སོགས་པ་སེམས་དཔའ་ཆེན་པོ་བཅུ་དྲུག་ [187b.2]པོ་གཞན་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི་འདི་ལྟར་ཤེས་པར་བྱ་སྟེ། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །ཞེས་པ་ནི། སེམས་རྟོགས་པ་ལ་སོགས་པའི་སྔར་གསུངས་པའི་ཚུལ་གྱིས་ཇི་ལྟར་བྲིས་པའི་ཚུལ་བཞིན་དུ་ཞེས་ཏེ། སེམས་དཔའ་དེ་དག་སོ་སོའི་ཆ་ལུགས་གཞུང་དང་མཐུན་པ་བཞིན་དུ་ཇི་ལྟར་ [187b.3]བཟོ་བོ་མཁས་པས་གཟུགས་བྲིས་པའི་ཚུལ་ཇི་ལྟ་བ་བཞིན་དུ་མཚན་མའི་ཕྱག་རྒྱ་དང་ལྡན་པ་ཞེས་པ་ནི་སོ་སོའི་ཕྱག་མཚན་དང་ལྡན་པར་བསྒོམས་ན། སེམས་དཔའ་ཆེན་པོ་ཉིད་དུ་འགྱུར། །ཞེས་བྱ་སྟེ། སེམས་དཔའ་ཆེན་པོ་གང་ལ་མོས་པར་སྦྱོར་བ་བྱས་པ་དེ་བཞིན་དུ་བདག་འགྱུར་རོ་ཞེས་གསུངས་སོ། །འོ་ན་ [187b.4]དེ་ལྟར་སེམས་དཔའ་ཆེན་པོ་དེ་དག་གི་དམ་ཚིག་གི་རྣལ་འབྱོར་དུ་བསྒོམ་པའི་རིམ་པ་ཇི་ལྟར་བྱ་བ་ཡིན་ཞེ་ན། སྨྲས་པ། དེ་ལ་རེ་ཞིག་དང་པོར་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་སེམས་དཔའ་ཆེན་པོ་བཅུ་དྲུག་རྣམས་སྡུད་པར་བྱེད་པའོ། ། [187b.5]གང་ཡང་རུང་བ་ཞེས་པ་ནི་སེམས་དཔའ་དེ་དག་ལས་གང་ལ་མོས་པ་དེའི་དམ་ཚིག་གི་སེམས་དཔའ་ཆེན་པོའི་རྣལ་འབྱོར་མངོན་དུ་བྱ་བར་འདོད་པས་འདི་ལྟར་བྱའོ་ཞེས་བཤད་པ་སྟེ། སྔར་བཤད་པའི་རིམ་པ་ཉིད་ཀྱིས་ཞེས་པ་ནི། གོང་དུ་དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་དཔའ་ཆེན་པོ་སྒྲུབ་ [187b.6]པའི་སྐབས་ནས་བཤད་པའིའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་པས་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་པ་དང་། ཨོཾ་བཛྲ་ཨཉྫ་ལི་ཞེས་བྱ་བ་རྡོ་རྗེ་ཐལ་མོ་སྦྱར་བ་དང་། ཨོཾ་བཛྲ་བནྡྷ་ཧཾ་ཞེས་རྡོ་རྗེ་བཅིང་བ་དང་། ཨོཾ་བཛྲ་བནྡྷ་ཏྲཊ། ཅེས་པས་བཅིངས་པ་བསྡམས་པ་དང་། དེ་དག་གི་ཕྱག་རྒྱའི་རིམ་པར་ [187b.7]བཅིང་བའོ། །རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་པོ་ཨོཾ་བཛྲ་ཨཱ་བེེ་ཤ་ཨཿཨཿཨཿཞེས་བྱ་བའི་སྙིང་པོས་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་བྱིན་གྱི་རླབས་དབབ་པའི་བདག་ཉིད་ལ་བྱའོ། །དེ་ལ་ཡེ་ཤེས་དབབ་པའི་རིམ་པ་ནི་འདིའོ་ཞེས་པ་དེ་ལྟར་གསུངས་ནས་བསམ་གཏན་མངོན་དུ་བྱ་ [188a] [188a.1]བའི་ཐབས་འོག་ནས་འབྱུང་བའི་རིམ་པ་འདི་དག་ལྟར་སྟོན་ཞེས་པའི་དོན་ཏོ། །རྒོལ་བ་པ་ན་རེ། དབབ་པ་ལ་སོགས་པའི་རིམ་པ་གོང་དུ་རྒྱས་པར་བསྟན་ཟིན་ན། ད་ཡང་འདིར་ཇི་ལྟར་བྱ་ཞེས་བསྡམས་ཏེ། བསྟན་པ་ཅི་དགོས་ཤེ་ན། དེ་ཡང་དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་ [188a.2]དཔའ་དང་། སེམས་དཔའ་ཆེན་པོ་རྣམས་ཀྱི་བསམ་གཏན་གྱི་རྣལ་འབྱོར་ལ་བྱེ་བྲག་ཏུ་དབྱེ་བར་བྱ་བའི་ཕྱིར་འདི་ལྟར་བསྟན་ཏོ། །དྲན་པ་དང་སྲོག་བསྡམས་པའི་སྒོ་ནས་ཞེས་པ་ནི། དྲན་པ་ནི་སེམས་པ། སྲོག་ནི་རླུང་སྟེ་དབུགས་སུ་འདོད་པས་དབུགས་ཀྱི་རླུང་གིས་སེམས་གཡེང་བར་བྱེད་པ་དེ་ཞི་བར་བྱ་བའི་ [188a.3]ཕྱིར་དྲན་པ་དང་སྲོག་བསྡམས་པ་ཞེས་བྱ་བ་གསུངས་ཏེ། དེའི་སྒོ་ནས། ཡིད་རང་གི་ལུས་ལ་དམིགས་པར་བྱ་སྟེ་ཞེས་པ་ནི་ཡིད་ཀྱི་ཕྱི་རོལ་དུ་འཇུག་པ་དགག་སྟེ་ནང་དུ་ཕྱོགས་པར་བྱ་བའི་ཕྱིར་བསྡུ་བ་ལ་ནི་ཡིད་རང་གི་ལུས་ལ་དམིགས་པར་བྱ་སྟེ། དེའི་ངང་ལ་ཅུང་ཟད་ཅིག་གནས་ནས། གང་ཟག་དང་ཆོས་ངོ་བོ་ [188a.4]ཉིད་མེད་པར་མོས་པའི་ཞེས་པ་ནི། ཡོད་པར་ལྟ་བ་རྣམ་པ་བཞི་ལས་བཟློག་པའི་ཕྱིར་ན། འདི་སྐད་བསྟན་ཏོ། །དེ་ཡང་སྔར་ཉན་པ་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱིས་དཔྱད་ཅིང་ཕུག་ནས། རང་བཞིན་མེད་པའི་དོན་མངོན་དུ་བྱས་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དོ་སྙམ་དུ་ཏིང་ངེ་འཛིན་ [188a.5]གྱིས་རྟོགས་པ་ནི་རྣམ་པར་རྟོག་པ་མངོན་དུ་བྱས་ལ་ཞེས་བྱའོ། །དེ་ཡང་ཞི་གནས་ཀྱི་མཐུས་སྤངས་ཏེ་ཞེས་པ་དེ་ལྟར་དམིགས་པ་དེ་ཡང་བསམ་གཏན་ལ་འཇོག་པའི་དུས་སུ་འཕྲལ་དུ་ཤེས་རབ་ཀྱིས་འབིགས་པར་བྱ་བའི་རྟོག་པ་གཞུག་པ་མ་ཡིན་གྱི་སྔ་ནས་གནས་ལ་ཕེབས་པར་བྱས་ནས་བསམ་གཏན་ལ་ [188a.6]གནས་པའི་དུས་སུ་མི་དམིགས་པ་ཉིད་ཀྱི་ངང་དུ་སྨོས་པས་སྤང་བར་བྱས་ལ་ནམ་མཁའ་དང་དབྱེར་མེད་པར་ཤིན་ཏུ་བརྟན་པར་བྱའོ་ཞེས་སྟོན་ཏོ། །དེ་ལྟར་བྱ་བ་ཡང་རྒྱུད་ལས་གསུངས་ཏེ། རང་གི་དབང་པོ་བཤིག་ནས་སུ། །ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་དག་ཤེས་རབ་ཀྱིས་བདག་མེད་ [188a.7]པར་གཞིག་པའོ། །རྡོ་རྗེ་བཅིངས་པ་འཛིན་པས་གཟུང་། །ཞེས་པ་ནི། དེ་ལྟར་ཤེས་རབ་ཀྱིས་དངོས་པོ་བཤིག་ནས་མི་རྟོག་པར་བྱ་བའི་བསམ་གཏན་ལ་གནས་པ་ནི་བཅིང་བ་ཞེས་བྱ་བར་བཤད་དེ། ཇི་ལྟར་དཔེར་ན། སོར་མོ་རྣམས་ཀྱི་རྩེ་མོ་རྡོ་རྗེ་བཅིང་བ་དེ་བཞིན་དུ་སྟོང་པ་ཉིད་ཀྱི་རྡོ་རྗེ་རྣམ་པར་མི་རྟོག་པ་སྟེ། [188b] [188b.1]ཏིང་ངེ་འཛིན་རྩེ་གཅིག་པས་བསམ་གཏན་དུ་བྱ་བ་ལ་དེ་སྐད་བརྗོད་ཅེས་གསུངས་སོ། །འོ་ན་དེ་ལྟ་བུའི་ཏིང་ངེ་འཛིན་དེའི་ངང་ལ་ཐད་ཀར་གནས་པར་བྱ་བ་ཡིན་ནམ་ཞེ་ན། སྟོང་པ་ཉིད་ཀྱི་ངང་ལ་གནས་ན་ཡང་འགྲོ་བ་རྣམས་ཀྱི་དོན་བྱ་བར་མི་འགྲུབ་པས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་སྐུ་ལས་བཞེངས་ [188b.2]ནས་གཟུགས་ཀྱི་སྐུའི་ངོ་བོར་སྟོན་པའི་སྦྱོར་བས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་ནས། འགྲོ་བའི་དོན་སྤྱོད་པ་ལྟར་སྟོང་པ་ཉིད་ཀྱི་ངང་དུ་གནས་པ་དེ་ལས་ལངས་ནས། ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའི་ཐབས་ཀྱིས་འགྲོ་བ་རྣམས་ཀྱི་དོན་བྱ་བའི་ཕྱིར། དེ་ནས་སྐྱེ་བོ་མཐའ་དག་གི་སྡུག་བསྔལ་དང་། ཡིད་མི་བདེ་བ་ [188b.3]བསལ་བ་ཡུམ་སྙིང་རྗེ་ཆེན་པོ་དྲན་པའི་ལམ་མངོན་དུ་བྱས་ཏེ་ཞེས་པ་ལ་སོགས་པ་གསུངས་ཏེ། སྐྱེ་བོ་འཁོར་བའི་ངོ་བོ་ཁམས་གསུམ་གྱི་བཅུད་དུ་གྱུར་པ་ཐམས་ཅད་དོ། །སྡུག་བསྔལ་ནི་གསུམ་དང་བརྒྱད་དོ། །ཡིད་མི་བདེ་བ་ནི་མྱ་ངན་ཆེན་པོ་ཁོང་ནས་ལྡང་བ་ལ་སོགས་པ་མ་རུང་བར་བྱེད་པའི་རྒྱུའོ། །བསལ་ [188b.4]བ་ནི་དེ་དག་དང་བྲལ་བར་བྱེད་པའོ། །ཡུམ་སྙིང་རྗེ་ཆེན་པོ་དྲན་པའི་ལམ་མངོན་དུ་བྱས་ཏེ་ཞེས་པ་ནི་མ་དང་ཆོས་མཐུན་པའི་ཕྱིར་ན་སྙིང་རྗེ་ལ་ཡུམ་ཞེས་བརྗོད་དེ། དཔེར་ན་འཇིག་རྟེན་ན་མ་ལས་བརྟེན་ཏེ། བུ་མང་པོ་འབྱུང་བར་འགྱུར་བས། བུའི་གཞིར་གྱུར་པ་མ་ཡིན་པ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་ [188b.5]འགྲོ་བའི་དོན་དུ་འཇིག་རྟེན་དུ་འབྱུང་བ་ཡང་སྙིང་རྗེ་ཆེན་པོ་ལ་འཇིག་རྟེན་པའི་སྒོ་ནས་འབྱུང་བར་འགྱུར་བས་ན། དེ་བཞིན་གཤེགས་པ་རྣམས་འབྱུང་བའི་གཞིར་གྱུར་པ། སྙིང་རྗེ་ཆེན་པོ་བས་ན་ཡང་འདི་ལྟར་བསྟན་ལ། ཇི་ལྟར་མའི་བདེ་བ་བུ་ལ་སྟོབ་པར་བྱེད་པ་བཞིན་དུ། སྙིང་རྗེ་ཆེན་པོས་ཀྱང་བདེ་བ་སེམས་ [188b.6]ཅན་ཐམས་ཅད་ལ་སྟོབ་པར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། དེ་དྲན་པའི་ལམ་མངོན་དུ་བྱས་པ་ནི་གསལ་བར་དམིགས་པའོ། །རྣམ་པར་མི་རྟོག་པའི་ཆོས་ཉིད་ཀྱི་རང་གི་ངོ་བོ་ཞེས་པ་ནི། རྣམ་པར་མི་རྟོག་པའི་ཆོས་ཀྱི་རང་བཞིན་རང་གི་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་སྐྱོན་རྣམ་པར་དག་པ་འོད་རབ་ཏུ་འཕྲོ་བས་ [188b.7]ཕྱོགས་བཅུར་ཁྱབ་པར་བྱས་ཏེ། རབ་ཏུ་གསལ་ཞིང་དང་བར་བསམ་མོ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཞེས་པ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་དག་སྟེ། དེ་དག་ཡེ་ཤེས་ཀྱི་རང་བཞིན་པས་ན་ཡེ་ཤེས་ཀྱི་སེམས་དཔའ་སྟེ། གང་འདོད་པ་ཞེས་པ་ནི། བདག་ [189a] [189a.1]ཉིད་གང་ལ་དད་པའོ། །དེ་དང་རྗེས་སུ་མཐུན་པར་ཞེས་པ་ནི། དེ་ལུས་དང་ཆ་བྱད་དང་རྒྱན་དང་ཆ་ལུགས་མཐུན་པར་བདག་དམ་ཚིག་གི་སེམས་དཔའ་ཆེན་པོར་གྱུར་པར་བརྟགས་ཏེ། དེའི་སྙིང་པོ་ཞེས་པ་ནི། བདག་ཉིད་གང་ལ་དད་པའི་བསྒྲུབ་པའི་ལྷ་དེའི་སྙིང་པོ་རྡོ་རྗེའི་ཚིག་གིས་བརྗོད་པ་ནི། འདི་སྐད་ [189a.2]དུ་རྒྱུད་ཀྱི་གཏན་ཚིགས་འོག་ནས་གསུངས་པ་བཞིན་དུ་བརྗོད་པའམ། ཡང་ན་ཞེས་པ་ནི། དེ་ལས་རྣམ་པ་གཞན་དུ་སྟོན་པའི་ཚིག་སྟེ། ཨོཾ་ས་མ་ཡ་སྟྭི་ཞེས་པ་ནི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་བྱེད་པའི་སྤྱིའི་སྙིང་པོ་བས་ན། དེ་རྗོད་པར་བྱེད་ཅིང་རང་གིས་རྟོགས་པའི་ཡེ་ཤེས་ཀྱི་ཟླ་བ་དེ་ཉིད་ཅེས་པ་ནི། རང་གི་སེམས་ [189a.3]ཀྱི་ཆོས་ཉིད་རྟོགས་པར་གྱུར་པའི་གཟུགས་བརྙན་ཏེ། འཇིག་རྟེན་གྱི་ཟླ་བ་ཡང་ཡོད་མོད་ཀྱི་དེ་ལས་ཁྱད་པར་དུ་གྱུར་པར་བསྟན་པའི་ཕྱིར་ན་ཡེ་ཤེས་ཀྱི་ཟླ་བའོ། །དེ་ཉིད་འོད་ཟེར་འཕྲོ་བ་དང་འདུ་བའི་སྦྱོར་བས་ཞེས་པ་ནི། ཟླ་བ་དེ་ཉིད་འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་དམ་ཚིག་གི་ཕྱག་རྒྱར་གནས་པར་བརྟག་པ་སྐད་ [189a.4]ཟེར་མོད་ཀྱི། འོན་ཀྱང་འདིར་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རང་གི་རིགས་ཀྱི་སྙིང་པོ་བཞག་པ་ལས། འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་གང་འདོད་པ་དེར་བརྟག་པར་བྱའོ། །ལ་ལ་ན་རེ་རང་འདོད་པའི་ལྷའི་སྙིང་པོ་བརྗོད་པ་ཙམ་གྱིས་ཟླ་བ་ཉིད་ལས་འོད་ཟེར་འཕྲོ་བ་དང་འདུ་ [189a.5]བའི་ཚུལ་གྱིས་སྦྱོར་བས་དམ་ཚིག་གི་ཕྱག་རྒྱ་གང་འདོད་པ་རང་གི་རིགས་དང་མཐུན་པར་བསམ་མོ་ཞེས་ཀྱང་ཟེར་རོ། །རྡོ་རྗེ་དང་ཞེས་པ་ནི་སེམས་དཔའ་ཆེན་པོ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་དེ་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པའི་མཐུ་དང་ལྡན་པའོ། །རིན་པོ་ཆེ་དང་ཞེས་ [189a.6]པ་ནི། སེམས་དཔའ་ཆེན་པོ་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་སྟེ། འགྲོ་བ་ཇི་སྙེད་པ་རྣམས་ཀྱི་དགོས་འདོད་སྐོང་ནུས་པའི་མཐུ་དང་ལྡན་པའོ། །པདྨ་དང་ཞེས་པ་ནི། སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། ཐུགས་རྗེ་ཆེན་པོས་འཁོར་བ་ན་གནས་ནས་འཁོར་བ་ཇི་སྙེད་པ་དག་གི་དོན་ [189a.7]མཛད་ན་ཡང་། ཡེ་ཤེས་ཆེན་པོས་འཁོར་བའི་སྐྱོན་གྱིས་མི་གོས་པའི་མཐུ་མངའ་བར་བསྟན་པའོ། །སྣ་ཚོགས་རྡོ་རྗེ་ཞེས་པ་ནི། སེམས་དཔའ་ཆེན་པོ་རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། ཕྲིན་ལས་སྣ་ཚོགས་པའི་སྒོ་ནས་འཕགས་པ་ཐམས་ཅད་མཉེས་པ་དང་། སེམས་ཅན་ཡོངས་སུ་སྨིན་ [189b] [189b.1]པར་མཛད་པའི་མཐུ་དང་ལྡན་པར་བསྟན་པ་སྟེ། སོགས་པའི་སྒྲས་ནི་སེམས་དཔའ་ཆེན་པོ་ལྷག་མ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྣམས་བསྡུ་བར་བྱའོ། །རང་གི་རིགས་ལས་གསུངས་པའི་ཞེས་པ་ནི། སེམས་དཔའ་དེ་དག་རང་རང་གི་རང་གི་རིགས་གང་ཡིན་པ་དེའི་ཁ་དོག་དང་འོད་མདངས་ལ་སོགས་པའི་རྣམ་པ་ [189b.2]འོག་ནས་འཆད་པ་དེ་བཞིན་དུ་གསལ་བར་བརྟག་པ་སྟེ། སོམས་ཤིག་ཅེས་པ་ནི། དེ་ལྟར་གཞལ་བ་དང་། འདྲིས་པར་བྱ་དགོས་ཞེས་པའི་དོན་ཏོ། །འོ་ན་སེམས་དེ་དག་མཐར་གྱིས་མི་སྟོན་པར་འདིར་བཞི་པོ་དག་ཐོད་རྒལ་དུ་སྟོན་པ་ཅི་དགོས་ཤེ་ན། འདིར་དེ་དག་གི་གཙོ་བོར་གྱུར་པ་རང་རང་གི་རིགས་ [189b.3]ཀྱི་འཁོར་ལོས་སྒྱུར་བ་བཞི་ཁོ་ནའི་བསྟན་ཏེ། དེ་བསྟན་པས་སེམས་དཔའ་ཕྱི་མ་རྣམས་ཀྱང་མཚོན་པར་བྱེད་དེ། འདིར་རྒྱས་པར་བསྟན་པ་ནི་འོག་ནས་གདོང་སྟོན་དགོས་པས། དུ་མར་བལྡབས་ན་མངས་པར་འགྱུར་བས་ན། འདིར་ནི་འདི་ཁོ་ན་དག་བསྟན་ཏོ། །འོ་ན་དེ་དག་གི་སྙིང་པོ་གཞག་པ་དང་། [189b.4]བརྗོད་པར་བྱ་བ་ཡང་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། དེ་རྣམས་ཀྱི་སྙིང་པོ་ཡང་ཞེས་བྱ་བ་ལ་སོགས་པ་དག་སྟེ། བཛྲ་སཏྭ་ཞེས་པ་ནི། རྡོ་རྗེ་སེམས་དཔའི་སྙིང་པོའོ། །བཛྲ་རཱ་ཛ་ཞེས་པ་ནི་སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱལ་པོའི་སྙིང་པོ་སྟེ། སོགས་པའི་སྒྲས་ནི། སེམས་དཔའ་ཆེན་པོ་ལྷག་མ་རྣམས་ཀྱི་ [189b.5]སྙིང་པོ་སྡུད་པར་བྱེད་པ་སྟེ། རང་གི་ལྷའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །འོ་ན་སྙིང་པོ་དེ་དག་ལས་དམ་ཚིག་གི་ཕྱག་རྒྱར་བསམ་པ་ཡང་མཚན་ཉིད་ཇི་ལྟ་བུའི་ཕྱག་རྒྱ་དག་བསམ་པར་བྱ་ཞེ་ན། སྨྲས་པ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་རང་གི་ངོ་བོ་ཡང་བྱ་བ་ལ་སོགས་པ་དག་སྟེ། རྡོ་རྗེ་རྩེ་ལྔ་ནི་རྡོ་རྗེ་ [189b.6]སེམས་དཔའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ལྕགས་ཀྱུ་ནི་རྡོ་རྗེ་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱའོ། །སོགས་པས་ནི་སེམས་དཔའ་ལྷག་མ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་དང་རྣམ་གྲངས་སྡུད་པར་བྱེད་པ་སྟེ། དེ་དག་གི་ཁ་དོག་དང་གཟུགས་དང་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ [189b.7]ཤེས་ཀྱི་སེམས་དཔའ་ཆེན་པོ་དག་གི་སྐུ་མདོག་དང་། གཟུགས་དང་རྒྱན་དང་། ན་བཟའ་ལ་སོགས་པ་རྣམས་ཀྱང་། རིགས་ཀྱི་རིམ་པ་ལས་ཞེས་པ་ནི། རིགས་མི་གཅིག་པའི་རིམ་པས་ཆ་ལུགས་མི་མཐུན་པར་བསྟན་པ་སྟེ། འོག་ནས་ལྷ་བསམ་པ་རྒྱས་པར་འཆད་པ་ལས་བལྟས་ལ་རིག་པར་ [190a] [190a.1]བྱའོ། །དེ་ནས་ཇི་ལྟར། བསམ་པའི་རྡོ་རྗེ་ལ་སོགས་པ། །ཞེས་པ་ནི། དང་པོར་སྦྱོར་བ་ཇི་ལྟར་བསམ་པའི་རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱར་བརྟག་པར་བྱའོ། །གང་ཡང་རུང་བའི་དམ་ཚིག་ནི་རྡོ་རྗེ་བདག་གོ་ཞེས་པ་ནི། དམ་ཚིག་གི་ཕྱག་རྒྱ་ཇི་ལྟར་ [190a.2]བརྟགས་པའི་མཚན་ཉིད་དེ་དང་བདག་དབྱེར་མེད་པར་དམིགས་ཏེ། བདག་གང་ཡིན་པ་ཡང་དམ་ཚིག་གི་ཕྱག་རྒྱ་གང་ལྟར་བརྟག་པའི་མཚན་ཉིད་དུ་སྣང་བ་དེ་ལ་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ཡང་བདག་ཁོ་ན་སྟེ། བདག་དང་དམ་ཚིག་གི་ཕྱག་རྒྱ་དེ་ནི་སོ་སོ་མ་ཡིན་པ་ཐ་མི་དད་པར་མོས་པར་བྱ་ [190a.3]བ་སྟེ། དམ་ཚིག་རྡོ་རྗེ་བདག་གོ་ཞེས་པ་ནི། དང་པོའི་རྡོ་རྗེ་བཟུང་བ་སྟེ། དེས་ཕྱི་མ་ཡང་མཚོན་པར་བྱེད་པས་ལྷག་མ་དག་བསམ་གཏན་དུ་བྱེད་ན་ཡང་དེ་བཞིན་དུ་བརྟག་པར་བྱའོ། །དམ་ཚིག་གི་པདྨ་བདག་གོ་ཞེས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པའི་ [190a.4]མཚན་ཉིད་རྣམས་ལས་སོ་སོའི་གཟུགས་སུ་བསྒྱུར་བའི་ཐབས་བསྟན་པ་དེ་ཡང་རྒྱུད་འདི་ཉིད་དང་གཞན་དག་ལས་གསུངས་ཏེ། ཇི་སྐད་དུ། །སེམས་ཅན་ཀུན་གྱི་སེམས་གང་ཡིན། །ཞེས་པ་ནི་ཐོག་མ་མེད་པའི་དུས་ནས་རྣམ་པ་སྣ་ཚོགས་སུ་རྟོག་པའི་སེམས་ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་ཅན་དུ་བྱས་ [190a.5]པའི་སེམས་དཔའ་ཆེན་པོ་བརྟན་པའི་ཕྱིར་ན་སེམས་དཔར་བརྗོད་ཅེས་པ་ནི་དྲི་མ་དེ་དག་ཤེས་རབ་རྣམ་གསུམ་གྱི་སྒོ་ནས་སྦྱངས་ཏེ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས། ཆོས་ཀྱི་ངོ་བོ་ཉིད་མི་རྟོགས་པར་གྱུར་ན་མི་གཡོ་བ་སྟེ། གཞན་གང་གི་རྣམ་པས་ཀྱང་བསྐྱོད་པར་མི་ནུས་པས་ན་བརྟན་པ་སྟེ། དེ་ཉིད་ལ་ [190a.6]སེམས་དཔའ་ཞེས་བྱའོ། །མཉམ་པར་གཞག་པས་ཏིང་ངེ་འཛིན། །ཞེས་པ་ནི་དེ་མི་གཡོ་ཞིང་བརྟན་པ་དེ་ཉིད་བྱིང་རྨུགས་ལ་སོགས་པའི་སྐྱོན་དང་བྲལ་བས་མཉམ་པར་གཞག་པ་ཁོ་ན་ལ་གནས་པ་ནི་ཏིང་ངེ་འཛིན་ཏོ། །ངེས་པར་གྱུར་པས་རྡོ་རྗེར་འགྱུར། །ཞེས་པ་ནི། དེ་ལྟར་ཏིང་ངེ་འཛིན་ངེས་པར་གྱུར་པ་ལས། ཡེ་ཤེས་ལྔའི་ [190a.7]རང་བཞིན་རྡོ་རྗེ་རྩེ་ལྔ་པར་སྣང་བ་ལ་ནི་རྡོ་རྗེར་འགྱུར་ཞེས་བྱའོ། །སེམས་དཔའི་བྱིན་རླབས་རྣལ་འབྱོར་གྱིས། །ཞེས་པ་ནི་རྡོ་རྗེ་ལས་འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་བྱིན་རླབས་དང་རྣལ་འབྱོར་གྱིས་རྡོ་རྗེ་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་ངོ་བོར་གྱུར་པས་ན། རྡོ་རྗེ་སེམས་དཔར་ཡང་འགྱུར་རོ། །ཞེས་བྱའོ་འོ་ན་སེམས་ [190b] [190b.1]དཔར་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱིས་རྡོ་རྗེ་སེམས་དཔར་འགྱུར་བར་བྱའོ་ཞེས་གསུངས་པ་དེའི་རྣམ་པ་ཇི་ལྟ་བུར་ཤེས་པར་བྱ་ཞེ་ན། སྨྲས་པ། དེ་ལ་སེམས་དཔར་བྱིན་གྱིས་བརླབས་པའི་རྣལ་འབྱོར་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་དག་སྟེ། ཐམས་ཅད་བདག་ཉིད་སེམས་དཔའ་ཆེ། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་བྱང་ཆུབ་ [190b.2]སེམས་ཀྱི་རང་བཞིན་པས། བྱང་ཆུབ་སེམས་དེའི་ནང་དུ་ཐམས་ཅད་འདུས་ལ། ཐམས་ཅད་འབྱུང་བར་འགྱུར་བས་ཀུན་གྱི་ངོ་བོ་བས་ན་བདག་ཉིད་ཅེས་བྱའོ། །བདག་ཀྱང་བདག་ལ་ཡང་དག་གནས། །ཞེས་པ་ནི། རྣལ་འབྱོར་པས་བདག་ཀྱང་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཐམས་ཅད་ཀྱི་བདག་ཉིད་དེ་ལ་གནས་ལ། དེས་ [190b.3]ཀྱང་བདག་ལ་ཁྱབ་པའི་ངོ་བོ་བས་ན་དབྱེར་མེད་པར་བསྟན་པའོ། །དེ་ནས་ཡིད་ཀྱིས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ་ཞེས་པ་ནི། ཛཿནི་འགུགས་པ། ཧཱུཾ་ནི་གཞུག་པ། བཾ་ནི་བཅིང་བ། ཧོཿནི་དབང་དུ་བྱ་བ་སྟེ། དེ་དག་གིས་གང་དེ་བཞིན་དུ་བྱེད་ཅེ་ན། དམ་ཚིག་གི་ཕྱག་རྒྱ་དེ་ལ་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་རྡུལ་ཇི་སྙེད་པ་ཙམ་གྱི་གྲངས་ཡོད་པ་ [190b.4]རྣམས་སྐུ་གསུང་ཐུགས་རྡོ་རྗེ་དབྱིངས་ཀྱི་བྱིན་རླབས་ཞུགས་པར་སྟོན་ཏེ། དེ་ཡང་གང་འགུགས་ཤེ་ན། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཇི་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་སོ། །གང་ལ་གཞུག་ཅེ་ན། དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་དུ་གནས་པར་བརྟགས་པའི་ངོ་བོ་དེ་ལའོ། །གང་བཅིང་ཞེ་ན། དེ་གཉིས་ཐ་མི་དད་ [190b.5]པར་བཅིང་ངོ་། །ཇི་ལྟར་དབང་དུ་བྱེད་ཅེ་ན། ཆུ་དང་འོ་མ་འདྲེས་པའི་ཚུལ་དུ་སོ་སོ་མ་ཡིན་ཐ་མི་དད་པར་མཚན་ཉིད་དབྱེར་མི་ཕྱེད་པའི་ངོ་བོར་དབང་དུ་བྱེད་དེ། དེ་བས་ནི་དེའི་དོན་དུ་གསུངས་པ། བདག་དང་མི་གཉིས་པར་གྱུར་པའི་ཕྱག་རྒྱའི་གཟུགས་དེ་ལ་ཞེས་པ་ནི། བདག་དང་དམ་ཚིག་གི་ཕྱག་རྒྱ་ཞེས་དབྱེར་མེད་པའི་ངོ་ [190b.6]བོ་བས་ན། བདག་དང་མི་གཉིས་པ་སྟེ། དམ་ཚིག་གི་ཕྱག་རྒྱ་གང་གི་ངོ་བོར་བརྟགས་པའི་གཟུགས་དེ་ལ་དེ་བཞིན་གཤེགས་པའི་ཚོགས་སྤྱན་དྲངས་ནས་གཞུག་པར་བྱ་བ་སྟེ། གྲངས་ཇི་ཙམ་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་དང་མཉམ་པ་ཞེས་བྱ་བ་སྟེ། འཇིག་རྟེན་མཚན་ཉིད་ལ་འཇིག་པའི་ཆོས་ཅན་བརྟེན་ [190b.7]པས་ན་འཇིག་རྟེན་ཏེ། ཐམས་ཅད་ཅེས་བྱ་བ་ནི། དེ་ལྟ་བུ་མ་ལུས་པ་དག་གིས་དོན་བསྡུས་ཏེ་གྲངས་བགྲང་དུ་མེད་པས་ན། དེའི་རྡུལ་ཇི་སྙེད་པ་དེ་དང་མཉམ་པ་སྟེ། དངོས་པོ་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་སྟེ། དེའི་སྐུ་རྡོ་རྗེ་དབྱིངས་དང་། གསུང་རྡོ་རྗེ་དབྱིངས་དང་། ཐུགས་རྡོ་རྗེ་དབྱིངས་ཇི་སྙེད་པ་ [191a] [191a.1]དེ་དག་དམ་ཚིག་གི་ཕྱག་རྒྱ་དེ་ལ་ཞུགས་པས་སྔར་བསྟན་པ་བཞིན་དུ། མངོན་དུ་དྲན་པར་བྱས་ཏེ། བདག་གི་ལྷའི་དམ་ཚིག་གི་ཕྱག་རྒྱའི་གཟུགས་ཞེས་པ་ནི། བདག་ཉིད་མོས་པར་གྱུར་པའི་ལྷ་ནི་བདག་གི་ལྷའོ། །དེའི་དམ་ཚིག་གི་ཕྱག་རྒྱའི་གཟུགས་ནི་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། [191a.2]སྣ་ཚོགས་རྡོ་རྗེ་ལ་སོགས་པའི་ཐུགས་མཚན་ནོ། །དེ་བདག་དང་དབྱེར་མེད་པས་ན་མི་གཉིས་པར་གྱུར་པ་སྟེ། འདི་ནི་རྡོ་རྗེའི་རྡུལ་ཕྲ་རབ་ལས་གྱུར་པའོ་ཞེས་པ་ནི། ཇི་ལྟར་འབྱུང་བ་བཞིན་རྡུལ་ཕྲ་མོ་དག་རྟེན་འབྲེལ་གྱིས་བསྡུས་ནས་གཟུགས་ཅན་རྣམས་ཀྱི་ལུས་སུ་འགྱུར་བ་བཞིན་དུ། དེ་བཞིན་གཤེགས་པའི་རྡུལ་སྙེད་ [191a.3]པོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱིངས་འདུས་པ་ལས་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐུ་འགྲུབ་པར་གྱུར་ཏོ་སྙམ་དུ་ང་རྒྱལ་བྱའོ། །འོ་ན་འདིར་ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་སྔགས་བརྗོད་པས་འདི་བཞིན་དུ་བྱའོ་ཞེས་སྨོས་པ། གོང་དུ་ཏིང་ངེ་འཛིན་གྱིས་འགྲུབ་པར་ [191a.4]གསུངས་ན། འདིར་ངག་ཏུ་བརྗོད་པར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། གོང་དུ་ཏིང་ངེ་འཛིན་གྱིས་འགྲུབ་པར་གསུངས་པ་དང་། འདིར་སྔགས་བརྗོད་པས་འདི་ལྟར་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་དང་། དེའི་རིགས་ཀྱི་སེམས་དཔའ་ཆེན་པོ་རྣམས་སྒྲུབ་པར་བྱེད་པ་ལ་བྱེ་བྲག་ཏུ་ཕྱེ་བའི་ཚིག་སྟེ། ཇི་ལྟར་དེ་ [191a.5]བཞིན་གཤེགས་པ་རྣམས་ཀྱི་ཐམས་ཅད་ཀྱི་ནང་ན་མཆོག་དང་གཙོ་བོ་བས་ན། བྱིན་རླབས་དམ་པ་དང་ལྡན་པས་བསམ་གཏན་གྱི་སྒོ་ནས་དེ་བཞིན་དུ་འགྲུབ་པར་འགྱུར་ལ། དེའི་རིགས་ཀྱི་སེམས་དཔའ་རྣམས་ཀྱང་དེ་དང་དབྱེར་མེད་པ་ནི་ཡིན་གྱིས་ཀྱང་། མིང་གི་ཆ་ཤས་ཀྱིས་ཚོད་ལྟར་མ་ཡིན་པས་ན། བསམ་གཏན་ [191a.6]དང་། སྨྲ་བརྗོད་དུ་བཅས་པ་ཚོགས་པའི་སྒོ་ནས་འདི་བཞིན་དུ་འགྲུབ་པར་བསྟན་ཏོ། །གཉིས་སུ་ན་དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་གཙོ་བོར་གྱུར་པས་ཏིང་ངེ་འཛིན་གྱིས་འགྲུབ་ན། དེའི་སེམས་དཔའ་རྣམས་ནི་ཕྲིན་ལས་ལ་གཙོར་གྱུར་པས་དེའི་བསམ་གཏན་ལ་ནི་སྔགས་བརྗོད་པར་བྱ་བས་འགྲུབ་ [191a.7]པར་གསུངས་ཏེ། དེ་ལ་སྔགས་བརྗོད་པ་ནི་ངག་ཏུ་བཟླས་པར་མ་ཟད། ཡིད་ཀྱིས་བརྗོད་ན་ཡང་མི་རུང་བ་མེད་ཅེས་ཟེར་རོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་སེམས་དཔའ་ཆེན་པོ་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྦྱོར་བ་འདི་ལྟར་བྱ་བ་སྟེ། ཨོཾ་ས་མ་ཡ་སྟྭཾ་ཞེས་བརྗོད་པ་ནི་དམ་ [191b] [191b.1]ཚིག་གི་སེམས་དཔར་སྐུ་བསྐྱེད་པའི་སྔགས་སོ། །ཇི་ལྟར་བསམས་པའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཅེས་པ་ནི། སེམས་ཀྱི་ཆོས་ཀྱི་ངོ་བོ་དཀར་པོའི་ཆོས་ཀྱི་བག་ཆགས་ཀྱིས་རྒྱས་པའི་ཟླ་བའི་དཀྱིལ་འཁོར་གང་ཞིང་རྫོགས་པར་སྣང་བའི་དབུས་ན་གནས་པའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པ་གང་ཡིན་པའི་ [191b.2]མཚན་ཉིད་གནས་པར་མོས་པར་བྱས་པ་དེ་ཉིད་དོ། །མེ་ལྕེ་མང་པོ་འཕྲོ་ཞིང་འདུ་བའི་སྦྱོར་བས་ཞེས་པ་ནི། ཇི་ལྟར་ཟླ་བ་ལ་གནས་པའི་དམ་ཚིག་གི་ཕྱག་རྒྱ་བརྟན་པར་གྱུར་པ་དེ་ལས་འོད་ཟེར་འབྱུང་བར་གྱུར་པ་དེ་ནི་འཚེར་བ་དང་། འབར་བ་དང་། གསལ་བ་དང་། འཕྲོ་བར་བྱེད་པས་གཞན་འཇོམས་ [191b.3]པར་བྱེད་པའི་མཚན་ཉིད་ཅན་པས་རྡོ་རྗེའི་མེ་ལྕེ་དང་། ཆོས་མཐུན་པས་རྡོ་རྗེའི་མེ་ལྕེ་མང་པོ་འཕྲོ་ཞིང་འདུ་བའི་སྦྱོར་བས་རང་གི་ལྷ་སེམས་དཔའ་གང་ཡིན་པའི་གཟུགས་སུ་གྱུར་པར་ཤིན་ཏུ་གསལ་བར་བརྟག་གོ། །རྣམ་གཅིག་རྡོ་རྗེ་མེ་ལྕེ་ཞེས་པ་ནི། ཐུགས་ཡེ་ཤེས་ཆེན་པོའི་བདག་ཉིད་ [191b.4]ཀྱི་མཚན་མར་གྱུར་པ་ནི་དམ་ཚིག་གི་ཕྱག་རྒྱ་པས། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ཆེན་པོ་སྟེ་འཕྲོ་ཞིང་འདུ་བར་བྱེད་པས་ན་ཡེ་ཤེས་ཀྱི་མེ་ལྕེའོ། །འཕྲོ་འདུའི་ཚུལ་ནི་དང་པོར་འོད་ཟེར་འཕྲོ་བའི་དུས་ན་སྐུ་མང་པོ་དག་ཕྱོགས་བཅུར་འཕྲོས་ནས་དེ་ན་གནས་པའི་འགྲོ་བ་ཇི་སྙེད་པ་དག་གི་དོན་མཛད་པ་ [191b.5]བཅུ་གཉིས་སམ་ཉི་ཤུ་རྩ་གཅིག་དང་ལྡན་པའི་ཚུལ་དུ་མཛད་ནས། སྐུ་དེ་དག་སླར་འདུས་པ་ལས་དམ་ཚིག་གི་ཕྱག་རྒྱ་ལ་ཐིམ་པ་ལས། དམ་ཚིག་གི་ཕྱག་རྒྱ་དང་བཅས་པར་འོད་དུ་ཞུགས་པ་ལས་ཀྱང་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་སྐུར་གྱུར་པར་བརྟག་གོ། །ཤིན་ཏུ་མངོན་པར་ཞེས་པ་ནི། ལྷག་ [191b.6]པར་རམ་ལྷག་པར་གསལ་བར་བརྟག་གོ་ཞེས་པའི་དོན་ཏོ། །དེ་ལྟར་བྱ་བའང་ཅིས་མངོན་ཞེ་ན། རྩ་བའི་རྒྱུད་ཆེན་པོ་ཉིད་ལས་ཀྱང་ཕྱག་རྒྱ་ཆེན་པོ་དམ་ཚིག་སེམས་དཔའ་རྗེས་སུ་དྲན་པར་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་ལས་ཞེས་པ་ནི། རང་གང་ [191b.7]ལ་མོས་པའི་སེམས་དཔའ་ཆེན་པོ་ནི་རང་གི་ལྷ་སྟེ། དེའི་དམ་ཚིག་གི་ཕྱག་རྒྱ་ནི། ཇི་སྐད་དུ་གསུངས་པའི་རྡོ་རྗེ་ལ་སོགས་པར་བསྟན་པ་སྟེ། དེ་ལས་གྱུར་པའི་དེ་ཉིད་ཀྱི་ལྷའི་གཟུགས་སུ་དེ་ལྟར་མོས་པར་བྱས་ན་དེ་བཞིན་དུ་འགྱུར་ཏེ། དེ་བས་ན་མཚན་ཉིད་ལས་སེམས་དཔའ་ཆེན་པོ་སྟེ་ཞེས་པ་ནི། སོ་སོའི་དམ་ཚིག་གི་ [192a] [192a.1]ཕྱག་རྒྱའི་མཚན་ཉིད་ལས་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐུར་གྱུར་པ་སྟེ། དེ་ལྟ་བུའི་ཚུལ་དག་འབྱུང་བས་ན། དེ་ལས་ཚུལ་འདི་ཐམས་ཅད་དོ་ཞེས་བྱ་བའི་རྒྱུད་ཀྱི་ཚིག་འདི་ཡང་དེ་བཞིན་གཤེགས་པས་རྒྱུད་ཉིད་དུ་ལེགས་པར་བཤད་ལ་འདིར་ཡང་དེའི་གཏན་ཚིགས་སུ་འདི་ལྟར་བཤད་པར་གྱུར་ཏོ། །དེ་ [192a.2]བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་སེམས་དཔའ་ཆེན་པོའི་སྐུ་ཕྱག་རྒྱའི་སྦྱོར་བ་བཤད་ཟིན་ཏོ། །ད་ནི་སྐུ་དེ་ཉིད་བརྟན་པ་དང་མི་གཡོ་བར་བྱ་བའི་ཕྱིར། བྱིན་གྱིས་བརླབ་པར་བྱ་བའི་ཐབས་བཤད་པར་བྱ་སྟེ། དེ་ཡང་གོང་དུ་གསུངས་པའི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ། ཨོཾ་ས་མ་ཡ་སྟྭཾ་ཞེས་བརྗོད་པས་ [192a.3]བདག་ཉིད་ཀྱི་རྒྱབ་ན། བྱང་ཆུབ་སེམས་ཀྱི་གཟུགས་བརྙན་ཟླ་བའི་དཀྱིལ་འཁོར་ཆེན་པོ་གནས་པ་དམིགས་པ་དེ་ལ་རྒྱབ་བརྟེན་པར་མོས་པར་བྱའོ། །འདིར་ཡང་ཚིག་བཤད་འདི་ཞེས་པ་ནི། ས་མ་ཡ་སྟྭཾ་ཞེས་སྨྲས་ན། བྱ་བའི་ཚིག་བཤད་དེ། དམ་ཚིག་ཁྱོད་ནི་བདག་གོ་ཞེས་པའི་ཚིག་བཤད་འདིའོ། །ཕྱག་རྒྱ་ [192a.4]ཆེན་པོ་བསྒྲུབ་པའི་ཞེས་པ་ནི། དམ་ཚིག་གི་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཕྱིར་དམ་ཚིག་གི་སེམས་དཔའ་སྦྱོར་བ་བྱས་པའོ། །ཡེ་ཤེས་ཀྱི་སེམས་དཔའ་གཞུག་པ་ནི། དམ་ཚིག་གི་སེམས་དཔའ་དེ་ལ་ཡེ་ཤེས་ཀྱི་སེམས་དཔའ་གཞུག་པར་བྱ་བ་སྟེ། སེམས་དཔའ་རྣམ་པ་གཉིས་གཅིག་ཏུ་བྱ་བའོ། །དེ་ཡི་འོག་ཏུ་བཤད་མོད་ཀྱི། ། [192a.5]ཞེས་པ་ནི་དེ་ལྟར་བྱས་པའི་འོག་ཏུ་གདོད་འདི་བྱ་བར་བཤད་དེ། མོད་ཀྱི་ཞེས་པ་ཐེ་ཚོམ་ཟ་བའི་ཚིག་སྟེ། དེ་ལྟར་མ་ངེས་པར་སྟོན་པའོ། །འོན་ཀྱང་ཞེས་པ་ནི། དེ་ལྟར་བཤད་ཀྱང་གལ་ཏེ་འདི་ལྟར་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། དོན་དེ་གནས་སྐབས་གཞན་དུ་སྟོན་པར་བྱེད་པའི་ཚིག་གོ། །དམ་ཚིག་སེམས་དཔའ་ང་རྒྱལ་ [192a.6]བྱ་བའི་འོག་ཏུ་ཞེས་པ་ནི། གནས་སྐབས་འདི་ཁོ་ན་སྟེ། འདིར་སྦྱར་བར་རིགས་པར་སློབ་དཔོན་སྔ་རབས་ཀྱི་མཁའ་པ་རྣམས་འཆད་དོ། །དེ་བས་ན། བདག་ཉིད་ཀྱིས་ཀྱང་འདི་ལྟར་འདོད། །ཅེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་ཞེས་པ་ནི་གཏན་ཚིགས་ཅིའི་ཕྱིར་ན་འདིར་སྦྱོར་བར་བྱེད་པའི་རིགས་པ་ཡིན་ཞེས་གཞན་གྱིས་བརྒལ་ [192a.7]བའི་ཚིག་གོ། །ས་མ་ཡ་སྟྭཾ་ཞེས་བྱ་བའི་སྙིང་པོ་འདི་ནི་དམ་ཚིག་ཁྱོད་ནི་ངའོ་ཞེས་འབྱུང་བ་ཡིན་ཏེ། དོན་དེ་དང་སྦྱར་ན་དམ་ཚིག་སེམས་དཔའ་ཉིད་ལ་འདི་ལྟར་བྱ་བར་རིགས་ཀྱིས། ཡེ་ཤེས་སེམས་དཔའ་ལ་སྦྱར་བར་རིགས་པ་མ་ཡིན་ནོ། །དེ་བས་ན་ཚིག་འདི་དག་གནས་སྐབས་འདི་དག་ཏུ་བསྟན་ཏོ། །དེ་ནས་རང་གི་ཕྱག་རྒྱའི་ [192b] [192b.1]སེམས་དཔར་བསྒོམ་པར་བྱ་སྟེ། ཨོཾ་སུ་ར་ཏ་སྟྭཾ་ཞེས་པ་ནི། ཁྱོད་ཀྱི་དགའ་བའོ་ཞེས་སྟོན་པ་སྟེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ངོ་བོར་ཆུད་ཀྱང་ཐུགས་རྗེ་ཆེན་པོས་ཁམས་གསུམ་གྱི་སེམས་ཅན་ཡོངས་སུ་མི་གཏོང་བར་མཛད་པ་ནི། དགའ་བ་ཞེས་བྱ་བར་འདོད་དོ། །རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ཞེས་པ་ནི། རང་གང་ [192b.2]གི་བསམ་གཏན་མངོན་དུ་བྱས་པ་དེའི་དམ་ཚིག་གི་ཕྱག་རྒྱ་སྟེ། ཇི་ལྟར་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་འོག་ནས་འཆད་པ་ལས་གང་ཡིན་པ་དེ་བཅིངས་ནས་རང་གི་ཕྱག་རྒྱའི་སེམས་དཔར་མོས་པར་བྱ་སྟེ། སྙིང་པོ་ཨ་འདི་ཡང་བརྗོད་དོ། །ཨོཾ་ས་མ་ཡོ྅ཧཾ་ཞེས་པ་ནི། དམ་ཚིག་ཁྱོད་ནི་བདག་གོ་ཞེས་པའམ། [192b.3]བདག་ནི་དམ་ཚིག་གོ་ཞེས་པ་སྟེ། དེ་གཉིས་དབྱེར་མེད་པར་སྟོན་པའི་ཚིག་གོ། །དེ་ནས་རང་གི་ཕྱག་རྒྱའི་དམ་ཚིག་གི་སེམས་དཔར་བདག་ཉིད་བསྒོམས་ནས་ཞེས་པ་ནི། གང་དུ་བསྟན་པའི་སྔགས་དང་ཕྱག་རྒྱས་བདག་ཉིད་དམ་ཚིག་གི་སེམས་དཔར་བསྒོམས་ནས། ཨོཾ་ས་མ་ཡ་སརྦ་ཨ་དྷི་ཏིཥྛི་མཱཾ་ཞེས་བྱ་བ་འདི་བརྗོད་པས་དེ་བཞིན་ [192b.4]དུ་གྱུར་པར་དམིགས་སོ། །རང་གི་ཕྱག་རྒྱ་སེམས་དཔའ་བདག་བསྒོམས་ལ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་ཀྱི་གཏན་ཚིགས་སོ། །གཞན་དག་ན་རེ་རྣམ་པ་ལྔའི་ཚུལ་གྱིས་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་སྦྱོར་བར་བྱས་པ་ཁོ་ནས་ཆོག་སྟེ། ཇི་ལྟར་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ཡང་སྐུ་ཕྱག་རྒྱ་ཆེན་པོའི་སྦྱོར་བ་མངོན་དུ་བྱེད་ [192b.5]པ་ན་རིགས་བཞི་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་གྱི་མངོན་པར་བྱང་ཆུབ་པ་ལྔ་ལ་སོགས་པའི་རིམ་པ་བརྟག་པའི་བསམ་གཏན་གྱི་སྦྱོར་བས་སེམས་ཡོངས་སུ་རྟོགས་པར་གྱུར་པ་དང་། རྟོགས་པའི་དོན་ལ་འདྲིས་ཤིང་གོམས་པར་བྱས་པ་ལས་ཡོངས་སུ་རྫོགས་པའི་སྐུ་ཕྱག་རྒྱ་ཆེན་པོ་མངོན་པར་གྲུབ་པར་ [192b.6]ཟད་ཀྱི། དེ་ལ་འདི་ལྟ་བུ་དག་གིས་བྱིན་གྱི་རླབས་བྱས་སོ་ཉེས་མ་བསྙད་ན་དེ་བཞིན་དུ་ཀུན་གྱིས་མཆོད་པར་བྱ་བའི་གནས་སུ་གྱུར་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་ཐོབ་པར་གྱུར་པ་ཡིན་ན། འདིར་འདི་ལྟར་བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔར་རྣམ་པ་ལྔས་སངས་ [192b.7]རྒྱས་པའི་ཚུལ་བསྟན་པའི་དུས་ན་ཡང་། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བྱ་བའི་སྒྲས། བྱིན་གྱིས་བརླབ་པ་ལ་སོགས་པའི་ཡན་ལག་རྣམས་ཀྱང་ཡོངས་སུ་རྫོགས་པར་བྱས་པར་གྱུར་ལ། མ་འོངས་པའི་སྔགས་སྤྱོད་པའི་གདུལ་བྱ་རྣམས་ཀྱི་དོན་དུ་ [193a] [193a.1]འདི་ལྟར་བྱའོ་ཞེས་ཀྱང་རྒྱུད་ཉིད་ལས་རྒྱ་ཆེར་བཤད་པའི་ཕྱིར་ནི་འདི་ལྟར་བསྟན་ཏོ། །འོ་ན་ཡང་རྒོལ་བ་པ་ན་རེ། འོ་ན་ད་ལྟར་དང་མ་འོངས་པ་གཉིས་ཀའི་དོན་དང་མཚུངས་པར་འཇུག་པ་ལ་ཐབས་མི་མཐུན་པར་སྟོན་པ་ཅིའི་ཕྱིར། འོན་ཏེ་དེ་གཉིས་གཅིག་གིས་མཚུངས་པར་མི་རུང་བའི་ཕྱིར་རམ། [193a.2]འོན་ཏེ་འདི་ལྟར་སྟོན་པ་དགོས་ཆེད་གཞན་དག་ཡོད་པ་ཡིན་ཞེ་ན། སྨྲས་པ། འདི་གཉིས་གང་ལྟར་བྱས་ཀྱང་འགལ་བ་མེད་ལ། དོན་ལ་འཇུག་པར་འདྲ་མོད་ཀྱི། འོན་ཀྱང་འཕགས་པ་དང་སེམས་ཅན་དུ་གྱུར་པའམ། སྒྲུབ་པར་བྱེད་པ་དང་། གྲུབ་པར་གྱུར་ཟིན་པའི་བྱེ་བྲག་ལས་དགོངས་ [193a.3]ནས་འདི་ལྟར་བསྟན་ཏོ། །འོ་ན་འདིར་འདི་ལྟར་བྱིན་གྱིས་བརླབས་པ་ལ་ཡོན་ཏན་ནམ་དགོངས་པའི་རྣམ་པ་ཇི་ལྟ་བུ་དག་ཡོད་པར་འགྱུར་ཞེ་ན། སྨྲས་པ། བདག་རང་ལྷའི་རྣལ་འབྱོར་དུ་བྱ་བ་འདི་ཡང་དངོས་གྲུབ་ཀྱི་རྒྱུའི་གཙོ་བོ་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་དག་སྨོས་ཏེ། དེ་ལྟར་ [193a.4]རྣམ་པ་དུ་མའི་སྒོ་ནས་བདག་ཉིད་ལྷའི་རྣལ་འབྱོར་དམ་ཚིག་སེམས་དཔའི་བསམ་གཏན་དུ་བྱ་བའི་ནན་ཏན་སྨོས་པ་གང་ཡང་། དངོས་གྲུབ་གང་སྒྲུབ་ཀྱང་གཙོ་བོར་ཕྱག་རྒྱ་ཆེན་པོའི་སྦྱོར་བ་གོམས་པས་ཐོབ་པར་འགྱུར་བས། དེ་ལྟར་དངོས་གྲུབ་བསྒྲུབ་པའི་རྒྱུའི་གཙོ་བོ་འདི་ལྟར་བྱ་བ་འདི་ཁོ་ན་ཡིན་པར་རིག་པར་བྱ་ཞེས་པའི་དོན་ཏོ། ། [193a.5]དེ་ལྟར་ཡིན་པ་གཏན་ཚིགས་གང་གི་ཕྱིར་མངོན་པ་ཡིན་ཞེ་ན། རང་གི་ལྷའི་དམ་ཚིག་གི་སེམས་དཔའ་བདག་ཉིད་བསྒོམ་པས་ཞེས་བྱ་བ་དག་སྨོས་ཏེ། རང་གི་ལྷ་གང་ཡིན་པའི་དམ་ཚིག་སེམས་དཔའི་ཕྱག་རྒྱ་ཆེན་པོར་བདག་ཉིད་གསལ་བར་བསྒོམས་པས། ཡོངས་སུ་དག་པར་འགྱུར་བའི་ [193a.6]སྔགས་པ་ཞེས་པ་ནི། བསམ་གཏན་དང་མི་མཐུན་པར་གྱུར་པའི་རྣམ་པར་རྟོག་པ་དང་། སྒྲིབ་པའི་ཚོགས་ཐམས་ཅད་དང་བྲལ་བར་གྱུར་པའི་སྔགས་པ་ཡིན་པས་སོ། །དེ་བས་ན་བགེགས་ཀྱི་ཚོགས་ཤིན་ཏུ་རྒྱང་རིང་དུ་སྤངས་ཏེ་ཞེས་རྣམ་པར་རྟོག་པ་དང་། སྒྲིབ་པའི་ཚོགས་ཀྱིས་ནི་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ [193a.7]ཉིད་མཐོང་བ་ལ་བར་དུ་གཅོད་པས་ན་བགེགས་ཞེས་བརྗོད་དེ། བགེགས་ཀྱི་ཚོགས་དེ་དག་རིང་དུ་སྤངས་པ་ཡིན་ནོ། །བྱ་བའི་ལས་ཐམས་ཅད་ཤིན་ཏུ་ཡོངས་སུ་རྫོགས་ཤིང་ཞེས་པ་ནི། ཕྱི་རོལ་གྱི་ཁྲུས་དང་གཙང་སྦྲ་ལ་སོགས་པ་རྣམས་མ་བྱས་ཀྱང་བྱས་པ་དང་འདྲ་བར་འགྱུར་བས་ན། བྱས་པའི་ [193b] [193b.1]ལས་ཡོངས་སུ་རྫོགས་པའོ། །ལེགས་པར་བྱེད་པ་ཞེས་པ་ནི། སྟོང་པ་ཆེན་པོའི་དང་ལས་ཐམས་ཅད་དག་པ་ཉིད་དུ་ཤེས་ཤིང་ཕྱག་རྒྱ་ཆེན་པོ་གསལ་བར་བྱེད་པའི་བསམ་གཏན་ལ་གནས་པ་ནི། ཕྱི་རོལ་གྱི་གཙང་སྦྲ་དང་དཀའ་ཐུབ་དང་སྡོམ་པ་དང་། དཀའ་བ་སྤྱོད་པའི་ལས་དག་བྱ་མི་ [193b.2]དགོས་ཏེ། རིང་པོ་མི་ཐོགས་པར་མྱུར་བ་ཉིད་དུ་ཕྱག་རྒྱ་ཆེན་པོའི་ཁོ་ན་ཉིད་ལྷའི་རྣལ་འབྱོར་དུ་འགྲུབ་པར་འགྱུར་རོ་སྟོན་ཏོ། །བསྡམ་པར་བྱ་བ་ལ་འབད་པ་ནི་ཡིད་འབྱུང་བར་བྱེད་པ་ཞེས་པ་ལ། གཙང་སྦྲ་དང་དཀའ་ཐུབ་ལ་སོགས་པའི་ལས་མངོན་དུ་བྱེད་པ་དག་གིས་ཡིད་མི་བདེ་བར་བྱེད་པས་སེམས་ [193b.3]མཉམ་པར་འཇོག་ཏུ་མི་སྟེར་ཏེ། སེམས་མཉམ་པར་གཞག་པ་དང་འགལ་ཏེ་ཞེས་པ་ནི། དཀའ་ཐུབ་ཀྱི་སྡོམ་པ་སྤྱད་པ་ལ་གནས་པས། སེམས་ལས་སུ་མི་རུང་བར་བྱེད་དེ། སྡོམ་པས་ཡིད་མི་བདེ་བས་སེམས་མཉམ་པར་མི་བཏུབ་ན། ཏིང་ངེ་འཛིན་དང་འགལ་བར་འགྱུར་བས། དེ་བས་ན་ཡུན་རིང་ [193b.4]ཞིག་ན་ཞེས་པ་ནི། དཀའ་བ་སྤྱད་པས་ནི་གྲུབ་པ་ཞིག་ཐོབ་ན་ཡང་ཡུན་རིང་པོ་ཞིག་འགྱངས་པའི་འོག་ཏུ་ཐོབ་པར་འགྱུར་བའམ། ཡང་ན་མི་ཐོབ་པར་འགྱུར་རོ་ཞེས་པ་ནི། ལུས་ངག་གདུངས་པར་གྱུར་པའི་མཚན་མས་སེམས་གཡེངས་ཏེ་མི་འགྲུབ་པར་འགྱུར་རོ་ཞེས་ཀྱང་བཤད་པ་དང་། དེ་བས་ན་ཁ་ན་ [193b.5]མ་ཐོ་བ་དང་བཅས་པ་མ་གཏོགས་པ་ཞེས་པ་ཁ་ན་མ་ཐོ་བ་དང་བཅས་པ་ནི། སྒོ་གསུམ་གྱི་ལས་མ་དག་པ་སྤྱོད་པར་འགྱུར་བ་ནི། ཁ་ན་མ་ཐོ་བ་དང་བཅས་པ་སྟེ། དེ་ལས་བཟློག་པ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། ཁ་ན་མ་ཐོ་བ་མེད་པའི་ཐབས་གཞན་ནི་ཆོས་ཐམས་ཅད་ཀྱི་སྤྱི་ལུགས་དང་མཐུན་པའམ། [193b.6]ཡང་ནི་སྦྱོར་བའི་རྒྱུད་རྣམས་ལས་གསུངས་པའི་གོས་དང་ཡོ་བྱད་ཀྱིས་འཚོ་བ་སྟེ། དེ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་མདངས་དང་སྟོབས་དང་ཁམས་རྒྱས་པར་བྱ་བ་མ་ཡིན་གྱི། ལུས་འཚོ་བར་བྱ་བ་ལ་ལྷའི་རྣལ་འབྱོར་ཉིད་རྟག་ཏུ་ནན་ཏན་བྱ་བ་སྟེ། ཇི་ལྟར་རབ་ཏུ་བྱེད་ [193b.7]པ་ལས་ཀྱང་། ཁ་ཟས་སྨན་དང་འདྲ་བའི་ཚོད་རིགས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །རྡོ་རྗེ་རྩེ་མོའི་རྟོག་པ་ཆེན་པོ་ལས་ཀྱང་། དཀའ་ཐུབ་སྡོམ་པ་མི་བཟད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་དུ་ཇི་ལྟར་དེར་དེ་བཞིན། །ཞེས་པ་ནི། བྱ་བའི་རྒྱུད་ [194a] [194a.1]ལས་གསུངས་པ་ལྟར། གནས་གཅིག་ཏུ་ཆད་པར་བྱ་བ་མ་ཡིན་ཏེ། ཇི་ལྟར་བདག་གནས་གང་དུ་དད་ཅིང་བདེ་བ་དེར་དེ་བཞིན་དུ་བསམ་གཏན་ལ་གནས་པར་བྱ་བའམ། ཇི་ལྟར་གནས་ཡིད་དུ་འོང་ཞིང་མཚན་དང་ལྡན་པ་དེར་དེ་བཞིན་དུ་བསྒྲུབ་པའི་རྣལ་འབྱོར་ལ་གནས་པར་ [194a.2]བྱའོ། །དཀྱིལ་འཁོར་དུ་ནི་མ་ཞུགས་པའམ། །ཞེས་པ་ནི། རིགས་སོ་སོའི་དཀྱིལ་འཁོར་དུ་ཞུགས་ཤིང་དེ་ལྟ་བུའི་སྒྲུབ་པ་ཐམས་ཅད་སྒྲུབ་མ་མྱོང་བའོ། །སྒྲིབ་པ་ཀུན་དང་ལྡན་པ་ཡང་། །ཞེས་པ་ནི། ཡང་དག་པའི་དོན་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་སྟེ། མཚམས་མེད་པ་ལྔ་ལ་སོགས་ [194a.3]པའི་ལས་ཀྱི་ལམ་ལ་གནས་པའི་འགྲོ་བའོ། །རང་གི་ལྷ་ཡི་རྣལ་འབྱོར་བདག །ཅེས་པ་ནི། ཏིང་ངེ་འཛིན་གྱི་རིམ་པས་ཕྱག་རྒྱ་ཆེན་པོར་སྦྱོར་ཞིང་ཆོ་ག་བཞིན་དུ་བསྒྲུབ་པར་མི་ནུས་ན་ཡང་གང་ལ་དད་པའི་ལྷ་དེ་ཉིད་ཀྱི་ངོ་བོ་ནི་ངའོ་སྙམ་དུ་ཚིག་ཙམ་གྱིས་བརྗོད་ཅིང་དེའི་གཟུགས་སུ་བསྒོམ་ [194a.4]པར་བྱ་བས་ན། ཚིག་ཙམ་གྱིས་ཀྱང་རྟག་ཏུ་བྱ། །ཞེས་བྱའོ། །མདོར་ན་ཞེས་པ་སྔར་གསུངས་པ་ལྟ་བུའི་ཚིག་མང་པོ་དག་གང་དུ་ཐལ་ཟིན་པར་གྱུར་པའི་འོག་ནས་བཟུང་སྟེ། མདོར་བསྡུས་ནས་སྟོན་པར་བྱེད་པའི་ཚིག་གོ། །དེ་ཉིད་རྣལ་འབྱོར་འདི་ཡིས་ནི། །ཞེས་པ་ནི། བདག་ [194a.5]རང་ལྷ་དེ་ཉིད་ཀྱི་རྣལ་འབྱོར་ལ་གནས་པའི་སྦྱོར་བ་འདི་ཡིས་ནི། རྣམ་པ་ཐམས་ཅད་སྒྲུབ་པ་ན། །ཞེས་པ་ནི། དེ་ལྟ་བུའི་རྣལ་འབྱོར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྣམ་པ་ཐམས་ཅད་བསྒྲུབ་པ་ན། རྣམ་གཅིག་དེ་ལྟ་བུའི་རྣལ་འབྱོར་གྱི་དངོས་གྲུབ་ཐམས་ཅད་ [194a.6]གྲུབ་པ་ན་ཞེས་བྱ། བཟའ་ཉེས་སྤྱད་ཉེས་ཐམས་ཅད་ཀྱང་། །ཞེས་པ་ནི། ཟས་ཀྱི་རྣམ་པ་གཞུང་དང་མི་མཐུན་པ་དག་ཟོས་པ་དང་། མི་འཚམ་པའི་སྤྱོད་པ་རགས་པ་དག་སྤྱད་ཀྱང་དངོས་གྲུབ་ཀྱི་བར་ཆད་དང་བགེགས་སུ་མི་འགྱུར་བས་ན། ཡོང་ཡེ་སྐྱོན་དུ་མི་འགྱུར་ཞེས་བྱའོ། །དེ་ལྟར་ཡང་ [194a.7]ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའི་རྒྱུད་ལས་གསུངས་པ། རྡོ་རྗེ་སེམས་དཔའི་གནས་འདུག་ན། །ཐམས་ཅད་ཀུན་བྱས་ཀུན་ཟོས་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེར་ལྡན་པས་སྨོས་ཅི་དགོངས། །ཞེས་གསུངས་པ་ལྟ་བུའོ། །དེ་ཉིད་ལས་འདི་འབྲས་བུ་བསྟན། ། [194b] [194b.1]ཞེས་པ་ནི། དེ་སྐད་དུ་སྟོན་པའི་རྒྱུད་དེའི་དོན་ལ། རྣལ་འབྱོར་གྱི་ཕྱག་རྒྱ་ཆེན་པོ་གོམས་པར་བྱེད་པའི་འབྲས་བུ་བསྟན་པ་སྟེ། གང་ཞེ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། །ཞེས་པ་དག་སྨོས་ཏེ། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་ནི། འཇིག་རྟེན་ལས་ [194b.2]འདས་པའི་གོ་འཕང་ཆེན་པོ་དེ་ཡང་འགྲུབ་པར་དཀའ་བ་མ་ཡིན་ན། གཏེར་ལ་སོགས་པ་དང་སྒྱུ་མ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་ལྟ་ཅི་ཞིག་སྨོས་ཏེ་ཞོར་ལ་འགྲུབ་ཅེས་སྟོན་ཏོ། །ལས་མཆོག་རབ་ཏུ་མང་པོ་ཡང་། །ཞེས་པ་ནི། འཕགས་པ་མཆོད་པ་དང་། སེམས་ [194b.3]ཅན་གྱི་དོན་བྱ་བ་ལ་སོགས་པ་སྟེ། ཞི་བ་ལ་སོགས་ཏེ་རྣམ་པ་བཞི་པོ་དག་ཀྱང་འགྲུབ་ཅིང་དེ་དག་གི་མཆོག་ཏུ་གྱུར་པའོ། །ཕྱག་རྒྱའི་མཆོག་ཀུན་འགྲུབ་པ་པོ། །ཞེས་པ་ནི། ཇི་སྐད་དུ་གསུངས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་དཔལ་རྡོ་རྗེ་སེམས་དཔའ་ལ་ [194b.4]སོགས་པའི་ཕྱག་རྒྱའི་མཆོག་ཀུན་ཐོབ་པའི་རྒྱུ་ཡིན་པར་སྟོན་ཏོ། སྒྲུབ་པ་པོ་དེ་ནི། སྡུག་བསྔལ་ཀུན་སྤོང་དཔལ་དང་ལྡན། །ཞེས་པ་ནི། རྣལ་འབྱོར་གྱི་བསམ་གཏན་བསྒོམས་པས་སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་ཅིང་། དེའི་བྱིན་རླབས་ཀྱིས་འཇིག་རྟེན་ལས་འདས་པའི་ [194b.5]དཔལ་ཕུན་སུམ་ཚོགས་པ་འབྱོར་པར་གྱུར་ཏེ། དེ་བས་ནི། རྣལ་འབྱོར་འདི་ནི་མཆོག་རྟག་པ། །ཞེས་གསུངས་ཏེ། དེ་ལྟ་བུའི་དོན་ཆེན་པོ་མངོན་དུ་བྱེད་པའི་རྣལ་འབྱོར་འདི་ནི་ཐམས་ཅད་ཀྱི་ནང་ན་ཡང་མཆོག་ཏུ་གྱུར། དཀའ་ཐུབ་ཀྱི་སྡོམ་པ་དྲག་པོས་ལུས་སེམས་ཉོན་མོངས་ [194b.6]པ་མེད་ཅིང་བདེ་བ་ལ་གནས་པའི་ཏིང་ངེ་འཛིན་གྱིས་འགྲུབ་པའམ། ཆོས་ཉིད་ལས་མི་འགྱུར་བའི་རྟག་པ་ཆེན་པོའི་ངང་ལ་གནས་པས་ན་དེ་སྐད་བསྟན་ཏོ། །དེ་ནས་རང་གི་ལྷའི་ཏིང་ངེ་འཛིན་དེ་ལ་ཞེས་པ་ནི། དམ་ཚིག་སེམས་དཔའི་སྦྱོར་བ་ལ་གནས་པའི་བསམ་གཏན་ནོ། །བྱང་ཆུབ་ [194b.7]ཆེན་པོར་མོས་པར་བྱའོ་ཞེས་པ་ནི། དེ་ཁོ་ན་བྱང་ཆུབ་ཆེན་པོ་སྟེ། དེ་ལ་གནས་པར་བྱེད་པ་ལ་ནི། བྱང་ཆུབ་ཆེན་པོར་མོས་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཡང་རྒྱུད་ལས་གསུངས་པ། དེ་བཞིན་གཤེགས་པའི་རིགས་ཀྱི་ཞེས་པ་ནི། ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་སོ། ། [195a] [195a.1]བྱང་ཆུབ་ཆེན་པོ་ཡེ་ཤེས་ཀྱི་དབང་དུ་བྱས་ནས་ཞེས་པ་ནི། དེའི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་མངོན་དུ་བྱས་པའི་ཡེ་ཤེས་དང་བཅས་པ་དེའི་དབང་དུ་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་པ་ནི། དང་པོར་བྱང་ཆུབ་སེམས་སྟོང་པ་ཉིད་རྡོ་རྗེ་ལྟ་བུའི་ངང་དུ་ [195a.2]གནས་པར་བྱ་བའོ། །ཕྱག་རྒྱ་ཆེན་པོར་བསྒོམས་ནས་སུ། །ཞེས་པ་ནི། དེ་ལས་ལངས་པའི་ངང་ལས་བྱུང་བའི་ཟླ་བ་དང་རྡོ་རྗེ་ལ་སོགས་པ་ལས་ཕྱག་རྒྱ་ཆེན་པོ་འགྲུབ་པར་བྱེད་པའོ། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །ཞེས་པ་ནི། ལྷ་གང་ལ་དམིགས་པ་དེའི་ཕྱག་རྒྱ་ཆེན་པོར་གྱུར་པར་དམིགས་ [195a.3]པ་ལ་ནི། བྱང་ཆུབ་ཆེན་པོ་ཞེས་ཏེ། དེའི་ཡེ་ཤེས་འདི་རྣལ་འབྱོར་པས་བསྒོམས་ན། མྱུར་དུ་འགྲུབ་པར་འགྱུར་ཞེས་གསུངས་སོ། །རྡོ་རྗེ་ཁུ་ཚུར་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཅིག་ཏུ་འདུས་པར་བསྟན་པ་ནི་རྡོ་རྗེ་ཁུ་ཚུར་ཏེ། དེ་ནི་བྱང་ཆུབ་ [195a.4]སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱ་འོག་ནས་འབྱུང་བ་སྟེ། ཕྱག་རྒྱ་དེ་བཅིངས་ལ། ཨོཾ་བཛྲ་མུཥྚི་ཞེས་བྱ་བའི་སྙིང་པོ་བརྗོད་དེ་ལུས་ངག་ཡིད་གསུམ་གཅིག་ཏུ་དབྱེར་མེད་པར་བསྒོམ་མོ། །ལྷའི་རྗེས་སུ་མཐུན་པར་བསྒྲུབས་ལ་ཞེས་པ་ནི། ལྷའི་གཟུགས་དང་། ཁ་དོག་དང་། [195a.5]ཕྱག་མཚན་ནི་ཇི་ལྟ་བ་བཞིན་དེའི་རྗེས་སུ་མཐུན་པར་བདག་ཉིད་བསྒྲུབས་ལ། སྔགས་འདི་བརྗོད་པས། གོང་དུ་སྨོས་པའི་ཞེས་པ་ནི། གོང་དུ་རྡོ་རྗེ་དབྱིངས་ཆེན་པོ་བསྒོམ་པའི་སྐབས་སུ་གསུངས་པའི་རྡོ་རྗེ་སེམས་མའི་ཕྱག་རྒྱས་གནས་བཞིར་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་བྱིན་ [195a.6]གྱིས་བརླབས་པ་ཡང་རྒྱུད་ལས། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡན་ཆད་དུ་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་སེམས་དཔའ་རྣམས་སྒྲུབ་པའི་ཏིང་འཛིན་བཤད་ཟིན་ཏོ།། །།ད་ནི་དེ་དག་ལ་དབང་བསྐུར་བས་ཐམས་ [195a.7]ཅད་ལ་དབང་བསྐུར་བ་ཐོབ་པའི་དོན་དང་ལྡན་པར་བྱ་བའི་ཕྱིར་དབང་བསྐུར་བའི་ཐབས་གསུངས་པ། དེ་ནས་བདག་དང་མི་གཉིས་པར་གྱུར་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིན་ཆེན་དབུ་རྒྱན་གྱིས་དབང་བསྐུར་རོ་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ནི་རིན་པོ་ཆེ་དང་ཆོས་ [195b] [195b.1]མཐུན་པའི་ཕྱིར་ན། རིན་པོ་ཆེ་སྟེ། དེའི་དབུ་རྒྱན་གྱིས་དབང་བསྐུར་བ་ནི་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་སྐུར་བའོ་ཞེས་བརྗོད་དོ། །དེ་ལྟར་ཡང་རྒྱུད་ལས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་ཞེས་པ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་རྣམ་པ་ལྔར་བརྗོད་པ་དེའོ། ། [195b.2]ཕྱག་རྒྱས་སྤྱི་བོ་ནས་བརྩམས་ཞེས་པ་ནི། སྤྱི་བོ་ནས་བརྩམས་ཏེ་དཔྲལ་བ་ནས་མཐར་ཐུག་གི་བར་དུ་རིམ་བཞིན་དུ་བཅིང་བར་བྱ་བའོ། །ཕྲེང་བས་དེ་ནི་དབང་བསྐུར་རོ། །ཞེས་པ་ནི། ཇི་ལྟར་ཕྲེང་བའི་མཚན་ཉིད་ནི་བརྒྱུས་ཏེ་རིམ་པའི་ཚར་དུ་འདུག་པ་བཞིན་དུ་རིགས་ལྔའི་དེ་བཞིན་གཤེགས་ [195b.3]པ་རྣམས་ཀྱང་ཕྲེང་བའི་ཚར་བཞིན་དུ་རིམ་པར་དབུ་ལ་འཁོར་བར་གནས་པར་བྱས་པས་དབང་བསྐུར་བ་ལ་ནི་དེ་སྐད་ཅེས་བྱའོ། །གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ནས་གསུངས་པའི་ཕྱག་རྒྱ་བཅིངས་པ་རང་གི་ཀླད་པའི་སྤྱི་བོར་བཞག་ [195b.4]ལ། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ། ཞེས་པ་ནི། ཕྱག་རྒྱ་དེའི་སྔགས་སོ། །བཛྲ་ཨ་བྷི་ཥིཉྩ་མཱཾ། བཛྲ་དྷཱ་ཏུ་ཞེས་པ་ནི། དབང་བསྐུར་བ་སྟེ། དེ་ལྟར་ཕྱག་རྒྱ་བཅིངས་ཤིང་སྔགས་བཟླས་པས་སྤྱི་གཙུག་ཏུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་ཁ་དོག་སེར་པོ་བསྒོམས་པ་ལས། བཅོམ་ལྡན་ [195b.5]འདས་རྣམ་པར་སྣང་མཛད་དམ་ཤཱཀྱ་ཐུབ་པའི་གཟུགས་གསེར་གྱི་ཁ་དོག་ཅན་ཤིན་ཏུ་མཛེས་པ་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལས་ཕྱག་རྒྱ་དང་བཅས་པ་འོད་ཀྱི་དཀྱིལ་འཁོར་འཇའ་ཚོན་སྣ་ལྔའི་ནང་ནས། སེང་གེའི་གདན་ལ་བཞུགས་པ་ཞིག་མངོན་དུ་བྱུང་ནས་བཞུགས་པར་དམིགས་ [195b.6]སོ། །དེ་ལ་སྙིང་པོ་ནི་འདིའོ། །བཛྲ་དྷཱ་ཏུ་ཞེས་པ་ནི། དེ་བཞིན་གཤེགས་པ་དེའི་སྙིང་པོ་སྟེ། དང་པོར་དབང་བསྐུར་བའི་སྔགས་ཀྱི་མཇུག་ལ་རིགས་སོ་སོའི་སྙིང་པོ་བརྗོད་པ་སྟེ། འོག་མ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཚན་ཉིད་ནི། [195b.7]གོང་དུ་དེ་བཞིན་གཤེགས་པ་བསྒོམ་པའི་བྱིན་གྱི་བརླབས་ཀྱི་གནས་སྐབས་སུ་བྲིས་པ་ལས་ཤེས་པར་བྱའོ། །དེར་མི་འཁྲུགས་པ་བསྒོམ་པ་ཞེས་པ་ནི། ཨོཾ་བཛྲ་བཛྲི་ཎི་ཧཱུཾ། ཨཀྵོ་བྷྱ་ཨ་བྷི་ཥིཉྩ་མཱཾ་ཞེས་པའི་སྔགས་དང་། དེའི་ཕྱག་རྒྱ་དཔྲལ་བར་བཅིངས་པ་ལས། དཔྲལ་བར་ཟླ་ [196a] [196a.1]བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུཾ་ཁ་དོག་དཀར་པོ་དམིགས་པ་ལས་མི་འཁྲུགས་པའི་གཟུགས་ཁ་དོག་དཀར་པོ་དང་ལྡན་པ་ལ། རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པ། བ་ལང་གི་གདན་ལ་བཞུགས་པ་ཞིག་གནས་པར་དམིགས་སོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཉིད་ [196a.2]ལས་ཞེས་པ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ཉིད་ལས། གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ན། མི་འཁྲུགས་པའི་གནས་ཀྱི་ཕྱག་རྒྱའོ་ཞེས་པ་ནི། ཕྱག་རྒྱ་དེས་མི་འཁྲུགས་པ་དཔྲལ་བར་གནས་པར་བྱེད་པས་མིང་ཡང་དེ་སྐད་དུ་བྱའོ། །དེ་ཉིད་ལས་གུང་མོ་གཉིས་ [196a.3]ནོར་བུ་ལྟ་བུར་བྱས་པ་ནི། རིན་ཆེན་འབྱུང་བའི་ཕྱག་རྒྱ་སྟེ། དེ་བཅིངས་ལ། ཨོཾ་རཏྣ་བཛྲི་ཎཱི་ཧཱུཾ། རཏྣ་སམྦྷ་བ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་པས་རྣ་བ་གཡས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཏྲཱཾ་སྔོན་པོ་གནས་པར་བརྟགས་པར་གྱུར་པ། རིན་ཆེན་འབྱུང་བ་མདོག་མཐིང་ག ། [196a.4]རྒྱན་གྱི་རྣམ་པས་ཡོངས་སུ་བརྒྱན་པ། རྟ་སྔོན་པོའི་གདན་ལ་བཞུགས་པ་གནས་པར་དམིགས་སོ། །དེ་ཉིད་ལས་གུང་མོ་དང་སྲིན་ལག་གཉིས་རྩེ་སྤྲད་པདྨ་ལྟར་དབྱིབས་ཟླུམ་པོར་བྱས་ལ། ཨོཾ་དྷརྨ་བཛྲི་ཎི་ཧཱུཾ། ཨོཾ་ལོ་ཀེ་ཤྭ་ར་རཱ་ཛ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་ལ་ལྟག་པར་བཞག་པས། ལྟག་པར་ཟླ་ [196a.5]བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་དམར་པོ་བསྒོམས་པ་ལས། འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་པདྨ་རཱ་ག་ལྟ་བུ་ཆགས་པའི་མཚན་ཉིད་ཅན་རྒྱན་གྱི་རྣམ་པ་དང་ལྡན་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་རྨ་བྱའི་གདན་ལ་བཞུགས་པ་དམིགས་སོ། །དེ་ནས་ཡང་མཐེ་བོང་དང་མཛུབ་མོ་གཉིས་སྔ་མ་ [196a.6]བཞིན་དུ་བསྣོལ་ལ། གུང་མོ་དང་སྲིན་ལག་དང་། མཐེའུ་ཆུང་རྣམས་སོར་མོ་སོ་སོར་ཕྱེ་སྟེ་བརྐྱང་ལ་རྣ་བ་གཡོན་གྱི་གོང་དུ་བཞག་སྟེ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་མཱཾ་ཧཱུཾ། ཨོཾ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་པས་རྣ་བ་གཡོན་པའི་གོང་དུ་ཟླ་བའི་དཀྱིལ་འཁོར་གྱི་ནང་དུ་ཡི་གེ་ཨ་ཁ་དོག་ལྗང་གུ་ལས་དོན་ཡོད་ [196a.7]གྲུབ་པ་མདོག་ལྗང་གུ་རྒྱན་གྱི་རྣམ་པ་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་ལ་བཞུགས་པར་དམིགས་སོ། །དེ་བཞིན་གཤེགས་པ་བཞི་པོ་དེ་དག་བཞུགས་པར་བྱ་བའི་སྙིང་པོ་ཡང་ཞེས་པ་ནི། རིགས་བཞིའི་སངས་རྒྱས་དེ་དག་དབང་བསྐུར་བའི་གནས་སོ་སོར་བཞུགས་པར་བྱ་བའི་སྙིང་པོ་ཡང་འདི་ལྟ་ [196b] [196b.1]སྟེ། སོ་སོའི་མཚན་གྱི་ཐོག་མ་ལ། ཨོཾ་བཞག་པ་ཉིད་ཡིན་པར་ཤེས་པར་བྱའོ་ཞེས་པ་ནི། དབང་བསྐུར་བའི་སྔགས་བརྗོད་པའི་མཇུག་ལ། སངས་རྒྱས་བཞི་པོ་དེ་དག་གི་མཚན་གྱི་ཐོག་མ་ལ། ཨོཾ་ཞེས་བརྗོད་པས་སོ་སོའི་གནས་སུ། ཆ་ལུགས་རྣམ་པ་ཇི་ལྟ་བ་བཞིན་དུ་བཞུགས་པར་ [196b.2]བརྟག་གོ། །ཨོཾ་ཨཀྵོ་བྷྱ་ཞེས་བྱ་བ་ལ་སོགས་པ་སྟེ་གོང་དུ་བྲིས་ཟིན་ཏོ། །འོ་ན་དེ་ལྟར་དབང་བསྐུར་བའི་རྣམ་པ་བསྟན་པའི་ཕྱག་རྒྱ་དེ་དག་རྡོ་རྗེ་སེམས་མ་ལ་སོགས་པའི་ཕྱག་རྒྱ་བཅིངས་པའི་རིམ་པས་བྱའོ་ཞེས་ཟེར་བ་ཡང་ཡོད་ན། འདིར་འདི་ལྟར་བསྟན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། དཀྱིལ་ [196b.3]འཁོར་ཆེན་པོ་འདི་ལས་གསུངས་པའི་ཞེས་བྱ་བ་ལ་སོགས་པ་དག་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་ལས་གསུངས་པའི་ཕྱག་རྒྱས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཅུ་དྲུག་མཉེས་པར་བྱེད་པའི་དབང་བསྐུར་བའི་ཆོ་གའི་རིམ་པ་འདི། གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་ [196b.4]པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱ་ལྔ་འབྱུང་བ་འདིས་བྱ་བར་བཤད་དེ། འདི་ལྟར་བྱ་བ་དཔལ་མཆོག་དང་པོ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་དང་། སོགས་པའི་སྒྲས་ནི་རྣལ་འབྱོར་གྱི་སྔགས་ཀྱི་རྒྱུད་ཇི་སྙེད་ [196b.5]ཡོད་པ་བསྡུས་ཏེ། དེ་དག་ལས་ཀྱང་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱ་འདི་དག་ཉིད་ཀྱིས་ཇི་ལྟར་རིགས་པ་བཞིན་དུ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བའི་ཆོ་ག་བཤད་དོ། །གང་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ [196b.6]འཁོར་ལས་གསུངས་ཞེས་པ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་བ་རྡོ་རྗེ་སེམས་མ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་བར་བྱེད་པ་དེ་དག་ནི། དཔལ་མཆོག་དང་པོ་ལ་སོགས་པའི་རྒྱུད་ལས་གསུངས་པའི་མཚན་ཉིད་དང་ཡང་མི་མཐུན་ལ། དེ་ཁོ་ན་ཉིད་ནི་ [196b.7]བསྡུས་པའི་རྒྱུད་འདི་ཉིད་ཀྱི་ཚིག་དང་ཡང་འགལ་བར་འགྱུར་ཏེ། ཇི་ལྟར་འགལ་ཞེ་ན། རྒྱུད་ཉིད་ལས། རྡོ་རྗེ་དབྱིངས་ཕྱུག་ལ་སོགས་པའི། །ཕྱག་རྒྱའི་ཕྲེང་བས་དེ་དབང་བསྐུར། །ཞེས་གསུངས་པར་ཟད་ཀྱི། རྡོ་རྗེ་སེམས་མས་དབང་བསྐུར་རོ། །ཞེས་ཀྱང་མ་གསུངས་ལ། རྡོ་རྗེ་ [197a] [197a.1]སེམས་མ་ལ་སོགས་པ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མིང་གི་སྒྲས་བཏགས་པ་ཡང་མེད་ལ་རྒྱུད་འདིར་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་དེ་ཉིད་ལ་དེ་སྐད་དུ་བཤད་པའི་ཕྱིར་འདི་བསྟན་ཏོ། །འོ་ན་ [197a.2]སྔགས་དང་ཕྱག་རྒྱའི་མཚན་ཉིད་གཞན་གྱིས་ནི་བྱ་བར་མ་བརྗོད་ན། སྔགས་དང་ཕྱག་རྒྱ་འདིས་འདི་བཞིན་དུ་དབང་བསྐུར་བར་བསྟན་པ་ཅིའི་ཕྱིར་ཞེ་ན། གཞན་ཡང་དབང་བསྐུར་བའི་ལས་ནི། རིན་པོ་ཆེའི་རིགས་ཀྱིས་མཛད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་བཞི་ལ་དེ་ [197a.3]བཞིན་གཤེགས་པ་རྣམས་ཀྱིས་ཕྲིན་ལས་ས་པ་ན་མངའ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱིས་ནི་བྱིན་གྱིས་བརླབས་པར་མཛད་ལ། རིན་པོ་ཆེའི་རིགས་ཀྱིས་ནི་དབང་བསྐུར་བའི་ལས་མཛད་དེ། དེ་གཙོར་བྱས་ནས་ཞེས་པ་ནི། དབང་བསྐུར་བ་གཙོར་བྱས་ནས། རིན་པོ་ཆེའི་ [197a.4]རིགས་ཀྱིས་གཟུངས་ཀྱི་དཀྱིལ་འཁོར་མཛད་དེ། དེ་བས་ན་སྐུའི་ཕྱག་རྒྱ་ཞེས་པ་ནི། དེ་ལ་བཞུགས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་སྐུའི་ཕྱག་རྒྱ་མཆོད་རྟེན་ཁྲི་ལ་བཞག་པ་ལྟ་བུར་ཡང་བསྟན་པས་ན། ཕྱག་རྒྱ་དེ་ལག་པས་བྱས་པ་རྣམས་ཀྱིས་སྤྱི་བོ་ནས་དབང་བསྐུར་བ་ [197a.5]ནི་རིགས་སོ་ཞེས་བཤད་དོ། །དེའི་འོག་ཏུ་ཞེས་པ་ནི། དེ་ལྟར་དབང་བསྐུར་བའི་འོག་ཏུ། རང་གི་ལྷའི་སྐུར་ཞེས་པ་ནི། བདག་ཉིད་གང་ལ་དད་པའི་ཡེ་ཤེས་ཀྱི་སེམས་དཔའ་རྣམས་ལས་གང་ཡང་རུང་བའོ། །བདག་ཉིད་ཇི་ལྟར་བསམས་པ་ཞེས་པ་ནི། གང་ལ་དད་པའི་སེམས་ [197a.6]དཔའ་དེའི་གཟུགས་དང་ཁ་དོག་ཏུ་ལྡན་པའི་ཆ་ལུགས་སུ་བསམས་པའོ། །རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མི་ནོན་ཞེས་པ་ནི། དཔེར་ན་ཇི་ལྟར་རྒྱལ་པོའི་བུ་གསེར་གྱི་ཅོད་པན་ལ་སོགས་པའི་རྫས་ཁྱད་པར་ཅན་རྣམས་ཀྱིས་སྤྱི་བོ་ནས་དབང་བསྐུར་བ་བྱས་པ་དེ་ལ་ནི། རྒྱལ་ཕྲན་དང་བློན་ [197a.7]པོ་དང་། ཤོར་བ་ལ་སོགས་པ་གཞན་གྱིས་ཟིལ་གྱིས་མནན་པ་དང་། དབང་འཕྲོག་པར་མི་ནུས་པ་བཞིན་དུ། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་སེམས་དཔའ་ཆེན་པོའི་རྣལ་འབྱོར་མངོན་དུ་བྱས་ནས་རིགས་ལྔ་ཡེ་ཤེས་ལྔའི་རྒྱལ་ཐབས་སྤྱི་བླུགས་ཀྱིས་དབང་བསྐུར་བར་ [197b] [197b.1]གྱུར་པ་དེ་ལ་ནི། བདུད་ལ་སོགས་པའི་ཕས་ཀྱི་རྒོལ་བས་ཟིལ་གྱིས་མི་ནོན་ཅིང་། ཐེག་པ་འོག་མ་པའི་སྐྱེས་བུར་གཞག་པའི་གཞན་གྱིས་དབང་འཕྲོག་པར་མི་ནུས་པའི་ང་རྒྱལ་རིམ་པ་འདི་ལྟར་བསྒོམ་པར་བྱ་ཞེས་བཤད་དོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་སེམས་ [197b.2]དཔའ་ཆེན་པོར་སྒྲུབ་པ་ལ་རིགས་ལྔའི་སངས་རྒྱས་ཀྱིས་དབང་བསྐུར་བར་བྱ་བའི་དོན་དེ་ཡན་ཆད་དུ་བཤད་ཟིན་ཏོ། །ད་ནི་དེ་ལྟར་དབང་བསྐུར་བས་ཐམས་ཅད་ལ་དབང་ཐོབ་པར་གྱུར་པ་དེ་ཡང་དག་པའི་བསམ་གཏན་དང་ལྡན་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་གྱི་དོན་བསྒོམ་པའི་ཐབས་བཤད་ [197b.3]པར་བྱ་སྟེ། དང་པོར་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་བསམས་པ་ལ་ཞེས་པ་ནི། རང་གི་ལྕེ་ཉིད་ཧྲཱིཿལས་བསྐྱེད་པའི་པདྨ་འདབ་མ་བརྒྱད་པར་གྱུར་པའི་འདབ་མ་ལྕེར་གནས་པའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་བསམས་པའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བ་བསམས་ལ། དེའི་བུམ་པའི་ [197b.4]དཀྱིལ་དུ་སེམས་དཔའ་གང་བསྒོམ་པའི་ཆོས་ཀྱི་ཕྱག་རྒྱའི་སྔགས་ཀྱི་ཡི་གེ་སྔར་བཤད་པ་བཞིན་དུ་བསམ་མོ། །སྙིང་གར་ཞེས་པ་ཡང་སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་པའི་སྟེང་དུ། སྣ་ཚོགས་རྡོ་རྗེ་སྟེ་ལས་སྣ་ཚོགས་པར་མཛད་པའི་མཚན་ཉིད་རྡོ་རྗེ་རྒྱ་གྲམ་རྩེ་གྱེན་ [197b.5]དུ་ལྟ་བའི་མཚན་ཉིད་འོག་ནས་འབྱུང་བ་བསམས་ཏེ། ལས་ཀྱི་ཕྱག་རྒྱ་བཅིངས་ཏེ་ཞེས་པ་ནི། ལྷ་གང་བསྒོམ་པ་དེའི་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་བཅིངས་ལ་འོག་ནས་འབྱུང་བ་འདི་ལྟར་ཡིད་ལ་བྱའོ། །རང་གི་ལྷའི་དམ་ཚིག་སེམས་དཔའ་ཞེས་པ་ནི། རང་གི་ལྷ་ [197b.6]གང་བསྒོམ་པའི་དམ་ཚིག་སེམས་དཔའི་སྐུ་རྫོགས་པར་བདག་ཉིད་གྱུར་ཏེ། དེས་བགེགས་དང་ལོག་འདྲེན་ཞེས་བར་དུ་གཅོད་པས་བགེགས་ཏེ། ཇི་ལྟར་བྱ་བའི་རྒྱུད་ལས་གསུངས་པའི་ཁྭ་དང་ནེའུ་ལེ་རྣམ་པར་འཇིག །རིགས་གཅིག་པ་ལས་ཞེས་པ་ནི། སྟོང་ཕྲག་བརྒྱད་ [197b.7]ཅུ་རྩ་བཞིའོ་ཞེས་རྒྱ་ཆེར་གསུངས་པ་དེ་དག་དང་། འགྲོ་བའི་སེམས་དང་གྲུབ་པའི་ཕུན་སུམ་ཚོགས་པ་ལོག་པར་འདྲེན་པའི་མཚན་ཉིད་ཅན་ཡིན་པས་ལོག་འདྲེན་ཡང་དེའི་རྣམ་པར་བཤད་དེ། མ་ལུས་པ་དེ་དག་གིས་མི་ཚུགས་ཤིང་། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་ [198a] [198a.1]དག་པ་ཞེས་པ་ནི། གཟུང་འཛིན་དང་བྲལ་བའི་ངོ་བོ་ཉིད་དུ་ནམ་མཁའ་ལྟར་མོས་པར་བྱའོ། །འཁོར་བ་ན་གནས་ཀྱང་ཞེས་པ་ཐུགས་རྗེས་སུ་འཁོར་བ་ན་གནས་ཀྱང་ཤེས་རབ་ཀྱིས་དེ་ལྟ་བུར་རྟོགས་པ་དང་ལྡན་པས་འཁོར་བའི་སྐྱོན་གྱིས་མི་གོས་ཏེ། རྡོ་རྗེ་ཆོས་ཀྱི་པདྨ་ [198a.2]བཞིན་དུ་ཞེས་པ་ནི། ཏིང་ངེ་འཛིན་པདྨའི་རིགས་པས་ཇི་སྲིད་འཁོར་བ་ན་བཞུགས་ཀྱང་འཁོར་བའི་བག་ཆགས་ཀྱི་ཉེས་པས་མི་གོས་པ་ནི། སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱི་ཕྱག་ན་བསྣམས་པའི་པདྨ་བཞིན་ཏེ། ཉོན་མོངས་པ་ལ་སོགས་པ་ཞེས་པ་ནི། རྩ་བའི་ཉོན་མོངས་པ་དྲུག་དང་། ཉེ་བའི་ [198a.3]ཉོན་མོངས་པ་ཉི་ཤུའོ། །རྣམ་པ་གཅིག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ལས། དང་པོ་བརྒྱད་དང་དགུ་ཉོན་མོངས། །ཞེས་གསུངས་པའི་རྣམ་པ་དེ་དག་གོ། །སོགས་ཀྱི་སྒྲས་ནི་ལས་དང་སྡུག་བསྔལ་གཉིས་བསྡུས་ཏེ། གཉིས་དང་བཅུ་པ་ལས་ཡིན་ཏེ། ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་ [198a.4]གསུངས་པ་དེ་དག་བསྡུའོ། །དོན་དམ་པར་མི་གོས་ཞེས་པ་ནི་ཀུན་རྫོབ་དང་འབྲེལ་པར་བསྟན་པ་སྟེ། ཀུན་རྫོབ་ཏུ་དངོས་པོའི་སྣང་བས་འཁོར་བར་གནས་ཀྱང་དོན་དམ་པར་ངོ་བོ་ཉིད་ཀྱིས་དག་པར་རྟོགས་པས་མི་གོས་སོ་སྙམ་དུ་བརྟག་པར་བྱའོ། །དཔའ་བོ་ཞེས་པ་དེ་ལྟ་བུའི་དོན་དང་ལྡན་པས་སོ། །རྒྱལ་ནི་ལྟ་ [198a.5]བ་དེའི་ངང་ལ་གནས་པ་སྟེ། དེ་ལྟར་གསལ་བར་བསྒོམ་པའོ། །འདི་ནི་ཏིང་ངེ་འཛིན་ཏེ་ཞེས་པ་ནི། དེ་ལྟར་བསྟན་པའི་ཚུལ་འདི་ནི་ཏིང་ངེ་འཛིན་ཡིན་ཏེ། དེ་ལྟར་བྱ་བའི་གཏན་ཚིགས་རྒྱུད་ལས་ཀྱང་གསུངས་ཏེ། རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་ཞེས་པ་ནི་ཆོས་ཀྱི་རིགས་ཀྱིས་ཏིང་ངེ་འཛིན་གྱི་ལས་མཛད་པས་ན་རྡོ་ [198a.6]རྗེ་ཆོས་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །རྣམ་གཅིག་ལ་ལ་ན་རེ། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བཟུང་བ་སྟེ། དེ་ཉིད་རྡོ་རྗེ་ཆོས་པས་ན་རྡོ་རྗེ་ཆོས་ཏེ་དེའི་ཏིང་ངེ་འཛིན་ཏོ་ཞེས་ཟེར་ན། རྡོ་རྗེ་ཆོས་ནི་སྤྱན་རས་གཟིགས་ཀྱི་དབང་པོ་སྟེ། ཆོས་ཐམས་ཅད་ལ་བདག་མེད་ཅིང་། ངོ་བོ་ཉིད་ཀྱིས་དག་པས་རང་བཞིན་གྱིས་སྟོང་པར་རྣམ་ [198a.7]པར་དག་པའི་ངོ་བོར་གྱུར་པས་ན། དེའི་ཏིང་འཛིན་ཞེས་བྱ་ཞེས་ཟེར། སེམས་དཔའི་བྱིན་རླབས་རྣལ་འབྱོར་གྱི། །ཞེས་པ་ནི། ཕྱག་རྒྱ་ཆེན་པོ་རྫོགས་པར་གྱུར་པའི་སྙིང་ག་ན་གནས་པའི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ཆོས་དེ་ཟླ་བའི་དཀྱིལ་འཁོར་གྱི་སེམས་དཔའ་དེའི་བྱིན་གྱིས་རློབ་པར་ [198b] [198b.1]བྱེད་པས་སོ། །རྣམ་གཅིག་སེམས་དཔའ་རྣམས་ལ་གང་འདོད་པའི་ཏིང་ངེ་འཛིན་དང་ལྡན་པར་བྱེད་པས་སོ། །གསང་སྔགས་རིག་སྔགས་བསྒྲུབས་ན་ནི། །ཞེས་པ་ནི། གསང་སྔགས་དང་རིག་སྔགས་ཀྱི་མཚན་ཉིད་བཟླ་བ་སྟེ། དེ་བཟླས་ཤིང་བསྒྲུབ་པར་འགྱུར་ན་གང་འདོད་པའི་དངོས་གྲུབ་མྱུར་དུ་འགྲུབ་པར་ [198b.2]འགྱུར་བས་ན་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་དེ་ཡན་ཆད་དུ་བཤད་ཟིན་ཏོ། །དེ་ལྟར་ཏིང་ངེ་འཛིན་གྱི་བསམ་གཏན་དམ་པ་དང་ལྡན་པ་དེ་ནི། གཞན་གྱིས་མཆོད་པའི་གནས་སུ་གྱུར་པ་ [198b.3]ཡིན་པས་མཆོད་པ་དང་ལྡན་པར་བྱ་བའི་ཕྱིར་མཆོད་པ་བཤད་པར་བྱ་སྟེ། དེ་ནས་གསང་བའི་མཆོད་པ་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་ལཱ་སྱེ་ལ་སོགས་པ། །ཞེས་པ་ནི་སྒེག་མོ་ལ་སོགས་པ་གསང་བའི་ལྷ་མོ་རྣམས་དང་། བཛྲ་སཏྭ་སཾ་གྲ་ཧ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་བསྡུས་པ་ཉིད། ། [198b.4]ཅེས་བྱ་བ་ལ་སོགས་པ་རབ་ཏུ་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱ་བ་འོག་ནས་འབྱུང་བ་སྟེ། གསང་བའི་མཆོད་པ་བརྗོད་ཅིང་ཞེས་པ་ནི་སྔར་བཤད་པ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམས་དང་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ལྔ་རྣམས་སོ། །དཔལ་རྡོ་རྗེ་ [198b.5]སེམས་དཔའ་ལ་སོགས་པ་ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་པོ་རྣམས་སོ། །དེ་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙོ་བོ་བས་སོ། །རྣམ་གཅིག་རྒྱུད་འདིའི་དཀྱིལ་འཁོར་དུ་གསུངས་པའི་ལྷ་རྣམས་ཀྱི་གཙོ་བོ་ནི་འདིར་སྨོས་པ་འདི་ [198b.6]རྣམས་ཡིན་པས་སོ། །ཁ་ཅིག་ན་རེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་འབྱུང་བའི་ལྷ་རྣམས་ཐམས་ཅད་ཀྱི་མཚན་ནི་གཙོ་བོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྦྱོར་བའི་རྒྱུད་དུ་གསུངས་པ་གཞན་རྣམས་ཀྱི་ནང་ན་འདི་དག་གཙོ་བོ་བས་ན་གཙོ་བོ་རྣམས་ཞེས་བྱ་སྟེ། དམ་ཚིག་གི་སེམས་དཔའ་ཞེས་པ་ནི། སྔར་བཤད་པ་ [198b.7]བཞིན་ནོ། །རྣལ་འབྱོར་ཞེས་པ་ནི་མཚན་མ་དང་མཚན་མ་མེད་པ་ཕན་ཚུན་གྱི་ངོར་དུ་འབྱོར་པ་སྟེ། དེའི་མཚན་ཉིད་ཀྱང་སྔར་བཤད་པ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམས་དང་དེའི་རིགས་ཀྱི་སེམས་དཔའ་རྣམས་ཀྱི་དམ་ཚིག་སེམས་དཔའི་རྣལ་འབྱོར་བཤད་ཟིན་ཏོ།། །།ད་ནི་དེ་ལྟར་དམ་ཚིག་གི་སེམས་དཔའི་ [199a] [199a.1]རྣལ་འབྱོར་དུ་བསྒོམ་པའི་ལྷའི་དེ་དག་མཉེས་པར་བྱ་བའི་ཕྱིར། དེ་དག་གི་མཆོད་པའི་ཆོ་གའི་རིམ་པ་བཤད་པར་བྱ་སྟེ། དེ་ལ་མཆོད་པའི་རྣམ་པའི་བྱེ་བྲག་ཀྱང་། གྲངས་མིང་མཐུན་པར་སྟོན་པའི་རྣམ་པ་དུ་མར་འདོད་པ་དག་ཡོད་ན། འདིར་ཚུལ་ཇི་ལྟ་བུར་སྟོན་ཞེ་ན། སྨྲས་པ། དེ་ནས་དེ་ལྟར་དམ་ཚིག་གི་ [199a.2]སེམས་དཔའི་རྣལ་འབྱོར་དུ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དམ་ཚིག་གི་སེམས་དཔའི་རྣལ་འབྱོར་ནི། དེ་བཞིན་གཤེགས་པ་རྣམས་དང་། དེའི་རིགས་སུ་གཏོགས་པའི་སེམས་དཔའ་རྣམས་ཀྱི་རྣལ་འབྱོར་རང་བྱས་ཟིན་པར་བསྟན་པ་དེའོ། །དེ་བཞིན་གཤེགས་པ་རྣམས་དང་ཞེས་པ་ནི། སྔ་ [199a.3]ནས་གྲུབ་པའི་རང་བཞིན་གྱི་དེ་བཞིན་གཤེགས་པ་སྟེ། སངས་རྒྱས་ལྔ་རྣམས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །ཞེས་པ་ནི་ཡེ་ཤེས་ཀྱི་སེམས་དཔའ་རྣམས་ཀྱང་ཚུལ་དེ་བཞིན་དུ་ཤེས་པར་བྱ་སྟེ། ཕྱི་རོལ་གྱི་མཆོད་པས་མཉེས་པར་བྱའོ་ཞེས་པ་ནི། དེ་རྣམས་དམ་ཚིག་སེམས་དཔའི་མདུན་དུ་ [199a.4]བཞུགས་པར་མོས་པར་བརྟགས་ནས་མཆོད་པའི་བྱེ་བྲག་གིས་མཉེས་པར་བྱ་བའི་ཐབས་བཤད་པར་བྱ་བའོ། །མཆོད་པའི་ཆོ་ག་ཡང་རྒྱུད་འདི་ལས་ཞེས་པ་ནི། དེ་ལྟར་མཆོད་པས་མཉེས་པར་བྱ་བའི་ཐབས་ཀྱང་རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་འདིའི་ནང་ནས་ནི་འདི་ལྟར་འབྱུང་སྟེ། དཀྱིལ་འཁོར་ [199a.5]ཆེན་པོ་ལ་སོགས་པར་བཀོད་པའམ་ཞེས་པ་ནི། དཀྱིལ་འཁོར་ཆེན་པོ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཏེ། སྐུའི་དཀྱིལ་འཁོར་རོ། །སོགས་པའི་སྒྲས་ནི་ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་རྣམ་པ་གསུམ་སྡུད་པར་བྱེད་པ་ནི། དེ་ནི་རྒྱས་པའི་སྒོ་ནས་སོ། །ཕྱག་བཞི་པའི་དཀྱིལ་འཁོར་ཞེས་པ་ [199a.6]ཡང་རིགས་སོ་སོའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བརྗོད་པའོ། །རྒྱས་པ་དང་ཞེས་པ་ནི། སོ་སོ་ལ་དགའ་བ་རྣམས་སོ། །བསྡུས་པ་ཞེས་པ་ནི། ཉུང་ངུ་ལ་དགའ་བ་རྣམས་ཀྱི་དོན་བཤད་པའོ། །རས་དང་ཞེས་པ་ནི། དཀྱིལ་འཁོར་དེ་དག་བྲི་བའི་གཞི་སྟེ། ཇི་སྐད་དུ་གསུངས་པའི་རྩྭ་དུ་གུ་ལའི་རས་དང་། [199a.7]བེའུ་རས་དང་། ཤིང་བལ་གྱི་རས་མོ་ལ་སོགས་པ་རྣམས་ཀྱི་ནང་ནས་གང་བྲི་བར་བྱ་བའི་འོས་སུ་གྱུར་པ་དེ་ལ་བྲི་བར་བྱ་བ་སྟེ། དེ་ཡང་རི་མོ་མཁན་གསོ་སྦྱོང་ལ་གནས་པས་ཁྲིམས་ཀྱི་དངོས་གཞི་མཉམས་པར་བསྲུངས་ཏེ། རྩ་རྒྱུས་དང་། ཁྲག་ལ་སོགས་པའི་ཉེས་པ་སྤངས་པའི་རྩིས་འབྱེས་པར་བྱས་ [199b] [199b.1]པའི་ཚོན་ཁ་དོག་དང་ལྡན་པས་ཇི་ལྟར་འདོད་པའི་རྣམ་པར་བྲི་བར་བྱ་བའོ། །ཐང་བུ་ཞེས་པ་ནི། ས་གཤིན་པའི་ཐང་བུ་ལ་དང་པོར་ས་བསླང་བ་དང་། བགེགས་བསྐྲད་པ་ལ་སོགས་པ་སྦྱོར་བ་མངོན་དུ་བྱས་ནས་འཇིམ་པ་ལེགས་པར་སྦྱར་བ་ལ། དྲི་དང་ལྡན་པའི་ལྕི་བས་གུང་ལྟོ་ཙམ་ [199b.2]དུ་བྱུགས་པ་ལ། ཐིག་གིས་རེའུ་དུ་བགོས་ནས་ཚོན་འབྱེས་པར་དགྱེས་པའོ། །ནམ་མཁའ་ལ་སོགས་པའི་ཕྱོགས་སུའམ་ཞེས་པ་ནི། ནམ་མཁའ་ལ་ཡིད་ཀྱིས་བསམས་པའམ། རྩིག་ངོས་ལ་སོགས་པའི་ངོས་སུ་རྩིག་པ་ལ་བྲི་བར་བྱའོ། །བྱས་པའམ་ཞེས་པ་ནི་འཇི་བ་ [199b.3]དང་ཙནྡན་ལ་སོགས་པའི་རྣམ་པ་ལ་བརྩམས་པའོ། །ལུགས་སུ་བླུགས་པའམ་ཞེས་པ་ནི། གསེར་དངུལ་ལ་སོགས་པའི་རྣམ་པ་ལ། ཤིན་ཏུ་སྦྱངས་པའི་མགར་བ་མཁས་པས་མཚན་དང་ལྡན་པར་བླུགས་པའོ། །བསམ་པ་ལ་ཞེས་པ་ནི། མདུན་གྱི་ནམ་མཁའ་ལ་རྣམ་པར་དག་པའི་ཕོ་བྲང་ [199b.4]རྒྱན་ཆེན་པོ་རྒྱན་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་དམིགས་ནས། དེའི་ནང་ན་བཞུགས་པར་བརྟགས་པ་ལ། མཉེས་པར་བྱ་བའམ་ཞེས་པ་བསྒྲུབ་པར་བྱ་བའི་ལྷ། དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་ཞེས་པ་ནི། དཀྱིལ་འཁོར་གྱི་ལྷ་དང་ཐབས་ཅིག་ཏུ་ཇི་ལྟར་རིགས་པ་བཞིན་དུ་ [199b.5]གནས་པའམ། བཅོམ་ལྡན་འདས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་པ་ནི་དཀྱིལ་འཁོར་ཆེན་པོའི་ཚུལ་ལམ། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཁོ་ན་བསམས་ཏེ་མཆོད་དོ། །ཁྱད་པར་དུ་ཞེས་པ་ནི། དེ་ལས་ཀྱང་རིམ་པར་ཕྱེ་བའི་ཚིག་གོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་བསྡུས་ [199b.6]པའི་སྐུ་རྡོ་རྗེ་ཞེས་པ་ནི། ཐེག་པ་ཆུང་ངུ་ལས་བཟློག་པས་ན་ཆེན་པོ་སྟེ། མངོན་པར་རྟོགས་པ་ནི་བྱང་ཆུབ་སེམས་རྣམ་པར་དག་པའི་ངོ་བོ་ལ་བྱ་སྟེ། དེ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་མངོན་པར་རྟོགས་པས་ནི། མངོན་པར་རྟོགས་པ་སྟེ། དེའི་ནང་དུ་ཐམས་ཅད་འདུས་པས་ན་བསྡུས་པ་ཞེས་བྱ་སྟེ། དོན་དམ་པའི་ [199b.7]རང་བཞིན་ཆོས་ཀྱི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། ཡེ་ཤེས་ལྔའི་ངོ་བོའི་སྐུ་བས་ན་སྐུ་རྡོ་རྗེའོ། །དེ་ཡང་དོན་དམ་པར་བསྟན་པ་དང་། ཀུན་རྫོབ་ཏུ་བསྟན་པ་སྟེ། དོན་དམ་པར་ནི་ཆོས་ཀྱི་སྐུར་བསྟན་ལ། ཀུན་རྫོབ་ཏུ་ནི་གཟུགས་ཀྱི་སྐུའི་རྣམ་པར་སྟོན་པའོ། །གཞན་དུ་ནི་ཀུན་རྫོབ་ཏུ་ནི་འཇིག་རྟེན་པའི་སྐུའི་ངོ་བོར་སྟོན་ [200a] [200a.1]པའོ། །དོན་དམ་པར་ནི་འཇིག་རྟེན་ལས་འདས་པའི་ལྷར་སྟོན་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ནི་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་ལས་བྱུང་བས་འཐོན་པ་ཡང་དེ་ལས་འཐོན་ལ། བསྡུ་ན་ཡང་དེར་བསྡུས་པས་ན་ཐམས་ཅད་བསྡུས་པར་གྱུར་པས་ཞེས་བྱ་སྟེ། དཔེར་ [200a.2]ན་ཆུ་ཐམས་ཅད་རྒྱ་མཚོར་འདུས་པ་བཞིན་ནོ། །དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཞེས་པ་ནི། རིགས་བཞི་ལ་སོ་སོ་ན་འཁོར་ལོས་སྒྱུར་བར་འབོད་པ་དག་ཡོད་པའི་ནང་ནས། དཔལ་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཞེས་བྱ་སྟེ། དེའི་དོན་ནི་སེམས་ཅན་མ་གྲོལ་བ་གྲོལ་བ་དང་། [200a.3]དབུགས་མ་ཕྱུང་བ་དབུགས་དབྱུང་བ་དང་། མ་སྨིན་པ་སྨིན་པར་བྱ་བ་དང་། མྱ་ངན་ལས་མ་འདས་པ་དག་མྱ་ངན་ལས་འདས་པའི་གནས་སུ་འཇོག་པའི་འཁོར་ལོས་སྒྱུར་བའམ། གཅིག་ཏུ་ན་རིགས་ཀྱི་སྒོ་ནས་དེ་བཞིན་གཤེགས་པ་མཆོད་པ་དང་། སེམས་ཅན་གྱི་དོན་མཛད་པ་ལ་ཐོགས་པ་མེད་པ་ནི། དཔེར་ན་འཁོར་ལོས་སྒྱུར་ [200a.4]པ་དང་འདྲ་བས་སོ། །ཁ་ཅིག་ན་རེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་ཆོས་མཐུན་པའི་ཕྱིར་ཏེ། འཁོར་ལོས་སྒྱུར་བ་ཞེས་བྱ་བར་བཤད་དེ། དེ་ནི་དངོས་སུ་ན་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་མཆོད་དོ། །དེ་ལྟར་བྱ་བ་ཡང་ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་གསུངས་ཏེ། ལས་ [200a.5]མང་པོ་བྱ་བའི་མཚན་ཉིད་རྣམས་སྣང་སྟེ་ཞེས་པ་ནི། ལས་ནི་འཕགས་པ་མཆོད་པ་དང་། སེམས་ཅན་གྱི་དོན་བྱ་བའི་མཚན་ཉིད་དེ་ཞི་བ་ལ་སོགས་པ་རྣམ་པ་བཞི་དང་། སྒྲུབ་པའི་བྱེ་བྲག་ཐ་དད་པ་དག་དེ་བཞིན་དུ་བྱས་ནས་འགྲུབ་པར་དེའི་ནང་ན་སྣང་སྟེ། ཇི་ལྟར་རས་དང་ཐང་བུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། [200a.6]རྒོལ་བ་པ་ན་རེ། འོ་ན་རྣལ་འབྱོར་གྱི་རྒྱུད་རྣམས་ནི་ཏིང་ངེ་འཛིན་གཙོ་བས། སེམས་ཏིང་ངེ་འཛིན་གྱི་བསམ་གཏན་ལ་གནས་པས། ཐམས་ཅད་འཐོབ་པར་བསྟན་པ་ཡིན་ན། འདི་ལྟར་བྱ་བ་ལ་སོགས་པའི་གཞུང་དང་མཆོད་པས་མཆོད་པའི་རྣམ་པ་དག་བརྩམ་ཞེས་ཟེར་བ་ཅིའི་ཕྱིར་ཞེ་ན། སྨྲས་པ། མཆོད་པའི་ [200a.7]དགོས་པ་ཡང་འདི་ཉིད་ལས་ཞེས་པ་ནི། དེ་ལྟར་མཆོད་པ་བྱ་བ་ཡང་རྒྱུད་འདི་ཉིད་ལས་ཀྱང་འདི་ལྟར་བསྟན་ཏེ། དཀོན་མཆོག་གསུམ་ལ་མཆོད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་རྒྱུད་གཞན་ལས་ཀྱང་གསུངས་ཏེ། མཆོད་པ་རྣམ་བཞི་བྱས་པས་ནི། །ཞེས་པ་བདུག་པ་ལ་སོགས་པ་བཞིས་མཆོད་ [200b] [200b.1]པ་ཡིན་ལ། རྣམ་གཅིག་ཟང་ཟིང་གི་མཆོད་པ་དང་། གསང་བའི་མཆོད་པ་དང་། ཡིད་ཀྱི་མཆོད་པ་དང་། ནན་ཏན་གྱི་མཆོད་པ་སྟེ། བདག་ཉིད་ལྷའི་རྣལ་འབྱོར་དུ་གནས་པའི་སྒོ་ནས་བསོད་ནམས་ཆེན་པོ་ཐོབ་པར་གསུངས་སོ། །ད་ནི་རྒྱས་པའི་སྒོ་ནས་མང་པོ་ལ་དགའ་བ་རྣམས་ཀྱི་དོན་དུ་གསུངས་པ་ནི། དཀྱིལ་འཁོར་ཆེན་པོའི་ [200b.2]ཚུལ་གྱིས་མཆོད་པའི་ཆོ་ག་བཤད་པར་བྱའོ་ཞེས་གསུངས་པ་དག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གནས་སུ་འོས་པ་ཞེས་པ་ནི། ཡིད་དུ་འོང་ཞིང་དང་བར་གྱུར་པ་སྟེ། གང་ཞེ་ན། རྡོ་རྗེ་ནོར་བུའི་རྩེ་མོ་ཁང་པ་བརྩེགས་པ་བྱིན་གྱིས་བརླབ་པར་བྱ་སྟེ་ཞེས་བྱ་བ་དག་སྟེ། འདི་ནི་འདོད་ཁམས་ཀྱི་ལྷའི་རྒྱལ་པོའི་གནས་ཏེ། རྡོ་རྗེ་ [200b.3]ནོར་བུ་ཞེས་པ་ནི། རིན་པོ་ཆེའི་མཚན་རྡོ་རྗེའི་ནོར་བུ་ཞེས་བྱ་བ་སྟེ། ཁང་པའི་རྩེ་མོ་དེས་སྤྲས་པས་ན་རྡོ་རྗེ་ནོར་བུའི་རྩེ་མོ་ཞེས་བྱའོ། །བརྩེགས་མ་ཞེས་པ་ནི། ཡང་ཐོག་གི་རིམ་པ་རྣམ་པ་དུ་མ་དག་གཅིག་གི་སྟེང་དུ་གཅིག་བརྩེགས་མར་གྱུར་པས་ནའོ། །ཡང་ན་མ་ར་ཀ་ཏི་ལ་སོགས་པའི་རིན་པོ་ཆེའི་རིགས་རྣམ་པ་དུ་མ་དང་། མུ་ཏིག་གི་ [200b.4]རིགས་རྣམ་པ་དུ་མ་དང་། འཕྲ་འབུར་བ་ལ་སོགས་པ་ལྷའི་རྒྱན་དུ་མ་དག་གིས་བརྩེགས་མར་གཡོགས་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ལྟར་བྱིན་གྱིས་བརླབ་བོ། །འོ་ན་དེ་ལྟར་དེ་ཁོ་ན་དམིགས་པར་བྱ་བ་ཡིན་གྱི། གཞན་དམིགས་པར་བྱ་བ་མ་ཡིན་ནམ་འདི་ལྟར་བསྟན་པས་ཅི་འགྲུབ་ཅེ་ན། སྨྲས་པ། གང་གི་ཕྱིར་གསང་སྔགས་ [200b.5]གང་དུ་བཤད་པའི་གནས་དེར་མོས་པར་བྱས་ན་ཞེས་བྱ་བའི་ཚིག་གསུངས་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་བཤད་པ་དང་། གསང་སྔགས་ཀྱི་རྒྱུད་ཇི་སྙེད་པ་རྣམས་ནི། རི་རབ་རིའི་རྩེ་མོར་གཞལ་མེད་ཁང་འདིར་བསྟན་པ་ཡིན་པས་གནས་དེ་ཁོ་ན་བསམས་ [200b.6]ན། གང་འདོད་པའི་སྒྲུབ་པ་པོ་དེ་མྱུར་དུ་འགྲུབ་བོ་ཞེས་སྤྱིར་གསང་སྔགས་ཀྱི་རྒྱུད་ལས་ཞིབ་ཏུ་འབྱུང་བའི་ཚིག་སློབ་དཔོན་སྔ་རབས་རྣམས་འཆད་པའི་ཕྱིར་ན་འདི་ལྟར་བསྒོམ་པར་བསྟན་ཏོ། །འོ་ན་གནས་དེ་དག་བསྐྱེད་པའི་ཐབས་དང་པོའི་རིམ་པ་བཞིན་དུའམ། འོ་ན་དེ་ཁོ་ན་ཉིད་བསྒོམ་པར་བྱ་ཞེ་ན། དེའི་རིམ་པ་ཡང་འདིའོ་ [200b.7]ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཨོཾ་སྭ་བྷཱ་བ་ཤུདྷཿ སརྦ་དྷརྨཱ་ཞེས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་བྱིན་གྱིས་བརླབ་པ་སྟེ། སྟོང་པ་ཉིད་དུ་བྱ་བའི་སྔགས་སོ། །ངོ་བོ་ཉིད་ཡོད་པ་ཞེས་པ་ནི་དངོས་པོར་སྣང་བའི་མཚན་མ་བས་མ་དག་པའོ། །དང་བྲལ་བས་མོས་པའོ་ཞེས་པ་ནི། ངོ་བོ་ཉིད་ [201a] [201a.1]མེད་པ་ནི་མཚན་མ་དང་བྲལ་བ་སྟེ། དག་པ་བས་ན་དེ་ལྟར་བརྟག་པར་བྱ་བ་ནི་མོས་པར་བྱའོ། །དེ་ནས་འོག་ཏུ་ཞེས་པ་ནི། འོག་གི་ཕྱོགས་སུའོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་ཞེས་པ་ནི་ཕྱོགས་བཅུ་ན་ཇི་སྙེད་ཡོད་པར་གྱུར་པའི་འཇིག་རྟེན་གྱི་ཁམས་དེ་དག་སྟོན་ཅིང་འཛིན་པར་ནུས་པ་སྟེ་རྒྱ་ཆེ་ [201a.2]བའོ། །རླུང་གི་དཀྱིལ་འཁོར་ཆེན་པོས་གཞི་བྱས་པ། །ཞེས་པ་ནི། ཡཾ་ལས་རླུང་གི་དཀྱིལ་འཁོར་ཆེན་པོར་བསྐྱེད་པ་སྟེ། རྒྱ་དང་རྔམས་ཚད་མེད་པ། སྲེད་མེད་ཀྱི་བུའི་རྡོ་རྗེས་ཀྱང་ཕིགས་པར་མི་ནུས་པ་སྲ་ཞིང་སྡུག་པར་གྱུར་པ་དག་བསྒོམ་མོ། །བདུད་རྩིའི་རྒྱ་མཚོ་ཞེས་པ་ནི་རླུང་གི་དཀྱིལ་འཁོར་དེའི་ [201a.3]སྟེང་དུ་བཾ་ལས་ཆུའི་རྒྱ་མཚོ་ཆེན་པོའི་རླུང་གིས་གར་ཁྱབ་པ་དེའི་ཚད་དུ་གྱུར་པར་བསྒོམ་མོ། །དེ་ལྟ་བུ་ནས་བྱུང་བའི་ཕྱིར་རི་རབ་དེ་སྐད་བཤད་མོད་ཀྱི། འོན་ཀྱང་འདིར་ཆུའི་ཕུང་པོ་དེ་ལས་ལཾ་ལས་གསེར་གྱི་ས་གཞི་ཆེན་པོར་གྱུར་ཏེ། རྒྱ་ཆེ་ཞིང་སྡུག་པར་རབ་ཏུ་གྱུར་པར་བསྒོམ་མོ། །དེ་ནས་གདོད་དེའི་དབུས་སུ་སུཾ་ [201a.4]ལས་རི་རབ་བསམ་པར་བྱ་སྟེ། གཟི་མདངས་བཟང་པོ་དང་ལྡན་པ། །ཞེས་པ་ནི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པས་ཁ་དོག་མི་མཐུན་པའི་གཟི་མདངས་ཁྱད་པར་ཅན་དང་ལྡན་པར་བསྒོམ་པར་བྱའོ། །གསེར་གྱི་ས་གཞི་ཞེས་བ་ནི་དེའི་སྟེང་གི་སྡིངས་སུ་གསེར་གྱི་ས་གཞི་སྲ་བའི་ཚད་རྡོ་རྗེ་ལྟར་ཅིས་ཀྱང་མི་ཤིགས་པ་དབྱིབས་གྲུ་ [201a.5]བཞི་ལྷམ་པར་གྱུར་པ་རྒྱ་ཤིན་ཏུ་ཆེན་པོར་གྱུར་པ་སེམས་ཀྱིས་ཇི་ཙམ་དུ་དཔགས་པའི་ཚད་ཀྱི་རྒྱ་དེ་ཙམ། ཁོ་ར་ཁོར་ཡུག་གི་ཚད་སེམས་ཀྱིས་ཇི་ཙམ་དུ་མོས་པའི་མཐས་ཀླས་པ་ཙམ་དུ་གྱུར་པ་ལ། སྟེང་བཻ་ཌཱུརྱ་བཞུ་བས་མིག་མངས་རིས་སུ་བྲིས་པ། མཐའ་ཚོན་རྩི་བརྒྱ་རྩ་གཅིག་གིས་མཛེས་པར་བསྐོར་བར་མོས་པར་བྱའོ། [201a.6]དེ་ལྟར་བརྟགས་པའི་སྟེང་དུ། ཕྱོགས་བཞིར་ཡང་སྒོ་དང་རྟ་བབས་དང་ཞེས་པ་གཞལ་ཡས་ཁང་བརྟག་པར་བྱ་བ་སྟེ། དེ་ཡང་དབྱིབས་གྲུ་བཞི་པ་ལ་སྒོ་དང་ཏྭ་ར་ཎ་དང་། སྒོ་ཁྱུད་དང་། སྒོ་ཁང་དང་། ཀ་བ་བརྒྱད་དང་ལྡན་པ་རྡོ་རྗེའི་ཕྲེང་བ་དང་། ཆུ་སྐྱེས་ཀྱི་མེ་ཏོག་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་། ཉི་མ་དང་། ཟླ་བ་དང་། མེ་ཏོག་ [201a.7]གི་ཕྲེང་བ་དང་། དར་གྱི་ཆུན་པོ་དང་། འཕན་དང་། དྲིལ་བུ་དང་། རྔ་མ་རླུང་གིས་བསྐྱོད་པ་ལ་སོགས་པ་སྒོ་ཁྱུད་དང་། ཐེ་མ་སྐས་དང་། སྟེགས་བུ་ལ་སོགས་པས་བརྒྱན་པ་སྟེ། དེའི་དབྱིབས་གྲུ་བཞིར་གནས་པ་ནི། ཚད་མེད་པ་རྣམ་པ་བཞིའི་ངོ་བོས་ཐམས་ཅད་ལ་སྙོམས་པར་མཛད་པ་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། [201b] [201b.1]བཏང་སྙོམས་རྣམ་པར་ཞེན་པར་གྱུར་བའི་ངོ་བོ་སྟེ། དེ་ཡང་མནར་སེམས་ཕ་རོལ་གནོན་པར་འདོད་པ་ལས་བཟློག་པར་འདོད་པའི་ཕྱིར་ན་བྱམས་པའོ། །གཞན་རྗེས་སུ་འཛིན་པ་ལས་བཟློག་པའི་ཕྱིར་ན་སྙིང་རྗེའོ། །གཞན་གྱིས་སེམས་འཇོམས་པ་ལས་བཟློག་པའི་ཕྱིར་ན་དགའ་བའོ། །མི་མཉམ་པར་འདོད་པའི་ཡིད་ལས་བཟློག་ [201b.2]པས་ན་བཏང་སྙོམས་སོ། །ཚད་ཡོད་པ་ལས་བཟློག་པས་ན་ཚད་མེད་པ་སྟེ། ཡུལ་དང་སེམས་ཅན་ཚད་མེད་པ་ལ་དགོངས་པའི་མཐུ་མངའ་བས་ན་ཚད་མེད་པ་སྟེ། དེའི་ངོ་བོར་གྱུར་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་སྤྱད་པའི་ངོ་བོ་ཡོངས་སུ་སྨིན་པར་གྱུར་པས་སྒོ་བཞི་སྒོ་ཁང་དང་ [201b.3]བཅས་པས་བརྒྱན་པ་སྟེ། དེ་ལ་ཤར་ཕྱོགས་ཀྱི་སྒོ་ནི་དྲན་པ་ཉེ་བར་གཞག་པ་བཞིའི་རང་བཞིན་ཏེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའི་མཚན་མའི་མཚན་ཉིད་དོ། །ལྷོ་ཕྱོགས་ཀྱི་སྒོ་ནི་ཡང་དག་པར་སྤོང་བ་བཞིའི་རང་ [201b.4]བཞིན་ཏེ། སྡིག་པ་མི་དགེ་བའི་ཆོས་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་འདུན་པ་སྐྱེད་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་སྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འབྱུང་བ་དང་། ཉམས་པར་མི་ [201b.5]འགྱུར་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་པའི་མཚན་ཉིད་དོ། །ནུབ་ཕྱོགས་ཀྱི་སྒོ་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་ཏེ། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་ [201b.6]རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པའི་མཚན་ཉིད་དོ། །བྱང་ཕྱོགས་ཀྱི་སྒོ་ནི་དབང་པོ་ལྔའི་ངོ་བོ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་ [201b.7]པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའི་མཚན་ཉིད་དེ། དེ་ནི་བསམ་གཏན་བཞིའི་ངོ་བོ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པའི་མཚན་ཉིད། བསམ་གཏན་དང་པོ་དང་། ནང་ཡོངས་སུ་དང་བ་ [202a] [202a.1]དང་། དགའ་བ་དང་བདེ་བ་དང་། སེམས་རྩེ་གཅིག་པའི་མཚན་ཉིད། བསམ་གཏན་གཉིས་པ་དང་། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། སེམས་རྩེ་གཅིག་པའི་མཚན་ཉིད། བསམ་གཏན་གསུམ་པ་དང་། བཏང་སྙོམས་ཡོངས་སུ་དག་པ་ [202a.2]དང་། དྲན་པ་ཡོངས་སུ་དག་པ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའི་མཚན་ཉིད་བསམ་གཏན་བཞི་པའོ། །སྒོ་ཁྱུད་བཞི་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་མཛེད་ཀྱི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་ [202a.3]འཛིན་གྱི་ངོ་བོའོ། །ཀ་བ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་ཀྱི་ངོ་བོ་སྟེ། གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་བ་ [202a.4]ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་ [202a.5]མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་རྫོགས་པར་བྱས་ཏེ། གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ [202a.6]ཡས་རྫོགས་པར་བྱས་པ་འདི་ནི། རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་དེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་ [202a.7]རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། [202b] [202b.1]འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་པས་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ་ཞེས་གསུངས་པའོ། །ཕྲེང་བ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། དར་དཔྱངས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ངོ་བོ་སྟེ། གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་ [202b.2]པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ [202b.3]ལག་གོ་ཞེས་གསུངས་པའོ། །འཕན་དང་། དྲིལ་བུ་དང་། རྔ་མ་དང་། མེ་ལོང་དང་། རྔ་མ་རླུང་གིས་བསྐྱོད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་འགྲོ་བའི་ཡིད་གཡོ་ཞིང་གཡེངས་པར་བྱེད་པའི་ངོ་བོ་སྟེ། གང་ཞེ་ན། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་ [202b.4]པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། གཏན་ལ་ཕབ་པའི་སྡེའོ་ཞེས་གསུངས་པའོ། །ཉི་མ་དང་ཟླ་བ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ངོ་བོས་འགྲོ་བ་ཡོངས་སུ་ [202b.5]སྨིན་པར་མཛད་པའི་མཚན་ཉིད་དོ། །ཐེམ་སྐས་དང་སྟེགས་བུ་ནི་ཡེ་ཤེས་ཀྱི་རྟོགས་པའི་ཁྱད་པར་གྱིས་ཐེག་པ་འདི་དག་གོང་མ་ལ་རིམ་གྱིས་འཇུག་པ་དང་། ཏིང་ངེ་འཛིན་དུ་བསྟིམ་པར་བྱེད་པའི་མཚན་ཉིད་དོ། །ནང་གི་དབྱིབས་འཁོར་ལོའི་ཚུལ་དུ་གནས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་དང་མཐུན་པར་ [202b.6]བསྟན་ནས་དེ་སྦྱོང་བ་སྟེ། གང་ཞེ་ན། མ་རིག་པ་དང་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་རྣམས་སོ། །རྣམ་གསུམ་དུ་ཕྱེ་བ་ནི། ལས་དང་། ཉོན་མོངས་པ་དང་། སྡུག་བསྔལ་དུ་བསྡུས་པའི་མཚན་ཉིད་དང་། [202b.7]མཐུན་པར་བསྟན་ནས། དེ་རྣམ་པར་སྦྱོང་བ་དང་འཇོམས་པར་བྱེད་པའོ། །མཐའ་མའི་མུ་ཁྱུད་རྡོ་རྗེ་ཕྲེང་བས་བསྐོར་བ་ནི། ཐེག་པ་གཞན་ལས་ཁྱད་པར་དུ་གྱུར་པ། རྡོ་རྗེ་ཐེག་པས་འགྲོ་བ་ཡོངས་སུ་སྨིན་པར་མཛད་པའི་ཚུལ་བསྟན་པའོ། །འགྲོ་བ་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་མཛད་པའི་ངོ་བོ་བས། རིན་པོ་ཆེ་སྣ་ཚོགས་ལས་ [203a] [203a.1]བྱས་ཤིང་སྤྲས་པའི་མཚན་ཉིད་ཅན་གྱི་གཞལ་ཡས་ཁང་ངོ་། གཞན་གཞལ་ཡས་ཁང་དེའི་མཐའ་མ་དད་མཚམས་ཀྱི་ཚོམ་བུའི་བར་རྣམས་ནི། རིན་པོ་ཆེའི་ལྗོན་ཤིང་ལོ་འདབ་ཡོངས་སུ་སྨིན་པར་གྱུར་པ་དག་སྐྱེས་པའི་རྩེ་ལ་བྱ་ཀ་ལ་པིང་ཀ་ལ་སོགས་པས་ཡིད་དུ་འོང་བའི་དབྱངས་ཀྱིས་དོན་དང་ལྡན་པའི་ཚིགས་སུ་ [203a.2]བཅད་པ་བརྗོད་ཅིང་། ནམ་མཁའ་ལ་འཕུར་བ་དང་ཡན་ལག་བརྒྱད་པའི་མཚོ་གྱ་གྱུ་རྣམས་ནི་ནང་ན་མེ་ཏོག་གི་རྣམ་པ། མནྡཱ་ར་བ་དང་ཀུ་མུ་ད་ཆེན་པོ་ལ་སོགས་པའི་གཅལ་གྱིས་འདབ་འབྱོར་དུ་གང་བ། བུ་ཤ་ར་དང་ཨིནྡྲ་ནཱི་ལ་སོགས་པ་གཅལ་དུ་བཀྲམ་པ་དག་ལས་འོད་རྣམ་པ་མང་པོ་འཕྲོ་བས་ཐམས་ཅད་ཡོངས་སུ་གསལ་བར་བྱེད་པའི་ [203a.3]གོ་འབྱེད་པ། གོས་ཀྱི་ལྗོན་ཤིང་རྣམས་ཀྱི་འཕྲུལ་པ་ལས་བྱུང་བའི་ན་བཟའ་མང་པོས་ཡོངས་སུ་གཏིབས་པ། ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པ་དང་ལྡན་པའི་བདུག་སྤོས་ཀྱི་དུ་བ་རྒྱུན་མི་འཆད་པ་དང་། བྱུག་པའི་དྲིས་ཀུན་དུ་ཚིམ་པར་བྱེད་ཅིང་ཐམས་ཅད་ལ་ཁྱབ་པའི་སྤྲིན་ཆེན་པོ་འཁྲིགས་པ་ཕྱི་ནང་གི་ལྷ་མོ་རྣམ་པ་མང་པོ་དག་རིགས་ [203a.4]ཐ་དད་པར་གནས་པས། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་རྣམ་པ་འཛིན་པའི་ཆ་ལུགས་སྣ་ཚོགས་ཀྱིས་གཞན་མཉེས་པར་བྱེད་པ་ལ་སོགས་པ་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་མཐུ་ལས་གྲུབ་པ། ཡིད་ལས་བྱུང་བའི་རྫས་ཁྱད་པར་ཅན་རྣམས་ཀྱིས་ཡོངས་སུ་བརྒྱན་པ། ལྷ་དང་ལྷ་མོ་དང་ལྷའི་བུ་མོ་སངས་རྒྱས་ཀྱི་ཞིང་གི་རྡུལ་ [203a.5]ཕྲ་མོ་སྙེད་ཀྱིས་གླུ་དང་གར་དང་སིལ་སྙན་དང་། ཕེག་རྡོབ་བ་དང་། འཕྱོ་བ་དང་། ལྡིང་བ་དང་། བསྐོར་བ་དང་། བྲོ་རྡུང་བ་དང་། སྒེག་པ་དང་། འཇོ་བ་ལ་སོགས་པའི་ཚུལ་དང་ལྡན་པས། འཕགས་པ་ཡོངས་སུ་མཉེས་པར་བྱེད་པའི་མཚན་ཉིད་འཛིན་པ་དག་བསམ་པར་བྱ་བ་ནི། དཔེར་ན་དེ་བཞིན་གཤེགས་པ་ཉིད་ལྷའི་རྒྱལ་ [203a.6]པོའི་ཕོ་བྲང་ན། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྣམས་ཀྱི་དོན་འཆད་པར་མཛད་པ་རྣམས་ཀྱི་དུས་ན་བྱུང་བར་གྱུར་བའི་ཕུན་སུམ་ཚོགས་པ་དེ་ལྟ་བུ་དང་ལྡན་པར་མོས་པར་བྱའོ། །དེ་བས་ན་ཕྱོགས་བཞིར་ཡང་། སྒོ་དང་རྟ་བབས་དང་ཞེས་བྱ་བ་ལ་སོགས་པའི་ཚིག་འདི་གསུངས་སོ། །དེར་བཞུགས་ [203a.7]པར་གྱུར་བའི་ལྷ་རྣམས་ཀྱི་གདན་གྱི་རྣམ་པ་ཇི་ལྟ་བུ་དག་ཡིན་སྙམ་པ་རྣམས་ཀྱི་མགོ་རྨོངས་པ་བསལ་བའི་དོན་དུ་སྨྲས་པ། ཇི་ལྟར་བསམས་པའི་འཁོར་ལོའི་ནང་དུ་ཡང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སེང་གེའི་གདན་ཞེས་པ་ནི། མི་འཇིགས་པ་བཞིའི་བསྙེམས་པའི་རྟགས་ཏེ། སོགས་པའི་སྒྲས་ནི་གླང་པོ་ཆེ་དང་། རྟ་དང་། རྨ་བྱ་ [203b] [203b.1]དང་། ནམ་མཁའ་ལྡིང་དང་། ཉི་ཟླ་དང་པདྨའི་གདན་རྣམས་ཡོངས་སུ་སྡུད་པར་བྱེད་པ་སྟེ། དེ་དག་གི་དོན་དང་ཚིག་རྣམས་ནི། རྒྱས་པར་འོག་ནས་བཤད་པ་ལས་ཤེས་པར་བྱས་ལ། དེ་བཞིན་དུ་བརྟག་གོ། །འོ་ན་དེ་ལྟར་གནས་ཀྱི་རྣམ་པ་ཁྱད་པ་ཅན་དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་དེ་རྒྱུ་གང་ལས་གྲུབ་པ་ཡིན་ཞེ་ན། ཁ་ཅིག་ན་རེ་ [203b.2]དེ་ལྟར་རྣམ་པར་བཀོད་པ་མངོན་དུ་སྣང་བའི་རྒྱུ་དེ་ནི། ཚོགས་རྣམ་པར་རྫོགས་པའི་རྒྱུ་མཐུན་པ་ལས་བྱུང་པའི་འབྲས་བུ་ཞེས་ཟེར་རོ། །ལ་ལ་ན་རེ་རྒྱུའི་དུས་ནས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མ་ལུས་པར་སྤྱད་ནས། ཚོགས་རྣམ་པ་གཉིས་རྫོགས་པར་གྱུར་པའི་འབྲས་བུ་ནི་མངོན་པར་རྫོགས་པར་འཚང་རྒྱ་ཞེས་གསུངས་ [203b.3]པར་ཟད་ཀྱི། འདི་ལྟར་འགྱུར་ཞེས་མི་གསུང་ངོ་། །ལན་བཏབ་པ། །ཅི་ཚོགས་རྫོགས་པ་ལས་བྱུང་བའི་འབྲས་བུའི་སྐུ་ལ་འདི་ལྟ་བུའི་རྣམ་པ་དང་བཅས་པའི་གཞལ་ཡས་ཁང་ཡོད་པར་མི་རུང་ངམ། སྨྲས་པ་དེ་ཡང་བཀག་པ་ལྟ་མེད་ཀྱི། འོན་ཀྱང་དེ་ལྟ་ན་ནི་བདག་གིས་སྤྱད་པ་གཞན་གྱི་རྒྱུད་ལ་སྨིན་པ་ལྟ་བུར་འགྱུར་བས་ [203b.4]གཞུང་ཉམས་པའི་ཕྱིར་ན། དེ་སྐད་མི་རིགས་སོ། །ཡང་སྨྲས་པ་མི་དགེ་བ་བཅུ་པོ་དག་ལུས་ཀྱིས་སྤྱད་པས་ཀྱང་ལུས་ཀྱིས་མི་བཟད་པའི་འབྲས་བུ་ཡང་ཉམས་སུ་མྱོང་བར་འགྱུར་ལ། ཡུལ་མ་རུངས་པ་དག་ནི་སྐྱེ་བར་འགྱུར་བ་ཡང་ཐོབ་པར་བྱེད་ན། འདིར་འདི་ལྟར་སྤྱད་པའི་འབྲས་བུས་འབྲེལ་བ་ཅན་གྱི་རྣམ་པར་ [203b.5]སྨིན་པ་ཉམས་སུ་མྱོང་བར་འགྱུར་དུ་མི་རུང་བ་ཡང་མེད་ལ། གཅིག་གིས་སྤྱད་པའི་ལས་གཞན་ལ་སྨིན་པའི་འབྲས་བུར་གྱུར་པས་གསལ་བ་ཡང་མེད་དོ། །ཇི་ལྟར་འབྲས་སཱ་ལུ་འདོད་པའི་མིས་ས་གཤིན་པ་ལ་ས་བོན་བཏབ་ཅིང་ལག་བྱད་ཀྱིས་བསྐྱེད་ནུས་པར་བྱས་ན། འབྲས་བུ་འདོད་པ་དག་དེ་བཞིན་དུ་འཐོབ་པར་འགྱུར་ [203b.6]ལ། དེའི་ཟླ་མི་འདོད་པའི་ཕུབ་མ་དང་། སོག་མ་ལ་སོགས་པ་ཞོར་ལ་འབྱུང་ངོ་། །ཅིའི་ཕྱིར་ཞེ་ན། དེ་གཉིས་འབྲེལ་པར་འགྱུར་བའི་ཕྱིར་རོ་ཞེས་གསུངས་པས་ན། གཞལ་ཡས་ཁང་མངོན་པར་གྲུབ་པར་བྱའོ་སྙམ་དུ་ཡིད་ལ་མ་བྱས་ཀྱང་འབྲས་བུ་མངོན་དུ་གྱུར་པའི་གནས་ན་འབྲེལ་བའི་མཚན་ཉིད་དུ་གྱུར་པའི་གཞལ་ཡས་ [203b.7]ཁང་དང་ལྡན་པ་ལ་འགལ་བ་མེད་དོ། །དེས་རྒྱུ་འབྲས་མི་གཅིག་པ་ལ་སྨིན་པར་ཡང་མི་འགྱུར་ཏེ། ཇི་ལྟར་བསྟན་བཅོས་ལས་དཀའ་བའི་སེམས་ཀྱིས་སྤྱད་པའི་བདེ་བ་ལུས་ཀྱིས་མྱོང་ཞེས་བཤད་པ་བཞིན་ནོ་ཞེས་ཟེར་རོ། །འདིར་སྨྲས་པ། དེ་ཡང་བདེན་ཏེ། གནས་སྐབས་ཀྱིས་ན་དེ་ལྟར་ཡང་ཡིན་ལ་མ་ཡིན་པ་ཡང་ [204a] [204a.1]མ་ཡིན་པར་འདོད་དོ། །དེ་ལ་སྨྲས་པ། དེ་ལྟར་གནས་སྐབས་ཀྱིས་དེ་ལྟར་ཡིན་ལ་མ་ཡིན་པ་ཡང་མ་ཡིན་པར་འདོད་ན། དེའི་རྣམ་པར་དབྱེ་བའི་གཏན་ཚིགས་བརྗོད་དགོས་སོ་ཞེ་ན། །སྨྲས་པ། དེ་ཡང་དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་ཚུལ་གཉིས་སུ་ཤེས་པར་བྱ་སྟེ། [204a.2]དེ་བཞིན་གཤེགས་པ་རྣམས་ཀྱི་གནས་སྐབས་ན་ནི་དེ་ལྟར་ཡིན་ལ། དམ་ཚིག་སེམས་དཔའ་བསམ་གཏན་མངོན་དུ་བྱ་བའི་གནས་སྐབས་སུ་ནི་དེ་ལྟར་མ་ཡིན་པར་ཤེས་པར་བྱའོ། །སྨྲས་པ། འོ་ན་དམ་ཚིག་སེམས་དཔའི་བསམ་གཏན་གྱི་གོ་སྐབས་སུ་རྒྱུའི་རྣམ་པ་ཇི་ལྟ་བུ་ལས་འབྱུང་བར་ [204a.3]ཤེས་པར་བྱ་ཞེ་ན། ལན་བཏབ་པ། གདན་ལ་སོགས་པ་གནས་པར་བཀོད་པ་འདི་དག་ཐམས་ཅད་གྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་འདི་དག་འདི་ལྟར་མངོན་པར་གྲུབ་པའི་རྒྱུ་ནི་སྒྲུབ་པ་པོ་དམ་ཚིག་སེམས་དཔའི་ལྷའི་རྣལ་འབྱོར་གསལ་བ་ལས་གྱུར་པའི་ཏིང་ངེ་འཛིན་ [204a.4]ཁུགས་པའི་མཐུ་ལས་བྱུང་བས་ན། དམ་ཚིག་སེམས་དཔའི་རྣལ་འབྱོར་དང་ལྡན་པའི་སེམས་ཉིད་དོ་ཞེས་བཤད་པའི་ཕྱིར་རོ། །འོ་ན་དེ་ཁོ་ནའི་སྦྱོར་བས་རྣམ་པ་འདི་བཞིན་དུ་འགྲུབ་པར་འགྱུར་བ་ཡིན་གྱི། གཞན་གྱིས་འདི་ལྟར་འགྱུར་བའི་ཐབས་མེད་དམ་ཞེ་ན། རྣམ་པ་གཞན་དག་ [204a.5]ཀྱང་ཡོད་པར་བསྟན་པའི་ཕྱིར་སྨྲས་པ། ཡང་ན་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་བསམས་ཏེ། ལས་སྣ་ཚོགས་ཀྱི་ཕྱག་རྒྱ་བརྗོད་པའོ་ཞེས་སྨྲས་ཏེ། རང་གི་ལྕེ་ལ་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་རྩེ་ལྔ་པ་བཞག་ནས་ཆོས་ཀྱི་ཕྱག་རྒྱ་བརྗོད་དེ། ལས་ཀྱི་རྡོ་རྗེར་བསྒྱུར་ནས་ལྷའི་གནས་བསྐྱེད་པར་ [204a.6]བྱས་ན་དེ་བཞིན་དུ་འགྲུབ་བོ། །འོ་ན་ཏིང་ངེ་འཛིན་གྱི་སྦྱོར་བ་རྣམ་པ་མང་པོ་དག་ཡོད་པ་ལས། སྒོ་འདིས་འདི་བཞིན་དུ་འགྲུབ་པ་ཅིའི་ཕྱིར་གཞན་གྱི་རྣམ་པར་གཞག་པའི་བསམ་གཏན་གྱིས་དེ་ལྟར་མ་ཡིན་ཞེ་ན། སྨྲས་པ། བསམ་གཏན་གྱི་སྦྱོར་བ་གཞན་གྱིས་ཀྱང་འགྲུབ་པར་འགྱུར་བའི་རྣམ་པ་ [204a.7]གཞན་དུ་བསྟན་པ་དག་ཡོད་མོད་ཀྱི། འོན་ཀྱང་འདིའི་སྐབས་སུ་ནི་འདི་ཁོ་ན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་བས། འདི་ལྟར་བྱས་པས་དོན་འདི་དག་མངོན་དུ་འགྱུར་བར་གསུངས་སོ། །འོ་ན་དེ་ལྟར་བསྟན་པའི་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་ལས་ཐམས་ཅད་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ [204b] [204b.1]ན། སྨྲས་པ། དེ་ལ་ཆོས་ཀྱི་ཕྱག་རྒྱ་ནི། སུ་བ་ཤི་ཏྭཾ་ཞེས་བྱ་བ་འདི་ཡིན་པར་བཤད་དོ། །ལྷ་རྣམས་ཀྱི་གནས་བསམ་གཏན་གྱི་སྦྱོར་བས་གཞལ་ཡས་ཁང་བསྐྱེད་པའི་ཐབས་དེ་ཡན་ཆད་དུ་བཤད་ཟིན་ཏོ།། །།དེ་ལྟར་གནས་ཕུན་སུམ་ཚོགས་པ་དང་ལྡན་པར་བྱིན་གྱིས་བརླབས་པ་དེར། མཆོད་ [204b.2]པས་མཉེས་པར་བྱ་བ་དང་། བསྒྲུབ་པར་འོས་པའི་འཕགས་པ་རྣམས་དགོད་ཅིང་བཞུགས་སུ་གསོལ་བར་བྱ་སྟེ། དེའི་ཐབས་དང་རིམ་པའི་རྣམ་པ་ཇི་ལྟར་བརྩམ་པར་བྱ་བ་ཡིན་ཞེ་ན། ད་ནི་འདིར་ཇི་ལྟར་རིགས་པར་མཆོད་པར་བྱ་བའི་ལྷའི་སྐུ་བསམ་པ་དེ་དག་ཤིན་ཏུ་བྱིན་གྱིས་རློབ་པ་ [204b.3]དང་རྗེས་སུ་མཐུན་པར་བཤད་པར་བྱའོ་ཞེས་གསུངས་ཏེ། གནས་ཕུན་སུམ་ཚོགས་པ་འབྱོར་བའི་བསམ་གཏན་མངོན་དུ་བྱས་ནས། མཆོད་པར་འོས་པ་རྣམས་བཞུགས་པར་མོས་པར་བསྐྱེད་པའི་དུས་ལ་བབ་པས་ན་ད་ནི་ཞེས་བྱའོ། །དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་བཞི་ [204b.4]དང་། ཕྱག་རྒྱ་གཅིག་པ་ལ་སོགས་པའི་གཞུང་གང་ལྟར་རིགས་པའི་ཚུལ་དུ་བསམ་པར་བྱ་བས་ན། ལྷ་གང་ལྟར་རིགས་པ་ཞེས་བྱའོ། །མཆོད་པར་བྱ་བའི་ལྷའི་སྐུ་བསམ་པར་བྱ་བ་ཡང་། རང་རང་གི་རིག་པ་དང་། སྔགས་བརྗོད་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྐུའི་ཆ་ལུགས་ [204b.5]ཇི་ལྟ་བ་བཞིན་སོ་སོར་ངེས་པར་བསམ་ན་གང་ལྟར་འདོད་པ་བཞིན་དུ་བྱིན་གྱིས་རློབ་པར་མཛད་པས་ན། དེ་དང་རྗེ་སུ་མཐུན་པར་བཤད་པར་བྱའོ། །དེ་ལྟར་བྱ་བའི་དོན་དེ་ཉིད་བསྟན་ཏེ་བསལ་བར་སྟོན་པས་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་པར་བྱ་བའི་ལྷ་རྣམས་ཞེས་ [204b.6]པ་ནི། རྡོ་རྗེ་དབྱིངས་ཆེན་པོ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་སོ། །སོ་སོའི་སྙིང་པོ་ནི་བཛྲཱ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་རྣམས་སོ། །དེའི་དོན་རྟོགས་པར་བྱ་བར་རིག་པར་བྱའོ་ཞེས་པ་ནི། ལྷ་སོ་སོའི་སྙིང་པོ་དེ་དག་གི་དོན་ཇི་ལྟ་བུར་སྟོན་པ་ཡང་རིག་ [204b.7]པར་བྱས་ནས། དེ་ནས་ལྷ་དེ་དག་སོ་སོའི་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བསྐྱེད་པར་བསམ་པའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་དུ། ཙ་ཀ་ལི་དགོད་ཅིང་འཇོག་པའི་ཚེ་ན་ཡང་། སྙིང་པོ་སོ་སོ་བརྗོད་ཅིང་གཞག་པར་བྱ་སྟེ། དེའི་ཚེ་ཡང་བདེན་པ་གཉིས་ཇི་ལྟ་བའི་དོན་སྟོན་པའི་ [205a] [205a.1]མཚན་ཉིད་དུ་རིག་པར་བྱའོ། །དེ་ལྟར་བྱ་བའི་གཏན་ཚིགས་ཀྱང་། རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཕྱི་མ་ལས་གསུངས་ཏེ། སྙིང་པོའི་དོན་གྱིས་བདག་ཉིད་སངས་རྒྱས་ཀྱི་སྐུ་ཞེས་པ་ནི། བཛྲ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པ་ལྷ་སོ་སོའི་སྙིང་པོ་བརྗོད་པས་དོན་གྱི་རྣམ་ [205a.2]པ་གང་སྟོན་པ་དེ་ཉིད་རིག་པར་བྱས་ནས། བདག་ཉིད་གང་ལྟར་མོས་པའི་ལྷའི་བསམ་གཏན་དུ་མོས་པར་བྱས་ནས་མདུན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་གང་བསྒོམ་པ་བསམ་པར་བྱ་བ་ཡང་སོ་སོའི་སྙིང་པོ་གང་ཡིན་པ་ཚིག་ཙམ་གྱིས་བརྗོད་ལ། མདུན་ན་གནས་པར་བརྟག་པར་ [205a.3]བྱ་བར་གསུངས་སོ། །འོ་ན་དེ་ལྟར་ཚིག་གི་བཟླས་བརྗོད་ཀྱི་རྣམ་པ་མངོན་དུ་བྱས་པས་འགྲུབ་པར་འགྱུར་རམ་ཞེ་ན། བཟླས་བརྗོད་ལ་སོགས་པའི་ཚེ། བསྒོམ་པ་གཙོ་བོ་ཡིན་པར་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་འདི་ལྟར་བསྟན་ [205a.4]ཞེ་ན། བསྒོམ་པའི་དབང་གིས་ཞེས་བྱ་བ་གསུངས་ཏེ། བདག་ཉིད་ལྷའི་བསམ་གཏན་དུ་མོས་པ་མངོན་དུ་བྱས་ནས་མདུན་དུ་ཡང་དེ་བཞིན་དུ་བསམས་ན། སྤྱན་དྲངས་པའི་སྦྱོར་བ་མ་བྱས་ཀྱང་བྱོན་ཞིང་བྱིན་གྱིས་རློབ་པར་མཛད་པའི་ཕྱིར་ན། བསྒོམ་པ་གཙོ་ [205a.5]བོར་བསྟན་ཏོ། །དེ་ལ་ལྷ་བསྒོམ་པ་དང་། བསམ་པ་དང་། དགོད་པར་བྱ་བའི་རིམ་པ་ཇི་ལྟར་རྣམ་པར་གཞག་པར་བྱ་བ་ཡིན་ཞེ་ན། ཇི་ལྟར་བརྟགས་པའི་ཁང་པའི་ནང་གི་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཇི་ལྟར་བརྟགས་པའི་ཞེས་པ་ནི་གོང་མའི་དོན་ལ་བསྙེགས་ [205a.6]པ་སྟེ། དེ་ལྟར་བརྟགས་པའི་ཁང་པ་སྟེ། ལྷའི་གཞལ་ཡས་ཁང་མངོན་དུ་བསམ་པ་དེའོ། །འཁོར་ལོ་དབུ་མའི་གནས་ཞེས་པ་ནི་གཞལ་ཡས་ཁང་གི་དབུས་འཁོར་ལོ་ལྟ་བུའི་ཟླུམ་པོའི་རེའུ་ཆ་དབུས་མ། སེང་གེའི་གདན་ཆེན་པོ་ཞེས་པ་ནི། གཞན་ཟིལ་གྱིས་གནོན་པར་བྱེད་པའི་མཚན་ཉིད་ཅན་ [205a.7]ཏེ། མི་འཇིགས་པ་བཞི་དང་ལྡན་པའི་རྟགས་སུ་བསྟན་པའོ། །དེའི་སྟེང་དུ་འགྲོ་བའི་དོན་ལ་ཆགས་ཤིང་འཁོར་བའི་ཉེས་པས་མི་གོས་པའི་རྟགས་ཀྱི་པདྨ་དང་། བྱང་ཆུབ་སེམས་ཀྱི་བདག་ཉིད་ཟླ་བའི་དཀྱིལ་འཁོར་ཆེན་པོ་བསམ་པར་བྱའོ། །ལྷའི་ཕུན་སུམ་ཚོགས་པ་ཞེས་པ་ནི། དེར་གནས་པར་འོས་པའི་འཕགས་པ་ [205b] [205b.1]རྣམས་ཀྱི་བྱིན་རླབས་དང་། རྣམ་པར་ཐར་པ་ལས་བྱུང་བའི་ཡོན་ཏན་ཕུན་སུམ་ཚོགས་པའི་གཞིའམ། ངོ་བོར་གྱུར་པའོ། །དེའི་སྟེང་དུ་བཅོམ་ལྡན་འདས་རྟག་པ་ཞེས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་ལྷའི་བུ་ལ་སོགས་ [205b.2]པའི་བདུད་བཞི་དང་། དེའི་ཆར་གཏོགས་པའི་མི་མཐུན་པའི་ཕྱོགས་འཇོམས་པར་མཛད་པའི་དོན་དང་ལྡན་པས། གང་གི་ངོ་བོར་ཡང་མི་གནས་པར་འདས་པའི་ཕྱིར་ན། བཅོམ་ལྡན་འདས་ཞེས་བྱའོ། །གློ་བུར་མི་རྟག་པའི་རྣམ་པ་ལས་བཟློག་པའི་ཕྱིར་ན། རྟག་པ་ [205b.3]ཞེས་བྱ་སྟེ། རྟག་པ་ཆེན་པོའི་དང་ལས་བཞུགས་ཤིང་། ཆོས་ཉིད་ཀྱི་ལོངས་སྤྱོད་ཆེན་པོ་ལ་སོགས་པ་ཡོན་ཏན་གྱི་རྣམ་པ་མང་པོ་ལ་མངའ་བརྙེས་པས་རྟག་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡེ་ནས་གནས་པའི་ངོ་བོ་ལས་བྱུང་ཞིང་འཐོན་པས་ན་དེ་ [205b.4]སྐད་ཅེས་བརྗོད་དོ། །མཚན་དང་དཔེ་བྱད་ཡང་དག་པར་སྟོན་པ་ཞེས་པ་ནི། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ངོ་བོ་མཛེས་པར་སྣང་བའི་སྐུ་སྟོན་པའོ། །ཕལ་པ་དག་ལས་ཁྱད་པར་དུ་བསྟན་པས་ན། བདག་ཉིད་དམ་པའོ། །ཉི་མའི་དཀྱིལ་འཁོར་ཆེན་པོ་སྲིན་བུ་མེ་ཁྱེར་གྱིས་གནོན་པར་ [205b.5]མི་ནུས་པ་བཞིན་གྱི་དུ་གཞན་གྱི་འོད་ཀྱིས་ཟིལ་གྱིས་མི་ནོན་པས་ན། ཟིལ་གྱིས་མི་ནོན་པའོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་ཡོངས་སུ་དྲང་བ་ཞེས་པ་ནི་འོད་ཟེར་ཆེན་པོ་འཕྲོ་བ་དང་སྡུད་པར་མཛད་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་མཛད་དེ། དེ་ན་གནས་པའི་སེམས་ [205b.6]ཅན་དབང་པོ་མ་ཚང་བ་རྣམས་དབང་པོ་དང་ལྡན་པར་མཛད་ལ། སྡུག་བསྔལ་ཅན་རྣམས་བདེ་བ་ལ་འགོད་པ་དང་། བདེ་བ་ལ་གནས་པ་དག་ནི་བདེ་བ་དེ་དང་མི་འབྲལ་ཞིང་གོང་དུ་འཕར་བའི་རིམ་པས་བྱང་ཆུབ་ཆེན་པོ་ལ་སྤྱོད་པར་བྱེད་པ་སྟེ། ཇི་ལྟར་མདོ་སྡེ་ལས་དེ་བཞིན་གཤེགས་པའི་སྐུའི་ [205b.7]གནས་རྣམས་ནས་འོད་ཟེར་བྱེ་བ་ཕྲག་དྲུག་ཅུ་དྲུག་ཅུ་ཕྱུང་བས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་མཛད་དོ། །འོད་ཟེར་དེས་གང་ལ་ཕོག་ཅིང་རེག་པའི་འགྲོ་བ་དེ་དག་ཀྱང་། ལོང་བ་རྣམས་ཀྱིས་ནི་གཟུགས་མཐོང་བར་གྱུར་ཏོ། །འོན་པ་རྣམས་ཀྱིས་ནི་སྒྲ་ཐོས་པར་གྱུར་ཏོ། །ལྐུགས་པ་རྣམས་ཀྱིས་ནི་སྨྲ་ཤེས་ [206a] [206a.1]པར་གྱུར་ཏོ། །ཞ་གྲུམ་རྣམས་ནི་ཡན་ལག་དང་ལྡན་པར་གྱུར་ཏོ། །སྨྱོན་པ་རྣམས་ནི་དྲན་པ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་བཞིན་ནོ། །མཚན་མ་དང་ཞེས་པ་ནི། དགེ་སྦྱོང་དང་། བྲམ་ཟེ་དང་། གཅེར་བུ་དང་། ཚངས་པ་དང་། བརྒྱ་བྱིན་དང་། འཁོར་ལོས་ [206a.2]སྒྱུར་བ་དང་། སྐྱེས་པ་དང་། བུད་མེད་དང་། རྟ་དང་། གླང་པོ་ཆེ་དང་། དུང་འགྲོ་ལ་སོགས་པའི་མཚན་མ་སྣ་ཚོགས་ཀྱི་རྣམ་པར་སྟོན་པའི། སྤྱོད་ལམ་དང་ཞེས་པ་ནི་ཁྲོ་བ་དང་། ཞི་བ་དང་། འཇིགས་སུ་རུང་བ་དང་། གཞན་འཇིགས་པར་བྱེད་པ་དང་། དཔའ་བ་དང་། སྐྲག་པ་ལ་སོགས་པ་བཟང་ངན་དང་། འཇམ་རྩུབ་ [206a.3]ཀྱིས་རྣམ་པ་མི་མཐུན་པའི་ཚུལ་དུ་སྟོན་པའོ། །སྐུ་མང་པོ་ཞེས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་མདོག་དང་དབང་དང་རིགས་ལ་སོགས་པ་ཐ་དད་པ་མང་པོར་སྟོན་པས་ན་རྣམ་པ་སྣ་ཚོགས་དང་ལྡན་པས་སོ། །མོས་པ་ཐ་དད་པ་ཞེས་པ། སེམས་ཅན་དབང་པོ་རབ་དང་འབྲིང་ [206a.4]དང་ཐ་མར་གྱུར་པ་དག་རིམ་གྱིས་སྐུ་དང་གདམས་ངག་ལ་སོགས་པ་གང་ལ་མོས་པ་དེ་བཞིན་དུ་སྟོན་པ་དང་སྣང་བར་མཛད་པའོ། །ཐུབ་པའི་སྐྱེ་བོར་བཅས་པ་ཞེས་པ་ནི་འཇིག་རྟེན་པའི་དཀའ་ཐུབ་ལ་གནས་པའི་སྡོམ་པ་འཛིན་པ་སྟེ། བྲམ་ཟེ་དང་དྲང་སྲོང་ལ་སོགས་པ་དག་གོ། །ཁ་ཅིག་ན་རེ། འཇིག་ [206a.5]རྟེན་གྱི་དྲང་སྲོང་རྣམས་ཁོ་ན་ཐུབ་པའི་སྐྱེ་བོ་ཞེས་ཟེར་རོ། །དེ་ལྟར་འཇིག་རྟེན་པའི་གཙོ་བོ་རྣམས་ཟིལ་གྱིས་མནན་ཏེ་བཞུགས་པའོ། །བདེ་བར་གཤེགས་པ་ལ་སོགས་པའི་འཁོར་རྣམས་མངོན་དུ་ཕྱོགས་པ་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པ་རིགས་ཀྱི་བདག་པོ་དེ་བཞིན་གཤེགས་པ་ [206a.6]བཞི་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ཀྱི་སེམས་དཔའ་ཆེན་པོ་ལྷ་མོ་དང་བཅས་པ་རྣམས་གཙོ་བོ་ལ་འདུད་པའི་ཚུལ་འཛིན་པས་ཞལ་དུ་བལྟ་བའོ། །ཞལ་ཀུན་དུ་གཟིགས་པ་ཞེས་པ་ནི། དབུས་ཀྱི་གཙོ་བོ་དེ་ཉིད་ཕྱོགས་ཀུན་དུ་ཞལ་གཟིགས་པར་སྣང་བ་སྟེ། འཁོར་རྣམས་ཀྱིས་གང་ནས་བལྟས་ [206a.7]པ་དེས། བདག་ཁོ་ན་ལ་དེ་བཞིན་གཤེགས་པ་གཟིགས་སོ་སྙམ་དུ་རྟོག་པ་འཇུག་པའི་ཚུལ་དང་ལྡན་པ་སྟེ། ཅིའི་ཕྱིར་དེ་ལྟར་འགྱུར་ཞེ་ན། རྩ་བའི་རྒྱུད་ཆེན་པོ་ཉིད་ལས་རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གསུངས་པའི་ཕྱིར་དང་། དེ་ཁོ་ན་ཉིད་སྣང་བ་ལས། དེ་ [206b] [206b.1]བཞིན་གཤེགས་པས་ནི་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་པས། གང་དུ་འདུག་པ་དེའི་མདུན་དུ་འགྱུར་རོ་ཞེས་གསུངས་པ་བཞིན་ནོ། །དེ་ལྟར་བསམ་པའི་སྙིང་པོ་ནི། །ཨོཾ་བཛྲ་དྷཱ་ཏུ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་དེའི་མདུན་རྒྱབ་ [206b.2]དང་། གཡས་གཡོན་ཕྱོགས་བཞིར་ཕ་རོལ་ཏུ་ཕྱིན་མ་བཞིའི་ངོ་བོ། སེམས་མ་རྡོ་རྗེ་མ་ལ་སོགས་པ་བཞིའི་མཚན་མ་བསམ་པ་ནི། རྡོ་རྗེ་རྩེ་ལྔ་པ་ཆེན་པོའི་གཟུགས་དང་། ནོར་བུ་རིན་པོ་ཆེ་འོད་འབར་བ་དང་། པདྨ་དམར་པོ་འདབ་མ་བརྒྱད་ [206b.3]པ་དང་། རྡོ་རྗེ་རྒྱ་གྲམ་ཆེན་པོའི་གཟུགས་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་གནས་པར་བསམ་མོ། །རྒོལ་བ་པ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་དབྱིངས་ཀྱི་ལྷ་ཇི་སྙེད་པ་དག་གནས་པ་ལས། ཀུན་ཕྱག་རྒྱ་ཆེན་པོའི་ཚུལ་ [206b.4]དུ་བཞུགས་པ་ལས། ཡུམ་བཞི་པོ་འདི་དག་དམ་ཚིག་གི་ཕྱག་རྒྱའི་གཟུགས་སུ་གནས་ཤིང་། ཕྱག་རྒྱ་ཆེན་པོའི་ཚུལ་མི་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཚུལ་བས་རགས་པའི་ལུས་སྤངས་པའི་ཕྱིར་འདི་ལྟར་ [206b.5]བསྟན་པ་དང་། དམ་ཚིག་ཉམས་པ་གསོ་བའི་ཕྱིར་དང་། མུ་སྟེགས་པ་དང་། ཉན་ཐོས་རྣམས་ཀྱི་སྐུར་པ་འདེབས་སུ་དོགས་པ་བསལ་བའི་ཕྱིར་ཡང་། དམ་ཚིག་གི་ཕྱག་རྒྱར་གནས་པར་བསྟན་ཏེ། དེ་ཡང་དམ་ཚིག་ཉམས་པའི་ཚད་རྣམ་པ་གསུམ་ལས་ཆེར་ [206b.6]ཉམས་པ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་པས་གསོའོ། །འབྲིང་དུ་ཉམས་པ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་དབང་བསྐུར་བས་གསོའོ། །ཆུང་དུ་རལ་པ་ནི་རིགས་ཀྱི་ཡུམ་འདི་བཞིའི་ཕྱག་རྒྱས་དཔྲལ་བ་དང་། ཁ་དང་། སྙིང་གའི་གནས་ [206b.7]བཞི་པོར་གཏུགས་ཤིང་སྔགས་བརྗོད་པས་སོས་ཤིང་བསྐོངས་པར་འགྱུར་བས་ན་འདི་ལྟར་བསྟན་ཏོ། །འོ་ན་འདི་དག་འདི་ལྟར་རྣམ་པར་སྣང་མཛད་ཀྱི་ཕྱོགས་བཞིར་གནས་པར་བྱེད་ཀྱི། གཞན་དུ་མི་འགོད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་ལྟར་བསྟན་པ་ཡང་མི་བསྐྱོད་པ་ལ་ [207a] [207a.1]སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡུམ་བཞི་པོ་འདི་དག་དམ་ཚིག་གི་ཕྱག་རྒྱར་བྱིན་གྱིས་བརླབས་ཏེ། རྣམ་པར་སྣང་མཛད་ཀྱི་སེམས་དཔའི་ཆེན་པོ་རྣམས་ཀྱི་གནས་བཞི་པོ་རྣམས་སུ་བྱིན་གྱིས་རློབ་པར་མཛད་པའི་ཕྱིར་དེའི་ཕྱོགས་བཞིར་ [207a.2]གནས་པར་བསྟན་ཏོ། །དེ་བས་ན་རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་ལ་ཕྱག་རྒྱས་བྱིན་གྱིས་རློབ་པའི་ཕྱིར་ཞེས་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་སེམས་དཔའ་བཅུ་དྲུག་པོ་རྣམས་ལ། མི་འཁྲུགས་པ་ལ་སོགས་ [207a.3]པའི་རིགས་བཞི་ལས་བྱུང་བའི་ཡུམ་དམ་ཚིག་གི་ཕྱག་རྒྱ་བསྟན་པས། བྱིན་གྱིས་རློབ་པར་མཛད་པ་ནི། ཡེ་ཤེས་ལ་ཕྱག་རྒྱས་བྱིན་གྱིས་རློབ་པའོ། །འོ་ན་དེ་ལྟར་བྱིན་གྱིས་མ་བརླབས་ན་ཅིར་འགྱུར། འདི་ལྟར་བྱིན་གྱིས་བརླབས་པས་ཅི་འགྲུབ་པར་འགྱུར་ཞེ་ན། སྨྲས་པ། [207a.4]རྡོ་རྗེ་རྩེ་ལྔ་པ་དེ་ཉིད་དམ་ཚིག་སྟེ། དེ་སངས་རྒྱས་འབྱུང་བར་བྱེད་པ་ཞེས་བྱའོ། །གཞན་དུ་ན་བྱཱ་ཀ་ར་ཎའི་སྒྲས་མཉམ་པར་བྱེད་ཅེས་འབྱུང་སྟེ། དེ་ལྟར་དེ་དག་དེས་བྱིན་གྱིས་བརླབས་པས། སངས་རྒྱས་རྣམས་དང་མཉམ་པར་འགྱུར། །ཞེས་བཤད་པའི་ཕྱིར་འདི་ལྟར་བསྟན་ཏོ། །དེ་བཞིན་དུ་ [207a.5]རིགས་ཀྱི་བདག་པོ་བཞི་དང་། སེམས་དཔའ་ཆེན་པོ་རྣམས་བསམ་གཏན་གྱིས་དགོད་པར་གསུངས་པ། དེ་ནས་མདུན་ལོགས་ནས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུས་ཀྱི་གཙོ་བོ་རྣམ་པར་སྣང་མཛད་དམིགས་པ་དེའི་མདུན་ལོགས་ནས་གཡས་ཕྱོགས་སུ་རིམ་གྱིས་བསྐོར་ [207a.6]བའོ། །བརྟགས་པའི་གནས་བཞི་ཞེས་པ་རིགས་ཀྱི་བདག་པོ་དང་སེམས་དཔའ་དེ་དག་གི་བཞུགས་གནས་ཕྱོགས་བཞི་ན་ཡོད་པའི་རེའུ་བཞི་པོ་རྣམས་སོ། །དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་ཞེས་པ་ལ་སོགས་པ་ནི་ཤར་ཕྱོགས་ནས་རིམ་བཞིན་དུ་དགེ་སློང་གི་གཟུགས་འདྲ་བ་ [207a.7]ལ། ཁ་དོག་ཇི་སྐད་གསུངས་པ་བཞིན་དུ་བརྟགས་པའམ། ཤཱཀྱ་ཐུབ་པ་ལྟ་བུའི་ཡོན་ཏན་དང་ལྡན་པའོ། །གདན་ལ་བཞུགས་པའམ་ཞེས་པ་ཡང་། གོང་གི་དོན་ལ་བསྙེགས་པའི་ཕྱིར་ན། བཞི་ཀ་སེང་གེའི་གདན་ལ་བཞུགས་པའམ། གཞུང་གཞན་དག་ལས་གྲགས་པ་ཞེས་པ་ནི། [207b] [207b.1]གླང་པོ་ཆེ་ལ་སོགས་པའི་རིམ་པས་བསམ་པ་སྟེ། སྟོབས་བཅུ་དང་ལྡན་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་དང་། ཤེས་བྱ་གང་ལ་ཡང་ཐོགས་ཆགས་མི་མངའ་བའི་ཡོན་ཏན་བརྙེས་པའི་རྟགས་སུ་བསྟན་ཏེ། གོ་རིམས་བཞིན་དུ་སྦྱར་བར་བྱའོ། །ལས་ཀྱི་ཕྱག་རྒྱ་རྣམ་པར་བཀོད་ [207b.2]པས་ཞེས་པ་ནི། ཕྲིན་ལས་ཅི་མཛད་པ་དེ་དང་མཐུན་པར་ཕྱག་རྒྱ་ཡང་དེ་བཞིན་དུ་འཆིང་བའོ། །སོ་སོའི་ལས་ཀྱི་ཁྱད་པར་དང་། །ཞེས་པ་ནི་སངས་རྒྱས་དེ་དག་སོ་སོའི་ཕྲིན་ལས་ཀྱི་ཁྱད་པར་དང་། དགོངས་པ་ཇི་ལྟ་བུ་ལ་མཉམ་པར་གཞག་པའི་རྟགས་དང་ལྡན་པར་རབ་ཏུའམ་ [207b.3]གསལ་བར་བརྟག་གོ། །དེ་དག་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་ཞེས་པ་ནི། སངས་རྒྱས་དེ་དག་གི་ཕྲིན་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་དོ། །དེ་དག་གི་སྙིང་པོ་ཡང་ཞེས་པ་ནི་རྟག་པ་ལ་སོགས་པའི་སངས་རྒྱས་དེ་དག་གོ། །རང་གི་མིང་ཉིད་ལ་ཨོཾ་ཞེས་བྱ་བ་ཐོག་མར་གཞག་པ་ཞེས་ [207b.4]པ་ནི། སངས་རྒྱས་བརྗོད་པ་དེ་དག་རང་རང་གི་མགོར་ཨོཾ་ཞེས་བྱ་བ་བཞག་ནས་དེ་དང་ལྡན་པར་བརྗོད་པ་སྟེ། རྟག་པ་ཨོཾ་བུདྡྷ་ཤྲཱི་བཻ་རོ་ཙ་ན་ཞེས་པ་ནི། མི་འཁྲུགས་པའི་ཨོཾ་ཨཀྵོ་བྷྱ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་བརྗོད་པའོ། །འོ་ན་དེ་ལྟ་དེ་ལྟར་རང་རང་གི་སྙིང་པོ་ཁོ་ན་དང་ལྡན་ [207b.5]པས་སམ། གཞན་གྱིས་ཀྱང་དེ་བཞིན་དུ་འགྲུབ་པར་ནུས་ཤེ་ན། ཡང་ན་རྡོ་རྗེ་དབྱིངས་ཀྱི་སྙིང་པོ་སྔར་གསུངས་པས་ཞེས་བྱ་བ་གསུངས་པ་སྟེ། རྡོ་རྗེ་དབྱིངས་ཉིད་ཁོ་ན་འབའ་ཞིག་གི་སྙིང་པོ་ཁོ་ན་བརྗོད་པས་ཀྱང་དེ་དག་བཞུགས་པར་ནུས་པར་རིག་པར་བྱའོ། །དེ་ནས་དེ་བཞིན་ [207b.6]གཤེགས་པ་དེ་དག་གི་རིགས་ཀྱི་སེམས་དཔའ་ཆེན་པོ་རྣམས་བཞུགས་སུ་གསོལ་བར་བྱ་བའི་གནས་དེ་ཉིད་ཀྱི་ཉེ་འཁོར་དུའམ། རིམ་པར་ཕྱེ་བའི་གནས་གཞན་དུ་དགོད་པར་བྱ་བ་ཡིན་ཞེ་ན། དེ་ནས་མི་འཁྲུགས་པ་ལ་སོགས་པ་བདེ་བར་གཤེགས་པ་དེ་དག་ཉིད་ཀྱི་མདུན་དང་ཞེས་བྱ་བ་ [207b.7]ལ་སོགས་པ་གསུངས་ཏེ། མདུན་དང་གཡས་གཡོན་དང་ཞེས་བྱ་བ་ནི་སངས་རྒྱས་བཞི་པོ་དེ་དག་སོ་སོའི་ཕྱོགས་བཞི་པོ་རྣམས་སོ། །ཁང་པ་དེ་ཉིད་ཀྱི་ནང་དུ་ཞེས་པ་ནི། སངས་རྒྱས་བཞི་པོ་བཞུགས་པའི་རེའུ་སོ་སོ་དེ་ཉིད་ཀྱི་ནང་དུའོ། །རེ་རེ་ཞིང་ཡང་ཞེས་པ་ནི། སངས་རྒྱས་ [208a] [208a.1]རེ་རེ་ཞིང་ཡང་རིགས་ཀྱི་སེམས་དཔའ་ཆེན་པོ་བཞི་བཞིས་འཁོར་དུ་བྱས་པ་སྟེ། དེ་བས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་མི་འཁྲུགས་པ་ལ་ནི་ཞེས་པ་ཀུན་གཞི་རྣམ་པར་ཤེས་པ་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བ་ལས་ [208a.2]ཡོངས་སུ་གྱུར་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེའི་སྒོར་གྱུར་པ་ནི་སངས་རྒྱས་མི་འཁྲུགས་པའོ། །དེའི་འཁོར་དུ་གྱུར་པ་སེམས་དཔའ་ཆེན་པོ་བཞི་པོ་དག་དགོད་པར་བྱ་བ་སྟེ། གང་ཞེ་ན། དཔལ་རྡོ་རྗེ་སེམས་དཔའ་དང་ཞེས་བྱ་བ་དག་སྟེ། འདི་ནི་མདུན་དུ་བསམ་པར་བྱ་བ་སྟེ། དེ་ཡང་ [208a.3]ཡེ་ཤེས་དེའི་ཡོན་ཏན་གྱི་སྒོར་གྱུར་པ། སྟོང་པ་ཆེན་པོ་བཞི་ནི་རང་བཞིན་སེམས་དཔའ་ཆེན་པོ་བཞི་སྟེ། འདི་ལྟ་སྟེ། མི་བསྐྱོད་པ་དེ་བཞིན་གཤེགས་པ་མེ་ལོང་གི་ཡེ་ཤེས་ཀྱི་རང་བཞིན་དེ་ལས་སླར་མི་ལྡོག་ཅིང་བསྟན་པའི་ཡོན་ཏན་རྡོ་རྗེ་སེམས་དཔའ་བསྟན་ཏོ། །རྡོ་རྗེ་རྒྱལ་པོ་ [208a.4]ཞེས་པ་ནི་གཡས་ཕྱོགས་སུ་བསམ་པ་སྟེ། ཐམས་ཅད་དགུག་ཅིང་སྡུད་ནུས་པའི་ཡོན་ཏན་དང་ལྡན་པའི་མཐུར་བསྟན་ཏོ། །འདོད་པའི་དབང་ཕྱུག་ཅེས་པ་ནི་རྒྱབ་ཏུ་གནས་པ་སྟེ། དེ་བཞིན་གཤེགས་པ་རྣམས་མཉེས་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། །རྣམ་པར་གྲོལ་ [208a.5]བ་ལ་རྗེས་སུ་ཆགས་པའི་ཡོན་ཏན་དང་ལྡན་པའི་མཐུར་བསྟན་པའོ། །རྡོ་རྗེ་མགུ་བཞེས་པ་ནི་གཡོན་ཕྱོགས་སུ་གནས་པ་སྟེ། དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་པ་དང་། སེམས་ཅན་རྣམས་གཟེངས་བསྟོད་ཅིང་རབ་ཏུ་དགའ་བར་བྱེད་པའི་ཡོན་ཏན་གྱི་མཐུར་བསྟན་པའོ། ། [208a.6]སོ་སོ་ལས་ཀྱི་ཕྱག་རྒྱ་རྣམ་པར་བཀོད་པ་ཞེས་པ་ནི་སེམས་དཔའ་དེ་དག་རང་རང་གི་ལས་ཀྱི་ཕྱག་རྒྱ་དང་ལྡན་པ་སྟེ། དམ་ཚིག་གི་ཕྱག་རྒྱ་དང་ཡང་དེ་བཞིན་དུ་ལྡན་པར་བྱ་བ་སྟེ། ཁ་ཅིག་ལ་ལས་དང་། དམ་ཚིག་གི་ཕྱག་རྒྱ་གཉི་ག་གཅིག་པར་འདོད་པ་ཡང་ཡོད་དེ། དཔེར་ན་རྡོ་རྗེ་ [208a.7]ལེགས་པ་ལྟ་བུའོ། །གང་ཞེ་ན་རྡོ་རྗེ་དང་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གི་སྙིང་པོ་ཡང་ཨོཾ་བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་མ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རིན་ཆེན་འབྱུང་བ་ཞེས་པ་ནི། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་བདག་ [208b] [208b.1]སྡུག་བསྔལ་བ་ལ་སོགས་པར་ལྟ་བ་ལ་སོགས་པར་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཡེ་ཤེས་དེའི་ཏིང་ངེ་འཛིན་གྱི་སྒོར་བྱིན་གྱིས་བརླབས་པ་ནི་རིན་ཆེན་འབྱུང་བ་སྟེ། ཅིའི་ཕྱིར་ཞེ་ན། རིན་པོ་ཆེ་དང་ཆོས་མཐུན་པར་སེམས་ཅན་རྣམས་ཀྱི་རེ་བ་རྫོགས་པའི་རྒྱུ་འབྱུང་བས་ནའོ། ། [208b.2]དེའི་འཁོར་དུ་གྱུར་པའི་སེམས་དཔའ་ཆེན་པོ་བཞི་འབྱུང་བ་ནི། རྡོ་རྗེ་རིན་ཆེན་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་རིན་ཆེན་ནི་རིན་ཆེན་འབྱུང་བ་དེ་བཞིན་གཤེགས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་མཆོག །ཐམས་ཅད་ཀྱི་དམ་པར་གྱུར་པའི་ [208b.3]ཆོས་ཉིད་ཀྱི་ཡོན་ཏན་གྱི་མཐུ་ནི། རྡོ་རྗེ་རིན་ཆེན་ཆོས་ཀྱི་རྒྱལ་པོ་དབང་བསྐུར་བའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་བསྟན་པའོ། །ཉི་མ་དང་ཞེས་པ་ནི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་དེའི་གཟི་བརྗིད་གཞན་དང་མི་འདྲ་བར་བསྟན་པའི་མཐུ་སེམས་དཔའ་འདིར་བྱིན་གྱིས་བརླབས་ཏེ་བསྟན་པའོ། །རྒྱལ་ [208b.4]མཚན་དང་ཞེས་པ་ནི་སེམས་ཅན་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རེ་བ་ཡོངས་སུ་རྫོགས་པར་བྱེད་པའི་མཐུ་སེམས་དཔའ་འདིར་བྱིན་གྱིས་བརླབས་ཏེ་བསྟན་པའོ། །བཞད་པ་དང་ཞེས་པ་ནི། སྐྱེས་བུ་ཆེན་པོའི་འཛུམ་པ་ཡིས་སེམས་ཅན་རྣམས་ལ་ལུང་སྟོན་པར་མཛད་པའི་མཐུར་སེམས་ [208b.5]དཔའ་འདི་བསྟན་པའོ། །ཐུབ་པ་འོད་དཔག་ཏུ་མེད་པ་ཞེས་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་ལས་གྱུར་པ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེའི་ཏིང་ངེ་འཛིན་གྱི་སྒོར་བྱིན་གྱིས་བརླབས་ཏེ་བསྟན་པ་ནི། འོད་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་སྟེ། ཅིའི་ཕྱིར་ཞེ་ [208b.6]ན། ཚེ་དང་འོད་དཔག་ཏུ་མེད་པ་དང་ལྡན་པས་ནའོ། །དེའི་འཁོར་དུ་གྱུར་པའི་སེམས་དཔའ་ཆེན་པོ་བཞི་འབྱུང་བ་ནི། རྡོ་རྗེ་ཆོས་དང་ཞེས་བྱ་བ་ལ་སོགས་པ་རྣམས་ཏེ། རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ [208b.7]ལ་དམིགས་ཤིང་། སོ་སོར་རྟོག་པའི་ཡོན་ཏན་ནི་རྡོ་རྗེ་ཆོས་སྤྱན་རས་གཟིགས་དབང་པོ་ཞེས་བྱ་བའི་སེམས་དཔའ་འདིར་བསྟན་པའོ། །འཇམ་དབྱངས་དང་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་རབ་ཏུ་ཆུད་ནས། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་རབ་ཏུ་གཅོད་པའི་ཡོན་ [209a] [209a.1]ཏན་ནི། རྡོ་རྗེ་རྣོན་པོ་འཇམ་དབྱངས་ཞེས་བྱ་བའི་སེམས་དཔའ་འདིར་བསྟན་ཏོ། །སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་པ་ནི་གསུང་མི་ཟད་པའི་རྡོ་རྗེ་རྒྱན་གྱིས་ཁམས་གསུམ་ཐམས་ཅད་དུ་ཁྱབ་པའི་རྒྱུར་གྱུར་བའི་ཡོན་ཏན་ནི་རྡོ་རྗེ་རྒྱུ་ཞེས་བྱ་བའི་སེམས་ [209a.2]དཔའ་འདིར་བྱིན་གྱིས་བརླབས་ཏེ་བསྟན་པའོ། །དགོངས་པ་སྨྲས་པ་ཞེས་བྱ་བ་ནི། གསུང་མི་ཟད་པའི་རྒྱུད་ཀྱིས་ཁམས་གསུམ་ཐམས་ཅད་དུ་ཁྱབ་པར་ཆུད་པ་དང་། གསུང་གི་ཆོས་རབ་ཏུ་སྒྲོགས་པའི་ཡོན་ཏན་གྱི་མཐུ་ནི་རྡོ་རྗེ་སྨྲ་བ་ཞེས་བྱ་བའི་སེམས་དཔའ་འདིར་བསྟན་ཏོ། །བཅོམ་ལྡན་འདས་དོན་ [209a.3]ཡོད་གྲུབ་པ་ཞེས་པ་ནི། སྒོ་ལྔའི་རྣམ་པར་ཤེས་པ་ལས་གྱུར་པའི་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ། དེའི་ཏིང་ངེ་འཛིན་གྱི་སྒོར་བྱིན་གྱིས་བརླབས་ཏེ་བསྟན་པ་ནི། ད་ནི་དོན་ཡོད་གྲུབ་པ་སྟེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྒྲུབ་པར་བྱ་བའི་དོན་ཐམས་ཅད་ [209a.4]གདོན་མི་ཟ་བར་གྲུབ་པར་མཛད་པས་ནའོ། །དེའི་འཁོར་དུ་གྱུར་པའི་སེམས་དཔའ་ཆེན་པོ་བཞི་འབྱུང་བ་ནི། རྡོ་རྗེ་ལས་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ལས་ནི་གདོན་མི་ཟ་བར་གྲུབ་པ་དེ་བཞིན་གཤེགས་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་རྣམས་ [209a.5]མཆོད་ཅིང་བསྙེན་བཀུར་མཛད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་། ཐར་པར་མཛད་པའི་མཐུ་རྡོ་རྗེ་ལས་སུ་བྱིན་གྱིས་བརླབས་ཏེ་བསྟན་པའོ། །གོ་ཆ་དང་ཞེས་པ་ནི། གདུག་པ་ལ་སོགས་པའི་འཇིགས་པའི་སེམས་ཅན་རྣམས་མི་འཇིགས་པ་སྦྱིན་ཞིང་བསྲུང་བའི་ཡོན་ཏན་ [209a.6]རྡོ་རྗེ་གོ་ཆའི་སེམས་དཔའ་འདིར་བསྟན་ཏོ། །གནོད་སྦྱིན་དང་ཞེས་པ་ནི། གདུལ་དཀའ་བའི་སེམས་ཅན་རྣམས་འདུལ་བར་མཛད་པའི་ཡོན་ཏན་གྱི་མཐུར་སེམས་དཔའ་ཆེན་པོ་འདིར་བྱིན་གྱིས་བརླབས་ཏེ་བསྟན་པའོ། །རྡོ་རྗེ་ཁུ་ཚུར་ཞེས་པ་ནི། ལུས་ངག་ཡིད་གསུམ་དབྱེར་མེད་ [209a.7]ཅིང་གཅིག་པར་གྱུར་པའི་ཡོན་ཏན་གྱི་མཐུར་སེམས་དཔའ་ཆེན་པོ་འདིར་བྱིན་གྱིས་བརླབས་ཏེ་བསྟན་པའོ། །ཟླ་བའི་དཀྱིལ་འཁོར་ལ་བཞུགས་ཤིང་། །ཞེས་པ་ནི། བྱང་ཆུབ་སེམས་ཀྱི་སོ་སོ་བས། །གཞན་གྱི་ཉོན་མོངས་པའི་གདུང་བ་སེལ་བའི་ཕྱིར། གདན་དེ་ལ་བཞུགས་ [209b] [209b.1]ཤིང་རྒྱབ་ཀྱང་བརྟེན་པར་མཛད་པའོ། །ལྷའི་དབང་པོའི་ཆ་ལུགས་ཅན། །ཞེས་བྱ་ནི། འཇིག་རྟེན་པ་ཕལ་བ་རྣམས་ལས་ཁྱད་པར་དུ་གྱུར་པའི་རྒྱན་གྱིས་བརྒྱན་པའོ། །དབུ་ལ་རིགས་ལྔའི་དབུ་རྒྱན་པ་ཞེས་པ་ནི། ཡེ་ཤེས་ལྔ་རྫོགས་པའི་བདག་ཉིད་དུ་འགྱུར་རོ། ། [209b.2]རྒོལ་བ་པ་ན་རེ། སེམས་དཔའ་ཆེན་པོ་འདི་དག་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་རྣམ་པར་དག་པའི་ངོ་བོ་ལས་གྱུར་པ་ཞེས་འདོད་ན། དེ་ལྟར་ན་བྱང་ཆུབ་སེམས་ཀྱི་ཟླ་བ་ལ་རྒྱབ་བརྟེན་ཅིང་བཞུགས་པ་དང་། ཡེ་ཤེས་ལྔ་ཅན་གྱི་དབུ་རྒྱན་གྱིས་དབང་བསྐུར་ཞིང་། མགོ་ལ་ [209b.3]ཡོད་པ་ཅི་དགོས་ན། སྨྲས་པ། བྱང་ཆུབ་སེམས་ཀྱི་རང་བཞིན་ལས་བྱུང་བ་ཡིན་གྱིས་ཀྱང་། དེའི་རྟོགས་པ་དང་ལྡན་པར་སྟོན་ལ། ཡེ་ཤེས་ལྔའི་ངོ་བོ་ལས་གྱུར་པ་ཡིན་ཡང་། འདི་བཞིན་དུ་གནས་པ་ལ་འགལ་བ་མེད་དེ། དཔེར་ན་ཟླ་བ་ནམ་མཁའ་ལ་འགྲོ་བའི་རྟགས། ཆུ་དང་བ་ [209b.4]ན་གཟུགས་བརྙན་སྣང་བའམ། རྒྱལ་པོ་ཆེན་པོ་ཡིན་པའི་རྟགས་སྔོན་མཚོན་དང་ལྡན་པ་བཞིན་ནོ། །དེ་ལས་གཞན་དུ་བསྟན་པ་ཡང་འགལ་བ་མེད་དེ། ཇི་ལྟར་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་བརྙེས་ཀྱིས་ཀྱང་། འདུལ་བའི་སྐྱེ་བོ་གཞན་ལ་དགོངས་པའི་ [209b.5]ཕྱིར། སངས་རྒྱས་པ་དང་། དབང་བསྐུར་བ་ལ་སོགས་པའི་ཡན་ལག་གིས་ཡེ་ཤེས་རྫོགས་པར་གྱུར་པའི་ཚུལ་གྱིས་སྟོན་པར་མཛོད་པ་བཞིན་ནོ། །རྒོལ་བ་པ་ན་རེ། འོ་ན་དེ་ལྟར་བྱང་ཆུབ་སེམས་ཀྱི་ངོ་བོ་ལས་གྱུར་པ། ཡེ་ཤེས་ཀྱི་ཡོན་ཏན་སེམས་དཔར་འདོད་པ་ནི་རུང་ན། དེ་དག་ [209b.6]སོ་ན་གནས་པ་དང་། གཞན་དུ་འགྱུར་བར་མི་མཛད་ཀྱི། འདི་ལྟ་བུའི་སེམས་དཔའ་ཆེན་པོའི་ཚུལ་དུ་སྟོན་པ་ཅིའི་ཕྱིར་ཞེ་ན། བདེ་བར་གཤེགས་པ་ཉིད་སྐྱེ་བོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཉིད་རྣམ་པའི་མཆོག་ [209b.7]ཐམས་ཅད་ཀྱི་ཡོན་ཏན་གྱི་ཁྱད་པར་ཅན་དང་ལྡན་པས། སྐྱེ་བོ་ཐམས་ཅད་ཀྱི་ན་དན་མཆོག་གྱ་ནོམ་པ་བླ་ན་མེད་པར་འགྱུར་ཞིང་ཇི་ལྟར་འདུལ་བ་བཞིན་དུ་འགྲོ་བའི་དོན་མཛད་པའི་དབང་གིས་སེམས་དཔའ་དེ་དག་བསྟན་པ་ཡང་དེ་བཞིན་གཤེགས་པ་ཉིད་ཀྱི་ཡོན་ཏན་གྱི་ཆ་ཤས་ཅུང་ཟད་ [210a] [210a.1]ཉུང་ཤས་ཙམ་འདི་ལྟར་སྟོན་པ་ཉིད་དུ་གནས་པར་ཤེས་པར་བྱ་སྟེ། དཔེར་ན་དཔལ་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་བསྟན་པ་ཙམ་གྱིས་ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་དག་ཏུ་བསྟན་པར་རིག་པར་བྱའོ། །འོ་ན་གྲྭའི་ཕྱོགས་མཚམས་ལ་ཇི་ལྟ་བུ་དག་གནས་པར་བྱ་བ་ [210a.2]ཡིན་སྙམ་པ་རྣམས་ཀྱི་དོན་དུ། ལྷ་མོ་རྣམས་དགོད་པར་བྱ་བའི་མཚན་ཉིད་གསུངས་པ། འཁོར་ལོའི་གྲྭ་དང་ཤར་ལྷོ་ལ་སོགས་པ་བཞི་རྣམས་སུ་ཡང་ཞེས་བྱ་བ་ལ་སོགས་པ་དག་གསུངས་ཏེ། འཁོར་ལོའི་གྲྭ་ནི་ནང་གི་གྲྭ་བཞི་པོ་རྣམས་སོ། །རྡོ་རྗེ་ལཱ་སྱ་དང་ཞེས་པ་ནི་ལྷ་མོ་བཞི་སྟེ། [210a.3]དེ་ཡང་འཁོར་བའི་སེམས་ཅན་འཁོར་བ་ལས་གཞན་དུ་མི་ཕྱོགས་པར་འགྱུར་བའི་གཟུངས་བུད་མེད་ཀྱིས་བྱས་པ་དེ་བཞིན་དུ། མེ་ལོང་གི་ཡེ་ཤེས་ཀྱི་ཆོས་ཉིད་རྡོ་རྗེ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་བྱང་ཆུབ་ཀྱི་རང་བཞིན་ལས་འཁོར་བར་ཡང་མི་ལྡོག །མྱ་ངན་ལས་འདས་པར་ཡང་མི་འགྱུར་ [210a.4]ཏེ། བྱང་ཆུབ་སེམས་དེ་ལས་གཞན་དུ་མི་ཕྱོགས་པའི་གཟུངས་སུ་གྱུར་པའི་བྱང་ཆུབ་ཀྱི་དགའ་བའི་ཆོས་ཉིད་ཀྱི་ཡོན་ཏན་ནི། རྡོ་རྗེ་འཛུམ་པ་ཞེས་བྱ་བའི་ལྷ་མོ་འདིར་བྱིན་གྱིས་བརླབས་ཏེ་བསྟན་པའོ། །ཕྲེང་བ་དང་ཞེས་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཐམས་ཅད་ [210a.5]སྟོང་པ་ཉིད་དུ་དམིགས་པའི་མཚན་ཉིད་དེ་ཡང་། དྲན་པ་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་བྱང་ཆུབ་ཀྱི་ཡན་ལག་བདུན་དང་མི་ལྡན་ན། ཞི་གནས་དང་། ལྷག་མཐོང་ཟུང་དུ་མི་འབྲེལ་ཏེ། དེ་བས་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པའི་ཡོན་ཏན་ལྷ་མོ་འདིར་བྱིན་གྱིས་བརླབས་ཏེ་བསྟན་ [210a.6]པའོ། གླུ་དང་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱང་ཆོས་ཉིད་རབ་ཏུ་ཆུད་ནས། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་རབ་ཏུ་སྒྲོགས་པའི་ཡོན་ཏན་ལྷ་མོ་འདིར་བྱིན་གྱིས་བརླབས་ཏེ་བསྟན་པའོ། །གར་ཞེས་བྱ་བ་ཞེས་པ་ནི་བྱ་བ་ [210a.7]ནན་ཏན་གྱི་ཡེ་ཤེས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་། བསྙེན་བཀུར་བ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། རྣམ་པར་ཐར་པའི་གཟུགས་སུ་གྱུར་པའི་ཡོན་ཏན་ལྷ་མོ་འདིར་བྱིན་གྱིས་བརླབས་ཏེ་བསྟན་པའོ། །ལྷ་མོ་ཆེན་མོ་ཞེས་པ་ནི། ལྷ་མོ་འདི་དག་གི་ཚུལ་འཛིན་པ་ [210b] [210b.1]དག་འཇིག་རྟེན་ན་ཡང་ཡོད་མོད་ཀྱི། དེ་དག་ལས་ཁྱད་པར་དུ་བསྟན་པའི་ཕྱིར་རོ། །ལུས་དང་ཆ་ལུགས་དང་རྒྱན་ཞེས་པ་ནི། བོང་ཆེ་ཆུང་གི་ཚད་དང་། ཁ་དོག་ཅི་འདྲ་བའི་མཚན་ཉིད་དང་། ཆ་ལུགས་གང་དང་མཐུན་པར་གནས་པ་དང་། རྒྱན་ཆས་ཀྱི་རྣམ་པ་ཇི་ལྟ་བུ་དག་གིས་ལུས་གང་ [210b.2]ལྟར་བརྒྱན་པ་དག་མཚོན་པ་སྟེ། ལྷའི་རྒྱལ་པོའི་བཙུན་མོ་རང་དང་འདྲ་བར་བསམ། །ཞེས་པ་ནི། ཇི་ལྟར་ལྷའི་བུད་མེད་རྣམས་པས་ཁྱད་པར་དུ་གྱུར་པ་ནི། ལྷའི་རྒྱལ་པོའི་བཙུན་མོ་བས་ཚུལ་དེ་བཞིན་དུ་བསམ་པའི་དོན་ཏེ། །སྨིན་མ་འདེགས་པ་དང་ཞེས་བྱ་བ་ལ་སོགས་པས་ནི། དེ་དག་ [210b.3]གི་ཕྱག་མཚན་ཇི་ལྟ་བུ་ཡིན་པ་ངེས་པར་སྟོན་པར་བྱེད་པའོ། །སྒོ་བཞི་ན་གནས་པར་བྱེད་པ་དག་གི་མཚན་ཉིད་གསུངས་པ། རྡོ་རྗེ་ལྕགས་ཀྱུ་དང་ཞེས་བྱ་བ་ལ་སོགས་པ་དག་སྟེ། དེ་ལ་རྡོ་རྗེ་ལྕགས་ཀྱུ་ནི་བསྡུ་བ་རྣམ་པ་བཞིས་སེམས་ཅན་རྣམས་སྡུད་པའི་ཡོན་ཏན་དུ་བྱིན་གྱིས་བརླབས་ [210b.4]ཏེ་བསྟན་པའོ། །ཞགས་པ་ཞེས་པ་ནི་ཚིག་སྙན་པས་སྦྱིན་པའི་དུ་བསྣན་ཏེ། དེ་བས་ཀྱང་ཉེ་བར་འདུ་བྱ་བའི་ཡོན་ཏན་དུ་བྱིན་གྱིས་བརླབས་ཏེ་བསྟན་པའོ། །ལྕགས་སྒྲོག་དང་ཞེས་པ་ནི། འདི་ལྟར་བྱིན་གྱིས་ཚིག་འཇམ་པོས་མཉེས་པར་བྱས་ནས་དེའི་དོན་བྱེད་པས་རབ་ཏུ་འཇར་བར་ [210b.5]གྱུར་པ་ནི་ཡོན་ཏན་དུ་བྱིན་གྱིས་བརླབས་ཏེ་བསྟན་པའོ། །འདེབས་པ་ཞེས་པ་ནི། དེ་ལྟར་འཇར་བར་གྱུར་ནས་བདག་གི་དོན་བཞིན་དུ་ཕ་རོལ་གྱི་དོན་བྱེད་པ་དོན་མཚུངས་པར་སྤྱོད་པའི་ཡོན་ཏན་དུ་བསྟན་པའོ། །ད་ནི་ཕྱིའི་གྲྭ་རྣམས་སུ་ཇི་ལྟ་བུ་དག་གཞག་པར་བྱ་བའམ། གནས་པར་གྱུར་པ་ [210b.6]ཡིན་སྙམ་པ་རྣམས་ཀྱི་དོན་དུ། ཕྱིའི་ལྷ་མོ་རྣམས་དགོད་པའི་བསམ་གཏན་གྱི་མཚན་ཉིད་གསུངས་པ། གྲྭ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་དག་སྟེ། དེ་ལ་གྲྭ་རྣམས་སུ་ཞེས་པ་ནི། འཁོར་ལོ་ལྟ་བུའི་ཕ་རོལ་གྱི་གྲྭ་བཞི་པོ་རྣམས་སུའོ། །བདུག་པ་ལ་སོགས་པ་ཞེས་པ་ནི། [210b.7]ཕྱིའི་ལྷ་མོ་རྣམས་ཏེ། ཇི་ལྟར་འཇིག་རྟེན་པ་རྣམས་རང་གི་བུད་མེད་པས་ཀྱང་ཕོ་བྲང་སླས་རྣམས་ཀྱིས་རབ་ཏུ་དགའ་ཞིང་མགུ་བར་འགྱུར་ཏེ། གཟུགས་སུ་འགྱུར་བ་བཞིན་དུ་ཡེ་ཤེས་དེ་རྣམས་ཀྱང་བྱང་ཆུབ་དེ་ལས་མི་སྤང་བར་ལྷག་པར་གཟུངས་སུ་གྱུར་པའི་ཡོན་ཏན་རྣམས་མཆོད་པའི་ [211a] [211a.1]ལྷ་མོ་བཞིར་བྱིན་གྱིས་བརླབས་ཏེ་བསྟན་པ་ནི་འདི་དག་སྟེ། བདུག་པ་དང་ཞེས་པ་ནི། མེ་ལོང་གི་ཡེ་ཤེས་ནི་རྡོ་རྗེ་བདུག་པ་ལུས་དང་ངག་དང་སེམས་ཚིམ་ཞིང་དང་བར་བྱེད་པའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་བསྟན་པའོ། །མེ་ཏོག་གི་ཕྲེང་བ་ཞེས་པ་ནི། [211a.2]མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་འབྲས་བུ་ཉེ་བར་གྱུར་པའི་མཚན་ཉིད་དུ་བྱིན་གྱིས་བརླབས་ཏེ་བསྟན་པའོ། །མར་མེ་དང་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ལ་དམིགས་པའི་སྣང་བའི་མཚན་ཉིད་དུ་བྱིན་གྱིས་བརླབས་ཏེ་བསྟན་པའོ། །བྱུག་སྤོས་ཞེས་པ་ནི་བྱ་ [211a.3]བ་ནན་ཏན་གྱི་ཡེ་ཤེས་ནི། དགེ་བའི་ཆོས་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ཚུལ་ཁྲིམས་དྲི་མང་པོའི་མཚན་ཉིད་དུ་བྱིན་གྱིས་བརླབས་ཏེ་བསྟན་པའོ། །སོགས་པའི་སྒྲས་ཕྱི་མ་རྣམས་སྡུད་པར་བྱེད་དོ། །འོ་ན་ཕྱིའི་གནས་གཞན་རྣམས་སུ་ཇི་ལྟ་བུ་དག་བཞུགས་པ་ཡིན་ [211a.4]སྙམ་པའི་དོན་དུ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་དགོད་པའི་ཐབས་གསུངས་པ། གནས་ལྷག་མ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་ལ་སོགས་པ་ཞེས་པ་ནི། བྱམས་པ་ནི་མ་འོངས་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་སྐྱེ་བ་གཅིག་ [211a.5]གིས་ཐོགས་པ་སྟེ། དགའ་ལྡན་གནམ་གྱི་གནས་ན་བཞུགས་ནས་དེའི་རིས་ཀྱི་ལྷ་རྣམས་ཀྱི་སྟོན་པ་མཛད་པའོ། །འདི་སྣ་ལ་སྨོས་པ་ཅིའི་ཕྱིར་ཞེ་ན། འདི་ནི་སངས་རྒྱས་ཀྱིས་ལ་བསྙེན་ཅིང་ཕྱིས་འབྱུང་བའི་སེམས་དཔའ་རྣམས་ལས་དང་པོར་འཚང་རྒྱ་བས་ན། སེམས་དཔའ་ཆེན་ [211a.6]པོ་དེ་དག་གི་གཙོ་བོར་བསྟན་ཏེ། ཇི་སྐད་དུ་རྒྱུད་ལས་ཀྱང་བྱམས་པ་ལ་སོགས་པ་སེམས་དཔའ་རྣམས་ཞེས་གསུངས་པར་ཟད་ཀྱི། གཞན་གྱི་མིང་མ་བརྗོད་པས་ན། དེ་དག་དང་མཐུན་པར་བྱ་བའི་ཕྱིར། རིམ་པ་འདིར་སྨོས་སོ། །སོགས་པའི་སྒྲས་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་ [211a.7]དཔའ་ལྷག་མ་རྣམས་སྡུད་པར་བྱེད་དོ། །གཞུང་གཞན་དག་ལས་གྲགས་པ་ཞེས་པ་ནི། དེ་དག་གི་མཚན་མ་དང་། ཆ་ལུགས་རྣམས་འདི་ནས་གསལ་བར་མ་གསུངས་ཀྱང་། གཞན་གྱི་རྒྱུད་ལས་གསལ་བར་བསྟན་པའི་གོ་འབྱེད་པར་བྱེད་པའི་ཚིག་གོ། །མཚན་དང་ཆ་ལུགས་ཞེས་ [211b] [211b.1]པ་ནི་སོ་སོའི་ཕྱག་མཚན་དང་སྐུའི་ཆ་བྱད་ཀྱི་རིམ་པའོ། །རྣམ་པ་སྣ་ཚོགས་པ་འཛིན་པ་ཞེས་པ་ནི། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། ཕྱག་མཚན་གྱི་བྱེ་བྲག་དང་། རྒྱན་དང་ཆ་ལུགས་ཐ་དད་པས་ན་རྣམ་པ་སྣ་ཚོགས་ཏེ། རྒྱུད་ལས་ཇི་སྐད་གསུངས་པའི་ཕྱག་རྒྱའི་ [211b.2]མཚན་མ་དང་ཆ་ལུགས་འཆང་བ་རྣམས་སོ། །ལམ་ཞེས་བྱ་བའི་སྒྲས་ནི། རྣམ་པ་གཞན་དུ་སྟོན་པ་སྟེ། མི་འཁྲུགས་པ་ལ་སོགས་པའི་སའི་ཕྱོགས་ཀྱི་སའི་བྱེ་བྲག་ལས་ཤེས་པ་ནི། མི་འཁྲུགས་པ་དང་། རིན་ཆེན་འབྱུང་བ་དང་། འོད་མཐའ་ཡས་དང་། གདོན་མི་ཟ་བར་གྲུབ་པར་དག་ [211b.3]གི་ཕྱོགས་ཕྱོགས་ནས་འཁོད་པའི་བྱེ་བྲག་གིས་ཕྱག་མཚན་དག་ཀྱང་སོ་སོའི་རིགས་དང་མཐུན་པར་སྟོན་པ་སྟེ། ཇི་སྐད་དུ་རྡོ་རྗེ་དང་ཞེས་པ་ནི། ཤར་ཕྱོགས་མི་འཁྲུགས་པའི་ལོགས་ཀྱི་ས་ལ་འཁོད་པ་རྣམས་ནི། རྡོ་རྗེ་རིགས་པས་མདོག་དཀར་པོ་ལ་བཞི་ཀས་རྡོ་རྗེ་འཛིན་པའོ། །ནོར་ [211b.4]བུ་དང་ཞེས་པ་ནི་ལྷོ་ཕྱོགས་རིན་ཆེན་འབྱུང་བའི་ལོགས་ཀྱིས་ལ་འཁོད་པ་རྣམས་ནི་མདོག་མཐིང་ག་ལ་ཕྱག་ན་རིན་ཆེན་བསྣམས་པའོ། །པདྨ་དང་ཞེས་པ་ནི་ནུབ་ཕྱོགས་འོད་མཐའ་ཡས་ཀྱི་ལོགས་ཀྱིས་ལ་འཁོད་པ་རྣམས་ནི་མདོག་དམར་པོ་ལ་ཕྱག་ན་པདྨ་འཛིན་པའོ། །རྡོ་རྗེ་ཀུན་དུ་རྩེ་ཞེས་པ་ནི་བྱང་ [211b.5]ཕྱོགས་གདོན་མི་ཟ་བར་གྲུབ་པའི་ལོགས་ཀྱི་ས་ལ་འཁོད་པ་རྣམས་ནི་མདོག་ལྗང་གུ་ལ་རྡོ་རྗེ་རྒྱ་གྲམ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་འདི་དག་ཀྱང་པདྨའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བརྟག་པར་བྱའོ་ཞེས་སྟོན་ཏོ། །རྒོལ་བ་པ་ན་རེ། འོ་ན་སེམས་དཔའ་ [211b.6]འདི་དག་དོན་ཅིའི་ཕྱིར་གཅིག་ལ་མཚན་ཉིད་མི་མཐུན་པར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ་འདུལ་བའི་ཞིང་མི་མཐུན་པའི་དབང་གིས་རྒྱུད་ཐ་དད་པར་གསུངས་པ་དག་གི་གཉེར་དུ་འདི་ལྟར་བསྟན་ཏོ། །འོ་ན་དེ་དག་ཏུ་ཡང་དང་པོར་གསུངས་པའི་ངོ་བོ་བཞིན་དུ་མཐུན་དུ་མི་རུང་ངམ་ཞེ་ན། སྨྲས་པ་དེ་ [211b.7]ཡང་འདུལ་བའི་ཞིང་མོས་པ་མི་མཐུན་པ་དང་། རྟོག་པ་ཅན་གྱི་འགྲོ་བ་དག་ཅི་འདི་ལྟར་སེམས་དཔའ་ཆེན་པོ་འདི་དག་ཆ་ལུགས་གཅིག་ཏུ་ངེས་ན་རྒྱུད་གཅིག་བསྟན་པས། ཐུབ་པ་ལ་ཅིའི་ཕྱིར་རྒྱུད་ཀུན་དུ་མཐུན་པ་དག་ཡང་དང་ཡང་དུ་སྟོན་པར་བྱེད་སྙམ་པ་དེ་གཅོད་པ་དང་། ཡེ་ཤེས་ཐོགས་ [212a] [212a.1]པ་མེད་པ་དང་། ཚད་མེད་པ་དང་ལྡན་པ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཟད་མི་ཤེས་པ་མངའ་བས་ཆ་ལུགས་གཅིག་ཏུ་ངེས་པ་མ་ཡིན་གྱི། དུ་མའི་རྣམ་པར་སྟོན་པར་ནུས་པའི་མཐུ་མདའ་བའི་ཕྱིར་ཡང་འདི་ལྟར་བསྟན་ཏོ། །འོ་ན་བྱམས་པ་ལ་སོགས་པའི་ [212a.2]བྱང་ཆུབ་སེམས་དཔའ་འདི་དག་སྔར་གསུངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་འདི་དག་གི་བྱེ་བྲག་ཇི་ལྟ་བུ་དག་ཏུ་ཤེས་པར་བྱ་ཞེ་ན། སྨྲས་པ་འདི་དག་ཀྱང་དོན་ཐ་དད་པ་ནི་མ་ཡིན་མོད་ཀྱི་འོན་ཀྱང་ཡེ་ཤེས་ལས་སྐྱེས་པ་དང་། ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་བྱེ་བྲག་གིས་རྣམ་པ་ [212a.3]གཉིས་སུ་ཤེས་པར་བྱའོ། །འོ་ན་ཕ་རོལ་ཏུ་ཕྱིན་པ་ལ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཡི་དམ་གྱི་ལྷར་གཟུང་ཞིང་མེ་ཏོག་དོར་བའི་འོས་མ་ཡིན་ཞེས་གླེངས་ན། ཅིའི་ཕྱིར་དཀྱིལ་འཁོར་དུ་འགོད་པར་བྱེད། སྨྲས་པ་དེ་དག་དགག་པར་ཟད་ཀྱི། གཞན་ནི་བཀག་པ་ [212a.4]མེད་དེ། ཅིའི་ཕྱིར་ཞེ་ན། འདི་དག་སྤྱན་དྲང་བ་དང་། མཆོད་པས་མཉེས་པར་བྱས་ནས། བྱིན་གྱིས་རློབ་ཅིང་དངོས་གྲུབ་སྟེར། །ཞེས་འབྱུང་བ་དང་། རྒྱུད་ཐམས་ཅད་ཀྱི་ནང་ནས་ཀྱང་དཀྱིལ་འཁོར་དུ་དགོད་ཅེས་གསུངས་ཏེ། འོན་ཀྱང་དཀྱིལ་འཁོར་དུ་བཀོད་ཕན་ཆད་མཆོད་ [212a.5]པས་མཉེས་པར་བྱེད་པའི་རང་བཞིན་པས་ན་འདི་ལྟར་བསྟན་ཏོ། །འོ་ན་འདི་དག་ཡིག་འབྲུ་ལས་བསྐྱེད་པར་བྱའམ། འོན་ཏེ་སྤྱན་དྲང་བ་ཁོ་ནར་གསུངས་པ་ཡིན་ཞེ་ན། སྨྲས་པ། འདི་དག་ཕལ་དུ་ནི་སྤྱན་དྲང་ཞིང་མཆོད་པས་མཉེས་པར་བྱས་པས་ཆོག་པ་སྐད་དུ་གསུང་མོད་ [212a.6]ཀྱི། འོན་ཀྱང་རིགས་ཀྱི་ཡིག་འབྲུ་བཞི་པོ་དག་གི་དབྱེ་བས་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་འདི་དག་བསྐྱེད་པར་བྱ་ཞེས་གསུངས་པ་འདི་དག་ཡོད་པས་གང་ལྟར་བྱས་ན་ཡང་འགལ་བ་མེད་ལ། གོང་དུ་ཕྱག་མཚན་ཕྱག་རྒྱ་བཞི་འཛིན་པ་བསྟན་པ་ཡང་འགལ་ [212a.7]བ་མེད་པར་མངོན་ནོ། །འོ་ན་དེ་ལྟར་དཀྱིལ་འཁོར་དུ་རྣམ་པར་གཞག་པའི་ལྷ་དེ་དག་གི་ཁ་དོག་གི་དབྱེ་བའི་རིམ་པ་ཇི་ལྟ་བུ་དག་ཏུ་བརྟག་པར་བྱ་ཞེ་ན། ཇི་ལྟར་བསམ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཞེས་བྱ་བ་དག་གསུངས་ཏེ། དེ་བཞིན་གཤེགས་པ་ནི་བཅོམ་ [212b] [212b.1]ལྡན་འདས་རྡོ་རྗེ་དབྱིངས་ཆེན་པོའོ། །སོགས་ཀྱི་སྒྲས་ནི་མི་འཁྲུགས་པ་ལ་སོགས་པ་ཕྱོགས་ཀྱི་སངས་རྒྱས་བཞི་སྡུད་པར་བྱེད་དོ། །ལྷའི་འཁོར་འདི་དག་ཅེས་པ་ནི། དེ་དག་གི་འཁོར་ལྷག་མ་རྣམས་སོ། །རྒྱལ་བ་དང་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་ནི་རིགས་བཞིར་འདོད་པའོ། ། [212b.2]རྗེས་སུ་མཐུན་པར་ཞེས་པ་ནི། རིགས་བཞིར་བརྗོད་པ་དེ་དག་གི་ཁ་དོག་དང་མཐུན་པས་སློབ་དཔོན་དང་སློབ་མའི་གོས་ཀྱི་ཁ་དོག་ཀྱང་དེ་བཞིན་དུ་ཤེས་པར་བྱ་སྟེ། གཅིག་གིས་གཅིག་མཚོན་པར་བསྟན་པའོ། །འདིར་དེ་བཞིན་གཤེགས་པ་ལ་སོགས་པའི་ཞེས་པ་ནི། དཔལ་དེ་ཁོ་ན་ཉིད་ [212b.3]བསྡུས་པའི་རྒྱུད་འདིར་གདོང་གཡོགས་པ་དང་། སྟོད་གཡོགས་ཇི་ལྟ་བུ་ལ་བྱ་བ་དག་ཀྱང་རིགས་ཀྱི་བྱེ་བྲག་གིས་གོ་རིམས་བཞིན་དུ་ཤེས་པར་བྱ་སྟེ། དམར་པོ་དང་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱིའོ། །དཀར་པོ་དང་ཞེས་པ་ནི་པདྨའི་རིགས་ཀྱི་འོད་མཐའ་ཡས་ཀྱིའོ། ། [212b.4]ཁ་དོག་ཐམས་ཅད་པ་ཞེས་པ་ནི་ལས་ཀྱི་རིགས་དོན་ཡོད་གྲུབ་པའིའོ། །དེ་བས་ན་དེའི་རིགས་རྣམས་ཀྱང་ཞེས་པ་ནི་རིགས་རྣམ་པར་ཕྱེ་བ་དེ་དག་གོ། །དེའི་ཁ་དོག་ཉིད་དུ་ཞེས་པ་ནི། གོས་ཀྱི་ཁ་དོག་ཐ་དད་པ་ཉིད་དུ་འདོད་པ་ལས། དེ་བཞིན་དུ་མཁས་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་བས་ [212b.5]ན་རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་ལས་ཀྱང་། དམར་པོ་དེ་བཞིན་གཤེགས་པའི་རིགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམར་པོ་ནི་སེམས་ཅན་གྱི་དོན་མཛད་པ་ལ་ཆགས་པར་སྤྱོད་པའི་བདག་ཉིད་དོ། །སྔོན་པོ་ནི་དྲག་པོའི་ཕྲིན་ལས་ཀྱིས་གཞན་འཇོམས་ཤིང་ཟིལ་གྱིས་ [212b.6]གནོན་པའོ། །དཀར་པོ་ནི་སྐྱོན་གྱིས་མ་གོས་པ་སྟེ། རང་བཞིན་གྱིས་གསལ་ཞིང་དག་པར་བསྟན་པའོ། །ཁ་དོག་ཐམས་ཅད་པ་ནི་ལྗང་གུ་སྟེ། ཕྲིན་ལས་ཀྱི་ངོ་བོའོ། །འདིར་རིན་པོ་ཆེ་ཞེས་སྨོས་པ་ནི། ལས་དང་རིན་པོ་ཆེ་ཐ་མི་དད་པས་གཅིག་ཏུ་བསྡུས་པའི་ཚིག་གོ། །དེའི་རྗེས་ [212b.7]སུ་བསྙེགས་ན་ཞེས་པ་ནི། དཀྱིལ་འཁོར་ཆེན་པོ་བཞིའི་སྟོད་གཡོགས་དང་སྨད་གཡོགས་དང་། གདོང་གཡོགས་ཀྱི་ཁ་དོག་བྱེ་བྲག་དེ་ལྟར་བསྟན་པ་སྦྱར་བ་སྟེ། རྗེས་སུ་བསྙེགས་པ་ནི་རྗེས་སུ་སྦྱོར་བའི་དོན་ཏོ། །རིགས་ཀྱི་བདག་པོ་ཡང་ཞེས་པ་ནི། མི་འཁྲུགས་པ་ལ་ [213a] [213a.1]སོགས་པའི་རིགས་ཀྱི་བདག་པོ་བཞི་ཡང་དེ་དང་འདྲ་བ་ཉིད་དུ་རིག་པར་བྱའོ་ཞེས་བསྟན་ཏེ། རྒོལ་བ་པ་ན་རེ། ལྷ་རྣམས་ཀྱི་ཁ་དོག་ལ་སོགས་པ་རྣམས་ཏིང་ངེ་འཛིན་གྱི་བྱེ་བྲག་གིས་དེ་རྣམ་པར་བསྒྱུར་དུ་བཏུབ་པ་སྟེ། གང་དགའ་བར་བྱར་རུང་ངོ་ཞེས་ཟེར་ན། དེ་ [213a.2]དག་དེ་ལྟར་མ་ཡིན་ནམ་ཞེ་ན། སྨྲས་པ། ཡང་ན་ལྷ་ཐམས་ཅད་ཀྱི་ཁ་དོག་གི་བྱེ་བྲག་ཅེས་བྱ་བ་ལ་སོགས་པས་རྣམ་པ་གཞན་དུ་བསྒྱུར་བའི་དོན་གསུངས་ཏེ། ལྷ་རྣམས་ཀྱི་ཁ་དོག་གི་བྱེ་བྲག་ལ་སོགས་པ། སྔགས་པས་བདག་ཉིད་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་དུ་རུང་སྟེ་འདིར་ཁ་དོག་ [213a.3]དང་རྒྱན་རྣམས་ཇི་ལྟར་འདོད་པ་བཞིན་དུ་བྱའོ་ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདིར་དེ་བཞིན་དུ་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར་གང་དུ་ཡང་རུང་བར་བསྟན་ཏོ། །རྒོལ་བ་པ་ན་རེ། ཅིའི་ཕྱིར་འདི་ལྟར་བྱེ་བྲག་ཐ་དད་པ་དག་ཏུ་གསུངས་ཤེ་ན། འཇིག་རྟེན་གྱི་ཁམས་རྒྱ་ཆེན་པོ་ [213a.4]དག་ན། འདུལ་བའི་ཞིང་བསམ་གྱིས་མི་ཁྱབ་པ་དག་གནས་པའི། ཡུལ་དང་དུས་དང་བསམ་པ་དང་། མོས་པ་མི་མཐུན་པ་དག་ཚོགས་པའི་དབང་གིས། ཇི་ལྟར་འདོད་པ་བཞིན་དུ་རུང་བར་བསྟན་ཏེ། ཁ་དོག་གཅིག་ཏུ་ཆད་པ་མེད་པར་བརྗོད་དོ། །གཞུང་ཆེན་པོ་ལས་ནི་ཞེས་པ་ནི། [213a.5]གཞན་ཡང་ཡོ་ག་འབུམ་སྡེ་སྟོང་ཕྲག་བརྒྱ་པ་ལས། རིགས་བཞི་དག་གི་རྒྱལ་བའི་རིགས་འབའ་ཞིག་གི་ཁ་དོག་རྣམ་པར་དབྱེ་བ་བཤད་པ། རྟག་པའི་འཁོར་ལོ་སེར་པོ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁ་དོག་སྣ་ཚོགས་ཞེས་པ་ནི། གདོན་མི་ཟ་བར་གྲུབ་པའོ། །རྒྱ་ཆེན་ [213a.6]མཆོག་ཅེས་པ་ནི། བདག་གཞན་གྱི་ཕུན་སུམ་ཚོགས་པ་རྫོགས་པར་མཛད་པའི་ཡེ་ཤེས་རྒྱ་ཆེན་པོ་མངའ་བའོ། །འོད་ཀྱི་ཕྲེང་བ་ཞེས་པ་ནི། འོད་ཟེར་སྣ་ཚོགས་པར་འཕྲོ་ཞིང་སྡུད་པའི་ཕྲེང་བ་དང་ལྡན་པའོ། །ངོ་མཚར་ཆེ་ཞེས་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་གཞན་ངོམ་པར་བྱེད་ [213a.7]པའི་རྒྱུར་གྱུར་པའོ། །རྡོ་རྗེ་ཆེན་པོ་དོན་ཡོད་པ། །ཞེས་པ་ནི། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཡེ་ཤེས་ལྔ་དང་ལྡན་པར་མཛད་པ་ཐམས་ཅད་དོན་ཡོད་པར་མཛད་པའོ། །རྡོ་རྗེ་འཛིན་པས་རྟག་ཏུ་བསམ། །ཞེས་པ་ནི་སྔགས་མཁན་ཉིད་ཡེ་ཤེས་ལྔ་འཛིན་པར་འདོད་པ་ཡང་ཡིན་ལ་ [213b] [213b.1]རྡོ་རྗེ་འཛིན་པའི་ཚུལ་རྗེས་སུ་སྲུང་བར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། སྒྲུབ་པ་པོ་ཉིད་ཀྱིས་རྟག་ཏུ་བསམ་གཏན་དུ་བྱ་ཞེས་པའི་ཐ་ཚིག་གོ། །རྡོ་རྗེ་རྩེ་མོ་ལས་ཀྱང་ཞེས་པ་ནི་ཁ་དོག་གི་རྣམ་པ་འདི་ལྟ་བུ་དག་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་ཁ་དོག་རྣམ་པར་ཕྱེ་སྟེ་ཞེས་པ་ནི། མི་མཐུན་ [213b.2]པར་སྟོན་པ་དག་སོ་སོར་འབྱེད་པའོ། །མི་འཁྲུགས་པ་ནི་ས་རེག་གོ། །ཞེས་པ་ནི་ཁ་དོག་རྣམ་པར་ཕྱེ་བའི་ཞར་ལ། ལས་ཀྱི་ཕྱག་རྒྱ་རྣམས་ཀྱང་སྟོན་པར་བྱེད་པ་སྟེ། ཕྲིན་ལས་ཀྱིས་བདུད་ལ་སོགས་པ་བར་དུ་གཅོད་པའི་བྱིན་གྱི་རླབས་དང་ལྡན་པར་བསྟན་ཏེ། གང་ཞིག་མིང་མཐུན་ [213b.3]པར་རྒོལ་བ་རྣམས་ལ། སའི་ལྷ་མོ་དཔང་དུ་བཙུགས་ནས་དེ་དམིགས་དབྱེ་བར་བྱ་བ་སྟེ། བདུད་འདུལ་བའི་ཕྱག་རྒྱའོ། །རིན་ཆེན་དེ་བཞིན་མཆོག་སྦྱིན་ནོ། །ཞེས་པ་ནི། སྦྱིན་པ་ཐམས་ཅད་ཀྱི་ནང་ན་ནི་དབང་བསྐུར་བ་མཆོག་པས་མཆོག་སྦྱིན་ཞེས་བྱ་སྟེ། ཕྱག་རྒྱ་དེ་དང་ལྡན་པར་ [213b.4]བསྟན་པའོ། །ཚེ་དཔག་མེད་པའི་ཏིང་ངེ་འཛིན་མཆོག་ཅེས་པ་ནི་དྲན་རྟོགས་ཐམས་ཅད་ཀྱི་ནང་ན་ནི། རྩེ་གཅིག་པའི་ཏིང་ངེ་འཛིན་མཆོག་པས། ཕྲིན་ལས་བསམ་གཏན་གྱི་ཏིང་ངེ་འཛིན་མཛད་པའི་ཕྱིར་ཕྱག་རྒྱ་འདི་བསྟན་ཏོ། །དོན་ཡོད་པ་ནི་མི་འཇིགས་སྦྱིན། །ཞེས་པ་ནི་འགྲོ་བ་ [213b.5]རྣམས་ལ་མི་འཇིགས་པ་སྦྱིན་པ་ནི་སྙིང་རྗེའི་ནང་ན་མཆོག་སྟེ། འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་མཛད་པ་དང་། འགྲོ་བ་འཇིགས་པས་ཉེན་པ་རྣམས་དེ་ལས་སྐྱོབ་པར་མཛད་པས་ན། ཕྱག་རྒྱ་ཡང་འདི་ལྟར་བསྟན་ཏོ། །རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་མ་སྨོས་པ་ནི། བྱང་ཆུབ་ [213b.6]མཆོག་གི་ཕྱག་རྒྱར་མངོན་ཏེ། བསྒྲུབ་བྱ་ཐམས་ཅད་ཀྱི་ནང་ན་ནི། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་མཆོག་པས་དེ་དང་ལྡན་ཞིང་གཞན་སྐལ་བ་ཅན་ཇི་སྙེད་པ་ཡང་སྟེར་བར་མཛད་པའི་ཕྲིན་ལས་ཀྱི་མཚན་ཉིད་ཅན་པས་ཕྱག་རྒྱ་ཡང་འདི་ལྟར་བསྟན་ཏོ། །སྔོན་པོ་སེར་པོ་དེ་བཞིན་དམར། ། [213b.7]སྔོ་བསངས་ཞེས་པ་ནི། མི་འཁྲུགས་པ་དང་། རིན་ཆེན་འབྱུང་བ་དང་། འོད་དཔག་མེད་དང་། གདོན་མི་ཟ་བར་གྲུབ་པ་དང་། རིམ་བཞིན་དུ་སྦྱར་བར་བྱའོ། །སངས་རྒྱས་རིགས་བཟང་ཞེས་པ་ནི། རྣམ་པར་སྣང་མཛད་པ་ལས་རིགས་ཐམས་ཅད་འབྱུང་བས་ན། རིགས་ [214a] [214a.1]བཟང་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་དེའི་རིགས་སུ་གྱུར་པ་དག་སྐྱེད་པར་བྱེད་ཀྱི། རིགས་གཞན་སྐྱེད་པར་མི་མཛད་པས་ན་རིགས་བཟང་ཞེས་བྱ་སྟེ། དེ་ནི་ཁ་དོག་དཀར་ཞེས་གསུངས་སོ། །རྒོལ་བ་པ་ན་རེ། དེ་བཞིན་གཤེགས་པ་རྣམས་ནི་ཐབས་ཚད་མེད་ [214a.2]པ་མངའ་བས། ཡེ་ཤེས་ཐོགས་པ་མེད་པས་ཡུལ་ཐམས་ཅད་ལ་མྱུར་བར་འཇུག་པ་ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་བཞིན་དུ་མཁྱེན་པ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་ལ་འཇུག་པའོ་ཞེས་གསུངས་ན། ཁ་དོག་ [214a.3]རྣམ་པ་ཐ་དད་པར་བསྟན་པ་གདུལ་བྱ་མོས་པར་བྱེད་ཀྱི། ཁ་དོག་གཅིག་ཁོ་ནའི་ངོ་བོ་བསྟན་པས། དེ་ལྟར་ནུས་པ་མ་ཡིན་ནམ་ཞེ་ན། སྨྲས་པ། ཁ་ཅིག་གཅིག་གི་ངོ་བོས་གདུལ་བྱ་རྣམས་ཀྱི་དོན་མཛད་པར་ཡང་མི་ནུས་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་མོས་པ་མི་མཐུན་པ་དག་གི་དབང་ [214a.4]དུ་འདི་ལྟར་བསྟན་ཞེས་གོང་དུ་བཤད་པ་བཞིན་ཏེ། དེ་བས་ན་གདུལ་བྱའི་སྐྱེ་བོའི་དབང་གིས་དེ་དག་ཁ་དོག་དང་དབྱིབས་དུ་མར་སྣང་བར་གྱུར་པས་དེ་དག་གི་ཁ་དོག་གི་ཁྱད་པར་ནི་སོ་སོར་ངེས་པ་མེད་པར་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །གཞན་དག་ན་རེ། འདིར་རྒྱུད་འདི་ཉིད་ [214a.5]ལས་ཇི་སྐད་གསུངས་པའི་ཁ་དོག་དེ་བསྟན་པས་ཆོག་མོད། རྒྱུད་གཞན་ལས་གསུངས་པའི་ཁ་དོག་གི་རྣམ་པ་ཇི་སྙེད་པ་དག་བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། དེ་ཡང་བདེན་མོད་ཀྱི། འོན་ཀྱང་འདིར་སློབ་དཔོན་གྱིས་རྒྱུད་སོ་སོ་ནས་འབྱུང་བའི་ཁ་དོག་མི་མཐུན་པར་འབྱུང་བ་རྣམས་ [214a.6]འདིར་བསྡུས་ཏེ་བསྟན་པ་ནི། སྒྲུབ་པ་པོ་བདག་ཉིད་ལྷའི་བསམ་གཏན་མངོན་དུ་བྱེད་པ་རྣམས་གང་ལ་མོས་གཏོལ་མེད་པས་ན། དེ་དག་གང་ལ་མོས་པ་དེ་བཞིན་དུ་ཁ་དོག་དེ་དང་སྦྱར་ལ་འཇུག་ཏུ་ཡོད་པར་བསྟན་པའི་ཕྱིར་རོ། །གཞན་དུ་ན་གང་ཟག་ཐོས་པ་ཆུང་བ་རྣམས་ཀྱིས་མི་མཐུན་ [214a.7]པའི་རྣམ་པ་དུ་མ་མཐོང་ན། ཐེ་ཚོམ་ཟ་ཞིང་མགོ་རྨོངས་པར་དོགས་པ་བསལ་བའི་ཕྱིར་འདི་ལྟར་བསྡུས་པ་ཡིན་པར་ཤེས་པར་བྱའོ། །ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་བཟླས་བརྗོད་བྱེད་པ་དང་ཞེས་པ་ནི་བསྡུས་པ་དང་། རྒྱས་པར་ཕྱེ་བ་ལས་རྒྱས་པར་བསྟན་པ་འདི་ནི། [214b] [214b.1]དེ་བཞིན་གཤེགས་པ་བཞི་དང་སོགས་ཀྱིས་དེའི་འཁོར་དུ་གྱུར་བ་རྣམས་ཀྱི་བཟླས་བརྗོད་པས། དེ་དག་མཉེས་པར་འདོད་པ་དང་། རྣམ་གཅིག་ཏུ་བསྒོམ་པ་ལ་བརྩོན་པ་རྩེ་གཅིག་ཏུ་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་བདེ་བར་གཤེགས་པ་རྟག་པ་ལ་སོགས་བཞི་དང་། དེའི་འཁོར་ [214b.2]དུ་གྱུར་པ་ཐམས་ཅད་ལ་མཆོད་པའི་ཆོ་གས་ཚིམ་ཞིང་མཉེས་པར་བྱ་བའི་ཕྱིར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པའི་ཚུལ་དུ་རྣམ་པར་བཀོད་ནས་བསྟན་པའོ། །དེ་ཡན་ཆད་དུ་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་འཕགས་པ་མཆོད་པ་དང་། མཉེས་པར་བྱ་བའི་ཐབས་བསྟན་ [214b.3]པ་བཤད་ཟིན་ཏོ།། །།ད་ནི་དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་འཕགས་པ་མཉེས་པར་བྱ་བའི་ཆོ་ག་བསྟན་པ་དེ་དག་མི་ལྕོགས་པ་རྣམས་ཀྱི་དོན་དུ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་མཉེས་པར་བྱ་བའི་ཐབས་གསུངས་ཏེ། གང་ཞེ་ན། བསམ་གཏན་འདི་ནི་རབ་ [214b.4]ཏུ་རྒྱ་ཆེ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་འདི་ནི་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རྒྱས་པར་བྲིས་པའི་བསམ་གཏན་འདི་ནི། ལྷ་དང་དཀྱིལ་འཁོར་དང་སྒྲུབ་ཐབས་རབ་ཏུ་རྒྱ་ཆེ་བ་མང་པོ་དག་འབྱུང་བས་སོ། །དེ་མི་འདོད་པ་ཞེས་པ་ནི། ཁ་ཅིག་ [214b.5]སེམས་རྒྱ་ཆུང་བ་དང་། བརྩོན་འགྲུས་ཞན་པར་གྱུར་བས་དོན་འདི་དག་ཉམས་སུ་ལེན་པར་མི་ནུས་པ་རྣམས་ཀྱི་དོན་དུ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བསྟན་ཏེ། དེ་བས་ན་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་ཞེས་བྱ་བ་སྨོས་ཏེ། ཀྱང་ཞེས་བྱ་བ་ནི། འདིས་ཀྱང་གོང་མ་ལྟ་བུའི་ [214b.6]དངོས་གྲུབ་དེ་དག་ཐོབ་པར་ནུས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ལ་སོགས་པ་ལ་མཆོད་པ་ཞེས་པ་ནི་ཕྱག་རྒྱ་བཞི་པའི་ཚུལ་གྱིས་སྦྱོར་བས། དེ་བཞིན་གཤེགས་པ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱི་ནང་གི་ལྷ་མོ་ལ་སོགས་པས་ཕྱིར་མཆོད་པའོ། །མཉེས་པར་ [214b.7]བྱ་བའི་སེམས་དཔའ་ཞེས་པ་མཉེས་པར་བྱ་བའི་དངོས་གྲུབ་སྒྲུབ་པར་འདོད་པའི་སེམས་དཔའ་བདག་གང་ལ་མོས་པ་དེའོ། །བཟླས་བརྗོད་བྱས་པ་ལས་བྱུང་བ་ནི། བཟླས་བརྗོད་ཀྱིས་མཉེས་པར་བྱ་བའི་སྒོ་ནས་དེ་ལས་བྱུང་བའི་དངོས་གྲུབ་ཐོབ་པའམ། བསྒོམ་པའི་རྣལ་འབྱོར་ [215a] [215a.1]ལས་བྱུང་བའི་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ཀྱི་ངོ་བོ་ལས། ལྷའི་རྣལ་འབྱོར་མཚན་མའི་རྣམ་པ་ཅན་དུ་གསལ་བར་བསྒོམ་པའི་བསམ་གཏན་གྱི་སྒོ་ནས་དེ་ལས་བྱུང་བའི་དངོས་གྲུབ་འདོད་པར་བྱ་བ་སྟེ། འདོད་པར་བྱ་བ་ནི་ཐོབ་པར་བྱ་བའོ་ཞེས་པའི་ཐ་ [215a.2]ཚིག་གོ། །རྒོལ་བ་པ་ན་རེ། འོ་ན་རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་བརྗོད་པའི་དེའི་ཚུལ་དང་རིམ་པ་དག་འདིར་ཇི་ལྟ་བུར་བྱ་བ་ཡིན་ཞེ་ན། སྨྲས་པ། རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔ་མ་བཞིན་དུ་ཇི་ལྟར་ [215a.3]བསམས་པའི་ཁང་པའི་ནང་དུ་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྔར་ཇི་ལྟར་བསམས་པའི་ཁང་པ་དེའི་ནང་དུ་རྡོ་རྗེ་དང་རིན་པོ་ཆེ་ལ་སོགས་པ་ཞེས་པ་ནི། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རྡོ་རྗེ་ཁ་བཞི་པས་བརྒྱན་པའི་དཀྱིལ་འཁོར་བསམ་པའོ། །དེའི་དབུས་སུ་ཞེས་པ་ནི། [215a.4]དེ་ལྟར་བརྒྱན་པའི་དབུས་ཀྱི་རེའུ་མིག་གི་ནང་དུ་བསམ་པ་ནི། བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཆེན་པོ་བསམ་པར་བྱ་སྟེ། ཁ་དོག་དང་དབྱིབས་ལ་སོགས་པ་ནི་གོང་དུ་བཤད་པ་ལྟ་བུར་བསམ་པར་བྱའོ། །དེའི་ཤར་ལ་སོགས་པའི་ཕྱོགས་སུ་ཞེས་པ་ནི། དབུས་ཀྱི་རེའུ་དེའི་ཤར་དང་ལྷོ་ [215a.5]དང་ནུབ་དང་བྱང་གི་ཕྱོགས་ཀྱི་རེའུ་བཞི་པོ་རྣམས་ཀྱི་ནང་དུ་གཡས་ནས་བསྐོར་ཞེས་པ་ནི། ཤར་ཕྱོགས་ནས་ལྷོ་ཕྱོགས་སུ་མཐར་གྱིས་བསྐོར་བའོ། །རྡོ་རྗེ་དང་ཞེས་པ་ནི་སྔར་བཤད་པའི་ཕྱག་རྒྱ་བཞི་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་གནས་པར་བསམ་པའོ། །ཕྱི་རོལ་གྱི་དཀྱིལ་ [215a.6]འཁོར་ན་གནས་པ་ཞེས་པ་ནི། ལྷ་མོ་བརྒྱད་དང་། སྒོ་བ་བཞི་དང་། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་དགོད་པའི་ཐབས་དང་རིམ་པ་ནི་སྔར་བཤད་པ་བཞིན་ཤེས་པར་བྱའོ། །རྒོལ་བ་པ་ན་རེ། འོ་ན་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཞི་དག་བསམ་པ་དང་། [215a.7]བྲི་བའི་ཐབས་དང་། རིམ་པ་ནི་འདི་ལྟར་རུང་ན་དེ་ལས་གཞན་པ་རྣམས་ཀྱི་ཕྱག་རྒྱ་བཞི་པོའི་རིམ་པ་དག་བསམ་པ་དང་། བྲི་བའི་རྣམ་པ་ཇི་ལྟ་བུར་བྱ་བ་ཡིན་ཞེ་ན། མི་འཁྲུགས་པ་ལ་སོགས་པའི་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་བཞི་རྣམས་ཀྱི་མཚན་ཉིད་ཀྱང་འདི་ཉིད་དོ་ཞེས་ [215b] [215b.1]པ་ནི། མི་འཁྲུགས་པ་དང་། སོགས་ཀྱི་སྒྲས་རིན་ཆེན་འབྱུང་བ་དང་། འོད་མཐའ་ཡས་དང་། གདོན་མི་ཟ་བར་གྲུབ་པ་བཞིའི་དཀྱིལ་འཁོར་གྱི་མཚན་ཉིད་ཇི་ལྟ་བུ་ཡིན་པ་ཡང་གོང་མ་ལས་ཁྱད་པར་འདི་ལྟར་ཤེས་པར་བྱ་སྟེ། གང་ཞེ་ན། ཁྱད་པར་ནི་རྡོ་རྗེ་དབྱིངས་ཀྱི་གནས་སུ་ [215b.2]ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་བཞུགས་པའི་རེའུ་དབུས་མ་ལ་དེ་བཞིན་གཤེགས་པ་གང་གི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཡིན་པ་དེ་བསམ་པ་སྟེ། དཔེར་ན་མི་འཁྲུགས་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཡིན་ན། རྣམ་པར་སྣང་མཛད་ཀྱི་གནས་སུ་མི་འཁྲུགས་པ་བསམས་ཏེ། [215b.3]ཕྱི་མ་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེའི་འཁོར་དུ་གྱུར་པ་སེམས་དཔའ་ཆེན་པོ་བཞི་རྣམས་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞིའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་སུ་དགོད་དོ་ཞེས་པ་ནི་སེམས་དཔའ་ཆེན་པོ་བཞིའི་ཕྱག་མཚན་རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་ [215b.4]པ་རྣམས་སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཡུམ་རྣམས་ཀྱི་གནས་སུ་དགོད་པའོ། །དེ་བས་ན་རྒྱུད་ལས་ཀྱང་འདི་སྐད་གསུངས་ཏེ། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཞེས་པ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བྲི་ཞིང་བསམ་པ་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བུའི་ཚུལ་དུ་ [215b.5]སྲད་བུ་བྲེ་བ་དང་། ཐིག་གདབ་པ་དང་། རེའུ་བགོ་བར་བྱའོ། །དང་པོར་སངས་རྒྱས་སྐུ་བཞག་ནས། ཞེས་པ་ནི་རིགས་གང་སྒྲུབ་པའི་ཕྱག་རྒྱ་བཞི་པོ་གང་ཡིན་པ་དེའི་སྐུ་བཞག་པའོ། །ཕྱག་རྒྱ་རྣམ་བཞི་བྲི་བར་བྱ། །ཞེས་པ་ནི། དེ་ནས་རིགས་གང་ཡིན་པ་དེའི་སེམས་དཔའ་ [215b.6]བཞིའི་ཕྱག་རྒྱ་གཞག་པའོ། །རྡོ་རྗེ་གྲུབ་པའི་ཕྱག་རྒྱ་བཞི་ཇི་ལྟ་བ་བཞིན་དུ་ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཞི་ཇི་ལྟ་བ་བཞིན་དུ་མི་འཁྲུགས་པ་ལ་སོགས་པ་སངས་རྒྱས་བཞི་པོ་དག་གི་དཀྱིལ་འཁོར་རྣམས་ཀྱང་འཁོར་རང་རང་གི་སེམས་དཔའི་ཕྱག་རྒྱ་བཞི་རྣམས་དང་ལྡན་ [215b.7]པར་བྲིའོ་ཞེས་རྒྱུད་ལས་གསུངས་པར་བསྟན་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མུཥྚི་བཾ་ཞེས་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱ་བཞི་བའོ། །སྔར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བཀོད་པ་རྣམས་དཀྱིལ་འཁོར་འདིར་བསྡུ་པའི་དོན་དུ་ [216a] [216a.1]བརྗོད་པ་སྟེ། སྔགས་འདིའི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ཤིག་པའི་དོན་ཏོ། །རྡོ་རྗེ་དབྱིངས་དང་རྡོ་རྗེ་སེམས་མ་ཞེས་བརྗོད་པ་ནི། སངས་རྒྱས་ལྔ་པོ་དེ་དག་རང་བཞིན་གཞན་དུ་འགྱུར་བའི་མཚན་ནོ། །སྔགས་ལྷག་མ་འདི་བཞི་ནི་མི་བསྐྱོད་པ་ [216a.2]ལ་སོགས་པའི་སངས་རྒྱས་བཞི་པོ་རྣམས་ཀྱིས་ཀྱང་། སོ་སོ་རང་རང་གི་རིགས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་པོ་སྡུད་པའི་ཕྱག་རྒྱ་རྣམས་བྱིན་གྱིས་རློབ་པའི་སྔགས་གསུངས་པ་སྟེ། དེ་ལ་མི་འཁྲུགས་པའི་རྡོ་རྗེ་རིགས་ཀྱི་སེམས་དཔའ་རྣམས་བསྡུ་བའི་སྔགས་གསུངས་པ་ནི། [216a.3]ཨོཾ་བཛྲ་སརྦ་མུཥྚི་ཨ་ཞེས་བྱ་བ་སྟེ། རྡོ་རྗེ་རིགས་ཐམས་ཅད་གཅིག་ཏུ་འདུས་ཤིག་པའི་དོན་ཏོ། །རིན་ཆེན་འབྱུང་བས་རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་རྣམས་བསྡུ་བའི་སྔགས་གསུངས་པ་ནི། ཨོཾ་རཏྣ་མུཥྚི་ཏྲཱཾ་ཞེས་བྱ་བ་སྟེ། རིན་ཆེན་ཆེན་པོའི་རིགས་ཐམས་ཅད་ [216a.4]གཅིག་ཏུ་འདུས་ཤིག་པའི་དོན་ཏོ། །འོད་མཐའ་ཡས་ཀྱིས་པདྨའི་རིགས་ཀྱི་སེམས་དཔའ་རྣམས་བསྡུ་བའི་སྔགས་གསུངས་པ་ནི། ཨོཾ་དྷརྨ་མུཥྚི་ཁཾ་ཞེས་བྱ་བ་སྟེ། པདྨའི་རིགས་ཐམས་ཅད་གཅིག་ཏུ་འདུས་ཤིག་པའི་དོན་ཏོ། །གདོན་མི་ཟ་བར་གྲུབ་པས་ལས་ཀྱི་སེམས་ [216a.5]དཔའ་རྣམས་བསྡུ་བའི་སྔགས་གསུངས་པ་ནི། ཨོཾ་ཀརྨ་མུཥྚི་ཧཾ་ཞེས་བྱ་བ་སྟེ། ལས་ཀྱི་རིགས་ཐམས་ཅད་གཅིག་ཏུ་འདུས་ཤིག་པའི་དོན་ཏོ། །རྒོལ་བ་པ་ན་རེ། འོ་ན་དེ་ལྟར་སྔགས་བརྗོད་པས་གསུངས་པ་ནི་རུང་ན། ཚུལ་ཇི་ལྟ་བུར་འདུས་ཤེ་ན། སྨྲས་པ། མི་བསྐྱོད་ [216a.6]པ་ལ་སོགས་པ་བཞི་རྣམས་ནི། བཅོམ་ལྡན་འདས་བཻ་རོ་ཙ་ན་རྡོ་རྗེ་གྲུབ་པ་ཞེས་བྱ་བར་འདུས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་ནི། ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པར་འདུས། རྡོ་རྗེ་རིན་ཆེན་ལ་སོགས་པ་བཞི་ནི། ཕྱག་རྒྱ་རིན་པོ་ཆེར་འདུས། རྡོ་རྗེ་ཆོས་ལ་སོགས་པ་བཞི་ནི། ཕྱག་ [216a.7]རྒྱ་པདྨོར་འདུས། རྡོ་རྗེ་ལས་ལ་སོགས་པ་བཞི་ནི། ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་དུ་འདུས། དེ་དག་གི་རིགས་ཀྱི་ལྷ་མོ་རྣམས་ཀྱི་སོ་སོའི་བཀའ་འཁོར་དུ་འདུས་པར་རིག་པར་བྱའོ། །ཕྱིའི་མཆོད་པའི་ལྷ་མོ་བཞི་རྣམས་དང་། སྒོ་བ་བཞི་རྣམས་ནི་སྔ་མ་བཞིན་དུ་བྲི་བར་བྱའོ། ། [216b] [216b.1]རྒོལ་བ་པ་ན་རེ། འོ་ན་གཞན་རྣམས་ཀྱི་དཀྱིལ་འཁོར་དུ་དགོད་པའི་ཚུལ་དང་རིམ་པ་ཇི་ལྟར་བྱ་བ་ཡིན་ཞེ་ན། མི་འཁྲུགས་པ་ལ་སོགས་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་དགོད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་གཞན་པའི་རྣམ་པ་ཡང་བྱར་རུང་བར་བསྟན་ [216b.2]པའི་ཕྱིར་ན་ཡང་ཞེས་བྱའོ། །གཟུངས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱའི་སྐབས་སུ་གསུངས་པ་ཞེས་པ་ནི། རྡོ་རྗེ་དབྱིངས་གཟུངས་ཀྱི་དཀྱིལ་འཁོར་དུ་བསྟན་པའི་སྐབས་ནས་འབྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་དགོད་པའི་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ [216b.3]ལ་སོགས་པ་ཐམས་ཅད་ཀྱི་སོ་སོར་ཕྱག་རྒྱ་དགོངས་པའི་སྐབས་སུ་གསུངས་པའི་སྔགས་ཀྱིས་འགོད་དོ། །ཕྱག་རྒྱ་ཞེས་བྱ་བའི་སྔགས་ཀྱི་ཚིག་རྣམས་ཞེས་པ་ནི། ཇི་ལྟར་གཟུངས་ཀྱི་དཀྱིལ་འཁོར་ལས། རྣམ་པར་སྣང་མཛད་ནི་བཛྲ་དྷཱ་ཏྭཱི་ཤྭ་རིའི་ཞེས་བྱ་བ་ནས་རིགས་ [216b.4]བཞི་པོ་རྣམས་ནི། སརྦ་བཛྲི་ཎི་ཧཱུཾ་དང་། རཏྣ་བཛྲི་ཎི་ཧཱུཾ་དང་། དྷརྨ་བཛྲི་ཎི་ཧཱུཾ་དང་། ཀརྨ་བཛྲི་ཎི་ཧཱུཾ་ཞེས་བྱ་བའི་སྔགས་རྣམས་དང་། དེ་བཞིན་དུ་རིགས་ཀྱི་སེམས་དཔའ་ཆེན་པོ་རྣམས་དང་། ལཱ་སྱེ་ལ་སོགས་པའི་ལྷ་མོ་བཞི་དམ་ཚིག་གི་ཕྱག་རྒྱའི་མཚན་མར་བསྟན་པའི་ [216b.5]སྔགས། ཨོཾ་བཛྲ་གུ་ཧྱ་ད་རི་པཱུ་ཛ་ས་མ་ཡེ། སརྦ་པཱུ་ཛ་ས་མ་ར་ཧ་ཡ་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱིས། ལྷ་རྣམས་རང་རང་གི་གནས་སུ་དགོད་པར་བྱའོ། །སྔགས་དེ་དག་ལ་ཅིའི་ཕྱིར་ཕྱག་རྒྱ་ཞེས་བྱ་བའི་སྔགས་སུ་བརྗོད་ཅེ་ན། སྨྲས་པ། སྔགས་ཀྱི་རྣམ་ [216b.6]པ་གཉིས་ཡེ་ཤེས་ཀྱི་རང་བཞིན་གྱི་མཚན་པས་ཕྱག་རྒྱ་ཞེས་བྱའོ། །དེ་ལ་ཡང་སྤྱིར་སྦྱར་བ་དང་། ཁྱད་པར་དུ་སྦྱར་བ་གཉིས་ཀྱི་བྱེ་བྲག་གིས་སྙིང་པོ་དང་སྔགས་དང་ཕྱག་རྒྱ་དང་། རིག་པ་ཞེས་བྱ་བར་འདོད་དེ། སྤྱིར་ནི་རྩ་བའི་རྒྱུད་ཆེན་པོའི་དཀྱིལ་འཁོར་དུམ་བུ་བཞི་ལ་སྦྱར་ན། [216b.7]རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ནི་སྙིང་པོའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་པ་ནི་ཕྱག་རྒྱ། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་གསུངས་པ་ནི་སྔགས། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་གསུངས་པ་ནི་རིག་པ་ཞེས་བྱ་བར་འདོད་ [217a] [217a.1]དོ། །ཁྱད་པར་དུ་སྦྱར་ན། དཀྱིལ་འཁོར་དུམ་བུ་བཞིའི་རང་རང་གི་མཚན་རིལ་བཞི་ཆར་ཚང་བར་འདོད་དེ། ཅི་ལྟར་ཞེ་ན། དཀྱིལ་འཁོར་ཆེན་པོར་གསུངས་པ་ནི་སྙིང་པོ། དམ་ཚིག་གི་དཀྱིལ་འཁོར་དུ་གསུངས་པ་ནི་ཕྱག་རྒྱ། ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ནི་སྔགས་ [217a.2]ལས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ནི་རིག་པའོ་ཞེས་ཟེར་ཏེ། འོན་ཀྱང་གཟུངས་ཀྱི་དཀྱིལ་འཁོར་ནི་དམ་ཚིག་གི་དཀྱིལ་འཁོར་པས། དེ་ཉིད་དམ་ཚིག་དེ་ལས་གསུངས་པའི་སྔགས་ནི་ཕྱག་རྒྱ་ཞེས་བྱ་བར་འདོད་པའི་དོན་གྱིས་འདི་ལྟར་བསྟན་ཏེ། སྔགས་དེ་དག་གིས་ལྷའམ། [217a.3]ཕྱག་རྒྱ་དེ་དག་དགོད་པར་བྱའོ། །འོ་ན་འདི་ལྟར་བསྟན་པ་འདི་དག་རྣམ་གྲངས་འདི་ལ་སྦྱར་བར་བྱ་བ་ཡིན་ནམ། གཞན་དུ་ཡང་སྦྱར་དུ་རུང་ཞེ་ན། སྨྲས་པ། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། བྱིན་གྱིས་བརླབ་པ་ [217a.4]དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་ཞེས་བྱ་བ་དེ་དག་ཕན་ཚུན་དུ་གཅིག་གི་ངོ་བོའི་མིང་དུ་གཅིག་འདོད་པར་བཤད་པ་ཡང་ཡོད་དེ། ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི། འོ་ན་ཅིའི་ཕྱིར་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དགོད་པར་བྱ་བའི་སྔགས་གཟུངས་ཀྱི་དཀྱིལ་འཁོར་ [217a.5]ནས་འབྱུང་བར་བྱེད། དེ་ལྟ་ན་ནི་ལས་དང་དཀྱིལ་འཁོར་རྣམ་པ་ཐ་དད་པར་གསུངས་པ་དག་ཀྱང་གཅིག་ལས་འབྱུང་བའི་བྱ་བ་གཅིག་གིས་བྱེད་པར་འགྱུར་རོ་ཞེ་ན། མི་འཁྲུགས་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་དགོད་ [217a.6]པའི་སྙིང་པོ་མ་གསུངས་ཞེས་པ་ནི། འདིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ནི་གསུངས་མོད་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་མ་གསུངས་པས་དཀྱིལ་འཁོར་ཆེན་པོར་བསམ་པའི་སྐབས་སུ་གསུངས་པའམ། གཟུངས་ཀྱི་དཀྱིལ་འཁོར་དུ་སོ་སོའི་ཕྱག་རྒྱ་དགོད་པའི་ [217a.7]སྙིང་པོ་གསུངས་པ་འདིས་དགོད་པར་བྱ་བ་བསྟན་ཏོ། །རྒོལ་བ་པ་ན་རེ། འོ་ན་འདི་ལ་ལ་ལ་ན་རེ་ནི། དཀྱིལ་འཁོར་འདིའི་མིང་རྡོ་རྗེ་དང་དངོས་གྲུབ་ཅེས་བྱ་བར་འབོད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། ཕྱག་རྒྱ་ཐམས་ཅད་ཀྱི་ནང་ན། རྡོ་རྗེའི་ཕྱག་རྒྱ་ལྔ་ལ་དཀྱིལ་འཁོར་འདི་ཡང་ཕྱག་རྒྱ་ [217b] [217b.1]ཐམས་ཅད་འདུས་པར་སྟོན་མོད་ཀྱི། འོན་ཀྱང་གཙོ་བོ་རྡོ་རྗེའི་ཕྱག་རྒྱ་པས་ན་རྡོ་རྗེ་གྲུབ་པའམ། དངོས་གྲུབ་ཅེས་བྱ་སྟེ། གཞུང་ཉིད་ལས། རྡོ་རྗེ་དངོས་གྲུབ་ཅེས་ཀྱང་གྲགས། །ཞེས་གསུངས་པའི་ཕྱིར་རོ། །རྒོལ་བ་པ་ན་རེ། འོ་ན་དཀྱིལ་འཁོར་འདིར་ཕྱག་རྒྱ་ཐམས་ཅད་འདུས་པར་ [217b.2]བསྟན། ཕྱག་རྒྱ་འདུས་པ་ཞེས་བྱ་བའི་མཚན་དུ་མིང་བརྗོད་ནས། ཕྱག་རྒྱ་བཞི་པ་ཞེས་བརྗོད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། ཕྱག་རྒྱ་ཐམས་ཅད་འདུས་པར་གྱུར་པ་ཡང་བདེན་མོད་ཀྱི། འོན་ཀྱང་དེའི་འབྲས་བུ་ཕྱག་རྒྱ་བཞི་ཁོ་ནར་སྣང་བས་ན། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཞེས་བརྗོད་དོ། ། [217b.3]རྒོལ་བ་པ་ན་རེ། འོ་ན་ཚུལ་འདི་ལྟར་སྟོན་པའི་དཀྱིལ་འཁོར་མཛད་པ་ན། འདི་ཅིའི་ཕྱིར་རམ་གང་གི་དོན་དུ་བསྟན་ཅེ་ན། འདི་ལྟར་བྱ་བའི་དཀྱིལ་འཁོར་འདི་ནི། ལོག་པར་ལྟ་བ་དང་སྡིག་པའི་ལས་བྱེད་པ་དང་། བརྩོན་འགྲུས་ཆུང་བ་དང་། སྦྱོར་བ་མི་བྱེད་པ་དང་། རི་མོ་མི་ [217b.4]ཤེས་པའི་དོན་དུ་བསྟན་ཞེས་གསུངས་པས་ནི། འདིར་ཡང་བསམ་གཏན་འདི་ནི་རབ་ཏུ་རྒྱ་ཆེ་སྟེ་དེ་མི་འདོད་པས་ནི་ཞེས་བརྗོད་པ་ཡིན་ནོ། །འོ་ན་དཀྱིལ་འཁོར་འདི་ལྟར་སླ་ལ་བསོད་ནམས་ཆེ་བ་འདི་གཞན་ལ་བསྟན་ཅིང་བཤད་པའི་རིགས་པ་ཡིན་ན་ཅིའི་ཕྱིར་སྟོན་པར་མི་བྱེད་ཅེ་ན། སྨྲས་ [217b.5]པ། རྩ་བའི་རྒྱུད་ཉིད་ལས་དཀྱིལ་འཁོར་འདི་གཞན་ལ་མ་སྨྲ་ཤིག་ཅེས་གདམས་ཤིང་བསྒོ་པའི་ཕྱིར་རོ། །རྒོལ་བ་པ་ན་རེ། འདི་གསང་བ་ཅིའི་ཕྱིར་གཞན་དག་བསོད་ནམས་ཐོབ་ཏུ་མི་རུང་ངམ་ཞེ་ན། སྨྲས་པ། དད་པ་དང་བརྩོན་འགྲུས་ཆེན་པོ་རྣམས་ལ་མདོར་བསྡུས་པའི་དཀྱིལ་འཁོར་ [217b.6]འདི་བསྟན་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། གལ་ཏེ་འདི་བསྟན་པར་གྱུར་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པ་འདྲི་ཞིང་རྩོལ་བ་དང་། སྒྲུབ་པར་བྱེད་པ་བཏང་ནས་དེ་དག་ལ་མི་རྩོལ་བར་ཆོ་ག་ཉུང་ངུ་འདི་ལྟ་བུ་ལ་འཇུག་པར་གྱུར་ནས་བསོད་ནམས་ཆེན་པོ་བཀག་པར་གྱུར་ [217b.7]དུ་དོགས་པའི་ཕྱིར་ནི་འདི་ལྟར་བསྟན་ཏོ། །ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་ལྷ་རྣམས་མཉེས་པར་བྱ་བའི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་དེ་ལྟར་ཕྱག་རྒྱ་བཞི་པའི་ཚུལ་གྱིས་ཉམས་སུ་ལེན་པར་མི་ནུས་པ་རྣམས་ཀྱི་དོན་དུ་ཕྱག་རྒྱ་གཅིག་པའི་ཚུལ་གྱིས་མཉེས་པར་བྱ་ [218a] [218a.1]བའི་ཆོ་ག་བཤད་པར་བྱ་སྟེ། གང་ཞེ་ན། དེ་ལ་རྡོ་རྗེ་སེམས་དཔའ་བཟླས་བརྗོད་བྱེད་པའམ་ཞེས་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་ཐམས་ཅད་ཀྱི་བདག་ཉིད་དམ་ངོ་བོར་གྱུར་པས་དེ་ཁོ་ན་བཟླས་བརྗོད་ཀྱི་སྒོ་ནས་མཉེས་པར་བྱེད་པའམ། [218a.2]བསྒོམ་པ་ལ་སོགས་པས་ཞེས་པ་ནི། སེམས་ཀྱི་སྒོ་ནས་ཏིང་ངེ་འཛིན་གྱི་བསམ་གཏན་གྱིས་བསྒྲུབ་པར་འདོད་པས། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་མཆོད་པའི་ཆོ་ག་བྱ་བར་ཡང་རྩ་བའི་རྒྱུད་ཆེན་པོ་ཉིད་ལས་གསུངས་སོ། །ཁང་པ་བརྩེགས་པའི་དབུས་སུ་ཞེས་པ་ནི་སྔར་བསྟན་པའི་ [218a.3]ཁང་པ་བརྩེགས་པའི་དབུས་དེར་རོ་ཞེས་པ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་ཐིག་གདབ་པ་ལ་སོགས་པ་བྱས་ནས་དཀྱིལ་འཁོར་གྱི་ནང་དུ་རྡོ་རྗེ་འཁོར་ལོ་ཟླུམ་པོར་བྱས་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་དབུས་སུ་དཔལ་རྡོ་རྗེ་སེམས་དཔའ་བཞུགས་པར་བསམ་མོ་ཞེས་ [218a.4]པ་ནི། ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་དཔལ་རྡོ་རྗེ་སེམས་དཔའ་ཁ་དོག་དང་ཆ་ལུགས་ཇི་ལྟ་བུ་དང་ལྡན་པར་བཞུགས་པར་བསམ་པའོ། །ལ་ལ་ན་རེ་ཕྱག་རྒྱ་ཞེས་བརྗོད་པའི་ཚིག་གིས་ནི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་འདི་བྲི་བའི་ཚེ་ནི་རྡོ་རྗེ་སེམས་དཔའི་གཟུགས་སུ་མི་ [218a.5]གཞག་པའི་དབུས་སུ་ཆོས་ཀྱི་ཕྱག་རྒྱའམ། དམ་ཚིག་གི་ཕྱག་རྒྱ་གཞག་པར་བྱས་ལ། བསམ་ཞིང་བསྒོམ་པའི་དུས་ན་ནི། ཕྱག་རྒྱ་ཆེན་པོའི་ཆ་ལུགས་དང་ལྡན་པར་བསྒོམ་ཞེས་ཟེར་རོ། །དེ་ལྟར་ཕྱག་རྒྱ་གཅིག་པའི་དུས་ན་ཡང་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བུའི་ཚུལ་དུ་བྱ་བའི་གཏན་ [218a.6]ཚིགས་རྩ་བའི་རྒྱུད་ཆེན་པོ་ཉིད་ལས། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་གཞག་པའི་སྙིང་པོ་ནི་ཨོཾ་བཛྲ་སཏྭ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་ [218a.7]རྣམས། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་བསྡུ་བའི་ཕྱིར་ཉིད་ཀྱིས་ཐུགས་ཀ་ནས་ཕྱུང་བའོ། །སྔགས་འདི་བསྟན་པ་ཡང་ཇི་ལྟར་དཀྱིལ་འཁོར་གོང་མ་རྣམས་སུ་ལྷ་རྣམས་གཉེར་ཞིང་བྱིན་གྱིས་བརླབ་པའི་ཕྱིར་འདི་ཉིད་ཀྱི་སྙིང་པོ་གསུངས་པ་བཞིན་དུ་འདིར་ཡང་རྡོ་རྗེ་སེམས་དཔའི་ [218b] [218b.1]དཀྱིལ་འཁོར་གྱི་བདག་པོར་བྱིན་གྱིས་བརླབ་པའི་ཕྱིར་འདི་ཉིད་ཀྱི་སྙིང་པོ་གསུངས་སོ། །ཇི་ལྟར་དཀྱིལ་འཁོར་ཆེན་པོ་དང་། །ཞེས་པ་ནི། འདི་དག་ནམ་མཁའི་ཕྱོགས་སུ་བསམས་ཏེ། བཟླས་བརྗོད་དང་སྒོམ་པའི་ཆོ་གས་མཆོད་པར་བྱས་པ་བཞིན་དུ། རས་དང་ཐང་བུ་ལ་སོགས་པ་ [218b.2]ལ་བྲི་བར་བྱས་པ་ལ་སོགས་པ་རྣམས་ཀྱང་མཆོད་པར་བྱ་བ་སྟེ། ཅིས་མངོན་ཞེ་ན། དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བསྟན་པའི་སྐབས་སུ་དེ་ལྟར་རས་རྩིག་པ་དང་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ནམ་མཁའ་ལ་བསམས་པ་བཞིན་རས་ལ་སོགས་པ་ལ་བྲིས་པར་ [218b.3]བྱས་པས་ཀྱང་དངོས་གྲུབ་སྟེར་རོ་ཞེས་གསུངས་སོ། །དེ་བཞིན་དུ་ཕྱག་རྒྱ་གཅིག་གི་དཀྱིལ་འཁོར་གྱི་སྐབས་སུ་ཞེས་པ་འདིར་ཡང་དེ་བཞིན་དུ་སྟོན་པ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་གས་རྒྱས་པ་ཞེས་པ་དེ་བཞིན་དུ་གྲུབ་པར་གྱུར་བའི་ཁུངས་ཏེ། འདི་ལས་དཀྱིལ་འཁོར་ [218b.4]ཆེན་པོ་དང་། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་བསྒོམ་པ་དང་། བཟླས་པ་བྱས་པས་དངོས་གྲུབ་གང་འདོད་པ་སྟེར་བ་བཞིན་དུ་ཕྱག་རྒྱ་གཅིག་པོ་བསྒོམས་པས་ཀྱང་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་དོ་ཞེས་བཤད་དོ། །རས་ཀྱི་ཆོ་ག་གསུངས་པ་ཡང་། །ཞེས་པ་ནི། རྒྱུད་ཕྱི་མའི་ཡང་ཕྱི་ [218b.5]མ་ལས་སེམས་ཅན་བསོད་ནམས་ཆུང་བ་དག་གི་དོན་རས་ལ་བྲིས་པའི་ཆོ་ག་གསུངས་པའོ། །རས་ལ་བཅོམ་ལྡན་འདས་ཞེས་པ་ནི། རས་བྱི་དོར་ལེགས་པར་བྱས་པ་ལ་རི་མོ་མཁན་གསོ་སྦྱོང་ལ་གནས་པས་ཁ་དོག་ཕུན་སུམ་ཚོགས་པའི་ཚོན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ [218b.6]རྣམས་འཁོར་གྱི་རིགས་ཀྱི་ལྷ་མོ་དང་བཅས་པར་བྲི་བར་བྱ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔ་ལས་བདག་གང་ལ་མོས་པ་སྟེ། གང་ཡང་རུང་བའོ། །ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ཚུལ་དུ་ཞེས་པ་ནི། དེ་དག་རེ་རེའི་འཁོར་ན་རྡོ་རྗེ་སེམས་དཔའ་ལ་ [218b.7]སོགས་པ་སེམས་དཔའ་ཆེན་པོ་བཞི་བཞི་གནས་པ་གང་བསྒོམ་པའི་དཀྱིལ་འཁོར་དུ་ཕྱག་རྒྱའི་ཚུལ་དུ་དགོད་པའོ། །རིགས་ཀྱི་ལྷ་མོ་ཞེས་པ་ནི་ཕྱི་ནང་གི་ལྷ་མོ་བརྒྱད་པོ་དག་གོ། །སྙིང་པོ་ལ་སོགས་ཞེས་པ་ནི། ལྷ་ལྔ་པོ་དེ་དག་གོ། །སོགས་ཀྱི་སྒྲས་ནི་སྔགས་དང་ཕྱག་རྒྱ་གཞན་ [219a] [219a.1]ཡང་བསྡུའོ། །དེ་ལ་བརྟེན་པའི་སེམས་དཔའ་ཆེན་པོ་ཞེས་པ་ནི། དེ་བཞིན་གཤེགས་པ་དེ་དག་སོ་སོ་ལ་བརྟེན་པའི་རང་རང་རིགས་ཀྱི་སེམས་དཔའི་རྣམས་སོ། །དེ་དག་བཟླས་བརྗོད་དང་བསྒོམ་པས་མཉེས་པར་བྱ་བའི་ཕྱིར་འདི་ལྟར་བསྟན་ཏོ། །དེ་ཡན་ཆད་ཕྱག་རྒྱ་ [219a.2]གཅིག་པའི་ཆོ་ག་དང་། རས་ལ་བྲི་བའི་ཆོ་གས་མཇུག་བསྡུས་ཏེ་མཉེས་པར་བྱས་པའི་ཆོ་ག་བ་ཤད་ཟིན་ཏོ། །དེ་ལྟར་བསམ་གཏན་གྱི་སྦྱོར་བས་ལྷ་མཉེས་པར་བྱ་བའི་སྦྱོར་བ་བཤད་ནས། དེ་དག་སྤྱན་དྲང་བ་དང་། མཆོད་བའི་ཆོ་ག་བཤད་པར་བྱ་སྟེ། གང་ཞེ་ན། དེ་ལྟར་ལྷའི་ [219a.3]བསམ་གཏན་ལ་སོགས་པ་སྔར་བྱས་ནས་ཞེས་བྱ་བ་གསུངས་སོ། །རྒྱས་པའི་སྒོ་ནས་དཀྱིལ་འཁོར་ཆེན་པོ་བསྟན་པ་དང་། བསྡུས་པའི་སྒོ་ནས་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བསྟན་པ་དང་། ཕྱག་རྒྱ་གཅིག་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བའི་བསམ་ [219a.4]གཏན་གྱིས། ལྷ་དང་གནས་བསམ་པ་སྔར་བྱས་ནས་གདོད་སྤྱན་དྲང་བར་བྱའོ། །སོགས་ཀྱི་སྒྲས་ནི་དེ་དག་གི་ཡན་ལག་རྣམས་སྡུད་པར་བྱེད་དོ། །ལྷའི་རྣལ་འབྱོར་ཇི་ལྟར་བྱས་པ་མངོན་དུ་བྱས་ཏེ་ཞེས་པ་ནི། སྔར་དམ་ཚིག་སེམས་དཔར་བསྒྱུར་བའི་བསམ་གཏན་མངོན་དུ་བྱས་ [219a.5]ཟིན་གྱིས་ཀྱང་། བར་དུ་རྟོག་པའི་གློ་བུར་བ་དག་གི་གཡེངས་པའི་དབང་གིས་མི་གསལ་བར་གྱུར་དུ་དོགས་པས་གོང་དུ་སེམས་དཔའི་རིམ་པ་བཞིན་དུ་སླར་གསལ་བར་བསྒོམས་ལ་རང་གི་སྙིང་གར་རྡོ་རྗེ་སྣ་ཚོགས་ལ་ཞེས་པ་ནི། རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་ [219a.6]ཕྲིན་ལས་ཐམས་ཅད་པའི་བདག་ཉིད་རྡོ་རྗེ་རྒྱ་གྲམ་ཁ་བཞིའི་རྩེ་མོ་ཅན་བསམས་པའོ། །རྡོ་རྗེ་བསྡུ་བའི་སྙིང་པོ་རྡོ་རྗེ་ཚིག་གིས་བརྗོད་ཅིང་ཞེས་པ་ནི། ཇི་ལྟར་རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཉིད་བསྡུས་པ་བསྟན་པའི་དུས་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ཕྱག་ [219a.7]གཉིས་སེ་གོལ་གྱི་སྒྲས་གཏོགས་ཤིང་ཨོཾ་བཛྲ་ས་མཱ་ཛཿཛ་ཧཱུཾ་ཞེས་བརྗོད་པས། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀུན་ནས་ཡོངས་སུ་འདུ་བར་མཛད་པར་གྱུར་པ་དེ་དག་རྗེས་སུ་མཐུན་པའི་སྒོ་ནས་འཕགས་པའི་གོ་འཕང་འཐོབ་ [219b] [219b.1]པར་འདོད་པའི་སྒྲུབ་པ་པོའི་རྣལ་འབྱོར་པ་དག་གིས་ཀྱང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་སྤྱན་འདྲེན་ན། དེའི་སྔོན་རོལ་དུ་རྡོ་རྗེ་བསྡུ་པའི་སྔགས་བརྗོད་ཅིང་ཕྱག་རྒྱ་འཆིང་བར་རིགས་པས་ན། འདི་ལྟར་རྡོ་རྗེ་ཁུ་ཚུར་གཉིས་དཔུང་མགོར་བསྣོལ་ལ་གཡོན་གྱི་སྟེང་དུ་གཡས་ [219b.2]ཕྱུང་སྟེ། མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་ནས་རང་གི་གུང་མོ་དང་མཐེ་བོང་གཉིས་ཀྱིས་སེ་གོལ་མི་དྲག་པར་གཏོགས་ཤིང་། སེ་གོལ་གྱི་སྒྲས་དེ་བཞིན་གཤེགས་པ་རྣམས་བསླང་ཞིང་སྦྲན་ཏེ། ལྕགས་ཀྱུའི་ཕྱག་རྒྱས་རང་རང་གི་གནས་ནས་བསྐུལ་ཏེ། ཡོངས་སུ་འདུ་བར་མཛད་ [219b.3]པའི་སྦྱོར་བས་མངོན་དུ་བྱས་པས། དེ་བཞིན་གཤེགས་པ་རྣམས་རང་རང་གི་འཁོར་སེམས་དཔའ་ཆེན་པོ་དང་བཅས་པ་རྣམས་བསྡུ་བར་བྱའོ། །དེ་ནས་སོ་སོའི་བྱ་བའི་རྣམ་པར་གྲོལ་བ་ལ་མཉམ་པར་གཞག་པ་ཞེས་པ་ནི། དེ་དག་སོ་སོ་ནས་ཕྲིན་ལས་ཅི་མཛད་པའི་རྣམ་པར་གྲོལ་ [219b.4]བ་བསྟན་པར་མཛད་པའི་མཚན་མ་མཉམ་པ་ཉིད་དང་། བདུད་བཏུལ་བ་དང་། མཆོག་སྦྱིན་པ་དང་། ཏིང་ངེ་འཛིན་དང་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པ་ཁ་དོག་དང་། ཆ་ལུགས་ཀྱི་རྒྱན་ཆོས་ཡོངས་སུ་རྫོགས་པའོ། །ཇི་ལྟར་བསམས་པའི་མཆོད་པའི་གནས། །ཞེས་པ་ནི་གོང་ [219b.5]མ་ལྟ་བུའི་གནས་ཀྱི་རྣམ་པ་དེ་ལས་ཇི་ལྟར་བསམས་པའི་གནས་དེའི་ཁོ་ར་ཁོར་ཡུག་ཏུ་ཞུགས་པར་མོས་པར་བྱའོ། །དེ་ནས་ཇི་ལྟར་བརྟགས་པའི་གནས་ཀྱི་ཤར་ཕྱོགས་སུ་བལྟས་ཏེ་ཞེས་པ་ནི་སྔར་བསམས་པའི་གནས་དེའི་ཤར་ཕྱོགས་སུ་བལྟས་ནས་རྡོ་རྗེ་ལྕགས་ཀྱུ་སྒོ་སྲུང་ [219b.6]ལས་ཀྱི་ཕྱག་རྒྱ་ཕྱིས་འབྱུང་བ་དེ་བཅིངས་ལ་དེར་ཡང་ཞེས་པ་ནི། ཇི་ལྟར་བསམས་པའི་གནས་ཀྱི་སྒོ་དེ་ཉིད་ཕྱོགས་སུའམ། ཕྱག་རྒྱ་བཅིངས་པ་དེ་ལྕགས་ཀྱུར་བསམས་ལ། ཨོཾ་བཛྲ་ཨཾ་གུ་ཤ་ཛཿཞེས་བརྗོད་པས་དགུག་པའི་ཚུལ་གྱིས་བདེ་བར་གཤེགས་པ་སྲས་དང་བཅས་པ་དེ་ [219b.7]དག་སོ་སོ་རང་རང་གི་བཞུགས་པའི་ཕྱོགས་ཀྱི་སྒོར་ཕྱོགས་པར་བསམ་མོ། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་དེ་ཉིད་སྔར་བཅིངས་པའི་རང་གི་ཁམས་སུ་བཀྲོལ་ཏེ་སྒྲུབ་པའི་རྣལ་འབྱོར་པ་ཉིད་ལྷོ་ཕྱོགས་ཀྱི་སྒོར་བལྟས་ལ་རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྔ་མ་བཞིན་དུ་ [220a] [220a.1]བསམས་ལ། ཨོཾ་བཛྲ་པཱ་ཤ་ཧཱུཾ་ཞེས་བརྗོད་པས་དྲངས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དེ་དག་རང་གི་སྒོའི་ནང་དུ་ཞུགས་པར་བརྟགས་ལ། ཕྱག་རྒྱ་དེ་ཡང་རང་གི་གནས་སུ་དགྲོལ་ལོ། །དེ་ནས་ཡང་ནུབ་ཕྱོགས་ཀྱི་སྒོར་བལྟས་ཏེ་རྡོ་རྗེ་ལྕགས་ [220a.2]སྒྲོག་ཕོ་ཉའི་ཕྱག་རྒྱ་བཅིངས་ཤིང་སྔ་མ་བཞིན་དུ་བསམས་ནས་ཨོཾ་བཛྲ་སྥོ་ཊ་བཾ་ཞེས་བརྗོད་པས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དེ་དག་སྒྲུབ་པའི་རྣལ་འབྱོར་པ་བདག་ཉིད་ཇི་སྲིད་འདོད་པ་དེ་སྲིད་དུ་གཞུག་པར་བྱ་བའི་ཕྱིར། སྟོན་པའི་བཀའི་མཚན་ཉིད་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་དེ་བསྟན་ [220a.3]ཏོ། །དེ་ནས་ཕྱག་རྒྱ་དེ་ཡང་རང་གི་གནས་སུ་བཀྲོལ་ལ། རྡོ་རྗེ་དབབ་པ་བྲན་གྱི་ལས་ཀྱི་ཕྱག་རྒྱ་བཅིངས་ལ་དེར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མར་གྱུར་པ་དྲིལ་བུའི་ཕྱག་རྒྱ་བསམས་ནས་ཨོཾ་བཛྲ་ཨཱ་བེ་ཤ་ཧོཿཞེས་བརྗོད་པས་དྲིལ་བུ་བསྐྱོད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ [220a.4]སྲས་དང་བཅས་པ་དེ་དག་ཡོངས་སུ་མཉེས་པར་བྱས་ཏེ། ཕྱག་རྒྱ་རང་གི་གནས་དང་པོར་བཅིངས་པའི་ས་དེར་བཀྲོལ་ལོ། །དེ་ལྟར་རྡོ་རྗེ་བསྡུ་བའི་སྔགས་བརྗོད་ཅིང་སེ་གོལ་གྱི་སྒྲས་དེ་བཞིན་གཤེགས་པ་དེ་དག་སོ་སོ་རང་རང་གི་གནས་ནས་བསྐུལ་ཞིང་བསྡུ་བ་དང་ཕྱག་རྒྱ་བཞི་པའི་སྔགས་དང་ལྡན་ [220a.5]པར་བཅིངས་པའི་སྦྱོར་བས་འདི་བཞིན་དུ་བྱ་བའི་དོན་ཀྱང་། སྒོ་རྣམས་དག་ནི་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་སྲིད་པ་རྣམས་ཞེས་པ་ནི་ཕྱག་རྒྱ་གཅིག་པའི་རྣམ་པ་ཇི་ལྟར་བསྒོམས་པ་རྣམས་སོ་སོའི་གནས་སུ་དགོད་པའི་ཕྱིར་ལྷ་སོ་སོའི་ལས་ཀྱི་ཕྱག་རྒྱ་ [220a.6]བཅིངས་ཏེ། སོ་སོའི་སྙིང་པོ་བརྗོད་ལ་སྔར་བསམས་པའི་གཟུགས་རྣམས་ཀྱི་གནས་སུ་བསྟན་ཏོ། །དེ་ལྟར་བྱས་ན་སྤྱན་དྲངས་པ་རྣམས་སོ་སོའི་གནས་སུ་བཞུགས་པར་འགྱུར་རོ། །དེ་ལྟར་ཡང་གཞུངས་ལས། ལུས་ཀྱི་ཕྱག་རྒྱ་མཆོག་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། [220a.7]དམ་ཚིག་རྣམས་ནི་དགོད་པར་བྱ། །ཞེས་པ་ནི། ལྷ་རྣམས་རང་རང་གི་གདན་ལ་བཞུགས་སུ་གསོལ་བའོ། །དེ་ནས་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ཞེས་པ་ནི་དེ་ལྟར་ལས་ཀྱི་ཕྱག་རྒྱ་བཅིངས་པའི་རྟིང་ཐོགས་སུ་ཡང་ལྷ་དག་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སོ་སོའི་ [220b] [220b.1]སྙིང་པོ་བརྗོད་པའི་རྟིང་ལ། ཛཿཧཱུཾ་བཾ་ཧོཿ། ཞེས་པའི་སྔགས་འདི་ཡང་གདགས་ཏེ་བརྗོད་པས་དེ་དག་སོ་སོའི་གནས་ན་བཞུགས་པ་ཞེས་པ་ནི་ཡང་དག་པར་གནས་པ་བསྟན་པར་འགྱུར་ཏེ། རྡོ་རྗེའི་ལྟ་བ་ཇི་སྐད་དུ་ཕྱིས་འབྱུང་བས་སོ། །གསལ་བར་བལྟ་ཞེས་པ་ནི་རབ་རིབ་ཙམ་མ་ཡིན་ [220b.2]པར་ཤེས་རབ་ཀྱི་མིག་གིས་གསལ་བར་བལྟའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་བཅིང་ཞིང་ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་སྔགས་བརྗོད་པ་ཡང་རྒྱུད་འདི་ཉིད་ལས་ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ཕྱག་རྒྱ་མཆོག་ཆེན་པོ། །ཞེས་པ་ནི་ཡོན་ཏན་ [220b.3]དམ་པ་དང་ལྡན་པས་སོ། །སེམས་མ་རྡོ་རྗེ་ཞེས་པ་ནི་སེམས་མ་དེ་ཡང་དམ་ཚིག་གི་རང་བཞིན་པས་དེ་དག་གི་ཕྱག་རྒྱ་བཅིང་བས་སོ། །སེམས་དཔའ་ཆེན་པོ་སྒྲུབ་ཅེས་པ་ནི་དེ་དག་ཡང་བསྟན་པར་བྱ་བར་གནས་པའོ། །དེ་ནས་དེ་དག་གི་སོ་སོའི་ལྕེ་ལ་ཞེས་པ་ནི་བརྟན་པར་གནས་པར་བྱ་བའི་ [220b.4]ལྷ་ཇི་སྙེད་པ་དེ་དག་གི་ལྕེ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ཏེ། དེའི་དབུས་སུ་སོ་སོའི་ཆོས་ཀྱི་ཕྱག་རྒྱ་བཛྲ་ཛྙཱ་ན་ལ་སོགས་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་མོ། །དེ་ལྟར་ཕྱག་རྒྱ་བཞི་པོའི་སྦྱོར་བ་དང་ལྡན་པར་བྱས་ན། སྒྲུབ་པའི་རྣལ་ [220b.5]འབྱོར་པ་ལ་བྱིན་གྱིས་བརླབས་པར་འགྱུར་རོ་ཞེས་སློབ་དཔོན་མཁས་པ་དག་གིས་བསྟན་ཏོ། །རྒོལ་བ་པ་ན་རེ། འོ་ན་སྔགས་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱང་བློའི་ཁྱད་པར་མཐའ་ཡས་པས་གཅིག་ཏུ་ངེས་པར་གཞག་པ་མ་ཡིན་ན། འདི་ལྟར་མི་ལྕོགས་པ་དག་གིས་ཀྱང་འདི་ [220b.6]ལྟར་བྱ་དགོས་པར་ཟད་པ་ཡིན་ནམ། འོན་ཏེ་གཞན་དག་བྱ་བའི་ཐབས་ཀྱང་ཡོད་ཅེ་ན། ཡང་ན་སྔར་བཤད་པའི་རིམ་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་དང་། གདན་དང་། རྒྱན་ཕུན་སུམ་ཚོགས་པ་དག་སྔ་མ་བཞིན་དུ་བསམས་ལ། མཆོད་པར་བྱ་བའི་ལྷ་ [220b.7]རྣམས་ཕྱི་རོལ་དུ་བསམ་པ་མ་བྱས་པར་ཞེས་པ་ནི། དང་པོར་རྡོ་རྗེ་བསྡུ་བ་བྱས་པའི་བསམ་གཏན་གྱིས་གཞལ་ཡས་ཁང་གི་ཁོར་ཡུག་ཏུ་བྱོན་པའི་སྦྱོར་བ་དེ་བྱ་མི་དགོས་པར་རྡོ་རྗེ་བསྡུ་བ་དེའི་རྟིང་ཐོགས་སུ་དགུག་པ་ལ་སོགས་པའི་ཕྱག་རྒྱ་རྣམས་དོན་དང་ལྡན་པར་བྱས་ལ། སོ་སོའི་ [221a] [221a.1]ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་སོ་སོའི་གནས་སུ་བཞུགས་པར་བྱའོ། །དེ་ནས་ཡང་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སོ་སོའི་ལས་ཀྱི་ཕྱག་རྒྱ་དང་ལྡན་པ་དང་། ཕྱག་མཚན་གྱི་མཚན་མས་ལེགས་པར་མཚོན་པ། སྔ་མ་བཞིན་དུ་མོས་པར་བྱའོ། །འདི་ནི་ [221a.2]མདོར་བསྡུས་པ་སྟེ་ཞེས་པ་ནི། ཆོ་ག་ཕྱི་ནས་བསྟན་པ་འདི་ནི་སྔར་གྱི་རྒྱས་པར་བསྟན་པ་ལས་མདོར་བསྡུས་པ་སྟེ། ཆོ་ག་གཞན་ནོ་ཞེས་པ་ནི་རྒྱས་པ་ལས་གཞན་དུ་བསྟན་པས་དེ་སྐད་བྱའོ། །ད་ནི་དེ་ལྟར་བསྒོམས་པའི་བསམ་གཏན་གྱི་སྦྱོར་བ་ལ་གནས་པ་དེ་དག་ཕྱག་རྒྱ་བཞི་དང་མ་ལྡན་ན་ [221a.3]མངོན་དུ་སྣང་བའི་གཟུགས་འགྲུབ་པར་མི་འགྱུར་བས། དེ་མངོན་དུ་བསྒྲུབ་པར་བྱ་བའི་ཕྱིར་ཕྱག་རྒྱ་བཞི་པ་རྣམས་བསྒོམ་པར་བྱ་བ་བཤད་དེ། ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔར་ལྷ་རྣམས་ཀྱི་ཕྱི་རོལ་དུ་བསམ་པའི་ཚེ་བསྟན་པའོ་ཞེས་པ་ནི་ [221a.4]གོང་དུ་སོ་སོར་བྱས་པའི་རྣམ་པར་གྲོལ་བ་ལ་མཉམ་པར་གཞག་པ་ཞེས་བྱ་བའི་ཚིག་གིས་བསྟན་ཏོ། །འདིར་ཡང་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ནི་སྔར་བཤད་པའི་རྡོ་རྗེ་བཅིང་བ་ཉིད་ལས་ཞེས་པ་ནི་རྒྱུད་འདིར་གསུངས་པའི་ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་འབྱུང་བ་ཐམས་ཅད་ཀྱི་མཚན། [221a.5]ཉིད་ནི་སྔར་དམ་ཚིག་སེམས་དཔའི་བསྒྲུབ་པའི་ཚེ་བཤད་པའི་རྡོ་རྗེ་བཅིང་བ་ལས་འབྱུང་བར་ཤེས་པར་བྱ་སྟེ། དཔལ་དེ་ཁོ་ན་ཉིད་བསྡུས་པ་ཉིད་ལས་ཀྱང་། དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་རྡོ་རྗེ་བཅིང་བ་ལས་འབྱུང་ངོ་ཞེས་གསུངས་སོ། །ཕྱག་རྒྱ་ཐམས་ཅད་ཀྱང་སྙིང་པོ་ [221a.6]འདིས་བཅིང་ངོ་ཞེས་པ་ནི། དེ་བཞིན་གཤེགས་པ་ལྔ་རྣམས་དང་། དེ་དག་གི་འཁོར་སེམས་དཔའ་ཆེན་པོ་ལ་སོགས་པ་རྣམས་ཀྱི་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་ཚེ་ལྷ་རེ་རེ་ལ་ཡང་ས་མ་ཡ་སྟྭཾ་ཞེས་པའི་སྙིང་པོ་ལན་རེ་བརྗོད་ཅིང་། དེ་ནས་གདོད་བཅིང་བར་བྱ་སྟེ། དེ་ [221a.7]ལྟར་ཡང་དེ་ལ་དེ་ཁོ་ན་ཉིད་བསྡུས་པ་ལས། ས་མ་ཡ་སྟྭཾ་ཞེས་བརྗོད་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱའི་རིགས་ནི་ཐམས་ཅད་ལ། །ཞེས་པ་ནི་རིགས་ལྔ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱའི་རིགས་ཐམས་ཅད་བཅིང་བའི་ཚེ་ཕྱག་རྒྱ་དེ་དག་ལ་སྔགས་ [221b] [221b.1]དེས་བསྐུལ་བས་སྟེང་ངམ་གདན་དུ་འབབ་པར་བྱེད་པས་སོ། །མཐུ་ཆེན་རྣམས་རང་གིས་བཅིངས་ནས་འགྲུབ་ཅེས་པ་ནི། དམ་ཚིག་གི་ཕྱག་རྒྱ་མཐུ་ཆེན་པོ་དང་ལྡན་པ་རྣམས་སྒྲུབ་པའི་རྣལ་འབྱོར་པ་བདག་ཉིད་ཀྱིས་བཅིངས་ནས་བསྒྲུབས་ན་དེ་བཞིན་དུ་འགྲུབ་པར་འགྱུར་ཞེས་གསུངས་སོ། །དེ་བས་ [221b.2]ན་སྙིང་པོ་འདིས་ཕྱག་རྒྱ་ཐམས་ཅད་བཅིངས་ལ་ཞེས་པ་ནི་སྔགས་དེའི་ཡོན་ཏན་ཆེན་པོ་དང་ལྡན་པས་དམ་ཚིག་གི་ཕྱག་རྒྱ་འགྲུབ་པར་བྱེད་པས་ན། ས་མ་ཡ་སྟྭཾ་ཞེས་པའི་སྙིང་པོ་འདི་བརྗོད་པས་སོ་སོའི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་བཅིངས་ལ། སེམས་དཔའ་གང་གི་ཕྱག་རྒྱ་ཡིན་པ་དེ་ [221b.3]ཞེས་པ་ནི། སེམས་དཔའ་སོ་སོ་གང་གི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་བཅིང་བའོ། །རང་གི་ལས་ལ་དེའི་སྙིང་པོས་བཅིང་བར་བྱའོ་ཞེས་པ་ནི། དམ་ཚིག་གི་ཕྱག་རྒྱ་གང་ཡིན་བཅིངས་པས། སོ་སོའི་ཕྲིན་ལས་མཛད་པས་སོ་སོའི་སྙིང་པོ་རྣམས་ཀྱང་ཕྱག་རྒྱ་དང་སྦྱར་ལ་ [221b.4]བརྗོད་པར་བྱའོ། །གཞན་དག་ན་རེ། འོ་ན་དམ་ཚིག་དང་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་འདིར། འདི་ལྟར་བསྟན་པ་དང་། གཞན་ལས་མཐོང་བ་དག་མཚན་ཉིད་མི་མཐུན་པར་འགྱུར་བ་ཡོད་ན། དེ་ཚུལ་འདི་ལྟར་བསྟན་པ་ཅིའི་ཕྱིར་ཞེ་ན། དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་ [221b.5]རྒྱའི་མཚན་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་མཚན་ཉིད་ཀྱང་ཁ་ཅིག་ཏུ་མི་མཐུན་པར་སྟོན་པ་ཡང་ཡོད་པ་བདེན་མོད་ཀྱི་འོན་ཀྱང་འདིར་ནི་བླ་མའི་མན་ངག་ཞལ་ནས་གསུངས་པའི་རྒྱུད་ཀྱི་ལུང་ལས་ཐོས་པ་ཇི་ལྟ་བ་བཞིན་དུ་མ་བརྗེད་པར་རྗེས་སུ་ [221b.6]དྲན་པར་བྱས་ནས། སློབ་དཔོན་སངས་རྒྱས་གསང་བ་བདག་ཉིད་ཀྱིས་ཚིག་དང་ཡི་གེའི་རྣམ་པས་ཕྱོགས་གཅིག་ཏུ་བསྡུས་ནས་གླེགས་བམ་དུ་བྲིས་ཏེ། དེ་བས་ན་མཚན་ཉིད་གཞན་དུ་སྲིད་ཅེས་པ་ནི་ཕྱག་རྒྱ་དེ་དག་མཚན་ཉིད་མི་མཐུན་པར་སྟོན་ནམ་འབྱུང་སྲིད་ཀྱང་རྣམ་པར་བརྟག་པར་མི་བྱ་ [221b.7]ཞེས་པ་ནི་ཐེ་ཚོམ་གྱི་རྣམ་པར་རྟོག་པ་ཟ་བར་མི་བྱ་སྟེ། བྱས་པར་འགྱུར་ན་རྣམ་པར་རྟོག་པ་ལ། མཐའ་ཐུག་པ་མེད་པའི་ཕྱིར་རོ་ཞེས་ཏེ་རྣམ་པ་རྟོག་པ་ལ་ཟད་པ་དང་ཐུག་པ་མེད་པར་འགྱུར་བས་ན། ཐེ་ཚོམ་ཟ་བར་མ་བྱེད་ཅིག་ཅེས་པའི་དོན་ཏོ། །ཇི་ལྟ་ཞེ་ན་ཞེས་པ་ན། དེ་ལྟར་ [222a] [222a.1]མཚན་ཉིད་མི་མཐུན་པར་སྟོན་པ་ལ་ཅིའི་ཕྱིར་ཐེ་ཚོམ་དང་རྣམ་པར་རྟོག་པ་མི་སྐྱེ་བར་བྱ་ཞེས་པའི་ཐ་ཚིག་གོ། །སྨྲས་པ། ལྷའི་རྣལ་འབྱོར་ལ་གནས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷའི་རྣལ་འབྱོར་ལ་གནས་པའི་རྣལ་འབྱོར་པ་ནི་ལྷའི་སྐུ་གསུང་ཐུགས་ [222a.2]ཀྱི་ངང་དུ་བདག་ཉིད་ཀྱི་སྒོ་གསུམ་སྦྱོར་བ་སྟེ། གཉིས་སུ་མེད་པར་སེམས་པའོ། །དེ་ཁོ་ན་ཉིད་ལ་མོས་པ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ཀྱི་ངོ་བོ་རྣམ་པར་མི་རྟོག་པ་ཉིད་ཀུན་རྫོབ་ཏུ་ལྷའི་སྐུའི་ཕྱག་རྒྱར་གནས་པ་སྟེ། དེ་ལྟར་དེ་ཁོ་ན་ཉིད་ལ་གནས་པ་དེས་ནི། ལུས་དང་ [222a.3]ངག་ཡིད་ཐམས་ཅད་ལྷར་བྱིན་གྱིས་བརླབས་པས་ཞེས་པ་ནི། སྒོ་གསུམ་ལྷའི་རང་བཞིན་ལས་མི་ཞན་པར་བྱས་སོ། །ཕྱག་རྒྱ་ལ་སོགས་པའི་རང་བཞིན་དུ་འགྱུར་ཞེས་པ་ནི་སྒོ་གསུམ་ཕྱག་རྒྱ་བཞིའི་རང་བཞིན་དུ་གནས་པར་གྱུར་པས། ལུས་ཀྱི་སྒོ་ནས་བསྒུལ་བསྐྱོད་བྱས་སོ་ཅོག་ཐམས་ [222a.4]ཅད་ནི་ཕྱག་རྒྱ་ལ། ངག་གི་སྒོ་ནས་སྨྲ་བརྗོད་བྱས་སོ་ཅོག་ཐམས་ཅད་ནི་སྔགས། སེམས་ཀྱི་སྒོ་ནས་དྲན་རྟོག་ཅིང་རྒྱུས་སོ་ཅོག་ཐམས་ཅད་ནི་ཏིང་ངེ་འཛིན་ཏེ། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ཀྱང་བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་རྒྱུར་འགྱུར་ཏེ། དེ་བས་ན་ [222a.5]མཚན་ཉིད་ཉེས་པའི་དོགས་པ་མི་བསྐྱོད་དོ་ཞེས་པ་ནི་མི་མཐུན་པ་ལྟར་སྣང་བ་དེ་ལ་འགལ་བར་འགྱུར་བའི་དོགས་པ་བསྐྱེད་པར་མི་བྱའོ་ཞེས་སྟོན་ཏོ། །ད་ནི་སངས་རྒྱས་ལྔ་པོ་དག་གི་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་ཐབས་བཤད་པར་བྱ་སྟེ། གང་ཞེ་ན། རྟག་པའི་དམ་ཚིག་གི་ཕྱག་རྒྱ་ནི་ [222a.6]ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཐམས་ཅད་རྟག་པ་དང་ལྡན་པའི་ངོ་བོ་བས་ན། རྟག་པ་ཞེས་བྱ་སྟེ། དེའི་དམ་ཚིག་གི་ཕྱག་རྒྱ་ནི་སེམས་མ་རྡོ་རྗེ་མ་ཞེས་བྱ་བའི་མཚན་ཉིད་དེ་དེ་ཉིད་གནས་འགྱུར་བའི་གནས་སྐབས་ལས་མིང་དུ་ [222a.7]བཏགས་པའོ། །མི་འཁྲུགས་པ་ནི་དེ་ཁ་ཐུར་དུ་བསྟན་པ་སྟེ་ཞེས་པ་ནི། རྩ་བའི་རྒྱུད་དེ་ཁོ་ན་བསྡུས་པ་ལས་གསུངས་ཏེ། ཕྱག་རྒྱ་དེ་ལ་ནི་མིང་རྡོ་རྗེ་སེམས་མ་གཉིས་པ་ཞེས་བྱ་སྟེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་མའི་དམ་ཚིག་གི་ཕྱག་རྒྱ་སྟེ། རྟག་པ་དང་མི་འཁྲུགས་པ་གཉིས་ [222b] [222b.1]ཀ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་གཉིས་པ་ཞེས་པ་ནི། མི་བསྐྱོད་པ་སྟེ། རྣམ་པར་སྣང་མཛད་དང་པོར་སྨོས་པའི་འོག་ཏུ་བྱུང་བའོ། །འཇིག་རྟེན་དབང་ཕྱུག་རྒྱལ་པོ་འོད་མཐའ་ཡས་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་དབང་ཕྱུག་ནི་སྤྱན་རས་གཟིགས་ཀྱི་དབང་ [222b.2]པོའོ། །དེའི་རྒྱལ་པོ་ནི་དབུ་ལ་བསྐུར་བ་སྟེ་འོད་མཐའ་ཡས་སོ། །དེ་བས་ན་དེ་ལ་དེ་སྐད་བྱའོ། །སངས་རྒྱས་ལྔ་པ་ཞེས་པ་ནི་གདོན་མི་ཟ་བར་གྲུབ་པ་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། སངས་རྒྱས་བཞི་པོ་དག་གི་འོག་ཏུ་བརྗོད་པས་ན། གྲངས་ཀྱི་སྒོ་ནས་ལྔ་པ་ཞེས་བརྗོད་དོ། །དེ་ལ་ [222b.3]གཞན་གྱིས་བརྒལ་བ། གང་དག་རྡོ་རྗེ་སེམས་མ་ལ་སོགས་པའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་མ་ལ་སོགས་པ་བཞི་ནི། ཕྱག་རྒྱ་རྣམ་པ་བཞི་ཇི་སྐད་དུ་འབྱུང་བའི་རིམ་པ་བཞིན་དུ། མི་འཁྲུགས་པ་ལ་སོགས་པའི་སངས་རྒྱས་བཞི་ [222b.4]རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱར་སྦྱར་ནས། ཐ་མའི་ཕྱག་རྒྱ་ལྔ་པ་མཛུབ་མོ་བསྐུམ་པ་དེ་རྟག་པའི་དམ་ཚིག་གི་ཕྱག་རྒྱར་འཆད་པའོ། །རྟག་པ་དང་པོར་སྨོས་པ་དེས་གོ་རིམས་བསྣོར་ཏེ་བསྟན་པའི་དགོས་པ་བརྗོད་དགོས་ན། ཇི་ལྟར་འདི་ལྟར་སྟོན་པར་བྱེད་ཅེ་ན། འདི་ཉིད་ལས་ [222b.5]གཟུངས་ཀྱི་དཀྱིལ་འཁོར་ལ་སོགས་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ཉིད་ལས་འབྱུང་བའི་གཟུངས་ཀྱི་དཀྱིལ་འཁོར་ལ་སོགས་པར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ལྔ་རྣམས་གོ་ [222b.6]རིམས་སུ་བཤད་པ། རྟག་པ་ལ་སོགས་པའི་སངས་རྒྱས་ལྔའི་ཕྱག་རྒྱ་ཡིན་པར་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་པ་ནི། སྒྲུབ་ཐབས་ཀྱི་སྐབས་འདིར་དགོས་པ་ཅི་ཡང་མེད་པར་ཁྱེད་ཀྱིས་གོ་རིམས་བསྣོར་ཏེ་བསྟན་པར་འདོད་པའི་དགོངས་པ་དེ་དག་གིས་ནི་མ་རིག་གོ་ [222b.7]ཞེས་ཏེ། དོན་ཅི་ཡིན་མ་རྟོགས་སོ་ཞེས་པའི་ཐ་ཚིག་གོ། །གཞན་ཡང་དེ་ལྟར་བཤད་ན་ཞེས་པ་གཞན་ཡང་ཁྱེད་ཀྱིས་དེ་ལྟར་བསྣོར་ཏེ་བཤད་པར་གྱུར་ན། དེ་ཁོ་ན་ཉིད་བསྡུས་པ་ཆེན་པོ་ཡོ་ག་འབུམ་སྡེ་སྟོང་ཕྲག་བརྒྱ་པའི་གཞུང་དང་ཡང་འགལ་བར་འགྱུར་ཏེ། དེ་ལས་སངས་ [223a] [223a.1]རྒྱས་ཀྱི་ཕྱག་རྒྱའི་བྱེ་བྲག་འདི་ལྟར་སྣང་སྟེ། རྡོ་རྗེ་བཅིང་བ་བསྡམས་ནས་སུ། །ཞེས་བྱ་བ་ལ་སོགས་པའི་ཚིག་གསུངས་ཏེ། གལ་ཏེ་འདིར་རྟག་པའི་ཕྱག་རྒྱ་ཕྱི་མའི་ལྔ་པར་དགོངས་པར་གྱུར་ན་ཞེས་པ་གལ་ཏེ་སྒྲུབ་ཐབས་འདིར་རྟག་པའི་ཕྱག་རྒྱ་ཕྱི་ནང་ [223a.2]གསུངས་པ་དེ་ཡིན་པར་འདོད་ན། ལས་ཀྱི་ཕྱག་རྒྱའི་མཆོག་ཅེས་བྱ་བའི་ཚིག་འདི་བཤད་པར་མི་བྱ་སྟེ། ལས་ཀྱི་ཕྱག་རྒྱའི་མཆོག་ཅེས་བྱ་བ་འདི་ནི་རྡོ་རྗེ་ལས་མའི་ཕྱག་རྒྱའི་མཚན་ཉིད་དེ། ཕྱག་རྒྱའི་མིང་རྡོ་རྗེ་ལས་མ་ཞེས་གདགས་པར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ལས་ [223a.3]མའི་ཕྱག་རྒྱ་བརྗོད་པ་དེ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱར་བསྟན་པ་ཡིན་པའི་ཕྱིར་ན་མི་རིགས་སོ། །དེ་བས་ན་སངས་རྒྱས་ལྔའི་དམ་ཚིག་གི་ཕྱག་རྒྱ་ལྔ་པོ་རྣམས་རྒྱུད་ལས་ཇི་སྐད་འབྱུང་བའི་རིམ་པ་བཞིན་དུ་སྦྱར་བར་བྱ་བ་ཡིན་པར་ངེས་པས་ཁྱེད་ [223a.4]དེ་ལ་ཐེ་ཚོམ་སྐྱེ་བར་མ་བྱེད་ཅིག་ཅེས་པའི་དོན་ཏོ། །ད་ནི་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཤད་པ་དེ་གང་ཞེ་ན། དང་པོར་ཤར་ཕྱོགས་ཀྱི་སེམས་དཔའ་བཞིའི་དམ་ཚིག་གི་ཕྱག་རྒྱ་ནི། དང་པོར་རྡོ་རྗེ་སེམས་མ་ཉིད་ལས་ཞེས་བྱ་བ་ལ་སོགས་ [223a.5]པ་གསུངས་པའོ། །ལྷོ་ཕྱོགས་ཀྱི་སེམས་དཔའ་བཞིའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་ལས་མཐེ་བོང་གཉིས་རྩེ་མོ་ཅན་དུ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ནུབ་ཕྱོགས་ཀྱི་སེམས་དཔའ་བཞིའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་ལས་མཐེ་བོང་དང་ [223a.6]མཛུབ་མོ་གཉིས་རྩེ་མོ་ཅན་དུ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །བྱང་ཕྱོགས་ཀྱི་སེམས་དཔའ་བཞིའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་ལས་མཐེ་བོང་དང་མཐེའུ་ཆུང་ངོས་སྦྱར་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ད་ནི་ལྷ་མོ་བརྒྱད་ཀྱི་དམ་ཚིག་གི་ཕྱག་ [223a.7]རྒྱ་བཤད་པར་བྱ་སྟེ། དེ་ལ་གསང་བའི་ལྷ་མོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི། མཐེ་བོང་གཉིས་རྩེ་མོ་ཅན་དུ་བྱས་ལ་སྙིང་གར་གཞག་ཅེས་བྱ་བ་ལ་སོགས་པ་གསུངས་པའོ། །ཕྱིའི་མཆོད་པའི་ལྷ་མོ་བཞིའི་དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་བཅིངས་པ་ཁ་ཐུར་དུ་བསྟན་ཏེ་ཞེས་བྱ་བ་ [223b] [223b.1]ལ་སོགས་པ་གསུངས་པའོ། །ད་ནི་སྒོ་བ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་བཅིངས་པའི་མཛུབ་མོ་གཡས་པ་ལྕགས་ཀྱུ་ལྟ་བུར་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དམ་ཚིག་གི་ཕྱག་རྒྱ་བསྡུས་པ་ཞེས་པ་ནི། རྒྱུད་ཀྱི་ནང་ནས་བཀྲམ་པ་དང་། མི་གསལ་བར་ [223b.2]འབྱུང་བ་དེ་གསལ་བར་བྱས་ཏེ་ཕྱོགས་གཅིག་ཏུ་བསྡུ་བ་ནི་བསྡུས་པའོ། །དམ་ཚིག་གི་ཕྱག་རྒྱ་བཅིང་བའི་ཐབས་བཤད་ཟིན་ཏོ། །ད་ནི་ལས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། དེ་ལ་ལས་ཀྱི་ཕྱག་རྒྱ་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་མཉེས་པར་བྱ་བ་དང་། [223b.3]སེམས་ཅན་ཇི་སྙེད་པ་རྣམས་ཡོངས་སུ་སྨིན་པ་དང་། གྲོལ་བར་བྱ་བའི་ཕྲིན་ལས་མཛད་པ་ནི་ལས་ཀྱི་ཕྱག་རྒྱ་ཞེས་བྱའོ། །སྔར་བཤད་པའི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་ཕྱེ་ལ་ཞེས་པ་ནི། ཇི་སྐད་དུ་གོང་དུ་བཤད་པའི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱར་བསྟན་པ་དེ་ལས་ [223b.4]སོ་སོར་ཕྲལ་ལ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་སོ་སོར་བཅིང་བར་བྱ་སྟེ། དེ་ལ་གདོད་སོ་སོའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཇི་སྐད་དུ་རྒྱུད་ལས་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ནི་རྡོ་རྗེ་བཅིང་བ་པདྨ་བསྡམས་པ་ལས་བྱུང་ལ། ལས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་རྡོ་རྗེ་ཁུ་ཚུར་སོ་ [223b.5]སོར་ཕྲལ་བ་ལས་འབྱུང་ངོ་ཞེས་གསུངས་པའི་གཏན་ཚིགས་གང་དུ་བཤད་པའི་ཕྱིར་རོ། །དེ་ལ་དང་པོར་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ནི། སྐྱིལ་མོ་ཀྲུང་བཅས་ལ་གཡོན་པ་རྡོ་རྗེ་ཁུ་ཚུར་སྙིང་གའི་ཕྱོགས་སུ་རེག་པར་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ [223b.6]པའོ། །ད་ནི་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། དང་པོར་ཤར་ཕྱོགས་ཀྱི་སེམས་དཔའ་བཞིའི་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་གློ་གཡོན་པར་བཞག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ལྷོ་ཕྱོགས་ཀྱི་སེམས་དཔའ་ [223b.7]བཞིའི་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་གཉིས་རང་གི་དབང་བསྐུར་བའི་གནས་སུ་བཞག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ནུབ་ཕྱོགས་ཀྱི་སེམས་དཔའ་བཞིའི་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་གཡོན་པ་སྙིང་གར་གཞག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ [224a] [224a.1]པའོ། །བྱང་ཕྱོགས་ཀྱི་སེམས་དཔའ་བཞིའི་ལས་ཀྱི་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་གཡོན་པ་མདུན་དུ་བཀན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་ལྷ་མོ་བརྒྱད་ཀྱི་ལས་ཀྱི་ཕྱག་རྒྱ་བཤད་དེ། དེ་ཡང་དང་པོར་གསང་བའི་ལྷ་མོ་བཞིའི་ལས་ཀྱི་ཕྱག་རྒྱ་ནི། [224a.2]རྡོ་རྗེ་ཁུ་ཚུར་གཉིས་མཐའ་ལྟག་གཉིས་སུ་གཞག་ཅེས་བྱ་བ་ལ་སོགས་པ་གསུངས་པའོ། །ཕྱིའི་མཆོད་པའི་ལྷ་མོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་གཉིས་ཁ་ཐུར་དུ་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སྒོ་བཞིའི་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ [224a.3]ཚུར་གཡས་པའི་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ལས་ཀྱི་ཕྱག་རྒྱ་བཅིང་བ་བཤད་ཟིན་ཏོ། །ད་ནི་ཆོས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། དེ་ལ་ཆོས་ཀྱི་ཕྱག་རྒྱ་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་གཞག་པ་ [224a.4]གསུང་རབ་ཡན་ལག་བཅུ་གཉིས་བསྒྲགས་ཤིང་བསྟན་པའི་ཡི་གེ་བཀོད་པ་ལ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ། དེ་ཡང་དེ་ཁོ་ན་ཉིད་བསྡུས་པ་ལས། སངས་རྒྱས་རྡོ་རྗེ་ཡེ་ཤེས་ནི། །ཞེས་བྱ་བའི་ཚིག་གསུངས་ཏེ། དཔེར་ན་རྫས་ཀྱི་རྡོ་རྗེས་རྫས་ཀྱི་རྣམ་པ་གཞན་རྣམས་འཇོམས་པ་དང་ [224a.5]འདྲ་བར། སངས་རྒྱས་ཀྱི་ཡེ་ཤེས་རྡོ་རྗེ་ལྟ་བུ་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པའོ། །རྡོ་རྗེ་དབྱིངས་ནི་བརྟན་བྱེད་པའོ། །ཞེས་པ་ནི་དོན་དམ་པར་རྡོ་རྗེ་དབྱིངས་ནི་ཆོས་ཀྱི་དབྱིངས་ཡིན་ལ། ཀུན་རྫོབ་ཏུ་རྣམ་པར་སྣང་མཛད་དང་། ཤཱཀྱ་ཐུབ་པའི་ངོ་བོའོ། །བཛྲ་ [224a.6]ཛྙཱ་ན་ཞེས་པ་ནི་སངས་རྒྱས་དེ་དག་གི་ལྗགས་ལ་སྐུ་ཡོངས་སུ་རྫོགས་པར་འགྱུར་བ་སྟེ་སངས་རྒྱས་ལྔ་ཆར་གྱི་ཆོས་ཀྱི་ཕྱག་རྒྱའོ། །ད་ནི་སེམས་དཔའ་ཆེན་པོ་བཅུ་དྲུག་གི་ཆོས་ཀྱི་ཕྱག་རྒྱ་བཤད་དེ། དང་པོར་ཤར་ཕྱོགས་ཀྱི་སེམས་དཔའ་བཞིའི་ཆོས་ཀྱི་ཕྱག་རྒྱ་ནི་འདི་དག་ [224a.7]སྟེ། ས་མ་ཡ་སྟྭཾ་ཞེས་པ་ནི་དམ་ཚིག་ཁྱོད་ཅེས་བྱ་སྟེ་གང་ཞེ་ན། དཔལ་རྡོ་རྗེ་སེམས་དཔའ་ལ་བྱའོ། །ཨ་ན་ཡ་སྭ་ཞེས་པ་ནི། ཁུག་ཤིག་ཅེས་པ་སྟེ་གང་ཞེ་ན། འཕགས་པ་དང་སེམས་ཅན་འགུགས་པར་བྱེད་པ་སྟེ་རྡོ་རྗེ་རྒྱལ་པོ། ཨ་ཧོ་སུ་ཁ་ཞེས་པ་ནི། ཨ་ལ་ལ་ཧོ་ཞེས་དམ་ [224b] [224b.1]པའི་དོན་ཏེ་གང་ལ་ཞེ་ན། ཉན་ཐོས་ཀྱི་མྱ་ངན་ལས་འདས་པའི་བདེ་བ་ལྟ་བུ་མ་ཡིན། ཐུགས་རྗེས་སུ་འགྲོ་བ་ལ་ཆགས་པའི་བདེ་བ་ཆེན་པོ་དེ་ལ་དམ་པར་བྱེད་པ་རྡོ་རྗེ་ཆགས་པའོ། །ས་ཞེས་པ་ནི། ལེགས་སོ་ལེགས་སོ་ཞེས་འབྱུང་སྟེ་གང་ཞེ་ན། འཕགས་པ་མཆོད་པ་དང་། འགྲོ་ [224b.2]བའི་དོན་མཛད་པ་སྟེ་རྡོ་རྗེ་ལེགས་པའོ། །ད་ནི་ལྷོ་ཕྱོགས་ཀྱི་སེམས་དཔའ་བཞིའི་ཆོས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། སུ་མ་ཧད་སྟཾ་ཞེས་པ་ནི། ཤིན་ཏུ་ཆེན་པོའམ་རབ་ཏུ་ཆེན་པོ་ཞེས་འབྱུང་སྟེ་གང་ཞེ་ན། ཐམས་ཅད་ལ་མངའ་མཛད་པའི་དབང་ཆེན་པོ་སྦྱིན་པར་མཛད་པ་སྟེ། རྡོ་རྗེ་རིན་ [224b.3]ཆེན་ནོ། །རཱུ་བོ་དྱོ་ཏ། ཞེས་པ་གཟུགས་གསལ་ཞེས་འབྱུང་སྟེ་གང་ཞེ་ན། ཉི་མས་མུན་པའི་ཚོགས་བཅོམ་ནས། གཟུགས་ཀྱི་དངོས་པོ་ཐམས་ཅད་གསལ་བར་བྱེད་པ་བཞིན་ཡེ་ཤེས་ཀྱི་ཉི་མས་མ་རིག་པའི་ཚོགས་བཅོམ་ནས། ཡང་དག་པའི་དོན་གསལ་བར་བྱེད་པ་སྟེ། [224b.4]རྡོ་རྗེ་ཉི་མའོ། །ཨརྠ་པྲ་བྷཱ་ཞེས་པ་ནི། དོན་ཐོབ་པ་ཞེས་འབྱུང་སྟེ། གང་ཞེ་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་མཚན་གྱིས་བདག་གཞན་གྱི་རེ་བ་རྫོགས་པར་བྱེད་པའི་དོན་ཐོབ་པར་བྱེད་པ་སྟེ། རྡོ་རྗེ་རྒྱལ་མཚན་ནོ། །ཧ་ཧ་ཧཱུཾ་ཧ་ཞེས་པ་ནི། བཞད་པ་ཞེས་ཟེར་ཏེ། གང་ཞེ་ན། [224b.5]གཞན་དག་སངས་རྒྱས་པ་ཐོབ་པའི་རྒྱུ་ལ་དགོངས་ནས་བཞག་པ་སྟེ། རྡོ་རྗེ་བཞད་པའོ། །ད་ནི་ནུབ་ཕྱོགས་ཀྱི་སེམས་དཔའ་བཞིའི་ཆོས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། སརྦ་ཀ་རི་ཞེས་པ་ནི། ཐམས་ཅད་བྱེད་པ་ཞེས་འབྱུང་སྟེ། གང་ཞེ་ན། འགྲོ་བ་སེམས་ཅན་གྱི་དོན་མཛད་ན་ཡང་། [224b.6]པདྨ་འདམ་གྱིས་མ་གོས་པ་བཞིན་འཁོར་བའི་ཉེས་པས་མི་གོས་ལ། འགྲོ་བ་ཇི་ལྟར་འདོད་པ་བཞིན་དོན་མཛད་པ་སྟེ། རྡོ་རྗེ་ཆོས་སོ། །དུཿཁཙྪེ་ད་ཞེས་པ་ནི། གཅོད་བྱེད་ཅེས་འབྱུང་སྟེ། གང་ཞེ་ན། ཤེས་རབ་ཀྱི་རལ་གྲིས་སྡུག་བསྔལ་ཐམས་ཅད་གཅོད་པར་བྱེད་པ་སྟེ། རྡོ་རྗེ་རྣོན་ [224b.7]པོའོ། །བུདྡྷ་བོདྷི་ཞེས་པ་ནི། སངས་རྒྱས་དང་བྱང་ཆུབ་ཅེས་འབྱུང་སྟེ། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒོ་ནས་འགྲོ་བ་མཐའ་དག་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གོ་འཕང་ལ་འཇོག་པར་བྱེད་པ་སྟེ། རྡོ་རྗེ་འཁོར་ལོའོ། །པྲ་ཏི་ཤ་པཱ་ད་ཞེས་པ་ནི། [225a] [225a.1]སྒྲ་བརྙན་བྲག་ཅ་ཞེས་འབྱུང་སྟེ། གང་ཞེ་ན། རྡོ་རྗེ་ཚིག་གིས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྒྲ་མཐར་སྟོང་པའི་ཚུལ་དུ་སྒྲོགས་པ་སྟེ། ཆོས་ཐམས་ཅད་གཟུགས་བརྙན་དང་བྲག་ཅ་ལྟ་བུའི་ཚུལ་དུ་སྟོན་པ་སྟེ། རྡོ་རྗེ་སྨྲ་བའོ། །ད་ནི་བྱང་ཕྱོགས་ཀྱི་སེམས་དཔའ་ཆེན་ [225a.2]པོ་བཞིའི་ཆོས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། སུ་བ་ཤི་སྟྭཾ་ཞེས་པ་ནི། ཤིན་ཏུ་དབང་བསྒྱུར་ཞེས་འབྱུང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པ་དང་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་འགྱུར་བའི་ལས་མཛད་པས། ཐམས་ཅད་དབང་དུ་གྱུར་པ་སྟེ། རྡོ་རྗེ་ལས་སོ། །ནི་རྦྷ་ཡ་ [225a.3]སྟྭཾ་ཞེས་པ་ནི། མི་འཇིགས་པ་ཞེས་འབྱུང་སྟེ། དཔེར་ན་གོ་ཆ་བགོས་པའི་སྐྱེས་བུ་ལ་གཞན་གྱིས་འཇིགས་པ་མེད་པ་བཞིན་དུ་བདུད་ལ་སོགས་པ་བར་དུ་གཅོད་པ་རྣམས་ཀྱིས་མི་འཇིགས་པ་སྟེ། རྡོ་རྗེ་གོ་ཆའོ། །ཤ་ཧཱུཾ་བྷཀྵ་ཞེས་པ་ནི། དགྲ་ཟོ་ཤིག་འབྱུང་སྟེ། གང་ཞེ་ན། ལྷའི་བུའི་ [225a.4]བདུད་ལ་སོགས་པ་བདུད་བཞི་དང་། རྩ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པས་བསྡུས་པ་ཐམས་ཅད་གཏན་ནས་མ་ལུས་པར་བྱ་བ་ནི། ཟོ་ཤིག་ཅེས་པའི་དོན་ཏེ་ཟོས་པ་ཉིད་ཟད་པར་བྱེད་པ་ཡིན་པའི་ཕྱིར་རོ། །སརྦ་སིདྡྷ་ཞེས་པ་ནི། དོན་ཐམས་ཅད་གྲུབ་ཅེས་འབྱུང་སྟེ། [225a.5]སོར་མོ་རྣམས་གཅིག་ཏུ་བསྡུས་ན་ཁུ་ཚུར་དུ་གྱུར་པ་བཞིན་དུ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཅིག་ཏུ་བསྡུས་པ་ནི། བསོད་ནམས་ཀྱིས་བརྒྱན་པའི་སྐུ་སྟེ་རྡོ་རྗེ་ཁུ་ཚུར་རོ། །ད་ནི་གསང་བའི་ལྷ་མོ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། མ་ཏཱ་ར་ཏཱི་ཞེས་པ་ནི། དགའ་བ་མོ་ [225a.6]ཞེས་འབྱུང་སྟེ་གང་ཞེ་ན། འཇོ་བ་དང་སྟེག་པའི་ཚུལ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་གྲོལ་བའི་དབང་པོ་གཡོ་ཞིང་དགྱེས་པ་སྐྱེད་པ་སྟེ། ལྷ་མོ་སྒེག་མོའོ། །རཱུ་བ་ཤོ་དྷེ་ཞེས་པ་ནི། མཛེས་པ་ཞེས་འབྱུང་སྟེ་གང་ཞེ་ན། མེ་ཏོག་དང་རིན་པོ་ [225a.7]ཆེའི་ཕྲེང་བས་འཕགས་པ་ལ་མཆོད་པ་བདག་གཞན་གྱི་ལུས་བརྒྱན་པས་མཛེས་པར་བྱེད་པ་སྟེ་ཕྲེང་བ་མོའོ། །ཤྲོ་ཏ་མྱེ་ཤུག་ཁྱེ་ཞེས་པ་ནི། སྙན་པ་ཐོས་ཞེས་འབྱུང་སྟེ། གང་ཞེ་ན། དབྱངས་ཡིད་དུ་འོང་བ་དག་དོན་དང་ལྡན་པའི་ཚིག་ཏུ་སྒྲོགས་པས། འཕགས་པ་མཆོད་ [225b] [225b.1]པ་དང་འགྲོ་བ་སྨིན་པར་བྱེད་པ་སྟེ། རྣ་བའི་དབང་པོས་ཐོས་པ་ནི་སྙན་པ་སྐྱེ་བ་སྟེ། ལྷ་མོ་དབྱངས་མཁན་མའོ། །སརྦ་པཱུ་ཛེ་ཞེས་པ་ནི། མཆོད་པ་ཐམས་ཅད་བདག་ཅེས་གང་ཞེ་ན། ཕྱི་ནང་གི་མཆོད་པས་འཕགས་པ་མཉེས་པ་དང་། སེམས་ཅན་ཚིམ་པར་བྱས་པས་བདག་དོན་དུ་ [225b.2]གྱུར་པར་སྟོན་ལ། རྣམ་གཅིག་ཐོགས་མེད་ཅེས་བྱ་སྟེ། བདག་གཞན་གྱི་དོན་བརྒྱ་ལག་པར་མཛད་པས་ཐམས་ཅད་ལ་ཐོགས་པ་མེད་པ་སྟེ་ལྷ་མོ་གར་མཁན་མའོ། །ད་ནི་ཕྱིའི་མཆོད་པའི་ལྷ་མོ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། སི་ཧླ་ད་ནི་ཞེས་པ་ནི་གཅིག་ཏུ་ [225b.3]གྲུབ་པ་ཞེས་སམ། ཚིམ་བྱེད་ཅེས་འབྱུང་སྟེ། ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པའི་ངོ་བོ་བདུག་སྤོས་ཀྱི་སྤྲིན་ཆེན་པོས་ལུས་ཡོངས་སུ་ཚིམ་པར་བྱས་ནས། བདེ་བ་གཅིག་ཏུ་གྲུབ་པའམ། ཡོངས་སུ་ཚིམ་པར་གྱུར་པ་སྟེ་ལྷ་མོ་སྤོས་མེ་མའོ། །ཕ་ལ་ག་མོ་ཞེས་པ་ནི་འབྱུང་བ་ [225b.4]ཞེས་བྱ་སྟེ། གང་འབྱུང་ཞེ་ན། མེ་ཏོག་ལས་འབྲས་བུ་འབྱུང་བ་བཞིན་དུ་རྒྱུ་རྣམ་པར་དཀར་བའི་ཕྱོགས་ཡོངས་སུ་དག་པར་སྤྱད་པ་ལ་འབྲས་བུ་མྱ་ངན་ལས་འདས་པ་འབྱུང་བ་སྟེ། ལྷ་མོ་མེ་ཏོག་མའོ། །སུ་ཏེ་ཛཱ་གྲི་ཞེས་པ་ནི་རབ་ཏུ་གཟི་བརྗིད་དམ། གཟི་བརྗིད་འབར་བ་ཞེས་ [225b.5]འབྱུང་སྟེ། གང་ཞེ་ན། ཉི་མ་ལ་སོགས་པ་ནི་རང་བཞིན་གྱིས་འོད་དང་ལྡན་པས་གཟི་བརྗིད་ཅན་དུ་གནས་པ་བཞིན་དུ་ཡེ་ཤེས་ཀྱི་སྒྲོན་མ་ཆེན་པོས་ཐམས་ཅད་ལ་སྣང་བར་བྱེད་པའི་གཟི་བརྗིད་དང་ལྡན་པ་སྟེ། ལྷ་མོ་མར་མེ་མའོ། །སུ་གནྡྷ་གི་ཞེས་པ་ནི་རྣམ་པར་དག་བྱེད་ཅེས་འབྱུང་སྟེ་ [225b.6]གང་ཞེ་ན། ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པས་ཡོངས་སུ་ཚིམ་པར་བྱས་པས་ཚུལ་ཁྲིམས་ཉམས་པ་ལ་སོགས་པའི་སྐྱོན་དང་བྲལ་ནས་རྣམ་པར་དག་པར་གྱུར་བ་སྟེ་ལྷ་མོ་བྱུག་པ་མའོ། །ད་ནི་སྒོ་སྲུང་བར་བྱེད་པ་བཞི་པོ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། ཨ་ཡ་ཧི་ [225b.7]ཛ་ཞེས་པ་ནི། འགུགས་བྱེད་ཅེས་བྱ་སྟེ་གང་ཞེ་ན། འཕགས་པ་དང་སེམས་ཅན་རྣམས་རང་རང་གི་གནས་ནས་འགུགས་པར་བྱེད་པ་སྟེ་རྡོ་རྗེ་ལྕགས་ཀྱུ་མའོ། །ཨ་ཡ་ཧི་ཧཱུཾ་ཧཱུཾ་ཞེས་པ་ནི་བཅུག་བྱེད་ཅེས་འབྱུང་སྟེ་གང་ཞེ་ན། གང་གིས་འདོད་པའི་དངོས་པོ་དེ་དེ་ལ་འཛུད་པར་བྱེད་ [226a] [226a.1]པ་སྟེ་རྡོ་རྗེ་ཞགས་པ་མའོ། །ཧེ་སྦོ་ཊ་བཾ་ཞེས་པ་ནི་ཡོངས་སུ་འཆིང་བྱེད་ཅེས་འབྱུང་སྟེ་གང་ཞེ་ན། སྒྲུབ་པ་དང་བསྒྲུབ་བྱ་གཉིས་སུ་མེད་པར་འཆིང་བ་སྟེ་རྡོ་རྗེ་ལྕགས་ཀྱུ་མའོ། །གྷཾ་ཊ་ཨ་ཨ་ཞེས་པ་ནི་འབེབས་པའམ་དགའ་བྱེད་ཅེས་ཟེར་ཏེ་གང་ཞེ་ན། སྒྲུབ་པ་ལ་ [226a.2]བསྒྲུབ་བྱའི་དངོས་པོ་ཕབ་ནས་དབང་དུ་བྱེད་པའམ། ཡོངས་སུ་དགའ་བ་སྐྱེད་པ་སྟེ་རྡོ་རྗེ་འབེབས་པའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་ཆོས་ཀྱི་ཕྱག་རྒྱ་བསམ་པ་བཤད་ཟིན་ཏོ། །དེ་ཡན་ཆད་དུ་ཕྱག་རྒྱ་རྣམ་པ་བཞི་བཅིང་ཞིང་བསྒོམ་པའི་ཐབས་བཤད་ཟིན་ཏོ། ། [226a.3]ད་ནི་ལྷ་དེ་དག་ལ་མཆོད་པ་དང་བཟླས་བརྗོད་ཀྱི་སྒོ་ནས་མཉེས་པར་བྱ་བའི་ཐབས་དང་རིམ་པ་བཤད་པར་བྱ་སྟེ། གང་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་ལས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་ཞེས་པ་ནི། བདེ་བར་གཤེགས་པ་ལྔའོ། །སེམས་ [226a.4]དཔའ་ཞེས་པ་ནི། སེམས་དཔའ་ཆེན་པོ་བཅུ་དྲུག་ལ་སོགས་པ་མ་ལུས་པ་སྡུད་པར་བྱེད་དོ། །སྙིང་པོས་བཟླས་བརྗོད་བྱེད་པ་ནི་གོང་དུ་གསུངས་པའི་ལྷ་དེ་དག་སོ་སོའི་སྙིང་པོ་གང་ཡིན་པ་རྣམས་སོ། །དཀྱིལ་འཁོར་ཆེན་པོ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རོ། །ཕྱག་རྒྱ་ཆེན་པོ་ལ་ [226a.5]སོགས་པ་ཞེས་པ་ནི། ཕྱག་རྒྱ་ཆེན་པོ་བཞིའོ། །མཆོད་པའི་ཆོ་ག་རྒྱ་ཆེན་པོར་འདོད་པ་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་རྒྱས་པར་བསམ་ནས་དེ་དག་མཆོད་ཅིང་མཉེས་པར་འདོད་པ་རྣམས་ལ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་ [226a.6]པའི་ཕྱག་རྒྱ་བཞི་བསྟན་པ་ཡིན་ནོ། །རྒོལ་བ་པ་ན་རེ། འོ་ན་འདིར་ནི་ཕྱག་རྒྱ་བཞི་པ་འདི་དག་ཀུན་སྦྱར་དགོས་པ་ཡིན་ལ། སྨྲས་པ། དེ་བས་ན་གང་དཀྱིལ་འཁོར་ཆེན་པོར་བཀོད་པའི་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་ཆེན་པོར་བཀོད་པའི་དེ་བཞིན་གཤེགས་པ་ལྔ་དང་། [226a.7]སེམས་དཔའ་དང་ལྷ་མོ་ལ་སོགས་པ་ཀུན་མཆོད་པའི་རྣལ་འབྱོར་བ་དེས་དེ་དག་མཆོད་པར་འགྱུར་ན། ལྷ་དེ་དག་ལ་སོ་སོར་ཕྱག་རྒྱ་བཞི་དང་ལྡན་པར་བྱིན་གྱིས་བརླབ་དགོས་པས་ན། ཕྱག་རྒྱ་བཞི་པོའི་རྣམ་པ་ཇི་སྙེད་འབྱུང་བ་དེ་དག་སྦྱར་དགོས་སོ། །འོ་ན་གཞན་དག་ལ་ནི་འདི་ལྟར་ [226b] [226b.1]གསུངས་པའི་ཕྱག་རྒྱ་འདི་དག་སྦྱར་དགོས་སམ་ཞེ་ན། སྨྲས་པ། གང་ཡང་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་སོགས་པར་བཀོད་པ་ཞེས་བྱ་བ་ལ་སོགས་པ་དག་སྟེ་སོགས་ཀྱི་སྒྲས་ནི། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་སྡུད་པར་བྱེད་པ་སྟེ། དེ་དག་ལ་མཆོད་པ་དང་མཉེས་པར་བྱེད་འདོད་ [226b.2]པ་ལ་ནི་ཕྱག་རྒྱ་བཞི་པོའི་རྣམ་པ་འདི་ཀུན་མཆོད་པའི་ཚེ་སྦྱར་མི་དགོས་སོ། །དེ་བས་ན་ཕྱག་རྒྱ་བསྡུས་པ་འདི་ལས་ཞེས་པ་ནི། ཕྱག་རྒྱ་བཞིའི་རྣམ་པ་བསྟན་པ་འདི་དག་ཕྱག་རྒྱ་བཞི་པ་དང་གཅིག་པའི་དཀྱིལ་འཁོར་ལ་ཀུན་སྦྱར་བར་མི་བྱའོ། །སོ་སོར་བརྟགས་ལ་ངེས་པ་གང་ཡིན་པ་དེ་སོ་ [226b.3]སོ་ལ་སྦྱར་བར་བྱའོ། །རྒོལ་བ་པ་ན་རེ། ཅི་ཕྱག་རྒྱ་འདི་དག་གཅིག་གིས་ཀྱང་ཀུན་བྱིན་གྱིས་རློབ་ལ། ཀུན་ཀྱང་གཅིག་གིས་བྱིན་གྱིས་རློབ་ཏུ་མི་རུང་ངམ། ཅིའི་ཕྱིར་འདི་ལྟར་བསྟན་ཞེ་ན། ཕྱག་རྒྱ་འདི་རྣམས་ནི་ཞེས་བྱ་བ་དག་སྟེ། ཕྱག་རྒྱ་བཞི་པ་དང་གཅིག་པོ་དག་གང་གིས་ཕྱག་ [226b.4]རྒྱ་གང་ཡིན་པ་དེས་དེ་ལ་བྱིན་གྱིས་རློབ་པར་མཛད་ཀྱི་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །རྒོལ་བ་པ་ན་རེ། འོ་ན་ལྷ་ཡང་གང་གི་ངོ་བོ་ཡིན་པ་དེ་ལ་མཆོད་པར་བྱ་བ་ཡིན་གྱི་རྣམ་པ་གཞན་ལ་མ་ཡིན་ནམ་ཞེ་ན། ཁྱད་པར་དུ་ནི་ཕྱག་རྒྱ་བཞི་དང་ཞེས་བྱ་བ་ལ་སོགས་པ་དག་གསུངས་ཏེ། དེའི་ཁྱད་པར་ [226b.5]ནི་ཕྱག་རྒྱ་བཞི་པ་དང་། གཅིག་པའི་དཀྱིལ་འཁོར་བསམ་གཏན་དུ་བྱས་སམ་བྲིས་ནས་མཆོད་པར་བྱེད་ན། རྡོ་རྗེ་དབྱིངས་ཀྱི་ལྷ་ཇི་སྙེད་པ་ཐམས་ཅད་དེར་བསམ་སྟེ་མཆོད་པར་བྱའོ། །རྒོལ་བ་པ་ན་རེ། ཅིའི་ཕྱིར་དེ་ལྟར་བསམ་པར་བྱེད་ཅེ་ན། ཕྱག་རྒྱ་བཞི་པ་དང་། ཕྱག་རྒྱ་ [226b.6]གཅིག་པའི་སྦྱོར་བ་དང་བྲི་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མདོར་བསྡུས་པའི་མཚན་ཉིད་དོ། །སོགས་པའི་སྒྲས་ནི་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་དཀྱིལ་འཁོར་ལྷག་མ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱ་བར་སྟོན་པའོ། །དེ་བས་ན་ཕྱག་རྒྱ་བཞི་པ་དང་། [226b.7]གཅིག་པའི་དཀྱིལ་འཁོར་ན་གནས་པའི་གཟུགས་གང་ཡང་རུང་བ་ལ་ཡང་ལྷ་ཚང་བར་བསམས་ཏེ། ཕྱི་ནང་གསང་བའི་མཆོད་པ་ཀུན་བྱའོ། །རྒོལ་བ་པ་ན་རེ། འོ་ན་དེ་ལྟར་མོས་པའི་བསམ་གཏན་གྱིས་མཆོད་པ་བྱ་བ་དེས་འགྲུབ་པར་འགྱུར་ཞེ་ན། དེ་ལྟར་བྱས་ན་འདི་ནི་དེ་བཞིན་ [227a] [227a.1]གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བྱས་ན་ཞེས་པ་ནི་གོང་དུ་བསྟན་པ་སྟེ། མཆོད་པའི་དམ་ཚིག་ཅེས་པ་ནི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པ་གཟུགས་གཅིག་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བསམས་ [227a.2]ཏེ་མཆོད་པ་བྱས་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ནི་མཆོད་པའི་དམ་ཚིག་སྟེ། དེ་ལས་མི་འདའ་བས་ནི་དེ་ལྟར་བརྗོད་དོ། །དེ་བས་ན་ཁྱོད་ཀྱིས་ཞེས་པ་ནི། དེ་བཞིན་གཤེགས་པས་འཁོར་ལ་གསུངས་པའི་ཚིག་སྟེ། སློབ་དཔོན་གྱིས་སློབ་མ་ལ་བསྒོ་བའོ། ། [227a.3]ཉིན་རེ་མཆོད་པ་བཅུ་དྲུག་ཅེས་པ་ནི། ཕྱི་དང་། ནང་དང་། གསང་བ་དང་། བདག་དབུལ་བ་སྟེ་བཅུ་དྲུག་པོ་འདི་རྣམས་བྱའོ་ཞེས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དོན་དེ་འདིར་བྱས་པར་འགྱུར་བ་ཡིན་ནོ། །གང་ཡང་རུང་བའི་རིམ་པས་ཞེས་པ་ནི། ཕྱག་རྒྱ་བཞི་པ་དང་། ཕྱག་ [227a.4]རྒྱ་གཅིག་པ་གང་འདོད་པའོ། །དེ་བཞིན་གཤེགས་པ་ལ་སོགས་པ་ཞེས་པ་ནི་ལྷ་ཚང་བར་སྡུད་པའི་ཚིག་གོ། །གཙོ་བོར་གྱུར་པ་མཉེས་པར་བྱེད་པའི་ལྷ་ཞེས་པ་ནི་དེ་བཞིན་གཤེགས་པའི་གཙོ་བོའོ། །ཕྱག་རྒྱ་གཅིག་པ་ན་ནི་བདག་ཉིད་གང་བསྒོམ་པ་དེ་གཙོ་བོའོ། །རྣམ་གཅིག་གང་ [227a.5]ཡང་རུང་བ་ལ་བདག་གང་མོས་པར་གྱུར་པ་དེ་གཙོ་བོ་བས་སོ། །བྱིན་གྱིས་བརླབ་པ་སྔར་བྱས་ཏེ་ཞེས་པ་ནི་ལྷ་གང་དམིགས་པ་དེ་ལ་སྔར་ཕྱག་རྒྱ་བཞིས་བྱིན་གྱིས་བརླབ་པ་བྱས་ལ། དེ་ནས་མཆོད་པ་དང་། བཟླས་བརྗོད་ཀྱིས་མཉེས་པར་བྱ་བའི་ཆོ་ག་བྱའོ། །རྒོལ་བ་པ་ན་རེ། འོ་ན་དཀྱིལ་ [227a.6]འཁོར་གྱི་བསམ་གཏན་མངོན་དུ་བྱ་བའི་ཐབས་ནི། དེ་ལྟར་བྱར་རུང་ན་མཆོད་པར་གསུངས་པའི་རྣམ་པ་འདི་དག་རེ་རེ་ལ་ཅིག་ཅར་དབུལ་ལམ། འོན་ཏེ་སོ་སོར་དབྱེ་བའི་རྣམ་པས་སྦྱར་ཏེ་དབུལ་བ་ཡིན་ཞེ་ན། མཆོད་པ་ཡང་རྒྱུད་འདིར་བྱ་བ་ལ་སོགས་པ་དག་གསུངས་ཏེ། དེ་ཁོ་ [227a.7]ན་ཉིད་བསྡུས་པའི་རྒྱུད་འདིར་མཆོད་པ་བཅུ་དྲུག་ཏུ་བསྟན་པ་དག་ཚང་བར་མཆོད་དགོས་པ་ཡང་ཡོད་ལ། ཁ་ཅིག་ད་ལྟར་མི་མོས་པ་རྣམས་ལ་མི་དགོས་པ་ཡང་ཡོད་པས་འདུལ་བའི་སྐྱེ་བོ་དེ་ལྟ་བུའི་དབང་གིས་བསྡུས་པ་དང་། རྒྱས་པ་དུ་མར་བསྟན་ཏེ། དེ་བས་ན་སྐབས་འདིར་ནི་ [227b] [227b.1]ཞེས་པ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཀྱི་སྐབས་འདིར་ནི་བྲི་བ་དང་བསམ་པ་གང་ཡང་རུང་བའི་བཅོམ་ལྡན་འདས་ལ་མཆོད་པ་རྣམ་པ་བཞིའམ་བཅུ་དྲུག་དང་། ཕྱིའི་མཆོད་པ་ཀུན་གྱིས་མཆོད་པར་བྱའོ་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །རྒྱུད་ཕྱི་མ་ལས་ནི། དེ་ [227b.2]བཞིན་གཤེགས་པ་རྣམས་ལ་ནི་བདུག་སྤོས་ལ་སོགས་པ་རྣམ་པ་བཞིས་མཆོད་ལ། དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་རྣམས་ལ་ནི་གསང་བའི་མཆོད་པ་བཞི་དང་། བདག་དབུལ་བ་ལ་སོགས་པ་བཅུ་དྲུག་གིས་མཆོད་པར་གསུངས་སོ། །རྒྱུད་ཕྱི་མའི་ཡང་ [227b.3]ཕྱི་མ་ལས་ནི། བདུག་སྤོས་ལ་སོགས་པའི་མཆོད་པ་བཞིས་མཆོད་ཀྱི། གསང་བའི་མཆོད་པ་ནི་མི་རིགས་པར་བཤད་དེ། ལྟ་བ་ངན་དང་ཆགས་མེད་པ། གསང་བ་འདི་ནི་མི་རིགས་སོ། །ཞེས་གསུངས་ཏེ། ཅིའི་ཕྱིར་བདུག་པ་ལ་སོགས་པས་མཆོད་ཅིང་། གཞན་གྱིས་མཆོད་ [227b.4]པར་མི་བྱེད་ཅེ་ན། ལྟ་བ་ངན་པ་དང་། འདོད་ཆགས་དང་བྲལ་བ་དག་ལ་གསང་བའི་མཆོད་པས་མཆོད་པར་གྱུར་ན་རབ་ཏུ་མི་དད་པར་གྱུར་པའི་ཕྱིར་འདི་ལྟར་བསྟན་ཏོ། །གནས་ཇི་ལྟ་བ་བཞིན་དུ་ཞེས་པ་ནི། བདག་ཉིད་གར་དགའ་བའི་གནས་སོ། །ཐེག་པ་ཆེན་པོ་མངོན་ [227b.5]པར་རྟོགས་པ་ལས་གསུངས་པ་ཞེས་པ་ནི། ཁ་ཅིག་ན་རེ། རྒྱུད་ཀྱི་མཚན་འདི་ལྟར་འདོགས་པ་གཅིག་གི་ནང་ནས་འབྱུང་བའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ཟེར་བ་ཡང་ཡོད་ན། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ཉིད་དུ་ཤེས་པར་བྱའོ། །ཕྱག་རྒྱ་བཞི་པའི་སྦྱོར་བས་ཕྱག་ [227b.6]འཚལ་ཞིང་ཞེས་པ་ནི། སྒྲུབ་པ་པོ་བདག་ཉིད་རྣམ་པ་བཞི་དང་ལྡན་པར་བསྒོམ་པའི་སྦྱོར་བས་ཕྱག་འཚལ་ཞིང་བདག་དབུལ་བ་ལ་སོགས་པའི་མཆོད་པས་མཆོད་པར་བྱ་བ་སྟེ། སྔགས་རྣམ་པ་བཞི་པོ་འདིས་ཞེས་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛོ་པ་སྠཱ་ན་ཨཱཏཱ་ནཱཾ་ནིརྱཱ་ཏ་ཡཱ་མི་ [227b.7]ཞེས་ཕྱག་འཚལ་བའི་སྔགས་སུ་བརྗོད་པ་འདིའོ། །རྒོལ་བ་པ་ན་རེ། འདི་ལྟར་ལྟ་བ་ངན་པ་དང་། ཆགས་པ་དང་བྲལ་བ་ནི་མུ་སྟེགས་པ་དང་། ཉན་ཐོས་དག་ཡིན་ན་དེ་དག་ནི་དམན་པར་གྱུར་པ་དང་། ཕྱི་རོལ་པའི་དངོས་པོ་པ་ཐེག་པ་འདི་ལ་འཇུག་པར་མི་རིགས་ན། འདི་ [228a] [228a.1]ལྟར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་དག་ལ་ནི་མི་བྱའོ། །འདིར་ནི་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་རིམ་པས་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་མི་ནུས་པ་དེ་དག་ལྟ་བ་ངན་ཞིང་ཆགས་པ་མེད་པར་དགོངས་པ་སྟེ། ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་ཆེན་པོ་ལ་ [228a.2]སོགས་པ་དང་། བྱང་ཆུབ་ཀྱི་སེམས་ལ་འཛིན་ཅིང་ཆགས་པར་མི་བྱེད་པའི་ཕྱིར་ཏེ། དེ་དག་ནི་བཟླས་པ་འབའ་ཞིག་ནན་ཏན་བྱས་པས་འགྲུབ་པར་འདོད་པ་དེ་དག་ཉིད་ཀྱིས་ནི་བདུག་པ་ལ་སོགས་པ་ཕྱིའི་མཆོད་པ་ཉི་ཚེ་བྱ་བར་མངོན་གྱིས། འོན་ཀྱང་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་པ་ [228a.3]རྣམས་ཀྱིས་ཀྱང་། བདུག་སྤོས་ལ་སོགས་པའི་ཕྱིར་མཆོད་པ་རྣམས་བྱའོ། །དེ་ལྟར་ཡང་ཅིས་མངོན་ཞེ་ན། འདི་ལྟར་རྩ་བའི་རྒྱུད་ལས། བྱ་བ་ལ་སོགས་པ་གསུངས་སོ། །རྒོལ་བ་པ་ན་རེ། འོ་ན་མཆོད་པར་བྱ་བ་དེ་དག་གི་རིམ་པ་འོན་ཏེ་ཅིག་ཅར་དུ་བྱ་བར་འདོད་ཅེ་ན། སྨྲས་ [228a.4]པ། དེ་ལ་དང་པོར་མཆོད་པའི་ཆོ་ག་རྫོགས་པར་འདོད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་ནས་མཆོད་པ་འབའ་ཞིག་བརྩམ་པ་མ་ཡིན་གྱི། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྡོམ་པ་སྔར་མནོས་སུ་ཟིན་ཀྱང་། སེམས་བརྟན་པར་བྱ་བའི་ཕྱིར་ཡང་ནས་ཡང་དུ་མནོད་པར་བྱ་ [228a.5]སྟེ། དེ་ལ་སེམས་བརྟན་པར་བྱ་བ་ནི་སྡོམ་པ་མནོས་པའི་སེམས་དེ་མི་རྙིངས་ཤིང་དྲན་པ་རྩེ་གཅིག་པར་འགྱུར་བར་བྱའོ། །དེ་ལ་སྡོམ་པ་མནོད་པའི་རིམ་པ་ནི་འདིའོ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་སྡོམ་པ་རིམ་པར་གཟུང་བའི་ཚིག་བརྗོད་པ་སྟེ། དེ་ལ་དང་པོར་ [228a.6]རིགས་ཐམས་ཅད་ཀྱི་སྡོམ་པ་གསུངས་པ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནི། དུས་གསུམ་དུ་འབྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པར་མཛད་པས་ན་མགོན་པོ་ཞེས་བྱ་སྟེ། ཇི་ལྟར་མདོ་སྡེ་ལས་ཀྱང་། [228a.7]མགོན་མེད་པ་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན། འཁྲ་ས་མེད་པ་རྣམས་ཀྱི་འཁྲ་ས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལྔའི་སྡོམ་པ་གཟུང་བ་ལ་དང་པོར་ [228b] [228b.1]དེ་བཞིན་གཤེགས་པ་རྟག་པའི་སྡོམ་པ་ནི། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་རིགས་ཀྱི་སྡོམ་པ་གཟུང་བ་ནི། རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །ཞེས་བྱ་བ་ལ་སོགས་པའོ། །རིན་པོ་ཆེའི་རིགས་ཀྱི་སྡོམ་པ་གཟུང་བ་ནི། རིན་ཆེན་ [228b.2]རིགས་མཆོག་ཆེན་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །པདྨའི་རིགས་ཀྱི་སྡོམ་པ་ནི། པདྨའི་རིགས་ཅན་དག་པ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་ཀྱི་རིགས་ཀྱི་སྡོམ་པ་གཟུང་བ་ནི། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །ཞེས་བྱ་བ་ལ་ [228b.3]སོགས་པའོ། །དེ་ནས་སྡོམ་པ་ཇི་ལྟར་མནོས་པའི་དོན་གྲུབ་པར་བྱ་བའི་ཕྱིར་ཞེས་པ་ནི། སྡོམ་པ་ཇི་ལྟར་མནོས་པ་དེ་དག་རྫོགས་ཤིང་མཐར་ཕྱིན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྣམས་ལ་མཆོད་པ་དང་། སོགས་ཀྱིས་བཟླས་བརྗོད་ལ་སོགས་པའི་ལས་གཞན་སྡུད་པར་བྱེད་དེ། [228b.4]དེ་ལྟར་རིགས་སོ་ཞེས་སློབ་དཔོན་སྔར་བྱུང་བའི་མཁས་པ་རྣམས་ཀྱིས་གསུངས་སོ། །བདུག་སྤོས་ལ་སོགས་པ་མཆོད་པའི་ཡན་ལག་ཅེས་པ་ནི། དྲི་དང་མེ་ཏོག་དང་བྱུག་པ་ལ་སོགས་པའི་ཕྱི་རོལ་གྱི་རྫས་ཀྱི་ངོ་བོ་རྣམས་ནི་གང་དུ་གསུངས་པའི་མཆོད་པ་དེ་དག་གི་ཡན་ལག་ཏུ་གྱུར་ [228b.5]པས་ན་ཡན་ལག་ཅེས་བྱ་སྟེ། མཆོད་པའི་ཡོ་བྱད་ཇི་ལྟར་བཤམས་པ་རྣམས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་རིམ་པར་དབུལ་བར་བྱ་སྟེ། བྱིན་གྱིས་བརླབ་པའི་ཆོ་ག་ཆོས་ཉིད་རྣམ་པར་དག་པའི་སྔགས་ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱ་ཞེས་བྱ་བའམ། ལས་ཐམས་ཅད་ [228b.6]པའི་སྙིང་པོའོ། །སརྦ་ཀ་རི་ཞེས་བྱ་བ་རིགས་ཐམས་ཅད་མཆོད་པར་མཛད་པའི་སྔགས་འདི་གཉིས་གང་ཡང་རུང་བ་བརྗོད་པས་ཡོ་བྱད་དེ་དག་ཡོངས་སུ་དག་པར་བྱས་ཏེ། བདུག་པ་ལ་སོགས་པའི་ཕྱིའི་ལྷ་མོ་རྣམས་ཀྱི་སྙིང་པོ་དང་། དེ་དག་གི་ལས་ཀྱི་ཕྱག་རྒྱ་དང་ལྡན་པར་བྱས་ [228b.7]པས་དེ་དག་གཏུགས་ཏེ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཞེས་དང་གུས་པ་བསྐྱེད་དེ། སོ་སོའམ་ཡང་ན་ཅིག་ཅར་དུ་མཆོད་པར་བགྱིའོ་ཞེས་ཚིག་ཏུ་བརྗོད་ཅིང་མཆོད་པར་བྱའོ། །དེ་ལ་མཆོད་པའི་རིམ་པ་ནི། དང་པོར་བདུག་སྤོས། དེའི་འོག་ཏུ་མེ་ཏོག །དེའི་འོག་ཏུ་ [229a] [229a.1]མར་མེ། ཐ་མར་བྱུག་པ་དབུལ་བར་བྱའོ། །དེ་དག་གི་བསམ་རྒྱུད་ཀྱང་ཇི་སྐད་དུ་གསུངས་པའི་ཕྱིར་ལྷ་མོར་བརྗོད་པ་ལྟ་བུའི་ཆ་ལུགས་ལ་གནས་པ་འཇིག་རྟེན་གྱི་རྡུལ་སྙེད་ཀྱིས་ཡོངས་སུ་མཉེས་པར་བྱེད་པའི་རྫས་ཀྱི་རྣམ་པ་ཁྱད་པར་ཅན་འདི་དག་བཟུང་ནས་འདུད་ [229a.2]པའི་ཚུལ་དང་ལྡན་པར་མཆོད་པར་བྱེད་པར་བརྟག་གོ། །དེ་ནས་དེ་དག་དངོས་སུ་མ་འབྱོར་ན་ཡང་དེ་དག་གི་གཟུགས་དབུལ་ལོ། །དེ་ཡང་ཐམས་ཅད་དུ་མ་འབྱོར་ན། ལྷ་མོ་དེ་དག་སོ་སོའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ་སྙིང་པོ་དང་ལྡན་པར་བརྗོད་པས་རབ་ཏུ་དྲི་ཞིམ་ཞིང་མཆོད་གནས་ [229a.3]རྣམས་ཀྱི་ཐུགས་སུ་བྱོན་པའི་ཆར་གྱིས་ནམ་མཁའི་ཁམས་ཐམས་ཅད་བར་མཚམས་མེད་པར་ཁྱབ་པས་ཚིམ་པར་མོས་པ་བྱའོ། །རྒོལ་བ་པ་ན་རེ། མཆོད་པའི་རྣམ་པ་འདི་དག་དངོས་སུ་བཤམས་ཏེ། མཆོད་པས་ནི་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་སྨིན་པ་ཉམས་ [229a.4]སུ་མྱོང་བར་བྱེད་ཅེས་ཐོས་ན། དེ་དག་མ་འབྱོར་ན་ཐབས་འདི་དག་བྱས་པས་ཇི་ལྟ་བུར་འགྱུར་ཞེ་ན། འདི་དག་པས་ལྷག་པས་ཀྱང་ངེས་པར་དབུལ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས་དངོས་སུ་མཆོད་པ་དང་ཡོན་ཏན་འདྲ་བར་བཤད་དོ། །དེ་ལྟར་མཆོད་པའི་རྗེས་ལ་ [229a.5]བསྟོད་པ་སྟེ། དེ་ལ་བསྟོད་པའི་མཚན་ཉིད་ཀུན་ཀྱང་མཉེས་པར་བྱེད་པའི་རྒྱུར་གསུངས་པ་ཡིན་མོད་ཀྱི། ཁྱད་པར་དུ་ཡང་ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་གསུངས་པའི་མཚན་བརྒྱ་རྩ་བརྒྱད་པས་ནི་དེ་བཞིན་གཤེགས་པ་རྣམས་ལ་བསྟོད་པར་བྱའོ། །ཡང་ན་དེ་བཞིན་གཤེགས་པའི་ [229a.6]རིགས་ཀྱི་ལྷ་ཡེ་ཤེས་ཀྱི་སེམས་དཔའ་རྣམས་མཉེས་པར་བྱེད་པར་འདོད་པ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ནང་ནས་འབྱུང་བའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པར་བྱའོ། །དེ་བཞིན་གཤེགས་པ་གཙོ་བོར་བྱས། །ཞེས་བྱ་བ་ནི། གཙོར་དེ་བཞིན་གཤེགས་པ་རྣམས་སྨོས་ལ་ [229a.7]རང་གི་ལྷ་ཞེས་པ་རང་གང་བསྒོམ་ཞིང་བསྒྲུབ་པའི་ལྷ་དང་། དེའི་འཁོར་དུ་གྱུར་པ་རྣམས་ལ་བསྟོད་པར་བྱའོ། །མཚན་བརྒྱ་རྩ་བརྒྱད་འདི་གཉིས་ཀྱང་། །ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ལ་བསྟོད་པ་དང་། དེའི་རིགས་ཀྱི་སེམས་དཔའ་རྣམས་ལ་བསྟོད་པ་རྣམ་པ་གཉིས་པོ་ [229b] [229b.1]འདི་ཡང་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་དེ་ཉིད་ལས་འབྱུང་བར་ཤེས་བར་བྱའོ། །ད་ནི་རང་གི་དགོས་པ་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་རིགས་བཞིའི་འཁོར་ལོས་སྒྱུར་བ་བཞི་ལ་བསྟོད་ཅིང་ཕྱག་འཚལ་བར་བྱ་བ་སྟོན་ཏེ། དེ་ལ་རྒོལ་བ་པ་ན་རེ། ཅི་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་ [229b.2]པའི་རིགས་ཀྱི་ལྷ་ཀུན་ལ་བསྟོད་པ་དང་། ཕྱག་འཚལ་བར་བྱས་པས་དགོས་པ་ཐམས་ཅད་འགྲུབ་པར་མི་འགྱུར་རམ། འགྱུར་བ་ཞིག་ཡིན་ན་ནི་དེའི་དོན་ཀུན་དུ་བརྗོད་པར་བྱས་ཟིན་ལ། གལ་ཏེ་དེ་ལྟར་མ་ཟིན་ན་ནི་ཀུན་གྱིས་བྱ་བར་མི་ནུས་པ་དེ་འདི་དག་ཁོ་ནས་འགྲུབ་པར་འགྱུར་རམ་ [229b.3]ཞེ་ན། སྨྲས་པ། དེ་ཡང་བདེན་མོད་ཀྱི། འོན་ཀྱང་ལྷ་དེ་དག་གིས་རྣམ་པར་ཐར་པ་དད་པའི་སྒོ་ནས་གང་ལ་དམིགས་པ་དེས་དེ་བཞིན་དུ་གང་འདོད་པ་འགྲུབ་པར་བྱེད་པའི་ཕྱིར་འདི་ལྟར་བསྟན་ཏེ། གང་ཞེ་ན། སྐབས་འདིར་ཡང་རང་གི་རྒྱུད་ཀྱི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ [229b.4]གསུངས་ཏེ། རང་གི་རྒྱུད་ཀྱི་དམ་ཚིག་ཅེས་པ་ནི། བདག་ཉིད་དམ་ཚིག་སེམས་དཔར་བསྒྱུར་བ་ལ་བྱ་སྟེ། ཟིལ་གྱིས་མི་ནོན་ཅིང་ཞེས་པ་ནི་བདག་ཉིད་དམ་ཚིག་སེམས་དཔའ་དེ་གཞན་གྱི་ཟིལ་གྱིས་མི་ནོན་པར་བྱ་བའི་ཕྱིར། མ་འཁྲུག་པའི་རིགས་ཀྱི་འཁོར་ལོས་སྒྱུར་བའི་ [229b.5]དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་བྱ་བ་དང་། དེ་བཞིན་དུ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་ཐོབ་པར་བྱ་ཞེས་པ་ནི། རིན་པོ་ཆེའི་རིགས་ཀྱིས་ནི་དབང་བསྐུར་བའི་ཕྲིན་ལས་མཛད་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་མངའ་མཛད་པ་དང་། དབང་བསྒྱུར་ [229b.6]བའི་བདག་ཉིད་ཆོས་ཀྱི་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར་དང་། ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་བཤད་པ་ཞེས་པ་ནི་མདོའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་སམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལུང་དང་ [229b.7]རིགས་པའི་ཆོས་ཐམས་ཅད་གཞན་ལ་འཆད་པར་བྱེད་ནུས་པའི་མཐུ་བདག་ལ་བསྐྱེད་པར་བྱ་བའི་ཕྱིར་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་མཐུ་ཞེས་པ་ནི། ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ཇི་ལྟར་ཕན་པ་བཞིན་དུ་དོན་བྱ་བའི་མཐུ་གྲུབ་པར་བྱ་བའི་ཕྱིར་རིགས་ [230a] [230a.1]བཞིའི་འཁོར་ལོས་སྒྱུར་བ་འདི་དག་ལ་ཕྱག་འཚལ་བར་བྱ་སྟེ། འོག་ནས་འབྱུང་བའི་ཚོགས་ཞེས་པ་ནི་དེ་དག་ལ་དེ་ལྟར་ཕྱག་བྱ་བའི་སྔགས་དང་ཕྱག་རྒྱ་འོག་ནས་འབྱུང་བའོ། །མཆོད་པ་སྔར་བྱ་ཞིང་ཞེས་བྱ་བ་ནི་དང་པོར་ཕྱག་རྒྱ་བཞིས་སྔར་ཕྱག་བྱས་ལ་དེ་ནས་རང་གི་ [230a.2]ལུས་དབུལ་ཏེ་དེ་ནས་དགོས་པའི་དོན་བསམ་པ་དེ་གྲུབ་པར་གསོལ་བ་གདབ་པོ། །རྒོལ་བ་པ་ན་རེ། ཇི་ཕྱག་རྒྱ་ཆེན་པོ་དག་གོང་དུ་བསྟན་པའི་རིམ་པར་བསྟན་ཅིང་ཡོན་ཏན་གྱི་ནུས་པ་ཡང་བརྗོད་པར་བྱས་ཟིན་ན། ཡང་འདིར་སྟོན་པར་བྱེད་པ་ཅི་ལ་དགོས་པའི་ཕྱིར་སྟོན་པར་བྱེད་ཅེ་ན། སྨྲས་པ། [230a.3]འདིར་ཕྱག་རྒྱ་བཞིའི་སྤྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཕྱག་རྒྱ་བཞིར་བརྗོད་པ་ནི་གོང་དུ་སྨོས་པ་དེ་དག་ལ་ནི་མི་བྱ་སྟེ། རྡོ་རྗེ་ཐལ་མོ་བརྐྱང་བ་ལ་སོགས་པ་ལུས་ཀྱི་གནས་བཞིར་གཞག་པའི་མཚན་དུ་བསྟན་པ་ལ་བྱ་སྟེ། འདིར་བསྟན་པ་ནི་བྱིན་རླབས་བཞི་པོ་དག་ཐོབ་པར་ [230a.4]འདོད་པའི་ཕྱིར་འདི་ལྟར་བསྟན་ཏོ། །འདིར་རྡོ་རྗེ་ཐལ་མོ་བརྐྱང་སྟེ་ཞེས་པ་ནི། ལག་པ་གཡས་གཡོན་གཉིས་ལ་ཟླ་བའི་དཀྱིལ་འཁོར་གནས་པའི་སྦྱོར་པ་བྱས་ལ། དེ་དག་གི་སྟེང་དུ་ཡང་ཧཱུཾ་ལས་གྱུར་བའི་རྡོ་རྗེ་ཆེ་ཕྲ་གནས་པར་བརྟགས་ནས་ཐལ་མོ་སྦྱར་བ་ནི་རྡོ་རྗེ་ཐལ་མོ་ཞེས་ [230a.5]བྱ་སྟེ། རྡོ་རྗེ་ཐལ་མོ་ནི་ཡེ་ཤེས་ལྔའི་རང་བཞིན་ཏེ། དེ་ཉིད་སྦྱར་བ་ནི་དབྱིངས་དང་ཡེ་ཤེས་སམ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་རིག་པར་བྱའོ། །བརྐྱང་བ་ནི་ཡེ་ཤེས་ལྔ་པོ་དེའི་འོད་ཟེར་གྱིས་ཕྱོགས་བཅུ་ཁྱབ་པའམ། རྣམ་གཅིག་དབྱིངས་དང་ཡེ་ཤེས་དབྱེར་མེད་ [230a.6]པའི་དོན་གྱིས་འཁོར་བ་ལས་ཐག་བསྲིངས་པར་བསྟན་པའོ། །སྔགས་འདི་བརྗོད་ཅིང་ལུས་ཐམས་ཅད་ཀྱིས་ཕྱག་བྱའོ་ཞེས་པ་ནི་ལུས་ཡན་ལག་དང་བཅས་པས་འདུད་པ་བསྐྱེད་ཅིང་། དག་གིས་སྔགས་སྒྲ་དག་ཅིང་གསལ་བར་བརྗོད་དོ། །ཨོཾ་ཞེས་པ་ནི་སྐྱེ་བ་མེད་པ་དང་། [230a.7]འཚེ་བ་མེད་པ་དང་། སྟོང་པ་ཉིད་ཀྱི་དོན་དུ་སྟོན་ཏོ། །སརྦ་ཏ་ཐཱ་ག་ཏ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱའོ། །པཱུ་ཛོ་ཞེས་པ་ནི་པཱུ་ཛ་ཞེས་པའི་དོན་ཏོ། །ཨུ་པསྠཱ་ན་ཡ་ཞེས་པ་ནི་གོང་གི་སྣ་རུའི་དོན་གྱིས་ཨུ་པ་ཞེས་བྱ་སྟེ་ཉེ་བའོ། །པསྠཱ་ནི་ཞེས་པ་ནི་གནས་ [230b] [230b.1]པའོ། །ཨཱ་ཏཾ་ནཾ་ཞེས་པ་ནི་བདག་ཉིད་ཀྱི་ལུས་སོ། །ནིརྱཱ་ཏ་ཡཱ་མི་ཞེས་པ་ནི། འབུལ་བར་དམ་བཅའ་བ་སྟེ། མདོར་ན་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ཉེ་བར་གནས་པའི་ཕྱིར་བདག་ཉིད་ཀྱི་ལུས་འབུལ་བར་དམ་བཅའ་ཡིས་ཞེས་པའི་དོན་ཏོ། །སརྦ་ཏ་ཐཱ་ག་ཏ་ཞེས་པ་ནི་ [230b.2]དེ་བཞིན་གཤེགས་པ་ཐམས་ཅད་དོ། །བཛྲ་སྭ་ཏྭ་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །ཨ་གྷིཥཱ་ནཾ་ཞེས་པ་ནི། བདག་ལྷག་པར་བརྟན་པར་བྱིན་གྱིས་རློབས་ཤིག་པ་སྟེ། མདོར་ན་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔར་བདག་ལྷག་པར་བརྟན་པར་བྱིན་གྱིས་རློབས་ཤིག་ [230b.3]པའི་དོན་ཏོ། །སྔགས་ཕྱི་མའི་དོན་ཡང་རང་རང་གི་སྒྲ་ཟློས་པའི་རང་གཉེར་གྱིས་དེ་བཞིན་དུ་རིག་པར་བྱའོ། །རྒོལ་བ་པ་ན་རེ། སློབ་དཔོན་གཞན་དག་ན་རེ་ནི་ཁ་ནུབ་ཕྱོགས་སུ་བལྟ་བ་ལ་སོགས་པའི་རིམ་གྱིས་ལངས་ཤིང་ཕྱག་འཚལ་བ་དང་སྔགས་བརྗོད་པར་བྱ་ཞེས་ཟེར་ན། [230b.4]འདིར་དེ་དང་མཐུན་པར་མི་སྟོན་པ་ཅིའི་ཕྱིར་ཞེ་ན། གཞན་དག་དེ་སྐད་ཟེར་བ་ཡོད་མོད་ཀྱི། འོན་ཀྱང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསམ་གཏན་གྱིས་གསལ་བར་བརྟགས་པ་ལ། ཡིད་ཀྱིས་ཕྱག་འཚལ་བར་བྱེད་ཀྱི། རྫས་ཀྱི་ངོ་བོ་མདུན་དུ་བཞག་པས་མཆོད་པ་ལ་ལངས་ [230b.5]འདུག་གིས་བསྐོར་བར་བྱ་བ་ལྟ་བུ་མ་ཡིན་པས། བདག་གིས་ནི་དེ་ལྟར་ཡང་མི་འདོད་པས་འདི་བཞིན་དུ་བྲིས་ཏེ། ཉེས་པ་དང་མཆོག་པ་མེད་དོ། །རྒོལ་བ་པ་ན་རེ། སྔགས་བཞི་པོ་འདི་དག་ཀྱང་སྒྲུབ་ཐབས་གཞན་གྱི་གཞུང་ལས་དང་པོར་ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱ་བའི་དགོས་པ་ [230b.6]དེ་ཡོངས་སུ་རྫོགས་པ་ཐོབ་པར་བྱ་བའི་ཕྱིར་དང་པོར་བྱ་དགོས་ཞེས་ཟེར་ན་འདིར་འདིའི་སྐབས་སུ་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། གཞན་དག་དེ་ལྟར་སྨྲ་བ་དེ་མི་བདེན་པ་མ་ཡིན་པས། བདག་གིས་ཀྱང་དོན་དེ་མཐུན་པར་འདོད་མོད་ཀྱི། འོན་ཀྱང་སྒྲུབ་ཐབས་ཀྱི་སྐབས་སུ་འདི་ [230b.7]ལྟར་སྦྱར་ཡང་ཏིང་ངེ་འཛིན་ཉམས་སུ་ལེན་པ་རྣམས་ཀྱིས་དང་པོར་བྱ་བ་ཡང་བཀག་པ་མེད་དོ། །གཉིས་སུ་ན་གོང་དུ་ཏིང་ངེ་འཛིན་གྱི་བསམ་གཏན་མངོན་དུ་བྱས་པའི་དུས་དེ་ནི་འདིའི་བསྒྲུབ་པར་བྱ་བའི་དོན་ཏེ། དེའི་སྐབས་སུ་ཐོབ་པར་གྱུར་ན་ལེགས། གལ་ཏེ་དེར་སྔོན་ [231a] [231a.1]ཐོབ་པར་མ་གྱུར་ན་འདི་ལྟར་བྱས་པས་ཐོབ་པར་འགྱུར་ལ། གལ་ཏེ་གོང་དུ་ཐོབ་པར་གྱུར་དུ་ཟིན་ཀྱང་། འདི་ལྟར་ཕྱི་ནས་བྱས་པས་དེ་ཉིད་བརྟན་ཞིང་བྱིན་དང་ལྡན་པའི་ནུས་མཐུ་ཅན་དུ་མཛད་པའི་ཕྱིར་འདི་ལྟར་བསྟན་ཞེས་སོ། །མཆོད་པ་བཅུ་དྲུག་གི་ལྷ་མོའི་རིག་སྔགས་ [231a.2]ཀྱིས་ཀྱང་དེ་བཞིན་དུ་མཆོད་པར་བྱའོ། །རྒོལ་བ་པ་ན་རེ། ཅི་རྟག་ཏུ་མཆོད་པའི་རྣམ་པ་འདི་དག་གིས་གནས་སྐབས་ཐམས་ཅད་དུ་མཆོད་པར་འབྱུང་བ་དེ་བཞིན་གཤེགས་པ་རྣམས་དང་དེའི་རིགས་རྣམས་ལ་མཆོད་པ་ལྟར་རབ་ཏུ་བསོད་ནམས་ཆེ་བར་འགྱུར་བའི་གཏམ་གླེང་བ་ཐོས་ན། [231a.3]བདག་ཉིད་ལ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ངོ་བོར་གྱུར་པའི་མཆོད་པ་འདི་དག་གིས་མཆོད་ཅིང་བརྗོད་པ་འགལ་བ་མེད་པར་མངོན་པས་ནི། དེ་ལྟར་བསྟན་པ་ཡིན་གྲང་ན། འབྲས་བུ་མངོན་དུ་གྱུར་པ་ཐོབ་པ་ཅི་ཡང་ཡོད་པར་འགྱུར་བ་ཡིན་ནམ་ཞེ་ན། དེ་ལྟར་བྱས་ན་ཇི་ལྟར་སྤྱན་དྲངས་པའི་ [231a.4]བཅོམ་ལྡན་འདས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་པ་དེ་དག་བྱས་ན་རང་བཞིན་གྱི་དཀྱིལ་འཁོར་ན་བཞུགས་པའི་བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ལྷུན་གྱིས་གྲུབ་པའི་གནས་ནས་སྤྱན་དྲངས་པ་དང་། བདག་རྣལ་འབྱོར་པ་ཞེས་པ། རྣལ་འབྱོར་པ་བདག་ [231a.5]ཉིད་དམ་ཚིག་སེམས་དཔའི་བསམ་གཏན་གྱི་རྣལ་འབྱོར་མངོན་དུ་བྱས་པ་གཉིས་ཡུལ་གཅིག་ལ་སྤྱོད་པ་ཡིན་པར་དགོས་པ་ཉེ་བར་བཞག་ནས། སེམས་མཐུན་པའི་སྒོ་ནས་དངོས་གྲུབ་འདོད་པ་སྩོལ་བར་མཛད་དོ། །ཡུལ་ནི་ལྷ་མོ་བཞི་པོ་དག་སྟེ་དེ་ལ་གཉིས་ཀས་སྤྱོད་པ་རྣམ་པ་མཐུན་ [231a.6]པར་དགོངས་པའོ། །རྗེས་སུ་ཆགས་པ་ཞེས་པ་ནི་མཐུན་པར་གཟིགས་ནས་གཅིག་ལ་གཅིག་ཆགས་ཤིང་གཏོང་མི་ཕོད་པར་གྱུར་ནས། དངོས་གྲུབ་གང་འདོད་པ་དེ་རང་བཞིན་གྱིས་སྩོལ་བར་མཛད་དོ། །ཇི་ལྟར་ཡུལ་བཞི་ལྡན་གྱུར་ན། །ཞེས་པ་ནི། ལྷ་དང་བདག་ [231a.7]གཉིས་ཀའི་ཐུན་མོང་དུ་གྱུར་པའི་ཡུལ་དེ་དང་ལྡན་པར་བྱའོ། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །ཞེས་པ་ནི་ཡུལ་དེ་བཞིན་དང་ལྡན་པས་དེ་བསྒྲུབ་པར་བྱས་ན་འགྲུབ་པར་འགྱུར་བས་དེ་ལྟར་བྱ་བ་ཡིན་གྱིས། གཞན་གྱིས་མི་འགྲུབ་པར་སྟོན་ཏོ། །དེ་ཉིད་བསྐུལ་བས་མྱུར་ [231b] [231b.1]བ་རུ། །ཞེས་པ་ནི། ཡུལ་བཞི་པོ་དེ་ཉིད་ཀྱིས་བསྐུལ་ནས། །གདན་དུ་བབ་པ་བཞིན་དུ་གྱུར་ནས་མྱུར་བར་རྗེས་སུ་ཆགས་པར་བྱས་ནས་མྱུར་དུ་འགྲུབ་པར་འགྱུར་བས། རྗེས་སུ་ཆགས་ནས་མྱུར་དུ་འགྲུབ། །ཅེས་གསུངས་སོ། །རྒོལ་བ་པ་ན་རེ། དེ་ལྟར་བྱས་པས་དེ་ཁོ་ན་འབའ་ [231b.2]ཞིག་གི་དངོས་གྲུབ་འགྲུབ་པར་ཟད་ཀྱི། གཞན་རྣམས་ཀྱིས་ནི་འགྲུབ་པར་མི་འགྱུར་རམ། དེ་ལྟ་ན་ནི་གཞན་རྣམས་ཀྱིས་ཐབས་ཇི་ལྟར་བྱས་པས་འགྲུབ་པར་འགྱུར། དེ་ལྟར་མ་ཡིན་ན་ནི་འདི་ཁོ་ན་རྗོད་པར་བྱེད་ཀྱི། གཞན་རྣམས་ཀྱིས་མི་བརྗོད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། [231b.3]རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འདི་ནི་ཉེ་བའི་མཚན་ཉིད་ཀྱི་ཚིག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བརྗོད་པ་ནི་ཐམས་ཅད་ཀྱི་སྒྲུབ་པ་ཉེ་བར་མཚོན་པའི་ཚིག་སྟེ། དེ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཐམས་ཅད་ཀྱི་བདག་ཉིད་པས་བསྒྲུབ་པས་ཡོངས་སུ་ [231b.4]མཉེས་པར་བྱ་བའི་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའ་དེ་ལས་གྱུར་པ་ཡིན་པའི་ཕྱིར་སེམས་དཔའ་གཞན་ཇི་སྙེད་པ་རྣམས་ཀྱང་རྡོ་རྗེ་སེམས་དཔའ་དེའི་ངོ་བོའམ་མཚན་ཉིད་དུ་གཟུང་སྟེ། དེ་བས་ན་ཐམས་ཅད་ལ་ཡང་ཚུལ་དེ་བཞིན་དུ་བསྒྲུབ་པར་བྱའོ། །རྒོལ་ [231b.5]བ་པ་ན་རེ། ཡུལ་གཟུགས་སྒྲ་ལ་སོགས་པ་རྣམས་ནི་ཐམས་ཅད་དུ་འཆིང་བའི་བདག་ཉིད་ཅན་དུ་བརྗོད་པ་ཡིན་ན། འདི་དག་ལ་སྤྱད་པས་དེ་བཞིན་དུ་འགྱུར་དུ་རུང་ངམ་ཞེ་ན། སྨྲས་པ་ཡུལ་བཞི་པོར་བརྗོད་པ་ནི་དེ་དག་གི་མ་ཡིན་གྱི་འདི་དག་ཁོ་ན་ལ་ཤེས་པར་བྱ་སྟེ། གང་ཞེ་ན། [231b.6]དེ་ལ་རྡོ་རྗེ་ལཱ་སྱེ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་འདོད་པའི་དགའ་བའོ་ཞེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་གང་གི་མཐར་ཡང་མི་གནས་པར་གྱུར་པའི་བྱང་ཆུབ་སེམས་སོ། །གཟུངས་ལ་སོགས་པ་རྣམ་པར་གྲོལ། ། [231b.7]ཞེས་པ་ནི། གཟུངས་ཀྱི་སྒོ་ནི་རྣམ་པ་བཞི་སྟེ། བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་དང་སྔགས་ཀྱི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་སོ། །སོགས་ཀྱི་སྒྲས་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་སྒོ་རྣམས་སྡུད་པར་བྱེད་ [232a] [232a.1]པའོ། །དམ་པའི་ཆོས་འཆད་པའི་རང་བཞིན་ནོ་ཞེས་པ་ནི། མདོ་སྡེ་ལ་སོགས་པ་ལུང་དང་རིགས་པའི་ཆོས་སྟོན་པའི་མཚན་ཉིད་དོ། །སེམས་ཅན་གྱི་དོན་བྱ་བ་ཡང་སྟོན་ལ་འདི་བཞིན་དུ་ཡང་བརྗོད་ཅིང་མི་མཐུན་པའི་རྣམ་པར་སྟོན་པའི་ཚིག་སྨྲ་བ་ཅིའི་ཕྱིར་ཞེ་ན་དེ་དག་ [232a.2]ཀྱང་རྣལ་འབྱོར་གྱི་ཚུལ་ཁ་ཅིག་ལ་མི་གནང་བར་བསྟན་པའི་ཕྱིར་རོ་ཞེས་གསུངས་སོ། །གང་ལས་ཤེ་ན། རྡོ་རྗེ་རྩེ་མོ་ལ་སོགས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ལས་གསལ་བ་ཉིད་དུ་གསུངས་ཏེ། དགོངས་པ་འདི་དག་ཐམས་ཅད་ཅེས་པ་ནི་སྤྱད་དོ་ཞེས་བསྟན་པ་ཡོད་ [232a.3]ཀྱང་མི་གནང་བར་འབྱུང་བར་གླེངས་པའི་རྣམ་པ་དེ་དག་གོ། །ཇི་སྐད་དུ་གསུངས་ཤེ་ན། བྱང་ཆུབ་སེམས་འཛིན་གྱུར་ནས་སུ། །ཞེས་པ་ནི། ཇི་སྐད་དུ་རང་གིས་སྒྲུབ་ཅིང་བཟུང་བ་དང་དོན་དུ་གཉེར་བར་བྱ་བའི་ལྷག་པའི་ལྷ་གང་ཡིན་པའམ། དཀོན་མཆོག་གསུམ་པོ་དག་ནི་ཐམས་ [232a.4]ཅད་ཀྱི་ནང་ན་མཆོག་དམ་པ་བས་དེ་དག་མཆོད་ཅིང་རྟེན་པར་བྱེད་ཀྱི། དེ་ལས་གཞན་པ་རྣམས་མཆོད་པ་དང་རྟེན་པར་མི་བྱེད་པའོ། །ཁྱིམ་པའི་ཚུལ་དུ་གནས་ནས་ནི། །ཞེས་པ་ནི། སྒྲུབ་པ་པོ་ཁྱིམ་པའི་ཚུལ་དུ་གནས་ནས་ཡང་ཁྲིམས་ལྔ་པོ་དེ་དག་བསྲུངས་ལ་རིག་སྔགས་ [232a.5]དང་གསང་སྔགས་བསྒྲུབ་པར་བྱའོ། །རིག་འཛིན་རང་གི་སྡོམ་པའོ། །ཞེས་པ་རིག་འཛིན་རྣམ་པ་མང་པོ་དག་ཏུ་བརྗོད་པ་ཡང་ཡོད་མོད་ཀྱི། འོན་ཀྱང་འདིར་ནི་གསང་སྔགས་སམ་རིག་སྔགས་ཀྱི་སྒྲུབ་པ་པོ་ཉིད་ལ་བྱ་སྟེ་ཅིའི་ཕྱིར་ཞེ་ན། དེའི་རིགས་ཡོངས་སུ་འཛིན་པར་ [232a.6]བྱེད་པས་དེ་སྐད་བྱ་སྟེ། དེའི་སྡོམ་པ་གསུམ་པོ་འདི་ཡང་ཡིན་མོད་ཀྱི། འོན་ཀྱང་བདག་ཉིད་གང་ལ་ཞུགས་པའི་གཞུང་དེ་ལས་ཇི་སྐད་གསུངས་པའི་སྡོམ་པ་དེ་དག་བསྒྲུབ་པར་བྱའོ། །གཙང་ཞིང་གོས་ཀྱང་གཙང་བ་ཡིན། །ཞེས་པ་ནི། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ [232a.7]དང་ལྡན་པས་རྟོག་པ་ལས་དབེན་པ་དང་། དྲི་ལ་སོགས་པ་ཕྱི་རོལ་གྱི་ཁྲུས་ཀྱིས་ཡིད་མི་འདག་པར་གྱུར་པ་གསལ་བའོ། །ཁ་ཅིག་ན་རེ་ནང་རྣམ་པར་མི་རྟོག་པ་དང་ལྡན་པ་དང་། ཕྱི་རོལ་ཁ་ན་མ་ཐོ་བ་ཕྲ་མོ་ལ་འཇིགས་པར་ལྟ་ཞིང་འཛིན་པའོ་ཞེས་ཟེར། གཙང་མའི་གྲོགས་ [232b] [232b.1]ཞེས་པ་ཡང་དོན་དེ་ལྟ་བུ་དང་ལྡན་པའམ། རྣམ་གཅིག་ཉམས་པའི་ཁ་ན་མ་ཐོ་བ་མེད་པའོ། །རྡོ་རྗེ་སྡོམ་པ་དམ་པ་ཡི། །ཞེས་པ་རྡོ་རྗེ་ཐེག་པའི་གཞུང་ལས་འབྱུང་བའི་དམ་ཚིག་ནི། སྡོམ་པ་ཐམས་ཅད་ཀྱི་ནང་ན་དམ་པར་གྱུར་པས་སོ། །ཕྱག་རྒྱ་དེ་ལ་གཞོལ་བར་བྱ། །ཞེས་པ་ནི། [232b.2]ཕྱག་རྒྱ་བཞིའི་སྦྱོར་བ་ལ་རྟག་པར་གནས་པར་བྱ་བའོ། །སྡོམ་པ་གསུམ་ལ་གནས་པ་ཞེས་པ་ནི། ཉན་ཐོས་ཀྱི་འདུལ་བ་ལ་སོ་སོར་ཐར་པའི་གཞུང་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་རྒྱ་མཚོ་དང་། སྔགས་ཀྱི་དམ་ཚིག་རྩ་བ་དང་ཡན་ལག་ཏུ་ཕྱེ་ནས་བསྟན་པ་སྟེ། དེ་དག་ [232b.3]བསྲུང་བ་ནི་དེ་ལ་གནས་པའོ། །བཤགས་དང་གསོལ་བ་ལ་སོགས་པ། །ཞེས་པ་ནི། ཡན་ལག་བདུན་པོ་ཐམས་ཅད་ཡོངས་སུ་བསྡུ་བར་བྱའོ། །ཕྱག་རྒྱ་དགྲོལ་བ་གསུམ་པའོ། །ཞེས་པ་ནི། དགྲོལ་ཞེས་བརྗོད་པས་བཅིང་བར་མངོན་ཏེ། དང་པོར་ཕྱག་རྒྱ་བཞི་དང་ལྡན་པར་ [232b.4]བསྒོམས་ནས། དེ་བཞིན་དུ་ཐ་མར་ཡང་དགྲོལ་བར་བྱའོ། །སྡོམ་པ་རྣམས་ལ་གནས་པ་ཞེས་པ་ནི། ཇི་སྐད་གསུངས་པའི་སྡོམ་པ་གསུམ་པོ་དག་དང་མི་འབྲལ་བར་བྱའོ། །ཁྲེལ་ཡོད་ངོ་ཚ་ཤེས་པ་ནི། །ཞེས་པ་ནི། བདག་གཞན་གྱི་དབང་དུ་བྱས་ནས་དེ་བཞིན་དུ་བྱེད་པའོ། ། [232b.5]ཐུབ་པའི་གོས་རྣམས་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་སྒོ་གསུམ་བསྲུང་བ་མེད་པའི་ངང་ལ་ཐུབ་པ། གང་ཟག་རྣམས་ཀྱིས་ནི་གཉེན་པོ་དང་ལྡན་པའི་སྒོ་ནས་སྲུང་བས་ཐུབ་པ་སྟེ། བྱ་བའི་རྒྱུད་ཀྱི་གོས་ལ་མི་གཞག་སྟེ། འདི་དག་ལ་ནི་འདིའི་སྐབས་སུ་གོས་བཤད་ [232b.6]དེ། ཅིའི་ཕྱིར་གོས་ཞེས་བྱ་ཞེ་ན། དཔེར་ན་འཇིག་རྟེན་དག་ན་གོས་བགོས་པས་ནང་གི་ལུས་ཀྱི་ཤ་ཚུགས་མི་མངོན་པ་བཞིན་དུ་རྣམ་པ་འདི་དག་དང་ལྡན་ན་ཉེས་པའི་སྐྱོན་མི་མངོན་པར་འགྱུར་བས་ན་དེ་སྐད་བརྗོད་དོ། །མི་བཟའ་བ་རྣམས་སྤངས་ཞེས་པ་ནི་གཞུང་རྣམས་ནས་མ་གནང་བའི་ཁ་ཟས་ [232b.7]དང་བཏུང་བ་རྣམས་དང་། ཡིད་དུ་འོང་ཡང་བླང་བར་མི་བྱའོ། །དྲི་མི་ཞིམ་དང་མི་གཙང་བ། །ཞེས་པ་ནི། སེམས་ཅན་རྣམས་ཀྱིས་ཞིམ་པ་དང་དག་པར་ལྟ་ཡང་དེ་གཞུང་རྣམས་ནས་ཁྱད་པར་དུ་སྨད་པར་འབྱུང་བ་རྣམས་སོ། །སེམས་ཀྱིས་ཀྱང་ནི་མི་བྱའོ། །ཞེས་པ་ནི་སེམས་ཀྱི་སྒོ་ [233a] [233a.1]ནས་ཀུན་ནས་མནར་སེམས་དང་ལྡན་པ་ལ་སོགས་པའི་དུག་ལྔ་པོ་དག་གིས་བདག་གཞན་ལ་གནོད་ཅིང་མ་རུང་བར་བྱེད་པ་དེ་སྤང་བར་བྱའོ། །གཡེམ་པ་བདུན་གྱི་སྦྱོར་བ་རྣམས། །ཞེས་པ་ནི། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་སྨད་པར་གསུངས་པ་ [233a.2]འདོད་པའི་ཡུལ་བུད་མེད་ལ་ཆགས་པ་དག་ཡན་ལག་དང་བཅས་པར་རྣལ་འབྱོར་ལ་བརྩོན་པ་རྣམས་ཀྱིས་ཀྱང་རབ་ཏུ་སྤང་བར་གསུངས་ཏེ། གང་ཞེ་ན། ཐམས་ཅད་དུ་གཉིས་ཀ་ལ་འཇོ་བའི་སྐྱེས་པ་དང་། བུད་མེད་ལ་དུས་འདེབས་པའི་ཚིག་གིས་ཕྲད་པར་བྱ་བའི་ཕྲིན་སྤྲིང་པ་དང་། མཐོང་ [233a.3]ནས་བྲེ་མོའི་གཏམ་གྱིས་སྟེག་པའི་ཚིག་གླིང་བ་དང་། བཟུང་ནས་ཡན་ལག་རེག་པར་ཡོངས་སུ་འཇུ་ཞིང་འཁྱུད་པ་དང་། ངོའི་བཞིན་བལྟས་ནས་ཁ་སྤྲད་ཅིང་འོ་བྱེད་པ་དང་། ཆགས་པའི་ཡུལ་དེ་ལ་རབ་ཏུ་ཞེན་པའི་ཕྱིར་མཚམས་སྦྲེལ་ནས་དབང་པོ་སྒོ་སྤྲད་ཅིང་རེག་པའི་བདེ་བ་མྱོང་ [233a.4]པར་བྱེད་པ་དང་། དེའི་རྟིང་ཐོགས་སུ་རྗེས་སུ་དྲན་པའི་རྟོག་པ་དང་བཅས་པའི་ཡིད་ལ་བྱེད་པ་དང་། ཕྲད་པར་ཡང་དང་ཡང་དུ་སྨོན་པའི་བསམ་པ་སྔོན་དུ་གཏོང་བ་དང་བདུན་ནི་རྣལ་འབྱོར་གྱི་རྒྱུད་ལས་མི་གནང་བར་དབྱེ་བའི་ཚིག་ཏུ་གསུངས་པ་སྟེ། ཐམས་ཅད་དུ་སྤང་བར་བྱ་བར་ [233a.5]བཤད་དོ། །མི་སྡུག་བསྒོམས་ནས་སྤང་བར་བྱ། །ཞེས་པ་ནི། གལ་ཏེ་ཆགས་པར་གྱུར་ན་མི་གཙང་བ་སུམ་ཅུ་རྩ་དྲུག་གི་གནས་སུ་གྱུར་པར་བསྒོམས་ནས་ཡོངས་སུ་སྤང་བར་བྱ་བ་སྟེ། ཇི་སྐད་དུ་རབ་ཏུ་བྱེད་པ་ལས་ཀྱང་། གཞན་གྱི་ཆུང་མ་མི་བལྟ་མཐོང་གྱུར་ན། །མ་དང་སྲིང་ [233a.6]མོ་བུ་མོར་ན་ཚོད་མཐུན། །འདུ་ཤེས་བསྐྱེད་པར་བགྱིས་ནས་ཆགས་གྱུར་ན། །མི་གཙང་ཉིད་དུ་ཡང་དག་བསམ་པར་བྱ། །ཞེས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བསོད་ནམས་བྱེད་ལ་རྟག་ཏུ་བརྩོན། །ཞེས་པ་ནི། འདུས་བྱས་ལས་བྱུང་བའི་དགེ་བའི་རྩ་བས་དང་ཕ་ [233a.7]རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པ་ཡིན་མོད་ཀྱི། འོན་ཀྱང་འདིའི་སྐབས་སུ་ནི་སེམས་ཡང་དང་ཡང་དུ་རྟོགས་པའི་གོམས་པ་མངོན་དུ་བྱེད་པ་ལ་བརྩོན་པའོ། །ཐེག་པ་ཆེན་པོའི་དོན་སེམས་པ། །ཞེས་པ་ནི། ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ཆེན་པོ་ལ་སོགས་པ་ཉམས་སུ་ལེན་པར་བྱེད་པ་ [233b] [233b.1]ཡང་ཡིན་མོད་ཀྱི། འོན་ཀྱང་འདིར་ནི་རྡོ་རྗེ་ཐེག་པ་འདིའི་དོན་ཅི་ལྟ་བ་བཞིན་དུ་ཉམས་སུ་ལེན་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེ། །ཞེས་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོས་གཞན་ལ་ཕན་གདགས་པ་ཡང་ཡིན་མོད་ཀྱི། འདིར་ནི་ཏིང་ངེ་འཛིན་གྱི་བསམ་ [233b.2]གཏན་མངོན་དུ་བྱས་པའི་སེམས་ཀྱིས་གཞན་ལ་ཕན་འདོགས་པའོ། །ཤེས་རབ་ཕ་རོལ་ཕྱིན་ལ་མཁས། །ཞེས་པ་ནི། འཁོར་གསུམ་ཡོངས་སུ་དག་པའི་ཚུལ་དང་ལྡན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཏེ། དོན་དེ་ལ་མཁས་པར་གྱུར་པས་དེ་བཞིན་དུ་སྤྱད་པའོ། །ཡང་ [233b.3]དང་ཡང་དུ་གསོལ་ཞེས་པ་ནི། དོན་རྣམ་པ་གསུམ་སྟེ། སངས་རྒྱས་གང་དག་ཆོས་ཀྱི་ཚུལ་འཛིན་པར་མཛད་པས། དམ་པའི་ཆོས་མི་སྟོན་པ་རྣམས་ལ་ནི་འགྲོ་བ་མ་ལུས་པ་ལ་ཕན་གདགས་པའི་ཕྱིར་དམ་པའི་ཆོས་སྟོན་པར་མཛད་པའི་འཁོར་ལོ་ཡོངས་སུ་བསྐོར་བར་ [233b.4]གསོལ་བ་དང་། འགྲོ་བ་གང་དག་གཡུང་དྲུང་གི་མཐའ་ལ་ཞེན་པར་འདོད་པ་རྣམས་དེ་ལྟར་མ་ཡིན་པར་སུན་དབྱུང་བའི་ཕྱིར་རྡོ་རྗེའི་སྐུ་བཤིག་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པའི་དགོངས་པ་ཉེ་བར་འཇོག་པ་རྣམས་ལ་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་དམ་པའི་ [233b.5]ཆོས་སྟོན་པར་མཛད་པས་འགྲོ་བ་སྨིན་པར་མཛད་པའི་དོན་དུ་བསྐལ་པའམ་བསྐལ་པས་ལྷག་པའམ། བསྐལ་པ་མཐའ་ཀླས་པའི་བར་དུ་བཞུགས་སུ་གསོལ་ཞེས་ཞུ་ཞིང་། སངས་རྒྱས་ཞེས་བྱ་བ་ཐོབ་པར་དཀའ་བ་ཐོབ་པར་མཛད་པའི་སྐུ་བྱ་བ་ཇི་སྙེད་པ་དག་མ་ [233b.6]རྫོགས་པར་འདའ་བར་མི་རིགས་པར་བརྗོད་པ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་རང་གི་ལྷག་པའི་ལྷར་འདོད་པའི་དངོས་གྲུབ་ཀྱི་རིགས་ཅི་འདོད་པ་རྣམས་ཇི་སྙེད་པར་གསོལ་བའོ། །དགྲ་དང་ཟིན་དང་ཐ་མ་ལ། །ཞེས་པ་ནི། དགྲ་དང་ཟིན་ཕྱོགས་སུ་འབབ་བ་ལ་ [233b.7]ཡོངས་སུ་སྙོམས་པའི་སེམས་བསྐྱེད་པའི་རིམ་གྱིས་སྙིང་ལ་སྡུག་པ་དག་ལ་སེམས་མཉམ་པར་ནུས་པར་བྱའོ། །ཞེ་སྡང་འཇོམས་པ་ཞེས་པ་ནི་འདིའི་ཕྱོགས་རྣམས་ལ་གཉེན་པོས་ཐོག་ཏུ་ཕེབས་པར་བྱེད་པའོ། །ཆོས་དང་གང་ཟག་ལ་བདག་མེད་པ་ཞེས་པ་ནི། མུ་ [234a] [234a.1]སྟེགས་དང་ཉན་ཐོས་ཀྱི་ལྟ་བ་དང་བྲལ་བས་ཐེག་པ་ཆེན་པོའི་རིགས་སུ་ངེས་པའི་ལྟ་བ་དང་ལྡན་པའོ། །འདུས་བྱས་རྣམས་ཀྱང་འཁྲུལ་པ་ཙམ། །ཞེས་པ་ནི། འཁྲུལ་པའི་དབང་གིས་མེད་བཞིན་དུ་ཡོད་པར་རྟོགས་པའི་དབང་གིས་དེ་ལྟར་སྣང་བར་རིག་པའོ། །མངོན་ [234a.2]སུམ་བློ་ཅན་བརྟན་པ་ཞེས་པ་ནི། འདུས་བྱས་འཁྲུལ་པར་ཤེས་ནས་གཞན་གྱི་དབང་དུ་མི་འགྱུར་བའོ། །འདུས་བྱས་ཀུན་གྱིས་མི་རྨོངས་ཞེས་པ་ནི། འདུས་བྱས་ཀྱི་རྣམ་པ་ལས་བྱུང་བ་འདོད་པའི་ཡོན་ཏན་གྱི་དབང་དུ་སོང་ནས་བསམ་གཏན་གཡེལ་བར་མི་འགྱུར་བའོ། །བྱང་ [234a.3]ཆུབ་སེམས་གང་རྡོ་རྗེ་ཞེས་པ་ནི། དེ་གཉིས་ཆོས་མཐུན་པར་གྱུར་པས་ནའོ། །ཤེས་རབ་དྲིལ་བུ་ཞེས་པ་ནི་སྒྲའི་རྗེས་སུ་འབྲང་བར་མཚུངས་པས་ནའོ། །སློབ་དཔོན་སྨད་པར་མི་བྱ་ཞེས་པ་ནི། སངས་རྒྱས་ཐམས་ཅད་དང་འདྲ་བས་ནའོ། །སྦྱོར་བ་ལྷོད་པར་མ་གྱུར་ཞེས་པ་ནི། བྱང་ [234a.4]ཆུབ་སེམས་དཔའ་ཕྱག་རྒྱ་ཆེན་པོའི་སྦྱོར་བ་མི་གཡེལ་བར་གྱུར་པ་ནི་གོ་ཆ་ཆེན་པོ་བགོས་པའོ། །ཕ་རོལ་ཕྱིན་པ་དྲུག་སྤྱད་པ། །ཞེས་པ་ནི། སྦྱིན་པ་ལ་སོགས་པ་མཐར་ཐུག་གི་བར་དུ་ཇི་སྐད་གསུངས་པ་དེ་བཞིན་དུ་གོམས་པར་མངོན་དུ་བྱེད་པའོ། །བྱང་ཆུབ་སེམས་དཔའི་ཚུལ་ [234a.5]ཞེས་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་དེ་ལྟ་བུ་དག་ལ་འཇུག་ན་ཡང་ཁ་ན་མ་ཐོ་བ་ཕྲ་མོས་ཀྱང་ཕོག་པར་མི་འགྱུར་བའོ། །རབ་ཏུ་བྱུང་དང་ཁྱིམ་པ་ཡི། །ཞེས་པ་ནི། འདི་གཉིས་ཀྱི་སོ་སོར་ལོངས་སྤྱོད་ཀྱིས་གཡེངས་པར་གྱུར་པའི་བསམ་གཏན་གྱི་མི་མཐུན་པའི་ཕྱོགས་དེ་སྤངས་བའོ། ། [234a.6]བུ་དང་ཆུང་མ་དག་ལ་ཡང་། །ཞེས་པ་ནི། སྲིད་པའི་བཅིངས་པ་ལས་གྲོལ་ཞིང་ཐམས་ཅད་ལ་མ་ཆགས་པའི་མཚན་ཉིད་པས་བུ་དང་ཆུང་མ་ལ་སོགས་པ་ཡང་ཡོངས་སུ་གཏོང་བར་བྱེད་པའོ། །བརྐམ་དང་ཆགས་ལ་འདུག་པ་མེད། །ཅེས་པ་ནི། ཕ་རོལ་གྱི་ནོར་ལ་རློམ་སེམས་པ་དང་། [234a.7]བདག་གི་བདོག་པ་གཏོང་མི་ཕོད་པར་ཆགས་པའི་སེམས་དང་བྲལ་བའོ། །རྨོངས་པ་དང་ནི་ལེ་ལོ་མེད། །ཅེས་པ་ནི། སེམས་དང་ལུས་མི་མཐུན་པའི་དབང་དུ་མི་གཏོང་བའོ། །བག་ཡོད་སྤྱོད་ཅིང་བརྩོན་འགྲུས་ཆེ། །ཞེས་པ་ནི། ཐམས་ཅད་ལ་བྱ་བའི་མཚན་ཉིད་དང་ལྡན་ཞིང་ལེ་ [234b] [234b.1]ལོ་སྤངས་པའོ། །རྣལ་འབྱོར་བསྒྲུབ་པ་གྲུབ་པར་བྱ། །ཞེས་པ་ནི། རྣམ་པ་དེ་དག་གིས་གདོད་རྣལ་འབྱོར་ཉམས་སུ་མྱང་བར་བྱའོ། །ལྟ་བ་ཀུན་ལས་རྣམ་པར་གྲོལ། །ཞེས་པ་ནི། འཇིག་ཚོགས་ཀྱི་ལྟ་བ་དང་། མཐར་འཛིན་པ་ལ་སོགས་པ་དག་གི་དབང་དུ་མ་གྱུར་པའོ། །ཡང་དག་ཉིད་ཀྱི་ [234b.2]ལམ་སྟོན་པ། །ཞེས་པ་ནི། དགོངས་པའི་ཚིག་ལ་རབ་ཏུ་མཁས། །ཞེས་བྱ་བ་ནི་འདི་ལྟ་སྟེ་ལྡེམ་པོ་ངག་དང་དགོངས་པའི་ཚིག་གི་བྱེ་བྲག་ལ་མཁས་པས་དོན་གྱི་ཐོག་ཏུ་ཕེབས་པར་བྱེད་པའི་ཤེས་རབ་དང་ལྡན་པ་སྟེ། དེས་ནི་དོན་ཆེན་པོ་དངོས་གྲུབ་ལ་སོགས་པ་གང་ཡིན་པའི་དོན་ [234b.3]ནི་རྟོགས་པར་འགྱུར་བའོ། །ཚུལ་དང་ཚུལ་མིན་ཆོ་ག་ཤེས། །ཞེས་པ་ནི། དོན་དང་ལྡན་པའི་ཚུལ་ཉམས་སུ་བླང་བར་བྱ་བ་དང་། དོན་དང་མི་ལྡན་པའི་ཚུལ་ཡོངས་སུ་སྤང་བར་བྱ་བའི་རིམ་པ་དང་བྱེ་བྲག་ཤེས་པའོ། །དེ་ཉིད་རྣལ་འབྱོར་རབ་ཏུ་མཁས། །ཞེས་པ་ནི། དོན་དམ་ [234b.4]པའི་བྱང་ཆུབ་སེམས་ཀྱི་རྣལ་འབྱོར་ལ་གོམས་པའོ། །བྱང་ཆུབ་སྤྱོད་པའི་དོན་སེམས་པ། །ཞེས་པ་ནི། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའི་ཕྱིར། བྱང་ཆུབ་ཀྱི་སྤྱོད་པ་དཀའ་ཞིང་ཉམས་སུ་ལོན་པར་དཀའ་བ་དག་སྤྱད་ནས་ [234b.5]འཕགས་པ་མཉེས་པར་བྱ་བ་དང་། འགྲོ་བ་ཡོངས་སུ་སྨིན་པའི་ཐབས་རྩོམ་པ་དེ་བཞིན་དུ་བདག་ཉིད་ཀྱང་སེམས་ཤིང་འདུན་པ་བསྐྱེད་པའོ། །གྲོལ་བ་དང་ནི་དངོས་གྲུབ་ཐོབ། །ཅེས་པ་ནི། ཉོན་མོངས་པ་བཅིང་བ་ལས་གྲོལ་ཞིང་རིག་འཛིན་ལ་སོགས་པའི་དངོས་གྲུབ་རབ་འབྲིང་ [234b.6]ཐ་མར་གྱུར་པ་དེ་ཐོབ་པར་འགྱུར་རོ། །ཕྱོགས་དང་གོས་དང་ཟས་རྣམས་ལ། །ཞེས་པ་ནི། གོང་དུ་མི་མཐུན་པའི་ཕྱོགས་སུ་གྱུར་པ་དག་ལ་ཆགས་པར་གྱུར་ན་ཡང་ཉེས་པས་མི་གོས་པའམ། རྣམ་གཅིག་རྒྱུད་ལས་མ་གནང་བར་གསུངས་པའི་ཟས་དང་གོས་ལ་སོགས་ [234b.7]པ་སྤང་བར་བྱའོ། །ལྷ་རྣམས་སྨད་པར་མི་བྱ་ཞིང་། །ཞེས་པ་ནི། འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་སོ། །རྣམ་པ་ཡང་ནི་སྤང་བར་བྱ། །ཞེས་པ་ནི་གཟུགས་ཀྱི་རྣམ་པ་གཏོད་པའི་ཁ་ཟས་རྣམས་སོ། །ཉི་མ་རེ་རེ་རབ་བསྡམས་ཤིང་། །ཞེས་པ་ནི། ཇི་ལྟར་བླངས་ཤིང་ཡི་ [235a] [235a.1]དམ་དུ་བཅས་པའི་སྡོམ་པ་དང་། དམ་ཚིག་གི་བྱེ་བྲག་བསྲུང་བར་བྱ་བའི་རིགས་པ་རྣམས་ཉི་མ་རེ་རེ་ལ་ཡང་ཇི་ལྟ་བུར་གྱུར་པ་གཅིག་པའི་ཕྱིར་ལན་རེ་རྗེས་སུ་དྲན་པར་བྱ་བའོ། །སྲུང་བའི་ཆོ་ག་བྱས་པ་ལ། །ཞེས་པ་ནི། བྱང་ཆུབ་སེམས་དང་ཕྱག་རྒྱར་ལྡན་ [235a.2]པ་ལ་ནི་གཞན་གྱིས་ཀླན་ཀ་བཙལ་བར་མི་ནུས་པས་ན། སྲུང་བའི་ཆོ་ག་ཆེན་པོ་ཡིན་པར་འདོད་དོ། །བགེགས་ནི་ཅུང་ཟད་མེད་སྙམ་པས། །ཞེས་པ་ནི། རྣམ་པར་རྟོག་པའི་རྒྱུ་བ་རྣམས་ཡོངས་སུ་བཀག་ནས་རང་གི་སྦྱོར་བ་ལ་ཐེ་ཚོམ་མེད་པར་གནས་པར་བྱེད་པ་ནི། བགེགས་ཀྱི་སྦྱོར་ [235a.3]བས་མི་བརྫི་ཞིང་དག་པར་གྱུར་པའོ། །རང་གི་སེམས་ནི་བདུད་ཅེས་གསུངས། །ཞེས་པ། བདུད་དང་བགེགས་སུ་བརྗོད་པ་དང་། །རྟེན་དབང་དུ་བྱུང་ནས་བར་དུ་གཅོད་པར་བྱེད་པ་མ་ཡིན་གྱིས། རང་གི་རྣམ་པར་རྟོག་པ་དང་བཅས་པའི་ཐེ་ཚོམ་ཅན་སེམས་ཁོ་ན་ལས་བྱུང་བས། ། [235a.4]གདུལ་བའི་སེམས་དེ་ཡོངས་སུ་གདུལ་ལ་འདོད་པ་ལྔ་ལ་སོགས་པ་ཡུལ་གྱི་རྗེས་སུ་མི་འབྲང་བར་བྱའོ། །སྔོན་གྱི་རྗེས་དྲན་ནས་བརྩམས་ཏེ། །ཞེས་པ་ནི། བདག་ཉིད་དམ་ཚིག་སེམས་དཔའི་ཏིང་ངེ་འཛིན་གྱི་བསམ་གཏན་མངོན་དུ་བྱེད་པའི་ཚེ། ཆོས་ཉིད་རྣམ་པར་ [235a.5]དག་པའི་སྔགས་དོན་དང་ལྡན་པར་བསྒོམ་པ་ནས་མངོན་པར་བྱང་ཆུབ་པའི་རིམ་པས་ཕྱག་རྒྱ་ཆེན་པོ་རྫོགས་པར་བསྐྱེད་ནས་ཡན་ལག་ཡོངས་སུ་རྫོགས་པར་གྱུར་པའི་ཆོ་ག་དང་ལྡན་པས། རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །ཞེས་གསུངས་སོ། །ཆོ་ག་བཞིན་དུ་ཀུན་ [235a.6]སྤྱད་ཀྱང་། །ཞེས་པ་ནི། ཆོ་གའི་རིམ་པ་ཇི་སྐད་འབྱུང་བ་བཞིན་དུ་སྤྱད་ཀྱང་གྲུབ་པ་ཐོབ་དཀའ་བར་སྟོན་པའོ། །བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །ཞེས་པ་ནི་བྱང་ཆུབ་སེམས་རྣམ་པ་གཉིས་དང་མི་ལྡན་པའོ། །ཐེ་ཚོམ་ཡོད་པ་ཉིད་དང་ནི། །ཞེས་པ་ལས་དངོས་གྲུབ་དང་། [235a.7]སྔགས་ལ་རྟོག་པ་ཟ་བའོ། །མ་དད་པས་ནི་མི་འགྲུབ་པོ། །ཞེས་པ་ནི། ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་ཡིད་མ་ཆེས་པ་སྟེ། ཁེ་གྲགས་ཅན་དུ་འཇུག་པར་བྱེད་པའོ། །གཞན་དུ་སེམས་ཅན་ཐམས་ཅད་ཕྱིར། །ཞེས་པ་ནི། བྱང་ཆུབ་ཆེན་པོ་ལ་སྦྱོར་བའི་ [235b] [235b.1]སྐུ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱ་བ་ལ་སོགས་པའོ། །མི་གཡོ་བར་ནི་ངེས་པར་བྱས། །ཞེས་པ་ནི་མི་མཐུན་པའི་ཕྱོགས་ཀྱི་དབང་དུ་མི་འགྱུར་ཞིང་བྱང་ཆུབ་སེམས་དང་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པའོ། །ཉེས་པ་བྱས་ཀྱང་རབ་ཏུ་བཟོད། །ཅེས་པ་ནི། སྡུག་བསྔལ་ལ་ཇི་མི་ [235b.2]སྙམ་པའི་བཟོད་པ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པ་ལ་དམིགས་པ་དང་། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་འཇོག་པའོ། །རིག་སྔགས་མཚོན་དང་དེ་བཞིན་མཚན། །ཞེས་པ་ནི། ཇི་སྐད་དུ་རིག་སྔགས་བསྒྲུབ་པ་ལས་གསུངས་པའི་རལ་གྲི་དང་། འཁོར་ [235b.3]ལོ་ལ་སོགས་པ་དང་། ལྷའི་ཕྱག་རྒྱལ་སོགས་པ་མཚོན་པའི་ཐུགས་མཚན་གྱིས་གཟུགས་ཡོད་པའོ། །དམན་མ་དང་ནི་ལྷ་ཡི་གྲིབ། །ཅེས་པ་ནི། ལྷ་ལ་ཕུལ་བའི་རྙིང་བ་དང་། ལྷའི་གྲིབ་མ་ལ་སོགས་པ་མི་འགོམ་པའོ། །ཕལ་ཆེར་ཇི་སྐད་དུ་གྲགས་པའི་དོན་ [235b.4]ལས་གཞན་དུ་རང་གི་བརྡས་དེ་ལྟར་བཤད་པས་ཞེས་པ་ནི། ཐམས་ཅད་བཟའ་ཞིང་ཐམས་ཅད་སྤྱད། །ཅེས་པ་དང་། ཡུལ་བཞི་པོ་ལ་ཆགས་པར་བྱ་བ་ལ་སོགས་པའི་ཚིག་མང་པོ་འབྱུང་བ་རྣམས་གསང་བ་རྣམ་པ་གསུམ་དང་ལྡན་པའི་ཚིག་གིས་དོན་གཞན་དུ་བཤད་དེ། [235b.5]རང་གི་བརྡས་འདི་ལྟར་བསྟན་པ་ནི་འདི་ལྟ་བུས་འདུལ་བའི་འགྲོ་བ་དེ་དག་ལ་ཕན་པར་བྱ་བའི་ཕྱིར་འདི་ལྟར་བསྟན་ཏོ། །རྒོལ་བ་པ་ན་རེ། འོ་ན་དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཀུན་དེ་ལྟ་བུར་བསྟན་པ་ཡིན་ནམ། ཡིན་ན་ཐམས་ཅད་སྒྲའི་རྗེས་སུ་མི་འབྲང་བར་ཇི་ལྟར་རིག་ [235b.6]པར་བྱ། དེ་ལྟར་མ་ཡིན་ན་ནི་འདི་དག་གི་དབྱེ་བའི་མཚམས་ངོ་ཤེས་པར་བྱ་དགོས་ན། ཇི་ལྟར་ཤེས་པར་བྱ་ཞེ་ན། སྨྲས་པ། དེ་རྣམས་ཀྱི་ནང་ནས་ཀྱང་ཚིག་གང་རྣལ་འབྱོར་ལ་སོགས་པའི་སྐབས་ཇི་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒོལ་བ་པ་ན་རེ། [235b.7]འདིར་འདི་དག་སྟོན་པར་བྱེད་པ་ནི། སྐབས་སུ་མ་བབ་པའི་ཚིག་གླེང་བར་བྱེད་པ་ཡིན་ན། ཚིག་འཆལ་པའི་སྐྱོན་དུ་ཐལ་བར་མི་འགྱུར་རམ་ཞེ་ན། སྨྲས་པ། འདིར་ནི་ཞར་ལ་བཤད་པ་སྟེ། །ཞེས་པ་དག་སྟེ། འདི་ནི་གོང་དུ་དེ་ལྟར་བྱས་ན་ཇི་ལྟར་སྤྱན་དྲང་བའི་བཅོམ་ [236a] [236a.1]ལྡན་འདས་དང་བདག་རྣལ་འབྱོར་པ་ཡུལ་གཅིག་ལ་སྤྱོད་པར་གཟིགས་ནས། སེམས་ཆ་མཐུན་པས་རྗེས་སུ་ཆགས་ནས། དངོས་གྲུབ་མྱུར་དུ་སྩོལ་འགྱུར་ཞེས་གསུངས་ཏེ། ཡུལ་དེ་དག་ཀྱང་རྡོ་རྗེ་ལ་གསང་བ་ལ་སོགས་པའི་མཚན་ཉིད་ལ་བྱའོ། །གཟུགས་ [236a.2]སྒྲ་ལ་སོགས་ལ་ནི་མི་བྱའོ་ཞེས་བཤད་པ་དང་། གཞན་དག་ན་རེ། ཅི་དགར་འདོད་ཅིང་ཅི་དགར་སྤྱོད། །ཅེས་བྱ་བ་ལ་སོགས་བའི་ཚིག་རྒྱུད་ཉིད་ལས་གསུངས་པ་དེ་ཇི་ལྟ་བུ་ཞེས་དྲིས་པ་དང་། བག་ཡངས་ཀྱི་ཚིག་དེ་དག་དཀའ་བར་སྤྱོད་པ་ལ་དགའ་བའི་བཟླས་བརྗོད་བྱེད་པ་ལ་ [236a.3]དགོངས་ཏེ་ཞེས་པ་ནས། དེ་ཡང་ངེས་པར་མི་བྱར་མི་རུང་བ་ཉིད་དུ་གསུངས་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱང་རྣལ་འབྱོར་གྱི་ཚུལ་ཁ་ཅིག་ལས་ནི་གནང་བར་བསྟན་པའི་ཕྱིར་རོ་ཞེས་རྡོ་རྗེ་རྩེ་མོ་དང་རྟོག་པ་བསྡུས་པའི་ཁུངས་ལས་བཤད་པའི་ཚིག་གླེངས་པ་ནི། འཕྲོས་ [236a.4]པའི་ཚིག་ལས་ཞར་ལ་བཤད་པ་ཞེས་འདོད་དོ། །སྐབས་ཉིད་བཤད་པར་བྱའོ་ཞེས་པ་དེ་དག་ནི་ཞར་ལས་འཕྲོས་པར་བས་སོ། །ད་ནི་ཡུལ་བཞི་པོ་དེ་དག་རྡོ་རྗེ་ལ་གསང་བ་ལ་སོགས་པ་བཞིའི་མཆོད་པ་ཡིན་པར་འདོད་པའི་སྐབས་དེ་བཤད་པར་བྱའོ་ཞེས་སྟོན་ཏོ། །གང་ཞེ་ན། [236a.5]གསང་བའི་མཆོད་པའི་རྣམ་པ་བཞིའི་ཆོ་ག་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་དག་གོ། །ཕན་ཡོན་དྲན་པ་སྔར་བྱས་ཏེ། །ཞེས་པ་ནི། ཀུན་དུ་བཟང་པོའི་འདོད་པའི་བདག །ཅེས་གསུངས་པའི་ཕན་ཡོན་དེ་ཡོངས་སུ་དྲན་པར་བྱས་ནས་བརྩམ་པའོ། །དགའ་བ་བསྐྱེད་ [236a.6]ཅིང་དང་བ་སྤེལ་བ་དད་བ་སྤུ་ལྡང་བ་ཞེས་པ་ནི། འདི་ལྟར་མཆོད་པའི་དུས་ན་སེམས་ཡོངས་སུ་འདུན་པའི་དགའ་བ་བསྐྱེད་པ་དང་། ཏིང་ངེ་འཛིན་གྱིས་རྣམ་པ་མང་པོར་སྤྲོ་བ་དང་། ཡིད་གདུང་བ་བསྐྱེད་པར་བྱ་བ་དང་། སོགས་པའི་སྒྲས་གུས་པ་དང་ཞེས་བསྐྱེད་པ་ལ་སོགས་པ་དེའི་ [236a.7]ཆར་གྱུར། གཞན་བསྡུ་བ་སྔོན་དུ་བཏང་བར་བྱ་བའོ། །ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་བསྡུས་པ་ཉིད། །ཅེས་བྱ་སྟེ། གང་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་ཡོངས་སུ་སྡུད་ [236b] [236b.1]ཅིང་དེར་འདུས་པར་བྱེད་པའོ། །བཛྲ་རཏྣ་མ་ནུཏྟ་ར་ཞེས་པ་ནི། རྡོ་རྗེ་རིན་ཆེན་བླ་ན་མེད། །ཅེས་བྱ་སྟེ། གང་ཞེ་ན། ཡོན་ཏན་གྱི་བདག་ཉིད་བླ་ན་མེད་པ་ན། རྡོ་རྗེ་རིན་པོ་ཆེ་བས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །བཛྲ་དྷརྨ་ག་ཡ་ན། །ཞེས་པ་ནི། རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། ། [236b.2]ཞེས་བྱ་སྟེ། གང་ཞེ་ན། རྟོགས་པ་དང་ལུང་གི་ཆོས་རྣམས་གཉིས་ཀྱི་དབྱངས་སྒྲོགས་ཤིང་ཚིག་སྨྲ་བར་བྱེད་པའོ། །བཛྲ་ཀརྨ་ཀ་རོདྦྷ་བ་ཞེས་པ་ནི། རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བྱ་སྟེ། གང་ཞེ་ན། འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་བྱ་བའོ། །གསང་བའི་ [236b.3]མཆོད་པ་བཞི་ཆར་ལ་ཡང་ཞེས་པ། བཛྲ་ལཱ་སྱེ་ལ་སོགས་པ་བཞི་ལ་ཡང་དང་པོར་རང་གི་སྙིང་པོ་སྨོས་པའི་རྗེས་ལ། བཛྲ་སཏྭ་སཾ་གྲ་ཧ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པར་བྱའོ། །ཕྱི་མ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཟུགས་དང་རྣམ་པར་ཐར་པ་ལ་ [236b.4]སོགས་པ་ཞེས་པ་མི་བརྗོད་པའི་མཚན་ཉིད་ཤེས་རབ་སྟེ། ཤེས་རབ་ཀྱིས་ཐམས་ཅད་སྟོད་པར་ཆུད་དེ། ཆུད་པའི་དོན་དེ་མི་བརྗེད་པ་ནི་གཟུངས་ཏེ། དེས་འཕགས་པའི་ཡོན་ཏན་ཀུན་ཡོངས་སུ་འཛིན་ཅིང་གནས་པར་བྱེད་པའོ། །དེ་ཉིད་ཀྱིས་ཉོན་མོངས་པའི་བཅིང་བ་ [236b.5]ལས་གྲོལ་བར་བྱེད་པས་ན། རྣམ་པར་ཐར་པ་ཞེས་འདོད་དོ། །སོགས་ཀྱིས་ནི་དེ་དང་ཆ་མཐུན་པའི་རིགས་སུ་གྱུར་པ་དང་། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བསྡུ་བར་བྱའོ། །ཅིའི་ཕྱིར་ཞེ་ན། དཔེར་ན་མེ་ཏོག་ལས་འབྲས་བུ་འབྱུང་བ་བཞིན་དུ་གཟུངས་དང་རྣམ་ [236b.6]པར་ཐར་པ་ལས་བྱུང་བའི་འབྲས་བུ་ནི་བླ་ན་མེད་པའི་བྱང་ཆུབ་པས་ནི་དེ་སྐད་བརྗོད་དོ། །ཟབ་ཅིང་རྒྱ་ཆེའི་མདོ་སྡེ་བཤད། །ཅེས་པ་ནི་དགོངས་པ་ངེས་པར་འགྲེལ་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སངས་རྒྱས་ཕལ་པོ་ཆེ་ལ་སོགས་ [236b.7]པའི་མདོ་རྣམས་ནི་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀའི་དོན་དང་ལྡན་པས་སོ། །སོགས་པའི་སྒྲས་ནི་བསྒོམ་པ་དང་། བསྒྲུབ་ཅིང་ཉམས་སུ་བླང་བར་བྱ་བའི་དོན་སྡུད་པར་བྱེད་པའོ། །མཚན་མ་དང་སྤྱོད་ལམ་རྣམ་པ་སྣ་ཚོགས་ཞེས་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་ [237a] [237a.1]པོ་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པའི་ཆ་བྱད་དང་། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། སྒེག་པ་དང་། དཔའ་བ་ལ་སོགས་པ་འགྲོ་བ་ [237a.2]ཇི་ལྟར་འདུལ་བ་དེ་བཞིན་སྟོན་པ་དང་། ངེས་པའི་ཚིག་ཏུ་སྨྲ་བ་ལ་མཁས་ཤིང་ཞེས་པ་ནི། འགྲོ་བ་སོ་སོའི་སྐད་དུ་གང་ལ་དད་པའི་ཚིག་གིས་གདམས་ངག་སྒྲོགས་ཤིང་འདོམས་པར་བྱེད་པ་ལ་མཁས་པའོ། །རལ་གྲི་ལ་སོགས་པ་ཞེས་པ། རལ་གྲིས་ནི་ཉོན་མོངས་པའི་དྲ་བ་ [237a.3]གཅོད་པར་བྱེད་པའི་དོན་དུ་བསྟན་པ་སྟེ། དེ་བཞིན་དུ་དམ་ཚིག་གི་ཕྱག་རྒྱ་མཚན་ཉིད་སྣ་ཚོགས་པའི་དབྱངས་ཅན་དང་ལྡན་པ་ཕྱག་ན་བསྣམས་པའོ། །མཆོད་པ་རྣམ་བརྒྱད་མདོར་བསྡུས་ཞེས་པ་ནི། ཕྱི་ནང་གི་མཆོད་པའོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་སྤྱིར་བསྟན་ [237a.4]པའོ་ཞེས་པ་ནི་རྣལ་འབྱོར་པའི་ཕྲིན་ལས་དང་དངོས་གྲུབ་གང་འདོད་པ་བསྒྲུབ་པ་ལ་དགོངས་པར་བསྟན་པའོ། །ལྷའི་དམ་ཚིག་སེམས་དཔར་བདག་ཉིད་བསྒྲུབས་ཏེ་གོང་དུ་གསུངས་པའི་ཆོ་གའི་རིམ་པ་བསྟན་པ་བཞིན་དུ་བྱའོ། །རང་གི་ལྷ་བཞིན་དུ་ཅིས་ཀྱང་མི་ཚུགས་ཞེས་པ་ [237a.5]ནི། བདག་ཉིད་ཀྱི་ལྷག་པའི་ལྷ་རྣམས་ལ་གཞན་གྱིས་བརྒལ་བར་མི་ནུས་པ་བཞིན་དུ་བདག་ཀྱང་ལྷའི་ཚུལ་ཇི་ལྟ་བ་བཞིན་དུ་བསྒྱུར་ནས། བདུད་དང་བགེགས་ལ་སོགས་པས་བར་དུ་གཅོད་པར་མི་ནུས་པར་འགྱུར་རོ། །སྐབས་འདིར་ཡི་གེ་བརྒྱ་བའི་སྔགས་བཟླས་ཞེས་པ་ནི། [237a.6]ཅི་དགོངས་ཤེ་ན། བཟླས་བརྗོད་དང་བསམ་གཏན་ལ་སོགས་པ་བྱེད་པའི་ཚེ་ཞེས་བྱ་བ་ལ་སོགས་པའི་ཉེས་པ་འདི་དག་བྱུང་བར་གྱུར་ན་སེམས་བརྟན་པར་བྱ་བའི་ཕྱིར་བརྗོད་དགོས་སོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ་ཞེས་པ་ནི། རྡོ་རྗེ་སེམས་དཔའི་ [237a.7]དམ་ཚིག་རྗེས་སུ་སྲུངས་ཤིག་ཅེས་པ་སྟེ། གང་ཞེ་ན། ཇི་སྐད་དུ་གསུངས་པའི་དོན་དང་ཚིག་ཏུ་འབྲེལ་པ་དེའོ། །བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ཉེ་བར་གནས་པར་མཛོད་ཅིག་ཅེས་པ་སྟེ། གང་ཞེ་ན། རྣལ་འབྱོར་བ་དམ་ཚིག་སེམས་དཔར་ [237b] [237b.1]བསྒོམས་པའི་རྒྱུད་ལ་དུས་ཐམས་ཅད་དུའོ། །དྲྀ་ཌྷོ་མེ་བྷ་བ་ཞེས་པ་ནི། བདག་ལ་བརྟན་པར་མཛོད་ཅིག་ཅེས་པ་སྟེ། གང་ལས་ཤེ་ན། མི་མཐུན་པའི་ཕྱོགས་རྣམས་ལས་ཏེ། གཞན་གྱིས་བསྐྱོད་པར་མི་ནུས་པར་རོ། །སུ་ཏོ་ཥྱོ་མེ་བྷ་བ་ཞེས་པ། བདག་ལ་རབ་ [237b.2]ཏུ་དགའ་བར་མཛོད་ཅིག་ཅེས་པ་སྟེ། གང་གིས་ཤེ་ན། བསམ་གཏན་ཡན་ལག་དང་བཅས་པའི་ཁྱད་པར་གྱིས་སོ། །ཨ་ནུ་རཀྟཱོ་མེ་བྷ་བ་ཞེས་པ་ནི། བདག་ལ་ཆགས་པར་མཛོད་ཅིག་ཅེས་པ་སྟེ། གང་ཞེ་ན། དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་ [237b.3]གསུང་ཐུགས་ཀྱི་བདག་ཉིད་ཡེ་ཤེས་ཆེན་པོ་དེའོ། །སུ་པོཥྱོ་མེ་བྷ་བ་ཞེས་པ་ནི། བདག་རབ་ཏུ་གསོས་ཤིག་ཅེས་པ་སྟེ། གང་ལས་ཤེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་རྣམ་པ་གཉིས་སུ་མི་འཆིང་བར་རམ། རྣམ་གཅིག་འཁོར་བའི་མཐའ་ [237b.4]འཆིང་བ་ལས་སོ། །སརྦ་སིདྡྷི་མྨེ་པྲ་ཡཙྪ་ཞེས་པ་ནི། དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྩོལ་ཅིག་ཅེས་པ་སྟེ། ཅི་ལྟ་བུ་ཞེ་ན། ཐུན་མོང་དང་མཆོག་ཏུ་གྱུར་པའི་དངོས་གྲུབ་རབ་འབྲིང་རྣམས་སོ། །སརྦ་ཀརྨ་སུ་ཙ་མེ་ཙི་ཏྟཾ་ཤྲི་ཡཿ ཀུ་རུ་ཧཱུཾ་ཞེས་པ་ནི། [237b.5]ལས་ཐམས་ཅད་ལས་བདག་སེམས་སྤྲོ་བར་མཛོད་ཅིག་ཅེས་པ་སྟེ། གང་ལ་ཞེ་ན། དེ་བཞིན་གཤེགས་པའི་ཕྲིན་ལས་ཅི་སྙེད་པ་མངོན་དུ་གྱུར་པ་དེ་ལའོ། །ཧ་ཧ་ཧ་ཧ་ཧོཿ ཞེས་པ་ནི་དགྱེས་པ་དང་། དམ་པའི་དོན་ཏེ། གང་ལ་ཞེ་ན། དེ་བཞིན་གཤེགས་པའི་མཛད་ [237b.6]སྤྱོད་དང་། རྣལ་འབྱོར་པས་གསོལ་བར་བྱེད་པའི་དོན་དང་ལྡན་པའི་སྔགས་འདི་ཉིད་ལའོ། །བྷ་ག་བཱ་ན་སརྦ་ཏ་ཐཱ་ཏ་བཛྲ་མཱ་མེ་མུཉྩ་ཞེས་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་བདག་མི་གཏོང་དུ་གསོལ་ཞེས་པ་སྟེ། གང་ཞེ་ན། [237b.7]དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་ཡེ་ཤེས་རྣམ་པ་ལྔའོ། །དེས་བདག་ཉིད་ལ་དགོངས་པར་མཛད་པ་ནི་མི་གཏོང་བའོ། །བཛྲཱི་བྷ་བ་ཞེས་པ་ནི་རྡོ་རྗེར་བདག་མཛད་དུ་གསོལ་ཞེས་པ་ [238a] [238a.1]སྟེ། གང་ཞེ་ན། བདག་ཉིད་ཡེ་ཤེས་སུ་མཛད་དུ་གསོལ་ཞེས་པའོ། །ཁ་ཅིག་ན་རེ། གུ་གུ་ལས་མའི་དོན་འབྱུང་སྟེ། མ་བུའི་ཚུལ་དུ་གཟུང་དུ་གསོལ་ཞེས་བཤད་དོ། །ས་མ་ཡ་སཏྭ་ཨཱ་ཞེས་པ་ནི། དམ་ཚིག་སེམས་དཔའ་ཆེན་པོ་ལ་སྐྱེ་བ་མེད་པའི་དོན་ [238a.2]གྱིས་ཁྱབ་པར་མཛད་དུ་གསོལ་ཞེས་པའི་དོན་ཏོ། །ད་ནི་དེའི་ཡོན་ཏན་གསུངས་པ། འདི་བརྗོད་པས་མཚམས་མེད་པ་བྱས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་པས་ཞེས་པ་ནི། ཆོས་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་ [238a.3]དེ་བདག་ཉིད་ལ་ཡོངས་སུ་གནས་ཤིང་དགོངས་པར་གྱུར་པའོ། །ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་ཅེས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རབ་འབྲིང་གང་ལྟར་འདོད་པ་རྣམས་སོ། །རྡོ་རྗེའི་དངོས་གྲུབ་བམ་ཞེས་པ་ནི། རིག་འཛིན་ཞེས་ [238a.4]ཟེར་ན། དངོས་གྲུབ་ཏུ་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའི་དངོས་གྲུབ་ཅེས་པ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་རྣམས་ཀྱིའོ། །དེ་བཞིན་གཤེགས་པའི་དངོས་གྲུབ་ནི་དངོས་གྲུབ་ཐམས་ཅད་ཀྱི་མཆོག་གོ། །ཐབས་དང་ཤེས་རབ་ཏུ་ལྡན་པའི་རྣལ་ [238a.5]འབྱོར་པ་ཞེས་པ་ནི། ཕྱག་རྒྱ་ཆེན་པོ་དང་བྱང་ཆུབ་སེམས་སུ་ལྡན་པ་ཡོན་ཏན་ཆེན་པོ་མངའ་བས་ན་མཆོག་གོ། །རྒོལ་བ་པ་ན་རེ། ཆོ་འཕྲུལ་རྣམ་པ་བཞི་པོ་དེ་ཡང་དོན་རྣམ་པ་གཉིས་ཏེ། གོང་དུ་ནི་ཁྱད་པར་གྱི་སྒོ་ནས་བསྟན་ལ། འདིར་ནི་སྤྱིའི་སྒོ་ནས་བསྟན་ཏོ། །རྣམ་གཅིག་ [238a.6]བསྡུས་པ་དང་རྒྱས་པའི་སྒོ་ནས་ཏེ། གཅིག་གི་དོན་གྱིས་གཅིག་གསལ་བར་བྱ་བའི་ཕྱིར་འདི་ལྟར་བསྟན་ཏོ། །མཆོད་པའི་ཆོ་ག་ཡན་ལག་རྒྱས་པར་བཤད་ཟིན་ཏོ།། །།ད་ནི་དེ་ལྟར་མི་ནུས་པ་རྣམས་ཀྱི་དོན་དུ་རྣམ་པ་གཞན་གྱིས་དེ་དང་འདྲ་བའི་རྗེས་སུ་སྒྲུབ་པ་བཤད་པར་བྱ་སྟེ། [238a.7]དེ་ལ་རྒོལ་བ་པ་ན་རེ། རྣལ་འབྱོར་པ་དབང་པོ་རབ་དང་ལྡན་པ་རྣམས་ཀྱིས་ལྷ་དེ་ལྟར་བྱར་རུང་ན། དབང་པོ་ཞན་པ་རྣམས་ཀྱིས་ཕྱོགས་གཅིག་ལ་ཡང་འཇུག་པར་མི་ནུས་ན། ཀུན་གྱི་དོན་ཉམས་སུ་ལེན་པ་ལྟ་ཅི་སྨོས་པོ་རྣམས་ལ། འདི་ལྟར་བྱས་པའི་རྩོལ་བ་དང་མི་ལྡན་ན་ [238b] [238b.1]གཞག་གམ་གཞན་དག་ལ་འཇུག་པར་བྱ་བ་ཡིན་ཞེ་ན། སྨྲས་པ། ཆོ་ག་དེ་བྱེད་མི་ནུས་པ་དེས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྔ་མངོན་པར་བྱང་ཆུབ་པའི་རིམ་པས་དམ་ཚིག་སེམས་དཔའི་སྐུ་ཡོངས་སུ་རྫོགས་པར་བསྒོམ་པའི་བསམ་གཏན་མངོན་དུ་བྱ་བར་མི་ལྕོགས་ [238b.2]པའི་ཤེས་རབ་ཞན་པ་རྣམས་བཟླས་བརྗོད་བྱ་བའི་ལྷ་གང་ཡིན་པ་དེའི་སྙིང་པོ་ཁོ་ན་ཚིག་ཙམ་གྱིས་བརྗོད་པ་ལས་བདག་ཉིད་ཀྱང་རང་ཉིད་མོས་པའི་ལྷ་གང་ཡིན་པ་དེའི་གཟུགས་སུ་གྱུར་པར་བསམས་ལ། མདུན་དུ་ཡང་ལྷག་པའི་ལྷའི་བདག་ཉིད་ཡེ་ཤེས་སེམས་དཔའི་སྐུ་ [238b.3]མངོན་དུ་བཞུགས་པར་བསམས་ལ་བཟླས་བརྗོད་བྱའོ། །དེ་ལྟར་ཡང་རྒྱུད་ལས་གསུངས་པ་ལྟ་ངན་ཞེས་པ་ནི། དབང་པོ་རྟུལ་པོ་བྱང་ཆུབ་སེམས་དང་ཕྱག་རྒྱ་ཆེན་པོ་འབྲེལ་བར་ལྡན་པའི་དོན་བསྒོམ་པར་མི་ནུས་པའོ། །ཆགས་པ་མེད་པ་ཞེས་པ་ནི། འགྲོ་བའི་དོན་ལ་ [238b.4]ཆགས་པའི་སྙིང་རྗེ་དང་མི་ལྡན་པའོ། །གསང་བ་འདི་ནི་མི་རིགས་སོ་ཞེས་པ་ནི། ལྔ་མངོན་པར་བྱང་ཆུབ་པའི་རིམ་པས་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་འདི་ནི་གསང་བར་བརྗོད་པ་སྟེ། བློ་ཞན་པ་དེ་དག་ལ་མི་རིགས་པར་གསུངས་སོ། །དེ་བས་ནི་སྙིང་པོའི་དོན་གྱིས་ཞེས་པ་དེ་དག་ [238b.5]ལ་འདི་ལྟར་བརྗོད་པས་མི་རུང་བ་སྙིང་པོའི་དོན་ཚིག་ཙམ་དུ་བརྗོད་པས་འདི་ཁོ་ན་ལྟར་གྱུར་པར་བསྒོམ་ཞིང་། ཇི་ལྟར་འདོད་པར་བྱེད་པས་ཞེས་པ། ཇི་ལྟར་ལྷའི་དངོས་གྲུབ་འདོད་པར་བྱེད་པ་ཅི་ནུས་ཚད་དུ་བཟླས་བརྗོད་བྱ་སྟེ། མང་དུ་བརྗོད་པར་མི་ནུས་ན་ཡང་། ཉིན་མཚན་ [238b.6]གང་ཡང་རུང་བ་ལ་དུས་མཚམས་རྣམ་པ་བཞིར་བཅད་ནས་རྡོ་རྗེ་ཚིག་གིས་ལྷ་རེ་རེ་ལ་ཡང་། གྲངས་བརྒྱ་རྩ་བརྒྱད་དུ་བཟླས་བརྗོད་བྱའོ། །རྒོལ་བ་པ་ན་རེ། ཅི་འདི་ལྟར་བྱ་བ་དེ་བཞིན་གཤེགས་པ་རྣམས་ཁོ་ནའམ། དེའི་རིགས་ཀྱི་སེམས་དཔའ་རྣམས་དང་བཅས་པ་ཀུན་ལ་ [238b.7]བྱ་བའི་ཐབས་སུ་དགོངས། གཅིག་ཁོ་ནའི་དོན་དུ་ན་ནི་གཞན་དག་གི་དོན་དུ་ཇི་ལྟར་འགྱུར་བ་བརྩམ། ཀུན་གྱི་དོན་དུ་ན་ནི་ཆ་ཤས་སུ་ཕྱེ་བས་འདི་ལྟར་སྟོན་པར་བྱེད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་ཡང་ཉེ་བའི་མཚན་ཉིད་ཀྱི་ཚིག་ཏུ་ཟད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ [239a] [239a.1]ཏེ། འདིར་སངས་རྒྱས་ཀྱི་སྐུར་བསྒོམ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་དུ་འཁོད་པའི་ལྷ་རྣམས་ཀྱི་ནང་ན་གཙོ་བོར་གྱུར་པས། དང་པོ་བརྗོད་པའི་རིགས་པ་སྟེ། འདི་དག་བརྗོད་པས་ཀུན་བརྗོད་པར་འགྱུར་བས་གཟུང་བར་ཟད་ཀྱི། [239a.2]དེ་ལས་གཞན་པའི་ལྷ་རྣམས་ཀྱི་ཡང་ཆོ་ག་འདི་ཉིད་ཀྱིས་འགྲུབ་པར་རིག་པར་བྱའོ། །རྒོལ་བ་པ་ན་རེ། འོ་ན་ཚུལ་འདིས་འདི་ལྟར་བྱ་བས་ཆོག་པར་ཟད་ཀྱིས། ཇི་སྐད་དུ་གསུངས་པའི་བྱིན་གྱིས་བརླབ་པ་ལ་སོགས་པ་འདིར་བྱ་བར་མི་དགོས་སམ། ད་འདིར་དེ་ལྟར་ཡིན་ [239a.3]ན་ནི་གོང་དུ་ཡང་དེ་བཞིན་དུ་འོས་ལ། འོན་ཏེ་འདིར་དེ་ལྟར་མ་ཡིན་ན་ནི་ཇི་ལྟར་འགྱུར་བའམ་ཐབས་བརྗོད་དགོས་སོ་ཞེ་ན། སྨྲས་པ། དེས་དོན་འདི་ལྟར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་དམ་ཚིག་སེམས་དཔའི་རྣལ་འབྱོར་བྱེད་མི་ནུས་པ་ཞེས་པ་ནི། ལྔ་ [239a.4]མངོན་པར་བྱང་ཆུབ་པའི་རིམ་པས་ཡན་ལག་ཡོངས་སུ་རྫོགས་པའི་བསམ་གཏན་མངོན་དུ་བྱེད་མི་ནུས་པའི་སྔགས་པའོ། །བཟླས་བརྗོད་བྱ་བའི་སྙིང་པོ་བརྗོད་པ་ཙམ་ཉིད་དང་ཞེས་པ་འདི་ལྟར་བྱ་བ་དང་དེའི་དོན་གྱིས་བདག་ཉིད་དམ་ཚིག་གི་སེམས་དཔའ་ཆེན་པོ་གང་ཡིན་པ་དེ་ནི་བྱིན་ [239a.5]གྱིས་བརླབ་པ་དང་། དབང་བསྐུར་བ་ལ་སོགས་པ་ཡང་དེ་བཞིན་དུ་གྲུབ་པར་དམིགས་ལ་མདུན་དུ་ཡང་དེ་ཉིད་དེ་བཞིན་དུ་བཞུགས་པར་བསམ་པར་འདོད་དོ་ཞེས་སྟོན་ཏོ། །རྒོལ་བ་པ་ན་རེ། འོ་ན་འདི་ལྟ་བུའི་རྣམ་པས་དེ་བཞིན་དུ་འགྲུབ་པར་འགྱུར་ན། དེ་ནི་ཚིག་དང་ [239a.6]བྱང་ཆུབ་ཉུང་ངུས་རྒྱ་ཆེན་པོའི་དོན་ཐོབ་པར་བྱེད་པ་ནི། ཤིན་ཏུ་རིགས་པ་ཡིན་ན་འདི་ཁོ་ནའི་ཐབས་དང་རིམ་པ་སྟོན་པར་མི་བྱེད་ནས། རབ་ཏུ་དཀའ་བར་གྱུར་པའི་རྣམ་པས་གཞན་འཆད་ཅིང་འདོམ་པ་ཅི་དགོས་ཤེ་ན། སྨྲས་པ། སྙིང་པོའི་དོན་ནི་ཚིག་ཙམ་གྱིས་ཀྱང་། [239a.7]དམ་ཚིག་སེམས་དཔའ་བསྒྲུབ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་གཉིས་པ་འདི་ཡང་ཞེས་པ་བསྡུས་པ་དང་རྒྱས་པར་བསྟན་པ་ལས་རྒྱས་པར་བྱ་བའི་རིམ་པ་གོང་དུ་བསྟན་ནས། བསྡུས་པའི་ཐབས་འདིར་བཤད་པ་ནི་གོང་མ་ལས་བགྲངས་པའི་གཉིས་ [239b] [239b.1]པར་འགྱུར་བ་སྟེ། འདི་ཡང་ཤེས་རབ་ཞན་པ་འདི་དག་ལ་བསྟན་པར་ཟད་ཀྱི། ཤེས་རབ་ཆེན་པོ་ལྔ་མངོན་པར་བྱང་ཆུབ་པ་ལ་སོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་ཡན་ལག་ཡོངས་སུ་རྫོགས་པ་དང་བཅས་པར་བསྒོམ་པའི་ཐབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་ [239b.2]པར་འདོད་པ་རྣམས་ལ་ནི་བསྟན་པ་མ་ཡིན་ནོ། །ཇི་ལྟ་ཞེ་ན། ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་འདི་ཁོ་ན་བཞིན་དུ་གསུངས་པའི་ཕྱིར་རོ། །རྒོལ་བ་པ་ན་རེ། འདི་ལྟར་ཕྱོགས་གཉིས་པ་འདི་ཕྱི་མའི་ཡང་ཕྱི་མའི་རྒྱུད་འབའ་ཞིག་པས་གསུངས་པར་ཟད་ཀྱི། གཞན་རྣམས་ [239b.3]ནི་འདི་ལྟར་གོ་ཕྱེ་བ་མ་ཡིན་ན། དུས་བསྟན་པ་ཁོ་ནར་རིགས་པར་ཟད་ཀྱི། འདིར་རིགས་པ་སྟེང་དུ་འབབ་པར་ཡང་ངེས་པ་མེད་ན། འདི་ལྟར་བྱས་པས་ཀྱང་འདི་བཞིན་དུ་འགྲུབ་པར་གལ་ཏེ་མངོན་པ་མེད་བཞིན་དུ་འདི་ལྟར་འདོད་ན་བྱས་པ་དེ་ཉིད་གྲོང་ཁྱེར་བའི་སྐྱོན་དུའང་ [239b.4]འགྱུར་ལ། འོན་ཏེ་འདི་ཁོ་ན་ལྟར་ཡིན་པའི་སྐབས་ཡོད་ན་གཏན་ཚིགས་གཞན་དག་བརྗོད་པས་ཁོང་དུ་ཆུད་པར་བྱ་དགོས་ན། ཇི་ལྟར་ཤེས་པར་བྱ་བ་ཡིན་ཞེ་ན། སྨྲས་པ། གང་གི་ཕྱིར་གཞན་དག་ལས་ཀྱང་བྱིན་གྱིས་བརླབ་པ་ལ་སོགས་པ་རིམ་པ་རྒྱས་པར་གསུངས་ [239b.5]པ་དེ་མི་ནུས་པ་རྣམས་ལ་གསང་སྔགས་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་སྔགས་ཆེ་བའི་བདག་ཉིད་བསྟན་པ་ནི། སྙིང་པོ་བཟླས་བརྗོད་འབའ་ཞིག་བྱས་པས་ཡན་ལག་དང་བཅས་པར་ཡོངས་སུ་རྫོགས་པའི་སྐུར་ [239b.6]བསྒྲུབ་པར་བསྟན་པ་ནི། གསང་སྔགས་རང་བཞིན་གྱིས་གྲུབ་པའི་མཐུ་དང་ཡོན་ཏན་ཁྱད་པར་ཅན་ཡོད་པར་འདོད་པས་དེ་བཞིན་དུ་བསྟན་པའོ། །དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ཀྱི་རྟོག་པ་ཞེས་པ་ནི། རྣལ་འབྱོར་གྱི་རྒྱུད་ཅི་སྙེད་པ་ལས་རང་གི་མཚན་ཉིད་ཕྱོགས་གཅིག་ཏུ་ [239b.7]གཟུང་བའོ། །གང་གི་ཕྱིར་འདིར་ནི་ཞེས་པ་ནི། དམ་ཚིག་ཆེན་པོ་ཁོ་ན་ཉིད་ཀྱི་རྟོགས་པ་འདིའི་ནང་དུའོ། །ཧཱུཾ་ཞེས་བྱ་བའི་སྙིང་པོ་ཞེས་པ་ནི། སྙིང་པོའི་མཚན་ཉིད་ཇི་སྙེད་པ་རྣམས་འབྱུང་བ་ལས་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་ [240a] [240a.1]དཔའ་ཉིད་ཀྱི་སྙིང་པོ་གཟུང་བ་སྟེ། ཅིས་མངོན་ཞེ་ན། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པ་ཆེན་པོའི་རྒྱུད་ལས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྙིང་པོ་ཧཱུཾ་ཞེས་བྱ་བའི་སྙིང་པོ་བརྗོད་པས་ཐམས་ཅད་གྲུབ་པར་འདོད་པའི་གཏན་ [240a.2]ཚིགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །བདེ་བ་ཆེན་པོ་ཞེས་པ་འདིར་ཡང་དེ་ཉིད་ཀྱི་མཚན་ཉིད་དུ་རིག་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ནི་འཇིག་རྟེན་ལས་འདས་པའི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་ཀྱི་ངོ་བོ་བདེ་བ་ཆེན་པོ་རང་བཞིན་དུ་གནས་ [240a.3]པས་ནའོ། །རྡོ་རྗེ་དམ་ཚིག་ཅེས་བྱ་བ་ཡང་དེ་ཉིད་དོ། །ཡེ་ཤེས་ལྔའི་རང་བཞིན་ཐམས་ཅད་འཇོམས་པའི་མཐུ་དང་ལྡན་པས་དེའི་ངང་ལས་གཞན་དུ་མི་འདའ་བའི་མཚན་ཉིད་ཅན་ནོ། །མཐུ་བསྟན་པའི་སྒོ་ནས་ཞེས་པ་དེ་ལྟ་བུའི་དོན་དང་ལྡན་པ་དེའི་མཐུ་བསྟན་པ་སྟེ་རྒྱུད་ [240a.4]ལས་དེ་ལྟར་གསུངས་པའོ། །འདིར་འདོད་ཆགས་མེད་པའི་འཁོར་ལོ་གཞོམ་མི་དགོས་སོ་ཞེས་པ། འདོད་ཆགས་མེད་པ་ནི་ལྟ་བ་ངན་ཞིང་ཆགས་པ་དང་བྲལ་བ་དག་སྟེ། དེའི་འཁོར་ལོ་གཞོམ་པ་ནི། དེའི་དོན་སུན་འབྱིན་པ་ཡིན་ན། རྒྱུད་འདིར་དེ་སུན་ [240a.5]དབྱུང་མི་དགོས་ཏེ། དེའི་དོན་དུ་བཤད་པ་ཡང་ཡོད་པས་དེ་བཞིན་དུ་བྱར་རུང་ཞེས་སྟོན་པའོ། །རྗེས་སུ་དྲན་པ་ཉིད་ཀྱིས་ཞེས་པ་ནི། སྙིང་པོ་བརྗོད་པའམ། ཡང་ན་ལྷ་ཉིད་ཁོ་ན་རྗེས་སུ་དྲན་པའོ། །དེ་ལྟར་དོན་རྣམ་པ་གཉིས་ཀྱི་རིམ་པའི་རྣམ་པས་དམ་ཚིག་ [240a.6]སེམས་དཔའ་བདག་ཉིད་ལྷའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་ཚང་བར་བྱས་ནས། རང་གི་སེམས་ཡོངས་སུ་གདུལ་བ་དང་སྦྱར་བར་དཀའ་བ་དེ་དབང་དུ་བྱ་བའི་ཕྱིར་ཐབས་ཀྱི་རྣམ་པར་བཤད་པར་བྱ་སྟེ། དེ་ལ་སེམས་སྦྱར་བའི་ཐབས་ཀྱང་རྣམ་ [240a.7]པ་དུ་མ་དག་ཚུལ་མི་མཐུན་པར་སྟོན་པ་ཡོད་ན། འདིར་ཇི་ལྟ་བུར་སྦྱར་བར་འདོད་པ་ཡིན་ཞེ་ན། སྨྲས་པ། དང་པོར་རེ་ཞིག་རང་གི་སེམས་དབང་དུ་གྱུར་པར་བྱ་བའི་ཕྱིར་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་མོ་ཞེས་བྱ་བའི་ཚིག་འདི་དག་སྟེ། ཏིང་ངེ་འཛིན་ [240b] [240b.1]གོམས་པར་གྱུར་པའི་མཐུས་སེམས་གང་དུ་གཏད་པ་དེ་བཞིན་དུ་གནས་སུ་བཏུབ་པ་ནི་སེམས་དབང་དུ་གྱུར་པའོ། །རྡོ་རྗེའི་འདུ་ཤེས་ཆ་ཕྲ་མོ་མངོན་དུ་བྱེད་པས་ན། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ཏོ། །འདིར་ཡང་དེ་ཁོ་ནས་སེམས་ཡོངས་སུ་སྦྱང་བར་གསུངས་ [240b.2]སོ། །གནས་སྐབས་སམ་རིམ་པ་ཇི་ལྟར་རྣམ་པར་གཞག་པར་འདོད་ཅེ་ན། སྨྲས་པ། གོང་དུ་གསུངས་པ་དེ་བཞིན་དུ་བརྟགས་པ་མང་པོར་ནུས་པའི་རྩོལ་བ་མེད་པ་རྣམས་ཀྱིས་དུས་མཚམས་བཞིར་བཅད་ནས་གྲངས་བརྒྱ་རྩ་བརྒྱད་ཁོ་ནར་རྡོ་རྗེ་ཚིག་གིས་བཟླས་པའི་ [240b.3]རྗེས་ལ་སྦྱོར་བ་འདི་བསླབ་པར་བྱ་སྟེ། བདག་གི་ནམ་གྱུར་གྱི་བར་དུ་བྱ་བའམ་རྣམ་གཅིག་སློབ་པར་མ་བྱས་པའི་སྔོན་རོལ་དུ་ཏིང་ངེ་འཛིན་གྱི་སྦྱོར་བ་འདི་གོམས་པར་བྱས་ནས་སེམས་གང་དུ་གཏད་པར་བཏུབ་པའི་དབང་ཐོབ་པར་གྱུར་པ་དང་། གདོད་བཟླས་པ་ཇི་ལྟར་ [240b.4]འདོད་པའི་གྲངས་བཞིན་དུ་བྱ་བར་བརྩམས་ནས་འགལ་བ་མེད་དོ། །འོ་ན་ཏིང་ངེ་འཛིན་གྱི་སྦྱོར་བ་འདི་མངོན་དུ་བྱ་བ་ལ་ཡོན་ཏན་གྱི་རྣམ་པ་མངོན་དུ་འགྱུར་བའམ། དགོས་ཆེད་ཇི་ལྟ་བུ་ཡོད་པ་ཡིན་ཞེ་ན། སྨྲས་པ། ཇི་སྐད་དུ་འདིར་རྡོ་རྗེ་ཕྲ་མོའི་ཕན་ཡོན་བསྟན་པ་ [240b.5]ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཕྱིན་ཆད་ནི་གང་ཅུང་ཟད་ཅེས་པ་ནི། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱི་སྦྱོར་བ་འདི་གོམས་པར་བྱས་ནས། སེམས་བྱིང་རྒོད་དུ་འགྱུར་བའི་སྐྱོན་དང་བྲལ་ཕྱིན་ཆད་བྱང་ཆུབ་སེམས་རྣམ་པར་དག་པ་དང་ཕྱག་རྒྱ་ཆེན་པོ་ [240b.6]མངོན་དུ་བྱ་བའི་སྦྱོར་བ་ལ་སེམས་རྩེ་གཅིག་པས་མཉམ་པར་གཞག་པའི་དོན་བསྒོམ་པ་དེ་བཞིན་དུ་འགྲུབ་པར་འགྱུར་ཏེ། དེ་བས་ན་ཏིང་ངེ་འཛིན་ཡེ་ཤེས་ཀྱིས་བརྟགས་པའོ་ཞེས་པ་ནི། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་མངོན་དུ་བྱས་པའི་ཡེ་ཤེས་ཀྱིས་བརྟགས་པའི་ [240b.7]སྦྱོར་བ་ནི་འགྲུབ་པར་སྟོན་པའོ། །འོ་ན་དེ་ལྟར་བསྟན་པའི་ཏིང་ངེ་འཛིན་གྱི་མིང་རྡོ་རྗེ་ཕྲ་མོ་ཞེས་བརྗོད་པ་དེ་ཇི་ལྟ་བུའི་ངོ་བོར་ཤེས་པར་བྱ་བ་ཡིན་ཞེ་ན། སྨྲས་པ། རྡོ་རྗེ་ཕྲ་མོ་ཡང་འདིར་དངོས་སུ་ན་རང་གི་སེམས་གནས་པའི་རླུང་ཉིད་ཅེས་བྱ་བ་ལ་སོགས་ [241a] [241a.1]པ་གསུངས་ཏེ། སེམས་གནས་པའི་རླུང་ཡོངས་སུ་རྒྱུ་བར་བྱེད་པ་སྟེ། །སེམས་དང་འབྲེལ་བའི་རླུང་ལ་རྡོ་རྗེ་ཕྲ་མོ་ཞེས་བྱ་བར་འདོད་དེ། ཅིའི་ཕྱིར་ཞེ་ན། འདིའི་སྐབས་སུ་སེམས་དང་རླུང་ནི་གཅིག་རྟེན་དང་བརྟེན་པ་ཅན་གྱི་རྣམ་པར་ [241a.2]གནས་པར་འདོད་པས་འདི་ལྟར་བརྗོད་དོ། །འོ་ན་དེ་ཀུན་དུ་རྒྱུ་བར་བྱེད་པའི་འབྱུང་འཇུག་གི་གནས་ཇི་ལྟ་བུ་ཞེ་ན། སྨྲས་པ། སྣ་ནས་དབུགས་འབྱུང་ཞིང་འཇུག་པའི་མཚན་ཉིད་དུ་འདོད་དེ་ཞེས་གསུངས་སོ། །ཚད་ཇི་ཙམ་ཞེ་ན། སྨྲས་པ། ཕྲ་བ་ནི་སྐྲའི་ [241a.3]རྩེ་མོ་ཙམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་དབྱིབས་ཇི་ལྟ་བུར་བརྟག་པར་བྱ་ཞེ་ན། སྨྲས་པ། དེ་ལྟ་བུའི་རྡོ་རྗེ་ཕྲ་མོ་ནས་འབྲས་འདྲ་བའམ་ཞེས་བྱ་བ་གསུངས་སོ། །འོ་ན་ཁ་དོག་ཇི་ལྟ་བུར་ཤེས་པར་བྱ་ཞེ་ན། སྨྲས་པ། རང་གི་ལྷའི་ཁ་དོག་དང་ [241a.4]མདངས་འདྲ་བ་ཞེས་གསུངས་སོ། །འོ་ན་གནས་སྐབས་གང་དུ་བསམ་ཞེ་ན། སྨྲས་པ། སྣའི་ཐོག་མར་ཞེས་གསུངས་སོ། །འོ་ན་འདི་ལྟར་གང་གིས་སེམས་པར་བྱེད་ཅེ་ན། སྨྲས་པ། རྣལ་འབྱོར་ལ་མཁས་པ་རྣམས་སེམས་སོ། །ཇི་ཙམ་གྱི་བར་དུ་ [241a.5]བསམ་པར་བྱ་བ་ཡིན་ཞེ་ན། སྨྲས་པ། གང་གི་ཕྱིར་སེམས་པའི་དབང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་འདི་ལྟར་བྱ་བའི་གཏན་ཚིགས་སམ་མངོན་པར་གྲུབ་པ་གང་ལས་ཡིད་ཆེས་པ་གཞག་ཅེ་ན། འདི་སྐད་དུ་ཕྱག་རྒྱ་བཞི་བའི་དཀྱིལ་འཁོར་བཤད་ [241a.6]པའི་སྐབས་སུ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་གསུངས་སོ། །འོ་ན་འདི་ལྟར་བསྒོམ་པའི་སྦྱོར་བ་འདིའི་གོ་རིམས་ཇི་ལྟ་བུར་བྱ་ཞེ་ན། སྨྲས་པ། རྡོ་རྗེ་ཕྲ་མོའི་རིམ་པ་ཡང་འདི་ལྟ་སྟེ། དང་པོར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། ། [241a.7]འོ་ན་འདི་ལྟར་བྱ་བའི་སྙིང་པོ་གང་གིས་ཤེ་ན། སྨྲས་པ། ཨོཾ་སུ་ཀྵ་མ་བཛྲ་ཞེས་བྱ་བས་སོ། །ཚུལ་ཇི་ལྟར་སྤྲོ་བར་བྱ་བ་ཡིན་ཞེ་ན། སྨྲས་པ། དབུགས་དལ་བུས་ཕྱུང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་ཚད་ཇི་ཙམ་དུ་སྤྲོ་བར་བྱ་ཞེ་ན། སྨྲས་པ། ཇི་ [241b] [241b.1]ལྟར་མཐོང་ཞིང་ཐོས་པ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་སླར་བསྡུ་བ་དང་། གནས་པར་བྱ་བ་དང་། དེ་བསྙེན་པའི་ཕྱིར་དེ་ལས་གྱུར་ཅིང་ཞེས་པ་ནི། སྲོག་དང་འབྲེལ་བར་གནས་པའི་དབུགས་དེ་འབྱུང་ཞིང་འཇུག་པའི་གནས་ [241b.2]ཀྱང་རྣམ་པ་གཉིས་ཏེ། སྣའི་བུ་ག་དང་བ་སྤུའི་བུ་ག་ཐམས་ཅད་དུ་ཤེས་པར་བྱ་བ་ཡིན་མོད་ཀྱི། འོན་ཀྱང་འདིའི་སྐབས་སུ་ནི་སྣའི་བུ་ག་གཉིས་ཁོ་ན་ལ་ཤེས་པར་བྱའོ། །དེ་བསྙེན་པའི་ཕྱིར་དེ་ལས་གྱུར་ཅིང་ཞེས་པ་ནི་སེམས་དང་རླུང་དུ་འབྲེལ་བར་འདོད་པའི་མཚན་ཉིད་ [241b.3]ཅན་གྱི་ཏིང་ངེ་འཛིན་གྱི་སྦྱོར་བ་གོམས་པར་བྱས་པ་ལ་རླུང་དེ་ལས་རྡོ་རྗེ་ཕྲ་མོར་གྱུར་ཅིང་། རླུང་དང་རྡོ་རྗེ་ཕྲ་མོར་འབྲེལ་བ་ཕྲ་རགས་ཀྱི་བྱེ་བྲག་སྐྲའི་རྩེ་མོ་ཙམ་ལ་སོགས་པའི་ཚད་དང་དབྱིབས་དང་། ཁ་དོག་འདི་འདྲ་བ་དག་སྣའི་གནས་སུ་བརྟག་པར་བྱའོ། །དེ་བསམ་ [241b.4]པའི་དབང་གིས་སྣ་ནས་བྱུང་བའི་རླུང་ཞེས་པ་ནི་གང་གི་ཕྱིར་རྡོ་རྗེ་ཕྲ་མོ་དེ་ལྟར་བསམས་པའི་དབང་གིས་སྣ་ནས་འབྱུང་བའི་རླུང་དེ་ཕྱི་ནང་དུ་བག་ཡངས་སུ་རྒྱུ་བའི་རང་བཞིན་བཏང་ནས་མི་རྒྱུ་བར་གནས་ཏེ། རྡོ་རྗེ་ཕྲ་མོར་གྱུར་པས་སྣའི་བུ་ག་གཉིས་ཡོངས་སུ་ [241b.5]བཀང་སྟེ་སྣའི་བུ་ག་དེ་ན་གནས་པར་བརྟགས་པས་སེམས་ཁུགས་ཤིང་དབང་དུ་གྱུར་པའི་མཐུས་སྣའི་ནང་ན་རྡོ་རྗེ་ཕྲ་མོ་གནས་པར་ཚོར་བའི་རིག་པའི་ཁྱད་པར་སེམས་དེ་བཞིན་དུ་མཉམ་པར་གནས་པ་དང་རྗེས་སུ་མཐུན་པར་བསྐྱེད་པར་བྱའོ། །དེ་ལ་སེམས་ [241b.6]མཉམ་པར་གནས་པའོ་ཞེས་པ་ནི། རྡོ་རྗེ་ཕྲ་མོ་དེའི་ཏིང་ངེ་འཛིན་དེ་ཡོངས་སུ་ཁུགས་པར་གྱུར་པ་ལས་སེམས་མཉམ་པར་གནས་པར་འགྱུར་བས་ན། དེ་ལ་དེ་སྐད་ཅེས་བྱའོ། །རྗེས་སུ་མཐུན་པ་ཀུན་བསྐྱེད་པ། །ཞེས་པ་ནི། དེ་ལྟ་བུའི་རྡོ་རྗེ་ཕྲ་མོའི་ཏིང་ངེ་ [241b.7]འཛིན་ཁུགས་པར་བྱེད་པ་ལ་ནི། མཉམ་པར་གནས་པ་དང་རྗེས་སུ་མཐུན་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་བྱུང་བའི་དངོས་གྲུབ་ཅེས་པ་ནི། བྱང་ཆུབ་སེམས་རྣམ་པར་དག་པ། ཕྱག་རྒྱ་ཆེན་པོའི་སྦྱོར་བ་གོམས་པར་བྱས་པ་ལས་བྱུང་བའི་དངོས་གྲུབ་བོ། ། [242a] [242a.1]རྡོ་རྗེ་ཕྲ་མོའི་ཆོ་ག་ཞེས་པ་ནི། ཏིང་ངེ་འཛིན་འདི་གོམས་པར་བྱ་བའི་ཐབས་ཀྱི་རིམ་པ་མངོན་དུ་བསྒྲུབ་པར་བྱ་བའོ། །ཡེ་ཤེས་ཕྱག་རྒྱ་བཅིང་བར་བྱ། །ཞེས་པ་ནི། རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པའོ། །ཆོ་ག་འདིའི་རྣལ་ [242a.2]འབྱོར་གྱིས། །ཞེས་བྱ་བ་ནི་བྱང་ཆུབ་སེམས་རྣམ་པར་དག་པ་མངོན་དུ་བྱ་བའི་བསམ་གཏན་གོམས་པ་མངོན་དུ་བྱས་པའོ། །ཡེ་ཤེས་ཕྱག་རྒྱ་དབང་དུ་བྱ། །ཞེས་པ་ནི། སྦྱོར་བ་དེ་ལྟ་བུ་དེས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་བྱང་ཆུབ་སེམས་རྣམ་པར་དག་ [242a.3]པ་དེ་བདག་གིས་བྱ་བའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་ཞར་ལ་དོན་འདི་ཕལ་ཆེར་བསྟན་ཞེས་པ་ནི། རྒྱུད་གཞན་ལས་ཕྱག་རྒྱ་བཞི་པོ་དག་བརྟག་པའི་ཐབས་རྒྱ་ཆེར་འབྱུང་བའི་ཞར་ལ་ཡང་སེམས་སྦྱང་བའི་ཐབས་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་སྔར་བསྒོམ་པའི་ [242a.4]རྣམ་པའི་ཐབས་འདི་ཕལ་ཆེར་བྱ་དགོས་པར་སྟོན་པས་དོན་དེ་བརྟག་པར་བྱ་ཞེས་སྟོན་ཏེ། ཇི་ལྟར་བསྒྲུབ་པ་རྗེས་སུ་དྲན་པར་བྱས་ལ་ཞེས་པ་ནི། སྔར་དམ་ཚིག་སེམས་དཔའ་བསྒོམ་པའི་སྦྱོར་བ་མངོན་དུ་དྲན་པར་བྱ་བའོ། །མཉམ་པར་གཞག་པའི་རིམ་ [242a.5]པ་ཞེས་པ་ནི། སེམས་རྩེ་གཅིག་པའི་ངང་དུ་གནས་པར་བྱ་བ་དང་། ལུས་དྲང་པོར་བསྲང་ཞིང་མགུལ་པ་ཅུང་ཟད་བཀུག་པ་ལ་སོགས་པའི་རིམ་པས་སྙིང་ག་ནས་དབུགས་མཉམ་དུ་རྒྱུ་བ་དང་། རྡོ་རྗེ་ཕྲ་མོ་དེ་ལྷན་གཅིག་ཏུ་རྒྱུ་བར་བྱ་བའི་ཐབས་ཀྱིས་རྡོ་རྗེ་ཕྲ་ [242a.6]མོའི་ཏིང་ངེ་འཛིན་བསྒོམ་པའི་ཚད་ཇི་སྐད་གསུངས་པའི་ཚད་དང་། མཚན་ཉིད་ཅན་དེའི་སྙིང་པོ་ཡིད་ཀྱིས་བརྗོད་ཅིང་སྣའི་རྩེ་མོར་གནས་པར་བརྟག་སྟེ། མི་གཡོ་བའི་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་རླུང་གི་བདེ་བར་རེག་པ་མྱོང་བ་ཞེས་པ་ནི། རླུང་ཉིད་མི་གཡོ་བ་ལས་ [242a.7]རྡོ་རྗེ་ཕྲ་མོའི་རང་བཞིན་དུ་གྱུར་པས་ལུས་རབ་ཏུ་སིམ་ཞིང་དགའ་བའི་རེག་པ་བྱུང་སྟེ། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བ་སྟེ། ལུས་སེམས་ལས་སུ་རུང་བ་ཞེས་པ་ནི། ཏིང་ངེ་འཛིན་ལས་སུ་རུང་བས་སེམས་རྩེ་གཅིག་ཏུ་གྱུར་པ་ཞེས་ [242b] [242b.1]བྱའོ། །རྗེས་སུ་མཐུན་པ་ཉམས་སུ་མྱོང་བ་ཞེས་པ་ནི། རྟགས་དེ་ཉིད་དང་ལྡན་པར་གྱུར་པའི་ཚོར་བའོ། །དེ་ནས་རེག་པ་མྱོང་བའི་འོག་ཏུ་ཞེས་པ་ནི། འདི་ལྟ་བུའི་ཏིང་ངེ་འཛིན་ལས་སུ་རུང་བའི་རོ་བདེ་བ་མྱོང་བར་གྱུར་པའི་འོག་ཏུ་འཕྲོ་འདུའི་རིམ་པ་བྱ་སྟེ། [242b.2]དེ་ཡང་སྙིང་པོ་འདི་ཉིད་ཀྱིས་བརྗོད་ཅིང་སྣའི་བུ་ག་ནས་དབུགས་མཉམ་པར་རྒྱུ་བ་ལས། སྣའི་ནང་རླུང་གིས་རྡུལ་གཏོར་བ་ལྟར་གཅིག་གཉིས་ནས་མང་དུ་འཕེལ་ཏེ་རྡོ་རྗེ་ཕྲ་མོའི་མཚོན་ཆ་མང་པོར་གཏོར་བར་གྱུར་པའི་རིམ་པས་ཇེ་མང་ཇེ་མང་དུ་གྱུར་ཏེ། བདག་གི་ [242b.3]ལུས་ཀྱིས་ཁོར་ཡུག་ཏུ་ཁྱབ་པར་གྱུར་པ་དང་། དེ་ལས་ཀྱང་ཇི་ལྟར་མཐོང་ཞིང་ཐོས་པའི་སེམས་ཀྱིས་གར་ཁྱབ་པའི་སྲིད་པ་གསུམ་པོའི་གནས་ཀྱི་ནང་ཐམས་ཅད་དུ་ཁྱབ་པར་བྱ་སྟེ། དེའི་རྗེས་སུ་སོང་བའི་ཡིད་ཀྱིས་བསྒོམ་ཞེས་པ་ནི། རྡོ་རྗེ་ཕྲ་མོས་གར་ [242b.4]ཁྱབ་པའི་རྗེས་སུ་སེམས་ཀྱིས་ཀྱང་མ་ཡེངས་པར་དེ་བཞིན་དུ་འཇུག་པར་བྱའོ། །རྡོ་རྗེ་ཕྲ་མོས་བདེ་རེག་པ། །ཞེས་པ་ནི། ཏིང་ངེ་འཛིན་ལས་སུ་རུང་བ་སྟེ། སེམས་ཁུགས་པར་གྱུར་བའི་མཚན་མ་བྱུང་བའོ། །མཚན་མ་དེ་ནི་འཕྲོ་བྱ་ཞིང་། །ཞེས་ [242b.5]པ་ནི། དེ་ཡང་རྒྱ་ཇེ་ཆེ་ཇེ་ཆེར་མཆེད་དུ་གཞུག་པའོ། །སེམས་དེ་ཀུན་དུ་འཕྲོས་པར་བྱ། །ཞེས་པ་ནི། རྡོ་རྗེ་ཕྲ་མོས་གར་ཁྱབ་པ་དེར་དེའི་རྗེས་སུ་སེམས་ཀྱིས་ཀྱང་འཇུག་པར་བྱ་བའོ། །ཇི་ལྟར་འདོད་པས་སེམས་སྤྲོས་པ། །ཞེས་པ་ནི། རྡོ་རྗེ་ཕྲ་མོ་དང་དེའི་རྗེས་ [242b.6]སུ་འགྲོ་བའི་སེམས་དེ་གཉི་གས་ཁམས་གསུམ་དུ་ཁྱབ་པར་བྱའོ། །རྒོལ་བ་པ་ན་རེ། སེམས་དང་རླུང་དང་རྡོ་རྗེ་ཕྲ་མོ་གསུམ་ཐ་དད་པ་ཞིག་ཏུ་འདོད་ན་ལྟ་འདིར་འདི་ལྟར་དབྱེར་རུང་ན། འདི་དག་ཐ་མི་དད་པར་བསྟན་པས་སེམས་དང་རླུང་དུ་ཡང་དབྱེར་མེད་ལ་རླུང་ [242b.7]དང་སེམས་ཉིད་ཀྱང་རྡོ་རྗེ་ཕྲ་མོའི་ངོ་བོ་ཡིན་ན། དེའི་རྗེས་སུ་སེམས་འཇུག་པར་བྱ་ཞེས་སྨོས་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ལྟར་དེ་དག་ཐ་མི་དད་ཅིང་དབྱེར་མེད་པ་ཡང་བདེན་མོད་ཀྱིས། འོན་ཀྱང་རྣལ་འབྱོར་པས་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་མངོན་དུ་བྱེད་དུ་ཟིན་ཀྱང་ [243a] [243a.1]དེ་ལ་དམིགས་པ་རྩེ་གཅིག་པས་མི་ཟིན་དུ་དོགས་པའི་ཕྱིར་འདི་ལྟར་ནན་གྱིས་རིམ་པ་ལྟ་བུར་བསྟན་པ་ཡང་ཉེས་པ་མེད་དོ། །སཱ་ར་ཎ་བཛྲ་ཞེས་པ་རྡོ་རྗེ་འཕྲོས་ཤིག་ཅེས་པའོ། །འོ་ན་དེ་ལྟར་བྱ་བ་དེ་ཚད་ཇི་ཙམ་དུ་བསམ་པར་བྱ་ཞེ་ན། སྨྲས་པ། དེ་ནས་ [243a.2]དེ་ལྟར་ཡུན་རིང་དུ་བསམས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྙིང་པོ་འདི་ཡང་ཞེས་པ་ནི་གོང་དུ་སྨོས་པའི་སྔགས་དེའོ། །རེག་པ་མྱོང་བར་བྱེད་པས་ཞེས་པ་ནི། དབུགས་སྤྲོས་པ་དེ་དག་སླར་དལ་བུས་བསྡུས་པར་བསམས་ནས་སྣའི་ནང་དུ་ཅུང་ཟད་ཙམ་གྱིས་ཚད་ [243a.3]དུ་གནས་པ་ཉམས་སུ་མྱོང་བར་བྱེད་པའོ། །རྡོ་རྗེ་གཅིག་པུར་རྣམ་པར་རྟོག་པ་དེ་དག་སླར་འདུས་པ་ལས་རྡོ་རྗེ་ཕྲ་མོ་གཅིག་གི་ངོ་བོར་རྗེས་སུ་རྟོགས་པར་བྱས་པའི་རྣལ་འབྱོར་པས་སླར་སྣའི་རྩེ་མོར་འདུས་ཀྱི་བར་དུ་དེ་བཞིན་དུ་བསྒོམ་མོ། །ཨོཾ་སཾ་གྲ་ཧ་ར་ཎ་བཛྲ་ཞེས་པ་ནི། [243a.4]རྡོ་རྗེ་སླར་འདུས་ཤིག་པའོ། །དེའི་འོག་ཏུ་ཞེས་པ་ནི། སྔགས་དེ་བརྗོད་པའི་འོག་ཏུ་བཛྲ་དྲིཥྚ་ཞེས་པའི་སྙིང་པོ་འདི་ཡིད་ལ་བརྗོད་པ་སེམས་དེ་རབ་ཏུ་བརྟན་པར་བྱའོ། །འདི་ནི་རེ་ཞིག་ཅེས་པ་ནི། རྒྱུད་ཐམས་ཅད་ལས་སོ་སོའི་འདོད་ཡོན་གྱིས་སེམས་སྦྱང་བའི་ [243a.5]ཐབས་ཡོད་ཀྱིས་ཀྱང་། ཏ་ཏྭ་སཾ་གྲ་ཧའི་རྒྱུད་འདིའི་གཞུང་གིས་ནི་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་སྤྱིར་བསྟན་པས་རང་གི་སེམས་སྦྱར་བར་བྱ་བར་བསྟན་ཏོ། །འོ་ན་རྒྱུད་གཞན་ལ་ཇི་ལྟར་འདོད་ཅེ་ན། རྡོ་རྗེ་རྩེ་མོ་ལས་ནི། རྡོ་རྗེ་ཕྲ་མོ་བསྟན་པའི་སྐབས་སུ་མི་རྟག་པ་དང་ཞེས་བྱ་ [243a.6]བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་རྩེ་མོའི་རྒྱུད་ཆེན་པོ་ལས་རང་གི་སེམས་སྦྱང་བའི་ཐབས་སུ་གསུངས་པ། མི་རྟག་པ་ཞེས་པ་ནི་རྟག་པ་དང་ཐེར་ཟུག་ཏུ་ལྟ་བའི་གཉེན་པོའོ། །མི་གཙང་བ་ཞེས་པ་ནི། འདོད་ཆགས་ཅན་གང་དག་གཙང་བར་ལྟ་བའི་གཉེན་ [243a.7]པོའོ། །སྟོང་པ་ཉིད་ཅེས་པ་ནི་དངོས་པོ་ཅན་དུ་འདོད་པའི་གཉེན་པོའོ། །ཟླ་བའི་གཟུགས་བརྙན་མང་པོ་ཞེས་པ་ནི། ཕྱོགས་གཅིག་ཏུ་རྣམ་པར་བཅད་པ་རྣམས་ཀྱི་གཉེན་པོར་བསྟན་པའོ། །སོགས་ཀྱི་སྒྲས་སྒྱུ་མ་དང་། སྨིག་རྒྱུ་ལ་སོགས་པ་གཞན་ཡང་ [243b] [243b.1]བསྡུ་སྟེ། གཞན་ཡང་ཉོན་མོངས་པ་ཇི་ལྟ་བུ་དག་ལ་དེ་དང་རྗེས་སུ་མཐུན་པའི་གཉེན་པོ་རྣམས་བསྟན་ནས། འདུལ་བར་བྱེད་པའི་རྒྱུ་ཅི་སེམས་མཉམ་པར་གནས་པར་བྱེད་པའི་རྒྱུ་རྡོ་རྗེ་ཕྲ་མོ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པ་གཞན་དག་གསུངས་པ་ཡོད་པར་བསྟན་ཏོ། །རྒོལ་ [243b.2]བ་པ་ན་རེ། འོ་ན་རྩ་བའི་རྒྱུད་ཆེན་པོ་ལས་གསུངས་པ་དང་། འདིར་བརྗོད་པ་འདི་དག་མི་མཐུན་པར་སྣང་བ་ལ་ཅིའི་ཕྱིར་མི་མཚུངས་པར་འདོད་ཅེ་ན། དེ་རྣམས་ཀྱིས་ཀྱང་སེམས་མཉམ་པར་གནས་པར་བྱ་བ། ཇི་ལྟར་འདོད་པར་བྱས་ན་འགལ་བ་མེད་དོ་ཞེས་ [243b.3]གསུངས་ཏེ། དེ་ལ་ཐབས་མི་མཐུན་པར་སྣང་ན་ཡང་སེམས་དབང་དུ་བྱ་བའི་དོན་དུ་གསུངས་པར་འདྲ་བས་ན་མི་མཐུན་པ་ལྟར་སྣང་ན་ཡང་ཉེས་པ་མེད་དོ། །དེ་བས་ནི་དེ་རྣམས་ལས་གཞན་ཡང་ཕན་ཡོན་འདི་འབྱུང་སྟེ། གང་གི་ཕྱིར་དེ་ལ། ཏིང་ངེ་འཛིན་དེ་ལ་ལ་ [243b.4]ཉོན་མོངས་པའི་གཉེན་པོར་གྱུར་པ་དང་། སེམས་མཉམ་པར་གནས་པའི་རྒྱུར་ཡང་འགྱུར་རོ་ཞེས་གསུངས་ཏེ། དེ་ལྟར་བསྟན་པ་ཡང་གཞུང་དེ་ཉིད་ལས་འདི་སྐད་དུ། བདག་ནི་རྡོ་རྗེ་ཕྲ་མོའི་ཆོས། །བདག་ཉིད་བསམ་པ་ཤེས་པར་ལྡན། །བདག་དེ་དམིགས་སུ་མེད་ [243b.5]པ་སྟེ། །འབྱུང་བ་ཆེན་པོ་བཞི་ཡི་ལུས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་རྡོ་རྗེ་ཕྲ་མོའི་ཆོས་ཞེས་པ་ནི། གཟུང་འཛིན་དང་ལྡན་པའི་སེམས་ཉིད་རྡོ་རྗེ་ཕྲ་མོར་བསྒོམ་པའོ། །བདག་ཉིད་བསམ་པ་ཤེས་རབ་ཀྱི་རང་བཞིན་ཅན་བདག་ཉིད་ལ་ [243b.6]གཞག་ཅིང་བསམ་པར་བྱ་བའོ། །བདག་དེ་དམིགས་སུ་མེད་པ་སྟེ། །ཞེས་པ་ནི། དེས་གཏན་ལ་ཕབ་སྟེ། ནང་གི་སེམས་དེ་ཉིད་རང་བཞིན་དམིགས་སུ་མེད་པར་རྟོགས་པའོ། །འབྱུང་བ་ཆེན་པོ་བཞི་ཡི་ལུས། །ཞེས་པ་ནི། དེའི་ཞོར་ལ་ཕྱིའི་ཡུལ་རྣམས་ཀྱང་ [243b.7]མ་གྲུབ་པར་རྟོག་པ་སྟེ། ཇི་ལྟར་ཞེ་ན། འབྱུང་བ་ཆེན་པོ་རྣམས་ནི་གང་ལས་བྱུང་ཞེས་པ་ཆེན་པོ་བཞི་ཉིད་ཀྱང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ཤིང་སོ་སོར་གཞིགས་ཏེ་གཏན་ལ་ཕབ་ན། དངོས་སུ་གྲུབ་པ་ག་ལ་ཡོད་དེ་གང་ལྟར་ཡང་མ་གྲུབ་པའི་དོན་ཏོ། ། [244a] [244a.1]ཡང་ན་ལུས་འདི་ཐམས་ཅད་ནི། །ཞེས་པ་ནི། གཙང་བ་ཁོ་ནར་འཛིན་པའི་གཉེན་པོར་བསྟན་པ་སྟེ། མི་གཙང་རྐྱེན་ལས་བྱུང་བས་ན། །ཞེས་པ་ནི། རྒྱུ་ལས་དང་ཉོན་མོངས་པ་ཡང་འཁོར་བ་སྐྱེད་པར་བྱེད་པས་མི་གཙང་ལ། རྐྱེན་ཕ་མ་ལས་བྱུང་བའི་ [244a.2]ཁུ་ཁྲག་རབ་ཏུ་མི་གཙང་བ་ལས་བྱུང་བས་ན། སྤྱི་བོ་ནས་བརྩམས་རྣལ་འབྱོར་པས། །ཞེས་ཏེ། མི་གཙང་བ་སུམ་ཅུ་རྩ་དྲུག་གིས་ལུས་ཁྱབ་པར་གནས་ཤིང་དེའི་གནས་སུ་གྱུར་པས་ན། རྐང་མཐིལ་བར་དུ་ཁྱབ་པར་བསམ། །ཞེས་བྱ་སྟེ། རྣལ་འབྱོར་པས་ [244a.3]ཞེས་པ་ནི་རྣལ་འབྱོར་པའི་ཤེས་རབ་ཀྱིས་དེ་ལྟར་རྟོགས་པར་བྱ་ཞེས་པའི་ཐ་ཚིག་གོ། །ཟླ་བའི་དབུས་སུ་མི་འཇིགས་པས། །ཞེས་པ་ནི། དངོས་པོ་ཅན་དུ་ལྟ་བའི་གཉེན་པོ་སྟེ། ཆུའི་ཟླ་བ་ནི་ངེས་པ་མེད་པའི་རང་བཞིན་ཏེ། མི་འཇིགས་པའི་ཤེས་རབ་ཡོད་པ་སྟེ་ [244a.4]དེས་དེ་ལྟར་བསྒོམ་པའི་དོན་ཏོ། །ཡང་ན་བདག་ཉིད་རྡོ་རྗེར་བསམ། །ཞེས་པ་ནི། རྡོ་རྗེ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་དང་དབྱེར་མེད་པ་སྟེ། ཟླ་བ་ལས་གྱུར་པའམ། ཟླ་བ་ལ་གནས་པའམ། ཟླ་བ་ཉིད་དང་ཐ་མི་དད་པར་བསམ་པ་སྟེ། གང་ལྟར་ཡང་ཉེས་པ་ [244a.5]མེད་དོ། །ཡང་ན་སྙིང་གི་དབུས་སུ་ནི། །ཞེས་པ་ནི། ཕྱོགས་གཅིག་ཏུ་རྣམ་པར་བཅད་པ་རྣམས་ཀྱི་གཉེན་པོ་སྟེ། རང་གི་སེམས་དེ་ཉིད་ཤིན་ཏུ་ཕྲ་བའི་ཟླ་བའི་དཀྱིལ་འཁོར་བརྟག་པར་བྱའོ། །ཡང་ན་ཟླ་བ་གཉིས་ལྡན་པ། །ཞེས་པ། ཟླ་བ་བརྩེགས་མ་སྟེ་ཚོགས་རྣམ་ [244a.6]གཉིས་རྫོགས་པའི་རྒྱུར་དགོངས་པའོ། །དབུས་སུ་རྡོ་རྗེ་བསྒོམ་པར་བྱ། །ཞེས་པ་ནི་ཟླ་བ་རྐྱང་པ་དང་བརྩེགས་མ་གང་ཡང་རུང་བ་བསྒོམས་པའི་དབུས་ན། རྡོ་རྗེས་མཚན་པ་སྟེ། ཡེ་ཤེས་ལྔའི་རང་བཞིན་ཏེ་ཚོགས་གཉིས་རྫོགས་པའི་འབྲས་བུར་དགོངས་པའོ། །ཡང་ན་ [244a.7]དབུས་ཀྱི་རྡོ་རྗེ་ཡིས། །ཞེས་པ་ནི། སེམས་རྡོ་རྗེར་བསྒོམས་པ་དེས་ལུས་ཐམས་ཅད་ལ་ཁྱབ་སྟེ། ལུས་ཀྱང་དེ་བཞིན་དུ་བརྟག་པར་བྱ་བ་སྟེ། དེ་བས་ན། རང་གི་ལུས་ནི་ཁྱབ་པར་བྱ། །ཞེས་གསུངས་སོ། །རྒྱ་ཆེར་ཞེས་པ་ནི་རྣམ་པ་མང་པོ་དག་གསུངས་ཞེས་བྱ་བ་ [244b] [244b.1]སྟེ། འདི་ཉེ་བར་མཚོན་པ་ཙམ་དུ་གཞག་པའི་ཚིག་གོ། །དེ་ལྟར་གང་ཡང་རུང་བའི་རིམ་གྱིས་ཞེས་པ་ནི། རྡོ་རྗེ་ཕྲ་མོ་དང་སྟོང་པར་བསྒོམ་པ་དང་། མི་གཙང་བར་བསྒོམ་པ་དང་། ཟླ་བར་བསྒོམ་པ་དང་། ཐམས་ཅད་རྡོ་རྗེར་བསྒོམ་པའི་རྣམ་གྲངས་དེ་ལས་གང་ཡང་རུང་བ་ [244b.2]གཅིག་བཟུང་བའི་རིམ་གྱིས་ཅི་ཙམ་འདོད་ཀྱི་བར་དུ་བསྒོམ་པ་སྟེ། དུས་ཇི་སྲིད་འདོད་པར་བསྒོམ་ཞེས་པ་ནི། ཞག་དང་ཟླ་བ་དང་ལོ་ཇི་ཙམ་དུ་བྱ་བར་འདོད་པའམ། ཡང་ན་དུས་མཚམས་བཞི་ལས་གང་འདོད་པ་དེའི་བར་དུ་བསྒོམ་པར་ [244b.3]བྱའོ། རྩེ་གཅིག་ཏུ་དམིགས་པའི་མཚན་ཉིད་དུ་ཞེས་པ་ནི་དེ་ལྟར་སེམས་རྩེ་གཅིག་ཏུ་དམིགས་ནས་གང་ལྟར་དམིགས་པ་དེ་བཞིན་བསྒྲུབ་པ་ནི། སེམས་དབང་དུ་གྱུར་པ་ཡིན་ཏེ། དེ་ལྟར་ཤེས་ན་གཟོད་གང་འདོད་པའི་བསྒྲུབ་པ་དེ་བརྩམ་པར་བྱ་དགོས་ཏེ། ས་པའི་དངོས་ [244b.4]གྲུབ་ལ་སོགས་པ། ཞེས་པ་ནི། ས་པ་ནི་ས་ལས་བྱུང་བའི་གཏེར་བསྒྲུབ་པའོ། །སོགས་ཀྱི་སྒྲས་ནི་ཆུ་ལ་འགྲོ་བ་ལ་སོགས་པར་ཕྱིས་འབྱུང་བའི་ཚུལ་གྱིས་དངོས་གྲུབ་གཞན་བསྡུ་བར་བྱའོ། །དེ་བས་ནི་ས་པའི་དངོས་གྲུབ་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་ [244b.5]འདས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དངོས་གྲུབ་བསྒོམས་པ་ལས་བྱུང་བ་རྣམས་བསྒྲུབ་པར་བྱའོ་ཞེས་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ། །ཞེས་པ་ནི། ཕྱག་རྒྱ་ཆེན་པོ་དང་དེ་ལས་བྱུང་བའི་དངོས་གྲུབ་པོ། བསྒོམས་པ་ལས་བྱུང་བ་ཞེས་པ་ནི། གང་ཅིའང་རུང་བའི་དངོས་ [244b.6]གྲུབ་གང་ལྟར་འདོད་པ་ཐམས་ཅད་ནི། སེམས་མངོན་དུ་ཁུགས་པར་བྱས་པའི་སྦྱོར་བ་ལས་བྱུང་བས་ན། བསྒོམ་པ་ནི་དངོས་གྲུབ་ཀྱི་རྒྱུར་བཤད་དོ། །རྣལ་འབྱོར་སྒྲུབ་པ་པོ་གཉིས་ཏེ། །ཞེས་པ་ནི། སྔོན་སྦྱངས་པའི་འཕྲོ་ཡོད་པ་དང་། དེ་མ་ཡིན་པའི་བྱེ་བྲག་གིས་ [244b.7]གཉིས་སུ་འདོད་དོ། །དེ་ལ་གཅིག་ནི་ཞེས་པ་ནི། དཀྱིལ་འཁོར་དུ་གནས་ནས་ཡེ་ཤེས་ཐོབ་མ་ཐག་ཏུ་ཡེ་ཤེས་བབས་པར་གྱུར་ལ། དེ་དག་ནི་ས་པ་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱི་དོན་ལ་སེམས་སྦྱང་བའམ། སྔགས་བཟླས་བརྗོད་བྱས་པ་ཙམ་གྱིས་ [245a] [245a.1]འབྲས་བུ་གྲུབ་པ་སྟེ། སྔོན་སྦྱངས་པའི་འཕྲོ་ཡོད་པའོ། །དེ་ལས་གཞན་པའི་རྣམས་ནི་ཞེས་པ་ནི། དཀྱིལ་འཁོར་དུ་ཞུགས་ཤིང་ཡེ་ཤེས་དབབ་པ་བྱས་ནས་ཀྱང་། ནམ་མཚན་མ་མ་བྱུང་གི་བར་དུ་བསྒོམས་ཤིང་བཟླས་བརྗོད་བྱས་ནས་གང་འདོད་པ་དེ་གྲུབ་པར་ [245a.2]འགྱུར་བ་སྟེ། དེ་ནི་སྔོན་སྦྱངས་པའི་འཕྲོ་དང་མི་ལྡན་པར་རིག་པར་བྱའོ། །རྒོལ་བ་པ་ན་རེ། འོ་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་འདོད་པ་དག་དཀྱིལ་འཁོར་དུ་ཞུགས་ཤིང་ཡེ་ཤེས་དབབ་པར་བྱས་པས་ཀྱང་མ་གྲུབ་ལ། བསོད་ནམས་དང་མཐུ་ཅི་ཡོད་པ་དག་ [245a.3]གིས་ཀྱང་མྱུར་དུ་མི་གྲུབ་ན། ཇི་ལྟར་བྱ་ཞེ་ན། འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དམ་ཚིག་དང་། ཆོས་དང་། ལས་བཞིའི་དངོས་གྲུབ་རྣམས་ནི་བསོད་ནམས་ཅི་ཡོད་པ་ལས་དཀྱིལ་འཁོར་དུ་ཞུགས་པའི་ཚེ། མཐུས་ཀྱང་མ་ཐོབ་པ་དེ་ [245a.4]རྣམས་ནི་འོག་ནས་འབྱུང་བའི་མཚན་ཉིད་བསྒོམས་པས་ཐོབ་པར་ཤེས་པར་བྱའོ་ཞེས་གསུངས་ཏེ། ཁ་ཅིག་བསོད་ནམས་དང་ལས་འཕྲོར་ལྡན་པ་དག་ནི་དཀྱིལ་འཁོར་དུ་ཞུགས་ཤིང་ཡེ་ཤེས་ཕབ་པ་ཙམ་གྱིས་ཐོབ་ལ། གཞན་དེ་ལྟར་མ་ཡིན་པ་རྣམས་ནི། ཕྱག་རྒྱ་བཞི་ཇི་ལྟར་ [245a.5]བསྒོམ་པའི་ཐབས་དང་མཚན་ཉིད་འོག་ནས་འབྱུང་བ་བཞིན་དུ་བསྒོམས་ཤིང་བསྒྲུབས་ན་འགྲུབ་པར་ཤེས་པར་བྱ་ཞེས་བཤད་དོ། །འོ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པ་དང་། ཕྱག་རྒྱ་བཞི་པོ་དག་འགྲུབ་པར་བྱ་བའི་ཐབས་གཅིག་གམ་ [245a.6]ཐ་དད་པ་ཡིན་ཞེ་ན། དེ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ནི་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཇི་སྐད་བསྟན་པ་ཉིད་ཀྱིས་བསྒྲུབ་པར་བྱའོ་ཞེས་གསུངས་པས་དངོས་གྲུབ་འདི་དག་བསྒྲུབ་པ་ལ་ནི་དམ་ཚིག་སེམས་དཔའི་སྒྲུབ་པ་ཁོ་ནའི་ [245a.7]སྦྱོར་པ་མངོན་དུ་བྱ་ལ། ཡེ་ཤེས་ཀྱི་སེམས་དཔའ་མདུན་དུ་བསམ་གྱིས། ཁོང་དུ་གཞུག་པར་བྱ་མི་དགོས། །ཞེས་བསྟན་ཏོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་རྣམས་བསྒྲུབ་པ་ལ་ནི་ཞེས་པ་ནི། ཕྱག་རྒྱ་བཞི་རྣམས་བསྒྲུབ་པ་ལ་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་ [245b] [245b.1]འབྱོར་བྱས་ནས། རང་གི་ལུས་ཀྱི་ནང་དུ་རང་གི་ཡེ་ཤེས་སེམས་དཔའ་གཞུག་པར་བྱས་ལ་བསྒྲུབ་སྟེ། དེ་ལ་སྦྱོར་བ་ནི་ཁྱད་པར་བྱ་བ་འདི་ཤེས་པར་བྱ་སྟེ་ཞེས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པའི་ཐབས་ལས་ཕྱག་རྒྱ་བཞི་ [245b.2]བསྒྲུབ་པ་ལ་ནི། ཡེ་ཤེས་སེམས་དཔའ་ཁོང་དུ་གཞུག་པའི་སྦྱོར་བ་འདི་ཁྱད་པར་དུ་བྱ་བ་ཡིན་པས་འདི་ཤེས་པར་བྱ་སྟེ་གང་ཞེ་ན། འདི་ལྟར་རང་གི་ལྷ་ཞེས་བྱ་བ་ལ་སོགས་པ་དག་གོ །རང་གི་ལྷའི་དམ་ཚིག་སེམས་དཔའ་ཞེས་པ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་ལ་སོགས་ [245b.3]པར་གསུངས་པའི་ཕྱག་རྒྱ་ཆེན་པོ་ཉིད་བསྒྲུབ་པ་ནི། ཡེ་ཤེས་ཀྱི་སེམས་དཔའ་དམ་ཚིག་སེམས་དཔའི་རྣལ་འབྱོར་བྱས་པའི་ཁོང་དུ་གཞུག་གོ། །ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ལྷས་དེ་བཞིན་དུ་ཇི་ལྟར་རིགས་པར་རྡོ་རྗེ་དང་སོགས་པའི་སྒྲས་ལྕགས་ཀྱུ་དང་། མདའ་ [245b.4]དང་། སེ་གོལ་ལ་སོགས་པ་སེམས་དཔའ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ལ་ནི། རྡོ་རྗེ་ལ་སོགས་པ་རང་གིས་གང་བསྒྲུབ་པར་བྱ་བའི་དམ་ཚིག་གི་ཕྱག་རྒྱ་སྙིང་གར་གཞག་གོ །ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པ་ལ་ནི། གང་བསྒྲུབ་པའི་རང་གི་ལྷ་ [245b.5]དམ་ཚིག་སེམས་དཔར་བསྒོམས་པའི་རང་གི་ལྕེ་ལ་བསྒྲུབ་པར་བྱ་བའི་ལྷའི་ལྕེ་སྟེང་དུ་རྡོ་རྗེ་ཆོས་ཡི་གེས་མཚན་པ་བསམ་མོ། །རྡོ་རྗེ་རྒྱ་གྲམ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་ལ་ནི་རང་གི་སྙིང་གར་ལས་ཀྱི་རྡོ་རྗེ་ཁ་བཞི་པ་སྦྱར་བར་བྱའོ། །དེ་ལྟར་ཕྱག་རྒྱ་ [245b.6]བཞི་བསྒྲུབ་པ་ལས་གཞན་དམན་པ་ལ་སོགས་པའི་དངོས་གྲུབ་ཇི་སྙེད་པོ་དག་རྩ་བའི་རྒྱུད་དེ་ཁོ་ན་ཉིད་ལས་གསུངས་པ་དང་། དེའི་ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་གསུངས་པ་ཐམས་ཅད་ནི། ཡེ་ཤེས་སེམས་དཔའ་མདུན་དུ་བསམ་པར་ཟད་ཀྱི་ཁོང་དུ་གཞུག་མི་དགོས་ཏེ་རང་གང་ [245b.7]བསྒྲུབ་པའི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཉིད་ཀྱིས་འགྲུབ་པར་གསུངས་སོ། །རྒོལ་བ་པ་ན་རེ། འོ་ན་གཞན་དག་ན་རེ། དངོས་གྲུབ་བསྒྲུབ་པ་དང་། ཕྱག་རྒྱ་བཞི་བསྒྲུབ་པ་གཉིས་ཀ་ལ་ཁྱད་པར་མེད་པར་ཡེ་ཤེས་སེམས་དཔའ་དབབ་ཅིང་མདུན་དུ་བསམ་པ་དང་། [246a] [246a.1]རང་ལ་གཞུག་པར་བྱ་དགོས་ཟེར་བ་ཡོད་ན། དེ་ལྟར་མ་ཡིན་ནམ་ཞེ་ན། གང་ཡང་འཇིག་རྟེན་པའི་དངོས་གྲུབ་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་བཟླས་བརྗོད་དང་། བསྒོམ་པ་གོམས་པར་བྱས་པ་ལས་ཇི་ལྟར་རིགས་པར་འབྱུང་བ་ཐམས་ཅད་ [246a.2]བསྒྲུབ་པའི་ཕྱིར་ཕྱག་རྒྱ་བཞི་བསྒྲུབ་པ་དང་། ཁྱད་པར་མེད་པར་བདག་ཉིད་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་བྱས་པ་ལ། ཡེ་ཤེས་སེམས་དཔའ་ཁོང་དུ་གཞུག་པ་སྔར་བྱས་ཏེ་བསྒོམ་པའམ། བཟླས་བརྗོད་བྱ་བར་འཆད་པའི་སློབ་དཔོན་དེ་རྣམས་ཀྱིས་ནི་རྡོ་རྗེ་དབྱིངས་ [246a.3]ཀྱི་དཀྱིལ་འཁོར་གྱི་སྐབས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་བཅིང་བར་བསྟན་པའི་ཐབས་དེ་དག་ལེགས་པར་མ་རྟོགས་པའི་ཕྱིར་གཟོད་ལེགས་པར་བརྟག་དགོས་ཏེ་ཞེས་གསུངས་ཏེ། སློབ་དཔོན་ཁ་ཅིག་ན་རེ། གང་ཡང་འཇིག་རྟེན་པའི་དངོས་གྲུབ་དང་འཇིག་རྟེན་ལས་འདས་ [246a.4]པའི་དངོས་གྲུབ་བཟླས་བརྗོད་དང་། ཕྱག་རྒྱ་ཆེན་པོ་བསྒོམ་པ་གོམས་པར་བྱས་པ་ལས་དེ་དག་ཇི་ལྟར་རིགས་པར་འབྱུང་བ་ཐམས་ཅད་བསྒྲུབ་པའི་ཕྱིར་དེ་གཉིས་ལ་ཁྱད་པར་མེད་པ་དང་པོར་བདག་ཉིད་གང་བསྒྲུབ་པར་འདོད་པའི་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་ [246a.5]འབྱོར་མངོན་དུ་བྱས་པའི་ལུས་ལ་ཡེ་ཤེས་སེམས་དཔའ་གཞུག་པ་སྔར་བྱས་ཏེ། དེ་ནས་གདོད་བསྒོམ་པ་དང་བཟླས་བརྗོད་བྱ་བར་འཆད་པའི་སློབ་དཔོན་དེ་རྣམས་ཀྱིས་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཅིང་བར་ [246a.6]བསྟན་པ་དེ་ལེགས་པར་བརྟགས་དགོས་ཏེ་འོག་ནས་འབྱུང་བ་འདི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་པའི་སྐབས་དེར་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་དམ་ཚིག་སེམས་དཔར་གང་བསྒོམ་པའི་ཕྱག་རྒྱ་ཆེན་པོར་བདག་ཉིད་བྱིན་གྱིས་བརླབ་པར་བྱས་ནས། ཕྱག་ [246a.7]རྒྱ་ཆེན་པོ་བསྒྲུབ་པའི་རྣལ་འབྱོར་པ་དེ་ཉིད་ལ་ཡེ་ཤེས་ཀྱི་སེམས་དཔའ་གཞུག་པར་བསྟན་ཏེ། རྒྱུད་དེ་ཉིད་ལས། དེ་ནས་འདིར། ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བཤད། །ཅེས་བྱ་བ་ལ་སོགས་པའི་རིམ་གྱིས་བསྟན་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་འབྲས་བུ་བསྟན་ [246b] [246b.1]པའི་མཐའི་པར་གྱིས་གཞུང་གིས་བཤད་དོ། །དེའི་འོག་ཏུ་གདོད་རྡོ་རྗེ་སེམས་དཔའ་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པའི་མཚན་ཉིད་བསྟན་ནས། རང་གི་ཕྱག་རྒྱ་སྙིང་གར་གནས། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །ཞེས་བྱ་བས་དེ་རྣམས་བསྒྲུབ་པ་ [246b.2]གསུངས་ཏེ། དེ་ལ། རང་གི་ཕྱག་རྒྱ་སྙིང་གར་གནས། །ཞེས་པ་ནི། རྡོ་རྗེ་ལ་སོགས་པ་གང་བསྒྲུབ་པར་འདོད་པ་དམ་ཚིག་གི་ཕྱག་རྒྱའི་མཚན་མའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །ཞེས་པ་ནི། ཟླ་བའི་དཀྱིལ་འཁོར་ལ་གནས་པའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེའི་མཚན་ [246b.3]ཉིད་གནས་པ་ལ་བྱ་སྟེ། དེ་ཡང་རིམ་པ་ནི། དམ་ཚིག་སེམས་དཔའི་སྦྱོར་བ་མངོན་དུ་བྱས་པའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་གང་བསྒྲུབ་པར་འདོད་པ་དེའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདིར་རྡོ་རྗེ་ཞེས་བརྗོད་པ་ནི་ཉེ་བར་མཚན་པའི་ཚིག་གོ། །དེ་བཞིན་དུ་ཆོས་ཀྱི་ཕྱག་རྒྱ་དང་། [246b.4]ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱང་རྒྱུད་དེ་ཉིད་ལས་གསལ་བར་བསྟན་ནས། ལྕེ་དང་སྙིང་ག་ན་གནས་པར་བསྟན་ཏོ། །འོན་ཏང་དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྐབས་དེར་བརྟགས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བཟླས་བརྗོད་གོམས་པར་བྱས་པས་བསྒྲུབ་ [246b.5]པ་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པ་གཉི་ག་ལ་ཁྱད་པར་མེད་པས་ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་ལགས་པར་བྱ་བ་ག་ལ་ཡོད་དེ་མེད་དོ་ཞེས་རྒྱུད་ཀྱི་དོན་རྟོགས་པ་ལ་མཁས་པའི་སློབ་དཔོན་མཁས་པ་རྣམས་ཀྱིས་བསྟན་ཏོ་ཞེས་བྱའོ། །དེ་ལས་གང་ [246b.6]ལ་ཡོད་ཅེས་བྱ་བ་ནི། རྒྱུད་ལས་ག་ལ་འབྱུང་སྟེ་མི་འབྱུང་བ་ལ་ཁྱེད་ཀྱིས་དེ་ལྟར་རྟོག་པ་ནོར་བར་རྟོགས་པ་ཡིན་པས་དེ་ལྟར་མ་བྱེད་ཅིག་ཅེས་དགག་པར་བསྟན་པའོ། །གཞན་ཡང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཞེས་པ་ནི། དེ་བཞིན་གཤེགས་པ་ལས་ [246b.7]ལོགས་སུ་ཕྱེ་བའི་ཕྱིར་ན་གཞན་ཞེས་སྨོས་ཏེ། ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་པོ་རྣམས་སོ། །རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་བཞི་རྣམས་སུ་ཞེས་པ་ནི། རྡོ་རྗེ་དབྱིངས་དང་། ཁམས་གསུམ་རྣམ་པར་རྒྱལ་བ་དང་། འགྲོ་བ་འདུལ་བ་དང་། དོན་ [247a] [247a.1]ཐམས་ཅད་གྲུབ་པ་དང་། བཞི་པོ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་རྣམས་ཀྱིས་གནས་ཞེས་པ་ནི། སྤྱི་དང་ཁྱད་པར་གཉིས་ཀའི་དབང་དུ་ཕྱག་རྒྱ་བཞི་པོའི་ངོ་བོའམ། ཡང་ན་གནས་སྐབས་ཀྱིས་འགྱུར་བའི་ཚུལ་དུ་གནས་ཏེ། དེ་རྣམས་ཇི་ལྟར་ [247a.2]རིགས་པར་རང་གི་ལྷ་དང་མཐུན་པ་ཉིད་དུ་དེའི་ང་རྒྱལ་བསྐྱེད་ནས་བསྒོམ་པ་ལ་ནི། རང་གི་ལུས་ཀྱི་ནང་དུ་ཡེ་ཤེས་ཀྱི་སེམས་དཔའ་གཞུག་པའམ། བསམ་པའི་རིགས་སོ། །དེ་ལས་པ་ལ་སོགས་པའི་དངོས་གྲུབ་སྒྲུབ་པ་ཡི་ནི་རིམ་པ་ཡང་འདི་ལྟ་སྟེ་ཞེས་པ་ནི། གཏེར་སྒྲུབ་པ་ [247a.3]སྟེ། སོགས་ཀྱི་སྒྲས་ནི་དེ་ལས་གཞན་པའི་དངོས་གྲུབ་ཕྱིས་འབྱུང་བ་རྣམས་བསྡུའོ། །དེའི་རིམ་པ་ཡང་འདིའོ་ཞེས་པ་ནི་དེ་སྒྲུབ་པའི་ཐབས་ཀྱི་གོ་རིམས་ཀྱང་འདི་ལྟར་བྱ་སྟེ། གང་ཞེ་ན། དང་པོར་སེམས་སྦྱང་བར་བྱ་བའི་ཕྱིར་སྔར་བསྟན་པའི་རྡོ་རྗེ་ཕྲ་མོ་ཏིང་ངེ་འཛིན་དང་། སོགས་ཀྱི་ [247a.4]སྒྲས་མི་གཙང་བར་བརྟག་པ་དང་། མི་གཙང་བར་བསྒོམ་པའི་ཐབས་བསྡུ་སྟེ། དེ་དག་ལ་རབ་ཏུ་གོམས་པར་བྱས་ནས་ལས་སུ་རུང་བར་གྱུར་པ་དང་། བདག་ཉིད་ལྷ་གང་བསྒོམ་པ་དེའི་དམ་ཚིག་སེམས་དཔའི་རྣལ་འབྱོར་དུ་བྱས་ནས་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་ [247a.5]འདི་དག་དང་ལྡན་པར་བྱས་ཏེ། དེ་བཞིན་དུ་ཡེ་ཤེས་སེམས་དཔའ་མདུན་དུ་བསམས་ལ་ཅི་ནུས་སུ་མཆོད་པར་བྱས་ནས། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་སྐད་ཅིག་གིས་ཁུགས་པར་བྱས་ལ། ཏིང་ངེ་འཛིན་དེ་བཏང་ནས་འོག་ནས་འབྱུང་བའི་ཆོ་གའི་རིམ་པས། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དྲལ་བ་ [247a.6]སྔར་བྱས་ཏེ། དབབ་པའི་སྙིང་པོ། ཨོཾ་ཨཱ་བེ་ཤ་ཨཿཞེས་པ། ཕྱག་རྒྱ་དང་སྦྱར་ལ་བྱ་བ་དང་། ཡེ་ཤེས་དབབ་པ་ཡང་མངོན་དུ་བསྟན་པར་བྱའོ། །དེ་ལྟར་བྱ་བ་ལ་འདི་ནི་ཕལ་ཆེར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་ཐབས་ཤེས་རབ་ [247a.7]ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་འདི་དག་སྔོན་གྱི་དུས་སུ་དང་པོ་ལ་བྱ་བའི་ཆོ་ག་སྟེ། དེ་ནས་གདོད་དངོས་གྲུབ་བསྙེན་པའི་ཆོ་ག་བྱའོ། །དེ་ལ་དངོས་གྲུབ་རྣམས་ཀྱི་ནང་ན་འདོད་པའི་དངོས་གྲུབ་རྣམས་བསྒྲུབ་སླ་བས་ན། རྒྱུད་ལས་དང་པོར་བཤད་དེ། དེ་ལ་གང་འདོད་པའི་དངོས་ [247b] [247b.1]གྲུབ་དེ་གྲུབ་པར་བྱ་བའི་ཕྱིར་སློབ་དཔོན་གྱི་མན་ངག་དག་དང་། བསྒོམ་པ་དང་། རྫས་ཇི་ལྟར་བླང་བའི་ཐབས་དང་། རིམ་པ་སྒྲུབ་ཐབས་ཀྱི་སྐབས་འདིར་ཡང་འདི་ལྟར་བསྟན་ཏོ། །དེ་ཡང་ཇི་སྐད་དུ་རྒྱུད་ལས། གཏེར་ལ་རྡོ་རྗེ་གཟུགས་གནས་པ། སྙིང་གཉིད་དུ་བསྒོམ་པར་ [247b.2]བྱ། །བསྒོམས་པས་ས་ལ་གནས་པ་ཡི། །གཏེར་གྱི་རྣམ་པའང་ཐོབ་པར་འགྱུར། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། སྔ་མ་བཞིན་དུ་ཐམས་ཅད་སྤྱིའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ལ་སོགས་པའི་ཡེ་ཤེས་དབབ་པའི་མཐའི་བར་དུ་སྔོན་གྱི་དུས་སུ་བྱ་ [247b.3]རྣམས་བྱས་ནས་ཞེས་པ་སྔར་བསྟན་པ་བཞིན་དུ་དམ་ཚིག་སེམས་དཔའི་རྣལ་འབྱོར་དང་། ཡེ་ཤེས་དབབ་པ་ལ་སོགས་པའི་རིམ་པར་བྱ་བའོ། དུས་བཞིར་ཅི་ནུས་བསམ་པ་ནི། འདི་ལྟ་སྟེ་ཞེས་པ་ཏིང་ངེ་འཛིན་རིམ་པ་བསྟན་པ་སྟེ། རང་གི་སྙིང་གར་གཏེར་གྱི་བུམ་ [247b.4]པའི་ནང་དུ་གནས་པའི་ཞེས་པས། བདག་དེ་བཞིན་གཤེགས་པ་མི་བསྐྱོད་པའམ། དེའི་རིགས་ཀྱི་སེམས་དཔའ་གང་ཡང་རུང་བའི་དམ་ཚིག་སེམས་དཔའི་སྦྱོར་བ་མངོན་དུ་བྱས་ལ། དེའི་སྙིང་གར་གཏེར་གང་ལ་ཡོད་པའི་གཏེར་གྱི་བུམ་པ་བསམ་པའི་ནང་ན་ཟླ་བའི་དཀྱིལ་འཁོར་ [247b.5]ལ་རང་གི་རིགས་དང་མཐུན་པའི་རྡོ་རྗེ་རྩེ་ལྔ་པ་བསམས་ནས། བཛྲ་ནི་དྷི་ཞེས་པའི་སྙིང་པོ་འདི། རྡོ་རྗེ་ཚིག་གིས་བརྗོད་ཅིང་བསྒོམ་མོ། །དེ་ནས་སེམས་དེ་ལས་སུ་རུང་ཞིང་དེའི་མི་མཐུན་པའི་ཕྱོགས་རྣམས་བཅོམ་སྟེ། རྡོ་རྗེ་དང་ལྡན་པའི་བུམ་པ་ལ་དམིགས་པའི་ཏིང་ངེ་འཛིན་ [247b.6]རབ་ཏུ་གསལ་བར་སྣང་ཞིང་ཏིང་ངེ་འཛིན་ཐམས་ཅད་གྲུབ་པའི་སྤྱིའི་མཚན་མའི་མཚན་ཉིད་དང་རྗེས་སུ་མཚན་ཉིད་མ་ཡང་བྱུང་ལ། སྙིང་གར་བརྟགས་པའི་བུམ་པ་དང་རྡོ་རྗེ་ཡང་སྣང་བར་གྱུར་གྱི་བར་དེ་སྲིད་དུ་བསྒོམ་མོ། །དེ་ནས་ཏིང་ངེ་འཛིན་ཐམས་ཅད་གྲུབ་པའི་མཚན་མའི་མཚན་ཉིད་ [247b.7]ཀྱང་འོག་ནས་འབྱུང་བའི་བཞིན་སྣང་ལ། བུམ་པའི་རྡོ་རྗེ་ཡང་མངོན་དུ་གྱུར་པ་དང་། བདག་དང་གནས་བསྲུང་བ་དང་། ཕྱི་ནང་གི་མཆོད་པའི་ཆོ་ག་བྱ་སྟེ། གཏེར་ཁོ་ན་ལ་དམིགས་པའི་ཏིང་ངེ་འཛིན་དེ་ཉིད་ཀྱིས་མཚན་གཅིག་ཏུ་གནས་ཏེ། དེའི་འོག་ས་གནས་བརྟག་པའི་ཕྱིར་ཞེས་པ། དེ་ [248a] [248a.1]ལྟར་བསྒོམས་པའི་འོག་ཏུ་ཕྱི་དེ་ནུབ་མོ་དེས་པའི་གནས་བརྟག་པའི་ཕྱིར་སྔར་གསུངས་པ་དེ་བཞིན་དུ་མཆོད་པའི་ཆོ་ག་བྱས་ལ། དེར་ཞོར་ལ་འབྱུང་པོ་རྣམས་ལ་ཡང་སོ་སོ་རང་རང་གི་དམ་རྫས་ཅི་ཚོགས་པ་བསགས་པའི་གཏོར་མ་སྔ་ནས་བཤམས་པ་བྱིན་ཏེ། ས་པའི་ [248a.2]ཞེས་པ་གཏེར་གང་ན་ཡོད་པའི་རེ་བའི་གནས་དེ་ཉིད་དམ། ཡང་ན་གང་ཡང་རུང་བའི་གནས་སུ་འདུག་ལ། ཇི་ལྟར་སྔར་བསྒོམ་པ་གོམས་པའི་ཏིང་ངེ་འཛིན་དེ་ཉིད་གོམས་པ་མངོན་དུ་བྱས་ཏེ། ཇི་སྲིད་དུ་ཏིང་ངེ་འཛིན་མཉམ་པར་གཞག་པ་ལ་གནས་པའི་སེམས་ལས་སུ་རུང་ [248a.3]བ་ཉིད་ཀྱིས་ས་ལ་གནས་པའི་གཏེར་གང་ན་ཡོད་པ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ལྟར་སྣང་བར་གྱུར་པ་དང་། བླང་བའི་ཐབས་ནི་དེ་ནས་རྡོ་རྗེ་དྲལ་བའི་ཕྱག་རྒྱ་བཅིངས་ཏེ། ས་བརྐོས་ལ་བླང་བར་བྱའོ། །དེ་ལྟར་གོང་ནས་འབྱུང་བའི་སྦྱོར་བ་ [248a.4]གནས་ཞེས་པ་གོང་དུ་བསྟན་པ་དེ་ལྟར་རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཀྱི་གཏེར་བསྒྲུབ་པ་ཡང་སྤྱིའི་ཆོ་ག་སྔར་བསྟན་པ་འདི་ལྟར་བྱའོ། །དེ་རྣམས་ཀྱི་བྱེ་བྲག་གང་ཡིན་པ་དེ་ནི་འདིར་བཤད་པར་བྱ་སྟེ་ཞེས་པ་གཏེར་ལྷག་མ་གསུམ་པོ་དེ་དག་ཇི་ལྟར་བསྒྲུབ་པའི་བྱེ་བྲག་གང་ལྟར་ [248a.5]ཡིན་པ་དེ་ནི་སྐབས་འདིར་བཤད་དེ། དེ་ལ་སྦྱོར་བ་གཉིས་པ་ཞེས་པ་ནི། རྡོ་རྗེ་རིགས་ཀྱི་གཏེར་བསྒྲུབ་པ་སྟེ། དེ་ལ་ནི་སྙིང་པོ་ར་ཏྣ་ནི་དྷི་ཞེས་པ་འདིས་ནམ་མཁའ་ལ་རྡོ་རྗེ་བསྒོམ་པར་བྱའོ། །དེ་ལྟར་ཡུན་རིང་དུ་བསྒོམས་ནས་སེམས་ལས་སུ་རུང་བ་དང་། ནམ་མཁའ་ལ་གནས་པའི་རྡོ་རྗེ་ [248a.6]དེ་གཏེར་གང་ན་ཡོད་པའི་སྟེང་དུ་ལྷུང་པར་བརྟག་གོ། །དེ་ལྟར་ཡང་རྒྱུད་ལས་འདི་སྐད་དུ། རྡོ་རྗེ་གཟུགས་ནི་བྲིས་ནས་སུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་རྡོ་རྗེའི་ནོར་བུ་རིན་པོ་ཆེ་སྟེ། ཡིད་ཀྱིས་གསལ་བར་བརྟག་གི་མདུན་གྱི་ནམ་མཁའ་ལ་བསམ་པར་ [248a.7]བྱའོ། །སྦྱོར་བ་གསུམ་པ་ཞེས་པ་ནི། པདྨའི་རིགས་ཀྱི་གཏེར་སྒྲུབ་པ་སྟེ། རང་གི་ལྕེ་ལ་དྷ་རྨཱ་ནི་དྷི་ཞེས་པའི་སྙིང་པོ་འདིས་ཇི་སྐད་དུ། རིགས་དང་མཐུན་པར་བྱ་ཞེས་གསུངས་པའི་དོན་གྱིས་རྡོ་རྗེ་ཁ་དོག་དམར་པོར་བསྒོམས་ཏེ། ཇི་སྲིད་རང་གི་གཏེར་འདི་ན་ཡོད་དོ་ཞེས་སྨྲ་བར་གྱུར་གྱི་ [248b] [248b.1]བར་དུ་བསྒོམས་ཏེ། དེ་ལྟར་གྱུར་པ་དང་། ནུབ་གཅིག་བརྟག་པ་དེ་བསྲུང་བ་དང་། མཆོད་པ་ལ་སོགས་པ་བྱས་ནས། ནུབ་གཅིག་རྟག་པར་བཟླས་ཤིང་གསལ་བར་བརྟགས་ནས་གང་ན་ཡོད་པ་བསླང་བར་བྱའོ། །དེའི་དོན་ཡང་རྒྱུད་ལས། ལྕེ་ལ་ཡང་ནི་རྡོ་རྗེའི་གཟུགས། །ཞེས་གསུངས་ [248b.2]པ་ཡིན་ནོ། །སྦྱོར་བ་བཞི་པ་ཞེས་པ་ནི། ལས་ཀྱི་རིགས་ཀྱི་གཏེར་བསྒྲུབ་པ་སྟེ། དང་པོར་བདག་གི་ལུས་སྟོང་པར་བཤིག་པ་ལ་རྡོ་རྗེ་རྒྱ་གྲམ་རྡུལ་ཕྲ་མོའི་ཚད་ཙམ་སླར་བདག་གི་ལུས་སུ་གྱུར་ཏེ། བདག་གི་ལུས་རྡོ་རྗེ་རྒྱ་གྲམ་གྱི་ངོ་བོར་གྱུར་པས། ཀརྨ་ནི་དྷི་ཞེས་པའི་སྙིང་པོ་འདི་བསྒོམས་ [248b.3]ཏེ། བསྒྲུབ་པའི་ཚེ་རྟག་པར་དེ་ལྟར་བསྒོམས་པས་བདག་གི་ལུས་དེ་ཉིད་གཏེར་གང་ན་ཡོད་པའི་གནས་སུ་ལྷུང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྔ་མ་ལྟ་བུའི་སྦྱོར་བ་དང་ལྡན་པར་བྱས་ནས་གཏེར་བླང་བར་བྱ་སྟེ། འདི་སྐད་དུ་རྒྱུད་ལས། ལུས་དང་ངག་དང་ཡིད་རྣམས་ [248b.4]ཀུན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྙིང་པོ་རྣམ་པ་བཞི་པོ་འདི་ཡང་རིགས་ཀྱི་བྱེ་བྲག་ལས་བསྟན་ཏེ་ཞེས་པ་རིགས་སོ་སོའི་གཏེར་བསྒྲུབ་པའི་དབང་གིས་སོ་སོའི་རིགས་ཀྱི་བྱེ་བྲག་དང་མཐུན་པར་བསྟན་ཞེས་པའི་དོན་ཏོ། །དེ་བས་ན་རང་གི་རིགས་སུ་གཏོགས་པའི་ལྷ་ཐམས་ [248b.5]ཅད་ཀྱི་སོ་སོ་སྒྲུབ་པའི་བྱེ་བྲག་ལས་བཤད་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་བུམ་པ་བསྒྲུབ་པར་གྱུར་ན། དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བས་བྱའོ། །དེ་བཞིན་དུ་རིགས་ལྷག་མ་གསུམ་གྱི་གཏེར་ [248b.6]བསྒྲུབས་ན་ཡང་དེ་དག་གི་སོ་སོར་དེ་བཞིན་དུ་བསྒྲུབ་པར་བྱའོ། །རྡོ་རྗེ་རྫུ་འཕྲུལ་ལ་སོགས་པ། །ཞེས་པ་རྡོ་རྗེའི་རྫུ་འཕྲུལ་བས་ན། རྡོ་རྗེའི་རྫུ་འཕྲུལ་ཏེ། སོགས་ཀྱིས་ལྷག་མ་གསུམ་བསྡུས་ཏེ། རིགས་བཞི་སོ་སོའི་དངོས་གྲུབ་བཞིའི་སྦྱོར་བའི་མཚན་ཉིད་གཞན་བསྟན་པ་ [248b.7]དག་ལ་ཡང་ཕལ་ཆེར་སྔར་བསྟན་པའི་རིམ་པ་དང་ཐབས་དེ་བཞིན་དུ་བྱའོ་ཞེས་སྤྱིར་བསྟན་ཏོ། །དེ་ལྟར་བསྟན་པ་དེ་ལ་འོག་ནས་འབྱུང་བ་འདི་ནི་རྡོ་རྗེ་རྫུ་འཕྲུལ་བསྒྲུབ་པའི་མན་ངག་གོ ། གང་ཞེ་ན་རྒྱུད་ལས། རྡོ་རྗེ་བབ་པར་གྱུར་ནས་སུ། །ཆུ་ལ་རྡོ་རྗེའི་གཟུགས་བཞིན་དུ། །བསྒོམས་ན་མྱུར་དུ་གྲུབ་ [249a] [249a.1]པ་ནི། །ཆུ་ཡི་སྟེང་ནའང་འཆག་པར་འགྱུར། །ཞེས་གསུངས་ཏེ། དང་པོར་རེ་ཞིག་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་ཐམས་ཅད་བྱས་ལ་ཞེས་པ་ནི། འདིར་ཡང་སྔར་གསུངས་པ་བཞིན་དུ། དང་པོར་དམ་ཚིག་སེམས་དཔའ་བསྒོམ་པ་དང་། ཡེ་ཤེས་དབབ་པ་ལ་སོགས་པའི་རིམ་པ་བྱས་ལ། དེ་ [249a.2]ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ། དང་པོར་སྔགས་ཨན་ཏྭ་ཏ་ཞེས་པའི་སྔགས་བརྗོད། དེའི་རྗེས་ལ་རྡོ་རྗེ་དབབ་པའི་སྙིང་པོ་ཨོཾ་བཛྲ་ཨཱ་བེེ་ཤ་ཨཿཞེས་པ་ནི་རྡོ་རྗེ་ཚིག་གིས་བརྗོད་དོ། །དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་དེ་གཉིས་སུ་བྱས་ལ། ཞེས་པའི་ཕྱག་རྒྱ་བཅིངས་ལ། ཡི་གེ་བརྒྱ་པ་སྔར་གསུངས་པའི། ། [249a.3]ཞེས་པའི་སྔགས་འདི་ཡང་རྡོ་རྗེ་ཚིག་གིས་ཇི་ཙམ་ནུས་ཀྱི་བར་དུ་བརྗོད་པར་བྱའོ། །དེ་ལྟར་བྱས་ན་ཡེ་ཤེས་དབབ་པར་འགྱུར་ཏེ། དེ་བས་ན་ཞེས་པ་ཡེ་ཤེས་དབབ་པར་འགྱུར་བས་ན་དེའི་རྟགས་ནི་ལུས་དང་ངག་དང་སེམས་མཉམ་པར་གནས་པ་དང་། རྗེས་སུ་མི་མཐུན་པར་གྱུར་པའི་མཚན་མ་ལུས་འདར་བ་དང་ [249a.4]ངག་འཆོལ་བ་ལ་སོགས་པ་འབྱུང་བར་མི་འགྱུར་ཞིང་སྔ་མ་ཁོ་དམིགས་པ་བཞིན་དུ་གནས་པར་འགྱུར་རོ། །དངོས་གྲུབ་བཤད་ཟིན་པ་དང་མ་བཤད་པའི་སྦྱོར་བ་ཞེས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྔར་བཤད་ཟིན་པ་དང་། སྔར་མ་བཤད་པ་གདོད་ཕྱི་ནས་བཤད་པའི་སྦྱོར་བ་ [249a.5]ཐམས་ཅད་ལ་འདིར་བསྟན་པའི་རྡོ་རྗེ་དབབ་པའི་ཆོ་ག་འདི་སྦྱར་བར་བྱའོ། །དེ་ལ་སྐབས་འདིར་བཤད་པ་འདི་ནི་ཆུའི་སྟེང་ན་ས་ལ་བྱ་བ་བཞིན་དུ་འཆག་པའི་རྫུ་འཕྲུལ་བསྐྱེད་པའི་སྦྱོར་བ་སྟེ། འདིའི་སྦྱོར་བ་ཡང་དང་པོར་རེ་ཞིག་རྣལ་འབྱོར་པ་བདག་ཉིད་རྡོ་རྗེ་རྫུ་འཕྲུལ་བསྒྲུབ་པར་འདོད་པ་དེ་མཚོ་དང་རྒྱ་མཚོ་དང་ [249a.6]ལུ་མ་དང་། སོགས་ཀྱི་སྒྲས་ཆུ་བྲན་དང་ལྟེང་ཀ་ཡང་བསྡུ་སྟེ། གང་ཡང་རུང་བའི་ངོགས་སུ་གནས་ལ་དེ་དག་ཏུ་ཡང་གནས་རབ་ཏུ་དབེན་པར་བྱས་སམ་ཏིང་ངེ་འཛིན་གྱི་རྣལ་འབྱོར་རབ་ཏུ་དབེན་པར་བྱས་ཀྱང་རུང་། ཡང་ན་ཁང་པ་དང་། སྦྲ་གུར་ལ་སོགས་པ་ཇི་ལྟར་འདོད་པའི་གནས་སུ་འདུག་སྟེ། [249a.7]གནས་དེར་ཁམ་པ་དང་ཟངས་མ་ལ་སོགས་པ་ལས་བྱས་པའི་སྣོད་ཁ་ཡངས་པ་དག་ན་ཆུས་བཀང་བ་བཞག་སྟེ། ཕྱི་ནང་གི་མཆོད་པ་ལ་སོགས་པ་སྔོན་དུ་བྱས་པ་ནས་ཡེ་ཤེས་དབབ་པའི་བར་དུ་དགོངས་པའི་ཆོ་ག་ཐམས་ཅད་བྱས་ཏེ། ཆུའི་གཞི་དེ་མིག་གིས་མངོན་སུམ་དུ་མཐོང་བར་བྱས་ནས། བཛྲ་ཛ་ [249b] [249b.1]ལ་ཞེས་པའི་སྙིང་པོ་འདི་ཡིད་ལ་གནས་པར་ཡང་ནས་ཡང་དུ་བརྗོད་ཅིང་། ཆུའི་རྡུལ་ཕྲ་རབ་ཇི་སྙེད་པ་ཡོད་པ་ཐམས་ཅད་རྡོ་རྗེའི་གཟུགས་མང་པོར་གྱུར་ནས་འཕྲོ་ཞིང་འདུ་བའི་ཚུལ་གྱིས་གཅིག་ལ་གཅིག་འབྱར་ནས་ཆུ་དེ་ལྟར་འདོད་པའི་བཞིན་དུ་ཁྱབ་པ་རྡོ་རྗེའི་གཟུགས་གཅིག་པུ་རང་གི་རིགས་ཀྱི་ལྷའི་ [249b.2]ཁ་དོག་དང་མཐུན་པར་གྱུར་པའི་མཚན་མ་བྱུང་གི་བར་དུ་ཡིད་ཀྱིས་བརྟག་གོ། །དེ་ལྟར་སྣང་ནས་ཀྱང་དུས་བཞིར་དངོས་གྲུབ་ཐམས་ཅད་ཅི་གྲུབ་པའི་མཚན་མ་འོག་ནས་འབྱུང་བ་དེ་མངོན་དུ་མ་གྱུར་བར་དུ་བསྒོམ་མོ། །དེ་ནས་སེམས་ཏིང་ངེ་འཛིན་དེ་ཁོ་ན་ལ་མཉམ་པར་གཞག་པ་ཉིད་ཀྱིས་ནང་གི་ཡིད་ཀྱི་ [249b.3]རྣམ་པར་ཤེས་པ་ལ་དངོས་གྲུབ་དེའི་རྣམ་པར་སྣང་བའི་རྣམ་པར་རྟོག་པ་མ་བཏང་བར་ཆུ་དེ་ཉིད་སྲ་བར་གྱུར་ཅིང་རྐང་ལག་གིས་རེག་པར་བྱར་རུང་ཞིང་། ཆུ་དེ་རྡོ་རྗེ་དང་འདྲ་བར་སྲ་བར་གྱུར་པར་སྣང་གི་བར་དུ་བསྒོམ་པར་བྱ་སྟེ། དེ་ནས་དེ་ལྟར་གྱུར་པ་དང་། རིགས་གང་ཡང་རུང་པ་བསྒྲུབ་པ་དེའི་ [249b.4]དཀྱིལ་འཁོར་གང་ཡང་རུང་བ་ཅིག་ཆུ་དེའི་སྟེང་དུ་བྲིས་ཏེ། སྔོན་གྱི་དུས་སུ་བྱ་བའི་ཆོ་ག་རྣམས་བྱས་ནས་ཞེས་པ་ནི། བསྲུང་བ་དང་། མཆོད་པ་ལ་སོགས་པ་བསྒྲུབ་པ་གཞན་ལ་བསྟན་པའི་ཆོ་ག་རྣམས་སྔར་བྱས་ནས། ནུབ་གཅིག་ཕྱག་རྒྱ་ཆེན་པོ་དང་། ཆུ་ཉིད་རྡོ་རྗེར་སྣང་བའི་ཏིང་ངེ་འཛིན་ [249b.5]དེ་ཉིད་ཀྱི་ངང་གིས་གནས་སོ། །དེ་ནས་ནམ་ཆུའི་སྟེང་དུ་འགྲོ་བར་འདོད་པ་དེ་ན། ཆུ་དེའི་དྲུང་དུ་ཏིང་ངེ་འཛིན་འདིའི་ཆོ་ག་བཞིན་དུ་མངོན་དུ་བྱས་ཏེ། དེ་བཞིན་དུ་མཉམ་པར་གཞག་པའི་ཏིང་ངེ་འཛིན་དེ་ཉིད་ཀྱིས་ལངས་ནས། ཆུ་དེའི་སྟེང་ནས་འགྲོ་བ་དང་། འོང་བ་དང་། སོགས་ཀྱི་སྒྲས་འཆག་ [249b.6]པ་དང་། འདུག་པ་དང་། ཉལ་བདག་བསྡུ་སྟེ་དེ་དག་ཏིང་ངེ་འཛིན་མ་བཏང་གི་བར་དུ་བྱེད་ནུས་པར་འགྱུར་རོ། །འདོད་པའི་གཟུགས་སྟོན་པའི་སྦྱོར་བ་ནི་ཞེས་པ་འགྲོ་བ་གང་ལ་གཟུགས་ཇི་ལྟར་འདོད་པ་བཞིན་དུ་སྟོན་པར་ནུས་པའི་ཏིང་ངེ་འཛིན་ནི་འདོད་པའི་གཟུགས་སྟོན་པར་ནུས་པའི་སྦྱོར་བ་ [249b.7]སྟེ། རྒྱུད་ལས་ཇི་སྐད་དུ། དེ་བཞིན་རྡོ་རྗེ་དབང་བྱས་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། སྔོན་གྱི་དུས་སུ་བྱ་བའི་ཆོ་ག་ཞེས་པ་ནི། ཕྱག་རྒྱ་ཆེན་པོ་བསྒོམ་པ་ནས་ཡེ་ཤེས་དབབ་པའི་བར་དུ་སྟེ། དེ་དག་དེ་བཞིན་དུ་བྱས་ནས་བདག་ཉིད་གང་འདོད་པའི་གཟུགས་སུ་ [250a] [250a.1]བརྟགས་ནས། སྙིང་པོ་བཛྲ་རཱུ་པ་ཞེས་བྱ་བ་ཡིད་ཀྱིས་རིམ་གྱིས་བཟླས་ཤིང་། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ཇི་ལྟར་འདོད་པའི་གཟུགས་གང་ཡང་རུང་བ་ཅིག་ཏུ་བདག་ཉིད་བསམ་པ་སྟེ། ཇི་སྲིད་བར་དུ་གསལ་ཞིང་བདག་ཉིད་ལ་སྣང་བར་གྱུར་ཏེ། ཐ་ན་གཞན་གྱིས་ཀྱང་ [250a.2]མཐོང་གི་བར་དུ་བསམ་མོ། །དེ་ནས་དེ་ལས་གཞན་པའི་གཟུགས་སུ་བསམ་ཞེས་པ་དེ་ལས་སུ་རུང་བ་དང་། དེ་ལས་གཞན་པའི་གཟུགས་གང་ཡང་རུང་བར་བསམ་མོ། །དེ་ལས་སུ་རུང་བ་དང་དེ་ལས་ཀྱང་གཞན་པའི་གཟུགས་བསྒྱུར་ཏེ་བསམ་མོ། །དེ་ལྟར་བསྒྱུར་བ་དང་སེམས་དབང་དུ་གྱུར་ནས་དེ་བཞིན་དུ་ [250a.3]སྣང་དུ་བཏུབ་པ་དང་། ཏིང་ངེ་འཛིན་དེའི་ངང་ལ་ནུབ་གཅིག་ལ་གནས་ནས་ནམ་འདོད་པ་ན་བདག་ཉིད་དེའི་གཟུགས་སུ་བསམས་ཏེ། ནམ་ཏིང་ངེ་འཛིན་ལས་མ་ལངས་ཀྱི་བར་དུ་བདག་ཉིད་དེ་ལྟར་སྣང་བར་རང་གིས་མཐོང་ཞིང་གཞན་གྱིས་ཀྱང་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་མོ། །དེ་ལྟར་བསྒོམས་ན་གང་ལྷར་ [250a.4]འདོད་པའི་གཟུགས་སྟོན་ནུས་པར་འགྱུར་རོ། །མི་སྣང་བའི་རྣལ་འབྱོར་ཞེས་པ་ནི་གཞན་གྱི་དབང་པོའི་སྤྱོད་ཡུལ་དུ་མི་འགྱུར་བར་བྱ་བ་ནི། མི་སྣང་བའི་དངོས་གྲུབ་སྟེ་རྣལ་འབྱོར་གྱི་མཐུ་ཡང་བྱུང་བས་ན་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཡང་རྒྱུད་ལས། དེ་བཞིན་བདག་ལ་བབས་ནས་སུ། །ཞེས་བྱ་བ་ལ་སོགས་ [250a.5]པ་གསུངས་ཏེ། རང་གི་ལུས་རྡུལ་ཕྲ་རབ་ཏུ་བཤིག་པའི་རིམ་གྱིས་རང་བཞིན་མེད་པ་ནམ་མཁའ་ལྟ་བུར་བརྟགས་པ། སྙིང་བོ་བཛྲ་ཨཱ་ཀཱ་ཤ་ཞེས་ཡིད་ལ་བརྗོད་ཅིང་བདག་ཉིད་ནམ་མཁའ་དང་འདྲ་བར་གྱུར་པའི་ཏིང་ངེ་འཛིན་གྱིས་མཚན་མ་མ་བྱུང་གི་བར་དུ་བསྒོམ་མོ། །དེ་གྱུར་པ་དང་དེའི་ངང་ལས་སེམས་ [250a.6]མཉམ་པར་བཞག་ན་ཐད་ན་འཁོད་པ་རྣམས་ཀྱིས་ཀྱང་མི་མཐོང་བར་གྱུར་ཏོ། །དེ་ལྟར་གྱུར་པ་དང་གང་ལྟར་བསྒྲུབ་པ་དེའི་དཀྱིལ་འཁོར་བྲིས་ཏེ། ནུབ་གཅིག་ཇི་ལྟར་འདོད་པའི་ཏིང་ངེ་འཛིན་ལ་གནས་ཏེ། ཡུལ་དང་དུས་ཞེས་པ་ནི་དབྱར་དགུན་སྟོན་དཔྱིད་དམ་དུས་སྔ་ཕྱི་གང་ལྟར་འདོད་པ་དེ་བཞིན་དུ་བརྟག་ཅིང་ [250a.7]གནས་པའོ། །དེ་ནས་ཏིང་ངེ་འཛིན་དེ་ལ་གནས་ནས་སུས་ཀྱང་མཐོང་བར་མི་འགྱུར་བ་དེ་སྲིད་དུ་རྣལ་འབྱོར་ལ་གནས་པར་བྱ་སྟེ། དེ་ནི་སུས་ཀྱང་མཐོང་བར་མི་འགྱུར་རོ། །ནམ་མཁའ་ལ་འཕར་བའི་སྦྱོར་བའི་མཚན་ཉིད་ཅེས་པ། ནམ་མཁའ་ལ་འགྲོ་བའི་ཏིང་ངེ་འཛིན་ནི། ནམ་མཁའ་ལ་འཕར་ [250b] [250b.1]པའི་སྦྱོར་བ་སྟེ། དེའི་མཚན་ཉིད་ཀྱང་རྒྱུད་ལས། བདག་རང་རྡོ་རྗེ་དབབ་བྱས་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་རྣམ་པར་མ་བཤིག་པ་ཉིད་དུ་ཞེས་པ་ནི། གཟུགས་སྔ་མ་ཁོ་ཉིད་ལས། གཏན་ཚིགས་ཀྱིས་མ་བཤིག་པའམ། ཡང་ན་རང་གང་ལ་མོས་པའི་རིགས་ [250b.2]ཀྱི་ལྷའི་ཏིང་ངེ་འཛིན་མ་བཤིག་པར་དེ་ཉིད་ལས། བདག་རྡོ་རྗེ་རྩེ་ལྔ་པ་ཤིང་སྐམ་པོ་ལྟ་བུར་རབ་ཏུ་ཡང་བ། དབུགས་ཁོང་ནས་གྱེན་དུ་འདྲེན་པའི་རླུང་གིས་གྱེན་དུ་འདེགས་ཤིང་། ཇི་སྲིད་ས་ལས་སོར་གཅིག་དང་སོར་གཉིས་ལ་སོགས་པའི་རིམ་གྱིས་ཇེ་མཐོ་ཇེ་མཐོར་འཕགས་ནས་བདག་གྱེན་དུ་འགྲོ་བར་འགྱུར་ [250b.3]བ་དེ་སྲིད་དུ་བསྒོམ་མོ། །དེ་ནས་སེམས་དེ་ལས་སུ་རུང་བ་དེ་བཞིན་དུ་ནུས་པ་དང་། དཀྱིལ་འཁོར་བྲིས་ནས་ནུབ་གཅིག་གི་ཏིང་ངེ་འཛིན་དེའི་ངང་ལ་གནས་ཏེ་དེ་ནས་ཇི་ལྟར་འདོད་པའི་ཁང་པ་ལ་སོགས་པའི་སྟེང་དུ་འཛེགས་ནས། ཇི་ལྟར་གྱེན་དུ་འགྲོ་བར་བསམས། ནམ་མཁའ་ལ་འཕར་བའི་ཏིང་ངེ་འཛིན་ [250b.4]མངོན་དུ་བྱས་ནས་ཇི་ལྟར་འདོད་པ་དེ་ཙམ་དུ་ནམ་མཁའ་ལ་འཕར་ཞིང་ཏིང་ངེ་འཛིན་མ་བཏང་བ་དེ་སྲིད་དུ་ནམ་མཁའི་དཀྱིལ་ན་གནས་ནུས་པར་འགྱུར་རོ། །རིག་སྔགས་འཆང་བ་གྲུབ་པའི་རིམ་པ་ཡང་ཞེས་པ། རིག་སྔགས་འཆང་བ་བསྒྲུབ་པའི་ཏིང་ངེ་འཛིན་གྱི་རིམ་པ་སྟེ། དེ་ལ་རིག་སྔགས་འཆང་ [250b.5]བ་ལ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། རིག་སྔགས་འཆང་གི་རྒྱལ་པོ་དང་། རིག་སྔགས་འཆང་ཕལ་པའོ། །དེ་ཡང་བསྒྲུབ་པའི་དུས་ན་དང་པོར་མངོན་པ་དང་། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་ [250b.6]བར་བསྒོམ་པ་དང་། ཡེ་ཤེས་དབབ་པ་ལ་སོགས་པ་བྱས་ནས། རིགས་བཞིའི་རིག་སྔགས་འཆང་གང་བསྒྲུབ་པར་འདོད་པའི་སྙིང་པོ། བཛྲ་དྷ་ར་ཞེས་བྱ་བ་ལ་སོགས་པ་གང་ཡང་རུང་བ་ཡིད་ལ་བརྗོད་ཅིང་། བདག་ཉིད་རིགས་བཞི་གང་བསྒོམ་པའི་ཁ་དོག་དང་ལྡན་པ། གཟི་མདངས་དང་། [250b.7]གདུ་བུ་དང་། དབུ་རྒྱན་དང་། སྙན་ཆ་ལ་སོགས་པས་བརྒྱན་པ། ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ལག་པ་གཡས་པ་ན་རྡོ་རྗེ་ལ་སོགས་པ་རང་གི་རིགས་ཀྱི་ཕྱག་མཚན་ཐོགས་ཏེ། རང་གི་སྙིང་པོའི་དོན་དུ་རྗེས་སུ་མཐུན་པར་སེམས་ཤིང་། བདག་ཉིད་གང་བསྒོམ་པའི་རིགས་སུ་ང་རྒྱལ་བྱས་ནས། [251a] [251a.1]ཇི་སྲིད་ཟླ་བའི་དཀྱིལ་འཁོར་དང་། ཕྱག་མཚན་རྡོ་རྗེ་ལ་སོགས་པ་དང་། རིགས་དང་མཐུན་པའི་ཆ་ལུགས་མངོན་དུ་སྣང་གི་བར་དུ་ཏིང་ངེ་འཛིན་ལ་གནས་ཤིང་སེམས་ཁུགས་པར་བྱས་ཏེ། མིག་ཕྱེ་ནས་བལྟས་ནས་རང་གིས་རང་རིག་སྔགས་འཆང་གི་གཟུགས་སུ་སྣང་བར་གྱུར་གྱི་བར་ [251a.2]དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ལ་འདུག་བཞིན་དུ་སོར་གཅིག་ལ་སོགས་པའི་རིམ་གྱིས་གྱེན་དུ་འཕར་བར་བསྒོམས་ཤིང་། ནམ་མཁའ་ལ་གནས་ནུས་པར་བརྟག་གོ། །དེ་ལྟར་ནུས་པར་གྱུར་པ་དང་། ནུབ་གཅིག་དཀྱིལ་འཁོར་གང་བསྒྲུབ་པ་དང་། རྗེས་སུ་མཐུན་པར་བྲིས་ནས། རང་གི་ [251a.3]དད་པའི་ལྷ་ལ་མཆོད་པ་བྱས་ནས་ཏིང་ངེ་འཛིན་འདི་ལ་གནས་ན་རང་གི་ལྷ་ཡེ་ཤེས་སེམས་དཔའ་གཤེགས་ན། ཇི་ལྟར་བསྒོམ་པའི་རིག་སྔགས་འཆང་རང་གི་ལུས་ལ་ཞུགས་ནས་དངོས་གྲུབ་བསྒྲུབ་པའི་ཕྱིར་མཆོད་དོ། །དེ་ལྟར་བྱ་བ་ཡང་ཇི་སྐད་དུ་རྒྱུད་ལས། ནམ་མཁའ་ལ་ནི་ཟླ་བའི་གཟུགས། ། [251a.4]ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་འབྲུ་འཇོམས་པ་ནི། བརྡ་ཕྲད་པར་སླ་བས་ཞིབ་ཏུ་མ་བཀྲོལ་ལོ། །དེ་ཡན་ཆད་དུ་ནམ་མཁའ་ལ་འགྲོ་བ་དང་། རིག་སྔགས་འཆང་བསྒྲུབ་པ་རྣམས་བཤད་ཟིན་ཏོ། །ད་ནི་རང་གི་ལྷའི་ང་རྒྱལ་དུ་གནས་པའི་རྣལ་འབྱོར་པ་ཞེས་པ་ནི། རང་གི་ལྷ་ [251a.5]དམ་ཚིག་སེམས་དཔའི་རྣལ་འབྱོར་དུ་གནས་ནས་དེའི་ངང་དུ་ང་རྒྱལ་བསྐྱེད་པ་ནི། རང་གི་ལྷའི་ང་རྒྱལ་དུ་གནས་པ་ཞེས་བྱའོ། །ཏིང་ངེ་འཛིན་རྣམ་པ་བཞིའི་གོ་རིམས་ཞེས་པ་ནི། འོག་ནས་འབྱུང་བའི་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་བཞི་གོ་རིམས་བཞིན་དུ་བསྒོམ་པའི་རིམ་པས་སོ་སོའི་ [251a.6]འབྲས་བུ་ཐོབ་པར་བྱེད་པ་ནི་གོ་འཕང་ཐོབ་པའི་སྦྱོར་བ་སྟེ། དེ་བཤད་པར་བྱའོ་ཞེས་པའོ། །དེ་ལ་ཏིང་ངེ་འཛིན་དང་པོ་ཞེས་པ་ནི། ནམ་མཁའ་ལ་འཕར་བ་སྟེ། དེ་བསྒྲུབ་པའི་རིམ་པ་ནི། སྒྲུབ་ཐབས་སྔ་མ་ལས་གསུངས་པ་བཞིན་དུ་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་དམ་ཚིག་སེམས་དཔར་བསྒོམ་ [251a.7]པ་དང་། མཆོད་པ་དང་ཡེ་ཤེས་དབབ་པ་ལ་སོགས་པ་བྱས་ནས། བཛྲ་ཛྭ་ལ་ཛྭ་ལ་ཞེས་བརྗོད་པས། ནམ་མཁའི་ཕྱོགས་ན་གནས་པའི་ཁམས་ཐམས་ཅད་རྡོ་རྗེ་རྒྱ་གྲམ་གྱི་རྡུལ་གྱིས་གང་བར་བསམས་ལ། དེ་འཕྲོ་ཞིང་འདུ་བའི་རིམ་པས་གོང་བུ་གཅིག་ཏུ་གྱུར་པ་ལས། ནམ་མཁའི་ནང་ [251b] [251b.1]ཁྱབ་པའི་རྡོ་རྗེ་རིན་པོ་ཆེའི་ཐེམ་སྐས་དང་ལྡན་པ་དག་རྐང་ལག་གིས་དམིགས་སུ་རུང་བ་གོམས་པར་དམིགས་ཏེ། དེ་ལྟར་གྱུར་པ་དང་སྔ་མ་བཞིན་དུ་དཀྱིལ་འཁོར་བྲིས་ཤིང་མཆོད་པའི་ཆོ་ག་བྱས་ལ་རྡོ་རྗེ་རྒྱ་གྲམ་གྱི་ཏིང་ངེ་འཛིན་ལས་རི་ཐེམ་སྐས་དང་བཅས་པར་གྱུར་པ་དེ་ལ་སེམས་མཉམ་པར་གཞག་ [251b.2]པ་ནུབ་གཅིག་བྱས་ནས་གནས་པར་བྱའོ། །དེ་ནས་ཇི་ལྟར་བསམས་པའི་རྡོ་རྗེ་རི་ཐེམ་སྐས་དང་བཅས་པ་དེ་ལ། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས་འཛེགས་ཏེ་ཏིང་ངེ་འཛིན་མ་བཏང་གི་བར་དུ་འོག་མིན་གྱི་གནས་ལ་ཐུག་གི་བར་དུ་ཡང་གོམས་པར་ནུས་པར་གྱུར་ཏེ། དེ་ལྟར་ཡང་རྒྱུད་ [251b.3]ལས་འདི་སྐད་དུ། ཐམས་ཅད་རྡོ་རྗེའི་ཏིང་འཛིན་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷའི་མིག་ལ་སོགས་པ་བསྒྲུབ་པའི་རྣལ་འབྱོར་པས་སྦྱོར་བ་སྔ་མ་བཞིན་དུ་བྱས་ཏེ་རང་ཉིད་ཀྱི་ལྷའི་རྣལ་འབྱོར་ལ་གནས་ནས་ཤུདྡྷ་ཤུདྡྷ་ཞེས་པའི་སྙིང་པོ་བརྗོད་ཅིང་རང་གི་སེམས་ཉིད་རྣམ་པར་རྟོག་པ་ [251b.4]ཐམས་ཅད་དང་བྲལ་བ། ནམ་མཁའ་ལྟར་མཉམ་པ་ཉིད་དུ་གྱུར་པའི་མཚན་ཉིད་ལས། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཏིང་ངེ་འཛིན་མངོན་དུ་བྱས་ཏེ། ལྷའི་མིག་ལ་སོགས་པ་མངོན་པར་ཤེས་པ་ལྔའི་ཡུལ་གང་ཡིན་པ་དེ་ཤེས་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དེ་དག་གི་ [251b.5]སོ་སོའི་ཡུལ་གང་ཡིན་པ་སོ་སོར་རྗེས་སུ་དྲན་པར་བྱས་ལ། ཡིད་ཀྱི་རྣམ་པར་ཤེས་པས་གང་བསྒོམ་པའི་ཡུལ་དེ་དག་མངོན་སུམ་དུ་མཐོང་བའི་ཏིང་ངེ་འཛིན་ལས་སུ་རུང་བའི་བར་དུ་བསྒོམས་ནས་ཇི་ལྟར་འདོད་པའི་ཡུལ་གཞན་རྣམས་མངོན་དུ་མཐོང་བར་གྱུར་པ་དང་། དཀྱིལ་འཁོར་ལ་ [251b.6]སོགས་པ་བྱས་ནས་ནུབ་གཅིག་དེ་བཞིན་དུ་མཉམ་པར་བཞག་ནས་ལྷའི་མིག་ལ་སོགས་པའི་སྦྱོར་བ་བྱའོ། །དེ་ལྟར་ཡང་རྒྱུད་ལས། ཇི་སྐད་དུ། ཐམས་ཅད་དག་པའི་ཏིང་འཛིན་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་པར་ཤེས་པ་ཡང་ཞེས་པའི་ཚིག་རྣམས་ནི་འོག་ནས་ [251b.7]འབྱུང་བ་ལས་རིག་པར་བྱའོ། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཞེས་པ་ནི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དུ་གནས་ན་དེ་བཞིན་དུ་འགྲུབ་པར་འགྱུར་བ་ནི་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དུ་དེའི་རིམ་པ་ཡང་སྔར་གསུངས་པ་དེ་བཞིན་དུ་མཆོད་པ་དང་། བསྒོམ་ [252a] [252a.1]པ་དང་། ཡེ་ཤེས་དབབ་པ་ཐམས་ཅད་མ་ལུས་པར་བྱས་ནས། སཏྭ་སཏྭ་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་སེམས་དཔའི་ཆ་ལུགས་རྒྱུད་འདི་ཉིད་ལས་ཇི་སྐད་གསུངས་པ་དེ་ལྟ་བུའི་གཟུགས་རྣམས་ཀྱིས་ནམ་མཁའི་ནང་ཐམས་ཅད་གང་བར་བསམས་ནས་དེ་ལྟར་སྣང་བའི་མཚན་མ་ [252a.2]མ་བྱུང་གི་བར་དུ་བསྒོམ་མོ། །དེ་ནས་དེ་བཞིན་དུ་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་མིག་གིས་བལྟས་ནས། ནམ་མཁའི་ཁམས་ན་ཇི་ལྟར་བསམས་པའི་རྡོ་རྗེ་སེམས་དཔའི་གཟུགས་མང་པོས་གང་བར་སྣང་བའི་བར་དུ་ཏིང་ངེ་འཛིན་བརྟག་གོ། །དེ་ལྟར་གྱུར་པ་དང་སྔ་མ་བཞིན་དུ་དཀྱིལ་འཁོར་དང་ [252a.3]མཆོད་པ་བྱས་སྟེ། མཚན་གཅིག་ཏིང་ངེ་འཛིན་དེའི་ངང་ལ་མཉམ་པར་བཞག་ནས་དུས་ཕྱིས་ཇི་ལྟར་འདོད་པར་ཏིང་ངེ་འཛིན་ཡིད་ལ་བྱས་ནས། ནམ་མཁའི་ཁམས་རྡོ་རྗེ་སེམས་དཔས་གང་བར་བདག་གིས་མཐོང་བ་དང་། གཞན་ལ་བསྟན་དུ་བཏུབ་པ་ནས་རྡོ་རྗེ་འཛིན་གྱི་གོ་འཕང་འཐོབ་ཀྱི་བར་དུ་ཏིང་ངེ་འཛིན་ [252a.4]གོམས་པར་བྱའོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་མཐོང་བར་འདོད་ན་ཡང་། སྔ་མ་བཞིན་སྦྱོར་བ་བྱས་ཏེ། བུདྡྷ་བུདྡྷ་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་། ནམ་མཁའི་ནང་ཐམས་ཅད་སངས་རྒྱས་ཀྱི་སྐུས་གང་བར་བསྒོམས་ཏེ། ཕྱི་མའི་རྩིས་མགོ་སྔ་མ་བཞིན་དུ་བྱས་ནས་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །ཏིང་ [252a.5]ངེ་འཛིན་དེ་གཉིས་ཀ་ཡང་རྒྱུད་ལས། ནམ་མཁའི་དབྱིངས་ནི་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ནི་ལས་རྣམ་པ་བཞིའི་ཏིང་ངེ་འཛིན་བསྒྲུབ་པ་གསུངས་པ། ད་ནི་དབང་དུ་བྱ་བ་དང་། དབབ་པ་དང་། གཞིག་པ་དང་། སྡུག་བསྔལ་ཐམས་ཅད་སེལ་བའི་མཚན་ཉིད་ཀྱི་ [252a.6]སྦྱོར་བ་བཞི་བསྒོམ་པ་གོམས་པར་བྱ་བ་གང་གསུངས་པ་དེ་བཤད་པར་བྱའོ་ཞེས་གསུངས་ཏེ། གཞན་མི་མཛའ་བ་དག་དབང་དུ་བྱ་བ་དང་། བདག་ལ་རིག་པ་དབབ་པ་དང་། གཞན་ཡང་དབང་མེད་པར་སྨྲར་གཞུག་པའི་དབབ་པ་དང་། དངོས་པོ་ཅན་གྱི་ལུས་གཞིག་པར་བྱ་བ་དང་། ནད་དང་ [252a.7]གནོད་པས་ཉེན་པའི་སྡུག་བསྔལ་ཐམས་ཅད་བསལ་བར་བྱ་བའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ནི་སྦྱོར་བ་བཞི་ཞེས་བྱ་སྟེ། དེ་གོམས་པར་བསྒོམས་པ་ལས་དེ་བཞིན་དུ་འགྲུབ་པར་འགྱུར་བ་དེ་རྩ་བའི་རྒྱུད་ཉིད་ལས་ཇི་སྐད་གསུངས་པ་བཞིན་དུ་འདིར་བཤད་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་སྦྱོར་བ་བཞི་གང་ [252b] [252b.1]བྱེད་ཀྱང་རུང་སྟེ་སྤྱིའི་ཆོ་ག་ནི། བསྒྲུབ་པར་བྱ་བའི་གདུལ་བྱ་དེ་སྐྱེས་པ་དང་། བུད་མེད་གང་ཡིན་ཡང་རུང་བའི་ལུས་ཀྱི་བུ་ག་ནས་བདག་ཉིད་འཇུག་པ་སྔར་བྱས་ཏེ། རང་གི་ཡིད་ཀྱིས་དེའི་ལུས་ཀྱི་ནང་དུ་ཁྱབ་ནས་གཅིག་ཏུ་འགྱུར་བའི་སྦྱོར་བ་སྟོན་ཏོ། །དེ་ལྟར་ཡང་རྒྱུད་ལས་ཇི་སྐད་དུ། སྐྱེས་པའམ་བུད་ [252b.2]མེད་དག་གི་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་པ་ནས་རྡོ་རྗེ་ཕྲ་མོའི་མཐར་ཐུག་གི་བར་དུ་སྦྱོར་བ་སྔར་བསྟན་པ་བཞིན་དུ་བྱས་ལ། རང་གང་ལ་མོས་པའི་ཏིང་ངེ་འཛིན་དུ་བསྒོམས་ཏེ། རང་གི་ལྷ་རྗེས་སུ་དྲན་པ་སྔར་བྱས་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང་ལྡན་པས་བཛྲ་ཨཱ་བེ་ཤ་ [252b.3]ཞེས་བརྗོད་ཅིང་རྡོ་རྗེ་དབབ་པ་བྱས་ལ། ཐོག་མར་རྡོ་རྗེ་ཐལ་མོ་བཅིངས་ལ། སའམ་ཤིང་ངམ་རྡོ་བ་ལ་སོགས་པ་གང་ཡང་རུང་བ་ལ་དབང་དུ་བྱ་བར་འདོད་པའི་གདུལ་བྱ་དེའི་གཟུགས་བརྙན་བྱས་ལ་བདག་གི་མདུན་དུ་བཞག་སྟེ། ཡིད་ཀྱིས་དེའི་ལུས་ཀྱི་བུ་ག་ནས་རང་གི་ཡིད་དང་བཅས་པའི་ [252b.4]ལུས་ཞུགས་ལ། དེའི་ཡན་ལག་དང་བཅས་པའི་ལུས་ཀྱི་ནང་ཐམས་ཅད་མ་ལུས་པར་བདག་གི་ལུས་ཀྱིས་ཁྱབ་པར་བྱས་ཏེ། རྡོ་རྗེ་ཐལ་མོ་མཐིལ་ཕྱེ་ལ་མཉམ་པར་གཞག་པའི་ཏིང་ངེ་འཛིན་མ་ཉམས་པར་དལ་ནས་བརྡབ་པོ། །དེ་ནས་དབུགས་སླར་བསྡུ་བའི་ཚུལ་གྱིས་སླར་བྱུང་ནས། [252b.5]བདག་གི་ལྷ་དང་བདག་མི་གཉིས་པར་རྗེས་སུ་དྲན་པར་བྱས་ལ་དེ་བཞིན་དུ་ཡང་དེའི་ལུས་ལ་ཞུགས་ཏེ། དེ་ཉིད་ཀྱི་ཚུལ་གྱིས་དེའི་ལུས་ལ་ཁྱབ་པར་བྱ་བའི་ཚུལ་དུ་སྤྲོ་བ་དང་། སླར་བསྡུ་བའི་སྤྲོ་བ་དང་། སླར་བསྡུ་བའི་སྦྱོར་བས་ལྷ་རྗེས་སུ་དྲན་པའི་སྦྱོར་བ་ལ་སོགས་པ་སྔ་མ་བཞིན་དུ་ [252b.6]བྱའོ། །དེ་ལྟར་བྱ་བའི་རིམ་པ་དེའི་ཏིང་ངེ་འཛིན་དབང་དུ་གྱུར་ཅིང་མཚན་མ་བྱུང་ནས་དེ་ལྟར་གྱུར་པར་མངོན་དུ་སྣང་གི་བར་དུ་བསྒོམས་ལ་དེ་ནས་དཀྱིལ་འཁོར་བྱས་ཏེ། ནུབ་གཅིག་སྔ་མཁོ་བཞིན་དུ་ཏིང་ངེ་འཛིན་དུ་གནས་པར་བྱའོ། །དེ་ལྟར་བྱས་ནས་སྐྱེས་པ་དང་། བུད་མེད་གང་དབང་དུ་བྱ་བར་ [252b.7]འདོད་པ་དེ་ཡིད་ལ་མདུན་དུ་འདུག་པར་བསམས་ཏེ། བདག་ཀྱང་ལྷའི་སྐུར་བསྒྱུར་ནས་རྡོ་རྗེ་དྲལ་བ་དང་དབབ་པ་བྱས་ཏེ། དབང་དུ་བྱ་བའི་སྙིང་པོ་ཡང་དེ་བཞིན་དུ་བཟླས་ཤིང་། བུ་ག་ནས་ནང་དུ་འཇུག་པ་ལ་སོགས་པའི་ལས་སྔ་མ་བཞིན་དུ་བྱས་ཏེ། རིང་པོ་མི་ཐོགས་པར་དབང་དུ་འགྱུར་ [253a] [253a.1]རོ་ཞེས་དབང་དུ་བྱ་བའི་སྦྱོར་བ་འདི་སློབ་དཔོན་མཁས་པ་དག་གིས་བཤད་དོ། །ད་ནི་དབབ་པ་བྱས་པ་ཡང་རྒྱུད་ལས་འདི་སྐད་དུ། རྡོ་རྗེ་དབབ་པ་ཀུན་བསྐྱེད་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དབབ་པ་དང་། གཞིག་པ་དང་སྡུག་བསྔལ་ཐམས་ཅད་སེལ་བ་གསུམ་ཀ་ [253a.2]ཡང་གཞན་གོང་མ་བཞིན་དུ་བྱས་ལ་ཁྱད་པར་དུ་ཡང་དབབ་པའི་སྦྱོར་བ་ལ་ནི། བཛྲ་ཨཱ་བེ་ཤ་ཨཿཨཿཞེས་པའི་སྙིང་པོ་འདི་བརྗོད་ཅིང་རྡོ་རྗེ་བཅིངས་པའི་མཐིལ་བརྡབ་བོ། །རྒྱུད་ལས་ཀྱང་ཇི་སྐད་དུ། རྡོ་རྗེ་དབབ་པའི་ཆོ་ག་སྦྱར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞིག་པའི་སྦྱོར་བ་ [253a.3]ལ་ནི། བཛྲ་ཧ་ན་ཞེས་པའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་བཅིངས་པ་བརྐྱང་བའི་སོར་མོ་རྣམས་དྲག་ཏུ་དགྲོལ་ལོ། །དེ་ལྟར་བྱ་བ་ཡང་རྒྱུད་ལས་ཇི་སྐད་དུ། དེ་བཞིན་དབབ་པའི་ཆོ་ག་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་བརྒྱ་ཞེས་པ་ནི། དེ་བཞིན་གཤེགས་པ་དང་དེ་བཞིན་ [253a.4]གཤེགས་པའི་རིགས་དང་། འགུགས་པ་ལ་སོགས་པ་རྣམས་རེ་རེ་ལ་ཡང་སྐུ་དང་གསུང་དང་ཐུགས་དང་། ཡོན་ཏན་དང་ཕྲིན་ལས་གཅིག་ཏུ་བསྡུས་པ་དང་བཞི་བཞིར་ཕྱེ་ན། བཞི་ཕྲག་ཉི་ཤུ་རྩ་ལྔ་པོ་བཞི་ལ་བརྒྱར་འགྱུར་ཏེ། ལྷ་མོ་རྣམས་ནི་ཡོན་ཏན་གྱི་བདག་ཉིད་པས་གཞན་དུ་མ་ཕྱེའོ། ། [253a.5]དེ་བས་ན་ཚུལ་དེས་རིགས་བརྒྱ་ཁོ་ནར་རིག་པར་བྱའོ། །སྡུག་བསྔལ་ཐམས་ཅད་བསལ་བའི་ཁྱད་པར་ནི་ཞེས་བྱ་བ་འདི་ལྟ་སྟེ། རང་གི་རིགས་ཀྱི་ལྷའི་ཏིང་ངེ་འཛིན་དུ་གནས་ནས། བཛྲ་ཧ་ར་ཞེས་པའི་སྙིང་པོ་བརྗོད་དོ། །རྡོ་རྗེ་བཅིང་བ་བཀྲོལ་བའི་ཕྱག་རྒྱ་བྱ་སྟེ། རྒྱུད་ལས་ཀྱང་ཇི་སྐད་དུ། དལ་ [253a.6]བུས་བརྡབ་པའི་ཆོ་ག་སྦྱར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཏེ། དེའི་སྐབས་སུ་གསུངས་པའི་ཏིང་ངེ་འཛིན་གྱི་དངོས་གྲུབ་སྒྲུབ་པའི་ཐབས་འདིར་བསྟན་པ་བཤད་ཟིན་ཏོ། །ད་ནི་དེ་བཞིན་ [253a.7]གཤེགས་པ་ལ་སོགས་པའི་དངོས་གྲུབ་རྣམས་བཤད་པར་བྱའོ། །ཞེས་པ་དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བ་དང་། དེའི་རིགས་ཀྱི་ཞེས་བྱ་བ་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཅེས་པ་ལ་དེ་དག་གི་དོན་ནི་བརྡ་ཕྲད་ [253b] [253b.1]པར་ཟད་དོ། །འདིར་ཡང་སྔ་མ་བཞིན་དུ་ཞེས་པ་ནི། སྔར་བསྟན་པ་བཞིན་དུ་དེ་བཞིན་གཤེགས་པ་དང་། སོགས་ཀྱིས་བསྡུས་པའི་སེམས་དཔའ་ལྷག་མ་རྣམས་ཏེ། རང་གི་ལྷ་གང་བསྒོམ་པའི་དམ་ཚིག་སེམས་དཔར་བསྒོམ་པ་དང་། དེ་ལ་གནས་བཞིར་བྱིན་གྱིས་བརླབ་པ་དང་། མགོའི་ [253b.2]གནས་ལྔར་དབང་བསྐུར་བ་དང་། དེ་ཉིད་ཏིང་ངེ་འཛིན་དང་ལྡན་པར་བྱ་བ་དང་། ཕྱི་ནང་གི་ལྷ་མོས་མཆོད་པ་དང་ལྡན་པའི་རྣལ་འབྱོར་ལ་གནས་པས་རྡོ་རྗེ་ཕྲ་མོའི་བསྒོམ་པ་གོམས་པ་དང་བཅས་པར་དེ་བཞིན་དུ་བྱའོ། །བསྒྲུབ་པ་གོང་མ་ལས་ཁྱད་པར་དུ་ནི་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ནི་བསྒོམས་པའི་འོག་ཏུ་ [253b.3]ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་གྲུབ་པའི་རྣལ་འབྱོར་པ་བདེ་བ་དང་། ཡིད་བདེ་བ་ལ་གནས་ཤིང་དེའི་མི་མཐུན་པའི་ཕྱོགས་མི་འབྱང་དུ་ཟིན་གྱིས་ཀྱང་བྱམས་པ་ལ་སོགས་པ་ལ་ཚད་མེད་པ་བཞི་སྔ་ནས་བསྒོམ་པ་གོམས་པར་བྱས་པའི་དབང་གིས་སེམས་ལས་སུ་རུང་བ་དེ་ཉིད་ལྷུན་གྱིས་གྲུབ་པ་ཉིད་དུ་ [253b.4]བྱས་ནས་གདོད་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དེར་བྱ་བའི་ཐབས་འགྲོ་བ་འདུལ་བ་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་རིམ་པས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་སོགས་པ་བསྒོམ་པར་བྱས་ཏེ། དེ་ནི་ཚངས་པའི་གནས་བཞི་ཐོབ་པར་བྱེད་པའི་རྒྱུ་ཡང་ཡིན་ལ། ཚངས་ [253b.5]པའི་གནས་བཞི་ཐོབ་པ་ཡང་མཚན་ཉིད་དེ་དང་ལྡན་པས་ན་ཚངས་པའི་གནས་བཞི་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །ད་ལྟར་ཚད་མེད་པ་བཞི་བསྒོམས་པའི་འོག་ཏུ་རང་གི་ལྷ་བསྐྱེད་པའི་རྒྱུའི་གནས་སྐབས་ཀྱི་བྱང་ཆུབ་སེམས་བསྡུས་པར་གྱུར་པ་ནི་རྒྱུའི་བྱང་ཆུབ་ཀྱི་སེམས་ཏེ། གང་ཞེ་ན། ཟླ་བའི་དཀྱིལ་ [253b.6]འཁོར་དུ་བསྒོམ་པ་གོམས་པར་བྱའོ་ཞེས་བསྟན་ཏོ། །དེ་ལ་བསྡུས་ཏེ་ཞེས་པ་ནི། ས་དང་པོ་ནས་བཅུ་པའི་བར་གྱི་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་དག་གཅིག་ཏུ་བསྡུས་པའི་ངོ་བོ་ནི་ཟླ་བའི་དཀྱིལ་འཁོར་དུ་སང་བའོ། །ཟླ་བ་ཞེས་བརྗོད་པ་ནི། ཇི་ལྟར་ཟླ་བ་དཀར་བ་དང་། དང་བ་དང་། བསིལ་བ་དང་། སིམ་ [253b.7]པ་དང་། ཉེས་པས་མ་གོམས་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་དེ་ཡང་དཀར་བ་དང་། དང་བ་དང་། བསིལ་བ་དང་། སིམ་པ་དང་། ཉེས་པས་མ་གོས་པ་དང་། གོང་ནས་གོང་དུ་སྐྱེར་བཏུབ་པས་ན་དེ་གཉིས་ཆོས་མཐུན་པར་གྱུར་པའི་ཕྱིར་ན་མིང་ཟླ་བ་ཞེས་བརྗོད་དོ། །དེ་ལྟར་གྱུར་པར་ནུས་པ་དང་། [254a] [254a.1]དེ་ནས་ཡང་ཟླ་བ་དེ་ཉིད་ལས་སམ། བྱང་ཆུབ་ཀྱི་སེམས་དེ་ཉིད་རང་གི་ལྷ་ཉིད་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པ་ཇི་ལྟར་རིགས་པར་སོ་སོའི་དམ་ཚིག་གི་ཕྱག་རྒྱ་རྣམས་སུ་གྱུར་པའི་སྦྱོར་བ་གོམས་པར་བྱའོ། །དེའི་འོག་ཏུ་ཕྱག་རྒྱ་དེ་དག་ལས་དེའི་འོད་ཟེར་ [254a.2]མང་པོ་འཕྲོ་བ་དང་། འདུ་བའི་ཚུལ་གྱིས་ཇི་ལྟར་འདོད་པར་བདག་དང་མི་གཉིས་པར་གྱུར་པ་དང་། ཕྱི་རོལ་ན་གནས་པའི་རང་གི་ལྷ་ཡེ་ཤེས་སེམས་དཔའ་མདུན་ན་བཞུགས་པའི་གཟུགས་དབུ་ལ་སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབུ་ལ་བརྒྱན་པ། ཐུགས་ཀ་ན་དམ་ཚིག་གི་ཕྱག་རྒྱ་དང་། ལྕེ་ལ་ཆོས་ཀྱི་ཕྱག་ [254a.3]རྒྱ་དང་། སོ་སོའི་འདུལ་ཐབས་ཀྱི་ལས་ཀྱི་ཕྱག་རྒྱ་དང་ལྡན་པ་འོག་ན་ཟླ་བའི་དཀྱིལ་འཁོར་གྱི་གདན་དང་། ཟླ་བའི་དཀྱིལ་འཁོར་གྱི་རྒྱབ་བརྟེན་ཅིང་བསྒོམ་པར་བྱའོ། །དེ་ལྟར་རང་གི་ལྷའི་བསྒྲུབ་པའི་ཡན་ལག་རྣམས་རེ་རེ་ནས་རིམ་གྱིས་བསྒོམས་པས་ཞེས་པ། དེ་ལྟར་རང་གི་ལྷ་གང་འདོད་པའི་རིགས་ [254a.4]སུ་བསྒྲུབ་པ་ཡང་དང་པོ་ནས་ཅིག་ཅར་དུ་བསྒོམ་པ་མ་ཡིན་ཏེ། ཡན་ལག་རྣམས་རེ་རེ་ནས་བསྒོམ་ཞིང་ལས་སུ་རུང་བར་གྱུར་པ་དང་། རིམ་གྱིས་རྫོགས་པར་བསྒོམས་པའི་ཡོན་ཏན་གང་བསྒོམ་པར་བྱ་བ་དེའི་ཆ་ལུགས་རབ་ཏུ་གསལ་བར་བྱ་བ་སྔགས་ཀྱི་རྒྱུད་ལས་འབྱུང་བ་དང་། མཐུན་པར་རྒྱ་ཆེར་ཡུན་རིང་ [254a.5]དུ་གོམས་པར་བྱས་ནས་རང་གི་ལྷ་གང་ལ་གོམས་པའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་ཕྱིར་རྣལ་འབྱོར་པས་ནན་ཏན་དང་ལྡན་པར་བྱའོ་ཞེས་བསྟན་ཏོ། །འཇུག་པའི་རིམ་པ་འདི་དག་ཀྱང་། །ཞེས་པ་བསྒྲུབ་པའི་རིམ་པ་གོང་དུ་བསྟན་པ་ལྟར་བྱ་བའི་ཐབས་འདི་དག་ཐམས་ཅད་ཀྱང་སློབ་ [254a.6]དཔོན་གྱིས་རང་བཟོར་མཛད་པ་མ་ཡིན་ཏེ། སྔགས་ཀྱི་རྒྱུད་དེ་ཁོ་ན་ཉིད་བསྡུས་པ་ཉིད་ལས། དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལྟག་འོག་བསྣོར་ཞིང་ཁ་ཅིག་ཐོད་རྒལ་དུ་འབྱུང་བ་དང་། ཁ་ཅིག་ལྷག་འོག་མ་བསྣོར་བར་རིམ་བཞིན་འབྱུང་བའི་རིམ་པས་འདི་ལྟར་གསལ་ [254a.7]བར་བསྟན་ཏེ། དེ་ཡང་རང་གི་སེམས་ཡོངས་སུ་བྱང་ཞིང་ལས་སུ་རུང་བར་བྱ་བའི་ཕྱིར། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང་། སྔར་གསུངས་པའི་རྡོ་རྗེ་ཕྲ་མོའི་བསྒོམ་པའི་རིམ་པ་དང་པོ་བསྟན་ནས་ཐ་མར་ཡང་། སེམས་ཅན་གང་ལ་བྱམས་ [254b] [254b.1]པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པས་ན་དེའི་རིམ་པ་དག་འདིར་ཡང་འདི་བཞིན་དུ་གོ་རིམས་སུ་བྱས་ནས་བསྟན་པ་ཡིན་ཏེ། དེ་ལྟར་བསྒོམ་པའི་སྙིང་པོ་ནི། མ་ཧཱ་མེརྱ་སྤ་ར་ཞེས་བྱ་བ་པ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་ཚད་མེད་པ་བཞིས་སེམས་སྦྱང་བའི་གཏན་ཚིགས་བསྟན་ནས། རྡོ་རྗེ་ [254b.2]ལ་སོགས་པ་བསྒོམ་པས་སེམས་སྦྱང་བའི་ཐབས་བསྟན་པ་ཡང་རྒྱུད་འདི་ཉིད་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པ་ལ་སོགས་པའི་ཡེ་ཤེས་བསླབ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ནམ་མཁའམ་ཡང་ན་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་སོགས་པ་ [254b.3]ཡང་རྒྱུད་ལས་འབྱུང་བའི་གཏན་ཚིགས་བསྟན་པ་སྟེ། འདི་ཉིད་དུ་བསྟན་པའི་རིམ་པ་ལས་རིག་པར་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་ཕྱིར་ཞེས་པ་ནི། སྔར་བསྟན་པའི་དོན་དེ་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞི་པོ་དག་བསྒྲུབ་པར་བྱ་བའི་ཕྱིར། དང་པོ་རང་གི་སེམས་ [254b.4]སྦྱང་བ་ལེགས་པར་བྱས་ནས། དེ་ནས་གདོད་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱ་བ་དེའི་དོན་ལ་ནན་ཏན་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་པ་ནི། དེ་བཞིན་གཤེགས་པ་ལྔ་ནི་དེ་བཞིན་གཤེགས་པ་རྣམས་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་ [254b.5]གྲུབ་བསྒྲུབ་པའི་རིམ་པ་ནི་འདི་ལྟ་སྟེ། འདིར་ཡང་རེ་ཞིག་དང་པོར་སྔ་མ་བཞིན་དུ། རྡོ་རྗེ་སེམས་མའི་ཕྱག་རྒྱ་ཇི་སྐད་བསྟན་པ་བཅིངས་ལ་དགྲོལ། བཛྲ་དྷཱ་ཏུ་ཨཱཿཞེས་པའི་སྙིང་པོ་འདི་བརྗོད་པས་དེ་བཞིན་གཤེགས་པའི་ཡེ་ཤེས་དབབ་པར་བྱའོ། །དེ་ནས་སྔར་གསུངས་པའི་ཚུལ་གྱིས་ [254b.6]བདག་དམ་ཚིག་སེམས་དཔའི་རྣལ་འབྱོར་ཇི་ལྟར་བྱས་པ་དེ་བཞིན་དུ་འདིར་ཡང་གསལ་བར་མངོན་དུ་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་དམ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པས་ནམ་མཁའི་ཁམས་ཐམས་ཅད་ཏིལ་འབྲུས་ཏིལ་གྱི་གང་བུ་ [254b.7]གང་བའམ། ཏིལ་མར་གྱིས་ཏིལ་འབྲས་ལ་ཁྱབ་པ་བཞིན་དུ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་ལ། གཅིག་ལ་གཅིག་ཀྱང་སྒྲིབ་པ་མེད་པར་གང་བར་བསམས་ལ་དེ་ལྟར་བཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་དེ་རྣམས་དང་པོར་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱས་སྤྱན་དྲངས་པའི་ [255a] [255a.1]ཚུལ་དུ་བཀུག་སྟེ། ཕྱག་རྒྱ་ལྷག་མ་རྣམས་ཀྱིས་ཀྱང་འདི་བཞིན་དུ་བྱས་ཏེ། བཛྲ་ཏུ་ཥྱ་ཧོཿཞེས་བརྗོད་པར་བྱའོ། །དེ་རྣམས་ཀྱི་ཕྱག་རྒྱ་བཅིང་བ་དང་སྔགས་བཟླས་པ་འདིར་མ་བསྟན་པ་ནི་སྔར་མཆོད་པའི་སྐབས་སུ་བསྟན་པ་ལས་རིག་པར་བྱའོ། །ཡང་ན་སྔགས་བཟླ་བ་དང་ཕྱག་རྒྱ་ [255a.2]དངོས་སུ་བཅིང་བ་འདི་དག་གིས་སེམས་གཡེང་བར་གྱུར་དུ་དོགས་ན་ནི། སེམས་མཉམ་པར་གཞག་པ་ལས་མ་ཉམས་པར་བྱ་བའི་ཕྱིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་དངོས་སུ་མི་བཅིང་བར་དེའི་སྙིང་པོ་ཛཿཧཱུཾ་བཾ་ཧོཿཞེས་སྨྲ་ཞིང་ཞེས་བྱ་བ་ལ་སོགས་པའི་གསུངས་པ་ཡིན་ཏེ། [255a.3]བསྒྲུབ་པ་ཆེན་པོ་གཞན་ཡིན་ནོ་ཞེས་པ་ནི། ཡིད་ཀྱིས་བྱ་བ་དེ་ནི་སེམས་མཉམ་པར་གཞག་པའི་ཏིང་ངེ་འཛིན་ལས་མི་ཉམས་པར་བྱ་བའི་ཕྱིར་ན་སྒྲུབ་པ་ཆེན་པོ་ཞེས་བྱ་སྟེ། ཐབས་གོང་མ་ལས་གཞན་ཡིན་ནོ་བར་གསུངས་སོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པ་ [255a.4]བཤད་ཟིན་ཏོ། །དེ་ལྟར་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་བྱིན་གྱིས་བརླབ་པའི་ཐབས་བསྟན་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་བའི་ཐབས་བསྟན་པའི་ཕྱིར་ན་དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ [255a.5]ཆེན་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟླས་བརྗོད་བྱ་བ་དང་། ཕྱག་རྒྱ་ཆེན་པོར་བསྒོམ་པ་གཉིས་ལས། ཕྱག་རྒྱ་ཆེན་པོར་བསྒོམ་པ་ལས་དངོས་གྲུབ་ཐོབ་པར་བྱ་བའི་སྐབས་འཆད་པ་ལས། སྔར་དེ་བཞིན་གཤེགས་པའི་ཕྱག་རྒྱ་ [255a.6]ཆེན་པོ་བསྒྲུབ་པ་བསྟན་ནས། ད་ནི་དེའི་རིགས་ཀྱི་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་ཅིང་བསྒྲུབ་པ་བསྟན་ཏེ། གང་ཞེ་ན། སྔར་གོང་དུ་གསུངས་པའི་རིམ་གྱིས། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དྲལ་བ་སྔར་བྱས་ཏེ། སྙིང་པོ་བཛྲ་སཏྭ་ཨཱཿབཛྲ་རཱ་ཛ་ཨཱཿཞེས་བྱ་ [255a.7]བ་ལ་སོགས་པ་ནས་བཛྲ་སནྡྷི་ཨཱཿཞེས་པ་ལ་ཐུག་གི་བར་དུ་གང་བསྒོམ་ཞིང་རང་གི་ལུས་ལ་གཞུག་པར་འདོད་པ་དེའི་མཚན་དང་བཅས་པའི་སྙིང་པོ་བརྗོད་པས་དབབ་པའི་སྙིང་པོ་བརྗོད་པར་བྱའོ། །དེ་ལྟར་བྱས་མ་ཐག་ཏུ་སེམས་དཔའ་ཆེན་པོའི་རྗེས་སུ་དྲན་པའི་སྙིང་པོ། བཛྲ་སཏྭ་དྲྀ་ཤྱ་ཞེས་བྱ་ [255b] [255b.1]བ་བརྗོད་དོ། །དེ་ལ་སེམས་དཔའ་ཆེན་པོ་རྗེས་སུ་དྲན་པ་ཞེས་པ་ནི། སེམས་དཔའ་ཆེན་པོ་མདུན་ན་གནས་པར་དྲན་པ་དེ་ཁོ་ན་རྗེས་སུ་དྲན་པར་བྱའོ། །དྲན་པ་དེའི་སྦྱོར་བ་ནི་སྔགས་འདིའོ། །བཛྲ་སརྦ་ཞེས་བརྗོད་པའི་སྔགས་འདི་ཡང་དོན་ཉེ་བར་མཚོན་པའི་ས་འཛིན་ཙམ་དུ་ཟད་དེ་སེམས་དཔའ་དེ་དག་ [255b.2]ལས་གཅིག་གམ་ཚང་བར་གང་བསྒྲུབ་པ་དེའི་མཚན་གྱི་སྔགས་དང་། སྙིང་པོར་བཅས་པ་བརྗོད། ཟླ་བའི་དཀྱིལ་འཁོར་ལ་གནས་ཤིང་ཟླ་བའི་དཀྱིལ་འཁོར་གྱིས་རྒྱབ་རྟེན་བྱས་པ་ཞེས་བྱ་བ་དེ་ལྟར་སེམས་དཔའ་ཆེན་པོ་རྗེས་སུ་དྲན་པའི་སྙིང་པོ་བརྗོད་པ་ཙམ་གྱིས་གང་བསྒྲུབ་པར་བྱ་བའི་སེམས་དཔའ་ [255b.3]ཆེན་པོ་དེ་གདན་ཟླ་བའི་དཀྱིལ་འཁོར་ལ་གནས་ཤིང་ཟླ་བའི་དཀྱིལ་འཁོར་གྱིས་རྒྱབ་རྟེན་བྱས་པ། སྐུ་རྣམ་པར་དག་པ་ཟླ་བ་ལྟར་གསལ་ཞིང་འོད་འཕྲོ་བ། རང་གི་སྐུ་ཟླ་བ་ལྟ་བུ་འོད་དང་ལྡན་པས་ཕྱོགས་བཅུ་མཐའ་ཡས་པའི་དཀྱིལ་འཁོར་སྣང་བས་ཁྱབ་པ། རྒྱན་དང་ཆ་ལུགས་ལ་སོགས་པ་ནི་ [255b.4]སྔར་ཕྱི་རོལ་གྱི་ཆོགས་པའི་ཆོ་ག་ལས་གསུངས་པའི་སོ་སོའི་རིགས་དང་རྗེས་སུ་མཐུན་པའི་ཁ་དོག་གི་བྱེ་བྲག་ཁ་དོག་དཀར་པོ་དང་། བྱ་བ་ལ་སོགས་པའི་ཁོ་དོག་དང་། དེ་ལྟ་བུའི་མདངས་དང་། གཟི་ཅན་ནམ། འདུལ་བའི་འགྲོ་བ་མངོན་པར་དགའ་བའི་ཁ་དོག་གི་སྐབས་རྙེད་པ་ཞེས་པ་ [255b.5]ཡང་ན། དེ་བཞིན་གཤེགས་པ་དང་། ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་ནི་འགྲོ་བ་ཅི་ལ་དགའ་ཞིང་གང་གིས་འདུལ་བ་དེ་བཞིན་དུ་སྐུ་སྟོན་པར་མཛད་པ་སྟེ། བརྒྱ་བྱིན་དང་ཚངས་པ་དང་། མིའི་སྐྱེ་དགུ་ནས་གང་དུད་འགྲོའི་རྣམ་པ་དག་ཏུ་ཡང་སྣང་བར་མཛད་ཅིང་གཅིག་ཏུ་མ་ངེས་པར་སྟོན་པ་ [255b.6]མཛད་པས་ན། སྐུའི་མདངས་འགྲོ་བ་མཐའ་དག་གི་ཡིད་དུ་འོང་བ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྐུ་རིན་པོ་ཆེས་དབུ་ལ་བརྒྱན་པས་ན། དེ་བཞིན་གཤེགས་པའི་སྐུ་རིན་པོ་ཆེ་ལས་བྱས་པའི་དབུ་རྒྱན་གྱི་འོད་ཀྱིས་དབུ་བརྒྱན་པས་ན་སྟེང་གི་ཕྱོགས་བརྒྱན་པ་ཞེས་བྱ། ཕྱག་གཉིས་པདྨ་ལྟ་བུར་དྲི་ [255b.7]མ་མེད་པས་རྒྱུད་ལས་ཇི་སྐད་གསུངས་པའི་ལས་ཀྱི་ཕྱག་རྒྱ་མཛད་པས་ན་ཕྱག་པདྨ་གཉིས་པ་ཞེས་བྱའོ། །ཞབས་དྲི་མ་མེད་པ་གཡས་པ་བསྐུམ་པའི་མཐིལ་བརླ་གོང་གཡོན་པར་གཞག་པར་མཛད་པས་ན་ཞབས་པདྨ་ཞེས་བྱའོ། །དེ་བཞིན་དུ་ཞལ་པདྨ་རྒྱས་པའི་འདབ་མ་རངས་པ་ལྟར་ [256a] [256a.1]འཛུམ་པ་དང་། རབ་ཏུ་དགྱེས་པའི་སྤྱན་ཨུཏྤ་ལའི་འདབ་མ་ལྟར་ཕྲ་ཞིང་དཀྱུས་རིང་བ་དང་། དཀར་གནག་འབྱེས་པའི་མདངས་ཀྱིས་འདུལ་བའི་འགྲོ་བ་ལ་རྗེས་སུ་ཆགས་པའི་ཚུལ་བསྟན་པས་གཟིགས་པ་འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་དོན་མཛད་པའི་ཕྱིར་སོ་སོའི་ཕྲིན་ལས་ཀྱི་ཕྱག་རྒྱ་བསྟན་པ། [256a.2]གདུལ་བྱ་ལ་ཇི་ལྟར་དགོངས་པའི་ངོ་བོ་ཉིད་སྟོན་པ་ལ་མཁས་པ། དེ་ལྟ་བུ་ལ་སོགས་པ་ཡོན་ཏན་གྱི་རྣམ་པ་རིན་པོ་ཆེ་ལྟར་འབྱུང་བ་མང་པོའི་གཏེར་དང་ལྡན་པ། བདག་ཉིད་ཇི་ལྟར་འདོད་ཅིང་གང་ལ་དད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་པོ་མཉེས་པར་བྱ་བ་རྣམས་ [256a.3]འགུལ་བ་དང་། གཡོ་བ་དང་། གཞན་པ་ལ་སོགས་པ་སྲོག་དང་བཅས་པའི་འགྲོ་བ་ལྟ་བུར་གསལ་བར་མདུན་དུ་མངོན་སུམ་པ་བཞིན་བཞུགས་པར་བརྟགས་ལ། དེ་ལྟ་བུའི་སྐུ་ལ་རང་གི་སེམས་རབ་ཏུ་དགའ་བ་དང་བཅས་ཤིང་སྐུ་དེ་ལ་རྗེས་སུ་ཆགས་པས་ཤིན་ཏུ་ཡུན་རིང་དུ་རྩེ་གཅིག་པའི་བསམ་གཏན་ [256a.4]གྱིས་རབ་ཏུ་གསལ་བར་སྣང་བར་བྱ་སྟེ། ཤིན་ཏུ་ཆགས་པའམ། ཀུན་དུ་ཞེས་པའམ། ལྷག་པར་ཆགས་པས་རབ་ཏུ་དགའ་བའི་འདོད་ཆགས་ཀྱི་མིག་གདངས་པའི་མཚན་ཉིད་རྡོ་རྗེ་ལྟ་བ་ཁྲོ་བོས་མི་འཛུམས་པར་བརྟག་ཅིང་། རང་གི་ལྷའི་རྣལ་འབྱོར་དང་། སེམས་དཔའ་ཆེན་པོ་དེ་དག་མི་གཉིས་པར་གྱུར་ [256a.5]པའི་སྦྱོར་བས་རང་གི་ལུས་སུ་གཞུག་གོ། །དེ་ལ་འདི་ནི་ཇི་ལྟར་བསམས་པའི་ཞེས་པ་འོག་ནས་འབྱུང་བའི་སྦྱོར་བ་འདི་ནི་ཇི་ལྟར་བསམས་པའི་ཡེ་ཤེས་ཀྱི་སེམས་དཔའ་དེ་དག་རང་གི་ལུས་ལ་གཞུག་ཅིང་བསྒོམ་པའི་རིམ་པ་བཤད་པའོ། །དེ་ཡང་ཇི་ལྟར་ཞེ་ན། དང་པོར་རེ་ཞིག་རྡོ་རྗེ་སེམས་དཔའ་ལ་ [256a.6]སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་ལས་རང་གི་ལྷའི་རྣལ་འབྱོར་ཇི་ལྟར་བྱས་པ་དེ་རྗེས་སུ་དྲན་པར་བྱས་ནས། བདག་རང་གི་སྣའི་བུ་ག་ལ་སོགས་པ་བ་སྤུའི་བུ་ག་ཐམས་ཅད་ནས་བྱུང་བའི་རླུང་ཡིད་དང་བཅས་པར་འཕྲོ་བ་ [256a.7]དང་། ཚུར་བསྡུ་བའི་ཚུལ་གྱིས་སྣའི་ཐོར་ཏོའི་བར་དུ་དབུགས་འབྱུང་ཞིང་རྔུབ་པ་རྣམས་ཀྱི་རྒྱུའི་མཚན་ཉིད་ཞིབ་ཏུ་བཏགས་ནས་སེམས་བྱང་ཞིང་ལས་སུ་རུང་བར་བྱའོ། །དེ་ལྟར་བྱ་བ་ཡང་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱི་མེ་འབར་བས་ཁེབས་བའི་འགྲོ་བ་ཞེས་བྱ་བ་དག་སྟེ། སྡུག་བསྔལ་གསུམ་དང་བརྒྱད་ [256b] [256b.1]ཀྱི་མཚན་ཉིད་མེ་འབར་བ་དང་འདྲ་བས་ལུས་སེམས་ཀྱི་རྒྱུད་ཡོག་ཅིང་ཁེབས་པའི་འགྲོ་བ་རྣམས་དེ་ལས་ཐར་པ་དང་། གྲོལ་བར་བྱ་བའི་མགོན་མེད་པ་དེ་དག་ལ་བརྟགས་ཏེ། དེ་དག་གི་མགོན་དང་སྐྱབས་དང་། དཔུང་གཉེན་བྱ་ཞིང་སྡུག་བསྔལ་དེ་ལས་བསྒྲལ་བའི་ཕྱིར་དེ་ལྟ་བུའི་སེམས་མཉམ་པར་གཞག་ [256b.2]པའི་སྦྱོར་བ་བྱ་ཞིང་། དེ་ལྟར་བྱས་པས་སེམས་ལས་སུ་རུང་བར་འགྱུར་བ་དང་། རང་གི་སྙིང་གའི་དབུས་སུ་ཨ་ཞེས་པ་ལས་ཟླ་བའི་དཀྱིལ་འཁོར་བསམས་པའི་དབུས་སུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བསམས་ཏེ། དེ་མ་ཐག་ཏུ་ཞེས་པ་དེ་ལྟར་བསམས་པ་དེ་མ་ཐག་ཏུ་རྡོ་རྗེའི་ལྕགས་ཀྱུ་སྔར་མཆོད་པའི་སྐབས་སུ་ [256b.3]གསུངས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་པའི་ལྕགས་ཀྱུས་དྲངས་པའི་ཚུལ་གྱིས་ཇི་ལྟར་འདོད་པའི་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་གཙོ་བོ་གང་བསྒྲུབ་པ་དེ་རང་གི་ལུས་ལ་རེག་པའི་སྤྱོད་ཡུལ་བ་སྤུའི་སྒོ་ཕྲད་པ་ཙམ་དུ་བསམས་ལ། ཡང་དེ་བཞིན་དུ་དབུགས་སླར་བསྡུ་བའི་ཚུལ་གྱིས། སེམས་ཅན་ [256b.4]ཐམས་ཅད་ལ་བྱམས་པའི་མཚན་ཉིད། རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱ་སྔར་གསུངས་པ་བ་སྤུའི་སྒོ་ཕྲད་པ་ཙམ་དུ་གནས་པ་དེ་ལས་ཀྱང་དྲངས་ཏེ། དཔེར་ན་མར་དཀར་བྱེ་མའི་ནང་དུ་ཐིམ་པར་གྱུར་པ་དེ་བཞིན་དུ། ཡེ་ཤེས་སེམས་དཔའ་དེ་ཉིད་རང་གི་སྙིང་གར་ཐིམ་པར་བྱའོ། །དེའི་འོག་ཏུ་ཇི་སྲིད་འདོད་ [256b.5]པའི་བར་དུ་སྒྲུབ་པ་པོའི་ལུས་ལ་གནས་ཤིང་གཞུག་པར་བྱ་བའི་ཕྱིར་སྟོན་པའི་བཀའི་མཚན་ཉིད་རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱ་སྔར་གསུངས་པ་བཅིངས་ཏེ། རང་གི་ལུས་ཀྱི་ནང་དུ་ལྟ་བའི་ཏིང་ངེ་འཛིན་གྱིས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་ཏིང་ངེ་འཛིན་གྱི་བཅིང་བས་རབ་ཏུ་བཅིངས་ཤིང་སོ་སོ་མ་ཡིན་ཐ་མི་དད་ [256b.6]དབྱེར་མེད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཇི་ལྟར་རང་བཞིན་གྱིས་འོད་གསལ་བའི་ཞེས་པ། ཇི་ལྟར་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སེམས་དཔའ་དེ་དག་དང་། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཐ་དད་པ་མ་ཡིན་ཞིང་དབྱེར་མེད་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཡེ་ཤེས་ཀྱི་ [256b.7]སེམས་དཔའ་འདི་དག་དང་ཐ་དད་པ་མ་ཡིན་ཞིང་དབྱེར་མེད་པའི་ངོ་བོར་གནས་པ་ཡིན་པ་ལ། གློ་བུར་གྱི་ཉོན་མོངས་པའི་དྲི་མ་དང་། ཉེ་བའི་ཉོན་མོངས་པའི་རྣམ་པར་རྟོག་པ་སྒྱུ་མ་ཙམ་དུ་སྣང་ཞིང་དོན་དམ་ཡོད་པ་མ་ཡིན་པ་རྣམས་ཀྱིས་བསྒྲིབས་ནས་དྲི་མ་ཅན་དུ་གྱུར་ཏེ་ཐ་དད་པར་བྱས་སོ་སྙམ་དུ་ཚུལ་དེ་ལྟར་ [257a] [257a.1]རྗེས་སུ་དྲན་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱིན་གྱི་རླབས་སུ་གྱུར་པ་ཞེས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པར་བྱེད་ལ། དྲིལ་བུའི་སྒྲས་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྒྲོགས་པར་བྱེད་དོ། །ཇི་ལྟར་རྒྱུད་འདི་ཉིད་ལས་ཀྱང་། [257a.2]ཤེས་རབ་སྒྲ་ཡི་རྗེས་འབྲང་བ། །ཞེས་གསུངས་པའི་དོན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱིན་གྱི་རླབས་སུ་གྱུར་པ་ནི་དྲིལ་བུ་ཡིན་པར་འདོད་པས་ན། དེ་ལྟར་ཆོས་ཉིད་དང་དབྱེར་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱིན་གྱི་རླབས་སུ་གྱུར་པ་རྡོ་རྗེ་དྲིལ་བུའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་སྙིང་པོ་བརྗོད་ [257a.3]ཅིང་བསྐུལ་ལ། བདག་དང་དབྱེར་མེད་པར་གྱུར་པའི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སེམས་དཔའ་དེའི་རང་གི་ངོ་བོ་ཉིད་མཉེས་པར་བྱའོ། །དེ་ལྟར་བསྟན་པ་དེ་ལས་མི་མཐུན་པའི་རྣམ་པ་བཞིན་དུ་བྱས་ནའང་ཉེས་པ་མེད་པས་ན་ཡང་ན་ཞེས་བྱ་བ་སྨོས་ཏེ། ཕྱག་རྒྱ་རྣམས་དངོས་སུ་མ་བཅིངས་པར་ཡིད་ [257a.4]ཀྱིས་སྔགས་བརྗོད་ནས་དེ་བཞིན་དུ་བསྒྲུབས་ནའང་ཉེས་པ་མེད་དོ། །དེ་ནས་རང་གི་ལྷ་ཡེ་ཤེས་སེམས་དཔའ་སྔར་བཤད་པ་ཞེས་པ་ནི། རང་གི་བསྒྲུབ་པར་བྱ་བའི་ཡེ་ཤེས་སེམས་དཔའ་ཆ་ལུགས་སྔར་བསྟན་པ་དེའོ། །དེ་བཞིན་གཤེགས་པའི་མཚན་ཉིད་དམ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ [257a.5]སེམས་དཔའ་ཆེན་པོའི་མཚན་ཉིད་གཅིག་པ་འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་སྐུ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པའི་ཆ་ལུགས་ལྟ་བུའམ། རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཅུ་དྲུག་པོ་རྣམས་རང་གི་ཆ་ལུགས་སུ་སྣང་བ་ཡང་རུང་སྟེ། རང་གི་ལུས་ཀྱི་ནང་དུ་ཞུགས་པ་ཇི་ [257a.6]ལྟར་རིགས་པ་བཞིན་དུ་བསྒོམས་ནས་རང་དང་ཐ་མི་དད་པར་བྱས་པ་དེ་རབ་ཏུ་གསང་བའི་མཆོད་པ་རྣམ་པ་བཞི་ཏིང་ངེ་འཛིན་དུ་བྱས་པས་དུས་དང་རྣམ་པ་ཐམས་ཅད་དུ་ཐ་དད་པར་མི་གྱུར་ཅིང་། བདག་དང་མི་གཉིས་པར་གྱུར་པར་རབ་ཏུའམ་ལྷག་པར་བསྒོམས་ལ། སེམས་དཔའ་ཆེན་པོ་གང་ཡིན་པ་ [257a.7]དེ་ཉིད་བདག་གོ་སྙམ་པར་བསམ་ཞིང་སོ་སོར་དབྱེར་མེད་པར་གྱུར་པའི་ང་རྒྱལ་གྱིས་སེམས་དཔའ་ཆེན་པོ་དེའི་གཟུགས་སུ་བདག་ཉིད་མོས་པར་བྱའོ། །དེ་ལ་རབ་ཏུ་གསང་བའི་མཆོད་པ་ཞེས་པ་ནི། ཉན་ཐོས་དང་ཀྲི་ཡ་བ་དང་། དམ་པ་མེད་པ་དང་། མུ་སྟེགས་པ་ལ་སོགས་པ་གཞན་གྱིས་འདིའི་ [257b] [257b.1]དོན་བསྟན་ཀྱང་རྟོགས་པར་མི་ནུས་པས་ཀྱང་གསང་བ་ལ། དེ་དག་ལ་བསྟན་པར་བྱ་བ་མ་ཡིན་པས་དེ་དག་གི་སྤྱོད་ཡུལ་དུ་མི་སྣང་བར་བྱ་བའི་ཕྱིར་ན་གསང་བའོ། །ཁ་ཅིག་འདི་ལྟ་བུའི་དོན་ཐོས་པར་རུང་བའི་སྐལ་བ་ཡོད་ཀྱང་ཐོས་ནས་དད་པར་མི་འགྱུར་བ་དག་ཡོད་པས་དེ་དག་ལ་གསང་བ་སྟེ། རབ་ཏུ་གསང་ [257b.2]བ་ཞེས་པ་ནི་དེ་དག་ལ་མི་བསྟན་པ་རྣམས་ཀྱི་ནང་ན་ཡང་ལྷག་པར་འདི་གསང་དགོས་པས་ནི་རབ་ཏུ་གསང་བའི་མཆོད་པ་ཞེས་བྱའོ། །སེམས་མ་རྡོ་རྗེ་ལ་སོགས་པ་བཞིའི་མཚན་ཉིད་ཀྱི་མཆོད་པ་འདིས་གནོད་དམ་སྟེང་དུ་ཕེབས་པར་བྱེད་པ་སྟེ། མཆོད་པ་འདིས་མཆོད་ན་ཆོས་ཉིད་དེའི་སྟེང་དུ་ [257b.3]འབེབས་པར་བྱེད་ཅིང་། གཞན་གྱིས་རིག་པར་དཀའ་བའི་ཕྱིར་ན་རབ་ཏུ་གསང་བའི་མཆོད་པ་ཞེས་བྱའོ། །དེ་ལྟ་བུའི་དོན་དང་ལྡན་པ་དེ་གང་ཞེ་ན། དེ་ལ་རབ་ཏུ་གསང་བའི་མཆོད་པ་རྣམ་པ་བཞི་ནི་འདིའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་དང་བཅས་པའི་སེམས་མི་བརྟན་པ། ནང་དུ་ [257b.4]བཀག་ཅེས་པ་ནི་དབུགས་སླར་བསྡུ་བའི་ཚུལ་གྱིས་དབང་པོ་དང་བཅས་པའི་རྣམ་པར་ཤེས་པ་ཡུལ་གཟུགས་སྒྲ་ལ་སོགས་པའི་རྗེས་སུ་འབྲང་དུ་མི་གཞུག་པར་ནང་དུ་བསྡུ་བ་སྟེ། གཡེང་བའི་ཡུལ་དེ་དག་ནི་རྟག་པ་མ་ཡིན་པས་ན། མི་བརྟན་པ་ཞེས་བྱའོ། །དེ་དེ་ལྟར་དེ་དག་བཀག་ནས་ཨོཾ་ [257b.5]ར་ཏི་བཛྲ་ཞེས་བྱ་བའི་སྙིང་པོ་བརྗོད་དེ། ཡོངས་སུ་འཁྱུད་པ་རྗེས་སུ་མྱང་བར་བྱ་བའི་ཕྱིར་ཞེས་པ་ནི། དེ་ལྟར་བྱས་པའི་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱང་བར་བྱའོ། །དེའི་ཡན་ལག་རྣམས་དང་ཞེས་པ་ནི། ཡེ་ཤེས་སེམས་དཔའ་དེའི་སྐུའི་ཡན་ལག་རྣམས་སོ། །བདག་གི་ལུས་ཐམས་ཅད་ཀྱི་ [257b.6]རྡུལ་ཕྲ་རབ་ཅེས་པ་ནི། བདག་གི་ལུས་ལ་ཡོད་པའི་འབྱུང་བ་བཞིན་དུ་རྡུལ་ཕྲ་མོ་རྣམས་སོ། །ཆུ་དང་འོ་མ་ལྟ་བུར་ཞེས་པ་ནི། དོན་དམ་པར་ནི་རང་བཞིན་མེད་པར་མཉམ་ལ། ཀུན་རྫོབ་ཏུ་ལྷའི་སྐུ་ཟག་པ་མེད་པ་དང་། བདག་གི་ལུས་ཟག་པ་དང་བཅས་པའི་རྡུལ་ཕྲ་རབ་གཉིས་དབྱེར་མེད་ [257b.7]པར་བསྒོམ་པའོ། །དེ་ལ་མངོན་པར་དགའ་བ་ཞེས་པ་དེ་ལྟར་དམིགས་པའི་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བའི་དགའ་བ་དང་ཡིད་བདེ་བའོ། །བདེ་བ་ཡོངས་སུ་བསྔོ་བ་ཞེས་པ་ནི། ཏིང་ངེ་འཛིན་གྱི་རོ་མྱོང་བའི་བདེ་བ་དེ་སངས་རྒྱས་རྣམས་ལ་བསྔོ་བར་བྱས་པ་འདིའོ། །འོག་ནས་འབྱུང་བའི་མཆོད་ [258a] [258a.1]པ་གསུམ་པོ་ཞེས་པ་ནི། རཱ་ག་ཞེས་བྱ་བ་ལ་སོགས་པ་ཕྱི་ནང་གསང་བ་གསུམ་པོ་དག་ཀྱང་དེ་བཞིན་དུ་སངས་རྒྱས་རྣམས་ལ་དབུལ་བར་བྱའོ། །འདི་ལྟར་བྱ་བ་འདི་ནི་རབ་ཏུ་གསང་བའི་མཆོད་པ་བཞིའི་དང་པོ་སྟེ། ཇི་སྐད་དུ་རྩ་བའི་རྒྱུད་ཉིད་ལས། ལུས་ཀུན་ཡོངས་སུ་འཁྱུད་པ་ཡི། ། [258a.2]ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཡང་ན་རཱ་ག་བཛྲ་ཞེས་བྱ་བའི་སྙིང་པོ་འདི་རྗེས་སུ་དྲན་པ་ཀུན་དུ་སྦྱོར་བ་ཞེས་བྱ་སྟེ། དེ་མི་ཉམས་པ་ནི་དེ་ལས་གཞན་དུ་མི་འགྱུར་བར་བྱའོ། །ཇི་ལྟར་རྟོགས་པའི་ཡོན་ཏན་མངོན་དུ་བྱས་པ་ཞེས་པ་ནི། སྟོབས་དང་། མི་འཇིགས་པ་དང་། གཟུངས་དང་ཏིང་ངེ་ [258a.3]འཛིན་ལ་སོགས་པ་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་གྱི་རྣམ་པ་ཡིད་ལ་གསལ་བར་དྲན་པར་བྱེད་པའོ། །རྗེས་སུ་ཆགས་པ་ཞེས་པ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་པ་དེ་ལ་ཆགས་ཤིང་ཞེན་ཏེ་དམིགས་པ་མི་གཏོང་བའོ། །ཡང་དང་ཡང་དུ་མི་གཉིས་པ། །ཞེས་པ་ནི། ཡེ་ཤེས་ [258a.4]སེམས་དཔའ་དང་། དམ་ཚིག་སེམས་དཔའོ། །སངས་རྒྱས་རྣམས་ལ་ཕུལ་ན་ཞེས་པ་ནི་འདི་ཡང་སངས་རྒྱས་རྣམས་ལ་སྔ་མ་བཞིན་དུ་ཕུལ་ན་ཞེས་བྱ་བའོ། །དམ་པོར་འཛིན་ཞེས་བྱ་བ་ནི་མི་ཤོར་བར་འཛིན་པ་ལ་བྱའོ་ཞེས་པ་གཉིས་སུ་མེད་པར་བྱས་ནས་ཡོན་ཏན་རྗེས་སུ་དྲན་པར་བྱས་པའི་ཏིང་ངེ་ [258a.5]འཛིན་བརྟན་པར་གྱུར་པ་ལ་བྱའོ། །ཇི་ལྟར་བདག་གི་ཡེ་ཤེས་རྣམ་པར་གྲོལ་བའི་སྒོ་ཞེས་པ་ནི། རྣམ་པར་གྲོལ་བ་ནི་ནམ་མཁའ་དང་ཆོས་མཐུན་པ་སྟེ། བྱཱ་ཀ་ར་ཎའི་སྒྲས་ནམ་མཁའ་དང་རྣམ་པར་གྲོལ་བ་གཉིས་ཀ་ལ་མུ་ཀ་ཞེས་བྱ་སྟེ། ཇི་ལྟར་ནམ་མཁའ་རང་བཞིན་གྱིས་འོད་གསལ་ཞིང་རྙོག་པ་མེད་ [258a.6]པ་ལྟར་བདག་གི་རྣམ་པར་གྲོལ་བའི་སྒོ་འདིའང་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་འདྲ་བ་ཡིན་དུ་ཟིན་ཀྱང་ནམ་མཁའ་ལ་སྤྲིན་ལ་སོགས་པས་བསྒྲིབས་པ་ལྟར་བདག་གི་རྣམ་པར་གྲོལ་བ་ལ་ཡང་གློ་བུར་གྱི་ཉོན་མོངས་པའི་མུན་པས་ཁེབས་ཏེ་རྣམ་པར་གྲོལ་བ་མི་སྣང་བར་བྱས་མོད་ཀྱི། འོན་ཀྱང་ [258a.7]ཉོན་མོངས་པའི་དྲི་མ་གློ་བུར་བ་སྟེ་དོན་དམ་པར་བརྟགས་ནས་རང་བཞིན་མེད་པས་བདག་གི་ཡེ་ཤེས་སྣང་བའི་སྒོ་འདི་ཡོངས་སུ་དག་ཅིང་ཉེས་པ་མེད་པ་ཉིད་དེ། གཏན་ཚིགས་དེ་བས་ན་རང་གི་ཡེ་ཤེས་རྣམ་པར་དག་པའི་སྒོ་དེ་རང་གི་ལྷའི་ཡེ་ཤེས་ཡོངས་སུ་དག་པ་ཆགས་པ་མེད་པ་རྣམ་པར་གྲོལ་བའི་སྒོ་དང་ [258b] [258b.1]ཆ་མཉམ་པས་རོ་གཅིག་པ་ཡིན་ནོ་སྙམ་དུ་བསམས་ནས། དེ་ལྟར་རྣམ་པར་གྲོལ་བ་གཉིས་གཅིག་ཏུ་མོས་པའི་མཚན་ཉིད་རྣམ་པར་གྲོལ་བར་སྤྲད་པ་ཞེས་པ་ནི། རྣམ་པར་གྲོལ་བ་གཉིས་ཐ་མི་དད་པར་རིག་པའོ། །དེ་བས་ན་འདི་གཉིས་ཀྱི་དབང་པོ་གཟུགས་ཡོད་པ་དང་། གཟུགས་མེད་པ་ [258b.2]ཞེས་པ་བདག་གི་དབང་པོ་གཟུགས་ཅན་མིག་ལ་སོགས་པ་དང་། ལྷའི་རྣམ་པར་གྲོལ་བའི་དབང་པོ་སྤྱན་ལ་སོགས་པ་ལྔ་དང་། བདག་གི་དབང་པོ་གཟུགས་མེད་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། ལྷའི་དབང་པོ་གཟུགས་ཅན་མ་ཡིན་པ་ཡེ་ཤེས་རྣམ་པ་ལྔ་ཐམས་ཅད་དུ་མཉམ་པས་ [258b.3]གཅིག་ཏུ་གྱུར་ཅིང་ཐ་མི་དད་པར་གྱུར་པར་རིག་པས། བདག་གི་ལུས་དང་། ཡེ་ཤེས་སེམས་དཔའི་སྐུ་གཅིག་པུར་གྱུར་པའི་རྒྱལ་བ་སྒོམ་པ་འདི་ནི་རབ་ཏུ་གསང་བའི་མཆོད་པ་བཞི་པའོ། །མོད་ཀྱི་ཞེས་པ་ནི་མཆོད་པ་འདི་དག་རིགས་བཞིའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་བསྒོམས་ནས་དམ་ཚིག་ [258b.4]སེམས་དཔའ་དང་མི་གཉིས་པར་བྱས་པ་དེ་ལ་སོ་སོར་གོ་རིམས་བཞིན་དུ་སྦྱར་བར་བྱ་བ་སྐད་གློང་མོད་ཀྱི། ཀྱང་ཞེས་པའི་དོན་གྱིས་གང་རུང་བའི་རིགས་སུ་གཏོགས་པའི་ལྷ་གང་ཡང་རུང་བ་བསྒོམས་ནས་དེའི་སེམས་དཔའ་ཆེན་པོ་དང་གཉིས་སུ་མེད་པར་བྱས་པ་ལ་ཡང་མཆོད་པ་འདི་བཞི་ཆར་བྱར་རུང་ [258b.5]བར་བསྟན་ཏོ། །གང་གི་ཕྱིར་ཞེ་ན་ཞེས་པ་ནི། དཀྱུས་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །ཁྱད་པར་དུ་ནི་ཞེས་པ་ནི། ཁྱད་པར་དུ་ནི་རང་གི་རིགས་གང་བསྒོམ་པ་དེ་ལ་བདག་དང་གཉིས་སུ་མེད་པར་གྱུར་པ་དེ་ལ་རང་གི་རིགས་སུ་གཏོགས་པའི་རབ་ཏུ་གསང་བའི་མཆོད་པ་དེ་ལྷག་པར་བྱའོ་ཞེས་ [258b.6]རྣལ་འབྱོར་གྱི་རིགས་ལ་མཁས་པའི་སློབ་དཔོན་མཁས་པ་རྣམས་ཀྱིས་འཆད་དོ་ཞེས་སློབ་དཔོན་གྱིས་གསུངས་སོ། །དེ་ནས་དེ་ལྟར་རང་གི་ལྷའི་བདག་གི་ལུས་ལ་ཆུ་འོ་མ་དང་འདྲེས་པ་ལྟར་གྱུར་པ་ལ་ཞེས་པ་ནི། དཔེར་ན་འོ་མ་དང་ཆུ་ལེགས་པར་འདྲེས་པར་གྱུར་ན་འདི་ནི་ཆུ། འདི་ནི་འོ་ [258b.7]མ་ཞེས་སོ་སོར་དབྱེ་བར་མི་ནུས་ཏེ། གཅིག་གི་ངོ་བོར་གཅིག་གྱུར་པ་ལྟར། དེ་ལྟར་གསང་བའི་མཆོད་པ་རྣམ་པ་བཞི་བྱས་པའི་དེ་མ་ཐག་ཏུ་བདག་གི་ལུས་ངག་ཡིད་གསུམ་དང་། ཡེ་ཤེས་སེམས་དཔའ་རྣམས་ཀྱི་སྐུ་གསུང་ཐུགས་གཅིག་གི་ངོ་བོར་དབྱེར་མེད་པར་གྱུར་པ་དང་། ཨོཾ་སུ་ར་ [259a] [259a.1]ཏ་སྟྭཾ་ཞེས་བྱ་བའི་སྙིང་པོ་འདི་བརྗོད་ཅིང་ཡེ་ཤེས་སེམས་དཔའ་དབང་དུ་གྱུར་པར་བྱ་བའི་ཕྱིར་ཇི་སྲིད་འདོད་པར་བསྒོམ་མོ། །དེ་ལ་དབང་དུ་གྱུར་པར་ཞེས་པ་ནི་བདག་གིར་གྱུར་པ་སྟེ། ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་དུ་བཏུབ་པའོ། །ཇི་སྲིད་འདོད་པར་ཞེས་པ་ནི། ཇི་སྲིད་སེམས་མི་སྐྱོའམ་དངོས་ [259a.2]གྲུབ་མ་ཐོབ་ཀྱི་བར་དུ་བསྒོམ་པའོ། །འདོད་པ་བརྟེན་པ་བདེ་བའི་བདག །ཅེས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་འདོད་ཅིང་བསྟེན་པར་བྱ་བའི་གནས་ཡིན་ཏེ། བསྒྲུབ་ཅིང་མ་བཏང་བར་གྱུར་ན་འཇིག་རྟེན་པའི་བདེ་བ་འདོད་པའི་ཡོན་ཏན་གྱི་རྣམ་པ་དང་། འཇིག་རྟེན་ལས་ [259a.3]འདས་པའི་བདེ་བ་མྱ་ངན་ལས་འདས་པའི་བདག་ཉིད་དུ་འགྱུར་པས་དེ་ཐོབ་པར་མཛད་པའོ། །རབ་ཏུ་དགའ་བ་ཁྱོད་ཅེས་སྨྲས། །ཞེས་པ་ནི་སུ་ར་ཏ་སྟྭཾ་ཞེས་བྱ་བའི་སྔགས་ཁྱོད་ནི་རབ་ཏུ་དགའ་བའམ་དགའ་བར་སྤྱོད་པ་ཡིན་ཏེ། འདོད་པ་བསྟེན་པས་བདེ་བའི་བདག་ཉིད་ཐོབ་པར་བྱེད་པའི་རྒྱུ་ཞེས་བསྟན་ [259a.4]པའོ། །རྡོ་རྗེ་སེམས་དཔའ་བསྒྲུབ་བྱ་བ། །ཞེས་པ་ནི། ཐབས་གང་དམ་ཚིག་ཇི་སྐད་སྨྲས། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །ཞེས་པའི་ཐ་ཚིག་སྟེ། དེ་ཉིད་བསྐུལ་བས་དབང་དུ་བྱས། །ཞེས་པ་ནི་སུ་ར་ཏ་སྟྭཾ་ཞེས་པའི་སྔགས་དེ་ཉིད་ཀྱིས་བསྐུལ་བས་དབང་དུ་བྱེད་ཅིང་རོ་གཅིག་པར་འགྱུར་ཏེ། ཅིའི་ [259a.5]ཕྱིར་ཞེ་ན། སྔགས་དེས་ནི་གནད་ལ་འབབ་པའམ་སྟེང་ཕྱོགས་པར་བྱེད་པས་ནི་དེ་ཉིད་ཅེས་བྱ་བ་ཡང་དེ་ཡིན་ཏེ། དེའི་ཕྱིར་དེ་ལྟར་བྱེད་ཅེའོ། །འདིར་འདོད་ཅིང་ཐར་པར་བྱས་པས་ན་ཞེས་པ་ནི། ཚིགས་སུ་བཅད་པ་ཉིད་སླར་བཀྲོལ་བའི་ཚིག་སྟེ། འདིར་འདོད་ཅིང་ཐར་པར་ཞེས་པ་ནི་བསྒྲུབ་པར་ [259a.6]བྱ་བའི་དངོས་གྲུབ་འདོད་ཅིང་ཁམས་གསུམ་འཁོར་བ་ལས་ཐར་བར་བྱ་བས་ན། འདོད་ཅིང་ཐར་བར་བྱ་བ་ཞེས་བྱ་སྟེ། དངོས་སུ་ན་རང་གིས་བསྒྲུབ་པར་བྱ་བའི་ཡེ་ཤེས་སེམས་དཔའ་ཉིད་ལ་བྱ་སྟེ། གོང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་སྨོས་པ་ལས་དགར་བར་བྱས་ [259a.7]ནས་བསྟན་པའོ། །དེ་ལ་གཞན་དག་གིས་འདོད་པ་ཞེས་བྱ་བ་ལྷ་ལ་བྱ་བར་ངེས་པ་ཅི་ཡོད་སྙམ་པ་རྣམས་ཀྱི་ཕྱིར། དེ་ཡང་རྒྱུད་ལས་ཇི་སྐད་དུ། དམ་ཚིག་གི་དཀྱིལ་འཁོར་ཕྱི་མའི་རྒྱུད་ལས། རབ་ཏུ་དགའ་བ་ཁྱོད་ཅེས་སྨྲས། །རྡོ་རྗེ་སེམས་དཔའ་བསྒྲུབ་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། [259b] [259b.1]རབ་ཏུ་དགའ་བ་ཞེས་བྱ་བ་ནི་སུ་ར་ཏ་སྟྭཾ་ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་བརྗོད་པ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའ་བསྒྲུབ་བྱ་བ། །ཞེས་གསུངས་པ་སྟེ། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ་བའི་ཕྱིར་གསུངས་སོ། །དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། ད་ནི་འདོད་པ་ཀུན་དུ་བཟང་། །ཞེས་བྱ་བ་སྨོས་ཏེ། ད་ནི་ [259b.2]མཚོན་པའི་ཕྱིར་སྨོས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །དེ་ནི་འགྲོ་བ་རྣམས་ཀྱི་འདོད་ཅིང་དོན་དུ་གཉེར་བའི་རིགས་པ་སྟེ། གཡོ་བ་དང་མི་གཡོ་བའི་བདག་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་བས་ཀུན་དུ་བཟང་ཞེས་བྱའོ། །དེ་བས་ན་དེའི་འདོད་པའི་འབྲས་བུ་ནི། །སེམས་ཅན་ཀུན་ལ་བདེ་བ་སྦྱིན། །ཞེས་བྱ་བ་ [259b.3]སྟེ། གང་ཞིག་གང་འདོད་པའི་སེམས་ཅན་ཡོད་ན། དེས་ཇི་ལྟར་འདོད་པའི་བདེ་བ་སྦྱིན་པར་བྱ་ཞེས་གསུངས་སོ། །འདོད་པ་དང་བདེ་བ་སྦྱིན་པ་དེ་རྒྱུ་གང་ལས་བརྟེན་ནས་ཐོབ་ཅེ་ན། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་གསུངས་པ་འདི་ཁོ་ན་དང་། སུ་ར་ཏ་སྟྭཾ་ཞེས་པའི་སྔགས་བརྗོད་པ་ [259b.4]དང་། མཆོད་ནས་གྲུབ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་འདིས་འཐོབ་པར་འགྱུར་པར་རིག་པར་བྱའོ། །གཞན་དག་ན་རེ། ཅི་རྡོ་རྗེ་སེམས་དཔའ་ཁོ་ནས་འདི་ལྟར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནམ་སྙམ་པ་རྣམས་ཀྱི་ཕྱིར། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི། འདིར་ཕལ་ཆེར་ཉེ་བའི་མཚན་ [259b.5]ཉིད་ཀྱི་ཚིག་སྟེ། ཞེས་གབ་གསུངས་ཏེ། འདིར་ཉེ་བའི་མཚན་ཉིད་དུ་རྡོ་རྗེ་སེམས་དཔའ་དང་པོར་གྱུར་པས་དེ་གཟུང་བར་ཟད་ཀྱི། རྡོ་རྗེ་རྒྱལ་པོ་ལ་སོགས་པའི་སེམས་དཔའ་གཞན་རྣམས་བསྒྲུབས་ན་ཡང་དེ་བཞིན་དུ་འགྲུབ་པར་འགྱུར་བར་བསྟན་པའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་ [259b.6]དཔའ་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་བཤད་ཟིན་ཏོ།། །།དེ་ལྟར་དེ་བཞིན་གཤེགས་པ་དང་། དེའི་རིགས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་བ་ཇི་ལྟ་བ་བཞིན་དུ་བསྟན་ནས། ད་ནི་དེའི་ཟླས་བྱུང་ཞིང་བསྒྲུབ་པར་བྱ་བའི་ཐབས་སུ་གྱུར་པ། ནོར་བསྒྲུབ་པ་ [259b.7]དང་། རྡོ་རྗེ་དང་། རིག་འཛིན་དང་། ཕྱག་རྒྱ་ཆེན་པོ་བཞི་ལ་སོགས་པ་སྒྲུབ་པའི་ཐབས་རྒྱུད་ལས་གསུངས་པའི་དོན་རྣམས་འདིར་བཤད་དེ། དེ་ལ་དང་པོར་ནོར་བསྒྲུབ་པར་བྱ་བ་གསུངས་པ། དེ་ལྟར་དེ་བཞིན་གཤེགས་པ་རྣམས་དང་ཞེས་པས་མགོ་དྲངས་པ་ནས། མཉེས་པར་བྱ་བའི་མགོན་ [260a] [260a.1]པོ་གང་འདོད་པ་ཅིག་གི་ཕྱག་རྒྱ་བསྒོམ་པ་གོམས་པ་ལས་ཇི་ལྟར་འདོད་པའི་དངོས་གྲུབ་སྒྲུབ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉེས་པར་བྱ་བའི་མགོན་པོ་གང་འདོད་པ་ཞེས་པ་ནི། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་སུ་གསུངས་པའི་ལྷ་ཇི་སྙེད་བརྗོད་ [260a.2]པ་དེ་ལས། གང་ལས་མོས་པ་དེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པ་གོམས་པ་ལས་ཇི་ལྟར་འདོད་པའི་དངོས་གྲུབ་འོག་ནས་འབྱུང་བ་རྣམས་ལས་གང་འདོད་པའི་དངོས་གྲུབ་དེ་བསྒྲུབ་པར་བྱའོ་ཞེས་བསྟན་ཏེ། ཕྱག་རྒྱ་ཆེན་པོ་ལས་འབྱུང་བའི་དངོས་གྲུབ་དེ་རྣམས་ཀྱང་ཞེས་པ་ནི། ཇི་སྐད་ [260a.3]དུ་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་པ་གོམས་པ་ལས་གང་འདོད་པའི་དངོས་གྲུབ་འབྱུང་བས། གང་ལ་དད་པ་དེ་བསྒྲུབ་པར་བྱའོ་ཞེས་རྒྱུད་ཉིད་དུ་གསུངས་པ་དེ་རྣམས་ཀྱང་སློབ་དཔོན་སངས་རྒྱས་གསང་བ་བདག་ཉིད་ཀྱིས་བྱས་པའི་སྒྲུབ་ཐབས་འདིར་གསལ་བར་བཤད་པར་བྱ་སྟེ། དེ་ལ་ཕྱག་ [260a.4]རྒྱ་ཆེན་པོ་བསྒོམས་པ་ལས་བྱུང་བའི་ཞེས་པ་ནི། དེ་ལྟར་རྣམ་པར་བཀོད་དོ་ཞེས་བསྟན་པ་དེ་ལ་བསྒྲུབ་པ་གང་ཕྱག་རྒྱ་ཆེན་པོ་བསྒོམ་པ་གོམས་པར་བྱས་པ་ལས་བྱུང་བའི་དངོས་གྲུབ་བསྟན་པ་རྣམས་ལས་ནོར་གྱི་དངོས་གྲུབ་བསྒྲུབ་པར་འདོད་པ་དེས། དང་པོ་ཉིད་དུ་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་ཡེ་ཤེས་ [260a.5]སེམས་དཔའ་དབབ་པའི་མཐའི་བར་དུ་རྒྱས་པར་སྔར་བཤད་པའི་ཚུལ་དེ་བཞིན་དུ་བྱས་ནས། ཨརྠ་སིདྡྷི་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་། ཇི་ལྟར་གང་ལ་དད་པའི་རང་གི་ལྷའི་གཟུགས་དང་། བདག་མི་གཉིས་ཤིང་ཐ་མི་དད་པར་བསྒོམ་པ་ནི་ནོར་བསྒྲུབ་པའི་ཏིང་ངེ་འཛིན་ཏེ། བསྒོམ་པའི་ཚད་ [260a.6]ནི། ཇི་སྲིད་ནོར་བསམས་པ་དེ་ཞེས་བྱ་བ་དག་སྟེ། རིན་པོ་ཆེ་དང་གསེར་དངུལ་ལ་སོགས་པའི་རྣམ་པ་ཇི་སྙེད་པོ་རྣམས་ལས་ཇི་སྲིད་རང་གིས་འདོད་པའི་ནོར་མངོན་དུ་བསམས་པ་དེ་རང་གི་མངོན་དུ་སྣང་བར་གྱུར་གྱི་བར་དེ་སྲིད་དུ་བསྒོམ་པར་བྱ་སྟེ། མ་བཙལ་བར་ག་ལས་འབྱུང་གཏོལ་མེད་པར་ [260a.7]འབྱུང་ཞེས་པ་ནི། བདག་གིས་དེ་སྔ་དངོས་སུ་གང་དུ་ཡང་བཙལ་བའི་བྱ་རྩོལ་མ་བསྐྱེད་པས། ས་འོག་ས་བླ་བར་སྣང་ངམ། ས་དང་ཆུའི་གསེབ་གང་ན་ཡོད་གཏོལ་མེད་བཞིན་དུ་རང་གི་སེམས་ཀྱིས་གང་འདོད་པ་དེ་ཏིང་ངེ་འཛིན་གྱིས་མངོན་དུ་སྣང་བར་དམིགས་པ་དང་། ནམ་ཏིང་ངེ་འཛིན་ [260b] [260b.1]ལས་སུ་རུང་བར་གྱུར་པའི་དུས་ན། མངོན་སུམ་དུ་སྣང་བར་གྱུར་པས་དེ་ལྟར་མ་གྱུར་གྱི་བར་དུ་བསྒོམ་པར་བྱའོ་ཞེས་བསྟན་པའོ། །དེ་ནས་མཚན་མ་བྱུང་ནས་ཞེས་པ་དེ་ལྟར་བསྒོམས་ནས་འདོད་པའི་ནོར་ཉིད་མངོན་དུ་སྣང་བ་ནི་མཚན་མ་བྱུང་བ་སྟེ་དེ་ལྟར་རང་གིས་འདོད་པའི་མཚན་མ་སྣང་བར་གྱུར་ནས། [260b.2]སྔ་མ་བསྟན་པའི་ཚུལ་བཞིན་དུ་མཚན་གཅིག་རང་གི་ཉམས་སུ་ལོན་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དེ་ཉིད་ཤིན་ཏུ་གོམས་ཤིང་གསལ་བར་བསྒོམ་པར་བྱ་སྟེ། ནོར་བསྒྲུབ་པའི་སྙིང་པོ་སྔར་བསྟན་པ་དེ་ཁོ་ན་ཡིད་ལ་གསལ་བར་འདོད་ཅིང་གནས་སོ། །དེ་ལྟར་གནས་པ་དང་། དེའི་རྟིང་ཐོགས་སུ་ [260b.3]རང་གིས་གང་བསྒོམ་པའི་ལྷ་བྱོན་ནས་རང་ཇི་ལྟར་བསམས་ཤིང་བསྒོམས་པའི་ནོར་གྱི་དངོས་གྲུབ་ཀུན་བདག་ལ་སྩོལ་བར་མཛད་དོ། །དེ་ལྟར་བྱ་བ་ཡང་རྒྱུད་ལས་ཇི་སྐད་དུ། དེ་ལ་རེ་ཞིག་ནོར་བསྒྲུབ་པར་འདོད་པ་དེས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནས་རྡོ་རྗེའི་དངོས་གྲུབ་བསྟན་པར་ [260b.4]བྱ་སྟེ་ཞེས་པ་ནི། རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་ལྟ་བུར་བསྒྲུབས་ནས། ཕ་རོལ་འཇོམས་ཤིང་ཚུར་གཞན་གྱིས་མི་ཚུགས་པར་བྱའམ། ཡང་ན་རྡོ་རྗེ་ཉིད་བསྒྲུབས་པས་ཇི་ལྟར་འདོད་པ་བཞིན་དུ་བྱེད་པར་ནུས་པ་ནི་རྡོ་རྗེའི་དངོས་གྲུབ་སྟེ། དེ་བསྒྲུབ་པར་བྱ་བའི་ཐབས་བསྟན་པར་བྱ་སྟེ། ཞེས་བྱའོ། ། [260b.5]འདི་དག་གི་རྩིས་མགོ་ཡང་སྔར་བསྟན་པ་ལས་རིག་པར་བྱ་སྟེ། ཇི་ལྟར་མོས་པའི་རང་གི་ཕྱག་རྒྱ་མཚན་མ་བྱུང་གི་བར་དུ་ཞེས་པ་གང་བསྒོམས་པའི་ལྷ་དེའི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའི་མཚན་ཉིད་མངོན་དུ་སྣང་བའི་བར་རོ། །དེ་བཞིན་དུ་བཛྲ་བིདཱ་ར་ཞེས་པ་ནི་རིག་འཛིན་བསྒྲུབ་པ་སྟེ། རང་གི་ [260b.6]ལྷ་དེ་བཞིན་དུ་རིག་སྔགས་འཛིན་སྟེར་རོ་ཞེས་པ་ནི་རང་གི་ལྷ་གང་བསྒོམས་པ་དེ་མངོན་སུམ་དུ་བྱོན་ནས་རིག་སྔགས་འཛིན་གྱི་དངོས་གྲུབ་གང་འདོད་པ་དེ་སྦྱིན་པར་མཛད་དོ། །བྱིན་གྱིས་བརླབ་པའི་ཕྱག་རྒྱ་དང་སྔགས་དང་། ཡེ་ཤེས་སེམས་དཔའ་དང་། བདག་དབྱེར་མེད་པར་བྱས་པ་ནི་བྱིན་ [260b.7]གྱིས་བརླབ་པར་བྱའོ། །རང་གི་ཕྱག་རྒྱའི་སེམས་དཔའི་གཟུགས་སུ་ཞེས་པ་ནི། རང་གང་ལ་དད་པའི་ཕྱག་རྒྱའི་སེམས་དཔའ་ཆེན་པོའི་གཟུགས་སུ་བདག་ཉིད་བསྒྲུབ་ཅིང་སྣང་བར་བྱ་བའོ། །དེའི་ཚེ་ཞེས་པ་ནི། དེ་ལྟར་བསྒྲུབ་པ་དེའི་ཚེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་ [261a] [261a.1]གསུངས་པའི་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་རྣམས་ལས་རང་གི་ལྷ་གང་སྒྲུབ་ཅིང་བསྒོམ་པ་དེའི་སྙིང་པོ་བརྗོད་ཅིང་རང་ཇི་ལྟར་མོས་པའི་ལྷའི་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་བསྒོམ་པར་བྱའོ། །དེ་ཡང་རྒྱུད་ཉིད་ལས་ཇི་སྐད་དུ། དེ་ [261a.2]ནས་དངོས་གྲུབ་ཀྱི་མཆོག་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དངོས་གྲུབ་ཀྱི་མཆོག་ཅེས་པ་ནི། ཕྱག་རྒྱ་ཆེན་པོ་ཉིད་དངོས་གྲུབ་ཅི་སྙེད་པ་རྣམས་ལས་ཁྱད་པར་དུ་གྱུར་པ་ནི་དངོས་གྲུབ་ཀྱི་མཆོག་སྟེ། དེ་བསྒྲུབ་པར་འདོད་ན་རང་གི་ལྷའི་སྐུ་ཕྱག་རྒྱ་དང་། ཕྱག་རྒྱ་དེའི་སྙིང་པོ་བསྒྲུབ་ [261a.3]པར་བྱ་སྟེ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཞེས་པ་ཡང་དག་པའི་སངས་རྒྱས་ནི། འཇིག་རྟེན་པའི་འབྲས་བུ་མཐར་ཕྱིན་པ་རྣམས་ལས་ཁྱད་པར་དུ་གྱུར་པས་ན་ཡང་དག་པ་སྟེ། ཇི་ལྟར་འཇིག་རྟེན་པའི་འབྲས་བུ་མངོན་དུ་ཐོབ་པ་རྣམས་ནི་གྲུབ་པ་ཆེ་བར་གྱུར་པ་ཡིན་ཀྱང་ཟད་པའི་ [261a.4]མཚན་ཉིད་ཅན་བས་ཡང་དག་པར་རྫོགས་པ་མ་ཡིན་ལ། དེ་བཞིན་གཤེགས་པའི་སྐུ་ཐོབ་པའི་འབྲས་བུ་ནི་ཟད་པ་མེད་པའི་གཡུང་དྲུང་གི་བདག་ཉིད་པས་ཡང་དག་པ་ཡང་ཡིན་ལ་ཡང་དག་པར་རྫོགས་པ་ཡང་ཡིན་པས། ཡང་དག་པའི་སངས་རྒྱས་ཀྱི་དངོས་གྲུབ་རྣམས་ཀྱི་ནང་ན་དམ་པར་གྱུར་ [261a.5]པ་སྟེ། དེ་བསྒྲུབ་པའི་རིམ་པའང་འདི་བཞིན་བྱའོ། །དེ་བཞིན་གཤེགས་པ་ལྔ་ལས་གང་ལ་དད་པའམ། བཅོམ་ལྡན་འདས་རྡོ་རྗེ་དབྱིངས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་ཉིད་ཇི་ལྟ་བ་བཞིན་མངོན་དུ་བྱས་ཏེ། སྣའི་ཐོག་མའི་བུ་གའི་ནང་དུ་འབྱུང་བའི་དབུགས་དགག་ [261a.6]པའི་རིམ་པ་སྔ་མ་བཞིན་དུ་བྱས་ཏེ། བཛྲ་དྷཱ་ཏུ་ཞེས་བརྗོད་ཅིང་དབུགས་འབྱུང་བའི་དུས་ནམ་མཁའི་ནང་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཕྲ་མོ་རྣམས་ཀྱིས་ཁྱབ་པ་དག་རབ་ཏུ་གསལ་བར་སྣང་བར་གྱུར་པར་རྣལ་འབྱོར་གྱིས་བསམས་ཏེ། སྣའི་བུ་གའི་ཐོག་མ་ནས་དབུགས་བག་ཡངས་ [261a.7]སུ་འབྱུང་བའི་སྦྱོར་བས་དབུགས་ཀྱི་རྗེས་སུ་འབྲང་བའི་ཡིད་ཀྱིས། དེ་བཞིན་གཤེགས་པའི་སྐུར་ནམ་མཁའ་གང་བར་བརྟགས་པ་དེ་དག་དབུགས་སླར་སྡུད་པའི་དུས་ན་དེ་དག་ཀྱང་སླར་བསྡུས་ཏེ་ཡན་ལག་གི་རླུང་རང་གི་ལུས་ལ་འཇུག་པའི་ཚུལ་གྱིས་མར་སར་པ་བྱེ་མའི་ནང་དུ་ཐིམ་པ་བཞིན་དུ་རང་ [261b] [261b.1]གི་སྙིང་གར་གཟུང་ཅིང་ལུས་ལ་ཐིམ་པར་བྱའོ། །དེ་ལྟར་བྱ་བ་ཡང་རྒྱུད་ཉིད་ལས། ཇི་སྐད་དུ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་ཞི་བའི་མཆོག་སངས་རྒྱས་པར་འདོད་ཅེས་པ་ནི་ཞེ་བ་ནི་ཉན་ཐོས་དང་རང་རྒྱལ་ལ་སོགས་པ་ཡང་ཡིན་མོད་ཀྱི་དེ་ [261b.2]དག་རབ་ཏུ་ཞི་བའི་མཆོག་མ་ཡིན་ཏེ་རབ་ཏུ་ཞི་བའི་མཆོག་ནི་བླ་ན་མེད་པའི་སངས་རྒྱས་ལ་བྱ་སྟེ། བསྐལ་པ་དུ་མས་འགྲུབ་པར་དཀའ་བའི་རབ་ཏུ་ཞི་བའི་མཆོག་དེ་ཚེ་འདི་ཁོ་ན་ལ་འགྲུབ་པར་འདོད་པས་སྦྱོར་བ་འདི་བྱའོ། །མིན་ན་ཞེས་པ་ནི་དེ་བསྒྲུབས་པས་གལ་ཏེ་མ་གྲུབ་ཏུ་ཟིན་ཀྱང་ནོར་གྲུབ་པ་ལ་སོགས་པ་ [261b.3]སྔར་བསྟན་པའི་དངོས་གྲུབ་དེ་དག་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །ལས་གཞན་མེད་པར་བསྒོམ་པ་ལ་བརྩོན་ཞིང་བྱ་བ་གཞན་བཏང་སྟེ། རྟག་པར་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་འབའ་ཞིག་ལ་གནས་ཤིང་ལུས་ངག་ཡིད་གསུམ་གྱི་གནས་ངན་ལེན་འཇོམས་པ་དང་། [261b.4]འདུལ་བ་ནི་གང་འདོད་པའི་དངོས་གྲུབ་དེ་འཐོབ་པར་འགྱུར་ཏེ། བསྒོམ་པའི་ཚད་ནི་ཇི་ལྟར་བསྒོམས་པའི་དེ་བཞིན་གཤེགས་པའི་ཞེས་པ་དག་སྟེ། བདག་ཉིད་ཀྱིས་ཇི་ལྟར་བསྒོམས་པའི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་པའི་མཚན་མ་བདག་གཞན་གྱིས་མཐོང་གི་བར་དུ་བསྒོམས་ནས་ [261b.5]ནམ་མཚན་མ་བྱུང་བར་གྱུར་པ་དང་། དཀྱིལ་འཁོར་བྲི་བ་ལ་སོགས་པ་སྔ་མ་བཞིན་དུ་བྱས་ཏེ་བསྒྲུབས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུངས་འཛིན་པའི་བྱང་ཆུབ་སེམས་དཔའི་རིག་སྔགས་འཆང་དུ་འགྱུར་ཏེ། སངས་རྒྱས་ཀྱི་གཟུངས་འཛིན་པའི་བྱང་ཆུབ་སེམས་དཔའ་ [261b.6]ཞེས་པ་ནི། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་པའོ། སངས་རྒྱས་ཀྱི་གཟུངས་འཛིན་པ་ནི་བྱང་ཆུབ་སེམས་དཔའི་རིག་སྔགས་ཞེས་བྱའོ། །སེམས་དཔའི་བྱིན་གྱི་རླབས་རྣལ་འབྱོར་གྱིས་ཞེས་པ་ནི། དང་པོར་བསྒོམ་པ་གོམས་པར་བྱེད་པའི་ཚེ་སེམས་བརྟག་པ་ [261b.7]ལ་སོགས་པ་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་རང་གི་ལུས་ཕྱག་རྒྱ་ཆེན་པོར་བསྒོམས་ནས། སེམས་མ་རྡོ་རྗེ་མའི་ཕྱག་རྒྱས་བྱིན་གྱིས་བརླབས་ནས། བསྒྲུབ་པར་བྱ་བའི་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་བསྒོམ་པར་བྱ་སྟེ། ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་ [262a] [262a.1]གཅིག་ཏུ་བྱས་ཏེ་ཡེ་ཤེས་སེམས་དཔའི་ངང་དུ་བསྒོམ་པའི་ཏིང་ངེ་འཛིན་ལ་ནི་ཡེ་ཤེས་རྣལ་འབྱོར་ཞེས་བྱ་སྟེ། འདིས་ནི་དེ་བཞིན་གཤེགས་པའི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་དེ་སྣང་བར་འགྱུར་རོ། །ནམ་དེ་བཞིན་གཤེགས་པའི་སྐུར་སྣང་ཞེས་པ། དེ་ལྟར་ཕྱག་རྒྱ་ཆེན་པོ་ཡུན་ [262a.2]རིང་དུ་བསྒོམས་ནས། ནམ་དེ་བཞིན་གཤེགས་པའི་སྐུར་སྣང་བའི་མཚན་ཉིད་ཕྱག་རྒྱ་ཆེན་པོ་གོམས་ཏེ་ཏིང་ངེ་འཛིན་སྒྲུབ་ཏུ་རུང་བ་དེའི་ཚེ། སེམས་མ་རྡོ་རྗེ་བསྒོམ་པའི་ཚེ། ཉིད་ན་ཞེས་པ་སེམས་མ་རྡོ་རྗེ་མས་བྱིན་གྱིས་བརླབས་ཏེ་ཕྱག་རྒྱ་ཆེན་པོར་བསྒོམ་པའི་དུས་དེའི་ཚེ་ཉིད་ན། ཕྱག་རྒྱ་ཆེན་པོར་ [262a.3]བསྒོམ་པའི་དེའི་རྣམ་པར་རྟོག་པ་མེད་ཀྱང་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བདག་ཉིད་ཀྱི་ལུས་མངོན་དུ་སྣང་བར་འགྱུར་རོ། །སེམས་དཔའ་ཡང་ནི་ཐམས་ཅད་བདག །ཅེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། གཡོ་བ་དང་མི་གཡོ་བ་ཐམས་ཅད་ཀྱི་ངོ་བོར་གྱུར་པའོ། ། [262a.4]བདག་ཀྱང་བདག་ལ་ཀུན་དུ་གནས། །ཞེས་པ་ནི། ཐམས་ཅད་ལ་ཁྱབ་པ་དང་། རྣལ་འབྱོར་གོམས་པའི་མཐུས་བདག་ཉིད་ཀྱང་དེ་ལ་དེ་ཉིད་ཀྱང་བདག་སྟེ། ཐ་དད་པ་མ་ཡིན་ཞིང་དབྱེར་མེད་པས་ན། གཅིག་གི་ངོ་བོར་གཅིག་གནས་པར་བསྟན་པའོ། །དེ་བས་ན་ཡིད་ལ་བྱ་བ་སྟེ་བདག་རང་ཕྱག་རྒྱ་ཆེན་པོ་ [262a.5]མངོན་དུ་བྱེད་པ་གང་ཡིན་པའོ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཐབས་བཤད་པའོ། །ད་ནི་ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་བཤད་པར་བྱ་སྟེ། དེ་ཡང་ཅི་ལྟ་ཞེ་ན། དེའི་རིགས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་ [262a.6]རུང་བའི་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་རིམ་པ་འདིའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་རིགས་སུ་གྱུར་པ་དང་། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ཀྱི་སྒྲས་བསྡུས་པ་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་སེམས་དཔའ་ལྷག་མ་རྣམས་ཏེ། དེ་ལས་གང་ལ་ [262a.7]མོས་པ་གཅིག་གམ་དུ་མ་ཡང་རུང་བའི་སྐུ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་འདོད་པའི་རིམ་པ་འོག་ནས་འབྱུང་བ་འདི་ལྟར་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཚུལ་ཇི་ལྟ་བུ་ཞེ་ན། དང་པོར་རེ་ཞིག་མཆོད་པ་ལ་སོགས་པའི་ཆོ་ག་ཡེ་ཤེས་དབབ་པའི་མཐའི་བར་དུ་བྱས་ལ་ཞེས་པ་སྟེ། འདི་ལྟར་སྒྲུབ་ [262b] [262b.1]པར་འདོད་ན་ཐོག་མ་ནས་སྐུ་ཕྱག་རྒྱར་བསྒོམས་པ་ལས་མི་གཟུང་བར། གཞན་གྱི་ལས་ཀྱིས་མཚམས་སྦྱོར་དགོས་པས་ན་རེ་ཞིག་ཅེས་བྱ་སྟེ། མཆོད་པ་ནས་བརྩམས་ཏེ་ཡེ་ཤེས་དབབ་པའི་བར་དུ་སྔར་བསྟན་པའི་རིམ་པ་བཞིན་དུ་མ་ལུས་པར་བྱས་ལ། དེ་ནས་གདོད་རང་གིས་ཇི་ལྟར་སྒྲུབ་ཅིང་བྱིན་གྱིས་ [262b.2]བརླབ་པར་འདོད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་ཉིད་གསལ་བར་བསྒོམ་པར་བྱས་ཏེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པའི་སྐབས་སུ་གསུངས་པའི་མཉེས་པར་བྱ་བའི་འོས་སུ་གྱུར་པ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་ཀྱི་སེམས་ [262b.3]དཔའ་རྣམས་ལས་གང་ཡང་རུང་བ་སོ་སོའི་སྙིང་པོ་རྡོ་རྗེའི་ཚིག་གིས་རང་གི་ཡིད་ལ་གསལ་བར་བརྗོད་ཅིང་སྣའི་བུ་གའི་ནང་ནས་ཕྱི་ནང་དུ་རིམ་པར་རྒྱུ་བའི་དབུགས་བཀག་ནས་དབང་པོའི་ཚོགས་མིག་ནས་བཟུང་སྟེ་དེ་དག་ཡིད་ཀྱི་དབང་བའི་ནང་དུ་འདུས་པར་བྱས་ཤིང་ཡང་དག་པའི་འདུན་པ་དག་པོའི་ [262b.4]རྗེས་སུ་ཆགས་པས། རང་གིས་གང་བསྒྲུབ་པའི་ལྷའི་ཕྱག་རྒྱ་ཆེན་པོའི་ཆ་ལུགས་ཇི་ལྟ་བུའི་གཟུགས་སུ་གསལ་བར་བསྒྲུབས་ལ། ཇི་སྐད་དུ། ཡིད་ལ་གནས་པའི་ཆོ་ག་ཡིས། །ཡིད་ལ་གང་འདོད་བསྒྲུབ་པར་འགྱུར། །ཏིང་འཛིན་སྒྲུབ་པའི་སྙིང་ལ་གནས། །དེ་ཕྱིར་སྙིང་པོ་ཞེས་བྱའོ། ། [262b.5]ཞེས་གསུངས་པའི་དོན་གྱིས། ཇི་སྐད་དུ་གསུངས་པའི་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི། ཏིང་ངེ་འཛིན་གྱི་རང་བཞིན་ཏེ་ཐུགས་དང་དབྱེར་མེད་པའི་ངོ་བོ་བས་ན། དེ་བཟླས་པའི་སྦྱོར་བ་བྱས་པས་ནི་ཡིད་ཀྱིས་ཇི་ལྟར་འདོད་པའི་དངོས་གྲུབ་དེ་དེ་བཞིན་དུ་ཐོབ་པར་འགྱུར་རོ་ཞེས་གསུངས་པའི་དོན་གྱིས་ [262b.6]འདིར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་གང་ཡང་རུང་བ་བསྒྲུབ་པ་དེའི་སྙིང་པོ་དེ་ཐུགས་བྱང་ཆུབ་སེམས་དང་དབྱེར་མེད་པའི་ངོ་བོར་རིག་པར་བྱས་ནས། དེ་བརྗོད་པའི་ཚུལ་གྱི་བསྒྲུབ་པར་འདོད་པའི་སེམས་དཔའ་དེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཀྱི་གཟུགས་ཇི་ལྟ་བ་དེ་བདག་དང་སོ་སོ་མ་ཡིན་ཐ་མི་དད་ [262b.7]པར་བསམས་པའི་ང་རྒྱལ་དུ་ཉི་མ་རེ་རེ་བཞིན་དུ་བསྒོམས་ཏེ་སྒོ་གསུམ་ནས་དུག་གསུམ་ལས་གྱུར་པའི་ཉེས་པ་ཐམས་ཅད་དག་ཅིང་མི་འབྱུང་བའི་ཚུལ་གྱིས་དེ་ལྟར་བྱའོ། །བར་སྐབས་སུ་དབུགས་དབྱུང་བ་ཞེས་པ་དེ་ལྟར་རྟག་ཏུ་ཏིང་ངེ་འཛིན་དུ་གནས་པས་སྐྱོ་ཞིང་ལུས་དུབ་སྟེ་དབུགས་བསྡུ་བ་མ་ཐུབ་ [263a] [263a.1]ནས་སླར་གཏོང་བའི་དུས་ན་ཡང་ཏིང་ངེ་འཛིན་འདི་ལྟར་བྱ་སྟེ། དབུགས་ནང་ནས་སླར་འབྱུང་བ་ཙམ་གྱིས་རང་གི་ལྷའི་གཟུགས་རྣམས་ཀྱིས་ཕྱོགས་བཅུའི་ནམ་མཁའི་ཁམས་རྣམས་རབ་ཏུ་གང་ཞིང་ཁྱབ་པར་མོས་པར་བྱའོ། །འོ་ན་དབང་པོ་དང་ཤེས་པའི་ཡུལ་དུ་གྱུར་པ་ཐམས་ཅད་ [263a.2]ཇི་ལྟ་བུར་རིག་པར་བྱ་སྙམ་པ་རྣམས་ཀྱི་དོན་དུ་ཁྱད་པར་དུ་ཡང་གང་དབང་པོ་དང་དྲན་པའི་སྤྱོད་ཡུལ་དུ་འོང་བ་དེ་ཐམས་ཅད་མཉེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་སེམས་དཔའི་གཟུགས་བསྒོམ་མོ་ཞེས་གསུངས་ཏེ། སྔ་མ་བཞིན་དུ་བསྒོམས་ནས། དེ་ལས་ཀྱང་ཁྱད་པར་དུ་ཡང་གང་དང་གང་གཟུགས་ [263a.3]སྒྲ་ལ་སོགས་པ་དབང་པོ་དང་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་གྱུར་པ་སྔ་ན་སྤྱད་པ་དང་མཐོང་བ་དང་རྗེས་སུ་དྲན་པ་དང་ད་ལྟར་དང་། ཕྱིས་ཉམས་སུ་མྱོང་བ་དང་། མྱོང་བར་གྱུར་པའི་ཆ་དེ་དག་ཐམས་ཅད་གང་ཡང་རུང་བ་ཀུན་རང་གིས་བསྒྲུབ་ཅིང་མཉེས་པར་བྱ་བའི་སེམས་དཔའ་ཆེན་པོ་དེའི་ཕྱག་རྒྱ་ཆེན་ [263a.4]པོའི་གཟུགས་སུ་བསྒོམ་པར་བྱའོ། །དེ་བས་ན་དེ་ལྟ་བུའི་ཡུལ་གྱི་བྱ་བ་དེ་དག་ཡིད་ལ་འབྱུང་ངམ་སེམས་དཔར་གྱུར་ནའང་། འོག་ནས་འབྱུང་བ་ཡིད་ལ་བྱ་སྟེ། གང་ཞེ་ན། འདི་རྣམས་ཐམས་ཅད་ནི་བདག་གི་རྣམ་པར་རྟོག་པ་ལས་བྱུང་བ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ [263a.5]སེམས་འཁྲུལ་པའི་རྣམ་པར་རྟོག་པ་མཐུ་བརྟས་པའི་དབང་གིས་འདི་དག་འབྱུང་ཞིང་འདི་ལྟ་བུར་སྣང་བར་ཟད་དེ། ཇི་ལྟར་གཟུགས་སྒྲ་ལ་སོགས་པའི་ཡུལ་འདི་དག་ནི་རང་གི་ཤེས་པས་ཇི་ལྟར་རྣམ་པར་རྟོག་པ་དེ་བཞིན་དུ་སོ་སོར་སྣང་དུ་བཏུབ་པར་གྱུར་པ་ཡིན་མོད་ཀྱང་། འོན་ཀྱང་འདི་དག་ [263a.6]ཡོད་དུ་ཟིན་ན་ནི། ལུང་དང་རིགས་པའི་གཏན་ཚིགས་དང་འགལ་བས་ན། འདི་རྣམས་ནི་སེམས་འཁྲུལ་པའི་དབང་གིས་ཡུལ་དུ་སྣང་བར་ཟད་ཀྱི་དོན་དམ་པར་འདི་རྣམས་ཀྱི་ངོ་བོ་ཉིད་ནི་ཡོད་པ་མ་ཡིན་ནོ་སྙམ་དུ་རིག་པར་བྱའོ། །དེ་ནས་རླུང་དང་བཅས་པའི་ཡིད་དེ་སླར་བསྡུས་ཏེ་ཞེས་པ་ནི། དེ་ལྟར་ [263a.7]རིག་པར་བྱས་ནས་རང་གི་ཡིད་དབུགས་ཀྱི་རླུང་དང་བཅས་པ་དེ་སླར་འདུས་ནས་བདག་རང་གི་ཕྱག་རྒྱའི་སེམས་དཔར་དམིགས་པར་བྱའོ། །ཐབས་དེ་དག་ཐམས་ཅད་རང་བཟོ་མ་ཡིན་ཏེ། དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ལས། དེ་ཉིད་ཆེན་པོར་གནས་ཟློས་ཤིག །ཕྱག་རྒྱ་ཆེན་པོར་ [263b] [263b.1]མཉམ་གཞག་སྟེ། བདག་ཉིད་སེམས་དཔའི་རྣལ་འབྱོར་གྱིས། གནས་དེར་ཐམས་ཅད་རྟག་ཏུ་བསྒོམ། །ཞེས་གསུངས་ཏེ། དེ་ཉིད་ཆེན་པོ་ནི། བྱང་ཆུབ་སེམས་དཔའ་རྣམ་པར་དག་པའོ། །དེའི་གནས་ནི་ཏིང་ངེ་འཛིན་དེའི་རང་བཞིན་དུ་གནས་པ་ནི། སྙིང་པོའི་སྔགས་ཟློས་པའོ། །ཕྱག་ [263b.2]རྒྱ་ཆེན་པོར་མཉམ་གཞག་ཅེས་པ་ནི་སེམས་དཔའ་ཆེན་པོའི་ཕྱག་རྒྱ་རྫོགས་པའི་ཆ་ལུགས་སུ་སེམས་རྩེ་གཅིག་ཏུ་གནས་པའོ། །བདག་ཉིད་སེམས་དཔའི་རྣལ་འབྱོར་གྱིས། །ཞེས་པ་ནི། ཏིང་ངེ་འཛིན་དེ་ལྟ་བུ་ལ་གནས་པའི་སེམས་དཔའི་རྣལ་འབྱོར་པ་དེས་གནས་དེར་ཐམས་ཅད་རྟག་ཏུ་ [263b.3]བསྒོམ་མོ་ཞེས་པ་ནི་དེ་ལྟ་བུའི་ཏིང་ངེ་འཛིན་དུ་དུས་ཐམས་ཅད་དུ་བསྒོམ་པར་བྱ་ཞེས་གསུངས་སོ། །གཞན་དག་ན་རེ། བདག་ཉིད་སེམས་དཔའ་ཆེན་པོ་གང་བསྒོམ་པར་འདོད་པ་དེའི་ཕྱག་རྒྱ་མཉམ་པར་བཞག་ནས་དེ་ཉིད་ཆེན་པོའི་སྙིང་པོའི་སྔགས་ཀྱི་གནས་སུ་གྱུར་པའི་ཏིང་ངེ་འཛིན་གྱིས་ཟློས་ [263b.4]ཤིང་དེའི་དབང་པོ་དང་ཤེས་པའི་ཡུལ་དུ་གྱུར་པའི་གནས་དེར་ཕྱག་རྒྱ་ཆེན་པོའི་སེམས་དཔའི་གཟུགས་ཀྱི་རང་བཞིན་གནས་པར་དུས་ཐམས་ཅད་དུ་སེམས་དཔའི་རྣལ་འབྱོར་པ་བདག་ཉིད་ཀྱིས་བསྒོམ་མོ་ཞེས་བཤད་ན། དེ་དག་གང་ལྟར་ཡང་ཕན་ཚུན་འགལ་བ་མེད་པར་མཐོང་ངོ་། །རིམ་པ་འདིས་ [263b.5]བསྒོམ་ཞིང་ཞེས་པ་ཤེས་པ་དང་ལྷའི་རང་བཞིན་དུ་བསྒོམ་པར་བསྟན་པའི་ཆོ་གའི་རིམ་པ་འདིས་ལྷའི་ཕྱག་རྒྱའི་རྣལ་འབྱོར་དུ་བསྒོམ་ཞིང་ཇི་སྲིད་དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་གང་བསྒྲུབ་པ་དེའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་མ་བྱུང་བ་དེ་སྲིད་ཀྱི་བར་དུ་ཏིང་ངེ་འཛིན་ [263b.6]གོམས་པར་བྱའོ། །དེ་ལ་འདི་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉེ་བར་འགྱུར་བའི་མཚན་མ་གསུངས་ཏེ་ཞེས་པ་འོག་ནས་འབྱུང་བ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་ཆེན་པོའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ཉེ་བར་འགྱུར་བའི་མཚན་མར་སྨྲས་པ་ཡིན་ཏེ་གང་ཞེ་ན། [263b.7]ནམ་མཁའ་འམ་ཡང་ན་ཕྱོགས་གཞན་དུ། །དཀྱིལ་འཁོར་དཀར་པོ་སེར་པོ་དང་། །རང་གི་ཕྱག་རྒྱ་སེམས་དཔའ་དག །མངོན་སུམ་བཞིན་དུ་མཐོང་བར་འགྱུར། །ཞེས་གསུངས་ཏེ། རང་གི་མདུན་གྱི་ནམ་མཁའ་འམ་དེ་ལས་ཕྱོགས་གཞན་དུའང་རུང་སྟེ། ལྷ་གང་བསྒོམ་པ་དེའི་ [264a] [264a.1]རིགས་ཀྱི་དཀྱིལ་འཁོར་དང་བཅས་པ་ཁ་དོག་དཀར་པོའམ། སེར་པོ་ཇི་ལྟར་བསྒོམ་པའམ། ཡང་ན་རིགས་ཀྱི་ཁ་དོག་ཇི་ལྟ་བ་བཞིན་དུ་རང་གི་སེམས་དཔའི་ཕྱག་རྒྱར་ཡིད་དང་དབང་པོའི་མངོན་སུམ་དང་འདྲ་བར་མཐོང་བར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་དངོས་གྲུབ་ [264a.2]སྒྲུབ་པ་དེ་ཁྱད་པར་དུ་ཐོབ་ཏུ་ཉེ་བར་གྱུར་པ་ནི། དེའི་མཚན་མ་གཞན་ཡང་འདི་སྐད་དུ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ། །ཟླ་བའི་དཀྱིལ་འཁོར་འོད་བཅས་པ། །དངོས་གྲུབ་དུས་ན་རང་གི་གཟུགས། །བདག་ལ་ཐོག་མར་སྟོན་པར་མཛད། །ཅེས་གསུངས་ཏེ། དེ་ལྟར་བསྒོམས་ [264a.3]པའི་ཏིང་ངེ་འཛིན་གྱི་སྦྱོར་བ་དང་ལྡན་པའི་དམ་ཚིག་སེམས་དཔའ་དེ་ལ་ནི། ཇི་སྐད་དུ་གསུངས་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་ལས་གང་མངོན་དུ་བྱས་པ་དེའང་ཟླ་བའི་དཀྱིལ་འཁོར་ལྟ་བུ་དང་བཅས་པ་དག་དངོས་གྲུབ་སྒྲུབ་པའི་དུས་ན་ལྷ་རང་གི་ [264a.4]གཟུགས་གང་མངོན་པར་བསྒྲུབས་པ་དེ་བདག་ཉིད་ལ་དང་པོར་སྟོན་པར་མཛད་ཅེས་གསུངས་སོ། །དེ་བཞིན་དུ་མཆོད་པའི་ཆོ་ག་བྱ་སྟེ་ཞེས་པ་ནི། དེ་ལྟར་སྔར་བསྙེན་པ་བྱས་ནས་ནམ་མཚན་མ་སྣང་བར་གྱུར་པ་དང་ཇི་ལྟ་བ་བཞིན་དུ་དེའི་དཀྱིལ་འཁོར་བྲིས་ཏེ། མཆོད་པའི་རྣམ་པས་དེ་བཞིན་དུ་ [264a.5]མཆོད་པ་བྱས་ནས། མཚན་གཅིག་ཡལ་ནངས་སུ་ལྷའི་ཏིང་ངེ་འཛིན་དུ་གནས་ནས་བཟླས་བརྗོད་བྱས་ན། རང་གི་ལྷ་གྲུབ་པར་གྱུར་པ་གང་ཡིན་པའི་སེམས་དཔའ་ཆེན་པོ་དེ་མངོན་དུ་བྱོན་ནས་རང་གི་ཕྱག་རྒྱ་ཆེན་པོའི་ཆ་ལུགས་ཀྱི་གཟུགས་སྟོན་ཅིང་། གང་འདོད་པའི་གྲུབ་པ་དེ་ལ་སྩོལ་བར་མཛད་དོ། ། [264a.6]དེ་ལྟར་བྱས་ནས་ཀྱང་མ་གྲུབ་ན་སྤོགས་པའི་ཆོ་ག་བསྟན་པའི་ཕྱིར་དེ་བཞིན་དུ་བསྒོམས་པ་ལས་གལ་ཏེ་ནམ་ཞིག་དེ་བསྒོམ་པའི་ལམ་གཞན་པས་རང་གི་ཕྱག་རྒྱ་ཆེན་པོ་གྲུབ་པ་མངོན་དུ་གྱུར་པའི་མཚན་མ་མེད་པར་གྱུར་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་མའི་ཚུལ་བཞིན་དུ་བསྒོམས་པ་ [264a.7]ལས་རྣལ་འབྱོར་པ་དེ་དབང་པོ་ཞན་ཅིང་ཤེས་རབ་རྟུལ་བ་འམ། བརྩོན་པ་དང་ཏིང་ངེ་འཛིན་སྟོབས་ཞན་ནས་སྒྲིབ་པ་སྟུག་པོས་བསྒྲིབས་པའི་དབང་གིས་ཡུན་རིང་དུ་བསྒྲུབས་སུ་ཟིན་ཀྱང་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་མངོན་དུ་སྟོན་པ་དང་། གྲུབ་པ་མངོན་དུ་གྱུར་པའི་མཚན་མ་བསྟན་ཅིང་མེད་ [264b] [264b.1]པར་གྱུར་ན་ཡང་། བསྒོམ་པ་དང་བཟླས་བརྗོད་དེ་དག་དོན་མེད་པར་མི་འགྱུར་ཏེ་དེ་ལྟར་སྒྲུབ་པའི་དུས་དེའི་ཚེ་སྔར་བཤད་པའི་ལྔ་མངོན་པར་ཤེས་པའི་ཡེ་ཤེས་དང་། ཚེ་རིང་བ་དང་། སྟོབས་ཆེ་བ་དང་། ལུས་བཟང་པོ་དང་། སོགས་པའི་སྒྲས་ཐུན་མོང་གི་དངོས་གྲུབ་བརྒྱད་པོ་དག་བསྡུ་སྟེ། དེ་ལས་ [264b.2]གང་འདོད་པ་ཞིག་དངོས་གྲུབ་དག་ནན་ཏན་གྱིས་མ་བསྒྲུབས་ཀྱང་བཟླས་བརྗོད་ཏིང་ངེ་འཛིན་དེ་ལས་འབྱུང་ཞིང་འཐོན་པར་འགྱུར་ཏེ་ཇི་སྐད་དུ་གཞུང་ལས་ཀྱང་། ཕྱག་རྒྱ་ཆེན་པོ་བསྒོམས་པའི་ཕན་ཡོན་བསྔགས་པའི་སྐབས་སུ་གསུངས་པ། ཚེ་འདི་ཉིད་ལ་དམ་པ་ཡི། །མཁས་པའི་གོ་འཕང་ [264b.3]གང་འདོད་པ། །དེས་ནི་བདག་གིས་འདི་བྱའོ། །མིན་ན་དངོས་གྲུབ་གོང་མ་བཞིན། །ཞེས་གསུངས་ཏེ། དམ་པ་དང་མཁས་པ་ནི་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་སྟེ། དེའི་དངོས་གྲུབ་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་འདོད་པའི་རྣལ་འབྱོར་པ་དེས་ནི་བདག་ཉིད་ཀྱིས་བསྒོམ་པ་དང་བཟླས་པ་བྱའོ། ། [264b.4]དེ་ལྟར་བྱས་ནས་དེ་མ་གྲུབ་ཏུ་ཟིན་ཀྱང་གོང་དུ་གསུངས་པའི་ལྔ་མངོན་པར་ཤེས་པ་ལ་སོགས་པའི་དངོས་གྲུབ་གཞན་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་འགྱུར་བའི་གཏན་ཚིགས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྟོག་པ་ལ་སོགས་པ་སྦྱོར་བའི་གཞུང་གཞན་ལས་ཀྱང་ཞིབ་ [264b.5]ཏུ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་སྔར་གསུངས་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་པ་ནི་དེ་བཞིན་དུ་སྔར་བསྟན་པའི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཚེ་ན་ཡང་ཏིང་ངེ་འཛིན་དང་བཟླས་པ་བྱས་བཞིན་དུ་དེ་དག་མ་གྲུབ་ན་ཡང་། རྣམ་ [264b.6]པ་འདི་དག་འགྲུབ་པར་འགྱུར་བར་རིག་པར་བྱའོ་ཞེས་བསྟན་ཏོ། །འདི་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཞེས་པ་ལ་སོགས་པ་གོང་མས་ནི། དེའི་རིགས་ཀྱི་སེམས་དཔའ་རྣམས་བསྡུ་ལ། སོགས་པ་འོག་མས་ནི་ཕྱག་རྒྱ་ལྷག་མ་གསུམ་བསྡུ་སྟེ། འདི་ལྟར་བསྟན་པའི་ཚུལ་འདི་ནི་དེ་བཞིན་ [264b.7]གཤེགས་པ་དང་། དེའི་རིགས་ཀྱི་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་དང་། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་སྒྲུབ་པའི་ཆོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པ་སྟེ། དེ་ཇི་ལྟ་བ་བཞིན་དུ་བྱ་བའི་ཐབས་བསྟན་པའོ། །བཤད་ [265a] [265a.1]ཟིན་ཏོ་ཞེས་པ་ནི་དེ་ལྟར་བྱ་བའི་ཐབས་མ་ལུས་པར་འདིར་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེར་གསུངས་པའི་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་རྣམས་སྒྲུབ་པའི་རིམ་པ་ནི་འདིའོ་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྐབས་དེར་གསུངས་པའི་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ [265a.2]ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམས་བསྒྲུབ་པའི་རིམ་པ་ནི་འོག་ནས་འབྱུང་བ་འདི་ཉིད་ལྟར་བྱ་ཞེས་པ་སྟོན་ཏོ། །འབྲས་བུའང་ཕལ་ཆེར་འདི་ཉིད་དོ། །ཞེས་པ་ནི་གོང་དུ་བུ་གསུངས་པའི་འབྲས་བུ་ཡང་གཞན་ཡང་ཡོད་མོད་ཀྱི་ཕལ་ཆེར་འདི་ཁོ་ན་ཡིན་ལ། འོག་ནས་འབྱུང་བ་དག་གི་ཡང་འདི་ཉིད་དུ་རིག་པར་བྱ་སྟེ། ཁྱད་པར་ [265a.3]དུ་ནི་དམ་ཚིག་གི་ཕྱག་རྒྱ་དང་། སོགས་ཀྱི་སྒྲས་སྡུད་པའི་ཕྱག་རྒྱ་ལྷག་མ་གཉིས་སྤྱིར་ཕྱག་རྒྱ་གསུམ་རྣམས་བསྒྲུབ་པར་བྱ་བ་ལ་སྔར་གོང་དུ་གསུངས་པའི་རིམ་པས་དམ་ཚིག་སེམས་དཔའི་རྣལ་འབྱོར་དུ་བསྒོམ་པ་དང་། ཡེ་ཤེས་དབབ་པ་ལ་ཐུག་གི་བར་དུ་བྱས་ཏེ། དེ་ནས་གང་བསྒྲུབ་པར་བྱ་བའི་དམ་ཚིག་དང་། [265a.4]ཆོས་དང་ལས་ཀྱི་ཕྱག་རྒྱ་བཅིངས་ལ་བསྒྲུབ་པར་བྱའོ། །དེ་ལ་དམ་ཚིག་ཕྱག་རྒྱ་སྒྲུབ་པ་ན། ཞེས་པ་ཕྱག་རྒྱ་གསུམ་པ་དེ་ལས་ཀྱང་དང་པོར་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པར་འཆད་དེ། གང་ཞེ་ན། རང་གི་ལྷ་གང་ཡིན་པ་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱི་རང་གི་གཟུགས་བདག་ཉིད་ཀྱི་སྙིང་ [265a.5]གར་བསམས་ཏེ། སྔར་གོང་དུ་གསུངས་པའི་བཛྲ་སརྦ་ཞེས་བྱ་བ་ལ་སོགས་པའི་སེམས་དཔའ་སོ་སོའི་སྙིང་པོ་གང་བརྗོད་པར་འདོད་པ་དེ་ཉིད་བརྗོད་ཅིང་། བདག་གི་ལྷའི་དམ་ཚིག་ཕྱག་རྒྱ་འདི་ནི་ཞེས་པ་དེ་ལྟར་བསམས་པའི་བདག་གི་ལྷ་བསྒྲུབ་པར་བྱ་བ་གང་ཡིན་པའི་དམ་ཚིག་གི་ཕྱག་རྒྱ་འདི་ནི་དེ་བཞིན་གཤེགས་པའི་ [265a.6]ཐུགས་ཡེ་ཤེས་རྡོ་རྗེ་ལྟ་བུ་ལས་གྱུར་པའི་གཟུགས་ཉིད་ལྟ་བུའི་རྣམ་པར་བསྟན་པ་ཡིན་ཏེ། གཏན་ཚིགས་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་ཀྱི་ཕྱག་རྒྱ་དོན་ [265a.7]དང་དབྱིངས་རྡོ་རྗེ་ལྟ་བུའི་མཚན་ཉིད་དང་བཅས་པ་གཞན་གྱིས་མི་ཤིགས་ཤིང་བཅད་པས་མི་ཆོད་པ་དེ་བཞིན་དུ། བདག་ཉིད་ཀྱི་མི་ཤིགས་མི་ཆོད་པའི་མཚན་ཉིད་ཅན་ཡིན་ནོ་བར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བསམས་ཞིང་། དེ་ལྟར་ཉི་མ་རེ་རེ་ཞིང་དུས་རྟག་པར་སྦྱོར་བ་དང་མི་འབྲལ་བར་བསྒོམ་མོ། །ལྷག་ [265b] [265b.1]མ་རྣམས་ནི་ཞེས་པ་སྙིང་པོ་བརྗོད་པ་དང་། དབུགས་བསྡུ་བ་དང་། འབྱུང་བ་དང་། འོད་ཟེར་འཕྲོ་བ་དང་། འདུ་བའི་སྦྱོར་བ་རྣམས་ནི་སྔར་བསྟན་པའི་རིམ་པ་ཇི་བཞིན་དུ་སྐབས་འདིར་ཡང་སྦྱར་ལ་བྱ་བར་ཡང་བསྟན་ཏེ། དེ་ལྟར་བྱ་བ་ཡང་རྒྱུད་ལས་ཇི་སྐད་དུ། ཇི་ལྟར་རྡོ་རྗེ་འཛིན་གྲུབ་པ། །དེ་བཞིན་བདག་ཅེས་ [265b.2]བསྒོམས་ན་ནི། །སངས་རྒྱས་མཁས་པ་ཐོབ་པར་འགྱུར། །མིན་ན་དངོས་གྲུབ་གོང་མ་བཞིན། །ཞེས་གསུངས་ཏེ། དེའི་དོན་འདི་ལྟ་སྟེ། ཇི་ལྟར་རྡོ་རྗེ་འཛིན་གྲུབ་པའི་འབྲས་བུ་མངོན་དུ་གྲུབ་པ་དེ་བཞིན་དུ་བདག་ཉིད་ཀྱང་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་བསྒོམས་ན་སངས་རྒྱས་མཁས་པ་དང་ [265b.3]འདྲ་བའི་སེམས་དཔའ་ཆེན་པོ་གང་འདོད་པའི་དེའི་དངོས་གྲུབ་ཐོབ་པར་འགྱུར་ལ། གལ་ཏེ་དེ་མ་གྲུབ་པར་གྱུར་པ་ནའང་། སྔར་བསྟན་པའི་ལྔ་མངོན་པར་ཤེས་པ་ལ་སོགས་པའི་དངོས་གྲུབ་གཞན་པ་རྣམས་གྲུབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཁྱད་པར་ཡང་འདིའོ་ [265b.4]ཞེས་པ། དམ་ཚིག་གི་ཕྱག་རྒྱ་ཇི་ལྟར་བསྒྲུབ་པ་དེ་བཞིན་དུ་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཁྱད་པར་རམ་རིམ་པའང་འོག་ནས་འབྱུང་བ་འདིའོ། །སྔ་མ་བཞིན་དུ་ཞེས་པ་གོང་མའི་བསྟན་པ་བཞིན་དུ། བདག་གི་ལྷ་སེམས་དཔའ་གང་སྒྲུབ་པར་འདོད་པའི་ཆ་ལུགས་སུ་བསྒོམས་པའི་ལྕེ་ལ་རྡོ་རྗེ་རྩེ་ལྔ་བ་བསྒོམ་མོ། ། [265b.5]དེའི་བུམ་པ་ལ་ཡང་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱའི་སྔགས་ཀྱི་ཡེ་ཤེས་སྔར་གོང་དུ་བཤད་པ་དེ་བསྒོམས་ཏེ། དེའི་དོན་ཡང་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བྱ་བ། སྤྱིའི་ཆོས་ཀྱི་ཕྱག་རྒྱའི་དོན་ལ་མོས་པར་བྱ་སྟེ་ཞེས་པ། ཆོས་ཐམས་ཅད་ནི་མ་སྐྱེས་པ་ཡིན་ལ། མ་སྐྱེས་པའི་དོན་དེ་མཚོན་པར་བྱེད་ [265b.6]པའི་སྒོར་གྱུར་པ་ནི། ཆོས་ཀྱི་ཕྱག་རྒྱ་འདི་དག་ཡིན་པར་ཆོས་ཀྱི་ཕྱག་རྒྱ་སྤྱིའི་དོན་དེ་ལྟར་རིག་པར་བྱས་ནས། འདིར་ཡང་དོན་དེ་བཞིན་དུ་མོས་པར་བྱས་ལ་དེ་ཉིད་ཀྱི་སྙིང་པོ་ཇི་ལྟ་བ་བཞིན་དུ་བརྗོད་ལ། ཇི་སྲིད་ཆོས་ཀྱི་ཕྱག་རྒྱ་འདི་རྣམས་ཚང་བའམ། གཅིག་ཀྱང་རུང་སྟེ་གང་སྒྲུབ་པ་རྣམས་གྲུབ་པར་ [265b.7]གྱུར་པའི་མཚན་མ་འདི་ཉིད་ལས། ཇི་སྐད་དུ་གསུངས་པ་བྱུང་གི་བར་དུ་བསྒོམ་ཞིང་བཟླས་པར་བྱའོ། །ལྷག་མ་ནི་ཞེས་པ་དབུགས་བསྡུ་བ་དང་། བཏང་བ་དང་། འཕྲོ་འདུའི་བྱེ་བྲག་སྟེ། དེའི་རིམ་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལྟར་བྱ་བ་ཡང་རྒྱུད་ལས་ཇི་སྐད་དུ། ཆོས་ཀྱི་ཕྱག་རྒྱ་སྒྲུབ་པའི་ [266a] [266a.1]སྐབས་སུ། ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་དག་པ་ཞེས་པའི་ཚིག་སྨྲས་ན། སངས་རྒྱས་མཁས་པ་ཐོབ་པར་འགྱུར། །མིན་ན་དངོས་གྲུབ་གོང་མ་བཞིན། །ཞེས་གསུངས་ཏེ། དེའི་དོན་ནི་བརྡ་ཕྲད་པར་ཟད་དོ། །རང་གི་ལས་ཀྱི་ཕྱག་རྒྱ་སྒྲུབ་པ་ཡང་ཞེས་པ་ཕྱག་རྒྱ་རྣམ་པ་ [266a.2]བཞི་ལས་རང་གི་ལས་ཀྱི་ཕྱག་རྒྱ་མངོན་པར་བསྒྲུབ་ཅིང་བཅིང་བར་བྱ་བའི་ཁྱད་པར་རམ་བྱེ་བྲག་ཀྱང་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པར་བསྟན་པ་དེ་བཞིན་དུ་ཐོག་མར་རང་གི་ལྷའི་དམ་ཚིག་སེམས་དཔར་ང་རྒྱལ་བྱས་ཏེ། རང་གི་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་བཅིངས་ཏེ། སྙིང་གར་རྡོ་རྗེ་རྒྱ་གྲམ་ཁ་བཞི་པ་བསྒོམས་ཏེ། [266a.3]དེའི་དོན་ཡང་འདི་ལྟར་བསམས་ཏེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་ནི་ཐོག་མ་ནས་མ་སྐྱེས་པས་ན། རང་གི་མཚན་ཉིད་ཀྱིས་དངོས་པོར་མ་གྲུབ་པའི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པ་སྟེ། གཏན་ཚིགས་དེ་བས་ན་འཕགས་པ་མཉེས་པར་བྱ་བ་དང་། སེམས་ཅན་གྱི་དོན་བྱ་བའི་ལས་ཀྱི་རྣམ་པར་བསྟན་ [266a.4]པའི་མཚན་ཉིད་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་པ་སྟེ། རྣམ་པ་གཞན་དུ་ན་ཀུན་རྫོབ་ཏུ་སྒྱུ་མའི་མཚན་ཉིད་ཙམ་དུ་རྣམ་པར་བརྟགས་པས་སྣང་བའོ། །དེ་ལྟ་བུའི་གཏན་ཚིགས་དེ་བས་ན། ཇི་ལྟར་ཏིང་ངེ་འཛིན་གྱིས་རྣམ་པར་བརྟགས་པ་དེ་བཞིན་དུ་ལས་ཀྱི་དངོས་གྲུབ་གང་འདོད་པ་རྣམས་ [266a.5]སེམས་ལས་སུ་རུང་ན་འབྱུང་བར་འགྱུར་རོ་ཞེས་དེ་ལྟར་ཡིད་ལ་ཡོད་པར་བྱ་སྟེ། ལྷ་སོ་སོའི་སྔགས་ལས་རང་གིས་གང་བསྒྲུབ་པར་འདོད་པའི་རང་གི་སྙིང་པོ་དེ་རྡོ་རྗེ་དམ་ཚིག་གིས་བརྗོད་ཅིང་བསྒོམ་པར་བྱའོ། །ལྷག་མ་རྣམས་ནི་ཞེས་པ་འདིར་ཡང་ལས་ཀྱི་ཕྱག་རྒྱ་སྤྲོ་བ་དང་། བསྡུ་བའི་རིམ་པ་ནི་སྔར་བསྟན་ [266a.6]པའི་རྩིས་མགོ་བཞིན་དུ་སྦྱར་བར་རིག་པར་བྱ་སྟེ། དེ་ཡང་རྒྱུད་ཉིད་ལས་ཇི་སྐད་དུ། ཐམས་ཅད་ཀུན་དུ་དག་པས་ན། །ལས་ཀུན་རྣམ་པར་སྦྱངས་ནས་ནི། །སངས་རྒྱས་མཁས་པ་ཐོབ་པར་འགྱུར། །མིན་ན་དངོས་གྲུབ་གོང་མ་བཞིན། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། ཆོས་ཐམས་ཅད་ [266a.7]གདོད་ནས་མ་སྐྱེས་ཤིང་རང་བཞིན་གྱིས་ཀུན་དུ་རྣམ་པར་དག་པ་སྟེ། དེ་བཞིན་དུ་ལས་ཀྱི་ངོ་བོ་ཉིད་ཀྱང་རྣམ་པར་དག་པའོ་སྙམ་སྦྱངས་ཏེ་ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ་དུ་སོ་སོའི་བྱེ་བྲག་ཏུ་སྣང་བར་མོས་པར་བྱས་ནས། སངས་རྒྱས་མཁས་པ་དང་འདྲ་བའི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར་ལ། ། [266b] [266b.1]གལ་ཏེ་མ་ཐོབ་ཏུ་ཟིན་ཀྱང་གོང་དུ་བསྟན་པའི་ལྔ་མངོན་པར་ཤེས་པ་ལ་སོགས་པ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །ཇི་ལྟར་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་འདི་དག་སྒྲུབ་པའི་བར་དུ་སྦྱོར་བ་ནི། དེ་བཞིན་གཤེགས་པ་རྣམས་དང་། དེའི་རིགས་ཀྱི་སེམས་དཔའ་ [266b.2]རྣམས་དང་འདྲ་སྟེ་བྱེ་བྲག་གམ་ཁྱད་པར་དུ་སོ་སོར་དབྱེ་བ་མེད་པའི་ཕྱིར་རོ། །དེ་བས་ན་གཅིག་ཏུ་བསྟན་པ་ཉིད་དུ་འདིར་གསུངས་སོ། །དེ་ལྟར་སྒྲུབ་པ་དེའི་འབྲས་བུ་ནི། སངས་རྒྱས་མཁས་པ་ཐོབ་བོ་ཞེས་བྱ་བ་ཡིན་ནོ། །ཁྱད་པར་དུ་ནི་ཞེས་པ་ཁྱད་པར་དུ་རང་གི་ལྷ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཐམས་ [266b.3]ཅད་སྒྲུབ་པ་ལ་འཇུག་པ་ནི་ཇི་ལྟར་འདོད་པའི་ཆ་ལུགས་སུ་བསྒོམས་པའི་དེ་བཞིན་གཤེགས་པའི་གཟུགས་ཉིད་དུ་བསྒྱུར་བའམ། ཡང་ན་མདུན་དུ་བསམས་ཏེ། མཚན་ཡལ་ནངས་སུ་ཞེས་པ་མཚན་གཅིག་ལ་རྒྱུན་མི་འཆད་པར་ཕྱག་རྒྱའི་སྙིང་པོ་གང་ཡིན་པ་ཟློས་ཤིང་བསྒྲུབ་པར་བྱ་སྟེ། རྒྱུད་ལས་ཇི་ [266b.4]སྐད་དུ། དེ་བཞིན་གཤེགས་པའི་དངོས་གྲུབ་མཆོག་སྒྲུབ་པའི་སྐབས་སུ་གསུངས་པ། བདག་ལའམ་ཡང་ན་མདུན་དུ་ནི། སངས་རྒྱས་རྗེས་དྲན་སྒོམ་པ་པོ། །ཕྱག་རྒྱ་ཐམས་ཅད་བཅིངས་ནས་ནི། །དེ་ནས་དེ་མ་ཐག་ཏུ་འགྲུབ། །ཅེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། ཕྱག་རྒྱ་ཆེན་ [266b.5]པོར་བདག་བསྒྱུར་རམ། ཡང་ན་མདུན་དུ་བསམས་ནས་བསྒྲུབ་པར་བྱ་བའི་ལྷ་རྗེས་སུ་དྲན་པར་བྱས་ཤིང་དེའི་ཕྱག་རྒྱ་བཅིངས་པར་གྱུར་ན། དེ་མ་ཐག་ཁོ་ནར་དེ་འགྲུབ་པར་འགྱུར་ངེས་སོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ་ཞེས་རྒྱུད་ལས་འབྱུང་བར་བསྟན་ཏོ། །དེ་བཞིན་ [266b.6]གཤེགས་པའི་རིགས་ཀྱི་སེམས་དཔའ་ཆེན་པོ་ཞེས་པ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱི་སོ་སོའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་འཆང་བའམ། གཅིག་གམ་གང་ཡང་རུང་བ་དག་སྒྲུབ་པ་ལ་ནི། དམ་ཚིག་སེམས་དཔའ་བསྒོམ་པ་ནས་རྡོ་རྗེ་དབབ་པ་ལ་ཐུག་གི་ [266b.7]བར་དུ་སྦྱོར་བའི་ཆོ་ག་དེ་དག་སྔོན་དུ་བྱས་ལ། བདག་ནི་འདོད་པའོ་ཞེས་བསྒོམ་ཞིང་ཞེས་པ། དེ་ལྟ་བུའི་སྦྱོར་བ་ལ་གནས་ནས་བདག་ནི་འདོད་པའོ་ཞེས་ཡིད་ལ་བསམ་ཞིང་ཕྱག་རྒྱ་མངོན་དུ་བྱས་ལ་མཚན་མོ་རྟོག་པར་སྙིང་པོ་བཟླས་པར་བྱའོ། །དེ་ཡང་ཇི་སྐད་དུ་རྒྱུད་འདི་ཉིད་ཀྱི་དེ་བཞིན་གཤེགས་ [267a] [267a.1]པའི་དངོས་གྲུབ་མཆོག་གི་རྒྱུད་ཀྱི་སྐབས་སུ་བཤད་པ། ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ནི། །བདག་ནི་འདོད་པའོ་ཞེས་བསྒོམ་ཞིང་། །རྡོ་རྗེ་ཟློས་པའི་སྦྱོར་བ་ཡི། །དངོས་གྲུབ་མཆོག་ཅེས་རབ་ཏུ་བསྒྲུབ། །ཅེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ་ཕྱག་རྒྱ་ཆེན་པོ་ལ་སོགས་ས་པའི་ [267a.2]རིམ་པས་དམ་ཚིག་སེམས་དཔའི་རྣལ་འབྱོར་དུ་བྱས་ནས་བདག་གི་འདོད་པའོ་ཞེས་པའི་བསམ་པ་དང་བཅས་པས། རྡོ་རྗེ་ཚིག་གི་སྙིང་པོ་བཟླས་པའི་སྦྱོར་བ་བྱས་ནས་ཕྱག་རྒྱ་བཞིའི་དངོས་གྲུབ་སྒྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྒྱུད་ཉིད་དུ་གསུངས་སོ་ཞེས་པ་ནི་སློབ་དཔོན་ [267a.3]གྱིས་གཏན་ཚིགས་སུ་བྱས་པའི་ཚིག་གོ། །དེ་ལ་འདོད་པ་ཞེས་པ་ནི་དོན་དུ་གཉེར་བ་གང་ཡིན་པ་དེ་ཐོབ་པར་འདོད་པ་ཞེས་བྱ་བར་བརྗོད་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་བཞི་སྒྲུབ་པའི་ཐབས་དང་། དེའི་ཁྱད་པར་གྱི་དབྱེ་བ་བཤད་ཟིན་ཏོ།། །། [267a.4]ད་ནི་ལྷའི་མིག་ལ་སོགས་པ་མངོན་པར་ཤེས་པ་རྣམས་ཀྱི་རང་གི་ཡུལ་བརྟགས་པའི་སྦྱོར་བ་རྣམས་བཤད་པར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་མངོན་པར་ཤེས་པ་དྲུག་མངའ་བ་ལས་ལྔ་ནི་ཐུན་མོང་དུ་གྱུར་པས་ན་ཀུན་གྱིས་ཐོབ་ཏུ་རུང་ལ། ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་དེ་བཞིན་ [267a.5]གཤེགས་པ་འབའ་ཞིག་ལས་མ་གཏོགས་པ་གཞན་གྱིས་རིག་ཅིང་ཐོབ་པར་བྱ་བའི་ཡུལ་མ་ཡིན་པས་ན་འདིར་ཡང་མངོན་པར་ཤེས་པ་ལྔ་ཉམས་སུ་ལོན་པར་བྱ་བའི་ཐབས་བསྟན་ཏེ་གང་ཞེ་ན། དེ་ལ་རྣལ་འབྱོར་པ་གྲུབ་པ་དང་མ་གྲུབ་པ་ཡང་རུང་སྟེ་ཞེས་བྱ་བ་ལ་སོགས་པ་དག་སྟེ། ལྷའི་མིག་གི་མངོན་ [267a.6]པར་ཤེས་པ་སྒྲུབ་པར་འདོད་ན་དང་པོར་བདག་ཉིད་ཀྱིས་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམས་ཤིང་དབང་དུ་བྱས་ཏེ་སེམས་ལས་སུ་རུང་བར་གྱུར་ནས་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཡེ་ཤེས་དབབ་པའི་མཐར་ཐུག་གི་བར་དུ་སྔ་མ་བཞིན་དུ་མངོན་དུ་བྱས་ནས། གཟུགས་གང་ཡུལ་གཞན་གྱིས་ [267a.7]བར་དུ་ཆོད་པའམ་ཞེས་པ། གཟུགས་གང་རི་རབ་དང་། རྒྱ་མཚོ་དང་། ལྷའི་ཡུལ་ལ་སོགས་པ་ཐག་རིང་བར་གྱུར་པས་མིག་གི་ཡུལ་གཞན་གྱིས་བར་དུ་བཅད་དེ། བལྟ་བར་མི་ནུས་པའམ། གཞན་ཡང་ཡུལ་དང་རྒྱལ་ཁམས་སམ་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། རྩི་ཤིང་དང་། [267b] [267b.1]ནགས་ཚལ་དང་། རི་བྲགས་ལ་སོགས་པ་བལྟ་འདོད་པ་དག་ཁང་པ་དང་། རྩིག་པ་དང་། ཡུལ་དང་། རྒྱལ་ཁམས་གཞན་གྱིས་བར་དུ་བཅད་ཅིང་བསྒྲིབས་ནས་མཐོང་བར་དཀའ་བ་རྣམས་ལྷའི་མིག་གིས་མངོན་སུམ་དུ་མཐོང་བར་འདོད་པའི་རྣལ་འབྱོར་པ་སྟེ། དེ་མདུན་ན་གནས་པ་བཞིན་དུ། གཟུགས་ [267b.2]ཀྱི་རྣམ་པར་རྟོག་པ་མོས་པར་བྱས་ནས་ཞེས་པ་སྔར་བསྟན་པའི་སྦྱོར་བ་དང་ལྡན་པས་གཟུགས་གང་ཡང་རུང་བ་མཐོང་བར་འདོད་པ་དེ་བཞིན་གྱིས་བར་དུ་མ་བཅད་པར་མདུན་ན་གནས་པ་བཞིན་དུ་ཏིང་ངེ་འཛིན་གྱིས་གཟུགས་ཀྱི་རྣམ་པར་རྟོག་པ་གསལ་བར་ཡིད་ལ་མོས་པར་བྱས་ནས་མངོན་སུམ་དུ་མཐོང་ [267b.3]བའི་ཡིད་ལ་བྱ་བ་བསྒོམ་པར་བྱ་སྟེ། ཤེས་པར་བྱ་བའི་གཟུགས་ཀྱི་དངོས་པོ་ཞེས་པ་རི་རབ་ལ་སོགས་པ་གང་ཤེས་པར་འདོད་པའི་གཟུགས་ཀྱི་དངོས་པོ་གང་འདོད་པ་སྟེ། སྒྲུབ་པ་པོ་བདག་ཉིད་དེ་ལ་བར་ཅིས་ཀྱང་མ་ཆོད་པར་མངོན་དུ་སྣང་བ་དང་འདྲ་བར་བཅས་པའི་མིག་གི་དབང་པོས་སོ་སོར་ [267b.4]སྣང་ཞིང་མཐོང་བའི་རྣམ་པར་རྟོག་པ་འཇུག་པར་བྱའོ། །དེ་ལ་རྣམ་པར་རྟོག་པ་འཇུག །ཅེས་པ་ནི། དེ་ལྟར་ཏིང་ངེ་འཛིན་བརྟས་པར་བྱའོ་ཞེས་པའི་ཚིག་གོ། །དེ་ནས་དེའི་རྣམ་པར་རྟོག་པ་ཉིད་ཀྱི་ཞེས་པ་དེ་ལྟར་ཏིང་ངེ་འཛིན་མི་དམིགས་པ་ནན་ཏན་གྱི་བར་དུ་མོས་པར་བྱས་པ་དང་། རྣལ་འབྱོར་པ་དེའི་དེ་ [267b.5]ལྟར་བརྟགས་པའི་རྣམ་པར་རྟོག་པ་ཉིད་ཀྱི་ཡིད་ལྷའི་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་དེ་མ་ཐག་པའི་རྐྱེན་དེའི་རྟིང་ཐོགས་སུ་ཉེ་བར་སྐྱེ་སྟེ། གང་ལ་ཇི་ལྟར་འདོད་པའི་གཟུགས་ཞེས་པ། རྣམ་པར་རྟོག་པའི་ཏིང་ངེ་འཛིན་ལས་སུ་རུང་བའི་རྟིང་ཐོགས་སུ་ཉེ་བར་སྐྱེས་པའི་ལྷའི་མིག་གི་རྣམ་པར་ [267b.6]ཤེས་པའི་ཡིད་ཙམ་འབྱུང་བར་གྱུར་པས་དེས་གང་ལ་ཇི་ལྟར་འདོད་པའི་ཡུལ་རི་རབ་དང་། རྒྱ་མཚོ་དང་། ལྷ་དང་། ལྷའི་གྲོང་ཁྱེར་ལ་སོགས་པའི་གཟུགས་ཇི་ལྟ་བ་བཞིན་དུ་རིག་ཅིང་རབ་ཏུ་གསལ་བར་སྣང་བ་དེའི་ཁ་དོག་གི་རྣམ་པ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། སྩོགས་ཀྱི་སྒྲས་ [267b.7]བསྡུས་པའི་ལེ་བརྒན་དང་། ལྗང་གུ་ལ་སོགས་པ་གང་ཡིན་པ་དང་། གང་ལྟར་འདོད་པའི་གཟུགས་ཀྱི་རྣམ་པར་ཤེས་པ་སྐྱེ་ཞིང་། རྣལ་འབྱོར་པ་ལ་མི་སྣང་བ་དང་། ཕྱིན་ཅི་ལོག་ཏུ་སྣང་བའི་དོགས་པ་མེད་པར་འབྱུང་ཞིང་མཐོང་བར་འགྱུར་རོ། །གང་དེ་ལྟ་བུའི་རྒྱུ་རྐྱེན་ཚོགས་པ་མངོན་དུ་བྱ་ཞིང་། [268a] [268a.1]ཞེས་པ་གང་དེ་ལྟ་བུ་མཐོང་བར་འདོད་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་དང་། བཟླས་བརྗོད་དང་སྣང་བར་རྣམ་པར་བརྟགས་པའི་ཏིང་ངེ་འཛིན་གྱི་རྒྱུ་རྐྱེན་ཚོགས་པ་མངོན་སུམ་དུ་བྱས་ཤིང་། ཡུན་རིང་དུ་བསྒོམས་པའི་བསྒོམ་པ་གོམས་པ་དང་། སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་གྱི་མཐུ་བརྟས་ [268a.2]པ་ལས་བྱུང་བའི་དབང་གིས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་། དེ་མ་ཐག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཉེ་བར་སྐྱེ་ཞིང་དེ་བཞིན་དུ་མཐོང་བར་འགྱུར་བ་ལྟ་ཅི་སྨོས་ཀྱི། གང་དེ་ལྟ་བུའི་རྒྱུ་རྐྱེན་ཚོགས་པ་མངོན་དུ་བྱས་ཤིང་བསྒོམས་པའི་མཐུ་བསྐྱེད་ཅིང་གོམས་པར་བྱས་པ་ལ། གལ་ཏེ་དེ་ལྟར་མ་གྲུབ་ [268a.3]པའི་རྣལ་འབྱོར་པ་ལ་ཡང་རང་གིས་མཐོང་བར་འདོད་པའི་ཡུལ་རི་རབ་ལ་སོགས་པའི་ཐག་རིང་པོ་ན་གནས་པའི་གཟུགས་ལ་སོགས་པ་ཐ་དད་པའི་དངོས་པོ་རྣམས་མདུན་དུ་འདུག་པ་བཞིན་དུ། རྣལ་འབྱོར་དང་ཏིང་ངེ་འཛིན་རྩེ་གཅིག་ཏུ་བྱས་པའི་དབང་གིས་གང་འདོད་པའི་ཡུལ་དེའི་རྣམ་པར་སྣང་བའི་ [268a.4]རྣམ་པར་ཤེས་པ་སྐྱེ་བར་གྱུར་པ་དེ་ལྟ་བུ་ནི། ཆོས་ཉིད་ཀྱིས་དེ་ལྟ་བུ་སྲིད་དོ། །ཐ་ན་དེ་ལྟ་བུའི་རྣམ་པར་རྟོག་པ་དང་ལྡན་པའི་རྣལ་འབྱོར་གྱི་གཉིད་ལས་ཀྱང་ཞེས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ཡུན་རིང་དུ་བྱས་པའི་རྣལ་འབྱོར་པ་དེས་ནི། ཐ་ན་རྨི་ལམ་དུ་ཅི་རྨིས་པའི་སྔ་ལྟས་བཟང་ངན་གྱི་མཚན་མ་རྣམས་ [268a.5]ཀྱང་སླུ་བར་མི་འགྱུར་ཞིང་ཇི་ལྟར་རྨིས་པ་དེ་བཞིན་དུ་རྟོགས་ཤིང་མཐོང་བ་དང་། ཉམས་སུ་མྱོང་བར་འགྱུར་ཏེ། དེ་ལྟར་ན་མ་ཡིན་པའི་དོགས་པ་མེད་པར་འགྱུར་རོ། །ལྷའི་མིག་གི་མངོན་པར་ཤེས་པ་བསྐྱེད་པའི་ཆོ་ག་འདི་དག་ཅེས་པ། ལྷའི་མིག་གི་མངོན་པར་ཤེས་པ་བསྒྲུབ་པ། ཏིང་ངེ་འཛིན་དང་། [268a.6]བཟླས་བརྗོད་དང་། བརྟག་པར་བྱ་བའི་སྦྱོར་བས་ཡུལ་ཇི་ལྟ་བ་བཞིན་དུ་མིག་གི་རྣམ་པར་ཤེས་པ་དེ་མ་ཐག་པའི་ཡིད་སྐྱེས་ནས་གང་ལྟར་འདོད་པ་དེ་བཞིན་དུ་རིག་པར་འགྱུར་བའི་ཆོ་ག་འདི་དག་ཐམས་ཅད་ཇི་ལྟ་བ་བཞིན་དུ། ལྷའི་རྣ་བའི་མངོན་པར་ཤེས་པ་ལ་སོགས་པ་ལྷག་མ་རྣམས་ཀྱི་སྦྱོར་བ་ཡང་ [268a.7]དེ་བཞིན་དུ་བྱས་ན་འགྲུབ་པར་འགྱུར་བར་ཤེས་པར་བྱ་སྟེ། ཁྱད་པར་དུ་ནི་ལྷའི་རྣ་བའི་མངོན་པར་ཤེས་པ་ལ་ཞེས་པ། དེ་ལས་ཁྱད་པར་དུ་བྱ་ན་ལྷའི་རྣ་བའི་མངོན་པར་ཤེས་པ་སྒྲུབ་པར་གྱུར་ན་ནི། གཙོར་རྣ་བའི་རྣམ་པར་ཤེས་པ་ཁོ་ན་མངོན་དུ་བྱའོ། །ཡུལ་ནི་ཡུལ་གཞན་ལ་སོགས་པས་བར་ཆོད་ [268b] [268b.1]པ་དང་ཞེས་པ་ལྷའི་རྣམ་པར་ཤེས་པ་ཐོབ་པའི་ཡུལ་ནི། ཡུལ་གཞན་བསྒྲུབ་པར་བྱ་བའམ། ཐོབ་པར་འདོད་པ་མ་ཡིན་པའི་སྒྲ་སྐད་ཀྱིས་བར་དུ་ཆོད་པར་གྱུར་ཀྱང་དེས་མི་འཕྲོགས་པར་གང་ཐོབ་པར་འདོད་པའི་སྒྲ་དེ་ཐོས་པར་གྱུར་པ་དང་། ཐ་ན་ཕྲ་བར་གྱུར་པ་གྲོག་མོ་དང་། སྦུར་པ་ལ་སོགས་པའི་རྣ་སྒྲ་ [268b.2]དང་། རྟིང་སྒྲ་དང་། སྐད་ཇི་ལྟ་བ་ཡིན་པ་དག་གྲག་པའམ། སྒྲོགས་པ་དང་ཐོས་པར་ནུས་པའོ། །དེ་ལྟར་གྱུར་པའི་གཏན་ཚིགས་རྒྱུད་ལས་ཇི་སྙེད་དུ། ལྷའི་མིག་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་གཉིས་ཀྱི་ཡུལ་ཇི་ལྟ་བུ་ཡིན་པའི་བྱེ་བྲག་འབྱུང་ངོ་། །ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ། །མིག་ [268b.3]གི་རྣམ་པར་ཤེས་པ་གཏང་། །དེ་ཡིས་ཅུང་ཟད་གང་བསམས་པ། །རབ་ཏུ་རིང་བའང་མཐོང་བར་འགྱུར། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། བདག་ཉིད་ཀྱི་ལུས་སེམས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་མཉམ་པར་བཞག་ནས་གནས་པར་བྱ་སྟེ། ཡུལ་གང་མཐོང་བར་འདོད་པ་དེ་མངོན་ [268b.4]སུམ་དུ་སྣང་བར་བརྟགས་ན་དེ་ལྟར་ཡུན་རིང་དུ་རྣལ་འབྱོར་བྱས་པ་དང་། ཏིང་ངེ་འཛིན་པ་ལས་སུ་རུང་བའི་དབང་གིས་གང་བསམས་ཤིང་ཡིད་ལ་བྱས་པའི་གཟུགས་དེ་རྒྱང་རིང་བ་ན་འདུག་ཀྱང་རུང་སྟེ། མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་བཞིན་དུ་ལྷའི་རྣ་བའི་མངོན་པར་ཤེས་པའང་སྒྲུབ་པའི་དོན་ [268b.5]ཡང་གསུངས་པ། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །རྣ་བའི་རྣམ་པར་ཤེས་པ་བཏང་། །དེ་ཡིས་དགོས་པ་གང་བསམས་པ། །རབ་ཏུ་རིང་བ་ནས་ཀྱང་ཐོས། །ཞེས་གསུངས་ཏེ། གང་ལྷའི་རྣ་བའི་མངོན་པར་ཤེས་པ་ཐོབ་པར་འདོད་པའི་རྣལ་འབྱོར་པས་ལུས་སེམས་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་ [268b.6]པར་གཞག་པའི་ཏིང་ངེ་འཛིན་ལ་གནས་ཏེ། སྔར་བསྟན་པ་ལྟ་བུའི་ཆོ་གའི་སྦྱོར་བ་ལ་གནས་པར་བྱས་ནས་སྒྲ་གང་ཐོས་པར་འདོད་པ་དེ་མངོན་སུམ་དུ་གསལ་བར་ཐོས་པར་བརྟགས་པའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པ་དང་། ཏིང་ངེ་འཛིན་ལས་སུ་རུང་བ་དང་། སྒྲ་ཐོས་པར་འདོད་པ་དེ་སྒྲ་ [268b.7]རིགས་མི་མཐུན་ཞིང་ཐོས་པར་མི་འདོད་པའི་རྣམ་པ་གཞན་གྱིས་བར་དུ་ཆོད་ཀྱང་དེ་མི་སྒྲིབ་པར་རྣ་བའི་དབང་པོས་མངོན་སུམ་དུ་གསལ་བར་ཐོས་པར་འགྱུར་བའི་རྣ་བའི་རྣམ་པར་ཤེས་པ་དེ་མ་ཐག་པའི་ཡིད་སྐྱེ་བར་འགྱུར་ཏེ། ཇི་ལྟར་སྒྲ་མི་སྙན་ན་གནས་པའི་མིའམ། སུམ་ཅུ་རྩ་གསུམ་པའི་གནས་ [269a] [269a.1]ཀྱི་གནས་པའི་ལྷ་རྣམས་ཀྱི་སྐད་ཐོས་པར་འདོད་ནའང་དེ་དག་གང་ན་སྨྲ་བའི་སྒྲ་བཞིན་དུ་ཐོས་པར་འགྱུར་རོ་ཞེས་པའི་དོན་ཏོ། །གཞན་གྱི་སེམས་ཤེས་པའི་རྣལ་འབྱོར་པས་ཀྱང་ཞེས་པ་ཕ་རོལ་གྱི་སེམས་ཤེས་པ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས་ཀྱང་དང་པོར་བདག་ཉིད་ལྷའི་ [269a.2]ཕྱག་རྒྱ་ཆེན་པོར་བསྒོམ་པ་དང་ཡེ་ཤེས་དབབ་པ་ལ་ཐུག་གི་བར་དུ་ཆོ་ག་སྔ་མ་བཞིན་དུ་བྱས་ནས། ལྷ་དང་མི་དང་དེ་ལས་རིས་མི་མཐུན་པའི་འགྲོ་བ་ཡང་རུང་སྟེ། གང་གི་སེམས་ཤེས་པར་འདོད་པ་དེ་དཔག་ཚད་དང་རྒྱང་གྲགས་དུ་མས་བར་དུ་ཆོད་པའི་ཡུལ་ཁམས་སམ་ཡུལ་བར་དུ་ཐག་རིང་ [269a.3]པོ་ན་གནས་ཀྱང་རུང་བདག་གི་མདུན་ན་གནས་པ་བཞིན་དུ་ཏིང་ངེ་འཛིན་གྱིས་བརྟག་ཅིང་མོས་པར་བྱས་ཏེ། སེམས་ཡོངས་སུ་ཤེས་པར་འདོད་པ་དེའི་སེམས་དེ་འདོད་ཆགས་དང་བྲལ་བ་ཞིག་ཅེས་པ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་ན་ཏིང་ངེ་འཛིན་རྩེ་གཅིག་པའི་རྣལ་ [269a.4]འབྱོར་གྱི་མཐུས་ཕ་རོལ་པོ་དེའི་བསམ་པ་ཇི་ལྟ་བ་བཞིན་དུ་དེ་དང་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་པར་རྟོག་པའི་རང་བཞིན་དུ་གསལ་བའི་ཤེས་པ་རྣལ་འབྱོར་པ་ལས་བྱུང་སྟེ། གང་ལས་གཞན་གྱི་སེམས་ཀྱི་རྣམ་པར་རྟོག་པ་གང་དགེ་བ་དང་། མི་དགེ་བ་དང་། ཉོན་མོངས་པ་དང་། ཉོན་མོངས་ [269a.5]པ་མེད་པ་དང་ལྡན་པའི་སེམས་ཀྱི་རྣམ་པར་རྟོག་པ་དག་ཀྱང་ཇི་ལྟ་བ་བཞིན་དུ་མི་རྟོགས་པའི་དོགས་པ་མེད་པར་རྟོགས་ཤིང་མངོན་དུ་འགྱུར་ཏེ། དེ་ལྟར་མཐོང་བ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བསམ་གཏན་པ་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པ་ཞེས་གསུངས་ཏེ། གང་གི་ཕྱིར་བསམ་གྱིས་ [269a.6]མི་ཁྱབ་པ་བཞི་ཞེས་བརྗོད་པས་བསམ་གཏན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱིས་བརྟགས་པའི་ཡུལ་ནི་བསམ་གྱིས་མི་ཁྱབ་པས་ན། དེའི་ཕྱིར་དེའི་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་གྱི་དབང་གིས་དེ་བཞིན་དུ་རྟོགས་པར་རུང་བས་ན། འདིར་རིགས་པ་མི་བརྟག་གོ་ཞེས་པ་འདིར་འདི་ལྟར་ [269a.7]འགྲུབ་ཏུ་རུང་བར་བརྟག་པའི་རིགས་པ་ལས་གཞན་གྱིས་འགྲུབ་བམ་མི་འགྲུབ་སྙམ་དུ་ཕྱིན་ཅི་ལོག་གི་བློས་ཐེ་ཚོམ་གྱི་རྟོག་པ་སྐྱེ་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། བསམ་གཏན་པ་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་ཅེས་གསུངས་པའི་ཕྱིར་དང་། དེ་ལྟར་བྱ་བ་ཡང་རྒྱུད་ལས་ཇི་སྐད་དུ། [269b] [269b.1]ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །ཡིད་ཀྱི་རྣམ་པར་ཤེས་པ་བཏང་། །དེ་ཡིས་སེམས་ཅན་གང་བརྟགས་པ། །དེ་ཡི་སེམས་ནི་དེ་ཡིས་རིག །ཅེས་གསུངས་པའི་ཕྱིར་ཏེ། དེའི་དོན་ཡང་འདི་ལྟ་སྟེ། གང་ཕ་རོལ་གྱི་སེམས་ཤེས་པར་འདོད་པའི་རྣལ་འབྱོར་པས་ལུས་སེམས་ཕྱག་རྒྱ་ཆེན་ [269b.2]པོའི་ངང་དུ་མཉམ་པར་གཞག་པའི་ཏིང་ངེ་འཛིན་ལ་གནས་ཏེ། གང་ཕ་རོལ་གྱི་སེམས་ཤེས་པར་འདོད་པའི་འགྲོ་བ་དེའི་སེམས་ཀྱི་མཚན་ཉིད་ཇི་ལྟ་བ་བདག་རང་གི་མངོན་སུམ་དུ་སྣང་བར་བརྟགས་པའི་ཏིང་ངེ་འཛིན་ལས་སུ་རུང་བར་བྱས་པའི་སེམས་ཉེ་བར་གཞག་ནས། ཕ་རོལ་པོ་དེའི་སེམས་ཇི་ལྟ་ [269b.3]བ་བཞིན་དུ་རྣལ་འབྱོར་པ་དེས་རིག་ཅིང་རྟོག་པར་འགྱུར་བའི་ཤེས་པ་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་བདག་དང་གཞན་གྱི་ཚེ་རབས་སྔ་མ་ཤེས་པར་འདོད་པའི་རྣལ་འབྱོར་པས་ཞེས་པ་ནི་སྔོན་གྱི་གནས་ཤེས་པར་འདོད་པའི་ཤེས་པ་སྟེ། ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་ [269b.4]པ་སྒྲུབ་པ་དེ་བཞིན་དུ་བདག་དང་འགྲོ་བ་གཞན་དག་ཚེ་རབས་སྔ་མ་ལ་ཡུལ་དང་རིགས་དང་ལུས་གང་དུ་ཇི་ལྟ་བུར་སྐྱེས་པ་དང་། ལས་ཇི་ལྟ་བུ་དག་སྤྱད་པར་གྱུར་པ་ཤེས་པར་འདོད་པའི་རྣལ་འབྱོར་པས། ཕྱག་རྒྱ་ཆེན་པོ་སྔར་གསུངས་པ་དེ་བཞིན་དུ་བཅིངས་ཏེ། ཡིད་ཀྱིས་བདག་གམ་ཕ་རོལ་ [269b.5]གྱི་གཟུགས་རྟག་ཅེས་པ་དང་། བདག་ཏིང་ངེ་འཛིན་དུ་གནས་པའི་ཡིད་ཀྱིས་བདག་གམ་ཕ་རོལ་གྱི་གཟུགས་ལ་བརྟག་ཅིང་། ཚེ་འདིའི་སྔོན་རོལ་ལམ་ཚེ་རབས་བགྲངས་པ་དག་ཏུ་བདག་དང་སེམས་ཅན་དེའི་ཚེ་དང་། སྤྱོད་པ་དང་ལས་དང་། རིགས་ཇི་ལྟ་བུ་བླངས་པར་གྱུར་ཞེས་བསྒོམ་པའི་ [269b.6]རྣལ་འབྱོར་ཀྱིས་བརྟག་པར་བྱས་ན་ཏིང་ངེ་འཛིན་དེ་གྲུབ་ཅིང་ལས་སུ་རུང་བའི་རྣལ་འབྱོར་གྱིས་བདག་དང་གཞན་ལ་བརྟགས་པ་དེ་འབའ་ཞིག་གི་སྔོན་གྱི་གནས་རྗེས་སུ་དྲན་པར་འགྱུར་བ་འབའ་ཞིག་ལྟ་ཅི་སྨོས་ཏེ། དེ་ལྟར་མ་ཡིན་གྱི་གལ་ཏེ་རྣལ་འབྱོར་གྱི་མཐུས་མ་གྲུབ་པ་ཡང་སེམས་རྩེ་གཅིག་ [269b.7]པའི་ཏིང་ངེ་འཛིན་དེ་ལྟ་བུ་སྦྱོར་བའི་མཐུས་ཇི་ལྟར་མཚན་མོ་རྨི་ལམ་རྨིས་པ་ནང་པར་གསལ་བར་དྲན་པ་བཞིན་དུ། སྔར་འདས་མ་ཐག་པའི་ཚེ་རབས་སྔ་མ་དང་། ཡང་སྔ་ལ་སོགས་པ་ལ་ཇི་ལྟ་བུར་གྱུར་ཅིང་སྤྱད་པ་དག་མིང་དང་ནང་གི་སྤྱོད་ཡུལ་བཞིན་དུ་མངོན་སུམ་ཁོ་ནར་སོ་སོར་སྣང་བར་འགྱུར་ [270a] [270a.1]ཏེ། ཇི་སྐད་དུ་རྒྱུད་ལས་ཀྱང་། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །བདག་གམ་ཡང་ན་གཞན་ཡང་རུང་། །ཡིད་ཀྱིས་གཟུགས་ནི་མཐོང་ན་ཡང་། །གང་ནས་ཚེ་འོངས་དེ་རུ་བཏང་། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། སྔོན་གྱི་གནས་རྗེས་སུ་དྲན་པར་འདོད་པའི་རྣལ་འབྱོར་ [270a.2]པས་ལུས་སེམས་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་གཞག་སྟེ། ཡིད་ཀྱིས་གཟུགས་མཐོང་བ་གཞན་ཡིད་ལ་མི་བྱ་བར། ཚེ་རབས་སྔ་མ་བདག་དང་གཞན་ཕ་རོལ་པོ་གང་ལ་དམིགས་པ་དེ་གང་ནས་འོངས་པའམ། ཇི་ལྟ་བུ་ཞིག་ཏུ་འགྱུར་ཞེས་ལེགས་པར་བརྟགས་ཤིང་མངོན་སུམ་དང་འདྲ་ [270a.3]བར་ཡིད་ལ་བྱས་ནས། ཏིང་ངེ་འཛིན་གྱི་མཐུས་དེ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་གསུངས་པའོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་བྱེ་བྲག་ནི་ཞེས་པ། རྫུ་འཕྲུལ་ནུས་པར་བྱ་བ་ནི། གཅིག་ཏུ་བཅད་པ་མ་ཡིན་ཏེ་ཐ་དད་པ་དག་ཤེས་པར་བྱ་དགོས་པ་སྟེ། གང་ཞེ་ན། ནམ་མཁའ་ལ་ [270a.4]འགྲོ་བ་དང་། མི་སྣང་བ་དང་། གཟུགས་སྣ་ཚོགས་པ་དང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་རྣམས་གསུངས་ཏེ། ནམ་མཁའ་ལ་འགྲོ་བ་ནི་ནམ་མཁའ་ཡང་རང་གི་སྤྱོད་ཡུལ་དུ་བྱས་ནས་བྱ་བཞིན་དུ་ཐོགས་པ་མེད་པར་སྤྱད་པའོ། །མི་སྣང་བ་ཞེས་པ་ནི། ས་འོག་ལ་སོགས་པར་འགྲོ་བ་དང་། [270a.5]རང་གི་ལུས་འགྲོ་བ་གཞན་གྱི་མངོན་སུམ་དུ་འདུག་ཀྱང་ཕ་རོལ་གྱིས་མཐོང་བར་མི་ནུས་པ་དང་། གཟུགས་སྣ་ཚོགས་པ་ལ་ཞེས་པ་ནི། དགོས་པ་ལ་ལ་དག་ཡོད་ན། དེའི་ཕྱིར་གཟུགས་རྣམ་པ་སྣ་ཚོགས་པའི་ངོ་བོར་སྟོན་ནུས་པའོ། །བསྒྲིབ་པ་ཞེས་པ་ནི་ཡུལ་གཞན་གྱིས་བར་དུ་བཅད་པའོ། །མ་ [270a.6]བསྒྲིབས་པ་ཞེས་པ་ནི་ཡུལ་གཞན་གྱིས་བར་མི་ཆོད་པའོ། །ནམ་མཁའ་ལ་རྒྱང་རིང་དུ་མྱུར་དུ་འགྲོ་བ་ཞེས་པ་ནི། དཔེར་ན་དཔག་ཆེན་གྱི་མདའ་ནམ་མཁའ་ལ་འཕངས་ན་ཐོགས་པ་མེད་པར་མྱུར་དུ་འགྲོ་བ་བཞིན་དུ་བདག་ཉིད་ཀྱང་ཐོགས་པ་མེད་པར་ནམ་མཁའ་ལ་མྱུར་བར་རྒྱང་རིང་བར་འགྲོ་ཞིང་ [270a.7]གཞན་གྱི་མིག་གི་དབང་པོའི་སྤྱོད་ཡུལ་ལས་ཀྱང་གཞན་དུ་འདས་པར་བྱེད་པའོ། །རི་དང་གྲོང་ཁྱེར་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོ་རྣམས་སྤྲུལ་པར་སྤྱོད་པ་ཞེས་པ་ནི། ཇི་ལྟར་ས་གཤིན་པ་རི་མེད་པ་དག་ཏུ། ཇི་ལྟ་བུ་ཡོད་པར་སྟོན་པ་དང་། ས་སྟོང་པ་དག་ཏུ་གྲོང་ཁྱེར་ལ་སོགས་ [270b] [270b.1]པ་ཡོད་པར་སྟོན་པའི་སྤྲུལ་པ་བྱེད་པའོ། །འཇིམ་པ་ལ་སོགས་པའི་རྫས་ལས་གསེར་ལ་སོགས་པའི་དངོས་གྲུབ་པོར་བྱ་བ་དང་ཞེས་པ་ནི། རྒྱུ་གཅིག་ལ་འབྲས་བུ་མི་འདྲ་བར་སྟོན་པ་སྟེ། ཇི་ལྟར་འཇིམ་པའི་གོང་བུའམ། རྡོ་བ་དང་གྱོ་མོ་ལ་སོགས་པའི་རྫས་ལས་གསེར་དང་། དངུལ་དང་། [270b.2]ཟངས་མ་དང་། ལྕགས་དང་། རིན་པོ་ཆེའི་རིགས་ཀྱི་རྣམ་པར་བསྒྱུར་ཞིང་སྟོན་ནུས་པའི་སྤྲུལ་པའོ། །མི་གནས་པའི་དངོས་པོ་ལའང་ལོ་དུ་མར་འདུག་ཏུ་རུང་བར་བྱ་བ་ཞེས་པ་ནི། ཇི་ལྟར་རིག་སྔགས་འཆང་བ་ནམ་མཁའ་ལ་གནས་ཤིང་མེ་ཏོག་དང་འབྲས་བུ་དག་ནམ་མཁའ་ལ་སྐྱེད་པར་བྱེད་པ་ལྟར། [270b.3]ནམ་མཁའ་དམིགས་པ་མེད་པ་ལ་གཞལ་ཡས་ཁང་བྱས་ནས་ལོ་དུ་མར་གནས་པ་ལྟར་སྟོན་པའམ། ཞོ་དང་འོ་མ་ལ་སོགས་པ་ཅུང་ཟད་ཙམ་གཤེར་བའི་བག་ཡོད་པ་ཡུན་རིང་དུ་བརྟག་པར་མི་རུང་བ་དག་ལོ་དུ་མའི་བར་དུ་གང་དུ་བཞག་པའི་སྣོད་ན་དེ་བཞིན་དུ་གནས་པར་སྟོན་པ་དང་། སོགས་པའི་སྒྲས་ [270b.4]གཅིག་ལ་མང་པོར་བྱ་བ་དང་། མང་པོ་གཅིག་ཏུ་བྱ་བ་དང་། སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་འབྱུང་བ་དང་། ས་ལ་ཆུ་ལ་བྱ་བ་བཞིན་དང་། ཆུ་ལ་ས་ལ་བྱ་བ་བཞིན་དང་། རི་བྲགས་ལ་ཐོགས་པ་མེད་པར་འགྲོ་བ་ལ་སོགས་པའི་རྣམ་པ་རྣམས་བསྡུ་བར་བྱའོ། །རྫུ་འཕྲུལ་གྱི་རྣམ་པ་ [270b.5]དང་བྱེ་བྲག་དེ་ལྟ་བུར་གྲུབ་ཅིང་ཉམས་སུ་ལོན་པར་འདོད་པའི་རྣལ་འབྱོར་པས་སྔ་མ་བཞིན་དུ་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཤིང་མཉམ་པར་གཞག་སྟེ། ནམ་མཁའ་ལ་འགྲོ་བ་ལ་སོགས་པ་གང་ཡང་རུང་བའི་རྫུ་འཕྲུལ་གྱི་ཡུལ་མངོན་དུ་བྱས་ཏེ་ཞེས་པ་རྫུ་འཕྲུལ་དེ་དག་ཀྱང་དུས་གཅིག་ཁོ་ནར་ཀུན་ [270b.6]མངོན་དུ་བྱས་ནས་སྒྲུབ་པ་མ་ཡིན་གྱི། ནམ་མཁའ་ལ་འགྲོ་བའམ་མི་སྣང་བའམ། གང་བསྒྲུབ་པར་འདོད་པ་དེ་མངོན་དུ་བྱས་ཏེ། ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་གང་བསྒྲུབ་པ་དེའི་རྣམ་པ་བསྒོམ་པ་ཡུན་རིང་དུ་བྱས་ཏེ་ཇི་སྲིད་ཇི་ལྟར་འདོད་པའི་རྫུ་འཕྲུལ་ཡང་དག་པར་འབྱུང་ [270b.7]བར་འགྱུར་ཞིང་བྱེད་ནུས་པར་འགྱུར་ལ། མ་གྲུབ་ཀྱི་བར་དེ་སྲིད་ཀྱི་བར་དུ་དམིགས་པའི་ཏིང་ངེ་འཛིན་རྩེ་གཅིག་པས་གཞན་དུ་མི་འགྱུར་བར་གནས་པར་བྱའོ། །དེ་ལྟར་བྱས་དང་གང་འདོད་པའི་རྫུ་འཕྲུལ་བསྒྲུབ་ཅིང་ཉམས་སུ་ལོན་པར་འགྱུར་ཏེ། ཇི་སྐད་དུ་རྒྱུད་ལས་ཀྱང་། ཕྱག་རྒྱ་ཆེན་ [271a] [271a.1]པོར་མཉམ་གཞག་སྟེ། རྫུ་འཕྲུལ་གང་དང་གང་འདོད་པ། །གང་དང་གང་དུ་དེ་ཉིད་ནི། །མཉམ་པར་གཞག་པས་བལྟ་བར་བྱ། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། རྫུ་འཕྲུལ་གྱི་མངོན་པར་ཤེས་བ་ཐོབ་པར་འདོད་པའི་རྣལ་འབྱོར་པ་དེས་རང་གི་ལུས་སེམས་ཕྱག་ [271a.2]རྒྱ་ཆེན་པོའི་ངང་དུ་མཉམ་པར་གཞག་པ་ལ་སོགས་པ་བྱས་ཏེ། རྫུ་འཕྲུལ་གྱི་རྣམ་པ་གང་དང་གང་དུ་འདོད་པའི་རྣམ་པ་དེ་ཏིང་ངེ་འཛིན་གྱི་རྩོལ་བ་མངོན་དུ་བལྟ་བར་བྱ་སྟེ། དེ་མངོན་དུ་གྱུར་པ་དེ་སྲིད་དུ་བྱས་ན་འཐོབ་པར་འགྱུར་རོ་བར་བསྟན་ཏོ། །དེ་ལྟར་མངོན་པར་ཤེས་པ་ལྔ་མངོན་པར་སྒྲུབ་པ་ [271a.3]རིམ་པར་བསྟན་ནས། གཞན་གྱི་སེམས་ཤེས་པ་བསྒྲུབ་པར་བྱ་བའི་ཐབས་གཞན་ཡང་བསྟན་པའི་ཕྱིར་ན། གཞན་གྱི་སེམས་ཀྱི་རང་བཞིན་ཡོངས་སུ་ཤེས་པར་བྱ་བའི་སྦྱོར་བ་གཞན་ཡང་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་ [271a.4]པོ་བཅིངས་ནས་ཞེས་བྱ་བ་དག་སྟེ། དེ་བཞིན་གཤེགས་པ་ལྔ་ལས་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོར་བདག་ཉིད་གནས་པར་བྱས་ནས་འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། གང་ཕ་རོལ་གྱི་སེམས་ཤེས་པར་བྱ་བའི་སེམས་ཅན་དེའི་སེམས་ཀྱི་རང་བཞིན་ཅི་འདྲ་བ་དེ། དེ་འདྲ་བའི་གཟུགས་ [271a.5]ཉིད་དུ་བདག་གིས་སྙིང་གའམ་མདུན་དུ་དཔལ་རྡོ་རྗེ་སེམས་དཔའ་སྟོན་པར་གྱུར་ཅིག་ཅེས་ཏིང་ངེ་འཛིན་གྱིས་དེ་ལྟར་བསམས་ལ། རང་གི་སྙིང་གའམ་ཡང་ན་མདུན་གང་ཡང་རུང་བར་རྡོ་རྗེ་སེམས་དཔའ་མཐོང་བར་བསམ་པ་ནི་ཇི་སྲིད་དུ་སེམས་ཅན་དེའི་དགེ་བ་དང་མི་དགེ་བ་ལ་སོགས་པའི་ [271a.6]མཚན་ཉིད་ཅི་འདྲ་བ་དེའི་རྣམ་པར་དཔལ་རྡོ་རྗེ་སེམས་དཔའ་ཉིད་རབ་ཏུ་སྣང་བར་མཛད་པར་མ་གྱུར་གྱི་བར་དུ་རྒྱུན་བསྲིངས་ལ་ལྷག་པར་བསྒོམ་པར་བྱའོ། །དེའི་མཚན་མ་ནི་འདི་དག་སྟེ། དེ་ལ་རྡོ་རྗེ་སེམས་དཔའ་མན་ཤེལ་བཞིན་དུ་དག་པར་སྣང་བ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་པ་དེའི་ [271a.7]ཤེས་པ་ལ་ནམ་རྡོ་རྗེ་སེམས་དཔའ་ཆ་ལུགས་ཤེལ་བཞིན་དུ་དག་པར་སྣང་བར་གྱུར་ན་དེའི་ཚེ་བརྟག་པར་བྱ་བའི་སེམས་ཅན་དེའི་སེམས་དག་བདག་གཞན་ལ་གནོད་པ་བྱེད་པའི་རྙོག་པ་ལ་སོགས་པའི་ཉེས་པ་མེད་པར་རིག་པར་བྱའོ། །གཞན་ཡང་ནམ་དུ་ཡང་རུང་སྟེ་དུང་དང་མེ་ཏོག་ཀུནྡ་ལ་ [271b] [271b.1]སོགས་པའི་རྣམ་པར་དཔལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་སྣང་བར་གྱུར་པ་དེའི་ཚེ། དེའི་སེམས་དང་ཞིང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་ཤེས་པར་བྱའོ། །དེ་ལྟར་མེ་ཏོག་མནྡྲ་ཀ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་སྣང་བར་གྱུར་ [271b.2]ན། དེའི་ཚེ་གཞན་གྱི་སེམས་དེ་རྗེས་སུ་ཆགས་པ་དང་བཅས་པའི་རྣམ་པར་ཤེས་པར་བྱའོ། །འོ་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དེ་ཁ་དོག་ནག་པོར་སྣང་ན། དེའི་ཚེ་སེམས་ཅན་དེའི་སེམས་ཁྲོས་པ་ཡིན་པར་ཤེས་པར་བྱ་སྟེ། ཇི་སྐད་དུ་རྒྱུད་ལས་ཀྱང་། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། ། [271b.3]ཟླ་བའི་ཁ་དོག་རབ་སྦྱོར་བས། །དེ་ཡི་ཁ་དོག་ཅི་འདྲར་རིག །དེ་བཞིན་འཇིག་རྟེན་དེ་ཡིས་རིག །དག་ན་སྐྱེ་བོ་དག་པར་ཤེས། །དཀར་རམ་ཡང་ནི་རབ་ཏུ་དང་། །དམར་ནག་རབ་ཏུ་ཞེན་ཅིང་ཁྲོ། །ཁ་དོག་ཅི་འདྲ་དེ་འདྲའི་བདག །ཅེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། རང་དེ་བཞིན་ [271b.4]གཤེགས་པ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོར་གནས་ནས་དེའི་མདུན་ནམ་སྙིང་གར་རྡོ་རྗེ་སེམས་དཔའ་གནས་པར་བསམས་ཏེ། དེས་སེམས་ཅན་ཕ་རོལ་པོའི་སེམས་ཇི་ལྟ་བ་བཞིན་བདག་ལ་ཆ་ལུགས་ཀྱིས་རྟགས་སྟོན་པར་གྱུར་ཅིག་ཅེས་པའི་བསམ་པ་དང་ལྡན་པར་ཡུན་རིང་དུ་རྣལ་ [271b.5]འབྱོར་བྱ་སྟེ། ནམ་དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས་ཇི་ལྟར་བསྟན་པ་དེ་བཞིན་དུ་ཕ་རོལ་གྱི་སེམས་ཤེས་པར་བྱའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ལ་ཡང་ཞེས་པ་དེ་བཞིན་གཤེགས་པའི་རིགས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་ [271b.6]དཔའ་རྣམས་ལ་ཡང་ཆོ་ག་འདི་ཉིད་ཀྱི་ཚུལ་གྱིས་བྱ་སྟེ། དེ་ལྟར་ཡང་རྒྱུད་ཉིད་ལས་ཇི་སྐད་དུ། ཕྱག་རྒྱ་ཆེན་པོར་མཉམ་གཞག་པ། །ཟླ་བའི་དཀྱིལ་འཁོར་འོད་དང་བཅས། །རང་གི་ལུས་དེ་ཇི་ལྟར་ཤེས། །དེ་ལྟར་འགྲོ་བའི་ཡིད་ཤེས་པའོ། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ [271b.7]ལྟ་སྟེ། བདག་ཉིད་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོའི་ངང་དུ་སེམས་མཉམ་པར་གཞག་ལ་འོད་དང་གདན་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བྱས་ནས། རང་གི་སྙིང་གར་གང་ཡང་རུང་བའི་སྐུ་བསམས་ [272a] [272a.1]ཀྱང་རུང་། རང་གི་ལུས་ཉིད་ལ་བརྟགས་ཀྱང་རུང་སྟེ། ཇི་ལྟར་འདོད་པ་དམོད་དོར་ནས། །རང་གི་ལུས་སམ་སྙིང་གའི་ལྷ་དེ་ཇི་ལྟར་སྣང་བ་བཞིན། །འགྲོ་བ་གཞན་གྱི་ཡིད་ཤེས་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེ་བཞིན་དུ་གལ་ཏེ་འགའ་ཞིག་འགྲོའམ་འོང་བ་ཤེས་པར་ [272a.2]འདོད་པ་ཞེས་པ་གཞན་གྱི་སེམས་ཤེས་པར་འདོད་པའི་སྦྱོར་བ་བསྟན་པ་དེ་བཞིན་དུ། གལ་ཏེ་དགོས་པ་ལ་ལའི་ཕྱིར་འགྲོ་བ་འགའ་ཞིག་ཕར་འགྲོ་བའམ། ཚུར་འོང་བའི་བསམ་པ་ཤེས་པར་འདོད་ན་དེའི་ཚེ་དེ་དང་རྗེས་སུ་མཐུན་པར་སྨོན་ལམ་བཏབ་ནས་དེ་ལྟར་སྒྲུབ་ཅིང་དོན་དེ་ཤེས་པར་ [272a.3]འདོད་པ་དེའི་ཚེ་འགྲོ་བ་དེ་ལྟ་བུ་ཞིག་ཕར་འགྲོ་བ་དང་། ཚུར་འོང་བའི་སེམས་ཇི་ལྟ་བ་བཞིན་ཤེས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། ཇི་སྲིད་ཕྱག་རྒྱ་ཆེན་པོའི་ངང་དུ་སེམས་མཉམ་པར་གཞག་པས་འགྲོ་བ་དེའི་ལག་པ་གཡོབ་པ་དང་། ལུས་འགུལ་བ་དང་། རྐང་པ་འདོར་བ་དང་། སྐད་ [272a.4]འབྱིན་པ་ལ་སོགས་པའི་རྣམ་པས་ཕར་ལ་འགྲོ་བ་དང་། ཚུར་འོང་བའི་སྦྱོར་བ་སྟོན་པར་བྱེད་པའམ། རྣམ་གཅིག་བདག་རང་གི་ལུས་ཉིད་དེ་ལྟ་བུར་གཡོ་བར་སྣང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱ་སྟེ། དེ་ནས་མཚན་མ་དེ་དག་མངོན་དུ་སྣང་བ་ལས་བརྟགས་ན། ཕ་རོལ་པོའི་འགྲོ་བ་ [272a.5]དེ་ཕར་འགྲོ་བ་དང་། ཚུར་འོང་བ་གང་ཡིན་པའི་སེམས་ཤེས་པར་འགྱུར་རོ། །དེ་ཡང་རྒྱུད་ལས་ཇི་སྐད་དུ། མཉམ་པར་འཇོག་པ་འདི་དག་ནི། །འགྲོ་བ་དང་ནི་འོང་བའམ། །གཡོ་བ་དག་ཀྱང་བྱེད་པར་ནི། །ཇི་ལྟར་མཐོང་བ་དེ་ལྟར་འོང་། །སེམས་ཅན་གང་དང་གང་དག་ནི། །མཉམ་ [272a.6]པར་བཞག་སྟེ་བསམས་ན་ནི། །དེ་དང་དེ་དག་དེ་བཞིན་དུ། །སེམས་ནི་ཐམས་ཅད་རིག་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། ཇི་ལྟར་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག་ཅིང་དམོད་འདོར་བའི་དུས་ན། འགྲོ་བ་དང་འོང་ [272a.7]བ་དང་། གཡོ་བ་ལྟར་སྣང་བས། འདི་ལྟར་མཐོང་བ་དེ་བཞིན་དུ་འགྱུར་ཏེ། སེམས་ཅན་གང་དང་གང་དག་གི་འགྲོ་བ་དང་འོང་བའི་སེམས་ཇི་ལྟ་བ་དེ་བཞིན་དུ་ཤེས་པར་འདོད་ནའང་ཕྱག་རྒྱ་ཆེན་པོར་བདག་ཉིད་གནས་པར་བྱས་ནས། འདིའི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པར་གྱུར་ཅིག་ [272b] [272b.1]ཅེས་བསམས་ནས། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་བསམ་གཏན་ལ་ཡུན་རིང་དུ་གནས་པར་གྱུར་ན། འགྲོ་བ་དེ་དང་དེ་དག་གི་སེམས་ཇི་ལྟ་བ་དེ་བཞིན་དུ་ཤེས་པ་ཐམས་ཅད་རིག་པར་འགྱུར་རོ་ཞེས་པ། བྷ་ག་ཝཱན་བཛྲ་སཏྭ་ས་གསུངས་སོ་ཞེས་པ་དེ་ལྟར་བསྟན་པ་ལ་སོགས་པ། དུམ་བུ་དང་པོ་ [272b.2]རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པའི་བསྒོམས་པ་ལས་བྱུང་བའི་དངོས་གྲུབ་རྣམས་གསུངས་པ་སྟེ། རྒྱ་ཆེར་ཞིབ་ཏུ་ནི་རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་ཉིད་ལས་འབྱུང་བར་རིག་པར་བྱ་སྟེ། སྒྲུབ་ཐབས་ཀྱི་སྐབས་འདིར་ནི། སྒྲུབ་པར་བྱེད་པའི་རྣལ་འབྱོར་ [272b.3]པ་རྣམས་དགའ་བ་སྐྱེད་པའི་ཕྱིར་རོ། །སྒྲུབ་པའི་རྣམ་པ་མང་པོ་འབྱུང་བ་དེ་རྣམས་ལས་ཅུང་ཟད་ཙམ་ཞིག་སློབ་དཔོན་སངས་རྒྱས་གསང་བ་བདག་གིས་འདིར་བསྡུས་ནས་བསྟན་པར་རིག་པར་བྱའོ། །དེ་ལ་རྟོག་གེ་པ་གཞན་དག་ན་རེ། ཅི་རྣལ་འབྱོར་པ་རྣམས་དགའ་བར་བྱ་བ་ནི་དེ་བཞིན་ [272b.4]གཤེགས་པ་དེ་དང་དེའི་རིགས་ཀྱི་སེམས་དཔའ་རྣམས་བསྒྲུབ་པར་བྱ་བའི་ཐབས་བསྟན་པ་དེ་ཉིད་ཡིན་ལ། དེ་དག་གྲུབ་པར་གྱུར་ན་རྣམ་པ་འདི་དག་ཞར་ལ་རང་བཞིན་གྱིས་འགྲུབ་པར་འགྱུར་བར་ཟད་པས་འདི་དག་འདིར་འདི་ལྟར་བཀོད་ནས་བསྟན་མི་དགོས་སོ་སྙམ་པ་ཡོད་ན། དེ་ལྟར་མི་བལྟ་ [272b.5]སྟེ། འགྲོ་བ་མོས་པ་ཐ་དད་པ་དག་ཡོད་པས་ཁ་ཅིག་འདི་ལྟ་བུ་ལ་དད་པ་ཡོད་པ་དེ་དག་གི་དོན་དུ་ཚུལ་འདི་དག་བསྟན་པས་དེ་དག་གིས་འདི་དག་བསྒྲུབས་ཤིང་ཉམས་སུ་ལོན་པར་གྱུར་པ་དང་། དེ་ལས་དཔགས་ནས་དངོས་གྲུབ་གཞན་རྣམས་ཀྱང་འགྲུབ་པར་འགྱུར་དུ་རུང་ངོ་སྙམ་ནས་རིམ་གྱིས་ [272b.6]འཇུག་པར་བྱེད་པ་དང་། གཞན་དག་རྒྱུད་དང་སྒྲུབ་ཐབས་འདིར་ནི། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་འབའ་ཞིག་གི་སྒྲུབ་པ་གསུངས་པར་ཟད་ཀྱི། སྒྲུབ་ཐབས་གཞན་མ་གསུངས་པ་དང་སྦྱར་ནས་འདིས་ནི་ཐམས་ཅད་འགྲུབ་པ་མ་ཡིན་ནོ་སྙམ་པ་རྣམས་ཀྱང་དོན་དང་། [272b.7]ཇི་ལྟར་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་ནི་མཆོག་པས་དེའི་ཞར་ལ་ཐུན་མོང་བའི་སྒྲུབ་པ་གཞན་ཞར་ལ་འབྱུང་བར་བསྟན་པའི་ཕྱིར་ན་འདིར་འདི་ལྟར་བསྟན་པ་ལ་ཉེས་པ་མེད་དོ། །དེ་བཞིན་གཤེགས་པའི་རིགས་ཀྱི་བསྒོམ་པའི་དངོས་གྲུབ་མདོར་བསྡུས་པ་བཤད་ཟིན་ཏོ།། །།དེ་ལྟར་བསྒོམ་པའི་ [273a] [273a.1]དངོས་གྲུབ་སྒྲུབ་པའི་རིམ་པ་བསྟན་ནས། ད་ནི་བཟླས་བརྗོད་ཀྱི་སྒོ་ནས་དངོས་གྲུབ་སྒྲུབ་ཅིང་མཉེས་པར་བྱ་བའི་ཐབས་བསྟན་པའི་ཕྱིར། ད་ནི་བཟླས་བརྗོད་ཀྱི་སྦྱོར་བའི་དངོས་གྲུབ་རྣམས་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟླས་བརྗོད་བྱ་བའི་སྦྱོར་བས་གང་ [273a.2]ལྟར་འདོད་པའི་དངོས་གྲུབ་ཐོབ་པར་བྱེད་པས་ན། བཟླས་བརྗོད་ཀྱི་སྦྱོར་བའི་དངོས་གྲུབ་སྟེ། དེ་བཤད་པར་བྱའོ་ཞེས་སྟོན་ཏོ། །འདིར་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པའི་ཞེས་པ་ནི། སྒྲུབ་ཐབས་ཀྱི་སྐབས་འདིར་ [273a.3]ཡང་རྩ་བའི་རྒྱུད་ལས་དཀྱིལ་འཁོར་དུམ་བུ་བཞི་སོ་སོའི་སྒྲུབ་ཐབས་དང་བཅས་པར་འབྱུང་བ་ལས་དེའི་ནང་ནས་དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་སྒྲུབ་ཐབས་འདིར་བསྡུས་ལ། དེ་ལས་ཀྱང་དངོས་གྲུབ་རྣམ་པ་གཉིས་བཤད་མོད་ཀྱིས་ཞེས་ [273a.4]པ། དེའི་སྐབས་ཀྱང་བསྒོམ་པ་དང་། བཟླས་པའི་དངོས་གྲུབ་རྣམ་པ་གཉིས་འབྱུང་བས་བདག་གིས་ཀྱང་འདིར་དེ་གཉིས་བསྟན་པར་བྱ་བར་འོས་པ་མ་ཡིན་མོད་ཀྱི། འོན་ཀྱང་བཟླས་བརྗོད་ཀྱི་སྐབས་སུ་བཤད་པའི་དངོས་གྲུབ་ཀྱི་ཆོ་ག་འདི་ལ། དེ་ལས་གཞན་པའི་རིགས་རྣམས་ཀྱི། །ཞེས་ [273a.5]པ། རྡོ་རྗེ་དབྱིངས་སུ་གསུངས་པའི་རིགས་དེ་ལས་གཞན་པའི་རྡོ་རྗེ་རིགས་ལ་སོགས་པ་ལྷག་མ་གསུམ་གྱི་སྐྱིལ་མོ་ཀྲུང་ལ་སོགས་པ་དག་འདིར་བཤད་པའི་སྐབས་སུ་བབ་པ་ནི་མ་ཡིན་ན་ཡང་འདིར་བཤད་པར་བྱ་དགོས་ཏེ་ཅིའི་ཕྱིར་ཞེ་ན་རྣལ་འབྱོར་པ་རྣམས་མཁས་པར་བྱ་བའི་ཕྱིར་རོ་ཞེས་ [273a.6]སྨོས་ཏེ། རྡོ་རྗེ་དབྱིངས་ཀྱི་སྐབས་སུ་འདུག་ཐབས་མ་གསུངས་པ་དེ་འདིར་བསྟན་ནས་འདིའི་དོན་ལ་འཇུག་པ་རྣམས་མགོ་མ་རྨོངས་པའི་ཕྱིར་དགའ་བ་སྐྱེ་བ་དང་། ད་ལྟར་དང་མ་འོངས་པའི་རྣལ་འབྱོར་པ་གང་དག་འདི་ཉམས་སུ་ལོན་པར་བྱེད་པ་དག་གིས་ཀྱང་འདི་མཐོང་བ་ཙམ་གྱིས་རྩ་བའི་ [273a.7]རྒྱུད་ཆེན་པོ་ལས་ཇི་སྐད་འབྱུང་བའི་དོན་གྱི་བྱེ་བྲག་དེ་དག་རྟོགས་ཤིང་སེམས་སུ་ཆུད་པར་བྱ་བའི་ཕྱིར་འདི་ལྟར་བསྟན་ཏོ། །འདུག་སྟངས་འདི་དག་འདིར་བཤད་པ་ཡང་སྐབས་སུ་འབབ་པ་མ་ཡིན་ན་ཡང་འདི་དག་གི་དོན་ལ་མཁས་པར་བྱ་བའི་ཕྱིར་ཡང་འདི་ལྟར་བསྟན་ཏོ། །འདུག་སྟངས་ [273b] [273b.1]འདི་དག་དཀྱིལ་འཁོར་གྱི་སྒྲུབ་ཐབས་འདིའི་ལྷ་རྣམས་བསྒོམ་པའི་ཚེ་ན་ཡང་འདི་ལྟར་བྱ་དགོས་པའི་ཕྱིར་ན་འདིར་བསྟན་ཏོ། །དེ་ལ་གལ་ཏེ་གང་ཡང་རུང་བའི་རིགས་ཀྱི་སྙིང་པོ་ལ་སོགས་པ་བཟླས་བརྗོད་བྱེད་པ་ལ་བརྩོན་པ་ཞེས་པ་རིགས་བཞི་པོ་དག་ལས་གང་ཡང་རུང་བའི་ལྷ་རྣམས་ཀྱི་སྙིང་པོ་ [273b.2]དང་། སོགས་ཀྱི་སྒྲས་ཕྱག་རྒྱ་ལ་སོགས་པ་གཞན་དག་བསྡུ་སྟེ། རིགས་སོ་སོའི་སྙིང་བོ་ཞེས་པ་ནི། འབྲུ་གཅིག་པོ་ལ་སོགས་པའོ། །ཕྱག་རྒྱ་ཞེས་པ་ནི་རྣམ་པ་བཞིས་བསྡུས་པའོ། །སྔགས་ཞེས་པ་ནི་ཕོའི་ཚུལ་དང་གཟུགས་ཀྱིས་སྨྲས་པའི་ཚིག་གོ། །རིག་སྔགས་ཞེས་ [273b.3]པ་ནི་མོའི་གཟུགས་དང་ཚུལ་འཛིན་པས་གསུངས་པའི་ཚིག་སྟེ། རྒྱུ་ཉིད་ལ་སྦྱར་ན་སྙིང་པོ་ནི་རྡོ་རྗེ་དབྱིངས་སུ་གསུངས་པའི་སྔགས་རྣམས་སོ། །ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་གསུངས་པའི་སྔགས་རྣམས་སོ། །སྔགས་ནི་འགྲོ་བ་འདུལ་བས་གསུངས་ [273b.4]པའི་སྔགས་རྣམས་སོ། །རིག་སྔགས་ནི་དོན་ཐམས་ཅད་གྲུབ་པས་གསུངས་པའི་སྔགས་རྣམས་ཏེ། །དེ་རྣམས་ཀྱི་སོ་སོའི་བཟླས་བརྗོད་གང་བྱེད་པའི་གནས་སྐབས་སུ་གསུངས་པའི་དངོས་གྲུབ་དེ་དག་འདོད་པའི་རྣལ་འབྱོར་པ་གང་ཡིན་པ་དེས། རང་གང་ལ་མོས་པའམ། གང་བསྒོམ་ [273b.5]པའི་རིགས་དང་མཐུན་པའི་ལྷ་དེའི་དམ་ཚིག་སེམས་དཔའི་རྣལ་འབྱོར་དུ་ཉིད་རང་བྱུང་བའི་ཏིང་ངེ་འཛིན་མངོན་དུ་བྱས་ཏེ། ཇི་ལྟར་འདོད་པའི་རིགས་གཞན་དང་རྗེས་སུ་མཐུན་པའི་སྐྱིལ་མོ་ཀྲུང་ལ་སོགས་པར་འདུག་པའི་རིགས་གཞན་གྱི་ཞེས་པ་ནི། རིགས་གསུམ་པོ་དག་ལས་སོ་སོ་གང་ [273b.6]ལ་དད་པའི་དེའི་འདུག་སྟངས་དང་རྗེས་སུ་མཐུན་པར་བྱས་ལ། ལུས་ཀྱི་ཆ་ལུགས་དང་། ངག་གི་སྔགས་བརྗོད་པ་དང་། ཡིད་ཀྱི་སྦྱོར་བ་ཏིང་ངེ་འཛིན་གྱི་ཁྱད་པར་ཡང་གང་སྒྲུབ་པར་འདོད་པའི་དེ་དང་མཐུན་པར་བྱས་ལ། སྒོ་གསུམ་གྱི་སྦྱོར་བ་དེས་སྐབས་འདིར་རང་གི་རིགས་སུ་ [273b.7]གཏོགས་པའི་ལྷ་གང་ཡིན་པ་དེའི་སྙིང་པོ་ལ་སོགས་པ་བཟླས་བརྗོད་བྱའོ། །དེ་ལ་རྒྱལ་བའི་རིགས་ཀྱི་སྙིང་པོ་ལ་སོགས་པ་རྣམས་ཀྱི་འདུག་པའི་བྱེ་བྲག་གསུངས་པ་ཞེས་པ། རྒྱལ་བའི་རིགས་ཞེས་པ་ནི། དེ་བཞིན་གཤེགས་པའི་རིགས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ [274a] [274a.1]གསུངས་པའི་ལྷ་རྣམས་ཏེ། དེའི་བཟླས་བརྗོད་བྱེད་པའི་རྣལ་འབྱོར་པའི་འདུག་སྟངས་གསུངས་པ་ནི། ཇི་ལྟར་བྲིས་པའི་རྗེས་མཐུན་བར། །གང་ཡང་རུང་བའི་སྐྱིལ་མོ་ཀྲུང་། །འདུག་ནས་རབ་ཏུ་བསྒྲུབས་ན་ནི། །སེམས་དཔའ་ཆེན་པོ་རབ་ཏུ་འགྲུབ། །ཅེས་གསུངས་ཏེ། དེ་ [274a.2]བཞིན་གཤེགས་པའི་རིགས་ཀྱི་ལྷ་འདི་དག་གང་སྒྲུབ་བའི་དུས་ན་ནི། གང་ཡང་རུང་བའི་སྐྱིལ་མོ་ཀྲུང་དུ་འདུག་ལ། བསྒྲུབས་ན་ཡང་ཉེས་པ་མེད་དེ། གང་སྒྲུབ་པར་འདོད་པའི་སེམས་དཔའ་ཆེན་པོ་དེའི་དངོས་གྲུབ་སྒྲུབ་པར་འགྱུར་རོ་ཞེས་གསུངས་ལ། རྣམ་གཅིག་དེ་བཞིན་ [274a.3]གཤེགས་པའི་རིགས་ལ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ལ་བྱའོ་ཞེས་རྒྱུད་གཞན་ལས་གསུངས་པ། རང་གི་རྐང་གཡས་རྩེ་མོ་ནི། །རྐང་པ་གཡོན་པའི་སྟེང་དུ་གཞག། །འདི་ནི་སེམས་དཔའི་སྐྱིལ་མོ་ཀྲུང་། །དངོས་གྲུབ་ཀུན་ལ་འོས་པ་ཡིན། །ཞེས་གསུངས་པ་འདི་བྱའོ། །དེ་བཞིན་ [274a.4]དུ་རྡོ་རྗེའི་རིགས་སྒྲུབ་པ་ལ་ནི། ཇི་ལྟར་བྲིས་པའི་རྗེས་མཐུན་པར། །གཡོན་བརྐྱང་ཚུལ་དུ་རབ་གནས་ཏེ། །རབ་ཏུ་ཁྲོས་པས་བསྒྲུབས་ན་ནི། །དོགས་པ་མེད་པར་གྲུབ་པར་འགྱུར། །ཞེས་གསུངས་ཏེ། ཁྲོ་བོ་རྣམས་ནི་ཕལ་ཆེར་བརྐྱང་བསྐུམ་དུ་གནས་པ་ལ། འདིར་གསུངས་ [274a.5]པའི་རྡོ་རྗེའི་རིགས་ཀྱི་ལྷ་ཁྲོ་བོ་རྣམས་ནི། གཡོན་བརྐྱང་གི་ཚུལ་དུ་གནས་པ་སྟེ། རྐང་པ་ཇི་ལྟ་བ་བཞིན་དུ་ལག་པ་ཡང་དེ་ཕྱོགས་སུ་བརྐྱང་ནས་གནས་པར་བྱ་ཞེས་གླེང་བའི་ཚུལ་དེ་ལྟ་བུ་ལ་བཞིན་རབ་ཏུ་ཁྲོ་བ་དང་ལྡན་པའི་ཚུལ་དུ་གནས་པས་བསྒྲུབས་ན། ཐེ་ཚོམ་མེད་པར་འགྲུབ་བར་ [274a.6]འགྱུར། །ཞེས་གསུངས་སོ། །པདྨའི་རིགས་ཞེས་པ་འགྲོ་བ་འདུལ་བའི་སྒྲུབ་པའི་དབང་དུ་བྱས་པའི་འདུག་སྟངས་ནི། རྡོ་རྗེ་སྐྱིལ་མོ་ཀྲུང་འདུག་ལ། །ལག་གཉིས་རྡོ་རྗེ་བཅིངས་པ་སྟེ། །ཏིང་ངེ་འཛིན་གྱི་ལུས་བྱས་ནས། །པདྨ་ལས་བྱུང་བསྒྲུབ་པར་བྱ། །ཞེས་བྱ་བ་གསུངས་ཏེ། རྐང་ [274a.7]པ་གཉིས་ཀྱི་མཐིལ་བརླ་གོང་དུ་མངོན་པར་བྱུང་བ་ལག་པ་གཉིས་ཏིང་ངེ་འཛིན་གྱི་ཚུལ་དུ་བསྣོལ་ནས། ལུས་དྲང་པོར་བསྲང་སྟེ། བཟླས་པ་བྱས་ནས་པདྨའི་རིགས་ཀྱི་དངོས་གྲུབ་བསྒྲུབས་ན་འགྲུབ་པར་འགྱུར་བར་གསུངས་སོ། །རིན་པོ་ཆེའི་རིགས་ཞེས་པ་ནི་ལས་ཀྱི་རིགས་དང་ཐ་མི་དད་ [274b] [274b.1]པའི་ཕྱིར། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་སྒྲུབ་པའི་དབང་དུ་བྱས་པ་ནི། ལངས་སམ་ཡང་ན་འདུག་ཀྱང་རུང་། །འཆག་གམ་ཇི་ལྟར་གང་ཡང་རུང་། །རྡོ་རྗེ་སྙིང་པོ་དབང་བསྒྱུར་བས། །འགྲུབ་པར་འགྱུར་བ་དོགས་པ་མེད། །ཅེས་གསུངས་ཏེ། ལངས་པ་དང་། འདུག་པ་དང་། [274b.2]འཆག་པ་དང་། ཉལ་བ་གང་ཡང་རུང་སྟེ། རང་གི་ལྷའི་རྣལ་འབྱོར་དུ་ཞུགས་ནས་རིགས་ལྔའི་དབུ་རྒྱན་གྱིས་དབུ་ལ་བརྒྱན་པར་མོས་པ་བསྐྱེད་ནས་བཟླས་བ་དང་བསྒྲུབ་པ་བྱས་ན་དོགས་པ་མེད་པར་འགྲུབ་བར་འགྱུར་རོ་ཞེས་གསུངས་སོ། །འདི་ནི་རིགས་བཞིའི་བཟླས་བརྗོད་དང་། །ཞེས་པ་དེ་ལྟར་ [274b.3]བསྟན་པའི་འདུག་སྟངས་འདི་ནི་རིགས་བཞིར་ཕྱེ་བའི་སོ་སོའི་ལྷ་རྣམས་ཀྱི་བཟླས་བརྗོད་དང་། རང་གང་ལ་མོས་པ་བསྒོམ་པ་ལ་བརྩོན་པའི་རྣལ་འབྱོར་བ་རྣམས་ཀྱི་རང་གི་རིགས་ཀྱི་ལྷའི་བྱེ་བྲག་ཇི་ལྟ་བ་ལས་ལུས་ཀྱི་དབྱིབས་ཀྱི་འདུག་སྟངས་ཀྱི་མཚན་ཉིད་སོ་སོར་ཕྱེ་ནས་གསལ་བར་བསྟན་པ་ [274b.4]སྟེ། རིགས་བཞི་ཅིག་ཅར་གྱི་ལྷ་རྣམས་ཀྱི་སྦྱོར་བའི་ཐབས་སྤྱིར་བཤད་ནས་བསྟན་པའོ། །དེ་བཞིན་དུ་རྡོ་རྗེ་དང་ཁྲོ་བོ་དང་། འབར་བ་དང་། བྱམས་པའི་ལྟ་བ་དང་། ལྟ་བ་བཞིའི་སྤྱིའི་མཚན་ཉིད་ཀྱང་འདི་ལྟ་སྟེ། ཞེས་པ་འདུག་སྟངས་ཇི་ལྟར་བཤད་པ་དེ་བཞིན་དུ། རྡོ་རྗེའི་ལྟ་བ་ལ་སོགས་པ་ལྟ་ [274b.5]སྟངས་བཞི་པོ་སྤྱི་ལ་བསྡུས་ནས། བཤད་པའི་མཚན་ཉིད་ཀྱང་འདི་ལྟ་སྟེ། དེ་ལ་འདི་ནི་རྡོ་རྗེའི་ལྟ་བའི་མཚན་ཉིད་དོ་ཞེས་པ་གང་ཞེ་ན། རྡོ་རྗེའི་ལྟ་བ་ཆགས་པས་སུ། །རབ་ཏུ་དགའ་བ་གདངས་པའི་མིག །དེ་ཡིས་བུད་མེད་ལ་བལྟས་ན། །དབང་དུ་འགྱུར་བ་ངེས་པའོ། །ཞེས་ [274b.6]གསུངས་ཏེ། རང་གི་ལྷ་གང་ཡིན་པའི་རྣལ་འབྱོར་དུ་གནས་ཏེ། མིག་རབ་ཏུ་གདངས་ནས་ཕ་རོལ་ལ་འབྲུ་ཚུགས་སུ་ལྟ་བ་ནི་རྡོ་རྗེའི་ལྟ་བ་སྟེ། སྔགས་བཛྲ་དྲྀཥྚི་ཞེས་བརྗོད་ན་ལྷ་ལ་སོགས་པ་དབང་དུ་བྱེད་པར་འགྱུར་ཏེ། འདིར་བུད་མེད་ཅེས་བརྗོད་པའི་སྒྲ་ནི་ལྷ་ལ་གཟུང་བར་རིག་པར་བྱའོ། །འབར་ [274b.7]བའི་ལྟ་བ་ནི་ཞེས་པ་གང་ཞེ་ན། རབ་ཏུ་མྱུར་བར་གཡོ་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་སུ་གསུངས། །ཐམས་ཅད་འདུག་པའོ་ཞེས་གསུངས་སོ། །རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་གནས་ལ། འདི་ལྟར་མིག་རབ་ཏུ་གཡོ་བར་སྒྲུབ་ཅིང་རྫི་མ་བཏེག་ [275a] [275a.1]བཏེག་པོར་བསྙེར་ནས་སྙིང་པོ། བཛྲ་དྲྀ་ཤྱཾ་ཀུ་ཤི་ཛཿཞེས་བརྗོད་པས་ནི། ལྷ་ལ་སོགས་པ་འགྲོ་བ་གང་བརྗིད་པ་ཀུན་རང་དབང་མེད་པས་འགུགས་པར་འགྱུར་རོ། །ཁྲོ་བོའི་ལྟ་བ་ནི་ཞེས་པ་གང་ཞེ་ན། ཁྲོ་གཉེར་བསྙེར་བ་རབ་ཏུ་འཇིགས། །ཁྲོ་བོའི་ལྟ་བ་ཀུན་དུ་འཛུམས། །ཁྲོ་བོ་ [275a.2]ལྟ་བར་མཉམ་བཞག་ན། །ཁམས་གསུམ་དག་ཀྱང་འཇིག་པར་བྱེད། །ཅེས་གསུངས་ཏེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་གནས་ལ། གདོང་ཁྲོ་བའི་བཞིན་དུ་བྱས་ནས་མིག་ཁྲོ་གཉེར་བསྙེར་ཞིང་མིག་གི་གྲྭ་གཉིས་ཟུར་གསུམ་དུ་འཛུམས་པར་བྱས་ཏེ། །ཁྲོ་བོའི་ལྟ་བའི་ [275a.3]སྙིང་པོ་དྲྀཥྚི་ཧི་ཞེས་བརྗོད་ན་ཁམས་གསུམ་པོའི་སྣོད་བཅུད་དམ་གཞན་གྱི་ལུགས་དང་སྦྱོར་བ་ཐམས་ཅད་འཇིག་པར་བྱེད་དོ། །བྱམས་པའི་ལྟ་བ་ནི་ཞེས་པ་གང་ཞེ་ན། རི་རབ་ལྷུན་པོའི་བྲག་ཆེན་ལྟར། །བརྟན་ཞིང་མི་འཛུམས་པ་ཡི་མིག །བྱམས་པའི་ལྟ་བ་ཡིན་པར་བཤད། །ཅེས་ [275a.4]གསུངས་ཏེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་གནས་ནས་རབ་བརྟན་ཞིང་མི་འཛུམས་པའི་མིག་ནི། དཔེར་ན་རི་རབ་ལྷུན་པོའམ། བྲག་ཆེན་པོ་ལྟར་བརྟན་པར་བྱས་ནས་བརྟན་པའི་སྙིང་པོ་དཔྟིདྲྀཥྚི་མཊ་ཞེས་བརྗོད་ན་གདོན་དང་རིམས་ལ་སོགས་པ་སེལ་བར་འགྱུར་རོ། །སྙིང་ [275a.5]པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་རྣམས་ཀྱི་ཚིག་གི་བྱེ་བྲག་ཅེས་པ་ནི་དེ་དག་གི་དོན་ཇི་ལྟ་བུ་ཡིན་པའི་མཚན་ཉིད་ཀྱི་བྱེ་བྲག་སོ་སོར་བཤད་པའོ། །ཆོ་ག་བཞིན་དུ་ཇི་ལྟར་བཤད་པའི་མཚན་ཉིད་ཀྱང་ཞེས་པ་ནི། དེ་དག་སོ་སོའི་གཞུང་ལྟར་སྒྲུབ་བའི་ཐབས་ནི་ཆོ་ག་སྟེ། [275a.6]ཆོ་ག་དེའི་ཚུལ་གྱིས་བཟླས་བརྗོད་བྱ་བ་དང་། མཚན་ཉིད་ཀྱང་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། དེ་བཞིན་དུ་གསང་སྔགས་ཡིད་ལ་བརྗོད་པ་དང་། ཚིག་ཏུ་བརྗོད་པ་རྣམ་པ་གཉིས་སོ། །ཞེས་པ་ནི་ཚིག་གི་བྱེ་བྲག་སོ་སོར་ཕྱེ་ནས་བསྟན་པ་འདི་དག་གི་བརྗོད་ཐབས་ནི་འདི་ལྟར་རྣམ་པ་གཉིས་ [275a.7]སུ་ཤེས་པར་བྱའོ། །གང་ཞེ་ན། གསང་སྔགས་ཡིད་ལ་བརྗོད་པ་དང་། ཚིག་ཏུ་བརྗོད་པ་རྣམ་པ་གཉིས་སོ། །ཞེས་པ་འདི་ལ་ཡང་སོ་སོར་དབྱེ་བ་ཡིད་ལ་བརྗོད་པ་ལ་ཡང་རྣམ་པ་གཉིས་ཏེ། མཚན་མ་དང་བཅས་པ་དང་མཚན་མ་མེད་པའོ། །དེ་ལ་འོག་ནས་འབྱུང་བའི་མཚན་ཉིད་ཏིང་ངེ་ [275b] [275b.1]འཛིན་གྱི་ཚིག་གི་རང་བཞིན་ཞེས་པ་ནི། དབུགས་མེད་རབ་ཏུ་ཕྲ་བའི་ཚིག །ཅེས་བྱ་བ་ལ་སོགས་པ་གསུངས་པའི་མཚན་ཉིད་ནི་མཚན་མ་དང་བཅས་པའི་བཟླས་བརྗོད་དུ་རིག་པར་བྱའོ། །དེ་ལས་གཞན་པའི་ཡིད་ལ་བརྗོད་པའི་མཚན་ཉིད་ནི་མཚན་ཉིད་རྣམ་པར་སྤངས་ཏེ། ཤེས་རབ་ཀྱི་ཕ་ [275b.2]རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལས་འབྱུང་བའི་བཤད་པ་ལས་རིག་པར་བྱའོ། །ཚིག་ཏུ་བརྗོད་པ་ནི་རིགས་བཞིའི་བྱེ་བྲག་གི་ཚིག་བཞིས་ཞེས་པ་ཚིག་ཏུ་བརྗོད་པའི་བཟླས་བརྗོད་ཀྱང་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་བཞི་ཡོད་པའི་བྱེ་བྲག་གིས་དེ་དག་གི་བཟླས་པའི་ཚིག་ཀྱང་སོ་ [275b.3]སོའི་རྣམ་པར་ཕྱེ་བས་རྣམ་པ་བཞི་ཡོད་པར་ཤེས་པར་བྱ་སྟེ། རིགས་བཞིའི་བྱེ་བྲག་ཅེས་པ་ནི། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་རྣམ་པ་བཞིའི་བྱེ་བྲག་སོ་སོར་བསྟན་པའོ། །ཚིག་རྣམ་པ་བཞི་ཞེས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་བཞིར་བསྟན་པའོ། །རྣམ་པ་བཞི་ [275b.4]སྟེ་ཞེས་པ་ནི་དེ་ལྟར་རིགས་བཞི་དང་དེའི་བཟླས་པ་རྣམ་བཞིར་ཕྱེ་ནས་བསྟན་པས་ན། ཚིག་ཏུ་བརྗོད་པ་ལ་རྣམ་པ་བཞི་ཡོད་དོ་ཞེས་བསྟན་པ་སྟེ། གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ལྕེའི་ཐོག་མ་ཅུང་ཟད་གཡོ། །སོ་དང་མཆུ་ [275b.5]གཉིས་སྦྱར་ནས་སུ། །རྟོག་པ་ཐམས་ཅད་བསྒྲུབ་པར་བྱ། །རྡོ་རྗེའི་ཚིག་ནི་སྒྲ་མེད་པའོ། །ཞེས་པ་འདིའི་དོན་ནི་འདི་ལྟ་སྟེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོར་གནས་པར་བྱས་ནས་བཟླས་བརྗོད་ཀྱིས་མཉེས་པར་བྱེད་པའི་ཚེ། སོ་དང་སོར་སྦྱར། མཆུ་དང་མཆུར་སྦྱར། ལྕེའི་རྩེ་མོ་ཅུང་ཟད་ [275b.6]ཙམ་འགུལ་བས་སྔགས་ཀྱི་སྒྲ་མི་འབྱུང་བར་བཟླས་པར་བྱ་བ་ནི་རྡོ་རྗེ་ཚིག་ཅེས་བྱ་སྟེ། དེ་ནི་རྟོག་པ་ཐམས་ཅད་ལ་རིགས་པའི་མན་ངག་ཡིན་པས་ངེས་རྟོག་པ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །རྟོག་པ་ཞེས་བྱ་བའི་དོན་གང་ལ་ཤེས་པར་བྱ་སྙམ་པ་རྣམས་ཀྱི་དོན་དུ། རྟོག་པ་ཐམས་ [275b.7]ཅད་ཅེས་བྱ་བ་ཡང་འདིར་སངས་རྒྱས་དང་རྡོ་རྗེ་འཛིན་ལ་སོགས་པ་རིགས་ཐམས་ཅད་དུ་གཏོགས་པའི་ལྷའི་བྱེ་བྲག་ལ་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཞེས་པ་ནི། རྟག་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །རྡོ་རྗེ་འཛིན་པ་ཞེས་པ་ནི། རྡོ་རྗེ་སེམས་ [276a] [276a.1]དཔའ་ལ་སོགས་པ་དེའི་རིགས་ཀྱི་ཡེ་ཤེས་ཀྱི་སེམས་དཔའ་རྣམས་སོ། །རིགས་ཐམས་ཅད་དུ་གཏོགས་པའི་ལྷའི་བྱེ་བྲག་ཅེས་པ་ནི། རིགས་བཞི་ཞེས་བརྗོད་པའི་ནང་དུ་གཏོགས་པའི་ལྷ་ཐམས་ཅད་ཀྱི་བྱེ་བྲག་ལ་རྟོག་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་དོན་གྲུབ་ [276a.2]པར་བྱས་པའི་ཕྱིར་ཞེས་ཏེ། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་རྣམས་ཏེ། ཐམས་ཅད་རྣམ་པར་སྤངས་ཤིང་མི་རྟོག་པ་ཆེན་པོའི་ངང་ལ་བཞུགས་པ་ཡིན་གྱིས་ཀྱང་། སེམས་ཅན་འཁོར་བའི་དོང་དུ་བྱིང་བ་རྣམས་ལ་ཕན་གདགས་ཤིང་། དེ་དག་གི་ [276a.3]བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱིས་རང་གི་སྐུ་གསུང་ཐུགས་ཀྱི་རྣམ་པ་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ཚུལ་དུ་བརྟགས་ནས་བསྟན་ཅིང་སྣང་བར་མཛད་པའི་ཕྱིར་ན་རྟོག་པ་ཞེས་བྱའོ། །དེ་ལྟར་བསྟན་པའི་དོན་འདི་ཡང་རྒྱུད་ཉིད་ལས། [276a.4]དེ་ལ་མི་རྟོག་རྟོག་པའི་བདག །རྟོག་པ་བརྟགས་པ་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་བས་རྟོག་པ་ཞེས་བྱའོ། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། རྣམ་པར་མི་རྟོག་པ་ནི་ཆོས་ཀྱི་སྐུའོ། །རྟོག་པའི་བདག་ཅེས་པ་ནི་དེ་ལས་འགྲོ་བའི་དོན་དུ་ [276a.5]གཟུགས་ཀྱི་སྐུར་བསྟན་པའོ། །རྟོག་པས་བརྟགས་པ་ནི། སངས་རྒྱས་ལ་སོགས་པས་བརྟགས་པ་ལས་བྱུང་བའི་སྔགས་དང་ཕྱག་རྒྱར་བརྟགས་པའོ། །དེ་ལས་བྱུང་བ་ནི། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པ་འབྱུང་བའོ། །དེའི་བརྟགས་པ་ལས་ [276a.6]ཀྱང་སླར་སྔགས་དང་ཕྱག་རྒྱའི་རྣམ་པར་སྣང་བ་སྟེ། མདོར་ན་ཆོས་ཀྱི་སྐུ་ལས་ནི་གཟུགས་ཀྱི་སྐུར་བྱུང་ལ། དེ་ལས་སྔགས་དང་ཕྱག་རྒྱ་ལ་སོགས་པ་རྣམ་པར་བསྟན་པ་ལས་ཀྱང་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་རྣམས་སུ་སྣང་ལ། དེ་དག་གི་སྐུ་གསུང་ཐུགས་ [276a.7]ཀྱི་རྣམ་པ་ཡང་སྔགས་དང་ཕྱག་རྒྱ་ལ་སོགས་པར་བྱིན་གྱིས་བརླབས་ཤིང་སྣང་བར་མཛད་པས་ཀྱང་། གཏན་ཚིགས་དེ་ལྟ་བས་ན་རྟོག་པ་ཞེས་གསུངས་སོ་ཞེས་བྱའོ། །དེ་ལྟར་བསྟན་པའི་གཏན་ཚིགས་དེ་བས་ན། རྡོ་རྗེ་སེམས་དཔའ་ཉིད་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ [276b] [276b.1]ཅད་ཀྱི་རིགས་ཀྱི་ལྷ་རྣམས་སུ་གྱུར་ནས་ཞེས་པ་ནི། རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་ཀྱི་ངོ་བོར་གནས་པ་དེ་ལས་ཀྱང་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་བཞིར་བརྗོད་པ་ཐམས་ཅད་ཀྱི་ལྷ་རྣམས་བྱུང་ནས། སེམས་ཅན་རྣམས་ཀྱི་སྐལ་བ་ཇི་ལྟ་བ་བཞིན་དུ་འདུལ་བའི་དབང་གིས་དེ་ལྟ་བུའི་ [276b.2]ཆ་ལུགས་དང་ཚུལ་ཐ་དད་པ་འཛིན་པ་ལྟ་བུར་གནས་པར་སྣང་སྟེ། གཏན་ཚིགས་དེ་ལྟ་བས་ན། དེ་བཞིན་གཤེགས་པ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་རྣམས་ལ་ཐམས་ཅད་ལ་རྟོག་པ་ཞེས་བྱ་བའི་སྒྲར་ [276b.3]བརྗོད་པར་ངེས་སོ་ཞེས་པ་སྟན་ཏོ། །དེ་ལ་གནས་ཞེས་པ་ནི་དེ་ལྟ་བུའི་ཚུལ་དུ་བཞུགས་ཞེས་བྱའོ། །ཐམས་ཅད་ཅེས་པ་ནི་མ་ལུས་པའི་དོན་ཏོ། །དེ་བས་ན་རྡོ་རྗེའི་ཚིག་ནི་ལྷ་ཐམས་ཅད་ཀྱི་སྤྱིའི་ཡིན་ནོ་ཞེས་བསྟན་ཏོ་ཞེས་པ་དེ་ལྟར་ལྷ་ཐམས་ཅད་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་དེ་ལས་ [276b.4]བྱུང་བས་ན། ལྷ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཁོ་ནའི་རང་བཞིན་ཡིན་པའི་ཕྱིར་ན། རྡོ་རྗེའི་ཚིག་བཟླས་བརྗོད་བྱ་བ་དང་། ལྷ་ཐམས་ཅད་ཀྱི་སྤྱི་ཐུན་མོང་དུ་གྱུར་པ་ཡིན་ནོ་ཞེས་བསྟན་ཏོ། །དེའི་རིགས་ཐམས་ཅད་ཀྱི་སྤྱི་རྒྱུད་བསྟན་པ་ལས་ཀྱང་ཞེས་པ་ནི། འདི་ཡང་གོང་མ་ལྟར་བསྟན་པ་འགལ་ [276b.5]བ་མེད་པའི་གཏན་ཚིགས་ཀྱི་དོན་དུ་གསུངས་པ་སྟེ། རིགས་གཅིག་དང་། བཞི་དང་། ལྔ་དང་། བཅུ་བདུན་དང་། ཉི་ཤུ་རྩ་གཅིག་དང་། བརྒྱ་ལ་སོགས་པར་བསྟན་པ་ལས་འདི་ལྟར་འབྱུང་སྟེ་གང་ཞེ་ན། ཕྱག་རྒྱ་ཆེན་པོར་སྦྱོར་བ་ནི། །རང་གི་སེམས་དཔའི་ཏིང་འཛིན་གྱི། །རྡོ་རྗེ་ཚིག་ [276b.6]དང་ལྟ་བ་ཡི། །དངོས་གྲུབ་མཆོག་ནི་མྱུར་དུ་ཐོབ། །ཅེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། །ཕྱག་རྒྱ་ཆེན་པོར་སྦྱོར་བ་ནི། །རང་གི་དམ་ཚིག་སེམས་དཔའ་ཏིང་ངེ་འཛིན་དུ་གནས་པ་སྟེ། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་དང་ལྡན་པའོ། །དངོས་སུ་རང་གི་སེམས་དཔའི་ཏིང་ངེ་འཛིན་གྱིས་ [276b.7]ཞེས་བྱ་བ་འདི་ལྟ་སྟེ། རང་བསྒྲུབ་ཅིང་མོས་པའི་སེམས་དཔའི་ཏིང་ངེ་འཛིན་དུ་གནས་ནས་རྡོ་རྗེ་ལྟ་བ་དང་། རྡོ་རྗེ་ཚིག་ཏུ་ལྡན་པའི་བཟླས་བརྗོད་བྱེད་པ་ཡིས། །དངོས་གྲུབ་མཆོག་ཅེས་པ་གང་སྒྲུབ་པར་བྱེད་པ་དེ་ནི་དངོས་གྲུབ་མཆོག་ཅེས་བྱ་སྟེ། དེ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་གསུངས་ [277a] [277a.1]སོ། །འདིར་ཡང་དེ་བཞིན་གཤེགས་པའི་རིགས་ལ་ཚིག་གཞན་འདིར་མ་བསྟན་པས་ཞེས་པ་ནི། རྩ་བའི་རྒྱུད་དེ་ཁོ་ན་ཉིད་བསྡུས་པ་འདིར་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་བཟླས་བརྗོད་ཀྱི་ཚིག་གཞན་འདི་ལྟར་བྱའོ་ཞེས་ཁྱད་པར་དུ་མ་བསྟན་པས་རྡོ་རྗེ་ཚིག་ཅེས་བརྗོད་པ་དེ་དང་སྦྱར་ [277a.2]ལ་བཟླས་བརྗོད་བྱའོ་ཞེས་བསྟན་ཏོ། །དེ་ལས་གཞན་པའི་རིགས་རྣམས་ལ་ནི། །ཞེས་པ་ནི། རྡོ་རྗེ་དང་། པདྨ་དང་། ལས་ཀྱི་རིགས་ཏེ་རིགས་ལྷག་མ་དེ་གསུམ་ལ་ནི། རྡོ་རྗེ་ཚིག་ཅེས་བཟླས་བརྗོད་དང་འདིར་ལས་གཞན་པའི་བཟླས་པའི་ཚིག་བྱེ་བྲག་མི་མཐུན་པར་གླེང་བ་འོག་ནས་འབྱུང་བའི་ [277a.3]མཚན་ཉིད་ཀྱིས་བཟླས་བརྗོད་བྱའོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་རང་གི་རིགས་སྤྱིའི་ཆོས་དང་འབྲེལ་ཅིང་བྱེ་བྲག་ཏུ་མ་བསྟན་པས་ཞེས་པ། དེ་བཞིན་གཤེགས་པ་རྣམས་ཀྱི་བཟླས་བརྗོད་གུད་དུ་ཕྱེ་ནས་མ་བསྟན་པ་ཡང་དེ་བཞིན་གཤེགས་པའི་ལྷ་རྣམས་འབྲེལ་པའི་ [277a.4]ཕྱིར་རྡོ་རྗེ་ཚིག་ཁོ་ནས་གཉི་གའི་བྱ་བར་བཤད་དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་ནི་ཐ་དད་པ་མ་ཡིན་ཞིང་དབྱེར་མེད་པའི་ཕྱིར་ན་སོ་སོར་མ་ཕྱེ་ཞེའོ། །དེ་བས་ན་དེ་བཞིན་གཤེགས་པ་དང་བཅས་པའི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཏེ་ཞེས་པ་དེ་དག་དེ་ལས་བྱུང་བའི་ཐ་དད་པ་མ་ཡིན་ [277a.5]པའི་གཏན་ཚིགས་ཀྱིས་ནི། དེ་བཞིན་གཤེགས་པ་དང་དེ་ལས་བྱུང་བའི་སེམས་དཔར་བཅས་པའི་རིགས་ནི། གཉི་ག་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དང་། དེ་ལས་བྱུང་བའི་རིགས་རྣམས་ཐ་མི་དད་པས་ན། དེ་དེ་བཞིན་གཤེགས་པའི་ [277a.6]རིགས་ཞེས་བཤད་པར་བྱ་སྟེ། འོ་ཞེས་པའི་སྒྲས་གཞན་དུ་རྣམ་པར་དབྱེ་བར་མི་བྱའོ་ཞེས་བསྟན་ཏོ། །དེ་བས་རིགས་ཞེས་བྱ་བའི་སྒྲར་བྱེ་བྲག་ཏུ་མ་ཕྱེ་ཡང་ཞེས་པ། དེ་བཞིན་གཤེགས་པ་རྣམས་ཤེས་བྱའི་སྒྲར་ཕྱེ་ནས་མ་བརྗོད་ཀྱང་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་ [277a.7]པའི་རིགས་རྣམས་མི་འབྲེལ་པ་མ་ཡིན་པས་ན་ཉེ་བར་གྱུར་པ་ཉིད་ཀྱི་ཕྱིར་གཅིག་ཏུ་གཟུང་བར་བྱའོ། །དེ་ལྟར་ན་ཏ་ཐཱ་ཡང་ཚིག་གིས་བསྐུལ་པ་ཉིད་ཀྱིས། རྡོ་རྗེ་ཚིག་དང་འབྲེལ་ཞེས་པ་ནི། དེ་བཞིན་གཤེགས་པའི་རིགས་ཞེས་བརྗོད་པ་ནི་བསྐུལ་པ་སྟེ། དེ་སྐད་བརྗོད་པ་དང་། དེ་ [277b] [277b.1]བཞིན་གཤེགས་པའི་རིགས་དེ་ལས་དེ་བཞིན་གཤེགས་པ་ཡང་གཞན་མ་ཡིན་པས་ན། རྡོ་རྗེ་ཚིག་གིས་བྱ་ཞེས་བརྗོད་པ་དང་འབྲེལ་པའི་ཕྱིར་འདི་ལྟར་བསྟན་པར་བྱས་པར་འགྱུར་རོ། །གཞན་དག་ལས་ཞེས་པ་རྒྱུད་གཞན་དག་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོ་ངག་གི་ཏིང་ངེ་ [277b.2]འཛིན་གྱི་ཚིག་རྡོ་རྗེ་ཚིག་ཅེས་འབྱུང་བས་དེ་ལས་དཔགས་ན་བདེ་བར་གཤེགས་པ་རྣམས་ཀྱི་ཚིག་གཞན་རྣམས་ཀྱང་ཡོད་པར་མངོན་ཏེ། ཇི་ལྟར་ཞེ་ན། ལྡེམ་པོ་དག་ཅེས་གསུངས་པས་ན། ལྡེམ་པོ་དག་མ་ཡིན་པའི་ཚིག་ཀྱང་ཡོད་པར་མངོན་ལ། དེ་བཞིན་གཤེགས་པ་ལས་གསུང་ [277b.3]མཐའ་ཡས་བསམ་གྱིས་མི་ཁྱབ་པ་མངའ་བའི་ཕྱིར་རོ། །ཚུལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་ཀྱི་ཡང་རྒྱུད་གཞན་ལས་གོང་དུ་བསྟན་པའི་བྱེ་བྲག་དེ་ལྟ་བུའི་སྔགས་བཟླས་བརྗོད་བྱ་བའི་ཚིག་རྗེས་སུ་མཐུན་པའི་ཚིག་གཞན་དུ་བྱེ་བྲག་ཏུ་ཕྱེ་ནས་གསུངས་པ་ཡོད་དེ་གང་ཞེ་ན། རྔ་ལྟར་ [277b.4]ཟབ་པའི་སྒྲ་འབྱིན་པ། །དེ་བཞིན་གཤེགས་པའི་རིགས་སུ་བཤད། །ཅེས་བྱ་བ་དག་སྟེ། དེའི་དོན་ཡང་འདི་ལྟ་སྟེ། ཇི་ལྟར་རྔ་ནི་གྲག་པ་དང་། འབེར་ཆེ་བ་དང་། གསལ་བ་ཡིན་པ་དང་། འདིའི་ཚུལ་དུ་བསྒོམ་པའི་ཕྱག་རྒྱའི་སེམས་དཔས་ཀྱང་ལྕེ་དང་། མཆུ་དང་སོ་དང་། རྐན་ [277b.5]རྣམས་ལ་སྒྲ་གྲག་པ་དང་། ཆེ་བ་དང་། གསལ་བར་བཟླས་བརྗོད་བྱེད་པའི་མཚན་ཉིད་ལ་ནི། འདི་ལྟར་བརྗོད་དོ། །ཚུལ་འདི་བཞིན་དུ་བཅོམ་ལྡན་འདས་རབ་ཏུ་དགའ་བའི་བསྒོམ་པ་གཙོར་བྱེད་པ་ལ་ཡང་རྒྱུད་གཞན་དུ་རྡོ་རྗེ་སེམས་དཔའི་སྔགས་ཧཱུྃ་ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་ [277b.6]བསྒོམ་པའི་ཕྱིར་དེའི་ཚིག་གི་མཚན་ཉིད་གསུངས་པ། སྣ་གླུ་རུ་ནི་གླུ་ཀུན་གྱིས། །གསང་བ་རབ་ཏུ་དགའ་བའི་ཚིག། །ཅེས་བྱ་བ་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། གླུའི་གནས་སྣ་ནས་འབྱུང་བའི་ཚིག་བརྗོད་པ་ནི། རྡོ་རྗེ་སེམས་དཔའ་རབ་ཏུ་དགའ་བར་བྱེད་པའི་ཚུལ་ཚིག་སྟེ། [277b.7]ཐམས་ཅད་ཐུན་མི་མོང་བ་དང་། ཕལ་གྱིས་ཤེས་པ་དང་། རྟོགས་པར་ནུས་པའི་ཡུལ་མ་ཡིན་པས་ན་གསང་བ་ཞེས་བྱའོ་ཞེས་བསྟན་ཏོ། །དེའི་གཏན་ཚིགས་བསྣན་ཏེ་གསུངས་པ། གླུ་སྣ་འདྲེན་མ་ལ་སོགས་པ། །གླུ་རྣམས་ཀྱིས་ནི་ཅི་དགའ་བར། །རྡོ་རྗེ་དགའ་བའི་ཚིག་གིས་ནི། །གླུ་ [278a] [278a.1]མཁན་དང་པོས་བླང་བར་བྱའོ། །ཞེས་བྱ་བ་དག་གསུངས་ཏེ། སྣ་ནས་འབྱུང་བའི་གླུ་ནི་སྣ་གླུ་ཞེས་བྱ་སྟེ། འདྲེན་མ་ཞེས་སྨོས་པས་ནི། ངག་ནས་འབྱུང་བ་དང་འདྲེན་མར་བྱ་བ་ཡང་རུང་བར་བཤད་དེ། སོགས་ཀྱི་སྒྲས་ནི་ཤད་པ་དང་། བྷན་ག་དྷ་ར་དང་། དྲུག་ལྡན་ལ་སོགས་པའི་ [278a.2]གླུའི་རིགས་རྣམས་བསྡུ་བར་བྱའོ། །གླུ་རྣམས་ཀྱིས་ནི་ཅི་དགའ་བར། །ཞེས་པ་ནི། གླུའི་རྣམ་གྲངས་གང་འདོད་པ་རྣམས་ཀྱིས་ཇི་ལྟར་དགའ་བ་བཞིན་དུ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བའི་གླུའི་ཚིག་གིས། ཧཱུཾ་ཞེས་པས་མགོ་དྲངས་ལ་བླང་བར་བྱའོ། །གླུ་མཁན་དང་པོ་ཞེས་པའི་ཚིག་འདི་ཉིད་ [278a.3]རྒྱུད་གཞན་དག་ལས་ནི་གླུའི་ཚིག་ཅེས་གོང་མ་དང་མི་མཐུན་པའི་ཐ་སྙད་དུ་འབྱུང་སྟེ་ཅི་སྐད་ཅེ་ན། འདྲེན་མ་ལ་སོགས་དང་པོའི་རྣམས། །བླངས་ནས་གླུ་ཡི་ཚིག་ཅེས་བསྒྲགས། །ཞེས་འབྱུང་སྟེ། འདྲེན་མ་ལ་སོགས་པའི་གླུའི་རིགས་ཇི་སྙེད་པ་རྣམས་ཇི་ལྟ་བ་བཞིན་དུ་བླངས་ན། དེའི་མཚན་ཉིད་ [278a.4]ལ་ནི་གླུའི་ཚིག་ཅེས་ཀུན་དུ་བསྒྲགས་ཤེའོ། །བྱེ་བྲག་ཏུ་བྱ་ན་ཁྱད་པར་དུ་ཡང་གནས་སྐབས་འདིར་ཕྱག་ན་རྡོ་རྗེའི་གླུ་བཟླས་པར་བྱ་བར་བསྟན་ཏོ། །རྡོ་རྗེའི་རིགས་ལས་བཟླས་བརྗོད་བྱེད་པ་རྣམས་ཀྱི་བཟླས་བརྗོད་ཀྱི་ཚིག་གི་མཚན་ཉིད་ཇི་ལྟར་ཡིན་པའི་ཁྱད་པར་བཤད་ཟིན་ཏོ། །པདྨའི་རིགས་ [278a.5]ལ་ནི་ཞེས་པ་པདྨའི་རིགས་བཟླས་བརྗོད་བྱ་བ་ནི། དབུགས་མེད་རབ་ཏུ་ཕྲ་བའི་ཚིག །རབ་ཏུ་ཡོངས་སུ་གསལ་བ་སྟེ། །བཟླས་བརྗོད་ཐམས་ཅད་དེ་བཞིན་འགྲུབ། །ཏིང་འཛིན་ཡེ་ཤེས་ལས་བྱུང་བའོ། །ཞེས་གསུངས་ཏེ། རྒྱུད་གཞན་དག་ལས་སྒྲ་མེད་པའི་ཏིང་ངེ་འཛིན་གྱི་ཚིག་ནི་པདྨའི་ [278a.6]རིགས་ཀྱི་ཡིན་ནོ་ཞེས་བཤད་པས་འདིར་ཡང་དེ་བཞིན་དུ་སྦྱར་རོ། །ར་ཏ་ན་ཀུ་ལའི་བཟླས་བརྗོད་བྱ་བ་ནི། །རབ་ཏུ་གསལ་བའི་ཚིག་གིས་ནི། །ཕྱག་འཚལ་བ་ལ་འདུན་པ་ཡི། །ཆོ་ག་འདི་ཡི་བཟླས་པ་ནི། །སྒྲ་ཡི་ཚིག་ཅེས་ཀུན་དུ་གྲག །ཅེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། བཟླས་པའི་ [278a.7]མགོ་དང་། སྐབས་སྐབས་སུ་ཕྱག་འཚལ་བའི་ཡི་གེ་གཞུག་ཅིང་དེའི་ཆོ་ག་འདུན་པ་དང་བཅས་པར་བྱ་ཞིང་། ཚིག་གསལ་ཞིང་ཟུར་ཕྱིན་ལ་གཞན་གྱིས་མི་ཐོས་པ་ཙམ་དུ་བཟླས་པར་ཏ་ན་ཀུ་ལའི་བཟླས་པ་སྟེ། འདི་ལ་ནི་སྒྲའི་ཚིག་ཅེས་ཀྱང་རབ་ཏུ་གྲག་ཅེའོ། །རྡོ་རྗེ་ལ་སོགས་པའི་རིགས་ཀྱི་ [278b] [278b.1]བདག་པོ་ཞེས་པ་ནི། དེ་བཞིན་གཤེགས་པ་དག་སྟེ། སོགས་ཀྱི་སྒྲས་པདྨ་དང་། ལས་ཀྱི་རིགས་དང་། རིགས་དག་བསྡུས་ན་རིགས་བཞིར་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་སྨོས་པ་ཡིན་ཏེ། དེ་དག་རང་རང་གི་རིགས་ལ་དབང་བྱེད་པས་ན། རིགས་ཀྱི་བདག་པོ་ཞེས་བྱ་སྟེ། རྡོ་རྗེ་ལ་ [278b.2]སོགས་པའི་རིགས་ཀྱི་བདག་པོ་རྣམས་ཀྱི་བཟླས་པ་འདིར་གསལ་བར་མི་སྨོས་ཀྱང་། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་རིགས་དང་དབྱེར་མེད་ཅིང་གཅིག་ཏུ་བསྡུས་པ་ལྟར་འདིར་ཡང་སོ་སོ་རང་གི་རིགས་ཀྱི་བཟླས་བརྗོད་ཀྱི་ཚིག་ཉིད་ཀྱི་ནང་དུ་རང་གི་རིགས་ཀྱི་བདག་པོ་རྣམས་ཀྱི་ [278b.3]བཟླས་བརྗོད་ཀྱང་འདུས་པར་ཤེས་པར་བྱ་སྟེ། རིགས་སོ་སོ་དང་། རིགས་ཀྱི་བདག་པོའི་ལྷའི་བརྗོད་པའི་ལྷའི་བྱེ་བྲག་ཏུ་ཕྱེ་བ་ཡོངས་སུ་གཟུང་བ་ལས་སོ་སོའི་བཟླས་བརྗོད་ཀྱི་ཚིག་གི་བྱེ་བྲག་རྣམས་ཤེས་པར་བྱ་སྟེ། རང་གི་ལྷ་གང་ཡིན་པའི་རིགས་དེའི་ཚིག་གིས་བཟླས་བརྗོད་བྱ་བར་བསྟན་ཏེ། [278b.4]རིགས་དང་བཟླས་བརྗོད་ཀྱི་བྱེ་བྲག་རྣམས་ཇི་ལྟ་བ་བཞིན་དུ་སྦྱར་བར་རིག་པར་བྱའོ། །དེ་ལྟར་རྒྱུད་གཞན་ལས་གྲགས་པ་བཞིར་ལས་ཞེས་པ་ནི། དེ་ལྟར་རྒྱུད་གཞན་ལས་གྲགས་པའི་བཟླས་བརྗོད་ཀྱི་ཐབས་བཞི་གསུངས་པ། དེ་ལས་ལྷག་པའི་ཚིག་གི་བྱེ་བྲག་མང་དུ་སྟོན་པ་རྣམས་ཀྱི་དེ་ཁོ་ན་ཉིད་ [278b.5]བསྡུས་པའི་ཚུལ་འདིར་གསུངས་པའི་རིགས་བཞིའི་ཚུལ་དུ་བསྟན་པའི་ནང་དུ་གཏོགས་ཤིང་འདུས་ཏེ། བཟླས་པའི་ཚིག་རྣམ་པ་བཞིའི་གྲངས་སུ་བསྟན་པའི་ཕྱིར་བཟླས་བརྗོད་ཀྱི་ཐབས་དེས་བསྒྲུབ་པའི་བཟླས་བརྗོད་བྱ་བ་ཡང་རྣམ་པ་བཞིར་བཤད་དེ་ཅིའི་ཕྱིར་ཞེ་ན། རྒྱུད་འདི་ནི་སྦྱོར་བའི་ [278b.6]རྒྱུད་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་པས་ན། འདི་ལས་ནི་རིགས་བཞི་དང་། དཀྱིལ་འཁོར་བཞི་དང་། ལས་བཞི་ལ་སོགས་པར་བསྟན་པས་ན། གཞན་ལས་དེ་བས་མང་བ་དང་། ཉུང་བར་བྱེད་པའི་ཆོ་ག་དག་འབྱུང་ན་ཡང་། དེ་དག་འདིར་བསྟན་པ་འདི་ཁོ་ནར་འདུས་པར་རིག་པར་བྱའོ། ། [278b.7]འདིར་ཡང་ཁྲོ་བོ་དང་ཕྲ་བ་དང་སྒྲའི་ཚིག་རྣམས་ཞེས་པ། ཁྲོ་བོའི་བཟླས་པ་དང་། པདྨའི་རིགས་ལས་བཟླས་པ་དང་། དེ་ལྟར་བྱེ་བྲག་ཏུ་བྱས་པའི་སྒྲའི་ཚིག་ནི་སྒྲའི་ཚིག་རྣམས་ཏེ། འདི་ལྟར་བསྟན་པའི་སྒྲའི་ཚིག་འདི་རྣམས་ཀྱིས་ནི། རྡོ་རྗེའི་རིགས་དང་། རིན་པོ་ཆེ་དང་། པདྨའི་རིགས་ [279a] [279a.1]ལ་སྦྱར་ནས་བཟླས་བརྗོད་བྱས་ན། གང་བསྒྲུབ་པ་དེ་མྱུར་དུ་འགྲུབ་པར་འགྱུར་བར་འདིར་ཁྱད་པར་དུ་བཀོད་དེ་བཀོད་ཅེས་པ་ནི། རིམ་པར་ཕྱེ་ནས་གསལ་བར་བསྟན་པའི་ཐ་ཚིག་གོ། །རྡོ་རྗེའི་ཚིག་ནི་རིགས་རྣམས་གང་ལ་སྦྱར་ན་ཡང་ཐུན་མོང་བས་ཉེས་པ་མེད་དོ། །ཅིའི་ཕྱིར་ [279a.2]ཞེ་ན། དེ་ཡོན་ཏན་ཁྱད་པར་མེད་དེ་མཚུངས་པར་ཐོབ་པའི་ཕྱིར་རོ། །རྡོ་རྗེའི་བཟླས་པ་དེ་བས་ཀྱང་ཡིད་ཀྱི་བཟླས་པ་ལྷག་པར་རམ། རབ་ཏུ་རིགས་ཀུན་དང་ཐུན་མོང་པ་སྟེ། ཅིའི་ཕྱིར་ཞེ་ན། འདིའི་བཟླས་པའི་ཐབས་ཞེས་རིགས་གར་གཏོགས་པའི་ཁྱད་པར་མ་བཤད་པའི་ཕྱིར་རོ། ། [279a.3]དེ་བཞིན་དུ་ཡང་ཚུལ་གཞན་ལས་ཞེས་པ། དོན་དེ་ལྟར་གསུངས་པ་དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། ཡིད་ཀྱིས་སུ་ནི་བཟླས་པ་བྱས། །གལ་ཏེ་ཡང་ན་ཤུ་བུར་བཟླས། །ཞེས་གསུངས་ཏེ། རྒྱུད་འདི་ལས་ནི་བཟླས་པ་རྣམ་པ་གཉིས་སུ་བསྟན་ [279a.4]ཏེ། ཡིད་ཀྱིས་བཟླས་པ་དང་། ཤུ་བུར་བཟླས་པ་གཉིས་བསྟན་པས་རིགས་ཐམས་ཅད་ལ་སྦྱར་བར་གསུངས་སོ། །སྤྱིར་བཤད་ཅེས་པ་ནི། རིགས་ཀུན་གྱི་ཐུན་མོང་དུ་བཤད་ཅེས་པའི་དོན་ཏོ། །དེ་ཡང་མཚན་ཉིད་འདིར་མ་གསུངས་ཀྱང་ཞེས་པ་ནི། ཕྱག་རྒྱ་བཞི་དང་ལྡན་ [279a.5]པར་བསྒོམས་ནས། སོ་སོའི་སྙིང་པོ་རྣམས་ཡིད་ཀྱིས་བཟླས་པས་དངོས་གྲུབ་ཐོབ་པར་འགྱུར་བར་དེ་ལྟར་བྱ་ཞིང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་འདིར་མ་གསུངས་ཀྱང་། རྒྱུད་གཞན་ལས་གསལ་བར་འབྱུང་བས། དོན་གྱིས་ཚུལ་དེ་བཞིན་དུ་བྱ་བར་རིག་པར་བྱའོ། ། [279a.6]གང་གི་ཕྱིར་ཞེས་པ་དགོས་པ་གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་གསལ་བར་བསྒོམ་པ་དེའི་ཚེ། ཇི་སྐད་དུ་ཞེས་པ་ནི། ཇི་སྐད་དུ་རྒྱུད་ལས་གསུངས་པའི་རྡོ་རྗེ་བཟླས་པ་ལ་སོགས་པའི་ཐབས་ཀྱི་ཚིག་བསྟན་པའི་བྱེ་བྲག་རྣམས་ཀྱིས་ལྷ་གང་བསྒོམ་པའི་སོ་སོའི་རང་གི་སྙིང་པོ་རྣམས་བརྗོད་པར་བྱ་བ་ཞེས་ [279a.7]བསྟན་པའི་ཞོར་གྱིས། རྒྱུད་ལས་ཇི་སྐད་དུ་གསུངས་པའི་སྔགས་ཀྱི་ཚིག་དེ་དག་ལ་གུ་གུ་དང་ཞབས་སྐྱེད་དང་། ཚིག་དྲག་དང་། དབྱུག་པ་དང་། ན་རོ་དང་། རིང་ཐུང་ལ་སོགས་པ་ཡང་གསལ་ཞིང་ཟུར་ཕྱིན་པ་དང་། དེ་ལ་ཞེན་པའི་ནི་གཅིག་ཁོ་ནར་གནས་པར་བསྒོམ་པར་བྱའོ། །གཞན་ [279b] [279b.1]དུ་མི་གཡེང་བར་བྱ་སྟེ། དེ་ལྟར་གནས་པ་དེའི་སེམས་ལ་ནི་དེ་ལས་གཞན་པ་མི་མཐུན་པའི་དངོས་པོ་གཞན་དག་ཅུང་ཟད་ཙམ་ཡང་འབྱུང་བར་མི་འགྱུར་ན་རགས་པར་གྱུར་པ་དག་རབ་ཏུ་གསལ་བར་ལྟ་ག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས་དགོངས་སོ་ཞེས་བཤད་དོ། །རྒོལ་བ་པ་ན་རེ། ཅིའི་ [279b.2]ཕྱིར་རིགས་སོ་སོའི་བཟླས་བརྗོད་བྱ་བའི་ཐབས་རྣམས་བྱེ་བྲག་ཏུ་ཕྱེ་ནས་སྨོས་ཤེ་ན། གང་ཡང་རིགས་ཀྱི་བྱེ་བྲག་ལས། ཚིག་གི་མཚན་ཉིད་རྣམ་པ་བཞིར་ཕྱེ་ནས་གསུངས་པ་འདི་ནི་དངོས་གྲུབ་སྒྲུབ་པས་བཟླས་པར་བྱ་བའི་སྐབས་སུ་གཅེས་པར་གཙོར་བསྟན་པར་རིག་པར་བྱའོ། །གང་གི་ཚེ་རྣལ་ [279b.3]འབྱོར་གྱི་ཚུལ་གཞན་ལས་གསུངས་པའི་མཚན་ཉིད་ཅེས་པ། གང་གི་ཚེ་རྒྱུད་གཞན་དུ་གསུངས་པའི་ཏིང་ངེ་འཛིན་གྱི་ཚིག་ཅེས་འབྱུང་བ་དེ་འདིར་གསུངས་པའི་རྡོ་རྗེ་ཚིག་ཡིན་ནོ་ཞེས་དེ་གཉིས་ཐ་མི་དད་པར་སྦྱར་ན། དེ་ལྟར་སྦྱར་བ་དེའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིད་ཀྱི་བཟླས་ [279b.4]བརྗོད་དུ་བཤད་པར་རིག་པར་བྱའོ། །ཇི་ལྟར་དེ་བཞིན་དུ་སྦྱར་ཞེ་ན། སེམས་མཉམ་པར་གཞག་པའི་ཏིང་ངེ་འཛིན་གྱི་ཚིག་ནི། ནང་གི་བརྗོད་པ་ཉིད་དུ་རྣལ་འབྱོར་ལ་མཁས་པའི་སློབ་དཔོན་རྣམས་འཆད་དོ་ཞེའོ། །དེ་བས་ན་ཨཱ་ཙརྱས་ཀྱང་། །རྒྱལ་བ་རྣམས་ཀྱི་ཡིད་ཀྱིས་བཤད། ། [279b.5]ཚིག་ཏུ་དེ་ཡི་རིགས་ལ་སོགས། །རྡོ་རྗེ་ཁྲོ་བོ་སྒྲ་ཆུང་བའི། །ཚིག་རྣམས་ཀྱིས་ནི་ཕལ་ཆེར་བཟླས། །ཞེས་བྱ་བ་གསུངས་ཏེ། དེས་ནི་བསྡུས་ནས་ཚིགས་སུ་བཅད་པར་བསྟན་པའོ། །དེའི་དོན་ཡང་འདི་ལྟ་སྟེ། རྒྱལ་བའི་རིགས་རྣམས་ནི་ཏིང་ངེ་འཛིན་གྱི་བཟླས་པར་བྱ། དེ་བཞིན་གཤེགས་ [279b.6]པའི་རིགས་ཀྱི་ནི་རྡོ་རྗེ་ཚིག་གིས་བཟླས་པར་བྱ་སྟེ། ཐབས་དེ་གཉིས་ཐ་དད་པ་མ་ཡིན་པར་འདོད་དོ། །རྡོ་རྗེའི་རིགས་རྣམས་ལ་ནི་སྒྲ་གྲག་པ་ཙམ་དུ་བཟླས། རིགས་ཕལ་རྣམས་ལ་ནི་ཉན་ན་རྣ་བས་ཐོས་པ་ཙམ་དུ་བཟླས་ཏེ། འདི་ལྟར་བསྟན་པ་ཡང་གོང་དུ་རྒྱས་པར་སྨོས་པ་རྣམས་ [279b.7]མདོར་བསྡུས་ཏེ། བསྟན་པའི་ཚིག་ཏུ་རིག་པར་བྱའོ། །རྣལ་འབྱོར་པ་རྣམས་ཀྱི་ཚིག་གི་ཡུལ་གྱི་བྱེ་བྲག་ཅེས་པ་ནི། ཚིག་གི་དོན་གང་ལ་དམིགས་པ་དེ་ཉིད་ཚིག་གི་ཡུལ་ཏེ། དེའི་བྱེ་བྲག་ནི་མི་མཐུན་པར་སྟོན་པ་དག་གསལ་བར་བྱེད་པའོ། །དེ་བས་ན་རྣལ་འབྱོར་པ་རྣམས་ཀྱི་ཚིག་ [280a] [280a.1]གི་ཡུལ་གྱི་བྱེ་བྲག་རྣམས་ཞེས་བྱ་སྟེ། བཤད་ཟིན་ཏོ་ཞེས་པ་ནི། གོ་བར་བྱས་ཟིན་པའི་དོན་ཏོ། །དེ་ལྟར་ལུས་ཀྱི་འདུག་སྟངས་ཇི་ལྟར་བྱ་བ་དང་། ཚིག་གི་བཟླས་པ་ཇི་ལྟར་བྱ་བའི་ཐབས་བཤད་ནས། ད་ནི་ཡིད་ཀྱི་བསམ་པ་ཇི་ལྟར་བྱ་བའི་ཐབས་དང་མཚན་ཉིད་བསྟན་པའི་ཕྱིར་ [280a.2]ན། ཡིད་ཀྱི་བྱེ་བྲག་ཀྱང་རེ་ཞིག་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེ་ན། འདོད་པ་ལ་སོགས་བདེ་བ་ཀུན། །རྟག་ཏུ་བདག་གི་སྙིང་ལ་གནས། །ཨེ་མའོ་སེམས་ཅན་དོན་ཞེས་པ། །གང་ཕྱིར་ཆགས་དང་བྲལ་བའང་ཆགས། །ཞེས་བྱ་བ་དག་སྟེ། [280a.3]དེའི་དོན་ཡང་འདི་ལྟ་སྟེ། འདོད་པ་ཞེས་བྱ་བ་ནི། དོན་དུ་གཉེར་ཞིང་ཐོབ་པར་བྱ་བའི་ཡུལ་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཏེ། དེ་ནི་སིམ་པ་དང་བདེ་བ་ཀུན་གྱི་ངོ་བོར་གྱུར་པ་ཡིན་པས་སོ། །དེ་ལྟ་བུ་དེ་དག་གང་ལས་བཙལ་བར་བྱ་བ་ཡིན་ཞེ་ན། རྟག་ [280a.4]ཏུ་རང་གི་སྙིང་ལ་གནས། །ཞེས་གསུངས་ཏེ། དེ་ནི་དོན་དམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་རྫོབ་ཐུགས་རྗེ་ཆེན་པོ་འབྱུང་བའི་རྒྱུ་ཐུགས་ཡེ་ཤེས་ཆེན་པོའི་བདག་ཉིད་ཏིང་ངེ་འཛིན་གྱི་ངོ་བོ་བས་ན། རང་གི་སྙིང་ལ་གནས་ཞེས་གསུངས་སོ། །དེའི་ཡོན་ཏན་གྱི་རྣམ་པ་ཇི་ལྟ་བུ་ཞེ་ན། [280a.5]ཨེ་མའོ་སེམས་ཅན་དོན་ཞེས་པ། །གང་ཕྱིར་ཆགས་དང་བྲལ་བའང་ཆགས། །ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་མཐར་ཕྱིན་པར་མཛད་ཅིང་། ཀུན་གྱི་དམ་པར་གྱུར་པ་དང་། ཁམས་གསུམ་པའི་འདོད་ཆགས་ཐམས་ཅད་དང་བྲལ་ནའང་སེམས་ཅན་ཐམས་ [280a.6]ཅད་བདེ་བར་བྱ་བའི་ཕྱིར་དེའི་དོན་ལ་ཐུགས་བརྩེ་བས་ཆགས་པར་མཛད་པ་སྟེ། དེ་ལྟ་བུའོ་ཞེས་བསྟན་ཏོ། །རྒྱལ་བའི་རིགས་ལ་ནི། འདོད་པ་གཅོམ་ལྡན་རྟག་པ་སྟེ། །སེམས་ཅན་ཀུན་ལ་བདེ་བ་སྩོལ། །རྡོ་རྗེ་སེམས་དཔའ་ཉིད་བདག་ཅེས། །བསྒོམས་ན་གྲུབ་པ་ཉིད་དུ་འགྱུར། །ཞེས་ [280a.7]བྱ་བ་དག་སྟེ། དེའི་དོན་ཡང་འདི་ལྟ་སྟེ། འདོད་པ་བྱང་ཆུབ་ཀྱི་སེམས་ནི་བཅོམ་པ་དང་ལྡན་པའི་དོན་དང་འགྲོགས་པ་ཡང་ཡིན་ལ། ཐོག་མ་དང་ཐ་མ་མེད་པའི་བར་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པ་ལས་གཞན་དུ་མི་འགྱུར་བས་ན་རྟག་པ་ཞེས་བྱའོ། །དེའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། [280b] [280b.1]སེམས་ཅན་ཀུན་ལ་བདེ་བ་སྩོལ། །ཞེས་བྱ་སྟེ། སྡུག་བསྔལ་ཐམས་ཅད་སེལ་བར་བྱེད། །ཅེས་པའི་ཡོན་ཏན་དང་ལྡན་པའོ། །དངོས་གང་ཞེ་ན། རྡོ་རྗེ་སེམས་དཔའ་བདག་ཉིད་ཅེས། །ཞེས་བྱ་སྟེ། བདག་ཉིད་ཆེན་པོ་རྡོ་རྗེ་སེམས་དཔའ་སྟེ། དེ་དང་བདག་ཉིད་ཀྱང་ཐ་མི་དད་པའི་ [280b.2]ཚུལ་དུ་འབྲེལ་བར་བསྟན་ཏོ། །ཇི་ལྟར་ཐ་མི་དད་ཅིང་འབྲེལ་ཅེ་ན། བསྒོམས་ན་གྲུབ་པ་ཉིད་དུ་འགྱུར། །ཞེས་གསུངས་པས་ན། དེའི་ཕྱིར་འབྲེལ་ཅིང་ཐ་མི་དད་པར་རིག་པར་བྱའོ། །རྡོ་རྗེའི་རིགས་ལ་ནི། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །གདུག་པ་རྣམས་ནི་གཞིག་ཕྱིར་དང་། ། [280b.3]སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཁྲོ་བོ་གྲུབ་པར་བྱེད་པའི་མཆོག །ཅེས་བྱ་བ་དག་སྟེ། དེའི་དོན་ཡང་འདི་ལྟ་སྟེ། ཁྲོ་བོར་སྣང་བར་མཛད་པ་ཡང་སེམས་ཅན་ཞི་བས་མི་འདུལ་བའི་རིགས་རྣམས་ལ། ཁྲོ་བོའི་ཆ་ལུགས་ཀྱིས་ཕན་གདགས་པ་དང་། གདུག་པ་ཅན་གྱི་ཚོགས་ [280b.4]རྣམས་ཀྱི་སྦྱོར་བ་གཞིག་ཅིང་ཚར་བཅད་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཁྲོ་བོར་སྣང་བར་བྱེད་པ་སྟེ། དེ་ལྟ་ན་ཁྲོ་བོ་གྲུབ་པ་ནི། གྲུབ་པ་དང་། གྲུབ་པར་བྱེད་པ་ཐམས་ཅད་ཀྱི་ནང་ན་མཆོག་གོ་ཞེས་གསུངས་པའོ། །པདྨའི་རིགས་ལ་ནི། པདྨ་འདམ་ [280b.5]གྱི་ཉེས་པ་ཡིས། །མ་གོས་རབ་ཏུ་ཆགས་དང་ལྡན། །དེ་བཞིན་གནས་ཀྱི་ཉེས་པས་བདག །སྲིད་ལ་ཆགས་པས་འགྲུབ་པར་འགྱུར། །ཞེས་བྱ་བ་དག་སྟེ་དེའི་དོན་ཡང་འདི་ལྟ་སྟེ། ཇི་ལྟར་པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱི་ཉེས་པས་མ་གོས་ལ། འདམ་ན་གནས་པ་ལྟར་ཡང་སྣང་བ་དེ་ [280b.6]བཞིན་དུ་དེ་བཞིན་གཤེགས་པ་འཁོར་བར་འཁྲུངས་པའི་ཚུལ་བསྟན་ན་ཡང་འཁོར་བའི་ཉེས་པས་ཀྱང་མ་གོས་ལ། འཁོར་བ་ལ་གནས་ཤིང་ཆགས་པ་ལྟ་བུའི་ཚུལ་གྱིས་དོན་མཛད་པར་བསྟན་པ་སྟེ། གང་སུ་ཡང་རུང་བ་དག་གིས་ཀྱང་ཚུལ་དེ་བཞིན་དུ་བྱས་ན་འགྲུབ་པར་འགྱུར་རོ་ཞེས་ [280b.7]བསྟན་ཏོ། །ནོར་བུའི་རིགས་ལ་ནི་ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི་དགོས་པའི་དོན་ཀུན་བསྒྲུབ་པའི་ཕྱིར། དེ་བཞིན་རིན་ཆེན་ཆར་འབབ་ཅེས། །ལེགས་པར་བསྒོམས་ན་འགྲུབ་པར་འགྱུར། །ཞེས་བྱ་བ་དག་སྟེ། དེའི་དོན་ཡང་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ [281a] [281a.1]དགོས་པ་བསྒྲུབ་པའི་ཕྱིར་ལེགས་པར་བསྒོམས་ན་ཇི་ལྟར་འདོད་པ་དེ་བཞིན་དུ་རིན་པོ་ཆེའི་ཆར་འབབ་པར་བྱེད་ནུས་པ་ལྟར། འགྲོ་བ་གང་དག་གི་དོན་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན། ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་གཞན་ལ་ཕན་འདོགས་པར་ནུས་པའི་ཏིང་ངེ་འཛིན་ [281a.2]གྲུབ་པར་འགྱུར་ཏེ། གང་ཞིག་གིས་བསྒྲུབས་ནའང་དེ་བཞིན་དུ་འགྲུབ་པར་འགྱུར་བའོ་ཞེས་བསྟན་ཏོ། །རིགས་བཞིའི་ལྷ་རྣམས་ཀྱི་བཟླས་བརྗོད་བྱེད་པའི་ཚེ་ཞེས་བྱ་བ་ནི། རིགས་བཞིའི་བསྟན་པ་དེ་དག་གིས་བཟླས་བརྗོད་ཀྱི་བྱེ་བྲག་སོ་སོར་གསུངས་པ་དེ་དག་དེ་བཞིན་དུ་བྱེད་པའི་དུས་ན་ [281a.3]རྣལ་འབྱོར་པས་ཏིང་ངེ་འཛིན་དུ་བྱ་བ་ནི་བསམ་པ་སྟེ་བཤད་ཟིན་ཏོ། །རྡོ་རྗེ་ལ་སོགས་པའི་རིགས་ཞེས་པ་ནི། རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་ལས་ཀྱི་རིགས་སུ་བཟླས་བརྗོད་རྣམ་པ་བཞིའོ། །དེའི་རིགས་ཀྱི་བདག་པོ་རྣམས་ཀྱི་ནི་ཕལ་ཆེར་བཟླས་བརྗོད་ཀྱི་ཚིག་གི་བྱེ་བྲག་ཇི་ལྟར་བསྟན་ [281a.4]པ་བཞིན་དུ། རང་གི་དམ་ཚིག་སེམས་དཔའི་ལུས་དང་ངག་དང་། ཡིད་ཀྱང་གང་བསྒོམས་པ་དེའི་ལུས་དང་། ངག་དང་། ཡིད་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་དབྱེར་མེད་པར་བསྒོམས་ལ་བཟླས་བརྗོད་བྱའོ། །རིགས་ཐམས་ཅད་ཅེས་པ་ནི། རིགས་ཀྱི་རྣམ་པ་མ་ལུས་པར་བརྗོད་པའོ། ། [281a.5]རབ་ཏུ་དབྱེ་བ་བསྡུས་པ་ཞེས་པ་ནི། རིགས་ཐམས་ཅད་ཀྱི་སྒོ་གསུམ་སྤྱོད་པའི་བྱ་བའི་བྱེ་བྲག་སོ་སོར་གསལ་བར་བྱ་བ་རྣམས་གཅིག་ཏུ་དེ་ལྟར་རིགས་བཞི་པོ་རྣམས་ཀྱི་བཟླས་བརྗོད་བྱེད་པའི་ཚེ་སྔགས་ཀྱིས་ཇི་ལྟར་ཡིད་ལ་བསམ་པར་བྱ་བའི་ཁྱད་པར་བསྟན་ནས། ད་ནི་རིགས་བཞི་བོ་རྣམས་ [281a.6]ཀྱི་སྙིང་པོ་ལ་སོགས་པ་བཟླས་བརྗོད་བྱ་བའི་ཐབས་བསྟན་པའི་ཕྱིར་ན། དེ་བཞིན་གཤེགས་པ་ལ་སོགས་པ་རིགས་བཞི་རང་གི་ལྷ་དམ་ཚིག་སེམས་དཔའི་རྣལ་འབྱོར་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་བཞིན་གཤེགས་པ་རིགས་བཞིའི་ཞེས་པ་ནི། རྡོ་རྗེ་དང་པདྨ་དང་། ལས་ [281a.7]ཀྱི་རིགས་སོ། །རང་གི་ལྷའི་དམ་ཚིག་སེམས་དཔའ་ཞེས་པ་ནི་རིགས་བཞི་ལས་གང་ལ་མོས་པའི་ལྷ་དང་གཉིས་སུ་མེད་པར་བསྒོམ་པའི་རྣལ་འབྱོར་ལ་གནས་པའོ། །བཟླས་བརྗོད་དང་བསྒོམ་པའི་རྗེས་སུ་མཐུན་པའི་ཞེས་པ་ནི། གང་ལ་བསྒོམ་པ་དང་བཟླས་པར་འདོད་པའི་ལྷ་དེ་དང་ [281b] [281b.1]མཐུན་པར་གནས་པར་བྱ་བའོ། །ལུས་དང་ངག་དང་ཡིད་ཀྱི་སྦྱོར་བ་ལ་མཁས་པ་ཞེས་པ་ནི་གང་བསྒོམ་ཞིང་བཟླས་པའི་ལྷའི་ལུས་ཀྱི་ཆ་ལུགས་དང་ལྟ་བའི་བྱེ་བྲག་དང་། བཟླས་པ་རྣམ་པ་བཞི་ལས་གང་ཡང་རུང་བའི་ངག་གི་སྦྱོར་བ་དང་། གང་ལ་མོས་པ་བཞིན་དུ་སྒྲུབ་པའི་ཏིང་ངེ་ [281b.2]འཛིན་དང་ལྡན་པའི་ཡིད་ཀྱི་སྦྱོར་བ་དེ་ལྟ་བུ་ལ་མཁས་པའོ། །སོ་སོའི་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་རྣམས་ལས་ཞེས་པ་ནི་རིགས་བཞི་པོ་དག་གི་སྤྱིའི་དབང་དུ་གསུངས་པ་དང་། ཁྱད་པར་གྱི་དབང་དུ་གསུངས་པའི་སྙིང་པོ་ལ་སོགས་པ་རྣམས་སོ། །ཇི་ལྟ་ [281b.3]བ་བཞིན་དུ་གང་ཡང་རུང་བའི་ཞེས་པ་དེ་དག་ཚང་བ་དང་གཅིག་ཁོ་ན་ཡང་རུང་བའི་དོན་ཇི་ལྟ་བ་བཞིན་དུ་བཟླས་པའོ། །བཟླས་བརྗོད་ཀྱི་སྐབས་སུ་གསུངས་པའི་དངོས་གྲུབ་འདོད་པས་ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པར་བཟླས་བརྗོད་བྱ་བ་ལས་དངོས་གྲུབ་འདོད་པའི་སྐབས་སུ་ [281b.4]གསུངས་པ་དེ་འཐོབ་པར་འདོད་པའོ། །སྙིང་པོ་ལ་སོགས་པ་གང་ཡང་རུང་བ་ཅིག་བཟླས་སོ། །ཞེས་པ་ནི། སྙིང་པོ་ལ་སོགས་པ་བཞི་ལས་གང་ལ་མོས་པ་ཅིག་བཟླས་བརྗོད་བྱའོ། །རིགས་བཞིའི་གསུངས་པའི་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། སོ་སོའི་ལྷའི་ [281b.5]སྙིང་པོ་རྣམས་ལ་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་གང་ཡང་རུང་བའི་ལས་བྱེད་པར་འདོད་པའམ། རྣམ་གཅིག་ལས་ནི་དངོས་གྲུབ་ལ་བྱ་སྟེ། རིགས་བཞི་སོ་སོའི་དངོས་གྲུབ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་ཇི་ལྟར་སྒྲུབ་པ་རང་གི་ལྷ་དང་། བདག་དང་མི་ [281b.6]གཉིས་པར་གྱུར་པའི་དམ་ཚིག་སེམས་དཔའི་གཟུགས་ཇི་ལྟར་བསྒྲུབ་པའི་ཆ་ལུགས་གསལ་བར་བསྒོམ་པར་བྱའོ། །ཁྱད་པར་དུ་ནི་རིགས་ཇི་ལྟ་བུའི་གཟུགས་རྣམས་བསྒྲུབ་པའི་ནང་ན་ཞེས་པ་ཁྱད་པར་དུ་བྱ་ན་རིགས་གང་བསྒོམ་པའི་ལྷའི་ཆ་ལུགས་སུ་བདག་བསྒོམ་པར་བྱ་སྟེ། [281b.7]དེའི་ནང་ནས་ཀྱང་དེ་བཞིན་གཤེགས་པའི་རིགས་ཀྱི་ནི། ལྷའི་གཟུགས་ཇི་ལྟར་བསམས་པ་སྟེ། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་བཞི་ཆར་དང་ཡང་ལྡན་པའི་གཟུགས་མངོན་དུ་བྱའོ། །རྡོ་རྗེའི་རིགས་ལ་ནི་ཞེས་པ་འདི་ཡང་ཡེ་ཤེས་དབབ་ [282a] [282a.1]པ་ལ་སོགས་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པར་བྱ་བ་ཡང་ཡིན་མོད་ཀྱི། དེའི་ནང་ན་དམ་ཚིག་གི་ཕྱག་རྒྱ་ཁོ་ན་ལག་ན་འཛིན་པར་བསྒོམ་མོ། །པདྨའི་རིགས་ལས་བྱུང་བ་ཞེས་པ་ནི་འདི་ཡང་ཕྱག་རྒྱ་བཞི་དང་ལྡན་པའི་ནང་ནས་སྙིང་གར་རང་གི་ཆོས་ཀྱི་ཕྱག་རྒྱ་གཞག་པར་ [282a.2]བྱའོ། །རིན་ཆེན་འབྱུང་གནས་ལས་བྱུང་བ་ལ་ཞེས་པ་ལ་ནི། རིན་པོ་ཆེ་དང་ལས་ཀྱི་རིགས་གཅིག་ཏུ་བསྡུས་པ་ལ་ནི། ཕྱག་རྒྱ་བཞི་དང་ལྡན་པའི་ནང་ནས་ཁྱད་པར་དུ་རང་གི་ལས་ཀྱི་ཕྱག་རྒྱ་དང་ལྡན་པ་གཙོར་བྱས་ལ་བསྒོམ་པར་བྱའོ། །མདུན་དུ་ཡང་དེ་ལྟ་བུ་ཉིད་ཇི་སྐད་གསུངས་པའི་ཞེས་ [282a.3]པ་མདུན་དུ་ཡང་རང་ཉིད་ཇི་ལྟ་བུར་བསྒོམ་པའི་ཆ་ལུགས་དེ་ལྟ་བུ་འཛིན་པའི་ལྷ་ཇི་སྐད་དུ་གསུངས་པའི་གདན་ལ་བཞུགས་ཤིང་སྔར་གསུངས་པའི་ཁ་དོག་གི་རྣམ་པ་དང་། དབྱིབས་ཀྱི་བྱེ་བྲག་གསལ་བར་ཡུན་རིང་དུ་གནས་ཤིང་བལྟར་སྣང་ལ། གང་བསྒོམ་པའི་རིགས་དང་རྗེས་སུ་ [282a.4]མཐུན་པར་བལྟས་པ་ཙམ་གྱིས་ངོམས་པར་ནུས་པར་བསམ་མོ། །དེ་ལྟར་ཡང་ཅིས་མངོན་ཞེ་ན། བདེ་བར་གཤེགས་པའི་སྙིང་པོ་བཟླས་བརྗོད་བྱེད་པའི་སྐབས་སུ་གསུངས་པ། ཕྱག་རྒྱ་ཆེན་པོར་བྱས་ནས་ནི། །དེ་བཞིན་གཤེགས་པ་རྗེས་དྲན་ཞིང་། །བསྒྲུབས་ན་མྱུར་དུ་འགྲུབ་པ་ནི། །སངས་ [282a.5]རྒྱས་བྱང་ཆུབ་བརྟན་པ་ཡང་། །ཞེས་བྱ་བ་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། ཡེ་ཤེས་དབབ་པ་ལ་སོགས་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་གསལ་བར་བསྐྱེད་ནས། དེ་ཇི་ལྟ་བའི་རང་གི་ལྷ་རྗེས་སུ་དྲན་པར་བྱས་ནས་བསྒྲུབས་ན་བདུད་བཞི་བཅོམ་ཞིང་གཞན་གྱིས་མི་བསྐྱོད་པས་བརྟན་པར་ [282a.6]གྱུར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མྱུར་དུ་འགྲུབ་པར་འགྱུར་ན། དེ་ལས་གཞན་པའི་དངོས་གྲུབ་རྣམས་ལྟ་ཅི་སྨོས་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་རིགས་ལ་ཡང་། རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེ། །བཅིངས་ནས་ཡོངས་སུ་བསྒོམ་པར་བྱ། །མདུན་ [282a.7]དུ་རྡོ་རྗེ་སེམས་དཔའ་བསྒོམ། །དངོས་གྲུབ་ཉིས་འགྱུར་ཉིད་དུ་འགྱུར། །ཞེས་གསུངས་ཏེ། དེའི་དོན་ཡང་སྔ་མ་དང་འདྲ་བར་རིག་པར་བྱའོ། །དངོས་གྲུབ་ཉིས་འགྱུར་ཞེས་པ་ནི། །འཇིག་རྟེན་པའི་དངོས་གྲུབ་ལས་ཁྱད་པར་གྱུར་པའོ། །དེ་བཞིན་དུ། དམ་ཚིག་མཆོག་ནི་བཅིངས་ནས་སུ། ། [282b] [282b.1]ཞེས་པ་ནི། བདག་ཕྱག་རྒྱ་ཆེན་པོར་བསྒོམས་པའི་ལག་ན་རང་གི་དམ་ཚིག་གི་ཕྱག་རྒྱ་ཐོགས་པའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན། །ཞེས་པ་ནི། རང་ཉིད་དམ་ཚིག་སེམས་དཔའི་ཆ་ལུགས་གསལ་བར་བསྒོམ་པའོ། །རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །ཞེས་པ་ནི་དེ་ཇི་ལྟ་བ་ [282b.2]བཞིན་དུ་མདུན་དུ་ཡང་བསྒོམ་པར་བྱའོ། །དངོས་གྲུབ་ཉིས་འགྱུར་ཞེས་པ་ནི། །སྔར་བསྟན་པར་རིག་པར་བྱའོ། །ཆོས་ཀྱི་ཕྱག་རྒྱ་བཅིངས་ནས་སུ། །ཞེས་པ་ནི། ཕྱག་རྒྱ་ཆེན་པོར་བསྒོམས་པའི་སྙིང་གར་ཆོས་ཀྱི་ཡི་གེ་གཞག་པའོ། །འཇིག་རྟེན་དབང་ཕྱུག་ཏིང་འཛིན་གྱིས། །ཞེས་ [282b.3]པ་ནི་འཇིག་རྟེན་དབང་ཕྱུག་ནི་སྤྱན་རས་གཟིགས་ཀྱི་དབང་པོ་སྟེ། དེའི་ཏིང་ངེ་འཛིན་དུ་བསྒྱུར་ལ་བསྒོམ་པའོ། །འཇིག་རྟེན་མགོན་ཡང་བསྒོམས་ནས་ནི། །ཞེས་པ་ནི། བསྒོམ་པ་ཇི་ལྟ་བ་བཞིན་དུ་མདུན་དུ་ཡང་བསམ་པར་བྱའོ། །ལས་ཀྱི་ཕྱག་རྒྱ་མཉམ་གཞག་ཅེས་པ་ཕྱག་རྒྱ་ཆེན་པོར་ [282b.4]བསྒོམས་ནས་ལས་ཀྱི་ཕྱག་རྒྱ་བཅིངས་པའོ། །རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། །ཞེས་པ་ནི། བསྒོམ་པ་ཇི་ལྟ་བ་བཞིན་དུ་མདུན་དུ་ཡང་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལ་དངོས་པོ་གྲུབ་པར་ཤོག་ཅེས་བསྔགས་ནས་ཞེས་པ་ནི་དེ་ལྟར་རིགས་བཞི་གང་བསྒོམ་ [282b.5]པའི་ཏིང་ངེ་འཛིན་གསལ་བར་བསྒོམས་ཏེ། ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པ་ལ་ཁྱད་པར་དུ་བསྟན་པའི་ཕྱག་རྒྱ་རྣམས་དང་ལྡན་པར་བྱས་ནས། རང་གི་བསྒོམ་པ་ཇི་ལྟ་བ་བཞིན་གྱི་ཆ་ལུགས་དང་ལྡན་པ་མདུན་དུ་བསམས་ཏེ། སྨོན་ལམ་གདབ་པར་བྱའོ། །དེ་ལ་སྤྱོད་ལམ་ཡང་རྣམ་པ་ [282b.6]གཉིས་ཏེ། འཕགས་པ་ཐམས་ཅད་མཉེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་སྟེ། དེ་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་པར་བྱའོ། །སྔར་བཤད་པའི་རིགས་ཀྱི་རྗེས་སུ་མཐུན་པ་ཞེས་པ་ནི། སྔར་བཤད་པའི་རིགས་བཞི་པོ་དེ་དག་གང་ལྟར་མོས་པ་བཞིན་དུ་ [282b.7]རིགས་ཀྱི་རྗེས་སུ་མཐུན་པའི་ཆ་ལུགས་ཡིད་ལ་བསམ་པ་རྗེས་སུ་དྲན་པར་བྱ་སྟེ། སྔར་གསུངས་པ་ལྟར་དབུགས་སླར་བསྡུ་བའི་ཚུལ་གྱིས་དབང་པོའི་ཚོགས་མཐའ་དག་ཡིན་པར་མི་གཏོང་སྟེ། ནང་ཕྱོགས་པར་བྱས་ལ་རྒྱུད་དམ་འདི་ཉིད་དུ། ཇི་སྐད་གསུངས་པའི་རིགས་ [283a] [283a.1]དང་རྗེས་སུ་མཐུན་པ་རང་གི་ལྷའི་སྙིང་པོ་བཟླས་བརྗོད་བྱ་བའི་དོན་བདག་ཉིད་ཀྱི་བློ་ལ་གསལ་བར་བསྒོམ་ཞིང་། དེ་བཞིན་གཤེགས་པ་ལ་སོགས་པ་རིགས་བཞིར་བརྗོད་པའི་ལྷ་གང་ཡང་རུང་བ་ལས་གང་འདོད་པའི་རིགས་ཀྱི་ལྷའི་སྙིང་པོ་བཟླས་བརྗོད་བྱའོ། །ཡང་ན་ཞེས་ [283a.2]པ་བཟླས་བརྗོད་ཀྱི་རྣམ་པ་གཞན་དུ་སྟོན་པ་སྟེ། དྲན་པ་དང་སྲོག་གི་རྗེས་སུ་འབྲངས་པའི་ཡིད་ཅེས་པ་ནི་དྲན་པ་དང་དབུགས་སླར་རྒྱུ་བའི་དུས་ན། དེའི་རྗེས་སུ་འབྲང་བའི་ཡིད་ཀྱི་རང་གི་མདུན་ན་གནས་པའི་ལྷ་ལ་རིགས་མཐུན་པའི་ལྟ་བས་བལྟ་ཞིང་དབུགས་ཕྱིར་འབྱུང་བའི་ཚེ་སྔགས་ཀྱི་ [283a.3]མགོ་གདོན་ཅིང་དབུགས་འབྱུང་བའི་མཐའ་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ཡང་དབུགས་སླར་བསྡུ་བའི་ཚུལ་གྱིས་སྔགས་ཀྱི་མཇུག་བསྡུ་ཞིང་། ཡིད་ནང་དུ་ཕྱོགས་པར་བྱས་ནས། སྲོག་དང་དབང་པོ་བསྡུ་བར་བཀག་སྟེ། བདག་ཉིད་དང་མི་གཉིས་པར་བསྒོམས་པའི་ལྷ་ལ་དམིགས་ [283a.4]ཏེ། རང་གི་ལྷའི་སྙིང་པོ་བཟླས་བརྗོད་བྱའོ། ཡང་ན་ཚུལ་འདིས་རང་གི་ལྷ་ལ་བརྟག་ཅིང་དབུགས་འབྱིན་པ་དང་། རྔུབ་པ་ཉིད་ཀྱི་ཚུལ་གྱིས་བཟླས་བརྗོད་བྱའོ། །དེའི་དོན་ཀྱང་ཞེས་པ་ནི་དེ་ལྟར་ལྷ་མདུན་དུ་བསམས་ལ་བཟླས་བརྗོད་བྱ་བར་བསྟན་པའི་དོན་ཀྱང་རང་བཟོར་བྱས་པ་མ་ [283a.5]ཡིན་ཏེ། མདོ་ལས་འབྱུང་ངོ་ཞེས་གཏན་ཚིགས་བསྟན་པའོ། །རིགས་སོ་སོར་ངེས་པའི་ངག་དང་ཞེས་པ་ནི་རིགས་གང་བསྒྲུབ་པའི་བཟླས་བརྗོད་དོ། །ཡིད་དང་ཞེས་བྱ་བ་ནི་དེའི་ཏིང་ངེ་འཛིན་བྱའོ། །ལྟ་བ་ཞེས་པ་ནི་རྣམ་པ་བཞི་ལས་གང་རིགས་པ་དང་སྦྱར་ནས་ལྟ་བའོ། །ཕྱོགས་འདིར་ [283a.6]ཞེས་པ་གོང་མ་ལྟར་བསྟན་པ་ལས་ཕྱོགས་འདིར་བཤད་པ་ནི་རང་གི་ལས་ཀྱི་ཕྱག་རྒྱ་དང་ཞེས་བྱ་བ་དག་གོ། །བཟླས་བརྗོད་ཀྱི་སྦྱོར་བ་འདི་གཉི་ག་ལ་ཡང་ཞེས་པ། མདུན་དུ་ལྷ་བསམ་པ་དང་། མི་བསམ་པར་བཟླས་བརྗོད་བྱ་བའི་ཐབས་བསྟན་པ་གཉིས་ལས་ཞེས་བྱའོ། །བདུད་ [283a.7]ནི་བྱེ་བ་སྟོན་རྣམས་དང་། །ཞེས་པ་ནི་བར་དུ་གཅོད་པའི་བདུད་ཀྱི་གྲངས་སོ། །རབ་ཏུ་དགའ་བས་མྱུར་དུ་འཇོམས། །ཞེས་པ་ནི། བཟླས་བརྗོད་དང་ལྡན་པའི་སྟབས་ཀྱི་རང་བཞིན་གྱིས་འཇིག་པར་བྱེད་ཅེས་པའོ། །ལྷ་དང་གཟུགས་དང་རྣལ་འབྱོར་དག །ཅེས་པ་ནི། ལྟ་ [283b] [283b.1]བ་རྣམ་པ་བཞི་དང་། སོ་སོའི་གཟུགས་ཀྱི་ཆ་ལུགས་སུ་ལྡན་པར་བྱས་པའི་རྣལ་འབྱོར་མ་བཏང་བར་གྱུར་ན་དུས་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །རིམ་པ་འདིས་ཀྱང་ཉིན་རེ་བཞིན་ལྷའི་རྣལ་འབྱོར་གཙོར་བྱས་ལ། ཉིན་གསུམ་དང་མཚན་གྱི་གུང་སྟེ་དུས་བཞིར་གྲངས་བརྒྱ་ [283b.2]རྩ་བརྒྱད་དུ་བཟླས་བརྗོད་བྱའོ་ཞེས་གསུངས་སོ། །བགྲང་ཕྲེང་གི་ཆོ་ག་ཡང་རྒྱུད་འདི་ལས་མ་གསུངས་པས་ཞེས་པ་ནི། དེ་ལྟར་བཟླས་བརྗོད་བྱེད་པ་ཡང་གྲངས་བགྲང་ཕྲེང་ལ་གཟུང་བ་ཡིན་མོད་ཀྱི། འོན་ཀྱང་རྩ་བའི་རྒྱུད་འདི་ལས་ནི་བགྲང་ཕྲེང་མ་གསུངས་པས་གྲངས་ཅི་ཙམ་དུ་བཟླས་ [283b.3]བརྗོད་བྱེད་པ་དེ་ཡིད་ཀྱིས་མི་ནོར་བར་བགྲང་བའི་གྲངས་གཟུང་བར་བྱའོ་ཞེས་བསྟན་ཏོ། །ཡང་ན་རྡོ་རྗེ་རྩེ་མོ་ལས་གསུངས་པའི་ཆོ་གས་བགྲང་ཕྲེང་བླངས་ཏེ། བཟླས་བརྗོད་ཀྱི་རྣལ་འབྱོར་བྱའོ་ཞེས་པ་ནི་དེ་ཁོ་ན་ཉིད་བསྡུས་པ་ལས་མ་གསུངས་ཀྱང་། རྡོ་རྗེ་རྩེ་མོའི་རྒྱུད་ལས་གསུངས་ [283b.4]པས་དེས་བྱ་བར་བསྟན་ཏོ། །སངས་རྒྱས་རྣམས་ཀྱི་མཛུབ་མོས་བགྲང་། །ཞེས་པ་ནི། སངས་རྒྱས་རྣམས་ཀྱི་བཟླས་བརྗོད་བྱེད་ན་ནི། མཛུབ་མོའི་སྟེང་དུ་བགྲང་ཕྲེང་བཞག་ལ་དྲང་བར་བྱའོ། །སངས་རྒྱས་རྣལ་འབྱོར་བོ་དེ་ཙེ། །ཞེས་པ་ནི། རིགས་གང་ནི་བགྲང་ཕྲེང་གང་ཡིན་པ་བསྟན་ [283b.5]པ་སྟེ། སངས་རྒྱས་རྣལ་འབྱོར་དུ་བྱེད་པ་རྣམས་ཀྱི་བགྲང་ཕྲེང་གི་རིགས་ནི་བོ་དེ་ཅོ་ལ་བྱའོ་ཞེས་པ་བྱའོ། །ཡང་ན་ཀུན་གྱི་གཙོ་བོ་ནི། །ཞེས་པ་ནི། རིགས་བཞི་ཀུན་གྱི་སྤྱི་ནི་བོ་དེ་ཙེ་སྟེ། སྲོག་དང་འདྲ་བར་བཤད་དོ། །ཞེས་སོ། །ལྕགས་ཀྱི་བཟླས་བརྗོད་ཉིས་འགྱུར་རོ། །ཞེས་པ་ནི། བགྲང་ཕྲེང་ [283b.6]མེད་པར་བཟླས་པ་ལས་བགྲང་ཕྲེང་འདི་དག་བཅངས་ན་ཡོན་ཏན་འདི་ལྟ་བུ་འཕེལ་བར་འགྱུར་ཏེ། ལྕགས་ཀྱི་བགྲང་ཕྲེང་འཛིན་པས་བཟླས་ན་ནི། བགྲང་ཕྲེང་མེད་པར་བཟླས་པ་བས་ཉིས་འགྱུར་དུ་བསོད་ནམས་ཆེ་བར་འགྱུར་ཏེ་ཕྱི་མ་ཡང་དེ་བཞིན་དུ་རིག་པར་བྱའོ། །ལག་པ་གཡོན་པ་ [283b.7]ཕྱག་རྒྱར་བྱས། །ཞེས་པ་ནི་བགྲང་ཕྲེང་འཛིན་པའི་ཕྱག་རྒྱ་སྟེ། ལག་པ་གཡས་པ་རྡོ་རྗེ་ཁུ་ཚུར་བྱས་པ་ལས་བགྲང་ཕྲེང་གཟུང་གསུངས་སོ། །གསང་བའི་ཕྱག་རྒྱ། ཁུ་ཚུར་གཡོན་པ་ལས་འབྱུང་བ། །ཞེས་པ་འདི་ནི་གཞན་ལ་མི་བསྟན་ཅིང་སྦ་བར་བྱ་བ་ཡིན་ན་གསང་བ་ཞེས་བྱའོ། །དེ་ [284a] [284a.1]ལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་ནི། ལག་པ་གཡོན་པའི་ཁུ་ཚུར་ལ་གསང་བའི་ཕྱག་རྒྱ་ཞེས་བརྗོད་དོ། །སྤྱོད་ལམ་རྣམ་བཞིར་གསང་བའི་ཕྱག་རྒྱ་འཛིན་པར་བྱ་ཞེས་བསྟན་ཏོ། །ཕྱི་མ་ཡང་དེ་བཞིན་དུ་སོ་སོའི་ཚུལ་དུ་རིག་པར་བྱའོ། །འདིར་གཡོགས་ཏེ་ [284a.2]ཞེས་པ་ནི། གཞན་ལ་མི་བསྟན་པ་ལ་བྱ་བ་ཡིན་པར་རིག་པར་བྱའོ། །རིགས་བཞིར་གསུངས་པའི་སྙིང་པོ་རྣམས་བཟླས་བརྗོད་བྱེད་པའི་རྣལ་འབྱོར་གྱི་ཆོ་ག་བཤད་པ་བཀྲལ་ཟིན་ཏོ།། །།ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཞེས་པ་ནི། རིགས་ལྷག་མ་གསུམ་ལ་སྦྱར་བར་ [284a.3]བྱའོ། །དེའི་བཟླས་བརྗོད་བྱ་བའི་རྣལ་འབྱོར་གྱི་ཆོ་ག་ཡང་འདི་ཉིད་ཅེས་པ་ནི་འོག་ནས་འབྱུང་བ་ལ་འདི་ཉིད་དེ་སྙིང་པོའི་བཟླས་བརྗོད་ཀྱི་ཆོ་ག་སྦྱོར་བ་ལས་ཁྱད་པར་དུ་ཞེས་པ་སྙིང་པོའི་བཟླས་བརྗོད་བྱ་བ་སྔར་བསྟན་པ་ལས་ཁྱད་པར་དུ་བྱ་བ་ནི་འདི་ལྟ་སྟེ། དང་པོར་ཕྱག་རྒྱ་ཐམས་ཅད་ [284a.4]བདག་ལ་དགྱེས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་དེ་ནས་གདོད་རང་གི་ལྷ་བསྒོམ་པའི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་བཅིངས་ཏེ། རིག་སྔགས་ལ་སོགས་པའི་བཟླས་བརྗོད་ཀྱི་ཆོ་ག་བྱའོ། །དེ་ལྟར་ཡང་ཇི་སྐད་དུ། རྒྱུད་ཕྱི་མའི་ཡང་ཕྱི་མ་ལས་ཕྱག་རྒྱ་ཐམས་ཅད་བདག་ལ་ [284a.5]དགྱེས་པར་གྱུར་ཅིག་ཅེས་སྨྲས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་དང་རིག་སྔགས་གཉིས་ཀྱི་བཟླས་བརྗོད་ལ་ནི། ཞེས་པ་གསང་སྔགས་དང་རིག་སྔགས་བཟླས་བརྗོད་བྱེད་པར་འདོད་པའི་ཆོ་ག་ལ་ནི་ཁྱད་པར་དུ་སྤྲོས་པ་ནི་མེད་པའི་ཚིག་གྲུབ་པར་ [284a.6]གྱུར་ཅིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་བདག་གིས་ཐོབ་པར་གྱུར་ཅིག་ཅེས་དང་པོར་སྨྲས་ནས་གདོད་བཟླས་པར་བྱའོ། །རང་གི་བག་ཆགས་ཀྱིས་ལྷའི་གཟུགས་ལ་དམིགས་ནས་ཞེས་པ། དུས་དང་རྣམ་པ་ཀུན་དུ་སྤྱོད་ལམ་རྣམ་པ་བཞི་ལྷའི་ཏིང་ངེ་འཛིན་གོམས་ [284a.7]པར་བྱ་བ་ནི་བག་ཆགས་ཏེ་དེ་ལྟ་བུའི་ཚུལ་གྱིས་ལྷའི་གཟུགས་ལ་དམིགས་ནས་ལྷ་དང་ཐ་མི་དད་པའི་བྱ་བའི་ཐབས་ཏེ། དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་བཟླས་བརྗོད་བྱེ་བྲག་འདིར། སོ་སོར་ཕྱེ་ནས་གསལ་བར་བཤད་པའོ། །ད་ནི་རིགས་བཞིའི་བཟླས་བརྗོད་ [284b] [284b.1]བསྟན་པ་དེ་ལས་བཟླས་བརྗོད་ཀྱི་ཚུལ་གཞན་ཡང་བསྟན་པའི་ཕྱིར་ན། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་ལྷག་མར་གྱུར་པ་རྡོ་རྗེ་རྩེ་མོའི་རྒྱུད་ལས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་གྱི་རྒྱུད་ཅེས་པ་ནི། རྣལ་འབྱོར་གྱི་དོན་དང་གང་ལྡན་པའི་རྒྱུད་ནི་རྣལ་ [284b.2]འབྱོར་གྱི་རྒྱུད་དེ་ལྷག་མར་གྱུར་པ་ཞེས་པ་ནི་ཕྱི་མར་གྱུར་པ་སྟེ་གཞན་ནི་མི་གསལ་བ་གསལ་བར་བྱེད་པའི་དོན་སྟོན་པ་དང་། གཞན་ནས་བརྡ་མ་ཕྲད་པ་གསལ་བར་བྱེད་པ་དང་། གཞན་དུ་མ་འདུས་པའི་དོན་གཞན་སྟོན་པར་བྱེད་པས་ན། ལྷག་མའམ་ཕྱི་མ་ཞེས་བྱ་སྟེ། དེ་ཡང་ [284b.3]རང་གི་ལྷག་མ་ནི་རང་གི་རྒྱུད་ཀྱི་མཇུག་ནས་སྟོན་པ་ཡིན་ལ། སྤྱིའི་ལྷག་མ་ནི་རྡོ་རྗེ་རྩེ་མོའི་རྒྱུད་འདིའོ། །དེ་ལས་ནི་རིགས་བཞིའི་བཟླས་པ་ལ་མི་གཏོགས་པའི་བཟླས་པའི་ཐབས་གཞན་པའི་བྱེ་བྲག་ཀྱང་བཤད་དེ་ཅིའི་ཕྱིར་ཞེ་ན། འདུལ་བའི་སྐྱེ་བའི་མོས་པ་ལ་གཟིགས་ནས་ [284b.4]གསུངས་སོ། །དེ་ཡང་འདིར་དེ་ལ་མོས་པའི་སྐྱེ་བོ་རྣམས་ཞེས་པ་དེ་ལྟར་བསྟན་པ་ནི། དེ་ལྟར་རིགས་བཞིའི་བཟླས་པ་ལས་གཞན་པའི་བཟླས་བརྗོད་ལ་མོས་པའི་སྐྱེ་བོ་རྣམས་རྡོ་རྗེ་རྩེ་མོར་བསྟན་པའི་ཚུལ་འདིས་སམ། ཡང་ན་རྒྱུད་འདིར་བསྡུས་པའི་ཕྱིར་བསྟན་ཏོ། །དེ་ལ་རིགས་བཞིའི་བདག་ [284b.5]པོ་རྣམས་ཀྱི་ནི་ཞེས་པ་དེ་ལྟར་བསྟན་པ་དེ་ལ་ཡང་རིགས་བཞིའི་བདག་པོ་རྣམས་ཀྱི་བཟླས་པ་བྱེད་པར་འདོད་ན་ནི་རིགས་བཞི་སོ་སོའི་གཙོ་བོའི་སྐུར་བསྒྱུར་བའི་རྣལ་འབྱོར་གྱིས་བྱ་བར་བཤད་དོ། །དེ་ལས་གཞན་པའི་དམ་ཚིག་གི་སེམས་དཔའ་ཆེན་པོ་རྣམས་ཀྱི་ནི་ཞེས་པ། སེམས་ [284b.6]དཔའ་ཆེན་པོ་བཅུ་དྲུག་པོ་རྣམས་ཀྱི་བཟླས་བརྗོད་བྱ་བར་འདོད་ན་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་རིགས་ཀྱི་འཁོར་ལོས་སྒྱུར་བ་གང་འདོད་པ་རིགས་ཀྱི་བདག་པོའི་སྐུར་བསྒྱུར་བའི་རྣལ་འབྱོར་གྱིས་རིགས་སོ་སོའི་སེམས་དཔའི་གང་བཟླ་བར་འདོད་པའི་སེམས་ [284b.7]དཔའ་རྣམས་ཀྱི་སྔགས་བཟླས་པར་བྱ་བ་བསྟན་ཏེ། གང་གི་ཕྱིར་དེ་ལས་ནི་ཞེས་པ། གང་གི་ཕྱིར་རྡོ་རྗེ་རྩེ་མོའི་རྒྱུད་ལས་ནི་དེ་བཞིན་གཤེགས་པའི་རིགས་ལ་བཟླས་བརྗོད་བྱེད་པའི་སྦྱོར་བ་ནི། ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དེ་བཞིན་གཤེགས་པའི་རིགས་བཟང་ལ། །ཞེས་ [285a] [285a.1]པ་དེ་བཞིན་གཤེགས་པའི་རིགས་ནི་ཉེས་པ་ཐམས་ཅད་དང་བྲལ་བའོ། །བཟླས་བརྗོད་བྱ་བའི་མཆོག་ཡིན་ཏེ། །ཞེས་པ་ནི། དེའི་བཟླས་བརྗོད་བྱ་བ་ནི། བཟླས་བརྗོད་ཐམས་ཅད་ཀྱི་ནང་ན་གོང་ན་མེད་པར་བསྟན་པའོ། །བཀྲ་ཤིས་སྐྱིལ་མོ་ཀྲུང་བཅས་ཏེ། །ཞེས་པ་ནི། [285a.2]འདུག་ཐབས་བསྟན་པའོ། །སངས་རྒྱས་དམིགས་པའི་སེམས་ཀྱིས་སུ། །ཞེས་པ་ནི་སངས་རྒྱས་རྣལ་འབྱོར་དུ་བྱ་བའི་ཏིང་ངེ་འཛིན་བསྐྱེད་པར་བྱ་བའོ། །བདག་ཉིད་བསམ་པ་ཤེས་རབ་ཅན། །ཞེས་པ། བསྒོམ་པའི་ཤེས་རབ་ལ་གནས་པ་དེ་ལྟར་བྱ་བ་སྟེ་གང་ཞེ་ན། ཀུན་མཁྱེན་སངས་ [285a.3]རྒྱས་རྟག་ཏུ་བདག །ཅེས་ཏེ། ཐམས་ཅད་མཁྱེན་པའི་སངས་རྒྱས་རྟག་ཏུ་བདག་གི་ལུས་ལ་བསམས་ནས་ཐ་མི་དད་པར་བྱ་ཞེས་པའོ། །གཙུག་ཏོར་ལ་སོགས་རང་གི་མཚན། །ཞེས་པ་ནི་ཆ་ལུགས་བསྟན་པ་སྟེ། དབུའི་གཙུག་ཏོར་བལྟར་མི་མཐོང་བ་ལ་སོགས་པ་མཚན་བཟང་པོ་ [285a.4]སུམ་ཅུ་རྩ་གཉིས་དང་ལྡན་པར་དམིགས་པའོ། །སངས་རྒྱས་སྙིང་པོར་བདག་འདུག་སྟེ། །ཞེས་པ་ནི། བྱང་ཆུབ་ཀྱི་ངོ་བོ་ལ་གནས་པར་བརྟག་པའོ། །སངས་རྒྱས་བདག་གོ་ཞེས་བསམ་པ། །ཞེས་པ་ནི་སངས་རྒྱས་བདག་གོ་ཞེས་ང་རྒྱལ་བསྐྱེད་པ་སྟེ། དེའི་དོན་ནི་འདི་ལྟ་སྟེ། བདག་ [285a.5]ཉིད་བཀྲ་ཤིས་ཀྱི་སྐྱིལ་མོ་ཀྲུང་དུ་འདུག་སྟེ། བསམ་པའི་ཤེས་རབ་ལ་གནས་ནས་བདག་ཉིད་སངས་རྒྱས་ཀྱི་སྐུར་དམིགས་པའི་སེམས་བསྐྱེད་ལ། རྟག་ཏུ་བདག་རང་གི་ལུས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན་པར་བསམས་ནས་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་དེ་བཞིན་ [285a.6]གཤེགས་པའི་ཐུགས་དང་བདག་གི་སེམས་དབྱེར་མེད་པར་ང་རྒྱལ་བསྐྱེད་ལ་བཟླས་བརྗོད་བྱ་བ་ནི་བཟླས་པ་ཐམས་ཅད་ཀྱི་ནང་ན་མཆོག་གོ་ཞེས་བསྟན་པའོ། །གར་མཁན་འཁོར་ལོ་བྱེད་པ་ནི། །ཞེས་པ་ནི། ཕྲིན་ལས་ཀྱི་དཔེ་སྟེ། རྒྱུ་རྐྱེན་ཚོགས་པ་ལས་ནུས་མཐུ་བྱུང་བར་བསྟན་ [285a.7]པའོ། །སངས་རྒྱས་རྣམས་ཀྱི་གར་ལས་བྱུང་། །ཞེས་པ་ནི་དོན་ཏེ། བྱང་ཆུབ་ཆེན་པོ་མངོན་རྟོགས་དང་། །ཞེས་པ་ནི། ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་ཀྱི་སླར་གྱུར་པས་ནི་བྱང་ཆུབ་ཆེན་པོ་སྟེ་དེ་ཉིད་མངོན་པར་རྟོགས་ཞེས་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ཞེས་པ་ནི། [285b] [285b.1]དོན་བཞི་དང་ལྡན་པ་ལན་གསུམ་དུ་བཟླས་ནས་བཅུ་གཉིས་དང་ལྡན་པར་བསྐོར་བའམ། ཆོས་ཀྱི་ཁམས་ལ་དགོངས་ནས་རྣམ་པ་གསུམ་དུ་བསྐོར་བའོ། །འདུལ་བའི་འགྲོ་བ་ལོངས་སྤྱོད་ཅེས་པ་ནི། འདུལ་བའི་འགྲོ་བ་རྣམས་ཆོས་ཀྱི་ལོངས་སྤྱོད་ལ་མཁས་པའི་སྤྱོད་པས་བསྡུ་བ་ [285b.2]སྟེ། ཚད་མེད་པ་བཞི་དང་། བསྡུ་བ་རྣམ་པ་བཞིས་བསྡུས་ནས་གྲོལ་བར་མཛད་པའོ། །གནས་ནི་ཡོངས་སུ་གྱུར་པ་ཡང་། །ཞེས་པ་ནི་དེའི་རྒྱུའི་ངོ་བོའི་གནས་བསྟན་པ་སྟེ། དེ་དག་ཀྱང་གཞན་ནས་འབྱུང་བ་མ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལེགས་པར་སྦྱངས་པ་ལས་ [285b.3]བྱུང་ཞེས་བསྟན་ཏོ། །བསོད་ནམས་ཡེ་ཤེས་རབ་རྫོགས་པ། །ཞེས་པ་ནི། ཚོགས་རྣམ་པ་གཉིས་ཏེ། དེ་རྫོགས་པའི་རྟགས་ནི་རང་གི་སེམས་ཀྱི་ངོ་བོ། ཟླ་བ་རྫོགས་པར་རྣམ་པར་བརྟག །ཅེས་བྱ་སྟེ། གནས་གང་དུ་ཞེ་ན། སྙིང་གའི་དབུས་སུ་འཇིགས་མེད་པ། ཞེས་ [285b.4]བྱ་སྟེ། ཆོས་ཇི་ལྟ་བ་མངོན་པར་རྟོགས་པའི་སྒོ་ནས་བག་ཚ་བ་མེད་པའི་དོན་དུ་གསུངས་ཏེ། འདི་དག་ནི་བཟླས་བརྗོད་ཀྱི་ཚུལ་བསྟན་པའོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རིགས་ལྔའི་ཡི་གེ་རྣམ་པར་བསྒོམ། །ཞེས་པ་ནི། ཟླ་བ་དེའི་དབུས་སུ་རིགས་ལྔ་ཆར་རམ། ཡང་ [285b.5]ན་གང་བསྒོམ་པར་འདོད་པ་དེའི་རིག་སྔགས་ཀྱི་ཡི་གེ་གསལ་བར་བརྟག་གོ་བར་བསྟན་ཏེ། དེའི་དོན་ཡང་འདི་ལྟ་སྟེ། སྔར་བསྟན་པ་ལྟར་ཕྱག་རྒྱ་ཆེན་པོ་གསལ་བར་འགྱུར་བ་དེ་ལས་བྱང་ཆུབ་ཆེན་པོར་མངོན་པར་རྟོགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གདུལ་ [285b.6]བའི་འགྲོ་བ་ལོངས་སྤྱོད་པར་མཛད་པའི་ཕྲིན་ལས་འཁོར་ལོ་དང་གར་གྱི་རྩོལ་བ་ལྟ་བུ་དེ་ཡང་གཞན་ནས་བྱུང་བ་མ་ཡིན་གྱི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་རྫོགས་པའི་ངོ་བོ་ལས་གྱུར་པ། རང་གི་སེམས་བརྟག་པ་ལས་གྱུར་པའི་ཀུན་ལས་འབྱུང་བས་ནི། [285b.7]ཚོགས་རྣམ་པ་གཉིས་རྫོགས་པའི་ངོ་བོ་སེམས་ཉིད་ཟླ་བའི་དཀྱིལ་འཁོར་ལྟ་བུར་སྙིང་གར་གནས་པར་བསམས་ལ། དེའི་སྟེང་དུ་རིགས་ལྔའམ་གཅིག་གང་རུང་སྟེ། གང་བསྒྲུབ་པར་འདོད་པ་དེའི་རིག་སྔགས་ཀྱི་ཡི་གེ་གཞག་པ་ཅི་ཙམ་མཚན་མ་བྱུང་གི་བར་དུ་བསྒོམ་མོ། ། [286a] [286a.1]ཞེས་གསུངས་པའོ། ད་ནི་དེ་ལྟར་བྱས་པའི་ཡོན་ཏན་བསྟན་པའི་ཕྱིར། འདི་འདྲ་བ་ཡི་ཚུལ་བཟང་པོས། །ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བྱ་བ་ནི་ཚུལ་བཟང་པོ་སྟེ། དེ་ལྟར་བྱས་ན་ཟླ་བ་ཕྱེད་ལས་ཕྱིར་མི་ [286a.2]འགྱངས་པར་འགྲུབ་པར་འགྱུར་རོ། །མཚམས་མེད་པ་ལྔ་དང་ལྡན་པ་ཞེས་པ་ནི་སྒྲུབ་པའི་ཚུལ་དང་མི་ལྡན་པ་སྟེ། ཕ་བསད་པ་ལ་སོགས་པའོ། །དེས་ཀྱང་བསྒྲུབས་ན་ལོ་གཅིག་ལས་མི་འཆི་བར་འགྲུབ་པར་འགྱུར། གཞན་དེ་ལྟ་བུའི་ཁ་ན་མ་ཐོ་བ་མེད་པ་རྣམས་ཀྱིས་ [286a.3]བསྒྲུབས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའོ། །ཡུན་ཅི་ཙམ་ཞེ་ན། རྣལ་འབྱོར་པ་ནི་ཆེན་པོ་ཡིས། །ངལ་བར་མ་གྱུར་བར་དུ་བཟླས། །ཞེས་པ་དག་སྟེ་དེ་ལྟ་བུའི་ཚུལ་དང་ལྡན་པ་དག་སྟེ། དེ་ནི་རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ཡིན་ཏེ། ཇི་སྲིད་ལུས་ངལ་ཞིང་ [286a.4]དུབ་པར་མ་གྱུར་གྱི་བར་དུ་ཅི་ནུས་པའི་ཚད་དུ་བཟླས་སོ། །ངལ་བར་གྱུར་ན་ཇི་ལྟར་བྱ་ཞེ་ན། ལུས་ནི་ངལ་བར་གྱུར་ན་ཡང་། །ཕྱག་རྒྱ་དགྲོལ་བར་བརྩམ་པར་བྱ། །ཞེས་གསུངས་ཏེ། གལ་ཏེ་ལུས་ངལ་ཞིང་དུབ་པའམ། ཏིང་ངེ་འཛིན་གྱིས་སྐྱོ་བས་སམ། བྱ་བ་གཞན་དག་གི་ [286a.5]ཕྱིར་གཏོང་འདོད་ན་འདི་ཉིད་ཀྱི་ཕྱིར་ཇི་སྐད་དུ་གསུངས་པ་བཞིན་དུ་ཕྱག་རྒྱ་དགྲོལ་བར་བརྩམས་ལ། ཅི་རིགས་པའི་ཆ་ལུགས་གཞན་དུ་གནས་པར་བྱའོ་ཞེས་གསུངས་སོ། །རྡོ་རྗེའི་རིགས་ཀྱི་བཟླས་བརྗོད་ནི། །ཕྱག་ན་རྡོ་རྗེ་བདག་ཉིད་དུ་བརྟགས་ན་ཞེས་པ་ནི། བདག་ཉིད་རྡོ་རྗེ་ [286a.6]སེམས་དཔའི་ཆ་ལུགས་གསལ་བར་བྱས་པའི་ངོ་བོར་གནས་པར་བྱས་ནས་དེའི་ངང་དུ་སེམས་མཉམ་པར་གཞག་པའོ། །སངས་རྒྱས་སྙིང་པོར་བདག་གནས་ཤིང་། །ཞེས་པ་ནི། ཆོས་ཀྱི་སྐུ་ལ་བྱ་སྟེ། རྡོ་རྗེ་སེམས་དཔའི་ཆ་ལུགས་སུ་བསྒོམ་པ་དེ་ཡང་ཆོས་ཀྱི་སྐུ་ལ་ [286a.7]གནས་པ་ལས་མ་གཡོས་བཞིན་དུ་དེ་ལྟར་སྣང་བར་རིག་པར་བྱའོ། །ཕྱག་ན་རྡོ་རྗེར་བདག་བརྟན་ཞིང་། །ཞེས་པ་སེམས་གཞན་གྱི་རྗེས་སུ་འབྲངས་པས་མི་འཕྲོགས་པར་དེ་ཁོ་ནའི་ནང་དུ་བསྒོམ་པ་སྟེ། ལྷ་དང་བདག་གཉིས་སུ་མེད་པའི་རྟོག་པ་བསྐྱེད་པའོ། །རང་ [286b] [286b.1]གི་སྙིང་པོ་འོད་གསལ་བ། །ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་ངོ་བོ་སྒྲིབ་པའི་ཚོགས་ཐམས་ཅད་དང་བྲལ་བས་འོད་གསལ་བ་སྟེ་ཟླ་བའི་དཀྱིལ་འཁོར་ལྟ་བུར་གནས་པར་བརྟགས་པ་ཡིན་པས་ན་ཟླ་བའི་དཀྱིལ་འཁོར་གྱིས་ཡོངས་སུ་བརྒྱན། [286b.2]ཞེས་བྱ་སྟེ་དེའི་དོན་ནི་ཇི་ལྟར་རྒྱན་གྱིས་བརྒྱན་ན་མཛེས་པར་འགྱུར་བ་དང་འདྲ་བར་སྐུ་བདག་དང་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའི་སྐུ་ཆོས་ཀྱི་སྐུའི་ངོ་བོ་ལས་མ་གཡོས་བཞིན་དུ་ཕྱག་རྒྱའི་མཚན་མ་གསལ་བར་སྣང་བ་དེ་ལས་ཐུགས་རྣམ་པར་དག་པའི་ངོ་བོ་ཟླ་བའི་དཀྱིལ་ [286b.3]འཁོར་གྱིས་ཡོངས་སུ་བརྒྱན་པའི་ཚུལ་དུ་ཐུགས་ཀ་ན་གནས་ཏེ། ཟླ་བའི་དབུས་ན་ཡང་ཡེ་ཤེས་ལྔའི་ངོ་བོ་རྡོ་རྗེ་རྩེ་ལྔ་པ། རྡོ་རྗེ་དེའི་ཆང་ཟུངས་ཀྱི་བུམ་པའི་ནང་དུ་ཡང་རང་གི་ཆོས་ཀྱི་ཡི་གེས་མཚན་པར་བསམས་ཏེ། འདི་ལྟ་བུའི་རྣལ་འབྱོར་ལ་གནས་ནས་རྡོ་རྗེའི་རིགས་ཆེན་ [286b.4]པོའི་བཟླས་བརྗོད་བྱའོ་ཞེས་བསྟན་ཏོ། །དམིགས་པ་དང་བཅས་པའི་བཟླས་བརྗོད་བྱ་བའི་ཐབས་རྡོ་རྗེ་རྩེ་མོ་ལས་གསུངས་པའི་དོན་བཤད་ཟིན་ཏོ། །ཡིད་ཀྱི་བཟླས་བརྗོད་གཉིས་ལས་མཚན་མའི་བཟླས་བརྗོད་བཤད་ཟིན་ཏོ།། །།ད་ནི་མཚན་མ་མེད་པའི་བཟླས་ [286b.5]བརྗོད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་ན། རྣལ་འབྱོར་པ་ཆོས་ལ་བདག་མེད་པར་ཤེས་པའི་བློ་ཅན་རྣམས་ལ་ནི་དོན་དམ་པའི་ཤེས་རབ་ཀྱི་རྣལ་འབྱོར་དེ་ཁོ་ན་ཉིད་བསྡུས་པ་དང་། རྡོ་རྗེ་རྩེ་མོ་ལས་བཟླས་བརྗོད་ཀྱི་བྱེ་བྲག་གཞན་བསྟན་པ་དེ་ཡང་འདིར་བཤད་པར་བྱའོ་ཞེས་བྱ་ [286b.6]བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ཆོས་ཐམས་ཅད་བདག་མེད་པར་ཤེས་པའི་བློ་ཅན་ཞེས་པ་ནི་རྣལ་འབྱོར་པ་བློ་ཡང་རབ་ཏུ་གྱུར་པས་ལུང་དང་རིགས་པའི་གཏན་ཚིགས་ཀྱི་ཆོས་ཐམས་ཅད་ལ་ཐེག་པ་འོག་མ་བས་བརྟགས་པའི་བདག་གཏན་ནས་མེད་པར་ [286b.7]ཤེས་པའི་བློ་ཅན་རྣམས་ཀྱིས་ནི་མཚན་མ་མེད་བ་གཙོར་བྱེད་ཀྱི་མཚན་མ་དང་བཅས་པ་ལ་གཙོར་མི་བྱེད་པས་ནི་དོན་དམ་པའི་ཤེས་རབ་ཀྱི་ངོ་བོ་མཚན་མ་མེད་པའི་རྣལ་འབྱོར་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་དང་། རྣལ་འབྱོར་རྒྱུད་ཀྱི་ལྷག་མར་གྱུར་པ་རྡོ་རྗེ་རྩེ་མོའི་ [287a] [287a.1]རྒྱུད་ལས་གསུངས་པའི་བཟླས་བརྗོད་ཀྱི་བྱེ་བྲག་མཚན་མར་བཅས་པ་ལས་གཞན་དུ་གྱུར་པ་མཚན་མ་མེད་པ་བསྟན་པ་དེ་ཡང་། སྒྲུབ་ཐབས་འདིར་བཤད་པར་བྱའོ་ཞེས་སློབ་དཔོན་གྱིས་གསུངས་སོ། །དེ་ལ་འདི་ནི་རེ་ཞིག་ཅེས་པ་དེ་ལྟར་རྒྱུད་རྣམ་པ་གཉིས་ལས་འབྱུང་ [287a.2]བའི་བཟླས་བརྗོད་བསྟན་པར་བྱའོ་ཞེས་སྨྲས་པ་དེ་ལས་རེ་ཞིག་འདིར་ནི་དང་པོར་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་བཟླས་བརྗོད་ཀྱི་ཐབས་དེ་བསྟན་པར་བྱས་ཏེ། གང་ཞེ་ན། དང་པོ་རེ་ཞིག་རྣལ་འབྱོར་པས་སྔ་མ་བཞིན་དུ། བདག་དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་ [287a.3]པར་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་དག་གསུངས་ཏེ། བདག་ཉིད་དམ་ཚིག་སེམས་དཔར་བསྒོམ་པའི་རིམ་པ་སྔར་བསྟན་པ་བཞིན་དུ་བྱ་སྟེ། ཕྱི་ནང་གི་མཆོད་པའི་བྱེ་བྲག་གིས་མཆོད་ལ་མདུན་དུའང་རང་གང་བསྒོམ་པའི་ལྷའི་གཟུགས་བསམས་ཏེ། དེ་དག་གི་ཐུགས་ཀར་ཡང་ [287a.4]ཟླ་བ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཡི་གེ་བཞག་ལ་དེ་ནས་ལུང་དང་རིགས་པའི་གཏན་ཚིགས་ཀྱིས་རྣམ་པར་གཞིགས་ཤིང་བརྟགས་ཏེ། བདག་ཉིད་དམ་ཚིག་སེམས་དཔར་བསྒོམ་པ་དེ་དག་གི་མདུན་དུ་ལྷ་ཡེ་ཤེས་སེམས་དཔའ་དང་། དེ་དག་གི་ཐུགས་ཀར་བཟླས་ [287a.5]བརྗོད་བྱ་བའི་ཟླ་བ་དང་། དམ་ཚིག་གི་ཕྱག་རྒྱ་དང་ཆོས་ཀྱི་ཡི་གེ་ཇི་ལྟར་བསམ་པ་དེ་རྣམས་མ་སྐྱེས་ཤིང་རང་བཞིན་མེད་པར་བསྒོམ་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་མངོན་དུ་བྱས་ལ་ཞེས་པ་བདག་དང་ལྷ་ཡན་ལག་དང་བཅས་པ་མ་སྐྱེས་པའི་སྒོ་ནས། ཕྱི་ནང་གི་ཆོས་ [287a.6]ཐམས་ཅད་ཀྱང་མ་སྐྱེས་པ་ཉིད་དུ་མོས་པ་མངོན་དུ་བྱས་ལ། རང་གི་སེམས་ཀྱི་གནས་སྲོག་དང་རྩོལ་བ་གཉིས་ཡན་པར་མི་གཏོང་ཞིང་ནང་དུ་བཀག་སྟེ། བདག་དང་ལྷ་དང་ཕྱི་ནང་གི་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་དང་བྲལ་བའི་སེམས་ཀྱིས་བདག་དམ་ཚིག་སེམས་ [287a.7]དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་མདུན་དུ་བསམ་པ་དང་། བཟླས་བརྗོད་བྱ་བའི་ཡི་གེ་རྣམས་ནམ་མཁའ་དང་འདྲ་བར་ཡིད་ལ་བྱ་ཞིང་། དེ་ལྟར་མཚན་ཉིད་མེད་པར་དམིགས་པ་དེའི་ངང་ལ་གནས་བཞིན་དུ་རང་གི་རྣལ་འབྱོར་འོད་གསལ་བའི་ངོ་བོ་ཙམ་དུ་ཆ་ཕྲ་བའི་ [287b] [287b.1]ངོ་བོར་བརྟགས་ནས་ཡིད་ལ་གནས་པའི་རྣམ་པ་ཙམ་དུ་བརྗོད་པའི་མཚན་ཉིད་ཉེ་བར་བཟུང་བའི་ཡིད་ཀྱིས་བཟླས་བརྗོད་ཇི་ལྟར་བྱ་བའི་མཚན་ཉིད་སྔར་ཇི་སྐད་གསུངས་པ་དང་རྗེས་སུ་མཐུན་པར་བཟླས་བརྗོད་བྱའོ། །དེ་ལ་ཡིད་ལ་ནང་དུ་བརྗོད་པའི་མཚན་ཉིད་ཡིད་ཀྱི་བཟླས་བརྗོད་ [287b.2]ཅེས་བྱ་བ་ནི། ཅུང་ཟད་འོད་གསལ་བའི་ངོ་བོ་ཙམ་དུ་ཆ་ཕྲ་བར་སྣང་བར་རྟག་པའི་མཚན་ཉིད་ལ་ནི་ཡིད་ལ་བཟླས་བརྗོད་ཅེས་བྱའོ། །རིགས་དང་རྗེས་སུ་མཐུན་པའི་ཇི་སྐད་དུ་གསུངས་པའི་ཚིག་གི་མཚན་ཉིད་ཀྱི་ཞེས་པ་ནི་རིགས་བཞིའི་བཟླས་བརྗོད་བྱ་བའི་མཚན་ཉིད་སྔར་གསུངས་ [287b.3]པའི་སོ་སོའི་སྙིང་པོ་སྒྲ་ཙམ་ལ་གནས་ཏེ་བཟླས་བརྗོད་བྱའོ། །རང་གི་ལྷའི་ཆོས་ཀྱི་སྐུ་ལ་མོས་པས་ཞེས་པ་ནི། ཆོས་ཀྱི་སྐུ་ནི་མཚན་མ་མེད་པ་སྟེ། དེ་དང་རྗེས་སུ་མཐུན་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་ཡང་ནས་ཡང་དུ་འདྲིས་པ་དང་། གོམས་པར་བྱེད་པ་ལ་ [287b.4]མཚན་མ་མེད་པའི་བཟླས་བརྗོད་ཅེས་གདགས་སོ། །དབུགས་འབྱིན་ན་ཡང་ཞེས་པ་ནི། ཏིང་ངེ་འཛིན་དེ་ལྟ་བུ་ལ་གནས་ནས་དབུགས་འབྱིན་ནའང་སྣའི་ནང་ན་གནས་པའི་རླུང་ཕྲ་མོ་བྱུང་བ་ཚོར་བར་བྱས་ལ་ཕྱི་རོལ་དུ་བཏང་སྟེ། ཇི་ལྟར་མོས་པ་རང་གི་ལྷ་སྔར་མདུན་དུ་ [287b.5]བསམས་པ་དེ་ཡང་གློག་འབྱུང་བ་ཙམ་གྱི་ངོ་བོར་ཡིད་ཀྱིས་བརྟག་ཅིང་རྗེས་སུ་དྲན་པ་མངོན་དུ་བྱས་ལ་ཡང་། དེ་བཞིན་དུ་བགས་ཀྱིས་སྲོག་དང་དབུགས་སླར་བསྡུས་པའི་ཚུལ་དུ་རྩོལ་བའི་དྲན་པ་དང་། སྲོག་གི་རླུང་དུ་བཅས་པའི་སེམས་ཀྱི་རྟ་ནམ་མཁའ་དང་མཉམ་ [287b.6]པར་མི་དམིགས་པར་ཏིང་ངེ་འཛིན་གྱིས་བཅིངས་ཤིང་། ནང་དུ་རང་བཞིན་གྱིས་ཞི་བར་བྱས་ནས་དེ་བཞིན་དུ་སོ་སོར་སྣང་བ་ཐམས་ཅད་དང་བྲལ་བ་ཞེས་པ། མཚན་མའི་རྣམ་པར་རྟོག་པ་དང་བྲལ་ཞིང་མཚན་མ་མེད་པ་ལ་འདྲིས་ཤིང་གོམས་པར་བྱ་བ་ཁོ་ནས་བཟླས་བརྗོད་ [287b.7]བྱ་བར་བཤད་དོ། །ཡང་ན་བདག་དང་ལྷ་དང་ཞེས་པ་གང་གི་རྣམ་པ་ལས་གཞན་དུ་བསྟན་པ་སྟེ། སེམས་རྟག་པ་ལ་སོགས་པ་ལྔ་མངོན་པར་བྱང་ཆུབ་པའི་རིམ་པས་རང་ལྷའི་ཕྱག་རྒྱར་བསྒོམ་སྟེ། མདུན་དུ་ཡང་རང་གི་ལྷ་ཉིད་བསམས་ལ། དེ་དག་གི་ཆ་ལུགས་དང་ [288a] [288a.1]སྙིང་གར་གནས་པའི་ཟླ་བ་དང་། དམ་ཚིག་གི་ཕྱག་རྒྱ་དང་ཡི་གེ་ལ་སོགས་པ་གསལ་བར་བསམས་ནས། དེ་ལྟར་གསལ་བ་དང་། དེ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ལྟར་བདག་མེད་པར་མོས་པའི་རྣལ་འབྱོར་མངོན་སུམ་དུ་བྱས་ལ། གལ་ཏེ་ [288a.2]དེ་ལ་སེམས་སྐྱོ་བར་གྱུར་ན་སྙིང་རྗེ་ཆེན་པོས་འགྲོ་བ་མི་གཏོང་བའི་སེམས་ཀྱིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་ལངས་ཏེ། སྔར་བསྟན་པ་དེ་བཞིན་དུ་བདག་དང་མི་གཉིས་པར་གྱུར་པ། རང་གི་ལྷ་མདུན་ན་གནས་པ་དྲན་པར་བྱས་ཏེ། ལྷ་དེའི་སྙིང་པོ་བཟླས་ཤིང་། བཟླས་ [288a.3]པའི་དོན་དེས་ལྷའི་སྐུ་ཕྱག་རྒྱར་བསྒོམས་ཤིང་དབུགས་འབྱིན་པ་ཡང་སྣའི་ནང་ན་གནས་པའི་རླུང་ཕྲ་མོ་འབྱུང་བའི་རིམ་པ་མྱང་བར་བྱས་ཏེ། ཕར་བཏང་བ་ཡང་མདུན་གྱི་ལྷ་རྗེས་སུ་དྲན་པར་བྱས་ཏེ། སླར་བསྡུ་བ་ཡང་སྔ་མའི་ཚུལ་དུ་བྱས་པས་ན། རྣལ་འབྱོར་སྔ་མའི་རིམ་པ་ཉིད་ [288a.4]ཀྱིས་བཟླས་བརྗོད་བྱའོ་ཞེས་སོ། །རྒོལ་བ་པ་གཞན་དག་ན་རེ་འདི་ལྟར་བཟླས་བརྗོད་ཀྱི་རྣམ་པའི་མཚན་ཉིད་མི་མཐུན་པར་སྟོན་པ་ལ་དགོས་པ་ཅི་ཡོད་ཅེ་ན། དོན་དམ་པའི་ཤེས་རབ་སྦྱོར་བ་འདི་ཐ་དད་པ་མེད་ཀྱི། འོན་ཀྱང་རྒྱུད་འདི་ལ་མོས་པའི་འདུལ་བའི་སྐྱེ་བོ་རྣམས་གཟུང་ [288a.5]བའི་ཕྱིར་ཐ་དད་པ་བཞིན་དུ་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་སྒྲུབ་པའི་ཕྱིར་སོ་སོར་གསུངས་པར་རིག་པར་བྱའོ་ཞེས་གསུངས་ཏེ། དོན་དམ་པར་ཤེས་རབ་ཀྱི་སྦྱོར་བ་མི་དམིགས་པའི་ཚུལ་དུ་བྱེད་པ་འདི་ལ་སྟོང་པ་ཉིད་ཀྱི་ངོ་བོར་མཚུངས་པའི་ཕྱིར་ཐ་དད་ [288a.6]པ་མ་ཡིན་མོད་ཀྱི། འོན་ཀྱང་འདི་ལྟར་མི་མཐུན་པའི་རྣམ་པ་ལྟར་བསྟན་པ་ནི་གདུལ་བྱའི་ཁམས་དང་བག་ལ་ཉལ་དང་མོས་པ་ཐ་དད་པ་དག་ཡོད་པས་ན། དེ་དག་རང་གི་རྟོག་པ་དང་མཐུན་པའི་སྒོ་ནས་གཟུང་པའི་ཕྱིར་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པར་རྣམ་པར་ཕྱེ་ནས་ཀྱང་ [288a.7]བསྟན་ལ། དེ་དག་གི་བཟླས་པའི་བྱེ་བྲག་ཀྱང་ཐ་དད་པའི་ཚུལ་དུ་བསྟན་པར་རིག་པར་བྱ་སྟེ། ཉེས་པ་མེད་དོ་ཞེའོ། །རེ་ཞིག་སྙིང་པོ་སྒྲུབ་པའི་རྣལ་འབྱོར་གྱི་སྐབས་སུ་ཞེས་པ་རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་ཅེས་བྱའོ། །ཁ་ཞེས་བྱ་བ་དེའི་དོན་ཀྱང་འདི་ཁོ་ནར་རིག་པར་བྱའོ། །བདག་ [288b] [288b.1]དང་མི་གཉིས་པར་གྱུར་པའི་དམ་ཚིག་སེམས་དཔར་སྣང་བ་གསལ་ཏེ། ཞེས་པ་ཡི་གེ་ཨའི་དོན་གྱིས་དམ་ཚིག་སེམས་དཔར་བསྒོམ་པའི་གཟུགས་སྣང་བ་མི་དམིགས་པར་བྱས་ཏེ། མདུན་ན་བསམས་པའི་ཡེ་ཤེས་སེམས་དཔའ་སྣང་བ་ཡང་མི་དམིགས་པར་བྱ་སྟེ། ཚུལ་འདི་ [288b.2]ལྟར་བྱ་བ་ཡང་བདག་དང་ལྷ་དང་རིག་སྔགས་དང་། གསང་སྔགས་བཟླས་བརྗོད་བྱེད་པའི་ཡི་གེ་རྣམས་ཀྱང་སྟོང་པར་བསྒོམ་ཞིང་། ཟླ་བའི་མཚན་ཉིད་དེ་ཤེས་རབ་ཀྱི་སྒོ་རྟོགས་པའི་དོན་དེ་ཉིད་དོ། །ཁྱད་པར་དུ་སྙིང་པོ་ཤེས་རབ་ཀྱི་ལུང་ནི་ཞེས་པ། ཁྱད་པར་དུ་སྙིང་པོ་མི་དམིགས་ [288b.3]པར་བཟླ་བ་ནི། སྙིང་པོ་ཤེས་རབ་ཀྱི་ལུང་སྟེ། ཨའི་དོན་གྱིས་ཞེས་པ། ཨ་སྟོང་པ་ཉིད་ཀྱི་དོན་གྱིས་བདག་དང་ལྷ་དང་བཟླས་བརྗོད་བྱ་བའི་སྔགས་ཀྱི་ཡི་གེ་རྣམས་སྟོང་པར་བསྒོམ་པར་བྱ་བར་བཤད་པ་དང་། ཏིང་ངེ་འཛིན་གྱི་སྒྲའི་བྱེ་བྲག་ཅེས་པ་དེ་ལྟར། ཨ་ཡི་དོན་གྱིས་ [288b.4]སྟོང་པ་བསྒོམ། །ཞེས་བརྗོད་པར་ཟད་ཀྱི་དེའི་རྗེས་ལ་ཏིང་ངེ་འཛིན་འདི་ལྟར་བྱ་ཞེས་པའི་ཚིག་གི་བྱེ་བྲག་ཏུ་ཕྱེ་བའི་སྒྲ་ཡང་མ་སྨོས་པ་ཇི་ལྟར་དོན་འདི་དག་བློས་གཞིགས་ན་ཞེས་པ། ཇི་ལྟར་ལྷ་ལ་སོགས་པའི་རྣམ་པ་འདི་ཤེས་རབ་ཀྱི་བློས་རྣམ་པར་གཞིགས་ན། [288b.5]མཚན་མའི་རྣམ་པ་མེད་པ་ནི་ནང་སྟོང་པ་ཡིན་པ་དེ་བཞིན་དུ། ཕྱི་ནང་གི་ཆོས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་གཡོ་བ་དང་མི་གཡོ་བ། གཟུང་བ་དང་འཛིན་པར་རྟོག་པའི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་ཞིང་དམིགས་པ་མེད་དེ། དེ་ལྟ་བུར་ [288b.6]སྟོང་པའི་ངོ་བོར་རྟོགས་པ་ལ། འཇུག་པའི་རིམ་པ་ལ་ནི་རྣམ་པར་རྟོག་པ་ཞེས་བྱ་སྟེ། རྣམ་པར་རྟོག་པ་དེ་གཅིག་ནས་གཅིག་ཏུ་བསྒྱུར་བའི་མཚན་ཉིད་དང་། ཨ་ལ་སོགས་པའི་ཇི་སྐད་དུ་གསུངས་པའི་ཞེས་པ་ཨ་སྟོང་པ་ཉིད་ཀྱི་དོན་གྱིས། བདག་དང་ལྷ་དང་། ཕྱི་ནང་གི་ [288b.7]ཆོས་ཐམས་ཅད་སྔར་ཇི་སྐད་གསུངས་པའི་རང་བཞིན་མེད་པ་སྟོང་པ་ཉིད་དུ་རྣམ་པར་འབྱེད་པས་དེ་བཞིན་དུ་རྟོགས་པར་བྱས་པའི་ཤེས་རབ་སྐྱེ་ཞིང་མཆོད་པར་བྱེད་པས་འབར་བའི་མེ་སྔ་མས་རྟོག་པ་འདས་ཤིང་ཕྱི་མ་ཕྱི་མས་རྗེས་སུ་འབྱུང་བས་ཕྱི་ནང་གི་དངོས་པོ་རྣམས་ཀྱི་ [289a] [289a.1]མཚན་ཉིད་རྣམས་ལ་སོ་སོར་འཇུག་པའི་རྣམ་པར་རྟོག་པའི་རིག་པ་མ་ཞི་བས། མ་རིག་པའི་མུན་པ་སེལ་བར་བྱེད་པ་སྟེ། དེ་ལྟ་བུའི་འདུལ་བའི་འགྲོ་བ་ཞེས་པ་དེ་ལྟ་བུའི་ཚུལ་གྱིས་འདུལ་བར་འགྱུར་བའི་འགྲོ་བ་རྣམས་དབང་དུ་བྱས་ཏེ། རྣམ་པར་རྟོག་པ་དང་ [289a.2]བཅས་པའི་ཤེས་རབ་ཉིད་ཅེས་པ། སྙིང་པོ་བསྒྲུབ་པ་ཤེས་རབ་ཀྱི་ལུང་རྣམ་པར་རྟོག་པ་དང་བཅས་པའི་ཤེས་རབ་ཉིད་གཙོར་གསུངས་པས་དེ་ལྟར་བསྟན་པ་རིག་པར་བྱའོ། །ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་སྒྲུབ་པའི་ཤེས་རབ་ཀྱི་ལུང་ནི་ཞེས་པ། སྙིང་ [289a.3]པོ་སྒྲུབ་པའི་ཤེས་རབ་ཀྱི་ལུང་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་སྒྲུབ་པ་ཤེས་རབ་ཀྱི་ལུང་དང་གསང་སྔགས་སྒྲུབ་པ་ཤེས་རབ་ཀྱི་ལུང་དང་། རིག་སྔགས་སྒྲུབ་པ་ཤེས་རབ་ཀྱི་ལུང་ནི། ཏིང་ངེ་འཛིན་གྱི་ཚིག་ཁྱད་པར་སྨོས་པས་ཞེས་པ་ནི་སྙིང་པོ་ཤེས་རབ་ཀྱི་ལུང་ལས་ཏིང་ངེ་འཛིན་གྱི་ [289a.4]ཁྱད་པར་དུ་སྨོས་པས། ཆོས་བདག་མེད་པའི་མཚན་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ལ་རྩེ་གཅིག་ཏུ་དམིགས་པའི་སྒོ་ནས་རྣམ་པར་རྟོག་པ་མི་འབྱུང་སྟེ། རྣམ་པར་མི་རྟོག་པའི་ཕྱིར། ཞི་གནས་དང་ལྷག་པ་ཉིད་དུ་བསྟན་ཏོ་ཞེས་སློབ་དཔོན་མཁས་པ་རྣམས་ཀྱིས་བཤད་དོ། ། [289a.5]དེ་བཞིན་དུ་ཡང་ཕྱག་རྒྱ་དང་གསང་སྔགས་བཟླས་བརྗོད་བྱ་བའི་བསྡུས་པ་ལས་དེ་བཞིན་གཤེགས་པའི་རིགས་སྒྲུབ་པ་ནི་སྙིང་པོ་སྒྲུབ་པ་སྟེ། དེ་རང་བཞིན་མེད་པར་སྟོན་པས་ན། ཤེས་རབ་ཀྱི་རྣལ་འབྱོར་ཞེས་བྱ་སྟེ། དེ་བཤད་པའི་སྐབས་སུ། ཡི་གེ་ཨ་ལ་འཇུག་པ་ཡིས། ། [289a.6]ཡི་གེ་ཐམས་ཅད་རྣམ་པར་བསྒོམ། །རང་གི་ཁ་ནས་གཞན་གྱི་ཁར། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། དེ་ལ་ཡི་གེ་ཨ་ནི་ཆོས་ཐམས་ཅད་མ་སྐྱེས་པར་དོན་མཚོན་པ་སྟེ། སརྦ་དྷརྨ། ཨ་ཨ་ནུད་པ་ཏཾ། ཞེས་བྱ་བའི་སྒྲས་ཆོས་ཐམས་ཅད་སྟོང་ [289a.7]པ་ཉིད་ཅེས་ཟེར་ཏེ། ཨའི་དོན་ནི་སྐྱེ་བ་མེད་པ་ཡིན་པས་ཡི་གེ་ཨ་ལ་ནི་སྐྱེ་བ་མེད་པས་ཁྱབ་ལ། ཨ་སྐྱེ་བ་མེད་པས་ཀྱང་ཆོས་ཐམས་ཅད་ལ་ཁྱབ་ལ། མ་སྐྱེས་པའི་ཕྱིར་ན་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་གསུངས་སོ། །ཡི་གེ་ཐམས་ཅད་རྣམ་པར་བསྒོམ། །ཞེས་པ་ནི། དེ་ལྟར་ཡི་གེ་ཨ་ནི་ཡི་གེ་ཐམས་ཅད་ལ་ཡང་ [289b] [289b.1]ཁྱབ་སྟེ་ཇི་ལྟར་ཡི་གེ་ཨ་མ་སྐྱེས་པ་བཞིན་དུ་ཡི་གེ་ཐམས་ཅད་ཀྱང་མ་སྐྱེས་པ་ཡིན་པར་སྟོན་ཏོ། །དེ་བས་ན་བཟླས་བརྗོད་བྱ་བའི་ཡི་གེ་རྣམས། ཆོས་བདག་མེད་པར་བྱ་བའི་རིགས་པས་སྟོང་པར་བསྒོམ་ཞིང་། རང་བཞིན་མེད་པར་གཞིག་པ་དང་། མི་སྣང་བར་བྱའོ་ཞེས་སྟོན་ [289b.2]ཏོ། །དེ་ལྟར་ཡི་གེ་ཨ་མ་སྐྱེས་པའི་དོན་གྱིས་ཡི་གེ་ཐམས་ཅད་མི་དམིགས་པ་འབའ་ཞིག་མ་ཡིན་གྱིས་བདག་དང་ལྷའི་རྣམ་པར་སྣང་བའི་རྟོག་པ་དག་ཀྱང་སྟོང་པར་བསྒོམ་པར་བྱ་སྟེ། དེ་ལ་ནི་དེ་བཞིན་དུ་ཀློག་པར་བྱ་ཞེས་བྱའོ། །རང་གི་ཁ་ནས་གཞན་གྱི་ཁར། །ཞེས་པ་ནི་ཁ་ནི་ [289b.3]འཇུག་པ་དང་སྒོ་ཞེས་བྱ་བར་དོན་གཅིག་པ་སྟེ། དེ་བས་ན་རང་གི་ཁ་ནི་རང་གི་འཇུག་པའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གྱུར་ཏེ་ཞེས་པ། ཡི་གེ་ཨའི་འཇུག་པ་ཞེས་པ་ནི། ཨའི་དོན་མ་སྐྱེས་པ་ཡིན་ལ། ཡི་གེ་ཨའི་འཇུག་པ་མ་སྐྱེས་པས་བདག་ཀྱང་འཇུག་ཅིང་སྣང་བ་མེད་དེ། མ་སྐྱེས་པར་རྟོགས་པར་ [289b.4]བྱའོ། །དེ་ནས་བདག་གི་འཇུག་པ་ཞེས་བྱ་བ་བདག་ཉིད་མ་སྐྱེས་པའི་མཚན་ཉིད་ཀྱིས་འཇུག་པས། བདག་ཇི་ལྟ་བ་བཞིན་དུ་རང་གི་ལྷ་ལ་སོགས་པ་མཚན་མར་སྣང་བའི་རྟོག་པ་ཡང་། ཡི་གེ་ཨ་འཇུག་པ་ཉིད་ཀྱིས་རང་བཞིན་མེད་པའམ་མ་སྐྱེས་པར་སྟོན་པས་ན་གཞན་གྱི་ [289b.5]ཞེས་བྱའོ། །ཨའི་དོན་གྱི་བདག་རྣམ་པར་བསྒོམ་པའི་དེ་མ་ཐག་ཏུ། རང་གི་ལྷར་སྣང་བ་མེད་པར་བྱའོ་ཞེས་པ་ཨ་རང་བཞིན་མེད་ཅིང་མ་སྐྱེས་པའི་དོན་གྱིས་ཡི་གེ་ལ་ཁྱབ་ལ། ཨ་དང་ཡི་གེ་ཐམས་ཅད་མ་སྐྱེས་པའི་སྒོས་བདག་ཀྱང་མ་སྐྱེས་ཤིང་སྟོང་ལ། བདག་སྟོང་པར་གྱུར་པའི་སྒོ་ [289b.6]ནས་རང་གི་ལྷ་མདུན་དུ་བསྒོམ་པའམ། ལྷར་སྣང་བ་མེད་པ་སྟོང་པ་ཉིད་ཀྱི་ངོ་བོར་རྟོགས་པར་བྱའོ་ཞེས་བསྟན་པའོ། །འདི་ནི་རེ་ཞིག་སྙིང་པོ་བཟླས་བརྗོད་བྱེད་པའི་ལུང་ངོ་ཞེས་པ་སྙིང་པོ་བཟླས་བརྗོད་བྱེད་པ་མི་དམིགས་པའི་སྒོ་ནས་མཚན་མ་མེད་པའི་ཚུལ་དུ་སྟོན་པས་ན་ཤེས་རབ་ [289b.7]ཀྱི་ལུང་ཞེས་བྱའོ། །ཡང་ན་ཁ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཞེས་པ། མུ་ཁ་ཞེས་བྱ་བའི་སྒྲས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་རྣམས་ཀྱིས་རྣམ་པར་གྲོལ་བའི་སྒོ་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་གྱུར་ལ་ཡིན་པར་འདོད་པས་ན། སྐབས་འདིར་དེ་ཡིན་པར་ [290a] [290a.1]གཟུང་ངོ་། དེ་ཡང་གང་ཞེ་ན། དམ་ཚིག་སེམས་དཔའི་མངོན་པར་བྱང་ཆུབ་པ་ལྟ་བའི་ཚུལ་དུ་བསྐྱེད་པ་དང་། དེ་དང་འདུ་བའི་ཡེ་ཤེས་སེམས་དཔའི་ཕྱིར་རོལ་དུ་བསྒོམ་པ་ལ་ནི། བདག་གི་ཁ་དང་གཞན་གྱི་ཁ་སྐབས་སུ་ཤེས་རབ་ཀྱི་ལུང་ཡང་ཞེས་པ་ནི་སྔ་མ་བསྟན་པ་དེ་ [290a.2]བཞིན་དུ་ཕྱག་རྒྱ་བསྒོམ་ཞིང་བཅིང་བ་དང་། གསང་སྔགས་བཟླས་བརྗོད་བྱེད་པའི་སྐབས་སུ་ཤེས་རབ་ཀྱི་ལུང་འདི་ལྟར་ཤེས་པར་བྱ་སྟེ་གང་ཞེ་ན། ཤེས་རབ་ངེས་པར་འབིགས་ཞེས་བྱ། ཏིང་ངེ་འཛིན་ཞེས་གྲགས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་ཡང་འདི་ལྟ་ [290a.3]སྟེ། ཤེས་རབ་ངེས་པར་འབིགས་ཞེས་བྱ། །ཞེས་པ་ནི་རབ་ཏུ་ཤེས་པའི་ཕྱིར་ན་ཤེས་རབ་སྟེ། ཤེས་རབ་དེས་དོན་དམ་པ་ལ་འབིགས་པར་བྱེད་པས་ན་ངེས་པར་འབིགས་པ་ཞེས་བྱ་སྟེ། སྟོང་པ་ཉིད་དུ་མོས་པ་ལ་དམིགས་པ་རྩེ་གཅིག་པས་སྟོང་པ་ཉིད་ཇི་ལྟ་བ་བཞིན་རྟོགས་པའི་ [290a.4]མཚན་ཉིད་དུ་བསྟན་པའོ། །ཕྱག་རྒྱ་སྒྲུབ་པའི་ཤེས་རབ་དེ་ཡང་དེ་ལས་གཞན་པའི་ཤེས་རབ་ཀྱི་ལུང་གསུམ་ལས་ཁྱད་པར་དུ་བསྟན་ཏེ། ཞེས་པ་ནི་ཕྱག་རྒྱ་སྒྲུབ་པ་ཤེས་རབ་ཀྱི་ལུང་ནི་སྙིང་པོ་དང་། གསང་སྔགས་དང་རིག་སྔགས་སྒྲུབ་པའི་ཤེས་རབ་ལུང་དང་གསུམ་ལས་ [290a.5]ཁྱད་པར་བཤད་དེ། ཇི་ལྟར་ངེས་པར་འབིགས་ཞེས་པ་ནི། རྟོགས་པ་དེ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་མཚན་ཉིད་དོན་དམ་པ་ལ་དམིགས་པའོ་ཞེས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ནས་དེའི་ངང་ལ་གནས་པ་ལ་དམིགས་པ་བཞིན་དུ་མི་འགྱུར་བའོ། ། [290a.6]དེ་ལས་གཞན་པ་རྣལ་འབྱོར་པ་རྣམས་ཀྱི་ནི་ཞེས་པ་ནི་ཕྱག་རྒྱ་ལས་གཞན་པ་སྙིང་པོ་དང་གསང་སྔགས་དང་། རིག་སྔགས་སྒྲུབ་པའི་ཤེས་རབ་ཀྱི་ལུང་སྟེ། དེ་ཁོ་ན་ཉིད་མ་རྟོགས་པར་དམིགས་པས་ཞེས་པ་ནི་དེ་དག་གི་ལྷག་མཐོང་དང་། མཚན་མ་ཆེ་བར་དམིགས་པས་དེ་ཁོ་ [290a.7]ན་ཉིད་སྟོང་པ་ཆེན་པོ་མི་འགྱུར་བའི་ཆོས་ཀྱི་དབྱིངས་སུ་མ་རྟོགས་པས་ཆོས་ཐམས་ཅད་བདག་མེད་པའི་རིགས་པ་དང་ལུང་ལས་འགལ་ཞེས་པ་དེ་ལྟར་མཚན་མ་ཅན་དུ་རྟོགས་པ་དེ་ནི་ལུང་དང་རིགས་པས་ཆོས་ཐམས་ཅད་བདག་མེད་པར་རིགས་པ་དང་། ལུང་ལས་འགལ་ཞེས་ [290b] [290b.1]པ་དེ་ལྟར་མཚན་མ་ཅན་དུ་རྟོག་པ་དེ་ནི་ལུང་དང་རིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་བདག་མེད་པའི་རིགས་པ་དང་འགལ་ཏེ་མི་མཐུན་པར་གྱུར་པའི་ཕྱིར་ན། ལུས་གསུམ་ལས་འདི་ཁྱད་པར་དུ་བསྟན་ཏོ། །དེ་བས་ན་ཕྱག་རྒྱས་བཟླས་བརྗོད་བྱེད་པ་ཞེས་པ། དེ་ལྟར་ཁྱད་པར་དུ་ [290b.2]བསྟན་པའི་གཏན་ཚིགས་དེ་བས་ནི། ཕྱག་རྒྱ་བཟླས་བརྗོད་བྱེད་པས་བདག་དང་ལྷ་དང་བཟླས་བརྗོད་ཀྱི་ཡི་གེ་གསུམ་བདག་མེད་པ་སྟེ། སྟོང་པ་ཉིད་ཀྱི་ངོ་བོར་མོས་པར་བྱ་སྟེ་ནམ་མཁའ་དང་མཉམ་ཞིང་དབྱེར་མེད་པར་དམིགས་ནས། རབ་ཏུ་རྣམ་པར་ཕྱེ་བའི་རྣམ་པར་རྟོག་པ་ཞེས་པ། [290b.3]ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་རྟོག་དཔྱོད་ཅན་གྱིས་ཤེས་པར་བཀག་ནས། ཐིག་ལེ་ཟད་ཅིང་མཉམ་པར་གཞག །ཅེས་པ་ནི་རྟོག་དཔྱོད་ཅན་པས་ན། ནམ་མཁའ་དང་མཉམ་རྣལ་འབྱོར་གྱིས། །ཞེས་གསུངས་པ་ཡིན་ནོ། །དེས་ནི་མཚན་མ་རྣམ་པར་སྤངས་པ་ན་ [290b.4]བླང་བ་དང་དོར་བའི་སྐབས་དབྱེ་བ་མེད་དེ། གྲུབ་དང་མ་གྲུབ་པ་ཞེས་ཆ་ཤས་སུ་བྱ་བ་མེད་པས་ན། ཐམས་ཅད་མྱུར་དུ་འགྲུབ་པར་བྱ། །ཞེས་གསུངས་སོ། །དེ་ལྟ་བུའི་རྣལ་འབྱོར་པས་བསྒྲུབས་ན་གྲུབ་པའི་འབྲས་བུ་ཆུད་མི་ཟ་ཞིང་གང་འདོད་པ་དེ་བཞིན་དུ་ཐོབ་པས་ན། དོན་ [290b.5]ཡོད་པར་ནི་གྲུབ་པའི་མཆོག །ཅེས་བྱ་སྟེ། འདིར་མཆོག་ཅེས་སྨོས་པ་ནི་གྲུབ་པའམ་མ་གྲུབ་པ་རྣམས་ཀྱི་ནང་ན་རབ་ཏུ་གྱུར་པ་བསྟན་པའོ། །དེ་ལ་ཕས་ཀྱི་རྒོལ་བ་རྣམས་ཀྱིས་སྐབས་མི་ཕྱེད་ཅིང་། གཞན་གྱི་སྦྱོར་བ་ཐམས་ཅད་རང་བཞིན་གྱིས་འཇིག་པར་འགྱུར་ནུས་པས་ན་དུག་ [290b.6]ཐམས་ཅད་ཟིལ་གྱིས་གནོན་ཞེས་བྱའོ། །ཐེག་པ་འོག་མ་ལྟར་ཉོན་མོངས་པ་ཐམས་ཅད་གཉེན་པོ་བསྟེན་པས་རིམ་གྱིས་འཇོམས་པ་མ་ཡིན་ཏེ། འཕྲལ་དག་ཏུ་གྱུར་ལ་དཔལ་དམ་པ་སྦྱོར་བའི་ཡོན་ཏན་ཐོབ་པར་འགྱུར་བས་ན། སྡུག་བསྔལ་ཀུན་སེལ་དཔལ་དང་ལྡན། །ཞེས་བྱའོ། ། [290b.7]དེ་ལྟ་བུའི་མཚན་མ་སྤངས་པའི་རྣལ་འབྱོར་གྱི་ངང་ལ་གནས་པ་དེ་ནི་ཡོན་ཏན་སློབ་མི་དགོས་པར་དགོངས་པ་ཐམས་ཅད་རང་བཞིན་གྱིས་གྲུབ་པར་གྱུར་པས་ནི། རྣལ་འབྱོར་འདི་ནི་ལས་ཀུན་བྱེད། །ཅེས་བྱའོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པའི་ངང་དེ་ལས་མ་ [291a] [291a.1]འགྱུར་བཞིན་དུ། གང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང་། དགོངས་པ་གང་ཡང་རུང་བ་དེ་དག་ལས་མི་འགྲུབ་པ་ཇི་ཙམ་མི་འགྲུབ་པས་ན། དེ་བས་ན་མི་འགྲུབ་ཅི་ཡང་མེད་ཅེས་བྱའོ། །དེ་བས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་ལྡན་ [291a.2]པའི་རྣལ་འབྱོར་པ་དེས། ཐུན་མོང་དང་མཆོག་གི་དངོས་གྲུབ་བམ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་དང་བྱ་བའི་རིགས་པ་ཐམས་ཅད་བསམས་པ་ཙམ་གྱིས་མངོན་དུ་གྱུར་ཏེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་བཟླས་བརྗོད་ནི་བྱ་བ་ཐམས་ཅད་ཀྱི་ནང་ན་དམ་པ་བས། གང་ [291a.3]མི་གྲུབ་པ་དེ་ནི་གོ་སྐབས་མ་ཡིན་པས་ན། དངོས་གྲུབ་ལས་རྣམས་ཅི་བདེ་བར། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་བསྟན་ཏོ། །དེ་ལྟར་སྒྲུབ་པ་དེ་ཡང་ཕྱོགས་འགའ་ཙམ་གྱི་རིགས་གྲུབ་པར་མ་ཟད་ཀྱི་ཆེ་བ་གང་འདོད་པ་ཇི་སྙེད་ཡོད་པའི་ལས་ཀྱི་རྣམ་པ་གྲངས་མེད་པ་ [291a.4]དག་འགྲུབ་པར་འགྱུར་བས་ན། རབ་འབྱམས་ལས་རྣམས་མྱུར་དུ་འགྲུབ། །ཅེས་གསུངས་པ་ཡིན་ནོ། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ནི། རིམ་པ་བཞིན་དུ་ཡང་སྟོན་པའི་ཤེས་རབ་ཀྱི་མན་ངག་གནང་སྟེ་ཞེས་པ་ནི། རྡོ་རྗེ་རྩེ་མོའི་རྒྱུད་ཀྱི་ལེའུ་གོང་འོག་ནས་ནི། འདིར་བསྟན་པ་དེ་དག་གི་ [291a.5]ཚུལ་ལ་རྣམ་པ་གཞན་དུ་སྟོན་པའི་ཚིག་གིས་རང་བཞིན་མེད་པར་སྟོན་པའི་ཤེས་རབ་ཀྱི་མན་ངག་སྟེ། སངས་རྒྱས་ཀྱི་སྐུར་བདག་བྱིན་གྱིས་བརླབས་ནས་ཞེས་བདག་ཉིད་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་དམ་ཚིག་སེམས་དཔར་བསྒོམས་ནས། རང་གི་ལྷ་ཡེ་ཤེས་སེམས་ [291a.6]དཔའ་མདུན་དུ་བསམས་པ་དང་། ལྷའི་སྙིང་གར་བཟླས་བརྗོད་བྱ་བའི་སྔགས་ཀྱི་ཡི་གེ་རྣམས་བཀོད་ནས་ཇི་ལྟར་བསམས་པའི་ཞེས་པ་ནི་དེ་ལྟར་གསལ་བར་བྱ་བའི་རྣམ་པ་དེ་དག་དེ་མ་ཐག་ཏུ་བདག་མེད་པར་སྟོང་པ་ཉིད་མི་དམིགས་པར་མོས་པར་བྱས་ནས། གཟུགས་ལ་ [291a.7]སོགས་པ་སོ་སོར་སྣང་བ་མེད་པར་ཞེས་པ་དེའི་སྒྲས་ཕྱི་རོལ་གྱི་ཡུལ་གཟུགས་སྒྲ་ལ་སོགས་པ་ཡང་མི་དམིགས་པར་བྱས་ནས། དེ་ལྟར་མི་དམིགས་བཞིན་དུ་སྟོང་པ་ཉིད་ཀྱི་དོན་དེ་ལ་ཡང་དང་ཡང་དུ་འདྲིས་ཤིང་གོམས་པར་བྱ་བའི་ཏིང་ངེ་འཛིན་ལ་གནས་པར་བྱ་སྟེ། དེ་ལ་ [291b] [291b.1]ནི་དོན་དམ་པའི་བཟླས་བརྗོད་ཅེས་བྱའོ། །རྣམ་པ་གཅིག་ཏུ་མི་དམིགས་བཞིན་དུ་ཡིད་ཀྱིས་གསལ་བར་དྲན་ཞིང་། ཆ་ཕྲ་བར་འཛིན་པ་ཙམ་དུ་བྱའོ། །དེ་བས་ན། དེ་བཞིན་གཤེགས་པའི་རིགས་བཟླས་པ། སངས་རྒྱས་བདག་ཉིད་བཀྲ་ཤིས་གནས། སྟོང་གསུམ་གྱི་ནི་ [291b.2]འཇིག་རྟེན་འདིར། སངས་རྒྱས་སྐུ་ནི་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་རིགས་བཟླས་པ། །ཞེས་པ་ནི། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་བཟླས་བརྗོད་བྱེད་པའོ། །སངས་རྒྱས་བདག་ཉིད་བཀྲ་ཤིས་གནས། ། [291b.3]ཞེས་པ་ནི་སངས་རྒྱས་རྣམས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་བཀྲ་ཤིས་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་ཤིང་དབང་བསྒྱུར་བས་ན་སངས་རྒྱས་བཀྲ་ཤིས་ཞེས་བྱའོ། །བདག་ཉིད་ཀྱི་ལུས་སངས་རྒྱས་གང་བསྒོམ་པ་དེའི་ཆ་ལུགས་སུ་གནས་པར་བྱའོ། །སྟོང་གསུམ་ [291b.4]གྱི་ནི་འཇིག་རྟེན་འདིར། །སངས་རྒྱས་སྐུ་ནི་བསྒོམ་པར་བྱ། །ཞེས་པ་ནི་དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བར་མོས་པར་བྱས་ལ། དེ་དག་སླར་འདུས་ཏེ་གཅིག་ཏུ་གྱུར་པ་ལས་མདུན་དུ་ཡང་དེ་བཞིན་གཤེགས་པའི་ [291b.5]གཟུགས་ཡེ་ཤེས་སེམས་དཔའ་བཞུགས་པར་བསྒོམ་པར་བྱའོ། །སངས་རྒྱས་དེ་ཡི་སྙིང་གར་ནི། །རིག་སྔགས་ཡི་གེ་རྣམ་པར་བསྒོམ། །ཞེས་པ་ནི། སངས་རྒྱས་མདུན་དུ་བཞུགས་པ་དེའི་ཐུགས་ཀར་ཡང་རང་གི་བཟླས་པའི་སྔགས་ཡི་གེ་བསྒོམ་པར་བྱའོ། །རང་གི་ལུས་ནི་ [291b.6]བདག་མེད་པ། །ཆོས་དང་གང་ཟག་སྟོང་པ་ཉིད། །ཅེས་པ་ནི་དེ་ལྟར་བསྒོམས་མ་ཐག་དུ་ཡང་བདག་ཉིད་ཆོས་དང་གང་ཟག་ལ་བདག་མེད་པའི་ངོ་བོ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །སངས་རྒྱས་དེ་ཡི་སྐུ་གང་ཡིན། །དེ་ཡང་བདག་མེད་པར་བསམ་མོ། །ཞེས་པ་ནི་བདག་དེ་ལྟར་ [291b.7]བསྒོམས་མ་ཐག་ཏུ་མདུན་ན་བཞུགས་པའི་སངས་རྒྱས་ཀྱི་སྐུ་བསམས་པ་དེ་ཡང་སྟོང་པ་ཉིད་ཀྱི་ངང་དུ་བསྒོམ་པར་བྱའོ། །སངས་རྒྱས་གཟུགས་འདི་ཅི་ཞིག་ཡིན། །དེ་ཡི་རང་བཞིན་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་འདི་དག་ཀྱང་སྟོང་པ་ཉིད་དུ་འགྲུབ་པའི་གཏན་ཚིགས་ཏེ། [292a] [292a.1]སངས་རྒྱས་གཟུགས་འདིའི་མཚན་ཉིད་ཇི་ལྟ་བུ་ཞིག་ཡིན་ཞེས་རྣམ་པར་གཞིག་སྟེ་དེའི་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བརྟག་གོ། །དེ་ཡང་ཚུལ་གང་གི་སྒོ་ནས་ཤེ་ན། གང་ཟག་ཅེས་བྱ་བའི་སངས་རྒྱས་མེད་ཅེས་པ་ནི། མུ་སྟེགས་ཀྱིས་བརྟགས་པའི་གང་ [292a.2]ཟག་ལྟ་བུ་ཚུལ་དུ་ཡང་སངས་རྒྱས་ཐར་ཟུག་པ་མེད་ཅེའོ། །འོ་ན་ཉན་ཐོས་ཀྱི་ཚུལ་དུ་ཡོད་དམ་ཞེ་ན། ཕུང་པོ་དང་ནི་ཁམས་མ་ཡིན། །འཕགས་པ་ཉན་ཐོས་ཀྱིས་བརྟགས་པ་ལྟར། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཆོས་རྣམས་ཀྱི་ཚུལ་དུ་ཡོད་པར་འདོད་པ་བཞིན་དུ། [292a.3]སངས་རྒྱས་ཡོད་པ་ཡང་མ་ཡིན་ནོ། །འོ་ན་རྣམ་པར་ཤེས་པ་སྤྲེའུའི་ཚུལ་དུ་ཡོད་པ་ཡིན་ནམ་ཞེ་ན། གཟུང་དང་འཛིན་པར་སངས་རྒྱས་མེད། །ཅེས་བྱ་སྟེ། གཟུང་བ་དང་འཛིན་པའི་ངོ་བོར་ཡང་མེད་ལ་གཟུང་བ་དང་འཛིན་པ་སྤངས་པའི་ངོ་བོར་མེད་ཅེའོ། །དེ་ལྟར་མེད་པ་ [292a.4]སྟེ། གཏན་འགགས་སུ་གྱུར་པ་ཞིག་ཡིན་ནམ་ཞེ་ན། སངས་རྒྱས་མེད་པ་ཡང་མ་ཡིན་ཏེ། །ཞེས་གསུངས་ཏེ། ཕྱི་རོལ་པའམ་འོག་མ་བདག་གིས་བརྟགས་པ་ལྟར་མེད་པར་ཟད་ཀྱི། དོན་དམ་པར་ཤིས་པའི་རང་བཞིན་རང་རིག་པའི་ངོ་བོའམ། སྟོང་པ་ཉིད་ཀྱི་མཚན་ཉིད་ཙམ་ [292a.5]དུ་ཡོད་པར་འདོད་དེ། ཚུལ་ཇི་ལྟ་བུ་ཞེ་ན། ཕ་རོལ་ཕྱིན་དྲུག་ས་བོན་ཡིན། །ཤེས་རབ་ཀྱིས་ནི་རྣམ་པར་སྦྱངས། །ཞེས་སྨོས་ཏེ། ཇི་ལྟར་ཕ་རོལ་ཕྱིན་པ་དྲུག་དངོས་སུ་སྤྱད་པས་མིང་མི་ཐོབ་ཀྱི་འཁོར་གསུམ་ཡོངས་སུ་དག་པར་རྟོགས་ནས་རང་བཞིན་མེད་པར་གྱུར་པ་དེ་ལ། [292a.6]ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཐོབ་པར་གྱུར་པ་དང་འདྲ་བར་སངས་རྒྱས་རྣམས་ཀྱང་ལྟ་བ་ཐ་དད་པས་སོ་སོ་ནས་བརྟགས་པ་ལས་དབེན་བཞིན་དུ། རིག་པའི་ངོ་བོ་སྐད་ཅིག་མའི་ཚུལ་དུ་ཡོད་པ་ལ་སངས་རྒྱས་ཞེས་བྱ་སྟེ། །འོ་ན་དེ་ལྟར་ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་མེད་པ་ཡང་ [292a.7]མ་ཡིན་ལ། དོན་དམ་པའི་མཚན་ཉིད་དུ་ཡོད་པ་ཡང་མ་ཡིན་པ་ཞིག་ཏུ་འདོད་དམ་ཞེ་ན། ཀུན་གཞི་གནས་མེད་རྣལ་འབྱོར་པ། །དེ་ཉིད་བྱང་ཆུབ་བདག་ཉིད་འཛིན། །ཞེས་སྨོས་སོ། །ཀུན་གཞི་གནས་མེད་བཞིན་དུ་འཁོར་བའི་བག་ཆགས་འཛིན་པའི་གནས་སུ་གྱུར་པའི་ [292b] [292b.1]སྟོང་པ་ཉིད་ཀྱི་གནས་རྣལ་འབྱོར་གྱིས་བརྟགས་ཏེ། འཁོར་བའི་བག་ཆགས་སྦྱངས་ཤིང་བྱང་ཆུབ་བདག་མེད་པ་ནམ་མཁའ་ལྟ་བུ་དེ་འཛིན་པར་བྱེད་པ་ལས་སངས་རྒྱས་པར་འགྱུར་ཞེས་བྱའོ། །དེ་བས་ན། དེ་འདྲ་བ་ཡི་རྣལ་འབྱོར་གྱིས། དེ་བཞིན་གཤེགས་པའི་རིགས་བཟླས་ན། [292b.2]བསྐལ་པ་ཆེན་པོ་མྱུར་བ་རུ། །རབ་ཏུ་དགའ་བ་གྲུབ་པར་བྱེད། །ཅེས་གསུངས་ཏེ། འདི་ལྟ་བུའི་རྣལ་འབྱོར་ལ་གནས་ནས་ཏིང་ངེ་འཛིན་ཡང་ནས་ཡང་དུ་གོམས་པར་བྱས་ནས། ཐེག་པ་འོག་མ་དག་གིས་བསྐལ་པ་གྲངས་མེད་པ་དུ་མར་བསྒྲུབ་པར་བསྟན་པ་དེ་ཚེ་གཅིག་ཁོ་ [292b.3]ནས་གྲུབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྡོ་རྗེའི་རིགས་ལ་ཡང་ཞེས་པ། རྡོ་རྗེའི་རིགས་ལ་ནི་བདག་རྡོ་རྗེ་སེམས་དཔར་བསྒོམས་ནས་མདུན་དུ་ལའམ་ནམ་མཁའི་དཀྱིལ་ཁྱབ་པའི་རྡོ་རྗེ་རྩེ་ལྔ་པའི་གཟུགས་བསམས་ལ། དེའི་བུམ་པའི་དབུས་སུ་བཟླས་པར་བྱ་བའི་ [292b.4]སྔགས་ཀྱི་ཡི་གེ་བཛྲ་སཏྭ་ཞེས་བྱ་བའི་སྙིང་པོ་འདུག་པར་བརྟགས་པ། འདི་ལྟར་བསམས་པ་འདི་ཡང་སྔ་མ་བཞིན་དུ་ངོ་བོ་ཉིད་མེད་པར་བྱེད་པ་བདག་དང་རྡོ་རྗེ་དང་སྔགས་ཀྱི་ཡི་གེ་རང་བཞིན་མེད་པར་བསམས་ཏེ། བཟླས་བརྗོད་བྱའོ། །དེ་ལ་བཟླས་བརྗོད་བྱ་ཞེས་པ་ནི། ཏིང་ [292b.5]ངེ་འཛིན་དེ་ལ་གོམས་པར་བྱ་བ་ཁོ་ན་ལ་བཟླས་བརྗོད་དུ་འདོད་པ་ཡིན་ཏེ། དེ་ལྟར་བྱ་བ་ཡང་། རྒྱུད་ལས་ཇི་སྐད་དུ། དེ་ནས་རྡོ་རྗེའི་རིགས་བཟླས་པ། །བདག་ཉིད་རྡོ་རྗེ་སེམས་དཔའ་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྡོ་རྗེ་དེ་ཡང་དངོས་པོ་མེད་པའི་བྱང་ཆུབ་ [292b.6]སེམས་ཀྱི་འབྲས་བུ་ཡིན་ཞེས་པ་ནི། མདུན་དུ་བསམས་པའི་རྡོ་རྗེ་ཡང་དངོས་པོ་རྫས་ཅན་གྱི་གཟུགས་སུ་སྣང་བ་མ་ཡིན། བྱང་ཆུབ་སེམས་མཚན་མ་མེད་པ་གོམས་པར་བྱས་པའི་ཏིང་ངེ་འཛིན་གྱི་འབྲས་བུ་སྟེ། སྟོང་པ་ཉིད་མཚོན་པར་བྱེད་པའི་རྟགས། ཡེ་ཤེས་ལྔའི་ [292b.7]གཟུགས་བརྙན་གྱིས་ངོ་བོར་སྣང་བ་ཡིན་ཞེ་ན། ཅི་སྟེ་རྡོ་རྗེ་ཞེས་བྱའམ། དེ་ཉིད་གང་གི་མི་འགྱུར་བ། །ཞེས་པ་ནི། ཅི་སྟེ་རྡོ་རྗེ་དེ་ཐོགས་པ་དང་བཅས་པའི་རྡོ་རྗེ་ཞིག་ཡིན་ནམ་ཞེ་ན། དོན་དམ་པའི་དེ་ཁོ་ན་ཉིད་སྟོང་པ་ཆེན་པོའི་རང་བཞིན་དུས་རྟག་ཏུ་མི་འགྱུར་བའི་ངོ་བོ་ [293a] [293a.1]ཅིས་ཏེ་དེ་ཉིད་ཅེས་བརྗོད་དམ། གང་སྟོང་ཆོས་ཉིད་ཅེས་སུ་བརྗོད། །ཅེས་གསུངས་ཏེ། དེ་ཇི་ལྟ་བུ་ཞེས་པའི་དོན་ནི། དེ་ཉིད་ཅེས་པའི་དོན་དང་ལྡན་པར་བརྗོད་པས་སྟོང་པ་ཉིད་ཀྱི་ངོ་བོར་འདོད་དོ་ཞེས་བསྟན་ཏོ། །འོ་ན་ཕྱི་མའི་ཡུལ་གཞན་ཇི་ལྟར་འདོད་ཅེ་ན། [293a.2]གཟུགས་ལ་སོགས་པའི་ཆོས་རྣམས་ཀུན། །སྟོང་པའི་རྣམ་པར་བསྒོམ་བྱ་སྟེ། །གཟུགས་ནི་རྡུལ་དུ་རྣམ་གཞིགས་ན། །རྡུལ་ཅེས་བྱ་བ་ཡོད་མ་ཡིན། །ཞེས་གསུངས་ཏེ། གཟུགས་སྒྲ་ལ་སོགས་པ་ཡུལ་དུ་སྣང་བ་དེ་དག་ཀྱང་སོ་སོའི་རྡུལ་ཕྲ་མོར་བཤིགས་ལ། ཕྱོགས་ [293a.3]དྲུག་གིས་རྣམ་པར་བཤིག་ན་དངོས་པོར་མ་གྲུབ་སྟེ། རྡུལ་ཙམ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་པས་ན། སྟོང་པའི་རྣམ་པ་ཁོ་ན་བས་དེ་ལྟར་བསྒོམ་པར་བྱའོ་ཞེའོ། །གཟུགས་ནི་སྟོང་པ་ཞེས་བཤད་དོ། །དེ་ཡང་རྡོ་རྗེ་ཞེས་སུ་བྱ། །ཞེས་པ་ནི། གཟུགས་ཀྱི་མཚན་ཉིད་ཀྱང་སྟོང་ [293a.4]པ་ཁོ་ན་ལ་རྡོ་རྗེའི་རང་བཞིན་ཡང་སྟོང་པ་ཉིད་དེ། དེ་བས་ན་དེ་གཉིས་ནི་སྟོང་པ་ཉིད་ཀྱི་ངོ་བོར་གཅིག་པའི་ཕྱིར། གཟུགས་ལ་སོགས་པ་ཉིད་ཀྱང་རྡོ་རྗེའི་ངོ་བོ་ཡིན་ལ་རྡོ་རྗེ་ཡང་དངོས་པོ་མེད་པར་འགྱུར་བའི་ངོ་བོ་བས་ན། ཐ་དད་པ་མ་ཡིན་ཏེ། རྡོ་རྗེའི་རང་བཞིན་དེ་ལྟ་བུར་རིག་པར་ [293a.5]བྱའོ། །དེ་བས་ན། དེ་ལྟར་རྣལ་འབྱོར་འདི་ཡིས་ནི། །རབ་ཏུ་དགའ་བ་མྱུར་དུ་འགྲུབ། །ཅེས་གསུངས་ཏེ། སྟོང་པར་རྣམ་པར་བཤིགས་ནས་མི་རྟོག་པར་བསྒོམ་པའི་རྣལ་འབྱོར་གྱིས། མཚན་མ་རྣམ་པར་སྤངས་པའི་བྱང་ཆུབ་ཀྱི་སེམས་དེ་ལ་ནི། རབ་ཏུ་དགའ་བ་ཞེས་བྱ་སྟེ། [293a.6]རྣལ་འབྱོར་དེས་དེ་མྱུར་བར་འགྲུབ་པར་འགྱུར་ཞེས་གསུངས་སོ། །རིན་པོ་ཆེའི་རིགས་ལ་བཟླས་བརྗོད་བྱེད་པ་ནི་ཞེས་པ་ནི། མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་དུ་བསྒོམས་ཏེ། ནམ་མཁའ་ལ་རིག་སྔགས་ཀྱི་ཡི་གེ་བཛྲ་རཏྣ་ཞེས་བྱ་བ་བསྒོམས་ [293a.7]ལ། སྔ་མ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཞིགས་ནས། མཉམ་པ་ཉིད་དུ་མོས་པར་བྱས་ལ་རང་གི་ལྷ་ཆོས་ཀྱི་སྐུའི་ངོ་བོར་གནས་པ་ལ། དམིགས་པའི་སེམས་ཀྱི་ཏིང་ངེ་འཛིན་ཡང་ནས་ཡང་དུ་འདྲིས་ཤིང་གོམས་པའི་བཟླས་བརྗོད་ཀྱིས་རྣལ་འབྱོར་རྩེ་གཅིག་པ་ལ་འཇུག་ [293b] [293b.1]པར་བྱ་སྟེ། དེ་ལྟར་བྱ་བ་ཡང་རྒྱུད་ཉིད་ལས། དེ་ནས་རིན་ཆེན་རིགས་བཟླས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀུན་དངོས་པོ་མེད་ཅེས་པ། །ཞེས་པ་ནི། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་སྟེ། སྟོང་པ་ཉིད་དོ། །སྟོང་ཉིད་དེ་བཞིན་ཉིད་ཅེས་བྱ། །ཞེས་པ་ནི། སྟོང་པ་ཉིད་ [293b.2]དེ་ནི་མིང་གི་རྣམ་གྲངས་སུ་དེ་བཞིན་ཉིད་ཅེས་ཀྱང་བྱའོ། །ཕྱི་དང་ནང་ཀུན་རྣམ་བརྟགས་པའི། །གཟུགས་ནི་རེ་ཞིག་མ་སྐྱེས་ཏེ། །ཞེས་པ་ནི། བདག་དང་ལྷ་དང་སྔགས་སུ་བརྟགས་པ་ནི། ཕྱི་ནང་དུ་བརྟགས་པ་སྟེ། གཟུགས་དེ་དག་ཀྱང་མ་སྐྱེས་ཏེ་སྟོང་པ་ཉིད་ཀྱི་ངོ་བོའོ། །གང་ན་ [293b.3]གཟུགས་ནི་ཡོད་མེད་པ། །ཞེས་པ་ནི། གང་ན་གཟུགས་ཀྱི་རྣམ་པ་ནི་ཐམས་ཅད་དུ་ཡོད་པ་མ་ཡིན་ཏེ། གཟུགས་མེད་པར་གྱུར་པ་དང་། དེ་ལ་རྟོག་པར་བྱེད་པའི་མིག་ཀྱང་མེད་དེ་མ་གྲུབ་སྟེ་མེད་དོ། །ཡུལ་གཟུགས་ཅན་མིག་གཉིས་དངོས་པོ་མ་གྲུབ་སྟེ། ཡོད་པ་མ་ཡིན་ [293b.4]ཕན་ཆད་དེའི་རྗེས་ལ་འཇུག་པའི་རྣམ་པར་ཤེས་པ་མི་སྐྱེའོ། །ཇི་ལྟར་མིག་ལ་དེ་བཞིན་ཀུན། །ཞེས་པ་ནི་གཟུགས་དང་མིག་དང་རྣམ་པར་ཤེས་པ་གང་ཡང་མ་གྲུབ་སྟེ། རང་བཞིན་མེད་པ་དེ་བཞིན་དུ། རྣ་བ་དང་སྒྲ་དང་རྣ་བའི་རྣམ་པར་ཤེས་པ་ནས། ཡིད་དང་ཆོས་དང་ཡིད་ཀྱི་ [293b.5]རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་ཏེ། དེ་བས་ན་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་སྟེ། སྟོང་པ་ཉིད་ཀྱི་ངོ་བོའོ། །རྣལ་འབྱོར་ཚུལ་ནི་འདི་ཡིས་སུ། །རབ་ཏུ་དགའ་བར་འགྲུབ་པར་འགྱུར། །ཞེས་པ་ནི་སྔ་མ་བཞིན་ནོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་རིག་ [293b.6]པར་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་འདི། །ཅི་ཞེས་པ་ནི། དེ་བཞིན་གཤེགས་པའི་སྙིང་བོ་ཆོས་ཀྱི་སྐུ་ཞེས་བྱ་བ་འདི་ངོ་བོ་ཇི་ལྟ་བུ་ཞེ་ན་ཞེས་པ་སྟེ། གང་འདི་སྟོང་པའི་ཆོས་ཉིད་དེ། །ཞེས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་སྐུ་ཞེས་བྱ་བའི་རང་བཞིན་ནི། [293b.7]སྟོང་པ་ཉིད་ཀྱི་ཆོས་ཀྱི་ངོ་བོ་རྣམ་པར་དག་པའི་ཡེ་ཤེས་སྐད་ཅིག་མ་ཙམ་དུ་གནས་པ་ལས་གདགས་པར་རིག་པར་བྱའོ་ཞེའོ། །གཟུགས་ལ་སོགས་པ་ཆོས་ཀུན་གྱི། །ཞེས་པ་ནི། ཆོས་ཀྱི་སྐུ་ཇི་ལྟ་བ་བཞིན་དུ་གཟུགས་སྒྲ་ལ་སོགས་པའི་ཆོས་ཀུན་གྱི་ཆོས་ཉིད་ཀྱང་དེ་བཞིན་ཉིད་ [294a] [294a.1]སྟོང་པ་ཉིད་ཀྱི་ངོ་བོ་སྟེ་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་ཆོས་ཐམས་ཅད་ཀུན་རྫོབ་ཏུ་སྣང་ཞིང་བྱ་བ་བྱེད་ནུས་མོད་ཀྱི། དོན་དམ་པ་རང་བཞིན་དམིགས་སུ་མེད་དེ་ཆོས་ཀྱི་སྐུའི་ངོ་བོ་ལས་གཞན་མ་ཡིན་པར་རིག་པར་བྱའོ། །རྣལ་འབྱོར་ཆེན་པོ་དཀའ་ཐུབ་ཆེ། །ཞེས་པ་ནི། [294a.2]འདི་ལྟ་བུའི་རྣལ་འབྱོར་ལ་གནས་པ་དེའི་ངང་དུ་ནི་དཀའ་བ་ཐམས་ཅད་མ་བསྲུངས་ཀྱང་ཐུབ་སྟེ། ནམ་ཡང་ཉེས་པ་འབྱུང་བར་མི་འགྱུར་རོ། །རྒོལ་བ་པ་ན་རེ། འོ་ན་འདི་ལྟར་སྟོང་པ་ཉིད་དུ་བསྒོམ་པ་ལ་ནི་བཟླས་བརྗོད་ཀྱང་དམིགས་ལ། གལ་ཏེ་བཟླས་བརྗོད་དམིགས་སུ་ [294a.3]ཟིན་ན་ནི་སྟོང་པ་ཉིད་ཅེས་བྱ་བར་ཡང་མི་འགྱུར་ན། འདི་ལྟར་མཚན་མ་མེད་པ་ལ་མཚན་མའི་རྣམ་པ་ཐ་དད་དུ་འདོགས་པ་ཅིའི་ཕྱིར་ཞེ་ན། སྨྲས་པ་འདིར་བཟླས་བརྗོད་བྱ་བར་བརྗོད་པ་ནི། དཔེར་ན་ནམ་མཁའ་ཉིད་གོས་སུ་གྱོན་བྱ་བ་དང་འདྲ་བར་སྟོང་པ་ཉིད་དུ་གནས་པའི་དོན་ཡང་དང་ [294a.4]ཡང་དུ་འདྲིས་ཤིང་གོམས་པར་བྱ་བ་ལ་གདགས་པ་ཡིན་མོད་ཀྱི། འོན་ཀྱང་དེ་ལ་བཟླས་བརྗོད་པར་གདགས་པ་ནི། རྟོག་པ་ཅན་གྱི་འགྲོ་བ་གཞན་དག་དཀྲི་ཞིང་གཟུང་བའི་ཕྱིར་འདི་ལྟར་བསྟན་པར་ཟད་དེ་ཉེས་པ་མེད་དོ། །དེ་ལྟར་དམིགས་པ་དང་བཅས་པ་ཞེས་པ་ནི་སྔར་བཤད་ [294a.5]པའི་ཕྱག་རྒྱ་བཞི་དང་རིགས་བཞིའི་བཟླས་པ་བྱེ་བྲག་ཏུ་བྱས་ནས་བསྟན་པ་དག་གོ། །དམིགས་པ་མེད་པའི་སྦྱོར་བ་ཞེས་པ་ནི། དོན་དམ་པའི་ཤེས་རབ་ཀྱི་ལུས་བསྒོམ་པའི་རིགས་བསྟན་པའོ། །དེ་བཞིན་གཤེགས་པ་ལ་སོགས་པ། །ཞེས་པ་ནི། རྡོ་རྗེ་དང་པདྨ་དང་ལས་ཀྱི་རིགས་ [294a.6]རྣམས་ཞེས་བྱ་བའི་དོན་ཏོ། །རིག་སྔགས་བཟླས་བརྗོད་ལས་བྱུང་བའི། །ཞེས་པ་ནི། ཕྱག་རྒྱ་ཆེན་པོ་བསྒོམས་པ་ལས་བྱུང་བའི་དངོས་གྲུབ་དང་། བཟླས་བརྗོད་བྱ་བ་ལས་འབྱུང་བའི་དངོས་གྲུབ་ཀྱི་རིམ་པ་སྟེ། སྔར་བཤད་པའི་ཆོ་གའི་རིམ་པའོ། །རིགས་བཞིའི་མཚན་མ་མེད་ [294a.7]པའི་བཟླས་བརྗོད་ཀྱི་བྱེ་བྲག་བཤད་ཟིན་ཏོ།། །།ད་ནི་སྔར་གསུངས་པའི་ཕྱག་རྒྱའི་རིམ་པ་དེ་དག་དགྲོལ་བར་བྱ་བའི་ཆོ་གའི་རིམ་པ་བསྟན་པའི་ཕྱིར། ཆོ་ག་འདིས་ཀྱང་བཟླས་བརྗོད་བྱས་སམ། སྔར་གསུངས་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པའི་ཕྱིར་བསྒོམ་པ་བྱས་ [294b] [294b.1]ནས། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་ཇི་ལྟ་བ་བཞིན་དུ་དགྲོལ་བའི་རིམ་པ་འདིས་བྱའོ་ཞེས་གསུངས་ཏེ། བཟླས་བརྗོད་བྱས་སམ་ཞེས་པ་ནི། མཚན་མ་མེད་པ་ཁོ་ནས་བཟླས་བརྗོད་བྱའོ། །སྔར་གསུངས་པའི་རིམ་གྱིས་ཞེས་པ་ནི། གོང་དུ་བསྟན་པའི་རིམ་པ་སྟེ། ཕྱག་རྒྱ་ཆེན་ [294b.2]པོ་ལ་སོགས་བསྒྲུབ་པའི་ཕྱིར་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་སྔར་སྒྲུབ་པའི་ཐབས་བསྟན་པའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་ཇི་ལྟ་བ་བཞིན་དུ་དགྲོལ་ཞེས་པ་ནི། ཕྱག་རྒྱ་བཞི་པོ་དག་སྔར་བསྒོམས་པ་ཇི་ལྟ་བ་བཞིན་དུ་ [294b.3]འཛབ་སྟོང་ཁར་ཡང་དགྲོལ་བར་བྱའོ། །དེའི་དོན་ནི་འདི་ལྟ་སྟེ། མཚན་མ་མེད་པའི་བཟླས་བརྗོད་འདིས་བཟླས་བརྗོད་བྱས་སམ། སྔར་གསུངས་པའི་རིམ་གྱིས་ཕྱག་རྒྱ་བཞི་སྒྲུབ་པའི་ཕྱིར་ཇི་ལྟ་བ་བཞིན་བསྒོམ་པར་བྱས་ནས་ལུས་དུབ་ཅིང་སྐྱོའམ། ལས་དང་བྱ་བ་ཆེད་ [294b.4]ཆེ་བ་བཞིན་ལ་འཇུག་དགོས་པར་གྱུར་ཏེ་ཏིང་ངེ་འཛིན་གཏོང་བར་འདོད་ན་ཕྱག་རྒྱ་བཞི་ལ་སོགས་པ་ཇི་ལྟར་བསྒོམས་པ་དེ་དག་དགྲོལ་བར་བྱའོ་ཞེས་བསྟན་པ་སྟེ། དེ་ལ་རིམ་པ་ནི་འདི་ལྟ་སྟེ་ཞེས་པ་ནི། ཕྱག་རྒྱ་དགྲོལ་བའི་རིམ་པ་ནི། འོག་ནས་འབྱུང་བ་འདི་ལྟར་བྱའོ་ཞེས་ [294b.5]པའི་དོན་ཏོ། །དང་པོར་རེ་ཞིག་རྣལ་འབྱོར་པས་ཞེས་པ་ནི་སྒྲུབ་པ་པོ་བདག་ཉིད་དག་བཟླས་བརྗོད་ལ་སོགས་པ་ལ་དམིགས་པའི་ཏིང་ངེ་འཛིན་ལས་ལངས་ཏེ་ཞེས་པ་ནི། རང་གང་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལས་ལྡང་བར་བྱས་པའོ། །ཇི་ལྟར་བསམས་ཤིང་ཞེས་པ་ [294b.6]ནི་ཏིང་ངེ་འཛིན་གྱི་རིམ་པ་གསལ་བར་བསྒོམས་པ་དག་གོ། །སྤྱན་དྲངས་པའི་རང་གི་ལྷ་ཞེས་པ་ནི་རང་བཞིན་གྱི་གནས་ནས་སྤྱན་དྲངས་པ་སྟེ། རང་བཞིན་གྱི་གནས་པས་བསྟན་པ་ལ་སོགས་པའོ། །དྲན་པའི་སྤྱོད་ཡུལ་ཙམ་དུ་བྱས་ཏེ་ཞེས་པ་ནི། བསྐྱེད་པ་དང་སྤྱན་དྲང་ [294b.7]བའི་ལྷ་འཁོར་དང་བཅས་པ་དེ་དག་གསལ་བར་སྣང་བའི་སྐད་ཅིག་མའི་སེམས་ཀྱིས་མངོན་དུ་བྱས་པའོ། །ལེགས་པར་བྱིན་གྱིས་བརླབ་པའི་ཕྱིར། དེ་དག་བདག་ལ་ཐུགས་ནས་དགོངས་ཤིང་བྱིན་གྱིས་བརླབ་པར་མཛད་པར་བྱ་བའི་ཕྱིར་ཏེ། ཡི་གེ་བརྒྱ་པ་སྔར་ [295a] [295a.1]གསུངས་པས་གསོལ་བ་གདབ་པའོ། །དེ་ལྟར་བྱ་བ་ཡང་རྒྱུད་ཉིད་ལས་ཇི་སྐད་དུ། ནམ་ཕྱག་རྒྱའི་བྱིན་གྱི་རླབས་གཡོལ་བར་གྱུར་ཏམ་ཞེས་པ་ནི། ཏིང་ངེ་འཛིན་བྱ་བ་ལ་སེམས་ཀྱིས་མི་འཇུག་པར་གྱུར་པའོ། །བདག་ཉིད་གཏོང་བར་འདོད་དམ་ [295a.2]ཞེས་པ་ནི། རང་ལྷའི་ངོ་བོར་གནས་པའམ། རིགས་སོ་སོའི་བཟླས་པ་བྱེད་པའི་འཕྲོ་དེ་འཇོག་པར་སེམས་པའོ། །བརྟན་པར་བྱ་བའི་ཕྱིར་ཞེས་པ་ནི། རང་ལ་བྱིན་གྱིས་བརླབ་ཅིང་དངོས་གྲུབ་མི་ཡལ་བར་བྱའོ། །བསྐུལ་བར་བྱའོ་ཞེས་པ་ནི། རང་གི་ལྷ་དཔལ་རྡོ་རྗེ་སེམས་ [295a.3]དཔའ་ལ་སོགས་པ་ལ་བསྐུལ་བར་བྱའོ་ཞེས་རྒྱུད་ཉིད་ལས་གསུངས་པས་ནི། དེ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་ན་འདིར་ཡང་ཡི་གེ་བརྒྱ་བའི་སྔགས་བརྗོད་དོ། །དེ་ནས་ནི་བདག་དང་མི་གཉིས་པར་གྱུར་པ་ཞེས་པ་ནི། གཉིས་སུ་མེད་པར་བསྒོམས་པའི་ལྷ་དེ་ཕྱག་རྒྱ་བཞི་དང་ [295a.4]ལྡན་པར་དམ་ཚིག་སེམས་དཔའི་སྐུའོ། །ཕྱག་རྒྱ་བཞི་རྣམས་གང་དང་གང་ནས་བྱུང་བ་ཞེས་པ་ནི། ཕྱག་རྒྱ་བཞི་དང་ལྡན་པ་བསྒོམ་པའི་ཚེ། དེ་དག་དང་པོ་ཇི་ལྟར་བཅིངས་པའི་རིམ་པའི་གནས་དེ་དག་སླར་དགྲོལ་བ་སྟེ། དགྲོལ་བའི་སྙིང་པོ་ནི། བཛྲ་མུཿཞེས་པས་དགྲོལ་ [295a.5]བར་བྱའོ། །སྦྱོར་བ་འདིར་དགྲོལ་བར་བྱ་བའི་ཕྱག་རྒྱ་ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདིར་དགྲོལ་བར་བྱ་བའི་ཕྱག་རྒྱ་ནི་བཞི་པོ་དག་གོ། །ཇི་ལྟར་སྲིད་པ་བཅིངས་སམ་བསམས་ཏེ་ཞེས་པ་ནི། ཕྱག་རྒྱ་བཞི་པོ་དེ་དག་བཅིང་བར་འོས་པ་ནི་བསམ་པའོ། །དགྲོལ་བའི་ [295a.6]བསམ་པས་དེའི་སྦྱོར་བ་བཏང་ལ་ཞེས་པ་ནི། དེ་ལྟར་བསམ་པ་དང་བསྒོམ་པ་ཡང་ཕྱག་རྒྱ་དེ་དག་གང་དང་གང་ལས་བྱུང་བ་དགྲོལ་བར་བྱ་བའི་བསམ་པས་དེ་དག་བསྒོམ་པ་དང་བསམ་པའི་སྦྱོར་བ་གཏང་བའོ། །དེ་བཞིན་དུ་ཇི་ལྟར་བཅིངས་ཤིང་ཕྱག་རྒྱ་རྣམས་སོ་སོར་ [295a.7]དགྲོལ་བར་བྱའོ་ཞེས་པ་ནི། ཕྱག་རྒྱ་བཞི་པོ་འདི་དག་དང་པོར་ཇི་ལྟར་བཅིངས་པ་བཞིན་དུ་ཐ་མར་ཡང་སོ་སོར་དགྲོལ་བར་བྱའོ་ཞེས་པའོ། །དེ་ཆོས་ཀྱི་ཕྱག་རྒྱ་འབྱུང་བའི་གནས་ནི་ཞེས་པ་ནི། དང་པོ་ཆོས་ཀྱི་ཕྱག་རྒྱ་གང་ནས་བྱུང་བའི་གནས་བཤད་པ་སྟེ། རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་ [295b] [295b.1]པ་གནས་པའོ། །ཞེས་པ་ནི་ལྕེ་ལ་རྡོ་རྗེ་བསམས་པའི་བུམ་པ་ལ་ལྷ་སོ་སོའི་ཆོས་ཀྱི་ཡི་གེ་བཛྲ་ཛྙཱ་ན། ཞེས་བྱ་བ་ལ་སོགས་པའི་སྔགས་བསམས་པ་ལས་དགྲོལ་ལོ། །ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་སེམས་དཔའ་ཆེན་པོའི་ཕྱག་རྒྱའོ་ཞེས་པ་ནི། བྱང་ཕྱོགས་ཀྱི་སེམས་དཔའ་ཆེན་ [295b.2]པོ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ནི། །ལས་ཀྱི་ཕྱག་རྒྱ་འབྱུང་བའི་གནས་དེ་ལས་དགྲོལ་ལོ། །དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ནི་རྡོ་རྗེ་བཅིངས་པ་ལས་སོ་ཞེས་པ་ནི། སོར་བསྣོལ་བསྟན་པ་དམ་ཚིག་སྟེ། །ཞེས་འབྱུང་བས་དམ་ཚིག་གི་ཕྱག་རྒྱའི་གནས་ནི་སོར་མོ་རྩེ་གཅིག་པ་སྟེ་དེ་ལས་དགྲོལ་ [295b.3]བར་བྱ་བའོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལའོ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་འབྱུང་བའི་གནས་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་གནས་པ་སྟེ། དམ་ཚིག་གི་ཕྱག་རྒྱ་ཆེན་པོ་ནི་དེ་ལས་དགྲོལ་བར་བྱའོ། །རྡོ་རྗེ་ [295b.4]ཕྱག་རྒྱ་ཡང་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་སྙིང་པོའི་སྒྲ་ལས་སོ་ཞེས་པ་ནི། དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་ལ་སོགས་པ་དང་། ཐུགས་ཡེ་ཤེས་ནི་རྡོ་རྗེ་དང་ཐ་མི་དད་ཅིང་ཆོས་མཐུན་པར་གྱུར་པས་ན་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་སྟེ། དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པ་འབྱུང་བའི་གནས་ནི། ཕྱག་རྒྱ་ཆེན་ [295b.5]པོ་བསྒོམ་པའི་སོ་སོའི་སྙིང་པོ་བཛྲ་སཏྭ་ཞེས་བྱ་བ་དང་བཛྲ་རཏྣ་ཞེས་བྱ་བའི་སྔགས་ཀྱི་སྒྲ་སྟེ། དེ་ལས་དགྲོལ་བར་བྱའོ། །དེ་ཡང་བཟླས་པས་སོ་ཞེས་པ་ནི། ལྷ་སོ་སོའི་སྙིང་པོའི་ཡི་གེ་འབྱུང་བའི་གནས་ཀྱང་ཟླ་བའི་དཀྱིལ་འཁོར་ཡིན་པས་དེ་ལས་དགྲོལ་བར་བྱའོ། །དེ་ [295b.6]ལས་བདག་མེད་པར་མོས་པ་ལས་སོ་ཞེས་པ་ནི། ཟླ་བའི་དཀྱིལ་འཁོར་འབྱུང་བའི་གནས་ཀྱང་དོན་དམ་པར་བྱང་ཆུབ་ཀྱི་སེམས་ཏེ། ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ལས་འབྱུང་བའི་དགྲོལ་བར་བྱའོ། །དེ་ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་ལས་སོ་ཞེས་པ་ནི་དོན་དམ་ [295b.7]པར་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དུ་བསྒོམས་པ་དེ་ཡང་རྡོ་རྗེ་དབབ་པའི་སྔགས་དང་། ཕྱག་རྒྱ་ལས་འབྱུང་བ་དེ་ལས་དགྲོལ་བར་བྱའོ། །དེ་ཡང་རྡོ་རྗེ་བཅིང་བ་དང་དྲལ་བའི་ཕྱག་རྒྱ་ལས་སོ་ཞེས་པ་ནི། རྡོ་རྗེ་དབབ་པའི་ཕྱག་རྒྱ་དེ་ཡང་རྡོ་རྗེ་བཅིང་པ་དང་། རྡོ་རྗེ་དྲལ་བའི་ [296a] [296a.1]སྔགས་དང་ཕྱག་རྒྱ་ལས་འབྱུང་བས་ན། དེ་ལས་དགྲོལ་བར་བྱའོ། །རྡོ་རྗེ་དྲལ་བའི་ཕྱག་རྒྱ་ཡང་རྡོ་རྗེ་བཅིང་བ་ལས་སོ་ཞེས་པ་ནི། རྡོ་རྗེ་དྲལ་བའི་སྔགས་དང་ཕྱག་རྒྱ་ཡང་རྡོ་རྗེ་བཅིང་བ་ལས་བྱུང་བས་དེ་ལས་དགྲོལ་བར་བྱའོ། །དེ་ཡང་རྡོ་རྗེ་ཐལ་མོ་ལས་སོ་ཞེས་པ་ནི་ [296a.2]རྡོ་རྗེ་བཅིང་བ་དེ་ཡང་རྡོ་རྗེ་ཐལ་མོ་ལས་འབྱུང་བས་ན་དེ་ལས་དགྲོལ་བར་བྱའོ། །རྡོ་རྗེ་ཐལ་མོ་ཡང་རྣམ་པར་སྨིན་པའི་ལུས་སུ་མོས་པ་སྟེ་ཞེས་པ་ནི། རྡོ་རྗེ་ཐལ་མོ་ཡང་དང་པོ་རྣམ་པར་སྨིན་པའི་ལུས་ཐ་མལ་པ་ལས་འབྱུང་བ་ཡིན་པས་སླར་རྣམ་པར་སྨིན་པའི་ལུས་སུ་མོས་པར་ [296a.3]བྱས་པ་ལས་དགྲོལ་བར་བྱའོ། །དེ་ལྟར་བཅིང་བའི་ཕྱག་རྒྱ་དགྲོལ་བའི་རིམ་གྱིས་ཞེས་པ་ནི་གོང་དུ་བསྟན་པའི་ཚུལ་དེ་ལྟར་དང་པོ་ཇི་ལྟར་བཅིངས་པའི་ཕྱག་རྒྱ་རྣམས་ནི་ཚུལ་དེ་བཞིན་ཐ་མར་ཡང་དགྲོལ་ཏོ། །བདག་དང་མི་གཉིས་པར་གྱུར་པའི་དམ་ཚིག་སེམས་དཔའ་ [296a.4]དང་། ཡེ་ཤེས་སེམས་དཔར་བྱིན་གྱིས་བརླབས་པ་བཏང་སྟེ་ཞེས་པ་ནི། བདག་ཉིད་ལྟར་གྱུར་པ་དང་མདུན་དུ་བསམས་པའི་ལྷའི་ཏིང་ངེ་འཛིན་རྣམ་པ་གཉིས་ཀྱང་བཏང་སྟེ་བདག་ཉིད་ཀྱི་ལུས་ཐ་མལ་པ་འབའ་ཞིག་ཏུ་གནས་པར་བྱའོ། །རྡོ་རྗེ་སྙིང་པོ་འདི་བརྗོད་ཅིང་། །ཞེས་པ་ནི་དེ་ [296a.5]ལྟར་བྱས་མ་ཐག་ཏུ་འོག་ནས་འབྱུང་བའི་སྙིང་པོ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བའི་སྔགས་འདི་བརྗོད་ཅིང་། རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ཞེས་པ་ནི། སེམས་དཔའ་ཆེན་པོ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་རྡོ་རྗེ་བཅིངས་པ་ལས་མཐེ་བོང་གཉིས་གཞིབས་ཏེ། བསྒྲེངས་ནས་རྩེ་ [296a.6]མོ་ཅན་དུ་བྱས་ལ་དེའི་སྟེང་དུ་མཛུབ་མོ་གཉིས་ཕན་ཚུན་བསྣོལ་ལ་རྩེ་སྤྲད་དེ། རྩེ་སྦྱར་ནས་ཚིགས་དང་པོ་བཅག་ནས་རིན་པོ་ཆེའི་རྩེ་མོ་འདྲ་བར་བྱའོ་ཞེས་སྔར་བཤད་པ་བཅིངས་ལ་དཔྲལ་བར་གཏུགས་ཏེ་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོས་མགོ་ལ་ཕྲེང་བ་བཅིང་བའི་ཚུལ་དུ་བྱའོ། །ཨོཾ་བཛྲ་ [296a.7]རཏྣ་ཨ་བྷི་ཥིཉྩ་ཞེས་པ་ནི་དབང་བསྐུར་ཞིང་ཕྲེང་བ་བཅིང་བའི་སྔགས་སོ། །སརྦ་མུ་དྲ་མེ་ཏྲི་ཞེས་པ་ནི་མགོ་ལ་གོ་ཆ་བཅིང་བའི་སྔགས་སོ། །སྙིང་པོ་འདི་བརྗོད་ཅིང་སྔ་མ་བཞིན་གོ་ཆ་བཅིང་བར་བྱའོ་ཞེས་པ་ནི། ལྟག་པ་དང་བྲང་དང་རྒྱུ་ཞབས་དང་དཔྲལ་བ་དང་། ལྟེ་བ་ལ་ [296b] [296b.1]སོགས་པ་བགེགས་འཇུག་ཏུ་དོགས་པའི་གནས་སམ། ཚིགས་མདོ་ཆེན་པོ་དྲུག་ཏུ་མདུད་ཅིང་བསྲུང་བར་བྱའོ། །གོ་ཆ་མཐའ་གཉིས་རྣམ་པ་གཉིས་ཀྱི་སྟེང་ནས་ཕྱུང་དར་སྣ་འཕྱང་བའི་ཚུལ་དུ་ལག་པ་གཉིས་བརྐྱང་ལ་བརླབ་པོ་ཞེས་པ་ནི་གོ་ཆའི་ཕྱག་རྒྱ་དེ་དགྲོལ་བའི་ཐབས་སོ། །རྒོལ་ [296b.2]བ་པ་ན་རེ། དབང་བསྐུར་བ་དང་། གོ་ཆའི་བཅིང་བ་གཉིས་སོ་སོར་མི་སྟོན་ན་འབྲེལ་པར་སྟོན་པ་ཅིའི་ཕྱིར་ཞེ་ན། དབང་བསྐུར་བའི་སྙིང་པོ་དང་གོ་ཆའི་སྙིང་པོ་གཉིས་རྒྱུན་གཅིག་ཏུ་རྒྱུད་འདིར་བཤད་དེ། ཐ་མི་དད་པ་འདྲ་བར་སྣང་གི་འོན་ཀྱང་སྦྱོར་བའི་ཚེ་འདི་གཉིས་ཐ་དད་པ་ཇི་སྐད་ [296b.3]གསུངས་པའི་རིམ་གྱིས་རྣམ་པར་སྦྱང་བར་བྱ་ཞེས་གསུངས་ཏེ། འདི་དག་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་ཏེ། ཐ་མི་དད་པ་ལྟར་སྣང་ན་ཡང་དེ་ལྟ་མ་ཡིན་ཏེ། གཉི་ག་ལ་བྱའོ་ཞེས་གསུངས་ལ་དེ་ལྟར་ཡིན་པའི་གཏན་ཚིགས་ཀྱང་། འདི་ལྟར་ཐེག་པ་ཆེན་པོ་མངོན་ [296b.4]པར་རྟོགས་པའི་བྱེ་བྲག་གི་གཞུང་ལས་བཤད་པ། ཕྱག་རྒྱ་ཐམས་ཅད་དགྲོལ་ནས་སུ། །བདག་ཉིད་མངོན་པར་དབང་བསྐུར་ལ། །མཛུབ་མོའི་རྩེ་མོ་གཉིས་ཀྱིས་ནི། །ཕྲེང་བ་བཞིའམ་ཡང་ན་གསུམ། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། ཕྱག་རྒྱ་བཞི་པོ་ [296b.5]བསྒོམས་པས་ཐམས་ཅད་སྔ་མ་བཞིན་དུ་རང་གི་གནས་རྣམས་སུ་རིམ་པར་དགྲོལ་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བདག་ཉིད་ལ་དབང་བསྐུར་ཏེ། དེ་ནས་རྡོ་རྗེ་ཁུ་ཚུར་གྱི་ལག་པའི་མཛུབ་མོ་དེ་ཉིད་ཀྱིས་གོ་ཆ་བགོ་ཞིང་ཕྲེང་བ་བཅིང་བར་བྱ་སྟེ། ཕྲེང་བ་བཞིའམ་ཡང་ན་ [296b.6]གསུམ། །ཞེས་པ་ནི། ཕྲེང་བ་བཅིང་བ་དེ་དག་ལན་གྲངས་ཀྱིས་བསྣན་པ་སྐད་ཀྱང་གླེང་ན། ནམ་ལྷར་བསྒོམ་པའི་དུས་དེའི་ཚེ་བྱ་བ་ཡིན་ཞེས་བཤད་དོ། །དེའི་རྗེས་ལ་གོ་ཆའི་ཕྱག་རྒྱ་བཅིང་བ་ཞིག་གི་བགོ་བ་ཡང་དེ་ཉིད་ལས། ཤེས་རབ་ཅན་གྱིས་གོ་ཆ་འཆིང་། །བདག་ཉིད་ [296b.7]མཐུ་དང་ལྡན་པར་བྱ། །ཕྱག་རྒྱ་ཐམས་ཅད་བརྟན་པར་བྱ། །སྙིང་པོ་ཡང་ནི་འདི་ཡིས་སོ། །ཞེས་གསུངས་སོ། །དེའི་དོན་ཡང་འདི་ལྟ་སྟེ། བདག་ཉིད་ཀྱང་གོ་ཆ་བཅིངས་ལ་མཐུ་དང་ལྡན་ཞིང་། གཞན་གྱིས་གླགས་མི་རྙེད་པ་དང་ཕྱག་རྒྱ་ཐམས་ཅད་བརྟན་པར་བྱའོ་ཞེས་ [297a] [297a.1]གསུངས་པས་ན། དེ་གཉིས་ཀྱང་ཐ་མི་དད་པ་ཡང་མ་ཡིན་ལ་འདིར་ཕྱོགས་གཅིག་ཏུ་བསྟན་པ་ལ་ཉེས་པའང་མེད་པར་རིག་པར་བྱའོ། །དེ་ནས་ཐལ་མོ་གཉིས་མཉམ་པར་གདབ་པའི་སྦྱོར་བ་ལས་སྙིང་པོ་བཛྲ་ཏུ་ཥྱ་ཧོཿཞེས་བརྗོད་པས་མཉེས་པར་བྱའོ་ཞེས་པ་ནི་འདི་ལྟ་ [297a.2]བུའི་སྔགས་དང་ཕྱག་རྒྱ་འདིས་ནི་ལྷ་ཐམས་ཅད་དགྱེས་པ་བསྐྱེད་པར་བྱའོ། །དེ་ལྟར་བསྟན་པ་དེ་ལས་ཚུལ་མི་མཐུན་པ་གཞན་དུ་འདོད་པ་ཡང་ཡོད་པས་དེ་དག་གི་བྱེ་བྲག་ཀྱང་འདིར་བསྟན་པར་བྱ་བའི་ཕྱིར། ཡང་ན་ཕྱག་རྒྱ་ཐམས་ཅད་དགྲོལ་བའི་དབང་བསྐུར་བའི་མཐའི་བར་ [297a.3]དུ་བྱས་ནས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཕྱག་རྒྱ་ཐམས་ཅད་དགྲོལ་བ་དང་། དབང་བསྐུར་བ་དང་དེའི་རྗེས་ལ་བྱ་སྟེ། གོ་ཆའི་ཕྲེང་བ་ནི་སྐབས་དེ་རུ་མི་བཅིང་བར་དང་པོ་བདག་བསྲུང་བའི་བསམས་པ་དང་། ཇི་ལྟར་བཅིང་བ་དང་བཅིངས་པ་དགྲོལ་བའི་ཕྱག་རྒྱ་དེ་ [297a.4]དག་བདག་ལ་བརྟན་པར་ཡོད་པའི་བསམ་པ་བསྐྱེད་ནས། ཡི་གེ་བརྒྱ་པ་ལན་ཅིག་བརྗོད་ལ། དེའི་འོག་ཏུ་སྔ་མ་བཞིན་དུ་ཕྲེང་བ་བཅིང་བ་དང་། ཐལ་མོ་བརྡེག་པ་བརྡབ་ཅིང་སྔགས་བཟླས་པས་མཉེས་པར་གྱུར་པའི་སྦྱོར་བ་བྱའོ། །རྒོལ་བ་པ་ན་རེ། དེ་ལྟར་ཕྱག་རྒྱ་དགྲོལ་ [297a.5]བ་དང་། དབང་བསྐུར་བ་ལ་སོགས་པའི་རིམ་པ་དེ་དག་བྱ་ཅི་དགོས། མ་བྱས་ཀྱང་འགལ་བ་མེད་དོ་ཞེ་ན། ཕྱག་རྒྱ་དགྲོལ་བ་ལ་སོགས་པ་འདི་དག་ཐམས་ཅད་ཀྱི་དོན་ཡང་རྒྱུད་ལས། གཞུང་འདི་ལས་བསྟན་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་རྒྱུད་ [297a.6]ཀྱི་གཏན་ཚིགས་བསྣན་ཏེ་བསྟན་པར་ཟད་དོ། །འདི་དག་གི་དོན་ནི་སྔར་རྒྱས་པར་བཤད་ཟིན་ཏོ། །ཆོ་ག་འདིས་ཕྱག་རྒྱ་རྣམས་དགྲོལ་བ་དང་ཞེས་པ་ནི། གོང་དུ་བཤད་པའི་ཆོ་གའི་རིམ་པས་ཕྱག་རྒྱ་བཞི་དང་པོ་བསྒོམས་པ་རྣམས་ཐ་མ་དགྲོལ་བའོ། །བཅིང་བ་དང་ཞེས་པ་ནི་ཕྱག་ [297a.7]རྒྱ་ཐམས་ཅད་བཅིང་བའི་རྗེས་ལ་དབང་བསྐུར་བ་དང་གོ་ཆ་དང་ཕྲེང་བ་བཅིང་བའོ། །མཉེས་པར་བྱས་ནས་ཞེས་པ་ནི། ཐལ་མོ་རྟིང་པ་བརྡབ་ཅིང་སྔགས་བརྗོད་པ་སྟེ། འདི་ལྟར་བྱས་ན་བདག་ཉིད་ལུས་དང་ངག་དང་སེམས་རྡོ་རྗེ་ལྟ་བུར་བསྒྱུར་ཏེ་ཅིས་ཀྱང་མི་ཚུགས་པར་འགྱུར་ [297b] [297b.1]རོ། །ཡང་ན་རྡོ་རྗེ་སེམས་དཔས་ཀྱང་། །རྡོ་རྗེ་སེམས་དཔའ་བདེ་བའི་བདག །ཇི་ལྟར་འདོད་པ་བདེ་བའི་བདག །བཟླས་བརྗོད་ཙམ་གྱིས་འགྲུབ་པར་འགྱུར། །ཕྱག་ན་རྡོ་རྗེའི་བཀའ་བཞིན་ནོ། །ཞེས་པ་ནི། འདིས་ཀྱང་ཕྱག་རྒྱ་དགྲོལ་བ་དང་དབང་བསྐུར་བ་དང་ཕྲེང་བ་དང་གོ་ཆའི་བཅིང་བའི་ [297b.2]མཇུག་བསྡུ་བའི་ཚེ་གང་བསྟན་པར་རིག་པར་བྱ་སྟེ། དེའི་དོན་ཡང་འདི་ལྟ་སྟེ། བདག་ཉིད་ལྷ་གང་ཡང་རུང་བའམ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནམ། གང་བསྒྲུབ་པ་དེ་ཉིད་གསལ་བར་བྱས་ནས། ཡི་གེ་བརྒྱ་པའི་སྔགས་བཟླས་ཏེ། འདི་ལྟ་བུའི་ཚུལ་དུ་གནས་ན་གང་ [297b.3]འདོད་པ་ཐམས་ཅད་ལྷག་པར་དོན་དུ་གཉེར་མི་དགོས་ཏེ། གང་བསྒྲུབ་པའི་ལྷ་དེའི་སྔགས་བཟླས་བརྗོད་བྱས་པ་ཙམ་གྱིས་དེ་དང་དེ་འགྲུབ་པར་འགྱུར་བ་ནི། དཔེར་ན་ཕྱག་ན་རྡོ་རྗེས་བཀའ་སྩོལ་བ་བཞིན་ནོ་ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལ་ [297b.4]སོགས་པའི་འཁོར་ཞེས་པ་ནི། དེ་ལྟར་ཕྱག་རྒྱ་ཐམས་ཅད་དཀྲོལ་བའི་སྦྱོར་བ་བྱས་པའི་རྗེས་ལ་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ཇི་སྙེད་པ་དང་བཅས་པ་སྤྱན་དྲངས་པ་རྣམས་མདུན་དུ་བསམས་པ་ཡང་། རྗེས་སུ་དྲན་པར་བྱ་ཞེས་པ་ [297b.5]ནི། སྐད་ཅིག་གམ་ཐང་ཅིག་གམ། ཡུད་ཙམ་ཅིག་གིས་སོ་སོའི་ཆ་ལུགས་གསལ་བར་མདུན་དུ་བཞུགས་པར་ཡིད་ཀྱིས་དྲན་པར་བྱས་ལ། དེ་བཞིན་མཆོད་པ་གསང་བརྗོད་པ། །ཞེས་པ་ནི། རྡོ་རྗེ་སེམས་དཔའ་བསྡུས་པ་ཉིད། །ཅེས་བྱ་བ་ལ་སོགས་པའི་ཚིག་དང་ [297b.6]སྔགས་སུ་ལྡན་པར་བརྗོད་པའོ། །གསང་བའི་མཆོད་པ་བཞི་དང་ཞེས་པ་ནི་སྒེག་མོ་ལ་སོགས་པའི་ལྷ་མོ་བཞིའི་སྔགས་དང་ཕྱག་རྒྱས་མཆོད་པའོ། །བདུག་པ་ལ་སོགས་པ་ཞེས་པ་ནི་མེ་ཏོག་མ་ལ་སོགས་པའི་ཕྱིར་ལྷ་མོ་བཞི་པོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་དང་ [297b.7]སྔགས་སུ་ལྡན་པས་མཆོད་པ་སྟེ། དེ་དག་གིས་རིམ་པར་མཆོད་ཅིང་མཚན་བརྒྱ་རྩ་བརྒྱད་པ་ལ་སོགས་པས་བསྟོད་དེ་སྒོ་གསུམ་གྱིས་མི་གཉིས་པའི་ཚུལ་དུ་འདུད་པའི་སྔགས་དང་བཅས་པས་ཀྱང་ཕྱག་འཚལ་བ་བྱས་ལ། བཟླས་པ་དང་བསྒོམ་པ་ཇི་ཙམ་བྱས་པ་ [298a] [298a.1]ལས་བྱུང་བའི་དགེ་བའི་རྩ་བ་དེ་དག་བར་མ་དོར་ཆུད་མི་ཟ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྔོ་བར་བྱའོ། །དེ་ཡང་ཇི་ལྟར་བསྔོ་བར་བྱ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དགེ་བའི་རྩ་བ་ཇི་ལྟར་བགྱིས་པ་འདིས། བདག་སངས་རྒྱས་ [298a.2]སུ་གྱུར་ནས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་བཞིན་དུ་བསྔོ་བར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་མ་ཐོབ་ཀྱི་བར་དུའང་ཞེས་བསྒྲུབ་པར་བྱ་བའི་ཡུལ་འདི་མྱུར་དུ་ [298a.3]ཐོབ་པར་བྱ་བ་ཡིན་གྱིས་ཀྱང་། གལ་ཏེ་མྱུར་དུ་ཐོབ་པར་མ་གྱུར་པའི་བར་གྱི་སྐྱེ་བ་དེར་ཡང་དེ་དང་རྗེས་སུ་མཐུན་པའི་སྐྱེ་བ་ལེན་པ་ལས་མ་གཏོགས་པའི་སྐྱེ་བ་གཞན་ལེན་པར་མ་གྱུར་ཅིག་པའི་དོན་ཏོ། །དེ་ལ་ལུས་དང་ཞེས་པ་ནི། དབང་པོ་མ་ཚང་བ་ལ་སོགས་མི་ཁོམ་པ་ [298a.4]རྣམས་དང་བྲལ་བའི་ལུས་སོ། །ལོངས་སྤྱོད་དང་ཞེས་པ་ནི། དབུལ་པོར་མ་གྱུར་པ་སྟེ། འཁོར་ལོས་སྒྱུར་བའམ། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །རིགས་དང་ཞེས་པ་ནི། རིགས་ངན་པར་མི་འཛིན་པ་སྟེ། བྲམ་ཟེའི་རིགས་ [298a.5]དང་། རྒྱལ་རིགས་དང་། རྗེའུ་རིགས་སོ། །རུས་དང་ཞེས་པ་ནི། རིགས་དེ་དག་གི་ནང་ན་ཡང་དམ་པར་གྱུར་པའི་རུས་འཛིན་པ་སྟེ། ཕུན་སུམ་ཚོགས་པ་ཞེས་པ་ནི། དེ་ལྟར་བསྟན་པ་དེ་དག་དང་ལྡན་པ་ནི་ཕུན་སུམ་ཚོགས་པ་སྟེ། དེ་དག་དང་ལྡན་པར་གྱུར་ཅིག་ཅེས་པའམ། [298a.6]དེ་ལས་གཞན་དུའང་ཅི་ནུས་པ་ལས་ཞེས་པ་ནི། དེ་ལས་གཞན་པའི་སྨོན་པའི་གནས་ཡིད་ལ་བརྣགས་པ་དག་ཡོད་ན་ཡང་དེ་གྲུབ་པར་གྱུར་ཅིག་སྨོན་ལམ་གདབ་བོ། །དེ་ནས་ཇི་ལྟར་བྱས་པའི་དགེ་བའི་རྩ་བ་འདི་ལ་འཁོར་གསུམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞེས་པ་ནི། དེ་ [298a.7]ལྟར་བསྟན་པའི་དགེ་བའི་རྩ་བ་འདི་ཡང་དམིགས་པ་ཅན་དུ་བསྔོས་ན་ནི། དུག་དང་འདྲེས་པའི་ཟས་ལྟ་བུར་གྱུར་པས་འཇིག་རྟེན་འདིའི་འདོད་པའི་བདེ་བ་ཙམ་གྲུབ་ནས། ཟད་པར་གྱུར་དུ་འོངས་པས་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་དེ་བཞིན་དུ་བདག་ [298b] [298b.1]དང་གཞན་དང་། བརྣག་ཅིང་བརྗོད་པར་བྱ་བའི་དགེ་བའི་རྩ་བ་བསྔོ་བ་དེ་དག་ཀྱང་ཚིག་ཏུ་བརྗོད་པའི་ཐ་སྙད་དུ་ཡོད་དུ་ཟད་ཀྱི་དོན་དམ་པར་རང་བཞིན་མེད་པར་ནམ་མཁའ་ལྟ་བུའོ་ཞེས་བསམས་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྟོང་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གསལ་ [298b.2]བར་དྲན་པར་བྱས་ལ་བདག་བརྒྱན་ཏེ། ཏིང་ངེ་འཛིན་ལས་ལངས་ལ་ཞེས་པ་ནི། དེ་ནས་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་གྱི་ངང་ལ་གནས་པ་དེ་ལས་ཤུགས་ཀྱིས་ལངས་ལ། སྔར་སྤྱན་དྲངས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་བྱང་ཆུབ་སེམས་དཔའ་ [298b.3]དང་བཅས་པ་རྣམས་སྔར་དང་པོའི་གནས་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ་གཤེགས་སུ་གསོལ་བར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་སྔར་གསུངས་པ་བཅིངས་ནས། ཁ་གྱེན་དུ་བསྟན་ཏེ་དགྲོལ་ལ། ཨོཾ་ཀྲོ་དྷ་བཛྲ་སཏྭ་ཨརྠ་སིདྡྷི་ཀ་ར་ཏ་དྱ་ཐཱ། ཨཱ་ [298b.4]གཙྪནྟུ་བུདྡྷ་བི་ཥ་ཡཾ་པུ་ནརྒ་མ་ན་ཡ་ཏུ། ཨོཾ་བཛྲ་སརྦ་མུཿཞེས་བརྗོད་དེ་དེའི་དོན་ཡང་འདི་ལྟ་སྟེ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །དངོས་གྲུབ་ཚུལ་བཞིན་སྩལ་ལགས་ཀྱིས། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །དེ་ནས་སླར་ཡང་གཤེགས་ [298b.5]པར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་ཞེས་པ་ནི། ཚིགས་བཅད་དང་སྔགས་ཀྱི་དོན་དེ་ལྟ་བུ་དེ་བརྗོད་ན། དེ་བཞིན་གཤེགས་པ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་རིགས་དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་གཞལ་ཡས་ཁང་ [298b.6]བཀོད་པ་ཇི་ལྟར་བསམས་པ་དང་བཅས་པ་རྣམས་སླར་ལྷུན་གྱིས་གྲུབ་པའི་གནས་སུ་གཤེགས་པར་འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་རིགས་ལ་སོགས་པ་ལ་བཟླས་བརྗོད་བྱེད་པ་རྣམས་ཀྱི་ཕྱག་རྒྱ་དགྲོལ་བའི་རིམ་པ་དང་ལྷ་རྣམས་གཤེགས་སུ་གསོལ་བ་ཡང་འདི་ཉིད་དེ་ [298b.7]ཞེས་པ་ནི་དེ་དག་ཀྱང་ཕུལ་དུ་སྔར་བསྟན་པའི་འདི་ཁོ་ནར་ཟད་པས་དེས་བྱའོ་ཞེས་བསྟན་པའོ། །དེ་དག་གི་ཁྱད་པར་གྱི་ཆོ་ག་ཞེས་པ་ནི། རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་དགྲོལ་བ་ལ་སོགས་པ་དེ་དག་གི་ཁྱད་པར་དུ་བྱ་བའི་ཆོ་ག་ནི། རྡོ་རྗེ་རིགས་ཀྱི་རྣལ་འབྱོར་བྱེད་པ་རྣམས་ཀྱིས་དེ་ [299a] [299a.1]ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ལས་རིག་པར་བྱའོ་ཞེས་བསྟན་ཏོ། །རིགས་བཞི་པོ་རྣམས་ཀྱི་ཕྱག་རྒྱ་དགྲོལ་བ་དང་། དབང་བསྐུར་བ་དང་། གོ་ཆ་བཅིང་བ་དང་། གྲུབ་པའི་ལྷ་སླར་གཤེགས་སུ་གསོལ་བའི་སྦྱོར་བ་བསྟན་པ་བཤད་ཟིན་ཏོ། །དེ་ལྟར་ [299a.2]ཕྱག་རྒྱ་བཀྲོལ་ཞིང་ལྷ་སླར་གཤེགས་སུ་གསོལ་ནས་དེའི་འོག་ཏུ་ཇི་ལྟ་བུ་དག་ལ་གནས་པར་བསྟན་པའམ། ཇི་ལྟ་བུའི་བྱ་བ་དག་བརྩམ་པར་བྱ་སྙམ་པ་རྣམས་ཀྱི་དོན་དུ། དེ་ནས་བདག་དང་བདག་གི་གནས་དང་ཁང་པ་དང་ཡུལ་ལ་སོགས་པའི་དངོས་པོ་ཇི་ [299a.3]ལྟར་གནས་པ་རྣམས་སྒྱུ་མ་ལ་སོགས་པར་སྣང་ཞིང་སྣང་བར་ཡང་དག་པར་བརྟགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྒྱུ་མའི་སོགས་པ་ནི་གཞི་མེད་པ་ལས་རྒྱུ་རྐྱེན་གྱིས་རྐྱེན་ཙམ་ཚོགས་པའི་དབང་གིས་ཐ་དད་པའི་རྣམ་པར་ཡང་སྣང་ལ་སོ་སོའི་དོན་ [299a.4]བྱེད་ནུས་པར་ལྟར་ཡང་སྟོན་མོད་ཀྱི། འོན་ཀྱང་རིགས་པ་མི་བཟོད་ཅིང་གང་གིས་ངོ་བོར་གྲུབ་པ་མེད་པ་བཞིན་དུ། བདག་དང་བདག་གི་གནས་དང་ལོངས་སྤྱོད་འདི་དག་ཀྱང་ཐོག་མ་ཉིད་ནས་དགེ་བའི་བག་ཆགས་བློ་ལ་གནས་པའི་དབང་གིས་གནས་མཐོ་དམན་ལ་ [299a.5]སོགས་པར་རྟོག་པས་བརྟགས་པའི་རིགས་མཐུན་པའི་ཚོགས་པའི་དབང་གིས་འདི་ལྟ་བུའི་རྣམ་པར་སྣང་བར་ཟད་ཀྱི། འདི་དག་ཀྱང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ན། གང་གི་ངོ་བོར་གྲུབ་པ་ཡང་མེད་དེ། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་རྣམ་པ་ལྟ་བུའོ་སྙམ་ [299a.6]དུ་བརྟག་པར་བྱའོ། །རང་གི་རིགས་དང་མཐུན་པའི་སྲུང་བའི་སྦྱོར་བས་བཟླས་བརྗོད་ལ་སོགས་པའི་ཚེ། དགོས་པའི་ཡོ་བྱད་རྣམས་བསྲུང་བ་ནན་ཏན་བྱ་སྟེ་ཞེས་པ་ནི། རང་གང་བསྒོམ་ཞིང་སྒྲུབ་པར་བྱེད་པའི་ལྷ་དེ་དང་མཐུན་པའི་རིགས་ཀྱི་བསྲུང་བས་བདག་ཉིད་བཟླས་བརྗོད་ [299a.7]དང་ཏིང་ངེ་འཛིན་བྱེད་པའི་དུས་ན། རང་གི་ལུས་དང་གནས་དང་ཡོ་བྱད་ལ་སོགས་པ་བསྲུང་བར་བྱའོ། །ལངས་ལ་རྟག་ཏུ་རང་གི་ལྷའི་དམ་ཚིག་སེམས་དཔའི་ང་རྒྱལ་ཉིད་དུ་གནས་པར་བྱའོ་ཞེས་པ་ནི། ཏིང་ངེ་འཛིན་ལས་ལངས་ནས་ཀྱང་སྤྱོད་ལམ་རྣམ་བཞི་རང་གི་ལྷའི་ཏིང་ངེ་ [299b] [299b.1]འཛིན་གྱི་ངང་ལས་གནས་པ་ལས་མི་ཉམས་པར་བྱའོ། །རྒོལ་བ་པ་ན་རེ། ཅི་ཕྱག་རྒྱ་ཐམས་ཅད་བཀྲོལ་ཏེ་ལྷའི་སྦྱོར་བ་བཏང་བ་བཤད་བཞིན་དུ་འདིར་ཡང་འདི་ལྟར་སྟོན་པ་འགལ་ལོ་ཞེ་ན། སྨྲས་པ། ཡང་ཁ་ཅིག་ན་རེ། ཕྱག་རྒྱ་བཀྲོལ་བར་འདོད་པའི་དུས་ན་དང་པོའི་ཏིང་ངེ་ [299b.2]འཛིན་ཇི་ལྟ་བ་དེ་སླར་གསལ་བར་ཡུད་ཙམ་གྱིས་དྲན་པར་བྱས་ལ། གདོད་ཕྱག་རྒྱ་དགྲོལ་བར་བྱ་བ་ཡིན་ཞེས་གླེང་བ་ཡོད་ན། སྤྱིར་དངོས་གྲུབ་ཡལ་བར་མི་གཏོང་བའི་ཕྱིར་ཕྱག་རྒྱ་དགྲོལ་བར་བསྟན་པར་ཟད་ཀྱི། ཕྱག་རྒྱ་བཀྲོལ་བའི་འོག་ཏུ་ཡང་སྤྱོད་ལམ་རྣམ་བཞི་དུས་ [299b.3]ཐམས་ཅད་དུ་ལྷའི་རང་བཞིན་དུ་གནས་པའི་རྣལ་འབྱོར་ལས་མི་ཉམས་པར་བྱ་བ་ནི་རིགས་པ་སྟེ། འདི་ལ་འགལ་བ་མེད་དོ། །སྐབས་སྐབས་སུ་ཡང་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་དང་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའམ། སྡོང་པོས་བརྒྱན་པའི་མདོའམ། ཏིང་ངེ་ [299b.4]འཛིན་གྱི་རྒྱལ་པོ་ལྟ་བུའོ། །གསང་སྔགས་སྤྱད་པའི་ཚུལ་དུ་བཀླག །ཅེས་པ་ནི། ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྒྱུད་དམ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོ་ལྟ་བུ་སྟེ་དེ་དག་བཀླག་པར་བྱའོ། །སོགས་ཀྱི་སྒྲས་ནི། སཱཙྪ་གདབ་པ་དང་ [299b.5]བསྐོར་བ་བྱ་བ་ལ་སོགས་པ་ལུས་ངག་གི་དགེ་བའི་ལས་གཞན་དག་བསྡུ་བར་བྱའོ། །དེ་ལྟར་གསུང་རབ་དང་། སྔགས་ཀྱི་ཚུལ་བཀླག་པ་ལ་སོགས་པ་ཡང་ལྷ་ལ་སོགས་པ་ལ་ཆོས་ཀྱི་སྦྱིན་པར་བསམས་པའི་སེམས་ཀྱིས་བྱའོ་ཞེས་ཏེ། ལྷའི་འགྲོ་བ་དང་སོགས་ཀྱིས་ཀླུ་དང་། [299b.6]གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་མི་དང་མི་མ་ཡིན་པ་ལ་སོགས་པ་ཇི་སྙེད་པའི་རྣམ་པ་རྣམས་ལ་གང་དག་དེ་བཞིན་གཤེགས་པའི་ཞལ་མཐོང་ཞིང་བསླབ་པའི་སྡོམ་པ་མནོས་པ་དང་། གང་ [299b.7]དག་དེ་བཞིན་གཤེགས་པའི་ཞལ་མ་མཐོང་ནའང་། ཆོས་ལ་དགའ་བའི་དད་པ་ཡོད་པ་དག་ལ། ཆོས་ཀྱི་སྦྱིན་པས་སིམ་པར་བྱ་བ་དང་། གང་དག་ནག་པོའི་རིགས་སུ་གྱུར་པ་ཆོས་ལ་མ་དད་པ་དག་ལ་ཡང་མདོ་སྡེ་དང་། གསང་སྔགས་ཀྱི་ཚུལ་བཀླགས་པས་བདེན་ [300a] [300a.1]པའི་བྱིན་གྱི་རླབས་བྱ་སྟེ། གདུག་པ་གཞིལ་ཅིང་སྦྱོར་བ་གཞོམ་པའི་ཕྱིར། སྐབས་སྐབས་སུ་ཞེས་པ་ནི། ཕྱག་རྒྱ་བཀྲོལ་ནས་ཀྱང་བཟླས་བརྗོད་ནུས་ནུས་སུ་བྱས་ལ། བཟླས་བརྗོད་བྱ་བ་གཞན་གྱི་སྐབས་སུའང་། འདི་ལྟ་བུ་དག་བྱ་ཞེས་པའི་དོན་ཏོ། །མི་འདོད་ [300a.2]པས་ནི་བྱ་བ་གཞན་ཉུང་དུ་བྱ་སྟེ་ཞེས་པ་ནི། བཀླག་པ་དང་འདོན་པ་དང་སཱཙྪ་གདབ་པ་ལ་མི་མོས་པའམ། དེ་དག་མི་ལྕོགས་པ་རྣམས་ཀྱིས་ནི། རྟག་པར་རང་གི་ལྷའི་རྣལ་འབྱོར་ཁོ་ན་ལ་གནས་པར་བྱའོ། །ཟས་ཟ་བའི་ཚེ་ན་ཡང་རིགས་པ་ལས་འབྱུང་བའི་ཁ་ཟས་མ་སྨད་ཅིང་ [300a.3]མི་འགལ་བ་བླངས་ལ་ཞེས་པ་ནི། རྣལ་འབྱོར་པས་ཟ་བའི་རིགས་པའི་ཁ་ཟས་ཀྱང་རྒྱུད་ལས་དགག་པ་དང་། སྨད་པ་དང་དམ་ཚིག་དང་འགལ་བའི་ཟས་མི་གནང་བར་གསུངས་པའི་རིགས་ལ་མ་གཏོགས་པའི་ཁ་ཟས་དང་བཏུང་བའི་རིགས་པ་ལོངས་སྤྱོད་པར་གནང་བ་རྣམས་ [300a.4]བླངས་པ། ཁ་ཟས་འདི་དག་ཉེས་པའི་སྤྱོན་དག་ཅིང་ལུས་སྲ་བ་དང་བརྟན་པ་དང་བརྟས་པར་གྱུར་ནས། དེ་ལ་བརྟེན་ཏེ་དགེ་བའི་ཚོགས་ཡོངས་སུ་འཕེལ་བའི་ཡོན་ཏན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པར་བྱེད་པའི་ནུས་པ་གྲུབ་པར་གྱུར་ཅིག་པའི་བསམ་པ་དང་། [300a.5]བཅས་པའི་ཚིག་ཏུའང་བརྗོད་ཅིང་ཟ་བའི་དུས་ན། གང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་བསམས་ནས། སརྦ་ཀ་རི་སརྦ་སིདྡྷི་ཞེས་བརྗོད་པ་ནི། ཉེས་པ་ཐམས་ཅད་དག་པར་བསམ་མོ། །སརྦ་སིདྡྷི་ཞེས་བརྗོད་པས་ནི་ཇི་ལྟར་འདོད་པའི་ཡོན་ཏན་ཐམས་ཅད་གྲུབ་པར་བསམས་ལ་བཟའ་ [300a.6]བར་བྱའོ། །རྣལ་འབྱོར་གྱི་རྒྱུད་གཞན་ལས་ནི། ཁ་ཟས་ཟ་བའི་རྣལ་འབྱོར་འདི་ལྟར་གསུངས་ཏེ། གང་ཞེ་ན། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །ཐམས་ཅད་བཟའ་བ་ཉིད་ [300a.7]དུ་བྱའོ། །ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ཞེས་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་དོ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་པ་ནི། ནམ་མཁའི་མཚན་ཉིད་དམིགས་སུ་མེད་པ་བཞིན་དུ། ཆོས་དེ་དག་ཀྱང་རྣམ་ [300b] [300b.1]པར་གཞིགས་ན་དམིགས་སུ་མེད་དེ་ནམ་མཁའ་དང་ཐ་མི་དད་པར་བསྟན་པའོ། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །ཞེས་པ་ནི། ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་བས་ན། རྣལ་འབྱོར་པ་བདག་ཀྱང་ནམ་མཁའ་དང་མཉམ་པ་ཡིན་ནོ་ཞེའམ། རྣལ་འབྱོར་དོན་དམ་པ་ [300b.2]ཡིད་ལ་བྱེད་པ་ཡང་ནམ་མཁའ་དང་མཉམ་ཞིང་ཡིད་ལ་དབྱེར་མེད་པ་ཡིན་ནོ་ཞེས་བསྟན་པའོ། །ཐམས་ཅད་བཟའ་བ་ཉིད་དུ་བྱ། །ཞེས་པ་ནི། སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་གནས་པས་ཁ་ཟས་ལ་ཡང་རིགས་ཀྱི་རྟོག་པ་མི་སྐྱེ་བར་བཟའ་བར་བྱའོ་ཞེས་པའོ། །ཐམས་ཅད་ [300b.3]ནམ་མཁའ་སྦྱོར་བ་ཡིས། །ཞེས་པ་ནི། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་གནས་པའོ། །ཐམས་ཅད་ནམ་མཁའ་ཞེས་སྨྲ་ཞིང་། ཡིད་ལ་ཇི་ལྟར་བསམ་པ་བཞིན་དུ་ཡང་བརྗོད་པར་བྱའོ་ཞེས་བསྟན་པའོ། །རྡོ་རྗེ་ཕྱག་རྒྱ་ཉིད་ཀྱིས་ [300b.4]གདབ། །ཅེས་པ་ནི་ཏིང་ངེ་འཛིན་དེ་ལྟ་བུ་ལ་གནས་པ་ནི་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་སྟེ། ཁ་ཟས་ཀྱི་རྣམ་པ་ཡང་དེ་ལྟ་བུའི་ངོ་བོར་གནས་ལ་བཟའ་བར་བྱའོ་ཞེས་བསྟན་ཏོ། །འདོད་པ་ཀུན་གྱི་ལོངས་སྤྱོད་རྣམས། །ཞེས་པ་ནི། སེམས་ཅན་རྣམས་ཀྱི་འདོད་པ་ནི་གཟུགས་སྒྲ་ལ་ [300b.5]སོགས་པ་འདོད་པ་ལྔའི་ཡུལ་ཡིད་དུ་འོང་བ་དང་འདྲ་བར། རྣལ་འབྱོར་གྱི་འདོད་པ་ནི་བྱང་ཆུབ་ཀྱི་སེམས་དེ་རྟོགས་པ་ལས་འབྱུང་བའི་ལོངས་སྤྱོད་ནི། སྒེག་མོ་ལ་སོགས་པའི་ལྷ་མོ་རྣམས་སོ། །ཇི་ལྟར་འདོད་པར་ལོངས་སྤྱོད་ཅིང་། །ཞེས་པ་ནི་བྱང་ཆུབ་སེམས་ཇི་ལྟ་ [300b.6]བའི་ངང་ལ་གནས་ཤིང་། ལྷ་མོ་དེ་དག་གི་ཆ་ལུགས་ལ་ཇི་ཙམ་འདོད་པར་སྤྱོད་པའི་ཏིང་ངེ་འཛིན་ལ་གནས་པའོ། །ཐམས་ཅད་ནམ་མཁར་སྦྱོར་བ་ཡིས། །ཞེས་པ་དེ་ཡང་དངོས་པོ་ཅན་དུ་སྣང་བའམ་གྲུབ་པ་མ་ཡིན། བྱང་ཆུབ་སེམས་ཀྱི་རང་བཞིན་དུ་སྣང་བར་རིག་ [300b.7]པར་བྱའོ། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །ཞེས་པ་ནི། དངོས་པོར་སྤྱད་པས་འཆིང་བ་ཡིན། དངོས་པོ་མེད་པར་རིག་པའི་ཏིང་ངེ་འཛིན་གྱི་སྤྱོད་པས་ནི། དངོས་པོ་ཐམས་ཅད་ཐོབ་པའི་རྒྱུར་འགྱུར་རོ། །ཞེས་བསྟན་པའོ། །དེ་ལྟར་མངོན་པར་བསྔགས་པ་དང་། ། [301a] [301a.1]ཞེས་པ་ནི། སྔར་བསྟན་པའི་སྔགས་རྣམ་པ་གཉིས་ཀྱིས་བཏབ་པའོ། །མཚན་མ་མེད་པའི་རྣལ་འབྱོར་གྱིས། །ཞེས་པ་ནི། འདིར་བསྟན་པ་འདི་ཁོ་ནའོ། །མངོན་པར་འདུས་བྱས་པའི་ཁ་ཟས་ཞེས་པ་ནི། དེ་ལྟ་བུའི་ཆོ་ག་གཉིས་ཀྱི་སྦྱོར་བ་དང་ལྡན་པར་ [301a.2]བྱས་པ་ནི། ལེགས་པར་བྱས་ཏེ་མངོན་པར་འདུས་བྱས་པའི་ཁ་ཟས་སོ། །དེ་བཞིན་གཤེགས་པ་རྣམས་དང་ཞེས་པ་ནི། རྟག་པ་ལ་སོགས་པའོ། །དེའི་རིགས་ལ་སོགས་པར་གཏོགས་ལ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་། དེའི་དཀྱིལ་འཁོར་དུ་ [301a.3]འདུས་སོ་འཚལ་གྱི་ལྷ་རྣམས་སོ། །ཅི་འབྱོར་པ་ཡི་ཕུད་གསོལ་ཏེ། ཞེས་པ་བཟའ་བ་དང་བཏུང་བ་ཇི་ཙམ་ཡོད་པའི་ཕུད་དཔགས་ལ་དེ་དག་ལ་དབུལ་ལོ། །སེམས་ཅན་རྣམས་ལ་ཡང་ཅི་ནུས་པར་སྩོལ་ལ་ཞེས་པ་ནི། དེའི་འོག་ཏུ་འབྱུང་བ་ལས་སྐྱེས་པའི་སེམས་ [301a.4]ཅན་རྣམས་ལ་ཡང་སོ་སོའི་བསྔོ་བས་སྦྱིན་པར་བྱའོ། །རང་གི་ལྷ་ཡི་རྣལ་འབྱོར་རམ། །ཞེས་པ་ནི། རང་གང་ལ་མོས་ཤིང་སྒྲུབ་པ་དེའི་ཏིང་ངེ་འཛིན་ཏོ། །དེའི་བདག་པོའི་རྣལ་འབྱོར་དུ་གནས་ཏེ་ཞེས་པ་ནི། ཡང་ན་རིགས་ཀྱི་བདག་པོའི་ཏིང་ངེ་འཛིན་དུ་གནས་པར་བྱའོ། ། [301a.5]རང་གི་ལྷའམ་ཞེས་པ་ནི། རང་གི་བསྒྲུབ་པར་བྱ་བའི་ལྷ་གང་ཡིན་པ་དེའོ། །དཀོན་མཆོག་གསུམ་ལ་ཞེས་པ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ། དེ་ལ་སངས་རྒྱས་ནི། ཆོས་གྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུས་བསྡུས་པའོ། ། [301a.6]ཆོས་ནི་ལུང་དང་རིགས་པ་སྟེ་རྒྱུའི་ཆོས་དང་། འབྲས་བུའི་ཆོས་དང་། ལམ་གྱི་ཆོས་དང་། བསྟན་པའི་ཆོས་ཏེ། ལུང་དང་རིགས་པས་བསྡུས་པའོ། །དགེ་འདུན་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སྟེ། སློབ་པ་དང་མི་སློབ་པ་ [301a.7]དང་། ཕྱིར་ལྡོག་པ་དང་ཕྱིར་མི་ལྡོག་པས་བསྡུས་པའོ། །མཆོད་པ་བྱའོ་སྙམ་དུ་བསེམས་ཏེ་ཞེས་པ་ནི། དེ་ལྟར་བསྟན་པ་ནི། ལྷ་དང་དཀོན་མཆོག་གསུམ་པོ་དེ་དག་གཞན་ཡོད་པ་ལས་བདག་གི་ཁ་ཟས་ཟོས་པས་མཉེས་པར་གྱུར་པར་བསྟན་པ་མ་ཡིན་ཏེ། བདག་ [301b] [301b.1]ཉིད་ལྷའི་རྣལ་འབྱོར་དུ་གནས་པ་ཁོ་ན་དཀོན་མཆོག་གསུམ་གྱི་རང་བཞིན་བས་ན་གོང་དུ་ཡང་ཐམས་ཅད་མཚན་མ་མེད་པར་བསྒོམ་པའི་དུས་ན་ནི། ནམ་མཁའི་མཚན་ཉིད་དུ་མཉམ་ལ། མཚན་མའི་རྣམ་པར་བསྒོམས་ན་ནི། སྐུ་གསུང་ཐུགས་དང་ལུས་ངག་ཡིད་གསུམ་མཉམ་པར་ [301b.2]གསུངས་པའི་དོན་གྱིས་བདག་ཉིད་ཁོ་ན་དཀོན་མཆོག་གསུམ་གྱི་རང་བཞིན་ཏེ། དེ་བས་ན་བདག་གིས་ཁ་ཟས་ཀྱི་བྱ་བ་བྱས་པས་རང་གི་ལྷ་དང་དཀོན་མཆོག་གསུམ་པོ་ཡང་མཉེས་པར་གྱུར་པས་ན་འདི་ལྟར་བསྟན་ཏོ། །རིགས་པ་དང་རན་པར་བཟའོ་ཞེས་པ་ནི། ཐབས་ལེགས་ [301b.3]པ་དང་། བཀྲེས་འདྲངས་ཀྱི་ཚོད་ཟིན་པར་འཚམ་ཚད་དུ་བཟའ་བར་བྱའོ། །དེ་ལྟར་བྱས་ན་ལྷ་སིམ་པར་བྱས་ན་ལྷ་སིམ་པར་བྱས་པའི་དོན་ཆེན་པོ་གཞན་ཡང་བྱས་པར་འགྱུར་རོ་ཞེས་པ་ནི། དེ་ལྟར་ཁ་ཟས་ཀྱི་བྱ་བ་བྱས་པའི་ཡོན་ཏན་བསྟན་པའོ། །དེ་ནས་སྔར་བཤད་པའི་ [301b.4]ཡིད་ལ་བྱ་བ་ཡིད་ཀྱི་ངལ་བསོ་སྟེ་ཞེས་པ་ནི། དེ་ལྟར་ཁ་ཟས་ཟོས་པའི་འོག་ཏུ་ཡང་། མདོ་སྡེ་དང་སྔགས་ཀྱི་ཚིག་བཀླག་པ་དང་། སཱཙྪ་གདབ་པ་ལ་སོགས་པའི་ལས་ཀྱིས་ཅུང་ཟད་ཙམ་ངལ་བསོ་བར་བྱའོ། །ཉི་མ་གུང་དང་ཕྱེད་ཀྱི་དུས་ན་ཡང་། །ཞེས་པ་ནི། དེ་ལྟར་ [301b.5]ངལ་བསོ་ནས་ཡང་དུས་འདི་དག་ལ་བཟླས་བརྗོད་བྱ་བ་ལ་མོས་པར་བྱ་སྟེ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཉིད་དང་འདུ་འཛི་དང་རྣམ་པར་རྟོག་པ་ངན་པ་ཐམས་ཅད་སྤངས་ལ་ཉེས་པ་དང་བྲལ་བའི་རྣལ་འབྱོར་གྱིས་བཟླས་བརྗོད་བྱའོ། །ཕྱག་རྒྱ་ཐམས་ཅད་བཀྲོལ་བའི་འོག་ [301b.6]ཏུ་བྱ་བ་བསྟན་པ་བཤད་ཟིན་ཏོ། །སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་རྣམ་པ་ཐམས་ཅད་ཀྱི་བཟླས་བརྗོད་བསྟན་པ་བསྡུས་པ་བཤད་པའོ། །ད་ནི་སྔོན་དུ་བསྙེན་པ་བྱ་བའི་ཆོ་ག་ལ་སོགས་པའི་རིམ་པ་བསྟན་པའི་ཕྱིར་ན། དེ་ལྟར་ན་དཀྱིལ་འཁོར་ [301b.7]དུ་ཞུགས་པའི་ཚེ་ཉིད་ན། ཡེ་ཤེས་དབབ་པའི་མངོན་རྟགས་ཀྱི་མཚན་ཉིད་ཐོབ་ཀྱང་། དངོས་གྲུབ་མ་ཐོབ་པའི་རྣལ་འབྱོར་པས་ཆོ་ག་འདི་རེ་ཞིག་དེ་བཞིན་གཤེགས་པའི་སྙིང་པོའམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་ཚེ་ཞེས་ [302a] [302a.1]པ་ནི། སྔར་བསྟན་པའི་བསྒོམ་པ་དང་། བཟླས་པ་ལ་སོགས་པའི་ཆོ་གས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རམ། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་རམ། འགྲོ་བ་འདུལ་བའི་དཀྱིལ་འཁོར་རམ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གང་ [302a.2]ཡང་རུང་བ་བྲིས་ནས། དེར་ཞུགས་པར་གྱུར་པའི་ཚེ་ཡེ་ཤེས་དབབ་པའི་མངོན་རྟགས་ཀྱི་མཚན་ཉིད་ཐོབ་ཀྱང་དངོས་གྲུབ་མ་ཐོབ་པའི་རྣལ་འབྱོར་པས་ཞེས་པ་ལྟར། དཀྱིལ་འཁོར་བྲིས་པ་དེར་ཞུགས་པའི་དུས་ན། རྒྱུད་ལས་གསུངས་པའི་མཚན་ཉིད་དང་ལྡན་པའི་སློབ་མ་ལ། [302a.3]སློབ་དཔོན་མཐུ་དང་བྱིན་རླབས་དམ་པ་དང་ལྡན་པས་ཡེ་ཤེས་དབབ་པར་བྱ། ཡེ་ཤེས་དབབ་པ་ལ་སོགས་པའི་མཚན་མ་དང་རྟགས་རྒྱུད་ལས་ཇི་སྐད་གསུངས་པ་བཞིན་དུ་འབྱུང་བར་གྱུར་དུ་ཟིན་ཀྱང་། དངོས་གྲུབ་མ་ཐོབ་ཏུ་དོགས་ན་རྣལ་འབྱོར་པ་དེས་འོག་ནས་འབྱུང་བ་ [302a.4]འདི་ལྟར་བསྙེན་པར་བྱའོ། །ཆོ་ག་འདིས་ཞེས་པ་ནི། འོག་ནས་འབྱུང་བའི་རིམ་པའི་ཆོ་ག་འདི་རེ་ཞིག་དེ་བཞིན་གཤེགས་པའི་སྙིང་པོའམ་ཞེས་པ་ནི། བཅོམ་ལྡན་འདས་རྟག་པ་ཉིད་དམ་མི་བསྐྱོད་པ་ལ་སོགས་པ་གཞན་རྣམས་ཀྱི་སྙིང་པོ་བརྗོད་པའོ། །དཔལ་རྡོ་རྗེ་སེམས་ [302a.5]དཔའ་ལ་སོགས་པ་ཞེས་པ་ནི། ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་རྣམས་སོ། །གང་ཡང་རུང་བའི་སྙིང་པོ་ཞེས་པ་ནི། སེམས་དཔའ་ཆེན་པོ་དེ་རྣམས་ལས་ཀྱང་གང་ཡང་རུང་བ་ཅིག་གི་སྙིང་པོ་བརྗོད་པའམ། གང་མཉེས་པར་བྱ་བར་བསམ་པ་དེ་ཉིད་ཅེས་ [302a.6]པ་ནི། རང་གང་ལ་མོས་ཤིང་གྲུབ་པའི་ལྷ་དེ་ཉིད་ཀྱི་སྙིང་པོ་བརྗོད་པའོ། །དེ་ཉིད་ཉིན་རེ་སྔ་དྲོ་དང་གུང་གི་དུས་དང་། ཕྱི་དྲོ་དང་ནམ་ཕྱེད་ཀྱི་དུས་སུ་ཞེས་པ་ནི། ལྷ་དེ་རྣམས་ལ་གང་ཡང་རུང་བའི་སྙིང་པོ་དེ་ཉིད་མཚན་གྱི་དུས་བཞི་ལ་བརྗོད་པར་བྱ་སྟེ། དུས་རེ་རེ་ཡང་ཞེས་པ་ [302a.7]ནི། གྲངས་ཀྱི་ཚད་ནི་དུས་བཞི་པའི་དུས་རེ་རེ་ལ་ཡང་བརྒྱ་རྩ་བརྒྱད་དུ་བཟླས་པར་བྱའོ། །དུས་བཞིར་ཇི་སྐད་གསུངས་པའི་སྔོན་དུ་བསྙེན་པ་རྫོགས་ཀྱི་བར་དུ་བསྙེན་པར་བྱའོ་ཞེས་པ་ནི། རྒྱུད་ལས་ཇི་སྐད་གསུངས་པ་དང་མཐུན་པར་དུས་བཞིར་བསྙེན་པ་ཇི་ཙམ་བྱ་བར་འདོད་པ་དེ་ཙམ་ [302b] [302b.1]པར་སྔར་བྱ་བའོ། །ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས། ཞེས་བྱ་བ་ལ་སོགས་ནི་དེ་ལྟར་བྱ་བ་ཡང་རང་བཟོར་མ་ཡིན་གྱི། རྒྱུད་ལས་འབྱུང་ངོ་ཞེས་གཏན་ཚིགས་ཀྱི་ཁུངས་བསྟན་པའོ། །ཇི་ལྟར་འདོད་པ་ཞེས་པ་ནི། བྱ་བའི་རྒྱུད་ལས་ཕྱོགས་གཅིག་ཏུ་བརྩད་པའི་ལས་མ་གཏོགས་པ་གཞན་མ་ [302b.2]གནང་བ་ལྟ་བུ་མ་ཡིན་གྱི། འདིར་ནི་ཇི་ལྟར་འདོད་པ་བཞིན་དུ་བྱས་ཀྱང་ཉེས་པ་མེད་པར་བསྟན་པའོ། །རྡོ་རྗེ་ཚིག་གིས་བཟླས་བརྗོད་བྱས་ན། །ཞེས་པ་ནི། བཟླས་བརྗོད་ཀྱི་བྱེ་བྲག་མང་དུ་བསྟན་པ་དག་ལས་སྐབས་འདིར་རྡོ་རྗེའི་ཚིག་གིས་བཟླས་བརྗོད་བྱས་ན། དངོས་གྲུབ་མྱུར་དུ་ [302b.3]ཐོབ་པར་རྒྱུད་ལས་གསུངས་སོ། །དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས་ཞེས་པ་ནི། དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས་དངོས་གྲུབ་འདོད་པ་དེས་སྦྱོར་བ་གཞན་ཡང་བྱ་དགོས་པར་བསྟན་ཏེ། སྙིང་པོ་རྣམས་གང་ཡང་རུང་བ་བཟླས་པ་ལས་འབྱུང་བ་ཞེས་པ་ནི། དེ་བཞིན་ [302b.4]གཤེགས་པའམ། སེམས་དཔའ་ཆེན་པོའམ་རང་གང་ལ་མོས་པའི་སྙིང་པོ་གང་ཡང་རུང་བ་བརྗོད་པར་བྱའོ་ཞེས་བསྟན་པ་བཞིན་དུ། བཟླས་པ་བྱས་པ་ལས་འབྱུང་བ་དངོས་གྲུབ་ཀྱི་རྣམ་པའམ། ལས་བཞིའི་དངོས་གྲུབ་པོ། །མཆོག་ལ་སོགས་པའི་དངོས་གྲུབ་ཅེས་ [302b.5]པ་ནི། རབ་དང་འབྲིང་དང་ཐ་མ་གསུམ་མོ། །ལས་རྣམས་བྱེད་པར་འདོད་པ་ཞེས་པ་ནི། ལས་བཞི་སྟེ། གཞན་གྱི་རྒྱུད་ཞི་བར་བྱ་བ་དང་། དཔལ་དང་བསོད་ནམས་རྒྱས་པར་བྱ་བ་དང་། ཕ་རོལ་པོ་རང་དབང་མེད་པར་བདག་གི་དབང་དུ་བྱ་བ་དང་། མངོན་སྤྱོད་ཀྱིས་གཏན་སྤོང་ [302b.6]བའི་ལས་གྲུབ་པར་འདོད་པའི་རྣལ་འབྱོར་བའོ། །རང་གི་ལྷའི་རི་མོའི་གཟུགས་ཀྱི་སྤྱན་སྔར་ཞེས་པ་ནི་ལས་དང་དངོས་གྲུབ་འདོད་པའི་རྣལ་འབྱོར་པ་དེས་སྔར་དུས་བཞིར་བཟླས་པ་བྱས་ནས། ཡང་རང་གི་ལྷའི་གཟུགས་བྲིས་པའི་མདུན་དུ་འདུག་སྟེ། འོག་ནས་འབྱུང་བའི་ [302b.7]ཆོ་གའི་རིམ་པས་སྔོན་དུ་བསྙེན་པ་བྱས་ནས། རི་མོའི་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ལས་དང་དངོས་གྲུབ་གང་འདོད་པ་དེ་ཇི་ལྟ་བ་བཞིན་དུ་སྒྲུབ་བོ། །རེ་ཞིག་དངོས་གྲུབ་མཆོག་གྲུབ་པར་འདོད་པས་ཞེས་པ་དངོས་གྲུབ་རྣམ་པ་གསུམ་དང་ལས་རྣམ་པ་བཞི་སྒྲུབ་པར་བསྟན་པའི་ནང་ [303a] [303a.1]ནས་རེ་ཞིག་ཅེས་པ་ནི། དང་པོར་ཞེས་པའི་དོན་ཏེ། རེ་ཞིག་དང་པོར་དངོས་གྲུབ་མཆོག་གྲུབ་པར་འདོད་པས་རང་གི་ལྷའི་རི་མོའི་གཟུགས་ཀྱི་སྤྱན་སྔར་སྔ་མ་བཞིན་དུ་ཞེས་པ་ནི། བཟླས་པ་སྔ་མ་བཞིན་དུ་བསྟན་པར་བྱ་བ་སྟེ། དུས་བཞིར་རེ་རེ་ལ་ཡང་བརྒྱ་རྩ་བརྒྱད་ [303a.2]བརྒྱ་རྩ་བརྒྱད་ཀྱི་གྲངས་སུ་ཟླ་བ་བཞི་བཟླས་བརྗོད་བྱའོ། །དེ་ནས་ཉི་མ་བཟང་པོ་ལ་རབ་ཏུ་ཤིས་ཤིང་། དབེན་པའི་ཕྱོགས་སུ་རིགས་དང་མཐུན་པར་གནས་པ་ལ་སོགས་པ་བསྲུང་བར་བྱ་སྟེ་ཞེས་པ་ནི། དེ་ལྟར་བསྙེན་པ་བྱས་ནས། བསྙེན་པ་རྫོགས་པར་བྱས་པའི་འོག་ཏུ། [303a.3]དུས་དང་ཚེས་གྲངས་དང་གཟའ་དང་སྐར་མ་བཟང་པོ་ལ་སྒྲུབ་པའི་གནས་དུར་ཁྲོད་དང་དམན་པ་ལ་སོགས་པ་མ་ཡིན་པ། རབ་ཏུ་བཀྲ་ཤིས་པར་གྱུར་པའི་རྟགས་དང་ལྡན་པ། འདུ་འཛིའི་རྣམ་པ་ལས་དབེན་པར་གྱུར་པའི་ཕྱོགས་སུ་རང་གི་རིགས་གང་ཡིན་པ་དང་མཐུན་ [303a.4]པའི་སྔགས་དང་ཕྱག་རྒྱ་དང་བདག་དང་གནས་དང་ཡོ་བྱད་ལ་སོགས་པ་བསྲུང་བར་བྱས་ཏེ། དེའི་གང་བསྲུང་བར་འདོད་པའི་དཀྱིལ་འཁོར་བྲིས་ནས་སྔར་བཤད་པའི་ཏིང་ངེ་འཛིན་གྱི་རིམ་པས་རང་གི་ལྷའི་དམ་ཚིག་སེམས་དཔའི་དབང་དུ་གྲུབ་པར་བྱས་ནས་མི་གཉིས་པར་ [303a.5]བསྒོམས་པ་ལ་སྔར་བཤད་པ་བཞིན་དུ་མཆོད་པ་ལ་སོགས་པ་ལེགས་པར་བྱས་ཏེ། དེ་བཞིན་དུ་རང་གི་རིགས་དང་རྗེས་སུ་མཐུན་པའི་ཞེས་པ་རང་གི་རིགས་ཀྱི་ལྷའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་བསྒོམ་པ་དང་། ལྟ་བ་རྣམ་པ་བཞི་ [303a.6]སྔར་བཤད་པ་དང་རྗེས་སུ་མཐུན་པར་ལྟ་བའི་སྦྱོར་བ་གསལ་བར་བྱས། དེ་འདོད་པ་བསྔགས་པ་བྱས་ལ་ཞེས་པ་ནི་དངོས་གྲུབ་གང་འདོད་པ་དེ་མྱུར་དུ་གྲུབ་པར་གྱུར་ཅིག་ཅེས་གསོལ་བ་དང་། སྨོན་ལམ་བཏབ་པའོ། །སྲོད་ཀྱི་དུས་ནས་བརྩམ་ཞེས་པ་ནི། དེ་ནས་སྲོད་ཀྱི་ [303a.7]དུས་ནས་བཟླས་བརྗོད་ལ་བཟུང་སྟེ། མཚན་མོ་དེ་ལ་རྟག་པར་ཡང་དང་ཡང་དུ་སེམས་རྩེ་གཅིག་པར་བཟླས་བརྗོད་བྱ་ཞིང་། ཇི་ལྟར་འདོད་པའི་དངོས་གྲུབ་གྲུབ་པར་གྱུར་པར་རྣམ་པར་བརྟག་ཅིང་བཟླས་པ་བརྩམ་མོ། །དེ་ནས་ནང་པར་ཞེས་པ་ནི། དེ་ལྟར་བྱས་མ་ཐག་ [303b] [303b.1]ཏུ་ནམ་ལངས་པ་དང་། དེ་བཞིན་གཤེགས་པའམ། དེའི་རིགས་ཀྱི་སེམས་དཔའ་དང་། ལྷ་གང་ལ་མོས་པའི་དངོས་གྲུབ་མཆོག་གྲུབ་པར་འདོད་པ་དེ་ཐོབ་པར་འགྱུར་རོ། །ཇི་སྐད་དུ་ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས། ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་བྱ་བར་རྒྱུད་ཉིད་ལས་གསུངས་ [303b.2]པའི་གཏན་ཚིགས་བསྟན་པའོ། །རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཞེས་པ་ནི། རང་གང་ལ་མོས་ཤིང་བསྒྲུབ་པའི་ལྷ་དེའི་དམ་ཚིག་གི་ཕྱག་རྒྱའོ། །ཇི་ལྟར་འདོད་པའི་ཏིང་ངེ་འཛིན། །ཞེས་པ་ནི། བསྐྱེད་པ་དང་། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། མཆོད་པ་ [303b.3]དང་ཕྱག་རྒྱ་རྣམ་པ་བཞིའི་ངང་ལ་གནས་པར་བྱ་བའི་ཆ་ལུགས་གསལ་བར་ཡིད་ལ་འཛིན་པ་ནི་ཏིང་ངེ་འཛིན་ཏོ། །ལས་རྣམས་སྒྲུབ་པ་ཞེས་པ་ནི། འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་བྱ་བའི་ཐབས་དེ་ལས་རྣམ་པ་བཞིའོ། །རིམ་པ་འདི་ཐམས་ཅད་ལ་སྦྱར་བར་ [303b.4]བྱའོ་ཞེས་པ་ནི། སྔར་བྱ་བའི་བཟླས་པའི་ཆོ་ག་དེ་ནི་ལས་དང་བྱ་བ་འདི་དག་གྲུབ་པར་བྱེད་ན་དེ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་དགོས་པར་བསྟན་པའོ། །ཁྱད་པར་དུ་རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ལ་ཞེས་པ་ནི། འདི་དག་བྱ་བ་ལ་གོང་མ་ལས་ཁྱད་པར་དུ་བསྟན་ [303b.5]པ་ནི། རང་གི་རིགས་ཀྱི་ལྷ་གང་ཡིན་པའི་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ལ། སྔ་མ་བཞིན་དུ་དུས་བཞིར་བསྙེན་པ་བྱས་ནས་སྔ་མ་བཞིན་དུ་ཡང་རང་གི་ལྷའི་རི་མོའི་གཟུགས་བྱས་པ་མདུནོ་དུ་བྱས་པའི་སྤྱན་སྔར་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་སེམས་མའི་ཕྱག་རྒྱ་སྔར་ [303b.6]བསྟན་པ་བཅིངས་ཏེ། ཕྱག་རྒྱ་མི་དགྲོལ་བར་སྔར་བསྟན་པ་དེ་བཞིན་དུ་དུས་བཞིར་བཟླས་བརྗོད་བྱ་བའི་སྦྱོར་བས་རང་གི་ལྷའི་སྙིང་པོ་གྲངས་ལན་འབུམ་བཟླས་སོ། །དེ་ནས་ཐ་མར་ཞེས་པ་དེ་ལྟར་བསྙེན་པ་བྱས་ཟིན་ནས་ཀྱང་རི་མོའི་གཟུགས་དེའི་སྤྱན་སྔར་རྡོ་རྗེ་སེམས་ [303b.7]མའི་ཕྱག་རྒྱ་དེ་ཉིད་བཅིངས་ཏེ། མཚན་གཅིག་ལ་རྟག་པར་ཐོག་ཐག་བཟླས་བརྗོད་བྱའོ། །དེ་ལྟར་བཟླས་བརྗོད་བྱས་པ་ན་ཡང་། ཕྱག་རྒྱ་བཅིང་བ་ལ་ཡུན་རིང་དུ་གནས་པས་སེམས་སྐྱོ་བར་གྱུར་ན། སྐྱོ་བ་བསལ་བའི་ཕྱིར་སྐབས་སུ་ཕྱག་རྒྱ་བཀྲོལ་ཏེ་གནས་ནས་ [304a] [304a.1]ནམ་སྐྱོ་བ་སངས་སམ། དུབ་པ་བརྟས་པ་དང་ཡང་སླར་བཅིང་བར་བྱའོ། །དེ་ལྟར་བཟླས་བརྗོད་བྱེད་པ་ལ་གལ་ཏེ་ཞེས་པ་ནི། དེ་ལྟར་ཡུན་རིང་པོར་རྩེ་གཅིག་ཏུ་སྒྲུབ་སྟེ། བཟླས་བརྗོད་བྱེད་པ་ལས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོར་བཅིངས་ཏེ་འབར་བར་མཐོང་ན་དེའི་ [304a.2]ཚེ་ཕྱག་རྒྱ་བཅིངས་པ་ལས་འཕར་བར་གྱུར་ཏེ། དེ་ལྟར་འཕར་བ་དང་ཕྱག་རྒྱ་བཅིངས་ནས་སྟེགས་བྱས་པ་ཙམ་གྱིས་ཐོགས་པ་མེད་པར་ནམ་མཁའ་ལ་འགྲོ་བར་ནུས་པར་འགྱུར་རོ། །དེ་སྟེ་རབ་ཏུ་གཡོ་ཞེས་པ་ནི། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དེ་སྨིན་མཚམས་སུ་བཅིངས་ནས་བཟླས་ [304a.3]བརྗོད་བྱེད་པ་ལས་གཡོ་བར་གྱུར་པར་མཐོང་ན། དེ་ལྟར་གཡོ་བ་དེའི་ཕྱག་རྒྱ་དེ་བཅིངས་པ་ཙམ་གྱིས་བདག་ཉིད་གང་འདོད་པའི་གཟུགས་སུ་གྱུར་ཅིང་དེ་ལྟ་བུར་གཞན་ལ་སྟོན་ནུས་པར་འགྱུར་རོ། །དེ་སྟེ་སྙིང་གའི་ཕྱོགས་སུ་བཟུང་སྟེ་བཟླས་བརྗོད་བྱེད་པ་ལས་ཞེས་པ་ནི། སེམས་ [304a.4]མ་རྡོ་རྗེ་མའི་ཕྱག་རྒྱ་དེ་སྙིང་གའི་ཕྱོགས་སུ་བཟུང་ནས་བཟླས་བརྗོད་བྱེད་པ་ལས་གལ་ཏེ་སྟེང་དུ་འབར་ན། དེའི་ཚེ་ཕྱག་རྒྱ་བཅིངས་པས་མི་སྣང་བའི་དངོས་གྲུབ་གྲུབ་སྟེ། གཞན་གྱིས་མི་མཐོང་བར་བྱེད་ནུས་པར་འགྱུར་རོ། །དེས་དེར་སྒྲ་བྱུང་ན། རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ [304a.5]པ་དེ་ལས་སྒྲ་གང་ཡང་རུང་བ་དག་གྲག་པར་འགྱུར་ན། རྡོ་རྗེ་དབྱིངས་སུ་གཏོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་ཐམས་ཅད་སོ་སོའི་དམ་ཚིག་གི་ཕྱག་རྒྱ་གང་ཡང་རུང་བའམ་ཚང་བར་བཅིངས་ལ་རང་རང་གི་སྙིང་པོ་དང་ལྡན་པར་བརྗོད་ན། ལས་རྣམ་པ་ [304a.6]བཞིའི་བྱེ་བྲག་གང་འདོད་པ་དེ་ལས་སོ་སོར་གཞུང་ལས་ཇི་སྐད་གསུངས་པ་བཞིན་དུ་འགྲུབ་ཅིང་བྱེད་ནུས་པར་འགྱུར་རོ། །ཇི་སྐད་དུ་ཡང་། དེ་ནས་ཕྱག་རྒྱ་སྒྲུབ་པ་དེས། །ཞེས་བྱ་བ་ལ་སོགས་པས་ནི། རྒྱུད་ལས་གསུངས་པའི་གཏན་ཚིགས་བསྟན་པའོ། །ཇི་ལྟར་འདོད་པ་ [304a.7]བྱེད་ཅིང་ཞེས་པ་ནི། དཀའ་ཐུབ་ལ་སོགས་པའི་བྱ་བ་བཀག་སྟེ། ལུས་མི་གདུང་བར་ཇི་ལྟར་བདེ་བར་གནས་ནས་བྱ་བར་བསྟན་པའོ། །སྔར་བཟླས་བརྗོད་བྱ་བའི་ཐབས་བསྟན་པ་དང་། རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་ལས་རྣམ་བཞི་གང་འདོད་པ་བསྒྲུབ་པའི་ [304b] [304b.1]ཐབས་བཤད་ཟིན་ཏོ། །ད་ནི་ཚད་མེད་པ་བཞི་བསྒྲུབ་པར་བྱ་བའི་ཐབས་བསྟན་པར་བྱ་བའི་ཕྱིར་ན། དེ་ནས་ཏིང་ངེ་འཛིན་བསྒྲུབ་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚད་མེད་པ་བཞིའི་ཏིང་ངེ་འཛིན་གང་ཡང་རུང་བ་དེ་བསྒྲུབ་པར་འདོད་ན། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལ་སོགས་ [304b.2]པ་བསྒོམ་པ་གོམས་པར་བྱས་ནས་སེམས་ལས་སུ་རུང་བར་གྱུར་པ་དང་། དེ་ནས་རང་གི་ལྷ་གང་ཡིན་པའི་སྙིང་པོ་བཟླས་བརྗོད་བྱའོ། །ཇི་ལྟར་གོམས་པར་བྱ་བའི་ཏིང་ངེ་འཛིན་གྲུབ་པར་འདོད་པའི་ཁྱད་པར་ཞེས་པ་ནི། བྱམས་པ་ལ་སོགས་པ་ཚད་མེད་པ་བཞིའི་ཏིང་ངེ་འཛིན་ [304b.3]གང་གོམས་པ་དེ་འགྲུབ་པར་འདོད་པའི་ཁྱད་པར་བཤད་པར་བྱའོ་ཞེས་པའོ། །དེ་ལ་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཞེས་པ་ནི། ཆོས་ཀྱི་དཀྱིལ་འཁོར་གྱི་སྐབས་ནས། བྱམས་པ་ལ་སོགས་ཚད་མེད་པ་བཞི་ཏིང་ངེ་འཛིན་བསྟན་པ་རྣམས་ལས། གང་ཡང་རུང་བའི་ [304b.4]ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར། རང་གི་སྙིང་པོ་བཟླས་བརྗོད་བྱེད་པར་འདོད་པའི་རྣལ་འབྱོར་པ་དེས་དང་པོར་རེ་ཞིག་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་སྦྱང་བ་ལ་སོགས་པ་སྔོན་དུ་བྱ་བའི་ལས་རྣམས་བྱས་ནས། སེམས་ཁུགས་པར་གྱུར་པ་དང་། བྱམས་པ་ལ་ [304b.5]སོགས་པ་ཚད་མེད་པ་བཞིའི་ཏིང་ངེ་འཛིན་གང་བསྒྲུབ་པར་འདོད་པ་དེ་མངོན་དུ་གསལ་བར་བྱས་ནས། རང་གང་བསྒོམ་པའི་ལྷའི་སྙིང་པོ་ཟླ་བ་བཞིར་དུས་བཞིར་སྔར་བསྟན་པ་དེ་བཞིན་དུ་བཟླས་བརྗོད་བྱའོ། །ཐ་མར་ཏིང་ངེ་འཛིན་དེ་ཉིད་ལ་མཉམ་པར་གཞག་པ་དེ་ལྟར། [304b.6]སྔར་བཟླས་བརྗོད་བྱས་ཟིན་པ་དང་། དེ་ནས་བྱམས་པ་ལ་སོགས་པའི་ཏིང་ངེ་འཛིན་བཞི་གང་བསྒྲུབ་པར་འདོད་པ། དེའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནས། ཏིང་ངེ་འཛིན་གང་ལ་མཉམ་པར་གཞག་པ་དེ་སྙིང་པོ་མཚན་གཅིག་ཐོག་ཐག་ཏུ་བཟླས་བརྗོད་བྱ་ཞིང་འདུག་ [304b.7]གོ། །དེ་ནས་ནང་པར་ཇི་ལྟར་འདོད་པའི་ཏིང་ངེ་འཛིན་ཞེས་པ་ནི། དེ་ལྟར་མཚན་གཅིག་རྟག་པར་ཐོག་ཐག་བཟླས་བརྗོད་བྱས་ནས། མཚན་མོ་དེ་ཟད་དེ་ནམ་ལངས་པ་ན་གང་འདོད་པའི་ཏིང་ངེ་འཛིན་དེ་གྲུབ་པར་འགྱུར་རོ། །ཇི་སྐད་དུ་དེ་ནས་ཏིང་ངེ་འཛིན་བསྒྲུབ་པར་འདོད་ན་ [305a] [305a.1]ཞེས་བྱ་བ་ལ་སོགས་པས་ནི། སྒྲུབ་པ་དེ་དག་རྒྱུད་ཉིད་ལས་གསུངས་པའི་གཏན་ཚིགས་བསྟན་པར་ཤེས་པར་བྱའོ། །བསྲུང་བ་དང་དབབ་པ་དང་། ལས་ཀྱི་བྱེ་བྲག་འདི་ལྟ་སྟེ། །ཞེས་པ་ནི། དོན་འདི་དག་བསྒྲུབ་པར་བྱ་བ་བསྟན་ཏེ། དེ་བསྲུང་བ་ནི་སྐྱེས་པ་དང་ [305a.2]བུད་མེད་ལ་སོགས་པ་བསྲུང་བའོ། །དབབ་པ་ནི་མི་ལ་སོགས་པ་དང་མི་མ་ཡིན་པ་ལ་ཕན་གདགས་པའི་ཕྱིར་དབབ་པ་དང་། ཀུ་རེར་དབབ་པའོ། །ལས་ཀྱི་བྱེ་བྲག་ནི་སྒྱུ་མ་སྒྲུབ་པ་དང་། དབང་དུ་བྱ་བ་ལ་སོགས་པའོ། །སྔ་མ་བཞིན་དུ་ཟླ་བ་གཅིག་ཏུ་ཡང་ཞེས་པ་ནི། སྔ་མ་ [305a.3]དུས་བཞིར་བཟླས་བརྗོད་བྱ་བ་དང་། རི་མོའི་མདུན་དུ་ཟླ་བ་གཅིག་ཏུ་བཟླས་བརྗོད་བྱ་བ་དང་། ཐ་མར་མཚན་གཅིག་ཐོག་ཐག་ཏིང་ངེ་འཛིན་དང་བཟླས་བརྗོད་བྱ་བ་ནི་སྔར་བསྟན་པ་བཞིན་ནོ། །དེ་ནས་ཇི་ལྟར་རིགས་པར་གོ་ཆ་དང་དབྱུག་པ་དང་། སྐུད་པ་དང་། ཐལ་བ་དང་། [305a.4]ཡུངས་ཀར་ལ་སོགས་པ་ལ་ལན་ཅིག་བཟླས་པས། འདི་དག་ནི་བསྲུང་བར་བྱ་བའི་སྦྱོར་བའི་བྱེ་བྲག་སྟེ། གོ་ཆའི་ཕྱག་རྒྱ་བཅིངས་ཤིང་སྔགས་བཟླས་སམ། དབྱུག་པའི་ཕྱག་རྒྱ་བཅས་ནས་བསྲུང་ངམ། ཡང་ན་དབྱུག་པ་ལ་སྔགས་ཀྱིས་བཏབ་སྟེ། ལག་ཏུ་བྱིན་ནས་ [305a.5]ཡུངས་ཀར་གྱི་ཐལ་བ་ལ་སྔགས་ཀྱིས་བཏབ་བམ། ཡུངས་ཀར་དངོས་ལ་སྔགས་ཀྱིས་བཏབ་པའམ། སོགས་ཀྱི་སྒྲས་རྡོ་རྗེ་དང་། ཕུར་བ་དང་མདའ་དང་གཞུ་དང་རལ་གྲི་དང་། བྱི་བྲུན་ལ་སོགས་པའི་རྫས་གང་རིགས་པ་དག་ལ། དེ་དག་སོ་སོའི་སྔགས་སམ། ཡང་ན་ [305a.6]རང་གི་ལྷའི་སྔགས་ཀྱིས་བཏབ་པས་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་གདོན་འབྱུང་པོས་ཟིན་པ་དང་། མི་དང་མི་མ་ཡིན་པ་རྣམས་དང་། གདོན་གྱི་རིགས་ཀྱིས་གནོད་པ་བྱེད་དུ་དོགས་པ་དང་། གནོད་པ་བྱེད་པ་དག་ལ་བསྲུང་བར་བྱས་སམ། ལུས་ལ་བཏགས་ [305a.7]སམ། ལག་པར་བྱིན་ན་ཡོངས་སུ་བསྲུང་ཞིང་འཇིགས་པ་དང་། གནོད་པ་དེ་དག་ལས་ཐར་བར་འགྱུར་རོ། །གྲོང་དང་གྲོང་ཁྱེར་དང་ཡུལ་འཁོར་ལ་སོགས་པར་དགྲ་དང་ཕས་ཀྱི་རྒོལ་བ་དང་། མེ་དང་ཆུས་འཇིགས་པ་དང་། ནད་དང་ཡམས་ཀྱི་གནོད་པ་དག་འབྱུང་དུ་ [305b] [305b.1]དོགས་ན་ཡང་དེ་དག་གིས་དེ་བཞིན་དུ་བསྲུང་བར་བྱས་ན་འཇིགས་པ་དེ་དག་ལས་ཐར་བར་འགྱུར་རོ། །ད་ནི་དབབ་པ་བསྟན་པའི་ཕྱིར། སྐྱེས་པ་ལ་སོགས་པ་སྲིན་པོ་ལ་སོགས་པས་རེག་པའམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་པ་ལ་སོགས་པའི་ཞེས་པ་ནི། སོགས་ [305b.2]ཀྱི་སྒྲས་ནི། བུད་མེད་དང་། ཁྱེའུ་དང་བུ་མོ་འགྲོ་བ་གཞན་གང་ཡང་རུང་བ་རྣམས་བསྡུའོ། །སྲིན་པོ་ལ་སོགས་པ་ཞེས་པ་ནི། སོགས་ཀྱི་སྒྲས་ནི་མི་མ་ཡིན་པ་གདོན་བགེགས་ཀྱི་རིགས་ཇི་སྙེད་ཡོད་པར་བརྗོད་པ་དེ་དག་བསྡུའོ། །དེ་ལ་སྐྱེས་པ་ལ་སོགས་པའི་འགྲོ་བ་ལ། [305b.3]སྲིན་པོ་ལ་སོགས་པའི་གདོན་རྣམས་ཀྱིས་རེག་པའམ་ཟིན་པར་གྱུར་ཅིང་བརླབས་པ་ལས་གང་ཡིན་ཆ་མེད་པར་འཚོར་མི་བཏུབ་པ་དང་། མིང་ནས་གཟུང་བར་བྱ་བའམ། ཡང་ན་མི་མ་ཡིན་པས་མ་ཟིན་བཞིན་དུ་རང་ཉམས་པར་གྱུར་ན་ཡང་རུང་སྟེ། དེ་དག་ངོ་ཤེས་པར་བྱ་ [305b.4]བ་དང་། ཡང་ན་དེ་ལྟ་བུ་མ་ཡིན་བཞིན་དུ་ཀུ་རེ་དང་རྩེད་མོ་ལ་སོགས་པ་བྱ་བའི་ཕྱིར། ཙནྡན་དཀར་པོའམ། དམར་པོའང་རུང་འདག་པའི་ཆུ་དང་སྦྱར་ཏེ། ལྡེ་གུར་བྱས་པ་སྔགས་ལན་ཅིག་བཟླས་པས་དབབ་པ་དང་སྨྲ་བར་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ [305b.5]ཡང་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པ་འདི་དག་སོ་སོའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་ལག་པས་བཅིངས་པའམ། ལུགས་མའམ། བྱས་པ་ཡང་རུང་དེ་བཞིན་དུ་ཕབ་ན་འབེབས་པར་འགྱུར་ཏེ། ཇི་ལྟར་ [305b.6]འདོད་པའི་ལས་གདོན་ཞི་བ་ལ་སོགས་པ་བྱེད་དོ། །བུམ་པའི་སྣོད་ལ་སོགས་པ་ལ་ཕབ་ན་ཞེས་པ། ཟངས་མ་དང་གྱོ་མོ་དང་ཤིང་ལ་སོགས་པའི་བུམ་པ་ལ་སྔ་མ་བཞིན་དུ་བྱས་ནས་ཕབ་ན་འབབ་པར་འགྱུར་ཏེ། རྫས་སྟོང་བ་གང་ན་འདུག་པར་འགྲོ་བའམ། གང་གིས་ཁྱེར་བ་ [305b.7]དེ་སྟོན་ནུས་པར་འགྱུར་རོ། །ཇི་སྐད་དུ། དེ་བཞིན་དུ་ཟླ་བ་གཅིག་ཏུ་སྒྲུབ་སྟེ། ཞེས་བྱ་བ་ལ་སོགས་པ་ནི། རྒྱུད་ལས་གསུངས་པའི་ཁུངས་བསྟན་པའོ། །དེ་ནས་ལས་རྣམས་འབྱུང་སྟེ་ཞེས་པ་ནི། བསྲུང་བའི་ལས་འབྱུང་བ་སྟེ། ལན་ཅིག་བརྗོད་པས་ཞེས་པ་ནི། བསྲུང་ [306a] [306a.1]བར་བྱ་བའི་གནས་ནི་འདི་དག་གོ་ཞེས་ལན་ཅིག་ཙམ་བརྗོད་ནས། གོ་ཆའི་ཕྱག་རྒྱ་བཅིངས་ནས་སྔགས་བརྗོད་པ་ལ་སོགས་པའི་སྦྱོར་བ་བྱས་པ་ཙམ་གྱིས་བདག་དང་གཞན་དང་གྲོང་ཁྱེར་ལ་སོགས་པ་ཇི་ཙམ་འདོད་པའི་བསྲུང་བ་བྱས་པར་འགྱུར་རོ། །དབབ་པ་ [306a.2]ནི་ཙནྡན་གྱི་དྲི་ཞིམ་པོས་རེག་པ་དང་ཞེས་པ་སྔ་མ་བཞིན་དུ་ཙནྡན་གྱི་ལྡེ་གུས་རེག་པ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་དེ་དག་སྔ་མ་བཞིན་དུ་བྱས་ནས་ལན་ཅིག་བརྗོད་པས་འབབ་པར་འགྱུར་རོ། །རྡོ་རྗེ་ཐམས་ཅད་ལན་ཅིག་བཟླས་པས་ཞེས་པ་ནི། ཕྱག་རྒྱ་དེ་དག་ནི་ [306a.3]ཡེ་ཤེས་ཀྱི་ངོ་བོ་བས་རྡོ་རྗེ་དང་ཆོས་མཐུན་པའི་ཕྱིར་རོ། །སྒྱུ་མའི་ལས་སྒྲུབ་པའི་སྦྱོར་བའི་ཁྱད་པར་ནི་ཞེས་པ་ནི། སྒྱུ་མའི་མིག་འཕྲུལ་སྒྲུབ་པའི་ཆོ་ག་བསྟན་པ་སྟེ། འདི་ཡང་སྔ་མ་བཞིན་དུ་བཟླས་བརྗོད་དུས་བཞིར་བྱ་བ་དང་། རི་མོའི་གཟུགས་ཀྱི་སྤྱན་སྔར་བྱ་བ་ལ་ [306a.4]སོགས་པ་སྔོན་དུ་བྱས་ནས་སྒྱུ་མའི་ལས་ཀྱང་རྨ་བྱའི་མཇུག་མ་སྦམས་ཏེ། ཐུམ་པོར་བྱས་པའི་ནང་དུ་ཤེལ་ལས་བྱས་པའི་རྡོ་རྗེ་བཅུག་ལ་དེ་ནས་དམ་པོར་བཅིང་སྟེ། དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱས་རྨ་བྱའི་མཇུག་མ་དེ་མནན། དེ་ལ་ཕྱག་རྒྱ་ཐམས་ཅད་བབས་ཏེ། [306a.5]ནམ་ཞུགས་པར་གྱུར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ནམ་འབབ་པར་གྱུར་པ་དང་། རྨ་བྱའི་མཇུག་མ་དེ་ལ་གཟུགས་སྣ་ཚོགས་ལ་སོགས་པ་སྣང་བ་མཐོང་བར་འགྱུར་རོ། རྟགས་དེ་དག་འབྱུང་ཕྱིན་ཆད་རྨ་བྱའི་མཇུག་མ་དེས་གཟུགས་ཐམས་ཅད་རང་གི་ལུས་ལ་གོ་ཆ་བཞིན་ [306a.6]དུ་བསྟན་ཏོ། །དེ་བཞིན་དུ་བདག་ཉིད་གཟུགས་ཐམས་ཅད་དུ་སྟོན་ཏོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་འདི་དག་འགྲུབ་པར་འགྱུར་རོ། །དབང་དུ་བྱ་བའི་སྦྱོར་བའི་ཁྱད་པར་ནི་ཞེས་པ། དབང་དུ་བྱ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་ནི་འདི་ལྟ་སྟེ། རི་མོའི་སྐུ་གཟུགས་ཀྱི་སྤྱན་ [306a.7]སྔར་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིང་སྟེ། ཟླ་བ་གཅིག་ཏུ་དུས་བཞིར་བཟླས་བརྗོད་བརྒྱ་རྩ་བརྒྱད་དུ་བྱ་སྟེ། སྔར་བསྙེན་པ་བྱའོ། །དེ་ནས་བསྙེན་པ་ཟིན་པ་དང་། དཀྱིལ་འཁོར་བྲིས་ཏེ་མཚན་གཅིག་ཐོག་ཐག་བཟླས་བརྗོད་བྱས་ལ། དམ་ཚིག་གི་ཕྱག་རྒྱ་བཅིངས་ [306b] [306b.1]པ་དེ་འབར་བར་མཐོང་བར་གྱུར་ན་ཕྱག་རྒྱ་དེ་བཅིངས་ཏེ་བཟླས་བརྗོད་བྱས་ན། སེམས་ཅན་གང་དབང་དུ་བྱ་བར་འདོད་པ་དེའི་སེམས་སུ་ཞུགས་ཤིང་སེམས་ལ་བབ་ཅིང་དེ་ལ་རྗེས་སུ་ཆགས་པ་དང་ལྡན་པའི་བསམ་པས་རང་དབང་མེད་པར་བདག་གི་དབང་དུ་འགྱུར་རོ། །ཇི་སྐད་དུ། [306b.2]དབང་དུ་བྱ་བར་འདོད་པས་ཞེས་བྱ་བ་ལ་སོགས་པས་ནི། རྒྱུད་ལས་འབྱུང་བའི་གཏན་ཚིགས་གསུངས་པས་སོ། །ཕྱིན་ཆད་ཕྱག་རྒྱ་བཅིངས་པས་ཞེས་པ་ནི། ཕྱག་རྒྱ་དེ་འབར་བར་གྱུར་གྱི་བར་དུ་བཟླས་ནས་ནམ་འབར་བར་གྱུར་པ་དེ་ཕྱིན་ཆད་ཕྱག་རྒྱ་དེ་བཅིངས་པ་ཙམ་གྱིས་ [306b.3]འཇིག་རྟེན་ལས་འདས་པའི་ལྷ་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱང་བདག་ཉིད་ལ་ཆགས་ཤིང་རབ་ཏུ་ཞེན་པའི་ཐུགས་སྐྱེ་བར་འགྱུར་ན། སེམས་ཅན་གཞན་ཕལ་པ་ཐ་མལ་པ་རྣམས་ཆགས་ཤིང་ཞེན་པར་གྱུར་པ་ལྟ་ཅི་སྨོས་ཏེ། ངོ་མཚར་མི་ཆེ་ [306b.4]ཞེས་གསུངས་པ་ཡིན་ནོ། །འཇིག་རྟེན་པའི་རིག་སྔགས་འཆང་གི་དངོས་གྲུབ་པའི་ཁྱད་པར་ཡང་ཞེས་པ། འཇིག་རྟེན་པའི་ཞེས་པའི་སྒྲས་ནི། འཇིག་རྟེན་ལས་འདས་པ་ཡང་ཡོད་པར་སྟོན་པ་སྟེ། དེ་ལས་འདིར་འཇིག་རྟེན་པ་འབའ་ཞིག་གི་རིག་སྔགས་འཆང་གི་ [306b.5]དངོས་གྲུབ་སྒྲུབ་པའི་ཐབས་བསྟན་པ་སྟེ། དེ་ཡང་ཇི་ལྟར་ཞེ་ན། རི་མོའི་གཟུགས་ཀྱི་སྤྱན་སྔར་ཞེས་པ། སྔར་བསྟན་པ་ལྟ་བུའི་རི་མོའི་གཟུགས་སྤྱོད་ཡུལ་དུ་གཞག་པའི་མདུན་དུ་སྔར་ཟླ་བ་གཅིག་གི་བར་དུ་རང་གི་ལྷ་གང་སྒྲུབ་པ་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་སྔོན་དུ་ [306b.6]བསྙེན་པ་བྱའོ། །དེ་ལ་བཟླས་བརྗོད་ཀྱི་གྲངས་རེ་རེ་ཞིང་གྲངས་སྟོང་རྩ་བརྒྱད་སྟོང་རྩ་བརྒྱད་སྙེད་དུས་བཞིར་ཁོ་ནར་བཟླས་བརྗོད་བྱས་ལ་ཐ་མར། དེ་བཞིན་མཚན་གཅིག་ཅེས་པ། དེ་ལྟར་བསྙེན་པ་བྱས་པའི་མཇུག་ཏུ་སྒྲུབ་པའི་དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་ནས་སྔ་ [306b.7]མའི་ཚུལ་དེ་བཞིན་དུ་མཚན་གཅིག་ཡལ་ནངས་སུ་ཕྱག་རྒྱ་བཅིངས་ཏེ། ཐོག་ཐག་ཁོ་ནར་བཟླས་བརྗོད་བྱའོ། །ནམ་ཕྱག་རྒྱ་འབར་བར་གྱུར་པ་དེའི་ཚེ་ཞེས་པ་དེ་ལྟར་ཕྱག་རྒྱ་བཅིངས་ནས་བཟླས་བརྗོད་བྱས་ནས་ཕྱག་རྒྱ་བཅིངས་པ་འབར་བར་གྱུར་པ་དེའི་ཚེ། ཕྱག་རྒྱ་དེ་ [307a] [307a.1]བཅིངས་པས་འཇིག་རྟེན་པའི་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པ་གང་འདོད་པ་སོ་སོའི་གཟུགས་ཉེ་བར་སྟོན་པའི་དངོས་གྲུབ་ཀྱི་རྣམ་པ་རྣམས་དང་། དེ་ལས་གཞན་ལ་རིག་སྔགས་འཆང་ལ་སོགས་པ་ཞེས་པ། དེ་ལྟར་སྒྲུབ་པ་དེ་ལས་གཞན་པ་འཇིག་རྟེན་ [307a.2]པའི་ལྷ་རིག་སྔགས་འཆང་ལ་སོགས་པ་རྣམས་ལས་གང་འདོད་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་རྒྱུད་ལས་གསུངས་པའི་གཏན་ཚིགས་བསྟན་པ་སྟེ། དེའི་དོན་ནི་སྔ་མ་བཞིན་པས་བརྡ་ཕྲད་པར་ཟད་དོ། །དེ་བཞིན་ [307a.3]གཤེགས་པའི་རིགས་ལས་འབྱུང་བ་ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་རྣམས་སོ། །སྙིང་པོ་དང་ཕྱག་རྒྱ་ཞེས་པ་ནི། དེ་དག་གི་སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་རྣམས་ཟླས་བརྗོད་པར་ [307a.4]འབྱུང་བའི་སྐབས་སུ་དངོས་གྲུབ་གཞན་སྤྱིར་བསྟན་པ་རྣམས་སྒྲུབ་པའི་ཐབས་འདིར་མ་སྨོས་པ་ནི། རྩ་བའི་རྒྱུད་དེ་ཁོ་ན་ཉིད་བསྡུས་པ་ཉིད་ལས་འབྱུང་བ་ལས་ཤེས་པར་བྱ་སྟེ། འདིར་ཚིག་མངས་ཀྱིས་དོགས་པའི་ཕྱིར་རོ། །དེ་ནས་སྙིང་པོ་དང་ཕྱག་རྒྱ་དང་གསང་ [307a.5]སྔགས་དང་རིག་སྔགས་གྲུབ་པ་རྣམས་ཞེས་པ་ནི། འདི་དག་ཚུལ་བཞིན་དུ་བསྒྲུབས་ན་གྲུབ་སྟེ་མཚན་མ་འབྱུང་བའོ། །ཇི་ལྟར་སྲིད་པར་འདས་པ་དང་ད་ལྟར་དང་མ་འོངས་པ་རྣམས་ཤེས་པའི་སྦྱོར་བ་འབྱུང་སྟེ་ཞེས་པའི་རིག་སྔགས་འགྲུབ་པ་རྣམས་ཀྱིས་ཇི་ལྟར་འདོད་པ་བཞིན་ [307a.6]དུ་དུས་གསུམ་པོ་རྣམས་མངོན་སུམ་དང་འདྲ་བར་ཤེས་པའི་ཐབས་སྦྱོར་བ་སྟེ། དེ་དག་ཀྱང་འོག་ནས་འབྱུང་བ་འདི་དག་གོ། །དེ་ལ་རེ་ཞིག་ཅེས་པ་ནི། དང་པོར་སྙིང་པོར་གྲུབ་པས་དུས་གསུམ་ཤེས་པའི་སྦྱོར་བ་བསྟན་པ་སྟེ། སྙིང་པོ་ཡོངས་སུ་བཟླས་ནས་སུ། །ཞེས་པ་ [307a.7]ནི། རྒྱུད་འདིར་སྙིང་བོ་ཞེས་གང་བཤད་པ་ནི། སྙིང་པོ་སྟེ། དེ་ཡང་ལྷ་གང་ལ་མོས་པ་དེའི་སྙིང་པོ་བཟླས་པ་སྟེ། བཟླས་པའི་ཐབས་དང་བྱེ་བྲག་ནི་སྔར་བཤད་ཟིན་པས་དེ་ལས་རིག་པར་བྱའོ། །བདག་དང་གཞན་གྱི་ཞེས་བྱ་བ་ནི། བདག་དང་ཕ་རོལ་པོ་གཞན་གྱི་སེམས་ཇི་ [307b] [307b.1]ལྟ་བ་བཞིན་དུ་ཤེས་པར་བྱའོ། །འདས་པ་དང་ད་ལྟར་དང་མ་འོངས་པ་ཞེས་པ་ནི། བདག་དང་གཞན་ཇི་ལྟ་བ་བཞིན་དུ་དུས་གསུམ་པོ་རྣམས་ཀྱང་ཤེས་པར་བྱའོ། །དེ་བས་ན། །དེ་ནི་ཤེས་ཤིང་མཐོང་བར་འགྱུར། །ཞེས་བྱ་བ་འདིས་ནི། འདི་དག་ནི་སྒྲ་དང་སྤྱོད་ཡུལ་དང་མཚན་ [307b.2]ཉིད་དབང་པོའི་མངོན་དུ་སྣང་བར་འགྱུར་རོ་ཞེས་བསྟན་པའོ། །ཕྱག་རྒྱའི་ལྷ་ནི་མཉེས་བྱས་ན། །ཞེས་པ་ནི། སྙིང་པོ་བཟླས་པ་བྱས་པའི་ཇི་ལྟ་བ་བཞིན་དུ་རྒྱུད་འདིར་ཕྱག་རྒྱ་ཞེས་བརྗོད་པ་འདི་དག་ཚང་བའམ། གཅིག་ཀྱང་རུང་སྟེ་མཉེས་པར་བྱས་ནས་མཚན་མ་མ་བྱུང་གི་བར་དུ་ [307b.3]བསྒྲུབས་ན་དེས་དངོས་གྲུབ་སྔར་བཤད་པ་བཞིན་དུ་འགྲུབ་པར་འགྱུར་ཏེ། ཕྱག་རྒྱ་གཅིག་ནི་བཅིངས་ནས་སུ། །ཞེས་པ་ནི། ལྷ་སོ་སོའི་སྒྲུབ་པ་དེའི་དམ་ཚིག་གི་ཕྱག་རྒྱ་བཅིང་བའོ། །ཡིད་ལ་ཆོ་ག་བཞི་བྱས་ནས། །ཞེས་པ་ནི། དུས་གསུམ་པོའི་སྤྱོད་ཡུལ་གྱི་མཚན་ཉིད་ཇི་ལྟ་ [307b.4]བའམ། ཇི་ལྟར་འདོད་པ་བཞིན་དུ་ཡིད་ལ་མངོན་སུམ་དུ་གསལ་བར་དམིགས་ནས་ཡིད་ལ་འབྱུང་བ་དེས། འཇིག་རྟེན་རྣམས་ལ་བརྟགས་ན་ནི། གོང་མ་བཞིན་དུ་ཤེས་པར་འགྱུར། །ཞེས་ཏེ། སྙིང་པོ་གྲུབ་པའི་སྐབས་བཞིན་དུ་དུས་གསུམ་གྱི་མཚན་ཉིད་ཇི་ལྟ་བའམ། ཇི་ལྟར་ [307b.5]འདོད་པ་བཞིན་དུ་ཤེས་པར་འགྱུར་རོ་ཞེས་གསུངས་སོ། །གསང་སྔགས་གྲུབ་པའི་ཡེ་ཤེས་འབྱུང་བ་ནི་ཞེས་པ་ནི། གསང་སྔགས་བསྒྲུབས་པ་ལས་མཚན་མ་བྱུང་ནས་སྔ་མ་བཞིན་དུ་དུས་ཀྱི་མཚན་ཉིད་ཇི་ལྟ་བའམ། ཇི་ལྟར་འདོད་པ་བཞིན་དུ་ཤེས་པར་བྱ་བའི་ཆོ་ག་བསྟན་པ་ [307b.6]སྟེ། གསང་སྔགས་ལན་ཅིག་བརྗོད་ན་ནི། །ཞེས་པ། རྒྱུད་འདི་ལས་གསང་སྔགས་སུ་བཤད་པ་དེ་དག་འཆད་བའམ། ཕྱོགས་གཅིག་ཀྱང་རུང་སྟེ་མཚན་མ་མ་བྱུང་གི་བར་དུ་བསྒྲུབས་ནས་མཚན་མ་བྱུང་བར་གྱུར་པ་དང་། དུས་གསུམ་གྱི་མཚན་ཉིད་ཇི་ལྟ་བའམ། ཇི་ལྟར་འདོད་ [307b.7]པ་དེ་བཞིན་དུ་དམིགས་ནས་གསང་སྔགས་ལན་ཅིག་ཙམ་བརྗོད་ན་ཡང་དུས་གསུམ་ཇི་ལྟ་བའམ། ཇི་ལྟར་འདོད་པ་དེ་བཞིན་དུ་ཤེས་ཤིང་རང་གི་ལྕེས་ཇི་སྐད་སྨྲས་པ་དེ་བདེན་པར་འགྱུར་རོ་ཞེས་གསུངས་སོ། །རིག་སྔགས་ཀྱི་ཤེས་པ་འགྲུབ་པའི་རིམ་པ་ནི་ཞེས་པ་རྒྱུད་འདི་ [308a] [308a.1]ལས་རིག་སྔགས་སུ་བཤད་པ་དེ་ཚང་བའམ། ཕྱོགས་གཅིག་རུང་སྟེ་ཇི་ལྟ་བ་བཞིན་དུ་བསྒྲུབས་ནས་མཚན་མ་བྱུང་བར་གྱུར་པ་དང་། བདག་དང་གཞན་ནམ་དུས་གསུམ་པོ་མཚན་ཉིད་ཀྱི་ལྟ་བའམ་ཇི་ལྟར་འདོད་པ་དག་མངོན་སུམ་དང་འདྲ་བར་ཡིད་ལ་དམིགས་ནས་རིག་ [308a.2]སྔགས་ལན་ཅིག་ཙམ་བརྗོད་ན་ཡང་དེ་བཞིན་དུ་དོན་སྟོན་ཅིང་རིག་པར་འགྱུར་བ་དང་། རྡོ་རྗེ་འཛིན་པས་བཀའ་སྩལ་པ་བཞིན་པས་ན། རྡོ་རྗེ་འཛིན་པའི་ཚིག་བཞིན་དུ། །ཞེས་གསུངས་སོ། །སྙིང་པོ་དང་། སོགས་ཀྱི་སྒྲས་བསྡུས་པའི་ཕྱག་རྒྱ་དང་གསང་སྔགས་དང་རིག་ [308a.3]སྔགས་བཞིའི་བཟླས་བརྗོད་བྱས་པ་ལས་འབྱུང་བའི་དངོས་གྲུབ་བསྡུས་པ་བཤད་ཟིན་ཏོ། །དེ་ལྟ་བུའི་སྒྲུབ་པ་དེ་དག་གང་བྱེད་ཀྱང་རུང་སྟེ། དང་པོར་རང་གི་སེམས་ཀྱི་རྟོག་པ་ཞི་བར་བྱ་བའི་ཕྱིར་དང་པོར་ཁྲུས་བྱ་སྟེ། དེ་ནས་གདོང་གང་སྒྲུབ་པའི་ལས་ལ་འཇུག་པར་བྱ་བ་ཡིན་ [308a.4]པས་ན། ཁྲུས་ཀྱི་བྱེ་བྲག་ཤེས་པར་བྱ་དགོས་ཏེ། དེ་དག་གི་མཚན་ཉིད་ཀྱང་སྔར་བཤད་ཟིན་གྱིས་ཀྱང་། ད་དུང་བསྣན་ལ་བསྟན་པ་ནི། རིགས་པ་མ་ཡིན་པས་ན། འདིར་ཡང་རང་གི་སེམས་ཀྱི་རྟོག་པ་བཀྲུ་བ་སྔར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རྒྱུད་གཞན་ [308a.5]ལས་ཁྲུས་དང་གཙང་སྦྲ་གཙོར་འབྱུང་བ་བཞིན་དུ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདིར་ཡང་ཅི་བྱེད་ཀྱང་དང་པོར་གཙོར་ཁྲུས་དང་གཙང་སྦྲ་བྱ་དགོས་པར་བསྟན་པའོ། །རྒོལ་བ་པ་ན་རེ། འོ་ན་འདིར་ཁྲུས་ལ་སོགས་པའི་བྱེ་བྲག་མ་བསྟན་པ་ཅིའི་ཕྱིར་ཞེ་ན། རང་གི་ལྷའི་རྣལ་འབྱོར་ [308a.6]ལ་གནས་པ་རྟག་ཏུ་ནང་གི་བསམ་པ་དག་པའི་རྣལ་འབྱོར་པས་ཕྱི་རོལ་གྱི་གཙང་སྦྲ་དང་སྤྱོད་པ་དང་སྡོམ་པ་ལ་སོགས་པ་གཅིག་ཁོ་ནར་བྱ་དགོས་པ་མ་ཡིན་པས་རྒྱུད་འདི་ལས་དེ་བྱ་བའི་ཆོ་ག་དངོས་སུ་མ་བསྟན་ཏེ། ཞེས་བྱ་བ་གསུངས་ཏེ། དེ་བས་ན་དེ་དག་ལ་མངོན་པར་ཞེན་པ་མི་ [308a.7]བྱ་སྟེ། ཞེས་པ་ནི་རྟག་ཏུ་རང་གི་ལྷའི་རྣལ་འབྱོར་གྱིས་རྟག་ཏུ་ནང་སྦྱངས་པ་ཁོ་ན་གཙོར་ཟད་ཀྱི། ཕྱི་རོལ་གྱི་ཁྲུས་ནི་གཅེས་པ་མ་ཡིན་པས་དེ་ལ་མངོན་པར་དད་པར་མི་བྱ་ཞེས་བསྟན་ཏོ། །རྒོལ་བ་པ་ན་རེ། འོ་ན་རྒྱུད་རྣམས་ཀྱི་ནང་ནས་ཆུ་ལ་སོགས་པ་ཁྲུས་ཀྱི་རྣམ་པ་དང་། བྱེ་བྲག་ [308b] [308b.1]དུ་མ་དང་རིམ་པར་ཕྱེ་སྟེ་བསྟན་པ་ཅི་དགོས་ཤེ་ན། དེ་ལ་ཞེན་པར་ཁྲུས་ལ་སོགས་པ་བྱ་བ་ནི། དེ་ལྟ་བུའི་འཇིག་རྟེན་དང་རྗེས་སུ་མཐུན་པར་བྱ་བ་དང་། རང་གི་ལུས་ལ་ཕབ་པ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་ཏེ་ཞེས་བྱ་བར་གསུངས་ཏེ། ཇི་ལྟར་འཇིག་རྟེན་པའི་ཡ་རབས་རྣམས་ནི་ [308b.2]རང་གི་བསྙེན་པའི་ལྷ་མགུ་བར་བྱ་བ་དང་། རང་གི་ལུས་ངག་གི་མི་གཙང་བ་དག་བསལ་ཅིང་སེམས་ཉིད་ཀྱང་དག་པར་འདོད་པའི་ཕྱིར་ཁྲུས་དང་སྡོམ་པ་ཁོ་ན་གཙོར་མཚོན་པར་བྱེད་ཅིང་གཞན་དེ་ལྟར་བྱེད་པ་དག་ལ་ཡང་བསྔགས་ཤིང་ཡ་རབས་སུ་འཛིན་པར་བྱེད་ལ། གང་ [308b.3]དེ་ལྟར་མི་བྱེད་པ་དག་ནི་སྨད་ཅིང་བཤུང་བར་བྱེད་པས་ན་དེ་དག་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རང་གི་ལུས་ལ་གནོད་པ་དང་དྲི་ང་བ་དག་ཡོད་པ་བསལ་བའི་ཕྱིར་ཁྲུས་བྱས་ཀྱང་ཉེས་པ་མེད་དོ། །དེ་ཡང་སྔར་བཤད་ཟིན་ཏོ་ཞེས་པ་ནི། ཁྲུས་ཀྱི་དགོས་པ་དང་མཚན་ཉིད་ཀྱང་སྔར་ [308b.4]གོང་དུ་བཤད་ཟིན་ཏོ་ཞེས་བསྟན་པའོ། །དེ་བས་ན། དགོངས་པ་འདི་རྡོ་རྗེ་རྩེ་མོ་ལས་གསལ་བར་བསྟན་པ་ནི་ཞེས་པ་ནི། ཕྱིའི་ཁྲུས་དག་འཇིག་རྟེན་པ་དང་རྗེས་སུ་མཐུན་པར་བྱ་བ་དང་། རང་གི་ལུས་ལ་ཕན་གདགས་པར་ཟད་ཀྱི་དོན་དམ་པར་མ་བྱས་ཀྱང་ཉེས་པ་མེད་དོ་ [308b.5]ཞེས་བསྟན་པའི་གཏན་ཚིགས་སམ། དགོངས་པ་འདི་དག་རང་བཟོར་བསྟན་པ་མ་ཡིན་གྱི། རྡོ་རྗེ་རྩེ་མོའི་རྒྱུད་ལས་གསལ་པོར་བསྟན་ཏོ། །མི་དགེ་བཅུ་དག་སྤངས་ནས་སུ། །དགེ་བ་བཅུ་ལ་བརྟེན་བྱས་ནས། །སེམས་ཅན་ཀུན་ལ་ཕན་སེམས་པ། །དེ་ནི་ནང་གི་ཁྲུས་ཞེས་བྱ། ། [308b.6]ཞེས་བྱ་བ་ལ་སོགས་པ་སྟེ། ལུས་ངག་ཡིད་གསུམ་གྱི་ལས་ཁ་ན་མ་ཐོ་བ་དང་བཅས་པའི་མི་དགེ་བ་བཅུ་པོ་ལུས་ཀྱི་གསུམ་དང་། ངག་གི་བཞི་དང་། ཡིད་ཀྱི་གསུམ་པོ་དག་གཏན་ནས་སྤངས་ནས་ལུས་དང་ངག་དང་ཡིད་གསུམ་གྱི་ལས་ཡོངས་སུ་དག་པར་འགྱུར་བ་དགེ་བ་ [308b.7]བཅུ་ལ་བརྟེན་ནས། སེམས་ཅན་མཐའ་དག་ལ་ཕན་པར་འདོད་ཅིང་གནོད་པར་མི་བྱེད་པ་ནི་ནང་གི་ཁྲུས་ཞེས་བྱའོ། །བདག་ཉིད་ཕྱག་རྒྱས་བཏབ་ནས་ནི། །ཕྱག་རྒྱ་ཐམས་ཅད་དགྲོལ་བར་བྱ། །བདག་ཉིད་བཀྲུ་བའི་ཕྱི་ན་ནི། །རྣལ་འབྱོར་ཁྲུས་ཞེས་བསྟན་པ་ཡིན། །ཞེས་ [309a] [309a.1]པ་ནི། བདག་ཉིད་ལུས་ངག་ཡིད་གསུམ་གྱི་གནས་ངན་ལེན་གྱི་སྐྱོན་སྦྱང་བའི་ཕྱིར། བདག་ཉིད་ཕྱག་རྒྱ་རྣམ་པ་བཞི་དང་ལྡན་པའི་སངས་རྒྱས་སུ་བསྟན་ནས་དེའི་ངང་ལ་གནས་ཤིང་བཟླས་པ་ལ་སོགས་པ་ཅི་ནུས་སུ་བྱས་པས་མཉེས་པར་བྱས་ཤིང་། ཐ་མར་ [309a.2]ཕྱག་རྒྱ་བཀྲོལ་བ་ཡང་རྣལ་འབྱོར་གྱི་ཁྲུས་སུ་བསྟན་པ་ཡིན་ནོ། །གཙང་སྦྲ་སྤྱོད་དང་འབྲེལ་བའི་ལུས། །ཆུ་ཡི་ཁྲུས་ཞེས་བྱ་བ་སྟེ། །ལས་འདི་རྣམ་པར་རྟོག་པའི་ཁྲུས། །སློབ་དཔོན་རྣམས་ལ་བཤད་ཅེས་བྱའོ། །ཞེས་བྱ་བ་ནི་ཕྱིའི་ཡིན་ནོ། །ལུས་ཀྱི་ཡན་ལག་དང་ [309a.3]ཁ་གདོང་བཀྲུ་བ་ལ་སོགས་པ་ནི་ཆུའི་ཁྲུས་ཏེ། འདི་ལྟར་བསྟན་པ་ཡང་དོན་རྣམ་པ་གཉིས་ཏེ། སློབ་དཔོན་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པས་ནང་གི་ཁྲུས་གཙོ་བར་བྱེད་པ་དག་ལ་ནི། ཁྲུས་སྔ་མ་དག་བསྟན་ལ། སློབ་དཔོན་སྤྱོད་པ་ཤས་ཆེ་བ་ཕྱིའི་ཁྲུས་ལ་དགའ་ཞིང་ [309a.4]གཙོར་འཛིན་པས་ཕྱིའི་ཁྲུས་ཀྱིས་དག་པར་ལྟ་བ་རྣམས་ལ་ནི། ཆུའི་ཁྲུས་འདི་དག་བསྟན་པར་རིག་པར་བྱའོ། །དེ་ལ་ཁྲུས་བྱེད་པར་འདོད་པའི་རིགས་ཀྱི་བྱེ་བྲག་གི་བསྲུང་བ་སྔར་གསུངས་པས་བསྲུང་ངོ་ཞེས་པ་ནི། ཕྱི་ནང་གི་ཁྲུས་དེ་དག་གང་བྱེད་ཀྱང་རུང་སྟེ། རིགས་ [309a.5]བཞི་གང་བསྒོམ་པ་དེའི་བྱེ་བྲག་གི་སྔགས་དང་ཕྱག་རྒྱ་སྔར་གོང་དུ་གསུངས་པ་དེ་དག་གིས་ལུས་བསྲུངས་ལ་གདོད་ཁྲུས་བྱའོ། །དེ་ནས་ཁྲུས་ཟིན་ནས་ཀྱང་བསྲུང་བ་དེ་ཁོ་ནའོ། །ཡང་ན་ཐམས་ཅད་བསྲུང་བར་འདོད་པས་ཞེས་པ་ནི། བདག་དང་གནས་དང་རྫས་དང་ཡོ་བྱད་ལ་ [309a.6]སོགས་པའི་དགོས་པ་ཐམས་ཅད་བསྲུང་བར་འདོད་པའི་རྣལ་འབྱོར་པས་རང་གི་ལྷའི་རྣལ་འབྱོར་གང་ཡིན་པ་ཡིད་ལ་གསལ་བར་དྲན་པར་བྱ་སྟེ། ནང་གི་ཁྲུས་ཀྱིས་བསྲུང་བ་དང་། ཁྲུས་ལ་སོགས་པ་ཕྱི་རོལ་གྱི་མཚན་ཉིད་ཀྱི་གཙང་སྦྲ་བྱ་བར་རྒྱུད་འདིར་ཞེས་པ། ཆུའི་ཁྲུས་ [309a.7]ལ་སོགས་པའི་མཚན་ཉིད་ཀྱི་གཙང་སྦྲ་བྱ་བར་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདིར་བཅོམ་ལྡན་འདས་ཀྱིས་གནང་བར་མངོན་ཏེ་ཞེས་པ་ནི། རྒྱུད་འདིར་ནང་གི་ཁྲུས་བྱ་བར་གསུངས་པ་དེ་བཞིན་དུ་ཕྱིའི་ཁྲུས་དང་གཙང་སྦྲ་ཡང་བཀག་པ་མེད་དེ། བྱ་དགོས་པར་བཅོམ་ལྡན་ [309b] [309b.1]འདས་ཀྱིས་དགོངས་པ་གནང་བར་མངོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པའི་ཁྲུས་ལ་སོགས་པའི་མཚན་ཉིད་ཀྱི་ཆོ་ག་མ་བསྟན་པའི་ཕྱིར་ཏེ་ཞེས་སྨོས་ཏེ། ཕྱིའི་ཁྲུས་བྱ་མི་དགོས་སོ་ཞེས་མ་བཀག་པ་དང་། ཁྲུས་ཀྱི་རྣམ་པ་གཞན་དག་མ་གསུངས་པའི་ཕྱིར་ན་དེ་ལྟར་མངོན་ནོ། ། [309b.2]དེ་བས་ན་རང་གི་རིགས་དང་རྗེས་སུ་མཐུན་པའི་བསྲུང་བའམ། ཞེས་པ་ནི་རིགས་བཞི་གང་བསྒོམ་པ་དེའི་སྔགས་དང་ཕྱག་རྒྱས་བསྲུང་བའོ། །འམ་ཞེས་པའི་སྒྲས་ནི་དེར་ཡང་མ་བཅད་དེ། རང་གི་ལྷའི་དམ་ཚིག་སེམས་དཔའི་ང་རྒྱལ་གྱིས་བསྲུང་བར་བྱ་སྟེ་ཞེས་པ་དེའི་དུས་སུ་ [309b.3]རང་གི་ལྷའི་དམ་ཚིག་སེམས་དཔའི་ཆ་ལུགས་གསལ་བའི་ང་རྒྱལ་དང་ལྡན་པར་བྱའོ། །ཕྱི་རོལ་གྱི་ཁྲུས་ལ་སོགས་པའི་མཚན་ཉིད་ཅེས་པ་ནི། ཆུའི་ཁྲུས་དང་སའི་ཁྲུས་ལ་སོགས་པའི་མཚན་ཉིད། གཙང་སྦྲ་ཐམས་ཅད་ཀྱང་རང་གིས་ཇི་ལྟར་འདོད་པ་བཞིན་དུ་བྱ་བར་མངོན་ [309b.4]ནོ། །རྡོ་རྗེ་རྩེ་མོ་ལས་ནི་རྣལ་འབྱོར་པ་ཐམས་ཅད་སྤྱིའི་ཕྱི་རོལ་གྱི་ཁྲུས་ཀྱི་ཆོ་ག་གཞན་དག་གསུངས་ཏེ་ཞེས་པ་ནི། རྡོ་རྗེ་རྩེ་མོའི་རྒྱུད་ལས་རྣལ་འབྱོར་པ་ཀུན་གྱིས་ཐུན་མོང་དུ་ཕྱིའི་ཁྲུས་ཀྱི་ཆོ་ག་འདི་ལས་གསུངས་པ་དང་མི་མཐུན་པའི་རྣམ་པ་གཞན་དག་ཏུ་ཡང་སྟོན་པ་ཡོད་དོ་ཞེས་ [309b.5]པ་སྟེ། དེ་དག་ཀྱང་གང་ཞེ་ན། དེའི་རིམ་པ་ཡང་འདིའོ་ཞེས་བྱ་བ་ལ་སོགས་པ་དག་སྟེ། རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་བྱས་ཏེ། རང་གི་ལྕེ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཆོས་ཀྱི་ཕྱག་རྒྱ་དང་རྡོ་རྗེ་རྩེ་ལྔ་པ་བསམ་སྟེ། [309b.6]ཨོཾ་ཊུཾ་ཞེས་པའི་ཡི་གེ་འབྲུ་གཉིས་པོ་འདི་ལུས་ཐམས་ཅད་དམ་ཡང་ན་གནས་རྣམ་པ་ལྔ་པོ་དག་གམ། གནས་ལྔ་པོ་དང་ཡན་ལག་གི་ཚིགས་རྣམས་སུ་དགོད་དེ། རྡོ་རྗེ་གནོད་སྦྱིན་གྱི་སྙིང་པོ་ཧཱུཾ་ཞེས་པ་དང་། མི་འཆི་ཐབ་སྦྱོར་གྱི་སྙིང་པོ་ཨ་ཞེས་བྱ་བ་ཡིད་ལ་བརྗོད་པ་དེ་དེ་ན་ [309b.7]སྔགས། ཨོཾ་དྷཱུ་པི་དྷཱུ་བི་ཀཱ་ཡ་དྷཱུ་པི་བཛྲ་དྷཱུ་པི་སྭཱ་ཧཱ། ཞེས་པ་འདི་བཟླས་ཤིང་དེའི་ཕྱག་རྒྱ་ལག་པ་གཉིས་ཁུ་ཚུར་བཅངས་ལ་གཡས་པའི་མཐེ་བོ་དང་གཡོན་པའི་མཛུབ་མོ་གཉིས་རྩེ་མོ་སྦྱར། གཡས་པའི་མཐེ་བོ་དང་མཛུབ་མོ་སྦྱར་ཏེ། མཐེའུ་ཆུང་གཉིས་ཀྱང་གཤིབས་ཏེ། [310a] [310a.1]སྦྲེལ་ནས་རྩེ་མོ་ཅན་དུ་བྱས་ལ་བཟློག་སྟེ། ལག་པའི་རྒྱབ་བདག་ལ་བསྟན་སྦྱར་བ་ནི་རྡོ་རྗེ་འབར་བའི་ཕྱག་རྒྱ་སྟེ་སྔགས་དང་ཕྱག་རྒྱ་དེས་བདག་རྡོ་རྗེ་འབར་བའི་ཚོགས་ཀྱི་གཟི་ཅན་དུ་བསྒྱུར་བར་ཡིད་ཀྱིས་མངོན་པར་བརྟག་ཅིང་གནས་ལྔར་གཏུག་གོ། །དེ་ནས་ས་གཙང་ [310a.2]མ་ལ་ཨོཾ་བྷཱུ་ར་ཛྭ་ལ་སྭཱ་ཧཱ། ཞེས་པའི་སྔགས་འདིས་ལན་ཉི་ཤུ་རྩ་གཅིག་བཏབ་ལ། ཆུའི་ངོགས་གཙང་མའི་ཕྱོགས་སུ་ཆ་གསུམ་དུ་བགོས་ནས་རི་ལུ་གསུམ་བྱ་སྟེ། བཞག་ལ་དེ་ནས་བདག་ཉིད་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་དུ་བསམས་ན་གོང་དུ་བཤད་པའི་ཁྲོ་བོའི་ [310a.3]ལྟ་བས་ཆུའི་ཕྱོགས་ཀུན་དུ་བལྟས་ནས་ཆུའི་ནང་གི་བགེགས་རྣམས་ཀུན་དུ་བསལ་ལ་རྡོ་རྗེ་ལྟ་བའི་བརྟག་པ་དེ་ཉིད་ཀྱིས་ཁོར་ཡུག་ཏུ་རྡོ་རྗེ་དང་འདྲ་བར་མཚམས་བཅད་ཅིང་བགེགས་མང་པོ་ཐམས་ཅད་ཀྱིས་མི་ཚུགས་པར་ཆུ་ལ་མངོན་པར་བརྟགས་ཏེ། ས་ཆ་གསུམ་དུ་མངོན་པར་བགོས་ [310a.4]པ་དེ་ལས་ཆ་གཅིག་གིས་རོ་སྨད་བཀྲུས་ལ་ཆ་གཉིས་པས་མགོ་མན་ཆད་ལུས་ཐམས་ཅད་བཀྲུས་ཏེ། དམ་པའི་ཆོས་སྤྱོད་པའི་ཆོ་ག་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་ལྡན་པ་སྟེ། ཏིང་ངེ་འཛིན་དེ་དང་ལྡན་པར་བྱས་ནས་མི་སྨྲ་བར་ཇི་ལྟར་འདོད་པའི་ཁྲུས་བྱས་ནས། [310a.5]སའི་ཆ་གསུམ་པས་ལག་པ་བརྐུས་ལ་ཉེ་རེག་གི་ཕྱག་རྒྱ་བཅིངས་ལ་རྡོ་རྗེ་ཆུའི་སྙིང་པོ་ཨོཾ་ནཾ་ཞེས་བྱ་བ་བརྗོད་པས་ཉེ་རེག་བྱས་ཏེ་ཡང་དམ་ཚིག་སེམས་དཔར་བདག་ཉིད་ཡིད་ལ་བྱས་ལ་སྔར་གསུངས་པའི་ཚོགས་ཞེས་པ་ཉེ་རེག་བྱས་པའི་རྗེས་ལ་དམ་ཚིག་སེམས་དཔའི་ཏིང་ངེ་ [310a.6]འཛིན་ཡིད་ལ་གསལ་བར་བྱས་ནས་སྔར་གསུངས་པའི་ཆོ་ག་ཞེས་པ། གོང་དུ་བཤད་པའི་ཆོ་གའི་རིམ་པའི་སྦྱོར་བ་དང་ལྡན་པར་བྱས་ལ། རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱའི་ཆུས་བདག་གི་སྤྱི་བོ་ནས་དབང་བསྐུར་ལ་ལྷ་ལ་ཡང་ཆབ་གསོལ་ཏེ་ཞེས་པ། རང་གི་ལྷ་ཡེ་ [310a.7]ཤེས་སེམས་དཔའ་མདུན་གྱི་ནམ་མཁའ་ལ་བསམས་པ་ལ་ཡང་ཁྲུས་ཆབ་གསོལ་ཏེ། གནས་བསྲུང་བ་ཇི་ལྟར་བྱས་པ་བཀྲོལ་ཞེས་པ་སྔར་མངོན་སུམ་དུ་བྱས་པ་བསྲུང་བའི་ཏིང་ངེ་འཛིན་རིམ་བཞིན་བཀྲོལ་ནས་ཆུའི་ནང་ནས་བྱུང་སྟེ། སྔགས་པ་རང་གིས་ཇི་ལྟར་འདོད་ [310b] [310b.1]པའམ། རང་ལ་གང་ཡོད་པའི་གོས་གཙང་མའམ། རིགས་གང་ཡིན་ཁ་དོག་སྔར་བཤད་པ་དང་ལྡན་པའི་གོས་ཀྱང་རུང་། འཕགས་པ་མི་འཆི་ཐབ་སྦྱོར་གྱི་སྙིང་པོ་སྔར་བཤད་པས་སྨད་གཡོགས་དང་སྟོད་གཡོགས་ལ་བཏགས་ནས་གསོལ་བ། གཟི་བརྗིད་ཕུང་པོའི་སྔགས། [310b.2]ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཏེ་ཛོ་ར་ཤི་ཨ་ཝ་ལོ་ཀི་ཏ་མཱུརྟི་ཧཱུཾ་ཧཱུཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་པི་ཀ་བི་ཀ་བི་དྷར་བི་དྷ་ར་ཧཱུཾ་ཕཊ། ཅེས་པའི་སྔགས་བཟླས་བརྗོད་བྱས་པས་བཏབ་པའི་ཕྲེང་བ་མགོ་ལ་བཅིང་ཞིང་བགོ་བར་བྱའོ། །ཁྲུས་ཀྱི་རིམ་པ་འདི་དག་ཐམས་ཅད་བྱ། །ཞེས་པ་ནི། ཕྱི་ནང་གི་བྱེ་བྲག་ཏུ་ [310b.3]ཕྱེ་ནས་བསྟན་པ་དང་། རིགས་ཀྱི་བྱེ་བྲག་གིས་བསྲུང་བ་དང་། ལྷའི་རྣལ་འབྱོར་ཡིད་ལ་བྱ་བ་ལ་སོགས་པའི་ཆོ་ག་གོ་རིམས་སུ་བསྡེབས་ཏེ་བསྟན་པ་འདི་དག་ཀྱང་རྡོ་རྗེ་རྩེ་མོའི་རྒྱུད་ལས་ཁྱད་པར་དུ་གསལ་བར་བསྟན་ཏོ། །གང་ཞེ་ན། བདག་ནི་དང་པོར་གོ་ཆ་བགོ། །ཁྲོ་བོ་རྗེས་ [310b.4]སུ་དྲན་པར་བྱ། །ཡི་གེ་འབྲུ་གཉིས་གོ་ཆ་བགོ། །ཕུང་པོ་ཐམས་ཅད་འཇིག་པའོ། །རྡོ་རྗེ་གནོད་སྦྱིན་དྲག་ཆེན་དང་། །ཁྲོ་བོ་མི་འཆི་ཐབ་སྦྱོར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་དང་པོར་གོ་ཆ་བགོ། །ཞེས་པ་ནི། རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་ [310b.5]འབྱོར་མངོན་དུ་བྱས་ནས་རང་གི་ལྕེ་ལ་ཆོས་ཀྱི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་བསམས་ནས། ཨོཾ་ཊཱུཾ་ཞེས་པའི་ཡི་གེ་འབྲུ་གཉིས་ཡན་ལག་ཐམས་ཅད་དུ་བཀོད་པའོ། །ཁྲོ་བོའང་རྗེས་སུ་དྲན་པར་བྱ། །ཞེས་པ་ནི། རྡོ་རྗེ་གནོད་སྦྱིན་དང་མི་འཆི་ཐབ་སྦྱོར་ཏེ་བདུད་རྩི་འཁྱིལ་བ་ལའོ། །ཡི་ [310b.6]གེ་འབྲུ་གཉིས་གོ་ཆ་མཆོག །ཅེས་པ་ནི། དེ་གཉིས་ཀྱི་སྙིང་པོ་ཧཱུཾ་དང་ཨ་གཉིས་སོ། །ཕུང་པོ་ཐམས་ཅད་འཇིག་པའོ། །ཞེས་པ་ནི། བར་དུ་གཅོད་པར་འདོད་པའི་བདུད་ལ་སོགས་པའི་སྦྱོར་བ་ཐམས་ཅད་དེས་འཇིག་པར་བྱེད་པའོ། །རྡོ་རྗེ་གནོད་སྦྱིན་དྲག་ཆེན་དང་། །ཁྲོ་བོ་མི་ [310b.7]འཆི་ཐབ་སྦྱོར་རོ། །ཞེས་པ་ནི། གོ་ཆ་དང་ལྡན་པས་གཞན་གྱི་སྦྱོར་བ་འཇིག་ཅིང་བར་དུ་གཅོད་པ་སེལ་ནུས་པའི་མཐུ་དང་ལྡན་པ་ནི་ཁྲོ་བོ་འདི་དག་གོ་ཞེས་གསུངས་པའོ། །བདག་ཉིད་རབ་འབར་འཇིགས་པ་སྟེ། །ཞེས་པ་ནི། དེ་ལྟར་བསྲུང་བ་བྱས་ནས་ཡོན་ཏན་དང་ལྡན་པར་ [311a] [311a.1]བསྟན་པ་སྟེ། བདག་ཉིད་རྡོ་རྗེ་འབར་བའི་ཚོགས་ཀྱི་གཟི་ཅན་དུ་བྱས་པར་འགྱུར་རོ། །རྡོ་རྗེ་འབར་བ་བརྗོད་དཀའ་བ། །ཞེས་པ་ནི། རྡོ་རྗེ་འབར་བས་གཟི་ཅན་དུ་བྱས་པ་དེ་ནི། ཡོན་ཏན་བརྗོད་ཅིང་དཔག་པར་མི་ནུས་པ་དང་ལྡན་པ་ཡང་ཡིན་ལ། གཞན་གྱིས་ [311a.2]དེའི་མིང་བརྗོད་པར་མི་ནུས་ན་གླགས་བཙལ་བར་ལྟ་ཅི་སྨོས་ཏེ། བར་ཆད་བྱ་བར་ག་ལ་ནུས་ཞེས་བསྟན་པའོ། །འདི་ནི་གསང་སྔགས་འདི་ཡིད་ཀྱིས། །ཞེས་པ་ནི། དེ་ལྟར་གྱུར་པར་བྱ་བ་དང་། ཨོཾ་དྷཱུ་པི་ཞེས་པའི་སྔགས་འདི་ཡིད་ཀྱིས་བརྗོད་པ་དང་། རྡོ་རྗེ་འབར་བའི་ཕྱག་ [311a.3]རྒྱས་སོ། །ཞེས་ཏེ་སྔར་བསྟན་པའི་རྡོ་རྗེ་འབར་བའི་ཕྱག་རྒྱ་བཅིངས་པ་དེ་ཁོ་ནས་དེ་ལྟར་འགྱུར་བར་རིག་པར་བྱའོ་ཞེས་བསྟན་ཏོ། ས་ལ་ཉི་ཤུ་རྩ་གཅིག་ཏུ། །ཞེས་པ་ནི། ས་ལ་རིག་སྔགས་ཉི་ཤུ་རྩ་གཅིག་བཟླས་པས་བཏབ་པ་སྟེ། རིག་སྔགས་ཞེས་པ་ནི། ཨོཾ་བྷཱུར་ཛྭ་ལ་སྭཱ་ཧཱ་ཞེས་ [311a.4]བྱའོ། །མངོན་པར་བསྔགས་ཞེས་ཏེ། དེས་གྲངས་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ་ས་ལ་བཏབ་པའོ། །ས་དེས་བདག་ཉིད་བཀྲུ་བ་ནི། །ཞེས་པས། དེ་ཡང་ཆ་གསུམ་དུ་བགོས་ལ་བདག་ཉིད་བཀྲུ་བར་བྱའོ། །རོ་སྟོད་རོ་སྨད་རྐེད་པར་རོ། །ཞེས་པ་ནི། སས་བཀྲུས་པ་ལ་བཀྲུ་ [311a.5]བའི་ཐབས་བསྟན་པའོ། །སོགས་པ་རྒྱ་ཆེར་བསྟན་པའོ། །ཞེས་པ་ནི། འདིར་འདི་ཙམ་ཞིག་བསྟན་པར་ཟད་ཀྱི་རྒྱུད་དེར་ནི་འདིར་བསྟན་པ་ལ་སོགས་པ་རྣམ་པ་མང་པོའམ། རྒྱ་ཆེན་པོ་དག་ཏུ་གསུངས་པ་ཡོད་མོད་ཀྱི། འདིར་འདི་ཙམ་ལས་དེ་དག་ཀུན་ཚང་བར་མ་བྲིས་སོ། ། [311a.6]ཞེས་པའི་ཐ་ཚིག་གོ། །ཁྲུས་ལ་སོགས་པའི་གཙང་སྦྲའི་བྱ་བའི་ཐབས་བསྡུས་པ་བཤད་ཟིན་ཏོ།། །།དེ་ལྟར་ཁྲུས་དང་ལས་དང་བྱ་བ་དང་སྒྲུབ་པ་དང་བཟླས་བརྗོད་ཀྱི་བྱེ་བྲག་རྣམ་པ་དུ་མར་ཕྱེ་ནས་བསྟན་གྱིས་ཀྱང་། མ་འོངས་པའི་རྣལ་འབྱོར་ལ་མཁས་པ་རྣམས་དགའ་བར་བྱ་བ་ [311a.7]དང་། སྒྲུབ་པ་ལ་བརྩོན་པ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་དགོས་པ་གཞན་དག་ཀྱང་བསྟན་དགོས་ཏེ། དེ་ལ་ཁྲུས་ཀྱི་བྱ་བའི་ཐབས་ཀྱི་རིམ་པ་བསྟན་པའི་དེ་མ་ཐག་ཏུ་རང་གི་ལྷའི་བདེན་པ་དང་། ཆོས་དང་། ལས་དང་། དབང་དུ་བྱ་བ་ལ་སོགས་པ་སྟོན་ཅིང་འཆད་ [311b] [311b.1]པར་བྱེད་པས། དེ་ནས་ཞེས་བྱ་བ་དེ་ལྟར་རྒྱུན་མི་འཆད་པར་རང་གི་ལྷ་མཉེས་པར་བྱེད་པ་ལ་བརྩོན་པའི་རྣལ་འབྱོར་པས་ཞེས་པ་ནི། གོང་དུ་བསྟན་པའི་སེམས་སོ་སོར་བརྟགས་པ་ནས་བརྩམས་ནས་ཕྱག་རྒྱ་ཆེན་པོའི་ཡན་ལག་དང་བཅས་པའི་སྦྱོར་བས་ཕྱག་རྒྱ་བཞི་དང་ལྡན་པར་ [311b.2]བསྒོམས་པའི་ཏིང་ངེ་འཛིན་རྒྱུན་མི་འཆད་པར་རང་གི་ལྷ་ཡེ་ཤེས་སེམས་དཔའ་ཡོངས་སུ་མཉེས་པར་བྱེད་པ་ལ་བརྩོན་པའི་སྔགས་པའི་རྣལ་འབྱོར་བའོ། །སྔར་གསུངས་པའི་དམ་ཚིག་བསྲུང་བར་བྱ་སྟེ། ཞེས་པ་སྔགས་པ་རྣལ་འབྱོར་པ་དེས་རིགས་སོ་སོའི་སྤྱི་དང་ཁྱད་པར་གྱི་དམ་ [311b.3]ཚིག་གི་བྱེ་བྲག་ཇི་སྐད་དུ་བསྟན་པ་དེ་དག་བསྲུང་ཞིང་དེ་དག་ལས་མི་འདའ་བར་བྱ་དགོས་ཏེ། རང་གི་ལྷའི་བདེན་པ་ཞེས་པ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་བཞིའི་སོ་སོའི་བྱེ་བྲག་གི་བདེན་པ་བསྲུང་བར་བྱ་བའི་མནའ་འདོར་བའི་རིམ་པ་བསྟན་པའོ། །ཆོས་དང་ཞེས་པ་ནི། [311b.4]ལེགས་པར་སྤྱོད་པས་བསྐྱེད་པའི་འབྲས་བུ་ཡིད་ལ་འདོད་པའི་མཐུ་རྒྱ་ཆེན་པོའོ། །ལས་དང་ཞེས་པ་ནི། ཕན་པ་སྒྲུབ་པར་བྱེད་པའི་རང་བཞིན་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་མཉེས་པར་བྱེད་པའི་སྙིང་པོ་བྱེ་བྲག་རྣམ་པ་ལྔའོ། །རྗེས་སུ་ཆགས་པ་དང་དབང་དུ་ [311b.5]བྱ་བ་ནི་རང་གི་ལྷ་རབ་ཏུ་མཉེས་པར་བྱ་བ་དང་། དབང་དུ་གྱུར་པར་བྱའོ། །སོགས་པའི་སྒྲས་ནི་གལ་ཏེ་དངོས་གྲུབ་དེ་བཞིན་མ་སྟེར་ཞིང་ལྷ་གནད་ལ་དབབ་ཅིང་གསད་པའི་ལས་བརྩམ་པ་དང་། རབ་མཆོག་པའི་བསོད་ནམས་དང་ཡེ་ཤེས་ལ་སོགས་པའི་དོན་སྙིང་པོ་ལ་སོགས་ [311b.6]པའི་རྒྱུ་མཉེས་པར་བྱ་བའི་རྒྱུ་བསྟན་པ་ལ་སོགས་པའི་རིམ་པ་རྟིང་ཐོགས་སུ་བྱུང་བ་རྣམས་བསྡུས་པར་བྱ་སྟེ། དག་པ་ཐོབ་པར་བྱེད་པའི་རྒྱུ་དེ་དག་ནི། སྒྲུབ་པ་ལ་འབད་པར་བྱའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་ཞེས་པ་དེ་བཞིན་གཤེགས་པ་ལ་ [311b.7]སོགས་པའི་རིགས་བཞིའི་བྱེ་བྲག་གོ། །བདེན་པ་བསྲུང་བའི་མཚན་ཉིད་ཅེས་པ། རིགས་བཞིའི་སོ་སོའི་དམ་བཅའ་བའི་མནའ་ཚིག་གོ། །འདི་ལྟར་ཤེས་པར་བྱའོ་ཞེས་པ་ནི། འོག་ནས་འབྱུང་བའི་ཚིག་གི་དོན་ཏོ། །འདི་ལྟ་སྟེ་ཞེས་པ་ནི། ཉེ་བར་མཚོན་པའི་ [312a] [312a.1]ཚིག་སྟེ། དགོས་པའི་སྐབས་སུ་མནའ་འདོར་བ་ལ་ཞེས་པ་ནི། འཇིག་རྟེན་ལས་འདས་པའི་དོན་ཆེན་པོ་སྒྲུབ་པ་དང་། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་བྱེད་པའི་ཐབས་ནི་དགོས་པ་སྟེ། དེ་བསྒྲུབ་པའི་ཕྱིར་དེ་ལ་འཇུག་པའི་ཚེ་མནའ་འདོར་བའི་སྐབས་སུ་བ་ན་རིགས་གང་གི་དེའི་ [312a.2]མནའ་འདོར་བའོ། །རང་གི་ལྷ་རྗེས་སུ་དྲན་པར་བྱ་བ་ལ་ཞེས་པ་ནི། དེ་ལྟར་མནའ་འདོར་བའི་དུས་ནའང་རིགས་སོ་སོའི་བྱེ་བྲག་གི་ལྷའམ། རང་གི་ལྷ་གང་ཡིན་པ་དེ་རྗེས་སུ་དྲན་པར་བྱས་ནས་མནའ་འདོར་བར་བྱ་བའོ། །གཅིག་ཏུ་གཞོལ་བར་བསྟན་པའི་ཕྱིར་ཞེས་པ་ནི། དོན་དེ་ལྟ་བུའི་ཕྱིར་མནའ་འདོར་དགོས་པའི་སྐབས་སུ་བབ་ [312a.3]ན་རང་གི་ལྷ་རྗེས་སུ་དྲན་པར་བྱ་བ་ལ་མོས་པ་བསྐྱེད་ཅིང་ཡིད་གཞན་དུ་མ་ཕྱོགས་པར་བྱའོ། །དེ་རྗེས་སུ་དྲན་པའི་ཡོན་ཏན་གྱིས་མནའ་འདོར་བ་སྟེ་ཞེས་པ་ནི་རང་གི་ལྷ་རྗེས་སུ་དྲན་པའི་བསམ་པ་དང་བཅས་པས་མནའ་འདོར་ཏེ། དེའི་དགོས་ཆེད་ཀྱང་བདག་གི་བདེན་པ་བཞི་བྱས་ན་ནི། བསྲུང་བ་དང་བསྐྱབ་པ་དང་འགྲུབ་པར་གྱུར་ཅིག །གལ་ [312a.4]ཏེ་བདེན་པ་བཞི་མ་བྱས་པར་གྱུར་ན་ནི། གཉེན་པོར་གྱུར་ཅིག་ཅེས་དབང་གསོལ་བའི་བསམ་པ་དང་བཅས་པས་མནའ་འདོར་བ་སྟེ། དེ་ལྟར་བྱས་ན་མ་ནའི་དམ་ཚིག་ལས་མི་འདའ་ཞིང་རང་གི་ལྷས་བསྡོངས་པའི་མཐུས་དངོས་གྲུབ་མྱུར་བར་འགྱུར་བའི་ཕྱིར་རོ། །བདེན་པ་ཡོངས་སུ་བསྲུང་བར་བྱའོ་ཞེས་པ་ནི། དེ་ལྟ་བས་ན་མནའ་ [312a.5]འདོར་བའི་དོན་ཁས་བླངས་པ་དེ་མི་ཉམས་པར་བྱའོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་བདེན་པ་ཡོངས་སུ་བསྲུང་བའི་རྒྱུ་ཞེས་པ་ནི་དེ་བཞིན་གཤེགས་པ་འབའ་ཞིག་ཁོ་ན་གཙོར་བསྒོམ་པ་རྣམས་ཀྱི་བདེན་པ་བསྲུང་བའི་མནའི་མཚན་ཉིད་བསྟན་པའོ། །བདེན་པའི་རྗེས་སུ་འཇུག་པའི་ཞེས་པ་ནི་འཕགས་པ་རྣམས་ཀྱི་ཚད་མར་ [312a.6]གྱུར་པས་བདེན་པ་ཞེས་བྱ་ལ། དེའི་རྗེས་སུ་འཇུག་པ་ནི་སྔགས་པ་རྣལ་འབྱོར་བའོ། །ཚིག་གིས་མནའ་འདོར་བ་ཞེས་པ་ནི། རྣལ་འབྱོར་བ་དེས་ཚིག་གིས་མནའ་འདོར་བའི་དུས་ནའང་དོན་གྱིས་ལྷ་དྲན་པར་བྱ་བའོ། །བདེན་པ་ཆེན་པོ་བསྲུངས་ནས་ནི། །ཞེས་པ་ནི། འཕགས་པའི་བདེན་པ་དང་། དེའི་ཞལ་ [312a.7]ནས་གསུངས་པའི་མནའ་བདེན་པས་ན་བདེན་པ་སྟེ། ཆེན་པོ་ཞེས་པ་ནི་དེ་ལ་བརྟེན་ཏེ་དེ་སྐྱེ་བས་ན། རྒྱུ་ལ་དགོངས་པའི་ཕྱིར་ན་ཆེན་པོ་ཞེས་བྱ་སྟེ། དེ་ཅི་བཞིན་བསྲུངས་པ་ལས་སྐུ་དང་ཡེ་ཤེས་སྐྱེ་བར་འགྱུར་བས་སངས་རྒྱས་མྱུར་དུ་ཐོབ་པར་འགྱུར་ཞེས་བྱའོ། །དེ་བཞིན་གཤེགས་པ་བཟླས་བརྗོད་བྱེད་པས་ཞེས་པ་ནི། ། [312b] [312b.1]དེ་བཞིན་གཤེགས་པ་ལྔ་ལས་གང་ཡང་རུང་བ་ཅིག་བཟླས་བརྗོད་བྱེད་པར་འདོད་པའི་སྔགས་པའི་རྣལ་འབྱོར་བའོ། །མནའི་སྐབས་སུ་བབ་ན་དམ་ཚིག་འདི་ལྟར་བྱའོ་ཞེས་པ་ནི། མནའ་འདོར་དགོས་པའི་སྐབས་སུ་བབ་ན། དམ་ཚིག་འོག་ནས་འབྱུང་བ་འདི་ལྟར་བྱ་སྟེ། བདེན་པ་བདེན་ངེས་པར་ཞེས་པ་ནི། [312b.2]བདག་གིས་ཁས་བླང་ཞིང་བསྒྲུབ་པར་བྱ་བའི་དངོས་གྲུབ་ཚིག་ཏུ་བརྗོད་པ་ནི་བདེན་པའོ། །བདེན་ངེས་པ་ནི་བདེན་པ་དེ་བསྲུངས་པ་ལས་བྱུང་བའི་འབྲས་བུ་ཡང་བསྲུང་བ་ཇི་ལྟ་བ་བཞིན་དུ་ངེས་ཤིང་མི་སླུ་བས་ན་བདེན་ངེས་པ་སྟེ། ཐོབ་ངེས་པར་ཡང་འགྱུར་ལ་ངེས་པ་དེ་ཐོབ་པར་ཡང་བྱ་བའོ། །དངོས་པོ་འདི་ཞེས་པ་ནི། [312b.3]དོན་གྱི་དམིགས་དེ་ཡིད་ལ་གང་བརྣགས་པ་དེ་ཚིག་ཏུ་བརྗོད་པའོ། །སོགས་པའི་སྒྲས་ནི་དོན་གྱི་དམིགས་དེ་ཉིད་རྒྱས་པར་བརྗོད་པའོ་ཞེས་ཚིག་བསྡུ་བའོ། །རྒྱལ་བའི་རིགས་ལ་ཞེས་པ་ནི། རྒྱལ་བའི་རིགས་ཟློས་པས་མནའ་འདོར་བའི་གཏན་ཚིགས་བསྟན་པའོ། །དམ་ཚིག་ལ་ནི་མནའ་འདོར་བ། །ཞེས་པ་ནི། [312b.4]དམ་ཚིག་ལ་མནའ་འདོར་བ་ནི་འདའ་བར་བྱེད་པ་སྟེ། དེ་ཡང་གྱི་ནའམ་རང་བཟོ་མ་ཡིན་པ་ནི། དེ་བཞིན་གཤེགས་པའི་རིགས་ལས་བྱུང་། །ཞེས་བྱ་སྟེ། གལ་ཏེ་བདག་འདི་ལྟར་མི་བྱེད་ན། རྡོ་རྗེ་སེམས་དཔའ་ལ་སོགས་པ་དམ་ཚིག་རྣམས་བསླུས་པར་གྱུར་ཅིག །དེ་ནས་དེ་བཞིན་དུ་བསྲུངས་ན་ [312b.5]དངོས་གྲུབ་མྱུར་བར་ཐོབ་པར་གྱུར་ཅིག་ཅེས་བྱ་བ་ཡིན་པས་ན། རྡོ་རྗེ་བདེན་པ་བསྲུངས་ན་ནི། །གྲུབ་པའི་མཆོག་ཀྱང་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཐུགས་ཀྱི་བདག་ཉིད་ཚིག་ཏུ་བརྗོད་པ་ནི། རྡོ་རྗེ་བརྡེག་པ་སྟེ་དམ་ཚིག་ནི་མནའོ། །དེ་བཞིན་དུ་རྡོ་རྗེའི་ [312b.6]རིགས་ལ་ཞེས་པ་ནི། རྒྱལ་བའི་རིགས་ལ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེའི་རིགས་ཀྱི་བཟླས་བརྗོད་བྱེད་པས་མནའ་འདོར་བའང་འདི་ལྟ་སྟེ། རྡོ་རྗེ་འཛིན་མ་མནའ་འདོར་བ། །ཞེས་པ་ནི། རྡོ་རྗེ་འཛིན་མ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་འཇིག་རྟེན་གསུམ་གྱི་འཁོར་ལོ་ཕྱིའི་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་ [312b.7]བསྟན་པས་དེ་བཅིངས་ལ་བདེན་པའི་ཚིག་འདི་ལས་མ་ཉམས་པར་བསྲུངས་ན་ནི། གདོན་མི་ཟ་བར་སངས་རྒྱས་སུ་གྲུབ་པར་གྱུར་ཅིག །གལ་ཏེ་འདས་པར་གྱུར་པ་ན་དམྱལ་བར་ལྟུང་བར་གྱུར་ཅིག་ཅེས་བརྗོད་པ་ནི་མནའ་འདོར་བའོ། །རབ་ཏུ་འདའ་བར་དཀའ་བ་སྟེ། །ཞེས་པ་དེ་ལྟར་མནའ་འདོར་བའི་ཚིག་དེ་ནི་འདའ་བར་ [313a] [313a.1]རབ་ཏུ་ཉེན་ཆེ་བས་ན་བསྲུང་བར་བྱའོ། །ཞེས་བསྟན་པ་སྟེ། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །བདེན་པ་འདི་ནི་བསྲུང་བར་བྱ། །ཞེས་གསུངས་སོ། །པདྨའི་རིགས་ཀྱི་བདེན་པ་ཞེས་པ་ནི། པདྨའི་རིགས་ཀྱི་མནའ་འདོར་བ་སྟེ། པདྨའི་ཆོས་ཀྱི་མནའ་འདོར་བ་ [313a.2]ཞེས་པ་ནི། བདག་འདི་ལྟར་མནའི་དམ་བཅས་པ་ལས་མ་འདས་ན་ནི་ཡིད་ལ་བརྣགས་པའི་དོན་འདི་དག་གྲུབ་པར་གྱུར་ཅིག །གལ་ཏེ་བདག་གིས་འདི་ལྟར་མ་བྱས་པར་གྱུར་ན་དམ་པའི་ཆོས་བདག་གིས་བསླུས་པར་གྱུར་ཅིག་པ་སྟེ། ལྷག་མ་བརྡ་ཕྲད་པར་ཟད་དོ། །ནོར་བུའི་རིགས་ལ་ནི་ཞེས་པ། རིན་པོ་ [313a.3]ཆེའི་རིགས་ཀྱི་མནའ་འདོར་བ་སྟེ། སངས་རྒྱས་མཆོད་པ་མནའ་འདོར་བ། །ཞེས་པ་ནི། ལས་ཀྱི་རིགས་ཀྱང་རིན་པོ་ཆེའི་རིགས་ཀྱི་ནང་དུ་འདུས་པར་བཤད་དོ། །དེ་བཞིན་གཤེགས་པའི་ཕྲིན་ལས་ནི། སངས་རྒྱས་མཆོད་པ་དང་། སེམས་ཅན་གྱི་དོན་བྱ་བ་སྟེ། གལ་ཏེ་བདག་གིས་དེ་ལྟར་མི་བྱེད་ [313a.4]ན། སངས་རྒྱས་ཀྱི་མཆོད་པ་གང་ཡིན་པ་ཐམས་ཅད་བདག་གིས་བཤིག་པར་གྱུར་ཅིག་ཅེས་བྱ་སྟེ། ལྷག་མ་ནི་བརྡ་ཕྲད་པར་ཟད་དོ། །དེ་ལྟར་དམ་ཚིག་ལེགས་པར་རིག་ཅིང་བསྲུང་བ་ལ་འབད་པར་གྱུར་པ་ཞེས་པ། རྣལ་འབྱོར་བ་དེས་དེ་ལྟར་གོང་དུ་བཤད་པ་ལྟར་བདེན་པའི་ཚིག་གི་དོན་ལེགས་པར་ཤེས་ [313a.5]ཤིང་དོན་དེ་བཞིན་དུ་རྗེས་སུ་བསྲུང་བ་ལ་འབད་པར་གྱུར་པ་དེ་མཉེས་པར་བྱ་བ་ཉིད་ལྷ་ཡེ་ཤེས་ཀྱི་སེམས་དཔའ་གང་ཡིན་པའི་རྗེས་སུ་མཐུན་པར་ཆོས་དང་། ལས་དང་། ཆོས་ཉིད་དང་། རྗེས་སུ་ཆགས་པ་དང་། དབང་དུ་བྱ་བ་ལ་སོགས་པ་ལེགས་པར་བསྒྲུབ་པ་དང་། དམ་ཚིག་བསྲུང་བ་ལ་འབད་པར་གྱུར་པ་ཞེས་པ་ [313a.6]རྣལ་འབྱོར་བ་དེས་གོང་དུ་གསུངས་པའི་དོན་དེ་ལྟར་རིག་པའི་དམ་ཚིག་གིས་མནའ་འདོར་བ་དེ་དག་དོན་ཅི་ལྟ་བ་བཞིན་དུ་ལེགས་པར་རིག་ཅིང་མ་ཉམས་པར་རྗེས་སུ་བསྲུང་བ་ལ་འབད་པར་གྱུར་པ་དེ་རང་གི་ལྷ་མཉེས་པར་བྱ་བའི་ཕྱིར། དེ་དང་རྗེས་སུ་མཐུན་པར་ཆོས་དང་ལས་ལ་སོགས་པ་ལེགས་པར་བསླབས་ཤིང་རིག་པར་བྱས་ [313a.7]ནས་བསྲུང་བར་བྱའོ་ཞེས་སྟོན་པ་སྟེ། དེ་ལ་ཆོས་དང་ཞེས་པ་ནི། ལེགས་པར་སྤྱོད་པས་བསྐྱེད་པ་ཡིད་ལ་འདོད་པའི་འབྲས་བུ་མཐུ་རྒྱ་ཆེན་པོ་ནི་ཆོས་ཏེ། དེ་ཡང་འདིར་ནི་བཤད་པའི་མཚན་ཉིད་ཀྱི་ཆོས་ལ་ཤེས་པར་བྱའོ། །ལས་དང་ཞེས་པ་ནི་བདག་གཞན་ལ་ཕན་པ་སྒྲུབ་པའི་རང་བཞིན་ཡིན་ཏེ། དེ་ཡང་ [313b] [313b.1]དེ་བཞིན་གཤེགས་པ་ལ་སོགས་པའི་སྙིང་པོ་མཉེས་པར་བྱེད་པའི་བྱེ་བྲག་རྣམ་པ་ལྔར་བསྟན་པ་དག་གོ། །ཆོས་ཉིད་ཅེས་པ་ནི། ལྷ་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཁྱད་པར་ནི་ཆོས་ཉིད་དེ་དེ་ཡང་ཕྱག་རྒྱ་བཞིར་སྦྱོར་བ་གཙོར་གྱུར་པ་ཤེས་པར་བྱའོ། །རྗེས་སུ་ཆགས་པ་དང་ཞེས་པ་ནི། སེམས་ཅན་གྱི་ [313b.2]དོན་ཇི་ལྟ་བ་བཞིན་དུ་བྱེད་ཅིང་། བདག་ཉིད་རང་གི་ལྷ་ལ་མངོན་པར་ཆགས་པའོ། །དབང་དུ་བྱ་བ་དང་ཞེས་པ་ནི། རིགས་བཞིའི་ལྷ་དབང་དུ་བྱ་བ་སྟེ། དེ་དག་རེ་རེ་ལས་ཀྱང་སོ་སོའི་ཁྱད་པར་གྱིས་བྱེ་བྲག་ཏུ་ཕྱེ་ནས་སྟོན་པ་དང་། རྗེས་སུ་ཆགས་པ་དང་། དབང་དུ་བྱ་བ་གཉིས་རང་གི་ལྷ་ [313b.3]རབ་ཏུ་མཉེས་པར་བྱ་བ་དང་། དབང་དུ་གྱུར་བར་བྱ་བ་སྟེ། འདི་དག་གིས་རིམ་པ་དང་རྒྱས་བ་དགའོ་གནས་རིམ་བཞིན་དུ་རྒྱས་པར་སྟོན་པས་དེ་བཞིན་དུ་རིག་པར་བྱའོ། །སོགས་པ་ཞེས་པ་ནི། དེ་དག་རེ་རེ་ལས་ཀྱང་སོ་སོའི་ཁྱད་པར་གྱིས་བྱེ་བྲག་ཏུ་ཕྱེ་ནས་སྟོན་པ་དང་། རིགས་བཞིར་གསུངས་ [313b.4]པའི་ལྷ་རྣམས་ཀྱི་དྲག་ཤུལ་སྒྲུབ་པའི་སྦྱོར་བ་ཐབས་ཞར་ལ་འབྱུང་བའི་ངག་བསྡུ་བར་བྱའོ། །ལེགས་པར་ཤེས་པར་བྱས་ནས་ཞེས་པ་ནི། དེ་དག་གིས་བྱེ་བྲག་ཇི་ལྟ་བ་བཞིན་དུ་གསལ་ཞིང་འབྱེས་པར་བློས་རིག་པར་བྱའོ། །ཇི་ལྟར་རིགས་པར་བསྲུང་བར་བྱའོ། །ཞེས་པ་ནི། དེ་དག་ལས་ཇི་ལྟར་གསུངས་ [313b.5]པ་དེ་བཞིན་དུ་མི་འགལ་བར་བསྲུང་ཞིང་ཇི་ལྟར་རིགས་པ་བཞིན་དུ་ཉམས་སུ་བླང་བར་བྱ་བའི་དོན་ཏོ། །དེ་ལ་རེ་ཞིག་རིགས་བཞིའི་ལྷ་ཐམས་ཅད་ཀྱི་སྙིང་པོ་རྣམས་ཞེས་པ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་ལྔའི་སྙིང་པོ་རིགས་བཞིའི་ལྷ་ཐམས་ཅད་ཀྱི་སྙིང་པོ་སྟེ། དེ་ལ་སྙིང་པོ་ཞེས་པ་ནི་མཚན་མ་དང་མཚན་ [313b.6]མ་མེད་པ་སྟེ། དེ་ལ་འདིར་གཟུང་བ་ནི་ལྷ་གང་བསྒོམ་པའི་སྔགས་ཀྱི་ཡི་གེ་འབྲུ་གཅིག་པ་ལ་སོགས་པའི་རྣམ་པར་རྟོག་པའི་རྣམ་པར་རབ་ཏུ་གོམས་པ་ལས་སྙིང་པོ་ཞེས་བྱ་བའི་སེམས་རྟོགས་པར་གྱུར་བས་ནི་སྙིང་པོ་ཞེས་བྱའོ། །རྣམས་ཞེས་པས་ནི་མ་ལུས་པར་སྡུད་པ་སྟེ། དེ་བཞིན་གཤེགས་ [313b.7]པ་རྣམས་དང་། དེའི་རིགས་རྣམས་ལས་རེ་རེའམ་ཚང་བའང་རུང་སྟེ། གང་འདོད་པ་ལ་ཁྱབ་པར་དགོངས་པ་ཡིན་ནོ། །ཇི་ལྟར་སྲིད་པ་ཞེས་པ་ནི། ཇི་ལྟར་འདོད་པའམ། ཇི་ལྟར་ནུས་པ་བཞིན་དུ་སྙིང་པོ་བཟླས་བརྗོད་བྱ་བ་སྟེ། བཟླས་བརྗོད་ཅེས་པ་ཡང་རིགས་གཅིག་གམ་སོ་སོ་ཡང་རུང་ [314a] [314a.1]བ་གང་ཡིན་པ་དེའི་བཟླས་བརྗོད་ཀྱི་ཐབས་ཇི་ལྟར་རིགས་བཞིན་དུ་བརྩམ་པར་བྱའོ། །བསྒོམ་པ་ལ་མངོན་པར་བརྩོན་པ་ཞེས་པ་ནི། མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་ཚུལ་དུ་བསྒོམ་པ་དང་། གཉི་ག་འབྲེལ་པ་ཅན་དུ་བསྒོམ་པ་ལས། འདིར་ནི་ [314a.2]མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་གཉི་ག་འབྲེལ་པ་ཅན་གྱི་ཚུལ་དུ་བསྒོམ་པ་ལ་བྱ་སྟེ། མངོན་པར་བརྩོན་པ་ཞེས་པ་ནི། གསལ་བར་ནན་ཏན་དུ་བྱ་བའོ། །སྙིང་པོ་སྒྲུབ་པ་རྣམས་ཉིད་ཀྱི་ཆོས་དང་ལས་ཞེས་པ་ནི། དེ་དག་ལས་རང་གི་སྙིང་པོ་གང་སྒྲུབ་པར་འདོད་པ་དེ་ཉིད་ཀྱི་ [314a.3]ཆོས་དང་། ལས་དང་རྗེས་སུ་ཆགས་པ་དང་། དབང་དུ་བྱ་བ་དག་ཁོ་ན་བསྡུ་བར་བྱའོ་ཞེས་བསྟན་པའོ། །དེ་ལ་ཆོས་གང་ཞེ་ན། ལེགས་པར་སྤྱོད་པས་བསྐྱེད་པ་ཡིད་ལ་འདོད་པའི་འབྲས་བུ་མཐུ་རྒྱ་ཆེན་པོ་ནི་ཆོས་སོ་ཞེས་གསུངས་པ་ཡིན་ཏེ། གང་འདིའི་སྐབས་སུ་ལེགས་པར་སྤྱོད་པས་བསྐྱེད་ [314a.4]པའི་རྒྱུ་ལས་བྱུང་བའི་འབྲས་བུ་ཡིད་ལ་འདོད་པ་གང་ཡིན་པ་དེའི་མཐུ་རྒྱ་ཆེན་པོ་ཐོབ་པ་ནི་ཆོས་ཞེས་བྱའོ་ཞེས་སྟོན་པའོ། །དེ་ཁོ་ན་འབའ་ཞིག་ཏུའང་མ་ཟད་དེ། དེའི་རྒྱུ་སྤྱོད་པ་དང་། ཆོས་བཤད་པ་དག་ལ་ཡང་དེ་ལྟར་བརྟགས་པས་དེ་སྐད་ཅེས་བྱའོ་ཞེས་བསྟན་པ་ཡིན་ཏེ། དེ་ལ་འདིར་ནི་ཞེས་ [314a.5]སྒྲུབ་ཐབས་ཀྱི་སྐབས་སུ་འདིར་ནི་བཤད་པའི་ཆོས་ཀྱི་མཚན་ཉིད་ལ་གཟུང་བར་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རིགས་སོ་སོའི་རང་གི་རིགས་དང་རྗེས་སུ་མཐུན་པའི་ཆོས་བརྗོད་པར་བྱ་བའི་ཕྱིར་རོ་ཞེས་གསུངས་པས་ནི། རིགས་བཞི་པོ་སོ་སོ་རང་གི་རིགས་དང་། རྗེས་མཐུན་པའི་ཆོས་བརྗོད་ [314a.6]པར་བྱ་དགོས་པའི་ཕྱིར་ན་འདིར་འདི་ལྟར་བསྟན་པ་ཡིན་ནོ། །འོ་ན་དེ་ལྟར་བརྗོད་པ་ཅི་དགོས་ཤེ་ན། དེ་ལ་བརྗོད་པ་ཡང་བཟླས་བརྗོད་བྱེད་པ་དང་། བསྒོམ་པ་དང་བསྒྲུབ་པའི་དུས་ན་དེ་མངོན་པར་བསྟན་པའི་དུས་ན་དོན་སྟོན་པའི་རང་གི་རྒྱུད་ལས་འཕེལ་བར་བྱ་བའི་ཕྱིར་རོ་ཞེས་གསུངས་ཏེ། དེ་ལ་ [314a.7]བརྗོད་པ་ཡང་ཞེས་པ་ནི་སོ་སོའི་རིགས་དང་མཐུན་པའི་ཆོས་བརྗོད་པ་ཡང་རིགས་སོ་སོའི་སྙིང་པོ་བཟླས་བརྗོད་བྱེད་པ་དང་། ཕྱག་རྒྱ་ཆེན་པོའི་ཚུལ་དུ་བསྒོམ་པ་དང་། ཡིད་ལ་འབབ་པའི་དངོས་གྲུབ་བསྒྲུབ་པའི་དུས་ན་ཆོས་ཀྱི་ཚིག་མངོན་པར་བསྟན་པའི་དོན་དེས་རང་གི་རྒྱུད་ལ་རྟོགས་པ་འཕེལ་ཞིང་རྒྱས་པར་བྱ་བའི་ [314b] [314b.1]དགོས་པ་ཡོད་པའི་ཕྱིར་འདི་ལྟར་བསྟན་ཏོ། །དེ་ལ་རིགས་སོ་སོའི་རང་གི་རིགས་དང་རྗེས་སུ་མཐུན་པའི་ཆོས་བརྗོད་པར་བྱ་ཞེས་བསྟན་པ་དེ་ཡང་འདི་ནས་མར་རིམ་པར་སྟོན་པ་ལས་རིག་པར་བྱ་སྟེ། དེ་ལ་དང་པོར་དེ་བཞིན་གཤེགས་པའི་བསྟན་ཏེ། དེ་ཡང་གང་ཞེ་ན། དེ་ལ་དེ་བཞིན་གཤེགས་ [314b.2]པའི་སྙིང་པོ་བཟླས་བརྗོད་བྱེད་པ་དང་། བསྒོམ་པ་ལ་བརྩོན་པས་ཆོས་ཀྱི་ཚིག་བརྗོད་པ། དེའི་དོན་ཆུད་པས་འདི་ལྟར་བྱའོ་ཞེས་བྱ་བ་ལ་སོགས་པ་དག་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་བཟླས་བརྗོད་བྱེད་པ་དང་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོ་ [314b.3]བཟླས་བརྗོད་བྱེད་པ་དང་། བསྒོམ་པ་ལ་བརྩོན་པས་ཞེས་པ་ནི། དེ་བཞིན་གཤེགས་པ་བསྒོམ་པ་ལ་བརྩོན་པའི་རྣལ་འབྱོར་པས་ཆོས་ཀྱི་ཚིག་བརྗོད་པ་དེའི་དོན་རྟོགས་པར་འགྱུར་བ་དང་། རྟོགས་པར་འགྱུར་བར་འདོད་པ་རྣམས་ཀྱིས་འོག་ནས་འབྱུང་བའི་འདི་ལྟར་རིག་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་མདོའི་ཚིག་ [314b.4]ནི་སངས་རྒྱས་ཆོས་ཞེས་བྱ་སྟེ། དེ་ལྟར་ཆོས་ཉིད་ཡི་གེ་བརྗོད། །སངས་རྒྱས་ཆོས་ཀྱི་ཕྱག་རྒྱ་ཆེན། །ཡེ་ཤེས་ཀྱི་ནི་ཚུལ་མཆོག་གོ། །ཞེས་བྱ་བ་སྟེ། ཞེས་པ་ནི་མདོ་ལས་གསུངས་པའི་ཚིག་སྟེ། དེ་ལ་སངས་རྒྱས་ཆོས་ཞེས་བྱ་བ་སྟེ་ཞེས་པ་ནི། སློབ་པ་དང་མི་སློབ་པའི་འབྲས་བུའི་ངོ་བོ་ཉིད་ལ་ནི་སངས་ [314b.5]རྒྱས་ཞེས་བྱ་སྟེ། ཆོས་སུ་བརྟགས་པ་ཡང་སངས་རྒྱས་སུ་བརྗོད་པ་དེ་ཉིད་ཀྱི་ངོ་བོ་ལ་བྱའོ། །དེ་ལྟར་ཆོས་ཉིད་ཡི་གེ་བརྗོད། །ཅེས་པ་ནི། སངས་རྒྱས་དང་ཆོས་སུ་བརྟགས་པའི་ངོ་བོ་ཐ་མི་དད་པས་ན། ཆོས་ཉིད་ཀྱི་ཚིག་ཡི་གེར་བརྗོད་པ་ཉིད་སངས་རྒྱས་སོ། །སངས་རྒྱས་ཆོས་ཀྱི་ཕྱག་རྒྱ་ཆེན། ། [314b.6]ཞེས་པ་ནི། སངས་རྒྱས་གང་ཡིན་པའི་ཕྱག་རྒྱ་ཆེན་པོ་དེ་ཉིད་ཆོས་ཡིན་ལ་ཆོས་ཀྱི་ཕྱག་རྒྱར་བརྗོད་པ་ཉིད་ཀྱང་སངས་རྒྱས་སོ་ཞེས་བསྟན་པ་ཡིན་ནོ། །ཡེ་ཤེས་ཀྱི་ནི་ཚུལ་མཆོག་གོ། །ཞེས་པ་ནི། དེ་ལྟར་རིག་པ་ཉིད་ཡེ་ཤེས་ཀྱི་ཚུལ་མཆོག་ཡིན་པར་ཟད་ཀྱི་གཞན་མ་ཡིན་ནོ། །སངས་རྒྱས་ཆོས་ [314b.7]ཞེས་བྱ་བ་དེའི་དོན་ཆུད་པ་ནི་ཞེས་པ་ནི། སངས་རྒྱས་ཆོས་ཞེས་བྱ་བར་བརྗོད་པ་དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་པ་ནི། འོག་ནས་འབྱུང་བ་འདི་ལྟ་བུར་ཤེས་པར་བྱ་སྟེ། སློབ་པ་དང་མི་སློབ་པ་ཞེས་པ་ནི། ཉན་ཐོས་ཀྱི་ནི་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་བར་ལ་བྱ་མོད་ཀྱི། [315a] [315a.1]འདིར་ནི་ས་དང་པོ་རབ་ཏུ་དགའ་བ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་སའི་བར་ཏེ། སློབ་པ་དང་མི་སློབ་པའི་འབྲས་བུ་དེའི་ངོ་བོ་ཉིད་སངས་རྒྱས་ཏེ། ཆོས་ཀྱང་དེ་ཉིད་ཀྱི་ངོ་བོ་ཉིད་ལ་བྱ། མྱ་ངན་ལས་འདས་པ་ཡང་དེ་ཉིད་ལ་བྱའོ། །དེ་བས་ན་སངས་རྒྱས་གང་ཡིན་པ་དེ་ཉིད་ཆོས་སོ་ [315a.2]ཞེས་པ་ནི་སངས་རྒྱས་དང་ཆོས་དང་མྱ་ངན་ལས་འདས་པའི་ངོ་བོ་ཐ་མི་དད་ཅིང་དབྱེར་མེད་པར་བསྟན་པའི་གཏན་ཚིགས་དེ་བས་སངས་རྒྱས་གང་ཡིན་པ་དང་། གཞན་མ་ཡིན་ལ་ཆོས་གང་ཡིན་པ་ཡང་གཞན་མ་ཡིན་ཏེ། སངས་རྒྱས་གང་ཡིན་པ་དེ་ཉིད་ཆོས་ལ། ཆོས་གང་ཡིན་པ་དེ་ཉིད་སངས་རྒྱས་ཏེ། དེ་གཉིས་ [315a.3]བྱེ་བྲག་མེད་པར་ཁོང་དུ་ཆུད་པར་བྱ་སྟེ། དོན་དེ་ལྟ་བུའི་ཚུལ་དུ་ཆོས་ཀྱི་ཚིག་བརྗོད་པར་བྱའོ། །ད་ནི་དེ་བཞིན་གཤེགས་པའི་རིགས་རྣམས་བཟླས་བརྗོད་བྱ་བ་དང་། བསྒོམ་པར་འདོད་པའི་བསླབ་པར་འདོད་པ་ནི། །དེ་བཞིན་གཤེགས་པའི་རིགས་ལ་ཞེས་བྱ་སྟེ། དེ་ཡང་གང་ཞེ་ན། རྒྱུད་ལས། [315a.4]ཆགས་ལས་དག་པའི་ཆོས་མེད་དེ། །བདེ་བ་ཐམས་ཅད་རབ་ཏུ་སྩོལ། །དེ་བཞིན་གཤེགས་པའི་རིགས་ལ་ནི། །ཆོས་འདི་འགྲུབ་པར་བྱེད་པའི་མཆོག །ཅེས་གསུངས་ཏེ། དེ་ལ། ཆགས་ལས་དག་པའི་ཆོས་མེད་དེ། །ཞེས་པ་ནི། སེམས་ཅན་མ་སྨིན་པ་ཐམས་ཅད་སྨིན་པར་བྱ་བ་དང་། མ་ [315a.5]གྲོལ་བ་ཐམས་ཅད་ཡོངས་སུ གྲོལ་བར་བྱ་བ་ལ་ཆགས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལ་ཆགས་པར་བྱ་བ་ལས་ཆོས་གཞན་འཇིག་རྟེན་ན་གུད་ན་མེད་དོ་ཞེས་བྱའོ། །བདེ་བ་ཐམས་ཅད་རབ་ཏུ་སྩོལ། །ཞེས་པ་ནི། དེ་ལྟ་བུའི་ཆགས་པ་རྣམ་པ་གཉིས་པོ་དེས་བདག་གཞན་གཉིས་ཀ་ལ་ [315a.6]འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་བདེ་བ་ཐམས་ཅད་སྦྱིན་ཞིང་སྟོབ་པར་བྱེད་པ་ཡིན་ཞེའོ། །འོ་ན་དེ་དག་གི་རྐྱེན་དུ་འབབ་པ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་རིགས་ལ་ནི། །ཆོས་འདི་གྲུབ་པར་བྱེད་པའི་མཆོག། །ཅེས་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་རྣམས་བཟླས་བརྗོད་ [315a.7]དང་། སྒོམ་པར་བྱེད་པ་ལ་ཆོས་ཀྱི་ཚིག་འདི་སངས་རྒྱས་སུ་གྲུབ་པར་བྱེད་པའི་མཆོག་ཡིན་ཞེས་བསྟན་ཏོ། །བཤད་པའི་ཆོས་ཉིད་ཀྱི་ཚིག་དེ་བརྗོད་ན་འདི་ལྟར་ཡིད་ལ་བྱའོ་ཞེས་པ་ནི། སྐབས་སུ་བསྟན་པའི་རྒྱུད་ལས་གསུངས་པའི་ཚིག་དེ་བརྗོད་པའི་དུས་ན་དོན་འདི་ལྟར་གསལ་བར་ཡིད་ལ་བྱའོ། རྡོ་རྗེའི་རིགས་ [315b] [315b.1]ལ་ནི་རྒྱུད་ལས། སངས་རྒྱས་བཀའ་ནི་བསྲུང་བ་དང་། །དེ་བཞིན་སེམས་ཅན་བསྐྱབ་པའི་ཕྱིར། །ཁྲོས་པ་ཀུན་དུ་གདུག་པ་རྣམས། །བསད་ཀྱང་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པ་ནི། དེ་བཞིན་གཤེགས་པའི་ཞལ་ནས་གསུངས་པའི་བཀའ་མི་ཉམས་པར་བསྲུང་བ་དང་། སེམས་ [315b.2]ཅན་གང་ཞིག་མགོན་སྐྱབས་དང་བྲལ་ཞིང་ཉམ་ཐག་པ་རྣམས་བསྐྱབ་པར་བྱ་བའི་ཕྱིར། རྒྱུད་ཁྲོས་པ་ཀུན་དུ་གདུག་པ་རྣམས་ཕྱིན་ཅི་ལོག་གི་ཞེ་སྡང་ལས་བཟློག་པའི་ཕྱིར་ཡང་དག་པའི་ཞེ་སྡང་ཆེན་པོའི་སྒོ་ནས་བསད་ཀྱང་སྒྲིབ་པར་མི་འགྱུར་ཞིང་ཐབས་དེ་ཉིད་ཀྱིས་དངོས་གྲུབ་གྲུབ་པར་འགྱུར་རོ་ཞེས་བསྟན་པ་སྟེ། [315b.3]འདི་དག་བརྗོད་ཅིང་དེའི་དོན་ཡང་འདི་ལྟར་ཡིད་ལ་བྱའོ་ཞེས་སྟོན་ཏོ། །སེམས་ཅན་འདུལ་བའི་ལས་བྱེད་པས་ན་ཞེས་པ་ནི། ཞེ་སྡང་ཅན་གྱི་སེམས་ཅན་གཞན་ལ་གནོད་པར་བྱེད་པའི་བསམ་པ་དང་སྦྱོར་བ་མ་རུངས་པ་དང་ལྡན་པ་དེ་མངོན་སྤྱོད་ལྟ་བུས་འདུལ་བའི་ལས་བྱེད་པར་གྱུར་ན། དེ་ལྟར་བྱས་ཀྱང་སྤྱོད་པ་དེའི་ [315b.4]ཁ་ན་མཐོ་བ་དང་ལྡན་པར་མི་འགྱུར་བ་ནི། དཔེར་ན་སྨན་པ་ལ་སོགས་པ་བཞིན་དུ་སྟེ། ཇི་ལྟར་སྨན་པ་མཁས་པས་ནད་པའི་རྐྱེན་དུ་འབབ་པའི་ཁ་བ་སྦྱར་ནས་ནད་པ་ལ་བྱིན་ན། འཕྲལ་དུ་ནད་པ་ལ་མི་ཞིམ་ཞིང་འཁྲུག་པ་ལྟར་སྣང་ཡང་ནད་ཞི་ཞིང་ཕན་པ་སྒྲུབ་པར་བྱེད་པའི་ཕྱིར་བས། སྨན་པ་ལ་སྒྲིབ་ [315b.5]པར་མི་འགྱུར་བ་བཞིན་དུ། འདིར་གདུག་པ་ཅན་གྱི་སེམས་ཅན་ལ་སྦྱོར་བ་རྩུབ་མོའི་ཚུལ་གྱིས་འདུལ་བར་བསྟན་པ་ཡང་རྩ་བའི་སྙིང་རྗེ་ཆེན་པོས་བཟུང་ལ་དེ་ཉིད་ལ་ཕན་པ་བསྒྲུབ་པར་ཟད་ཀྱི། མནར་སེམས་ཀྱིས་མ་ཡིན་པས་ན་ཉེས་པར་མི་འགྱུར་ཞིང་། དེ་ཉིད་བསོད་ནམས་དམ་པར་འགྱུར་བར་དགོངས་པ་སྟེ། [315b.6]ཇི་ལྟར་མདོ་སྡེ་ལས་རྒྱལ་བུ་ཚོང་དཔོན་གྱིས་ཚོང་པ་སྡིག་ཅན་ལ་ལམ་དུ་མདུང་ཐུང་བསྣུན་པ་བཞིན་དུ་རིག་པར་བྱའོ། །པདྨའི་རིགས་ལ་ནི་རྒྱུད་ལས། པདྨ་ཆུ་ཡིས་མ་ཆགས་པ། །དེ་བཞིན་ཆགས་པ་ཉེས་མེད་དོ། །དེ་སྐད་སྨྲ་ཞིང་མི་བྱ་བ། །བྱེད་ཀྱང་སྡིག་པས་མི་གོས་སོ། །ཞེས་གསུངས་པ་ལ། [315b.7]པདྨ་ཆུ་ཡིས་མི་ཆགས་པ། དེ་བཞིན་ཆགས་པ་ཉེས་མེད་དོ། །ཞེས་པ་ནི། ཅི་ལྟར་པདྨ་འདམ་ནས་སྐྱེས་ཤིང་འདམ་རྫབ་ནང་ན་གནས་ཀྱང་འདམ་རྫབ་མི་གཙང་བར་སྣང་བའི་ཉེས་པས་མ་གོས་པ་བཞིན་དུ། ཀུན་རྫོབ་ཏུ་ཐབས་ཐུགས་རྗེ་ཆེན་པོས་འཁོར་བར་མི་གཏོང་ཞིང་འཁོར་བར་གནས་ཏེ། [316a] [316a.1]སེམས་ཅན་སྨིན་ཅིང་གྲོལ་བར་བྱ་བའི་ཕྱིར་ཆགས་ནའང་དོན་དམ་པར་ཤེས་རབ་ཆགས་པ་མེད་པའི་ངོ་བོ་ལས་གཞན་དུ་མ་གཡོས་པས་འཁོར་བའི་ཉེས་པས་མ་གོས་པར་སྟོན་པའོ་ཞེས་པ་ནི། དེ་སྐད་ཅེས་བྱ་བའི་སྒྲས། པདྨ་ཆུ་ཡིས་མ་ཆགས་པ། ། [316a.2]དེ་བཞིན་ཆགས་པ་ཉེས་མེད་དོ། །ཞེས་བྱ་བའི་དོན་དང་ལྡན་པར་གནས་པ་ལ་ནི། འདི་སྐད་སྨྲ་ཞིང་ཞེས་བྱ་སྟེ། དོན་དེ་དང་ལྡན་པས་མི་བྱ་བ་བྱེད་པ་ནི་བྱ་བར་རིགས་པ་ལྟར་སྣང་བའི་འཁོར་བ་རྣམས་དང་རྗེས་སུ་མཐུན་པའི་ལས་སྤྱོད་པ་སྟེ། དེས་ཉེས་པར་འགྱུར་བ་ལྟར་སྣང་ཡང་ [316a.3]སེམས་ཤིན་ཏུ་རྣམ་པར་དག་པས་སེམས་ཅན་སྨིན་པ་དང་། གྲོལ་བར་བྱ་བའི་ཕྱིར་རྗེས་སུ་མཐུན་པའི་འདོད་ཆགས་པའི་སྤྱོད་པ་སྟོན་པར་ཟད་པས་ཉེས་པས་མི་གོས་པར་བསྟན་པ་ཡིན་ནོ། །རིན་པོ་ཆེའི་རིགས་ལ་ནི་རྒྱུད་ལས། སྦྱིན་དང་མཉམ་པའི་ཆོས་མེད་དོ། །སྒྲུབ་པར་བྱེད་ཅིང་སྨྲ་བ་ནི། ། [316a.4]ནོར་བུའི་རིགས་ཆེན་ཆོས་ཡིན་ཏེ། །མྱུར་དུ་གྲུབ་པར་བྱེད་པ་ཡིན། །ཞེས་གསུངས་པ་ལ། སྦྱིན་དང་མཉམ་པའི་ཆོས་མེད་དེ། །ཞེས་པ་ནི། བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་ཐམས་ཅད་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལས་བྱུང་བར་འགྱུར་ཏེ། [316a.5]ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི་ཞེས་གསོལ་བ་དང་བཀའ་སྩལ་ [316a.6]པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང་། གཏོང་བ་དང་། ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ [316a.7]པ་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཡི་གེ་ལས་ཀྱང་། དབུལ་དང་བཀྲེས་པའི་དགེ་སྦྱོང་བྲམ་ཟེ་ལ། །སྦྱིན་པ་ཚུལ་བཞིན་སྦྱིན་ལས་མ་གཏོགས་པ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་བསྟན་པ་ [316b] [316b.1]ཡིན་ཏེ། དེ་བས་ན་བདག་ཉིད་ཀྱིས་ཀྱང་ཅི་ནུས་ཤིང་བདོག་པས་དུས་དྲུག་ཏུ་སྦྱིན་པ་ཡོངས་སུ་གཏང་བར་བྱ་ལ། གཞན་དག་ལ་ཡང་དེ་བཞིན་དུ་བསྐུལ་བར་བྱའོ། །སྒྲུབ་པར་བྱེད་ཅིང་སྨྲ་བ་ནི། །ཞེས་པ་ནི། མདོ་ལས་གསུངས་པའི་ཆོ་གའི་སྐབས་སྐབས་སུ་ཀློག་ཅིང་ཉམས་ [316b.2]སུ་བླངས་ནས་ཇི་ལྟར་ཡིད་ལ་བསྒོམ་ཞིང་དཔྱོད་པ་ནི་སྒྲུབ་པར་བྱེད་ཅིང་སྨྲ་བའོ། །ནོར་བུའི་རིགས་ཆེན་ཆོས་ཡིན་ཏེ། །ཞེས་པ་ནི། རིན་པོ་ཆེའི་རིགས་དང་། ཆོས་དེ་གཉིས་སོ་སོ་མ་ཡིན་ཐ་མི་དད་པར་བསྟན་པ་སྟེ། ནོར་བུའི་རིགས་གང་ཡིན་པ་ཡང་ཆོས་ལ་ཆོས་ཞེས་བསྟན་པ་གང་ཡིན་ [316b.3]པ་ཡང་ནོར་བུའི་རིགས་འདི་སྟེ། དབྱེར་མེད་པ་ལ་བྱའོ། །མྱུར་དུ་འགྲུབ་པར་བྱེད་པ་ཡིན། །ཞེས་པ་ནི། ཚུལ་འདིས་ནི་ཐེག་པ་འོག་མ་ལྟར་འགྱངས་པ་མ་ཡིན་ཏེ། མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ལྷག་མ་ནི་བརྡ་ཕྲད་པར་ཟད་དོ། །ལས་ཀྱང་ཕན་པ་ [316b.4]སྒྲུབ་པའི་རང་བཞིན་ཏེ། ཞེས་པ་ནི། སེམས་ཅན་ལས་ནི་ཕལ་དུ་མི་ཕན་པར་འགྲུབ་པར་བྱེད་པ་ཡིན་པས་ཕན་པ་སྒྲུབ་པ་མ་ཡིན་ལ། གལ་ཏེ་ཕན་པ་ཞེས་འགྲུབ་ཏུ་ཟིན་ཀྱང་། བདག་འབའ་ཞིག་ལ་ཕན་པར་ཟད་ཀྱི། གཞན་ལ་ཕན་པར་ནུས་པ་གྲུབ་པ་ནི་ཉུང་ཤས་ཙམ་དུ་ཟད་ [316b.5]ཀྱི་མང་པོ་མེད་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱིས་ནི། འགྲོ་བ་ཐམས་ཅད་ལ་ཕན་པ་སྒྲུབ་པ་དང་། དེ་ལྟར་སྤྱོད་པའི་རང་བཞིན་ཅན་ཡིན་ཏེ། དེ་ཡང་དེ་བཞིན་གཤེགས་པ་ལ་སོགས་པའི་སྙིང་པོ་མཉེས་པར་བྱེད་པའི་བྱེ་བྲག་ལས་རྣམ་པ་ [316b.6]ལྔ་སྟེ། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལས་ནི་འདིའོ་ཞེས་པ། གོང་དུ་ལྔའོ་ཞེས་བསྟན་པ་དེ་ལས་དང་པོར་དེ་བཞིན་གཤེགས་པ་རྣམས་ཀྱི་ལས་འཆད་དེ། དེ་ཡང་རྒྱུད་ལས། སེམས་ཅན་ཐམས་ཅད་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཉིད་ [316b.7]འགྲུབ་པར། །ཇི་ལྟ་བར་ནི་འདུལ་བ་ཉིད། །ལས་ཀྱི་ཕྱག་རྒྱར་བསྒྲུབ་པ་སྟེ། །ཞེས་གསུངས་པ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་དུ་འགྲུབ་པར་བྱ་བའི་ཐབས་ནི། སེམས་ཅན་གྱི་རྣམ་པ་ཇི་སྙེད་པ་རྣམས་སངས་རྒྱས་དང་བྱང་ [317a] [317a.1]ཆུབ་སེམས་དཔའ་ཉིད་དུ་འགྲུབ་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་ལས་ཐབས་དང་། ཆ་ལུགས་དང་། སྤྱོད་པ་དང་། སྐད་གང་དང་གང་གིས་འདུལ་བ་དེ་ལྟ་བུའི་ཚུལ་དུ་སྟོན་ཅིང་ཇི་ལྟར་འདུལ་བ་དེ་བཞིན་དུ་མཛད་པ་ནི། དེ་ [317a.2]བཞིན་གཤེགས་པའི་ཕྲིན་ལས་འགྲུབ་པར་འགྱུར་བ་སྟེ། དེའི་རྗེས་སུ་མཐུན་པར་སྔགས་སྤྱོད་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཉམས་སུ་བླང་ཞིང་སྤྱད་པར་བྱ་བར་བསྟན་པ་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་རབ་བསྒྲུབས་ཏེ། །ཞེས་པ་ནི། ཕྱག་རྒྱ་ཞེས་པ་ནི། དེ་ལྟར་འགྲོ་བ་ཇི་ལྟར་ [317a.3]འདུལ་བའི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་རྟགས་དང་། མཚན་མ་སྟེ། དེ་རབ་ཏུ་བསྒྲུབས་ན་གཏོར་ཏེ་ཐོབ་པར་འགྱུར་ཞེས་བྱའོ། །དེ་བཞིན་གཤེགས་པའི་རིགས་མཉེས་པར་བྱེད་པའི་ལས་ནི། རྒྱུད་ལས། མཆོད་པ་རྣམ་པ་བཞི་རྣམས་ཀྱིས། [317a.4]སྦྱོར་བ་རྣམ་བཞི་རྣམ་པ་བཞིར། །དུས་བཞིན་དུ་ནི་སྦྱོར་བ་ཡིས། །ལས་རྣམས་བྱེད་ཅིང་བསྒྲུབ་པར་བྱ། །ཞེས་གསུངས་ཏེ། བདག་དབུལ་བའི་མཆོད་པ་དང་། རྡོ་རྗེ་སྒེག་མོ་ལ་སོགས་པའོ། །རྣམ་བཞིར་ཞེས་པ་ནི། བསྟོད་པའི་མཆོད་པ་ལ་སོགས་པའོ། །དུས་ [317a.5]བཞིན་དུ་ཞེས་པ་ནི། ཟང་ཟིང་དབུལ་བའི་མཆོད་པ་བཞི་སྟེ། སྤྱིར་ན་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་མཆོད་པ་བཅུ་དྲུག་གི་ངོ་བོས་ཉིན་གཅིག་ལ་བཅུ་དྲུག་མཆོད་པར་བྱ་བའམ། རྣམ་གཅིག་དུས་བཞི་ལ་བཅུ་དྲུག་པོ་འདིས་མཆོད་པར་གྱུར་ན། དཀྱིལ་འཁོར་གྱི་ལྷ་ [317a.6]རྣམས་མཉེས་པར་འགྱུར་རོ། །དེ་བས་ན་དེ་ནི་དཀྱིལ་འཁོར་གྱི་ལྷའམ། གང་ལ་མོས་པ་རང་གི་ལྷ་དེ་མཉེས་པའི་ལས་བྱེད་ཅིང་། གང་འདོད་པའི་དངོས་གྲུབ་དེ་བསྒྲུབ་པར་བྱ་བའི་རྒྱུར་གྱུར་པའོ་ཞེས་བསྟན་པ་ཡིན་ནོ། །རྡོ་རྗེའི་རིགས་ཀྱི་ལས་ནི་རྒྱུད་ལས། སེམས་ཅན་ [317a.7]གདུག་པ་གཞོམ་པའི་ཕྱིར། །དེ་དང་དེ་ཡི་ལས་བསྒྲུབས་ན། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །མིན་ན་དངོས་གྲུབ་གོང་མ་བཞིན། །ཞེས་གསུངས་པ་སྟེ། སེམས་ཅན་གདུག་པ་གཞོམ་པའི་ཕྱིར། །ཞེས་པ་ནི། ཀཱ་མ་དེ་བ་ལ་སོགས་པ་འདོད་པའི་ཁམས་ཀྱི་ [317b] [317b.1]སེམས་ཅན་རབ་ཏུ་གདུལ་དཀའ་ཞིང་མ་རུངས་པར་གྱུར་པ་རྣམས་སོ། །དེ་དང་དེ་ཡི་ལས་བསྒྲུབས་ན། །ཞེས་པ་ནི། མ་རུངས་པ་དེ་ཐབས་གང་གིས་གདུལ་བའི་ཆ་ལུགས་དང་། དེའི་སྤྱོད་ཡུལ་ཇི་ལྟ་བུས་འདུལ་བའི་ལས་བསྒྲུབས་ན། ཉེས་པར་མི་འགྱུར་ཞིང་། དེ་ཉིད་ [317b.2]ཀྱིས་རྣམ་པར་གྲོལ་བའི་རྒྱུར་འགྱུར་བས་ན། སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱའོ། །མིན་ན་དངོས་གྲུབ་གོང་མ་བཞིན། །ཞེས་པ་ནི། དེའི་ལས་བསྒྲུབས་ན་སངས་རྒྱས་སུ་འགྲུབ་པར་ངེས་པ་ཡིན་མོད་ཀྱི། འོན་ཀྱང་གལ་ཏེ་སངས་རྒྱས་སུ་མ་གྲུབ་ཏུ་ཟིན་ [317b.3]ནའང་། རིག་འཛིན་ལ་སོགས་པའི་དངོས་གྲུབ་གོང་དུ་བཤད་པ་དེ་ལྟ་བུ་དག་འགྲུབ་ཅིང་ཐོབ་ངེས། པདྨའི་རིགས་ཀྱི་ལས་སྒྲུབ་པ་ཡང་རྒྱུད་ལས། འཇིགས་པ་རྣམས་ལས་མི་འཇིགས་སྦྱིན། །དེ་བཞིན་གདུག་པ་རྣམས་འདུལ་བ། །དེ་ནི་པདྨའི་རིགས་ཀྱི་ལས། །སངས་ [317b.4]རྒྱས་འགྲུབ་པ་སྩོལ་བའོ། །ཞེས་གསུངས་པ་སྟེ། དེ་ལ། འཇིགས་པ་རྣམས་ལས་མི་འཇིགས་སྦྱིན། །ཞེས་པ་ནི། འཁོར་བར་འཇིགས་པ་དང་། བདག་པས་ཕོངས་པས་འཇིགས་པ་དང་། ཕ་རོལ་པོའི་དགྲས་འཇིགས་པ་རྣམས་ལ་ཆོས་དང་ཟང་ཟིང་། སྐྱབས་ [317b.5]སྦྱིན་པར་བྱེད་ཅིང་། དེ་བཞིན་གདུག་པ་མ་ལུས་འདུལ། །ཞེས་པ་ནི། གོང་དུ་གསུངས་པ་དེ་བཞིན་དུ་གདུག་པ་ཅན་གྱི་རྣམ་པ་འདུལ་བར་བྱེད་པ་ནི། པདྨའི་རིགས་ཀྱི་ལས་ཏེ། སངས་རྒྱས་ཀྱི་གྲུབ་པ་སྩོལ་བར་མཛད་པ་ཡིན་ཏེ་ཞེས་པས་ནི། འདི་ཉིད་བྱེད་པ་ལྟ་བུའི་ཚུལ་དུ་ཡང་ [317b.6]དགོངས་པ་ཡིན་ནོ། །ནོར་བུའི་རིགས་ཀྱི་ལས་ཀྱང་རྒྱུད་ལས། སངས་རྒྱས་རྣམས་དང་ལུས་ཅན་ལ། །དབང་བསྐུར་དེ་བཞིན་སྦྱིན་པ་དང་། །རེ་བ་ཐམས་ཅད་རྫོགས་བྱེད་པ། །ལས་འདི་དོན་ཀུན་གྲུབ་པའོ། །ཞེས་གསུངས་པ་སྟེ། དེ་ལ། སངས་རྒྱས་རྣམས་དང་ [317b.7]ལུས་ཅན་ལ། །དབང་བསྐུར་དེ་བཞིན་སྦྱིན་པ་དང་། །ཞེས་པ་ནི། རིགས་ཀྱི་ཡུམ་དང་ལྡན་པའི་སྔགས་ཀྱིས་བཏབ་པའི་ཆུའི་བུམ་པས་དབང་བསྐུར་བ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱའི་ཕྲེང་བས་དབང་བསྐུར་བ་སྟེ། དེ་ལ་ཡང་། དེ་བཞིན་ [318a] [318a.1]གཤེགས་པ་རྣམས་ལ་ནི། མཆོད་པའི་ཕྱིར་དབང་བསྐུར་ལ་འགྲོ་བ་རྣམས་ལ་ནི། ཡོན་ཏན་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་དབང་བསྐུར་བ་སྦྱིན་པ་སྟེ། དེ་བས་ན། རེ་བ་ཐམས་ཅད་རྫོགས་བྱེད་པ། །ལས་འདི་དོན་ཀུན་གྲུབ་པའོ། ། [318a.2]ཞེས་བྱའོ། །དམ་ཚིག་དང་། ཆོས་དང་། ལས་ཞེས་པ་ནི། དེ་ཡན་ཆད་དུ་རིམ་བཞིན་དུ་བསྟན་པ་དག་སྟེ། ཀྱང་ཞེས་པ་ནི་ཐེ་ཚོམ་ཅན་གྱི་ཚིག་སྟེ། གང་ཞེ་ན། བསྲུང་བ་དང་། བརྗོད་པ་དང་། སྒྲུབ་པ་རྣམས་ཀྱིས་ཞེས་བྱ་བ་དག་གི་ཉམས་སུ་བླངས་ནས་སྤྱད་པར་བྱ་བའི་ཐབས་མི་ [318a.3]མཐུན་པར་བསྟན་པ་སྟེ། དེ་རྣམས་ཀྱང་བསྲུང་བ་དང་ཞེས་པ་ནི་དམ་ཚིག །བརྗོད་པ་དང་ཞེས་པ་ནི་ཆོས། སྒྲུབ་པ་དང་ཞེས་པ་ནི་ལས་ཀྱི་ངོ་བོའོ། །རྣམས་ཀྱིས་ཞེས་པ་ནི། དེ་དག་གསུམ་ཀའི་མཇུག་བསྡུ་བའི་ཚིག་སྟེ། ཁྱད་པར་དུ་དམ་ཚིག་ལ་སོགས་པའི་ཕྱག་རྒྱའི་དངོས་གྲུབ་ [318a.4]མཆོག་མྱུར་བ་འགྲུབ་པར་འགྱུར་རོ་ཞེས་པ་ནི། དེ་ལྟར་དེ་རྣམས་བསྲུང་བ་དང་། བརྗོད་པ་དང་། སྒྲུབ་པ་རྣམས་ཀྱི་ཁྱད་པར་དུ་དམ་ཚིག་དང་། ཆོས་དང་ལས་ལ་སོགས་པའི་ཕྱག་རྒྱའི་དངོས་གྲུབ་མཆོག་ཏུ་གྱུར་པ་དེ་མྱུར་བར་འགྲུབ་པར་འགྱུར་བར་བསྟན་པ་ཡིན་ནོ། །ལྷ་རྣམས་ཀྱི་ངོ་ [318a.5]བོ་ཉིད་ཀྱི་ཁྱད་པར་ནི་ཆོས་ཉིད་དེ་ཞེས་པ་ནི། ལྷ་རྣམས་སོ་སོའི་རང་གི་ངོ་བོ་ཉིད་གང་ཡིན་པའི་ཁྱད་པར་ལ་ནི་ཆོས་ཉིད་ཅེས་བྱ་སྟེ། འདི་ལྟར་དཔེར་ན་སྐྱེས་པ་རྣམས་ཀྱི་ཆོས་ཉིད་ནི་སྒྱུ་རྩལ་དང་ལྡན་པ་ཡིན་ལ། འཛུམ་པ་དང་། སྟེག་པ་དང་། སྒེག་པ་ལ་སོགས་པ་ནི། བུད་མེད་རྣམས་ཀྱི་ [318a.6]ཆོས་ཉིད་ཡིན་པ་དང་འདྲ་བར་འདིར་ཡང་ལྷའི་ངོ་བོ་ཉིད་ཀྱི་ཁྱད་པར་ནི་ཆོས་ཉིད་དུ་རིག་པར་བྱའོ། །དེ་ཡང་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་གཙོར་གྱུར་པ་ལས་ཤེས་པར་བྱ་སྟེ་ཞེས་པ་ནི། ལྷ་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཁྱད་པར་ཆོས་ཉིད་དུ་འདོད་པ་དེ་ [318a.7]ཡང་ཕྱག་རྒྱ་བཞིར་སྦྱོར་བ་གང་གཙོ་བོར་གྱུར་པ་དེ་ལས་དེ་བཞིན་དུ་ཤེས་པར་བྱ་སྟེ། གང་གི་ཕྱིར་དེ་ལྟར་བསྟན་ཞེ་ན། ཕྱག་རྒྱ་ལ་ལྷའི་ཁྱད་པར་ཁ་ཅིག་ལ་དངོས་པོའི་ངོ་བོ་ཉིད་ཀྱིས་གཙོ་བོར་འགྲུབ་པར་བྱེད་པར་བསྟན་ཏེ་ཞེས་པ་རིགས་བཞི་པོར་བརྗོད་པའི་ལྷའི་ཁྱད་པར་དུ་བསྟན་པ། དེ་ [318b] [318b.1]དག་ལ་སོ་སོའི་ཕྱག་རྒྱའི་དངོས་པོའི་ངོ་བོ་ཉིད་ཀྱིས་བསྒྲུབས་ན་གཙོར་འགྲུབ་པར་འགྱུར། དེའི་ཕྱིར་ཕྱག་རྒྱ་བཞིར་སྦྱོར་བ་གང་གཙོ་བོར་གྱུར་པ་ལས་ཤེས་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དང་། དེའི་རིགས་ལ་ནི་ཕྱག་རྒྱ་ཆེན་པོའོ་ཞེས་བྱ་བ་དག་གི་ [318b.2]ཚུལ་གྱིས་ཏེ། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་ལ་ནི་གཙོར་ཕྱག་རྒྱ་ཆེན་པོ་ཁོ་ན་བསྒོམས་པས་མྱུར་དུ་འགྲུབ་ལ། དེ་ལས་གཞན་པ་གསུམ་ནི། རིགས་གསུམ་ལ་གོ་རིམས་བཞིན་ཏེ། དེ་ལྟར་རྣམ་པ་ལྔའོ་ཞེས་པ་ནི། དེ་ལས་གཞན་པ་ [318b.3]གསུམ་ནི། རྡོ་རྗེའི་རིགས་ལ་སོགས་པ་གསུམ་སྟེ། དེ་ལ་རྡོ་རྗེའི་རིགས་ལ་ནི། དམ་ཚིག་གི་ཕྱག་རྒྱ་བསྒོམས་ན་ལྷག་པར་འགྲུབ། །དེ་བཞིན་དུ་པདྨའི་རིགས་ལ་ནི། ཆོས་ཀྱི་ཕྱག་རྒྱ། ལས་ཀྱི་རིགས་ལ་ནི། ལས་ཀྱི་ཕྱག་རྒྱ་བསྒོམས་ན་ལྷག་པར་འགྲུབ་པར་བསྟན་ཏེ། [318b.4]དེ་བས་ན་རིགས་གསུམ་པོ་དེ་ལ་ཕྱག་རྒྱ་གསུམ། ལྔ་པ་གཉིས་ལ་གཅིག་སྦྱར་ཏེ་རྣམ་པ་ལྔའོ་ཞེས་བྱའོ། །དེ་དག་གི་དོན་འདི་ན་མར་རིམ་བཞིན་དུ་གསལ་བར་སྟོན་ཏེ། དེ་ལ་དེ་བཞིན་གཤེགས་པའི་ཆོས་ཉིད་རྒྱུད་ལས། རྡོ་རྗེ་སེམས་དཔའི་ཏིང་འཛིན་ནི། །སངས་རྒྱས་ [318b.5]རྣམས་ཀྱི་ཆོས་ཉིད་ཡིན། །སངས་རྒྱས་ཀྱིས་ནི་སངས་རྒྱས་འདི། །གཞན་ལས་སངས་རྒྱས་མི་རྙེད་དོ། །ཞེས་གསུངས་པ་སྟེ། དེ་ལ། རྡོ་རྗེ་སེམས་དཔའི་ཏིང་འཛིན་ནི། །ཞེས་པ་ནི། སེམས་བརྟག་པ་ལ་སོགས་པ་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས། རྡོ་རྗེ་ [318b.6]སེམས་དཔའ་ལ་སོགས་པའི་སྐུ་ཕྱག་རྒྱ་ཆེན་པོར་རྫོགས་ཤིང་གསལ་བར་བསྒོམས་ལ། དེའི་སྙིང་གའི་ཟླ་བའི་སྟེང་དུ་རྡོ་རྗེ་བསྒོམ་པའི་ཏིང་ངེ་འཛིན་ཏེ། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན། །ཞེས་པ་ནི། ཏིང་ངེ་འཛིན་དེ་ནི། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན་པར་བསྟན་ [318b.7]ཏོ། །སངས་རྒྱས་ཀྱིས་ནི་སངས་རྒྱས་འདི། །ཞེས་པ་ནི། སངས་རྒྱས་རྣམས་ཀྱིས་སངས་རྒྱས་སུ་སྒྲུབ་པའམ། ལས་བཞིར་བསྟན་པ་སྟེ། འདི་ནི་ཕྱག་རྒྱ་ཆེན་པོར་བསྒོམས་པ་ཁོ་ནས་རྙེད་པར་ཟད་ཀྱི་གཞན་གྱི་ཐབས་ཀྱིས་རྙེད་པ་མ་ཡིན་པས་ན། གཞན་ལས་སངས་ [319a] [319a.1]རྒྱས་མི་རྙེད་དོ། །ཞེས་བྱའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཉིད་ཀྱང་རྒྱུད་ལས། ཕྱག་རྒྱ་ཆེན་པོར་བསྒོམ་ཞིང་ནི། །དངོས་གྲུབ་ཐམས་ཅད་མ་འགྲུབ་པ། །འདི་ནི་དེ་བཞིན་གཤེགས་རིགས་ཀྱི། །དངོས་གྲུབ་མཆོག་ [319a.2]སྦྱིན་ཆོས་ཉིད་ཡིན། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཉིད་ཀྱང་། སེམས་བརྟག་པ་ལ་སོགས་པ་མངོན་པར་བྱང་ཆུབ་པ་ལྔའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོར་བསྒོམས་ལ། དེ་བཞིན་གཤེགས་པའི་རིགས་སུ་སྒྲུབ་པའི་དངོས་གྲུབ་དང་ [319a.3]ལས་ལ་སོགས་པ་བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཞེས་པ། ཕྱག་རྒྱ་ཆེན་པོ་བསྒོམ་པ་འདི་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་མཆོག་སྦྱིན་པར་བྱེད་པའི་ཆོས་ཉིད་ཡིན་པས་ན། དངོས་གྲུབ་མཆོག་སྦྱིན་ཆོས་ཉིད་ [319a.4]ཡིན། །ཞེས་བྱའོ། །རྡོ་རྗེའི་རིགས་ཀྱི་ཆོས་ཉིད་ཀྱང་རྒྱུད་ལས། ཕྱག་རྒྱའི་དམ་ཚིག་མཆོག་རྣམས་ནི། །ལས་རྣམས་ཀུན་ནི་བསྒྲུབ་པར་བྱ། །ཕྱག་རྒྱ་ཆེན་པོ་སྦྱོར་བ་ཡིས། །རྡོ་རྗེ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པ་སྟེ། དེ་ལ། ཕྱག་རྒྱ་དམ་ཚིག་ [319a.5]མཆོག་རྣམས་ཀྱིས། །ཞེས་པ་ནི། རྡོ་རྗེ་རིགས་ཀྱི་ཆོས་ཉིད་ནི། སེམས་བརྟག་པ་ལ་སོགས་པ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས། སྐུ་ཕྱག་རྒྱ་ཆེན་པོ་གསལ་ཞིང་རྫོགས་པར་བསྐྱེད་པའི་ཐུགས་ཀར་ཟླ་བ་ལ་རང་གི་དམ་ཚིག་གི་ཕྱག་རྒྱ་བསམས་ཏེ། རྡོ་རྗེ་རིགས་ཀྱི་དངོས་ [319a.6]གྲུབ་དང་། ལས་ཐམས་ཅད་བསྒྲུབ་པར་བྱའོ། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །ཞེས་པ་ནི། དམ་ཚིག་གི་ཕྱག་རྒྱ་ཆེན་པོའི་སྦྱོར་བའི་ཐབས་འདིས། རྡོ་རྗེའི་དངོས་གྲུབ་ཐོབ་པར་འགྱུར་བས་ན། རྡོ་རྗེའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱའོ། །པདྨའི་རིགས་ཀྱི་ [319a.7]ཆོས་ཉིད་ཀྱང་། །རྒྱུད་ལས་ནི། ཆོས་ཀྱི་ཕྱག་རྒྱའི་སྦྱོར་བ་ཡིས། །ཆོས་ཀྱི་ཕྱག་རྒྱ་བརྗོད་པར་བྱ། །འདི་ཡིས་ཆོས་རྣམས་སྒྲུབ་པ་ནི། །རྡོ་རྗེ་ཆོས་ཀྱི་ཆོས་ཉིད་དོ། །ཞེས་གསུངས་པ་སྟེ། དེ་ལ། ཆོས་ཀྱི་ཕྱག་རྒྱའི་སྦྱོར་བ་ཡིས། །ཞེས་པ་ནི། རྡོ་རྗེའི་སེམས་བརྟག་པ་ [319b] [319b.1]ལ་སོགས་པ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས། སྐུ་ཕྱག་རྒྱ་ཆེན་པོ་གསལ་ཞིང་རྫོགས་པར་བསྐྱེད་ལ། སྙིང་གའི་ཟླ་བ་ལ་ཆོས་ཀྱི་ཕྱག་རྒྱ་བཞག་པའོ། །ཆོས་ཀྱི་ཕྱག་རྒྱ་བརྗོད་པར་བྱ། །ཞེས་པ་ནི། དེ་ལྟར་བསྒོམས་ནས་ཆོས་ཀྱི་ཕྱག་རྒྱ་བརྗོད་པས། ཆོས་ཀྱི་དངོས་ [319b.2]གྲུབ་དང་། ལས་ཐམས་ཅད་གྲུབ་པར་བྱས་ན། འདི་ཡིས་ཆོས་རྣམས་སྒྲུབ་པ་ནི། །ཞེས་བྱའོ། །དེ་ནི་པདྨའི་རིགས་ཀྱི་ཆོས་ཉིད་ཡིན་པས་ན། རྡོ་རྗེ་ཆོས་ཀྱི་ཆོས་ཉིད་དོ། །ཞེས་བྱའོ། །རིན་པོ་ཆེའི་རིགས་ཀྱི་ཆོས་ཉིད་ནི་རྒྱུད་ལས། ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ཡིས། ། [319b.3]ལས་ཀྱི་ཕྱག་རྒྱ་སྙིང་གར་གནས། །ཆོས་ཉིད་འདི་ནི་བསྒོམ་བྱས་ན། །ལས་ཀྱི་མཆོག་ནི་གྲུབ་པར་འགྱུར། །ཞེས་གསུངས་ཏེ། དེ་ལ། ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ཡིས། །ཞེས་པ་ནི། སེམས་བརྟག་པ་ལ་སོགས་པ་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས། སྐུ་ [319b.4]ཕྱག་རྒྱ་ཆེན་པོ་གསལ་ཞིང་རྫོགས་པར་བསྐྱེད་པའི། ལས་ཀྱི་ཕྱག་རྒྱ་སྙིང་གར་གནས། །ཞེས་པ་ནི། དེའི་སྙིང་གར་ཟླ་བ་ལ་ལས་ཀྱི་ཕྱག་རྒྱ་བསམ་པའོ། །ཆོས་ཉིད་འདི་ནི་བསྒོམ་བྱས་ན། །ཞེས་པ་ནི། དེ་ལྟར་བྱས་པའི་ནོར་བུའི་ཆོས་ཉིད་འདི་བསྒོམ་པར་ [319b.5]བྱའོ། །ནོར་བུའི་རིགས་ཀྱི་དངོས་གྲུབ་དང་། ལས་བཞིའི་མཆོག་གྲུབ་པར་གྱུར་པས་ནི། ལས་ཀྱི་མཆོག་ནི་གྲུབ་པར་འགྱུར། །ཞེས་བྱའོ། །འོ་ན་འདི་ལྟར་སྦྱར་བ་ཅི་དགོས་ཤེ་ན། ཆོས་ཉིད་ཀྱི་བྱེ་བྲག་ལྔ་པོ་རྣམས་སྦྱར་བ་ཡང་། ཇི་ལྟར་རིགས་པར་རང་གི་ [319b.6]ལྷའི་དངོས་གྲུབ་དང་། ལས་ཐམས་ཅད་དང་། སྒྲུབ་པ་ལ་སྦྱར་བར་བྱའོ་ཞེས་གསུངས་ཏེ། ཆོས་ཉིད་ཀྱི་བྱེ་བྲག་ལྔ་པོ་རྣམས་སྦྱར་བ་ཞེས་པ་ནི། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཉིད་ལ་སོགས་པ་ལྔ་དང་། ཕྱག་རྒྱ་བཞིར་སྦྱར་ [319b.7]བའོ། །ཡང་ཞེས་པ་ནི། དེ་ལྟར་སྦྱར་བ་ཡང་དགོས་པ་མེད་པ་མ་ཡིན་པར་བསྟན་པའི་ཆོ་གའི་དོན་ཏེ། ཅི་རིགས་པར་ཞེས་པ་ནི། རིགས་ལྔ་པོར་བརྗོད་པ། དེ་དག་ཇི་ལྟར་རིགས་པར་རོ། །རང་གི་ལྷ་ཡི་དངོས་གྲུབ་དང་། །ཞེས་པ་ནི། བློ་རྣོ་རྟུལ་དང་། སྐལ་བ་ [320a] [320a.1]ཆེ་ཆུང་གི་དབང་གིས་དངོས་གྲུབ་རབ་འབྲིང་རྣམ་གསུམ་འབྱུང་བར་བསྟན་པ་དག་གོ། །ལས་ཐམས་ཅད་ཅེས་པ་ནི། ལས་རྣམ་པ་བཞི་པོ་རྣམས་སོ། །བསྒྲུབ་པར་བྱའོ་ཞེས་པ་ནི། རིགས་ལྔ་ཇི་ལྟར་རིགས་པ་བཞིན་དུ་དངོས་གྲུབ་ [320a.2]རབ་འབྲིང་རྣམ་པ་གསུམ་དང་། ལས་བཞི་སྒྲུབ་པ་ལ་ཆོས་རྣམ་པ་ལྔ་སྦྱར་དགོས་པས་ན་འདི་ལྟར་བསྟན་ཏོ། །རྗེས་སུ་ཆགས་པ་དང་། དབང་དུ་བྱ་བ་ནི་ཞེས་པ་ནི། ལུས་ངག་ཡིད་གསུམ་གྱིས་འབད་པ་བཟླས་བརྗོད་དང་། བསྒོམ་པའི་སྒོ་ནས་ལྷ་དགྱེས་པ་བསྐྱེད་པ་ནི་རྗེས་སུ་ [320a.3]ཆགས་པའོ། །དབང་དུ་བྱ་བ་ཞེས་པ་ནི། དེ་ལྟར་དགྱེས་པ་བསྐྱེད་པ་ཙམ་དུ་ཟད་ཀྱི་དབང་དུ་མི་བྱ་བ་མ་ཡིན་གྱི། བདག་ཉིད་ཀྱི་དབང་དུ་གྱུར་པར་བྱ་བ་ལ་ནི། དབང་དུ་བྱ་བ་ཞེས་བྱའོ། །དེ་བས་ན་རྗེས་སུ་ཆགས་པ་དང་། དབང་དུ་བྱ་བ་ནི། རང་གི་ལྷ་རབ་ཏུ་མཉེས་པར་བྱ་ [320a.4]བ་དང་། དབང་དུ་གྱུར་པར་བྱ་བའི་ཞེས་བསྟན་ཏེ། རང་གི་ལྷ་དགྱེས་པ་བསྐྱེད་ཅིང་མཉེས་པར་བྱས་ནས། བདག་གི་དབང་དུ་གྱུར་པར་བྱ་བར་ཟད་ཀྱི། དེ་ལྟར་མ་ཡིན་པའི་ཐབས་ཀྱིས་ནི་མ་ཡིན་པར་རིག་པར་བྱའོ། །གཉི་ག་ལ་ཡང་ཞེས་པ་ནི། རྗེས་སུ་ཆགས་པ་དབང་ [320a.5]དུ་བྱ་བ་གཉི་ག་ལ་ཡང་ཞེས་བྱ། རིགས་ཀྱི་བྱེ་བྲག་ལས་རྣམ་པ་ལྔ་ལྔ་སྟེ་ཞེས་པ་ནི། གཉི་ག་ལ་ཡང་སོ་སོར་དེ་བཞིན་གཤེགས་པ་ལ་སོགས་པ་ལྔ་ལྔར་སྦྱར་ན། ལྔ་ཕྲག་གཉིས་ཏེ་བཅུར་འགྱུར་བར་རིག་པར་བྱའོ། །དེ་ལ་རེ་ཞིག་རྗེས་སུ་ཆགས་པ་རྣམ་པ་ལྔའོ་ [320a.6]ཞེས་པ་ནི། དེ་ལྟར་གཉི་ག་འབྲེལ་པ་ལྟར་བསྟན་པ་དེ་ལས། དང་པོ་རྗེས་སུ་ཆགས་པ་དེ་བརྗོད་པར་བྱ་སྟེ། དེ་ལ་ཡང་། རྗེས་སུ་ཆགས་པ་རྣམ་པ་ལྔར་རིག་པར་བྱ་སྟེ། དེ་ཡང་གང་ཞེ་ན། དེ་ལ་ཡང་། དང་པོར་དེ་བཞིན་གཤེགས་པའི་རྗེས་སུ་ཆགས་པར་ [320a.7]བྱ་བ་སྟེ་ཞེས་བྱ་བ་ལ་སོགས་པ་དག་སྟེ། དེ་ཡང་རྒྱུད་ལས། སེམས་ཅན་དོན་ནི་རབ་བྱེད་ཅིང་། །བདག་ཉིད་སངས་རྒྱས་བྱང་ཆུབ་འདོད། །སངས་རྒྱས་རྗེས་སུ་དྲན་གྱུར་ནས། །སངས་རྒྱས་ཐམས་ཅད་ཆགས་པར་བྱ། །ཞེས་གསུངས་པ་སྟེ། དེ་ལ། སེམས་ [320b] [320b.1]ཅན་དོན་ནི་རབ་བྱེད་ཅིང་། །ཞེས་པ་ནི། ཁྱད་པར་དུའམ་མཆོག་ཏུ་སེམས་ཅན་རྣམས་མ་སྨིན་པ་སྨིན་པར་བྱེད་པ་དང་། མ་གྲོལ་བ་གྲོལ་བར་བྱེད་པར་རབ་ཏུ་བརྩོན་པར་བྱེད་པའོ། །བདག་ཉིད་སངས་རྒྱས་བྱང་ཆུབ་འདོད། །ཅེས་པ་ནི། དེ་ལྟར་སེམས་ [320b.2]ཅན་གྱི་དོན་དུ་གཉེར་བའི་ཕྱིར་མ་ཡིན་ཏེ། བདག་ཉིད་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་གོ་འཕང་འདོད་པའི་ཕྱིར་དེ་ལྟར་བརྩོན་པའོ། །སངས་རྒྱས་རྗེས་སུ་དྲན་གྱུར་ནས། །ཞེས་པ་ནི། དེ་ལྟར་བྱེད་དེ་དེ་ལྟ་བུ་འདོད་པ་དེས་ཀྱང་རང་ཐད་དུ་བྱ་ [320b.3]བ་མ་ཡིན་ཏེ། རྟག་པར་སངས་རྒྱས་རྗེས་སུ་དྲན་པར་གྱུར་པའི་བསམ་པ་དང་ལྡན་པའི་སྒོ་ནས་བྱ་བ་ཡིན་པར་བསྟན་པའོ། །སངས་རྒྱས་ཐམས་ཅད་ཆགས་པར་བྱ། །ཞེས་པ་ནི། ཚུལ་དེ་ཁོ་ནས་སངས་རྒྱས་ཐམས་ཅད་ཆགས་པར་བྱའོ། །དེ་ལས་གཞན་ [320b.4]པའི་ཐབས་ཀྱིས་ནི་མ་ཡིན་ནོ་ཞེས་བསྟན་པ་སྟེ། སངས་རྒྱས་ལ་ཆགས་པ་དེ་ལྟར་བྱས་ན། བདག་ལ་དགྱེས་ཏེ་ཆགས་ཤིང་དགོངས་པར་འགྱུར་རོ་ཞེའོ། །དེ་བཞིན་གཤེགས་པའི་རིགས་ལ་རྗེས་སུ་ཆགས་པར་འགྱུར་བའི་ཐབས་ཀྱང་། རྒྱུད་ལས། ཇི་ལྟར་ [320b.5]ཡུལ་དང་ལྡན་གྱུར་ནས། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །དེ་ཉིད་བསྐུལ་བར་མྱུར་བ་རུ། །རྗེས་སུ་ཆགས་ནས་རབ་ཏུ་འགྲུབ། །ཅེས་གསུངས་ཏེ། དེ་ལ། ཇི་ལྟའི་ཡུལ་དང་ལྡན་པར་འགྱུར། ཞེས་པ་ནི། བྱང་ཆུབ་སེམས་དཔའ་ [320b.6]དགའ་བ་རྡོ་རྗེ་ལ། གསང་བ་ལ་སོགས་པ་བརྟེན་པའོ། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །ཞེས་པ་ནི། དེ་བརྟེན་པ་ཡང་། །རྡོ་རྗེ་སེམས་དཔའ་ཁོ་ན་བསྒྲུབ་པའི་ཕྱིར་ཏེ། སྲིད་པའི་དགོས་པ་གཞན་བསྒྲུབ་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། ། [320b.7]དེ་ཉིད་བསྐུལ་བས་མྱུར་བ་རུ། །ཞེས་པ་ནི། ཡུལ་རྡོ་རྗེ་ལཱ་སྱེ་ལ་སོགས་པ་བརྟེན་པའི་ཚུལ་ལམ། ཐབས་དེ་ཉིད་ཀྱིས་བསྐུལ་བས། ལྷའི་གདན་ལ་འབབ་ཅིང་མྱུར་དུ་བདག་ལ་ལྷ་རྣམས་དགྱེས་ཤིང་རྗེས་སུ་ཆགས་ནས་གྲུབ་པར་སྩོལ་བ་མཛད་པས་ན། [321a] [321a.1]རྗེས་སུ་ཆགས་ནས་རབ་ཏུ་འགྲུབ། །ཅེས་གསུངས་པ་ཡིན་ནོ། །རྡོ་རྗེའི་རིགས་ལ་རྗེས་སུ་ཆགས་པར་འགྱུར་བའི་ཐབས་ནི། རྒྱུད་ལས། སངས་རྒྱས་བཀའ་བཞིན་བྱ་བ་ཡིས། །གདུག་པ་རྣམས་ལ་དྲག་སྤྱོད་པས་ [321a.2]ཁྲོ་བོས་སེམས་ཅན་སྦྱང་ཕྱིར་ཏེ། །འདི་ནི་རྡོ་རྗེ་ཆགས་པའོ། །ཞེས་གསུངས་པ་སྟེ། དེ་ལ། གདུག་པ་རྣམས་ལ་དྲག་སྤྱོད་པས། །ཞེས་པ་ནི། གདུག་པ་ཅན་གྱི་སེམས་ཅན་རྣམས་ལ་དྲག་པོའི་སྤྱོད་པས་འདུལ་བར་བྱེད་པའོ། །ཁྲོ་བའི་སེམས་ཅན་ལ། ཁྲོ་ [321a.3]བའི་ཚུལ་གྱིས་རྗེས་སུ་མཐུན་པར་བྱས་ནས། དེའི་རྒྱུད་སྦྱང་བར་བྱ་བའོ། །དེ་ནི་རྡོ་རྗེའི་ཆགས་པའོ། །ཞེས་པ་ནི། འདི་ལྟར་བྱ་བར་བསྟན་པ་ལ་མནར་སེམས་ཀྱི་དབང་གིས་མ་ཡིན་ཏེ། འདི་ལྟར་རབ་ཏུ་ཁྲོ་བ་རྣམས་ལ་ཚུལ་དེ་ཉིད་ཀྱི་སྒོ་ནས་རྒྱུད་སྦྱང་བར་བྱ་བའི་ [321a.4]ཕྱིར། དེ་ལྟར་བསྟན་པར་ཟད་དེ། དེ་ལྟར་བསྟན་པའི་ཚུལ་དེ་ནི། །རྡོ་རྗེའི་ཆགས་པ་ཡིན་ནོ་ཞེས་བསྟན་ཏེ། །པདྨའི་རིགས་ལ་རྗེས་སུ་ཆགས་པར་འགྱུར་བའི་ཐབས་ནི། རྒྱུད་ལས། ཆགས་ལ་ལྟ་ཞིང་བྱམས་པ་དང་། །སྙིང་རྗེ་དང་ནི་ཆོས་སྨྲ་བ། །མི་འཇིགས་ [321a.5]ཐམས་ཅད་སྦྱིན་པ་སྟེ། །པདྨོའི་སེམས་དཔའ་ཆགས་པར་བྱེད། །ཅེས་གསུངས་པ་སྟེ། དེ་ལ། ཆགས་ལ་ལྟ་ཞིང་བྱམས་པ་དང་། །ཞེས་པ་ནི། བྱམས་པའི་སེམས་དང་ལྡན་པའི་སྒོ་ནས། སེམས་ཅན་སྨིན་ཅིང་གྲོལ་བར་བྱ་བའི་དོན་ལ་ཆགས་པར་བྱེད་པའོ། ། [321a.6]སྙིང་རྗེ་དང་ནི་ཆོས་སྨྲ་བ། །ཞེས་པ་ནི། སྙིང་རྗེ་ཆེན་པོ་ལ་གནས་པའི་སྒོ་ནས། གཞན་ལ་ཕན་གདགས་པའི་ཆོས་ཀྱི་ཕྱག་རྒྱ་ལ་གནས་ཤིང་གཞན་ལ་གཞུང་དང་། རིགས་པའི་ཆོས་བཤད་པའོ། །མི་འཇིགས་ཐམས་ཅད་སྦྱིན་པ་སྟེ། །ཞེས་པ་ནི། གང་འཇིགས་ [321a.7]པ་གསུམ་གྱིས་ཉེན་པ་ལ་སྐྱབས་རྣམ་པ་གསུམ་སྦྱིན་པར་བྱེད་པའོ། །པདྨོའི་སེམས་དཔའ་ཆགས་པར་བྱེད། །ཅེས་པ་ནི། ཚུལ་འདིས་ནི་པདྨའི་རིགས་བདག་ལ་དགྱེས་ཤིང་ཆགས་པར་འགྱུར་བར་བསྟན་པ་ཡིན་ནོ། །རིན་པོ་ཆེའི་རིགས་ལ་རྗེས་སུ་ཆགས་པར་ [321b] [321b.1]འགྱུར་བའི་ཐབས་ནི། རྒྱུད་ལས། དབང་བསྐུར་རབ་ཏུ་སྦྱིན་པ་དང་། །ནོར་ཚོགས་རབ་ཏུ་སྦྱིན་པ་སྟེ། །སངས་རྒྱས་སེམས་ཅན་དོན་ལ་སྦྱོར། །འདི་ནི་ནོར་བུའི་རིགས་ཆགས་པའོ། །ཞེས་གསུངས་པ་སྟེ། དེ་ལ། དབང་བསྐུར་རབ་ཏུ་སྦྱིན་ [321b.2]པ་དང་། །ཞེས་པ་ནི། འཕགས་པ་རྣམས་ལ་མཆོད་པ་དང་། སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར། དབང་བསྐུར་བ་སྦྱིན་པར་བྱེད་པའོ། །ནོར་ཚོགས་རབ་ཏུ་སྦྱིན་པ་སྟེ། །ཞེས་པ་ནི། ཟང་ཟིང་འབྲེལ་པ་རྣམས་ལ། ནོར་རིན་པོ་ཆེའི་ཚོགས་ལ་ [321b.3]སོགས་པའི་སྦྱོར་བ་ཐམས་ཅད་ཡོངས་སུ་གཏོང་བའོ། །སངས་རྒྱས་སེམས་ཅན་དོན་ལ་སྦྱོར། །ཞེས་པ་ནི། དེ་ལྟར་བྱ་བ་ཡང་སྲིད་པ་གཞན་སྒྲུབ་པའི་ཕྱིར་མ་ཡིན་གྱི། བདག་ཉིད་སངས་རྒྱས་པར་བྱ་བའི་ཕྱིར། སེམས་ཅན་གྱི་དོན་ལ་སྦྱོར་བར་བྱེད་ [321b.4]པའོ། །འདི་ནི་ནོར་བུས་ཆགས་པའོ། །ཞེས་པ། ཚུལ་འདི་ལྟར་བྱེད་པ་འདི་ནི་རིན་པོ་ཆེའི་རིགས་ཀྱི་ལྷ་བདག་ལ་དགྱེས་ཤིང་ཆགས་པའོ་ཞེས་བསྟན་པ་ཡིན་ནོ། །ད་ནི་དབང་དུ་བྱ་བའི་ཐབས་བསྟན་པའི་ཕྱིར། དེ་ལ་རིགས་བཞིའི་ལྷ་རྣམས་དབང་དུ་བྱ་ [321b.5]བའི་སྦྱོར་བ་བཤད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ལྔ་ཆར་རམ་གཅིག་ཁོ་ན་བཟླས་པས་དབང་དུ་བྱ་བའི་ཐབས་བསྟན་པའང་རྒྱུད་ལས། ཆགས་པ་སྨད་པར་མི་བྱའོ། །རྣམ་པར་དག་པ་བདེ་མཆོག་སྩོལ། །དེ་ [321b.6]བཞིན་སེམས་ཅན་དོན་ལ་སྦྱོར། །འདི་ནི་སངས་རྒྱས་རྗེས་སུ་སྦྱོར། །ཞེས་གསུངས་པ་སྟེ། དེ་ལ། ཆགས་པ་སྨད་པར་མི་བྱ་སྟེ། །ཞེས་པ་ནི། ཉན་ཐོས་ལྟར་རང་དོན་ལྷུར་ལེན་ཅིང་འཁོར་བ་སྤངས་པ་མ་ཡིན་ཏེ། ཐུགས་རྗེ་ཆེན་པོས་འཁོར་ [321b.7]བ་ལ་ཆགས་ཤིང་དོན་མཛད་ན། ཡང་ཤེས་རབ་ཆེན་པོའི་དབང་གིས་འཁོར་བའི་ཉེས་པས་མ་གོས་པའོ། །རྣམ་གཅིག་བྱང་ཆུབ་སེམས་རྣམ་གཉིས་ལ་ཆགས་པའི་མཚན་ཉིད་དེ། དེ་ནི་སྨད་པར་བྱ་བ་མ་ཡིན་པས་ན་མི་སྨད་ཅེས་བྱའོ། །རྣམ་པར་དག་པ་ [322a] [322a.1]བདེ་མཆོག་སྩོལ། །ཞེས་པ་ནི། དེ་ལྟར་ཐུགས་རྗེས་འགྲོ་བའི་དོན་དུ་འཁོར་བ་ལ་ཆགས་ཀྱང་ཤེས་རབ་ཀྱིས་སྲིད་པ་དག་པར་རྟོགས་པའི་སྲིད་པས་འཆིང་བར་མི་འགྱུར་ཞིང་། མི་གནས་པའི་མྱ་ངན་ལས་འདས་པའི་ [322a.2]བདེ་བའི་མཆོག་སྦྱིན་པར་མཛད་པའོ། །དེ་བཞིན་སེམས་ཅན་དོན་ལ་སྦྱོར། །ཞེས་པ་ནི། ཚུལ་དེ་བཞིན་དུ་སེམས་ཅན་གྱི་དོན་ལ་སྦྱོར་བ་འདི་ནི། སངས་རྒྱས་རྣམས་བདག་ལ་དགྱེས་ཏེ། རྗེས་སུ་ཆགས་ཤིང་དབང་དུ་གྱུར་པར་བསྟན་པ་ཡིན་ནོ། །དེ་བཞིན་ [322a.3]གཤེགས་པའི་རིགས་ཀྱི་དབང་དུ་བྱ་བའི་ཆོ་ག་ནི། རྒྱུད་ལས། རབ་ཏུ་དགའ་ཁྱོད་ཅེས་སྨྲ་ཞིང་། །འདོད་པའི་བདེ་བའི་བདག་ཉིད་བསྟན། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །དེ་ཉིད་བསྒྲུབ་པས་དབང་དུ་བྱ། །ཞེས་གསུངས་པ་སྟེ། དེ་ལ། རབ་ཏུ་ [322a.4]དགའ་ཁྱོད་ཅེས་སྨྲ་ཞིང་། །ཞེས་པ་ནི། ཁྱོད་ནི་ཆོས་ཀྱི་སྐུའི་ངོ་བོ་སྟེ། རབ་ཏུ་དགའ་ཞེས་བྱ་བས་བསྟན་ཏོ། །འདོད་པའི་བདེ་བའི་བདག་ཉིད་བསྟན། །ཞེས་པ་ནི། འཇུག་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ། དེ་ལ་འདྲིས་ [322a.5]ཤིང་གོམས་པར་བྱེད་པ་ནི་འདོད་པ་བསྟེན་པ་སྟེ། ཚེ་འདི་དང་ཕྱི་མ་གཉིས་ལ་བདེ་བར་འགྱུར་བའི་བདག་ཉིད་པས་ན་དེ་ལྟར་བསྟན་ཏོ། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །ཞེས་པ་ནི། ཚུལ་དེ་ལྟར་འདོད་པ་བསྟེན་པ་དེ་ཡང་སྲིད་པའི་འབྲས་བུ་གཞན་འདོད་པ་ [322a.6]མ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཁོ་ན་བསྒྲུབ་པར་བྱ་བའི་ཕྱིར་བསྟེན་པའོ། །དེ་ཉིད་སྒྲུབ་པས་དབང་དུ་བྱ། །ཞེས་པ་ནི། དེ་ལྟར་བསྟན་པའི་ཚུལ་དེ་ཉིད་ཀྱིས་བསྐུལ་བས་བདག་ཉིད་ལ་དགྱེས་ཏེ། རང་དབང་མེད་པར་དབང་དུ་འགྱུར་བར་བསྟན་ [322a.7]པ་ཡིན་ནོ། །རྡོ་རྗེའི་རིགས་ཀྱི་དབང་དུ་བྱ་བ་ནི། རྒྱུད་ལས། སེམས་ཅན་དག་ཕྱིར་སངས་རྒྱས་བཀའ། །ལུས་ཅན་རྣམས་ཀྱང་མི་འཇིགས་ཕྱིར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བསད་ན་དབང་དུ་གྱུར་པ་མཐོང་། །ཞེས་གསུངས་ [322b] [322b.1]ཏེ། སེམས་ཅན་དག་ཕྱིར་སངས་རྒྱས་བཀའ། །ཞེས་པ་ནི། གདུག་པ་ལྡན་པ་མ་རུངས་པའི་སེམས་ཅན་རྣམས། དེ་ལས་གནས་བསྒྱུར་ཞིང་སེམས་རྣམ་པར་དག་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་བཀའ་ལ་གནས་ཏེ། ལུས་ཅན་འཇིགས་པས་ཉེན་པ་རྣམས་ལ་མི་ [322b.2]འཇིགས་པ་སྦྱིན་པ་དང་། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བསྲུང་བར་བྱ་བའི་ཕྱིར། མ་རུངས་པའི་གདུག་པ་ཅན་དེ་དག་བསད་པར་གྱུར་ན། རྡོ་རྗེ་རིགས་ཀྱི་ལྷ་རྣམས་དགྱེས་ཏེ། རང་བཞིན་གྱིས་དབང་དུ་འགྱུར་རོ་ཞེས་བསྟན་ཏོ། །པདྨའི་རིགས་ཀྱི་ལྷ་ [322b.3]དབང་དུ་བྱ་བའི་ཆོ་ག་ནི། རྒྱུད་ལས། ཆགས་པ་དག་པ་བརྟག་པ་ནི། །པདྨའི་འདབ་མ་ཕྱེ་བ་སྟེ། །ཆགས་སམ་ཆགས་པར་བྱེད་ན་ཡང་། །འདུལ་བའི་དོན་དུ་དབང་བྱེད་པའོ། །ཞེས་གསུངས་པ་སྟེ། དེ་ལ། ཆགས་པ་དག་པ་བརྟག་པ་ནི། །ཞེས་པ་ནི། [322b.4]སེམས་ཅན་དངོས་པོར་བརྟགས་པ་རང་ཁ་ཆགས་པ་ལས་བཟློག་ནས། ཐུགས་རྗེ་དང་ཤེས་རབ་ཀྱི་དབང་གིས་འཁོར་བ་དང་སེམས་ཅན་ལ་ཆགས་པར་མཛད་པ་ནི་ཆགས་པ་དག་པ་སྟེ། དེ་ལྟར་བརྟགས་པའི་རིགས་པ་བས་ན་ཆགས་པ་དག་པར་བསྟན་པའོ། །དཔེ་ཅི་ཞེ་ན། པདྨའི་འདབ་མ་ཕྱེ་བ་སྟེ། ། [322b.5]ཞེས་པ་སྟེ། ཇི་ལྟར་པདྨ་ཁ་ཟུམ་པ་དག་ལ་ནི། དབྱིབས་དང་ཁ་དོག་བརྟག་པར་དཀའ་ལ། པདྨ་ཁ་བྱེ་བ་དག་ལ་ནི། དབྱིབས་དང་ཁ་དོག་མངོན་དུ་གསལ་བར་བརྟག་པར་སླ་བ་བཞིན་དུ། རཱ་ག་ཞེས་བྱ་བའི་སྒྲས་པདྨ་དང་ཆགས་པ་ཞེས་བྱ་བ་སྒྲ་མཐུན་པར་འདྲེན་ཏེ། འདིས་སེམས་ཅན་ [322b.6]རྣམས་ཀྱི་ཆགས་པ་ནི་པདྨ་ཁ་ཟུམ་པ་ལྟ་བུར་མི་གསལ་བར་གྱུར་པས་ཐམས་ཅད་ལ་སྒྲིབ་པའི་མཚན་ཉིད་ཅན་དུ་བརྟག་ལ། དེ་བཞིན་གཤེགས་པའི་ཆགས་པ་ནི། པདྨ་ཁ་བྱེ་བ་ལྟ་བུ་སྟེ། རབ་ཏུ་གསལ་ཞིང་ཐམས་ཅད་ལ་ཕན་འདོགས་པའི་ངོ་བོར་བསྟན་པ་སྟེ། འདིར་འདི་ལྟར་ [322b.7]བསྟན་པ་ཡང་འགྲོ་བའི་དོན་སྨིན་པར་མཛད་པའི་མཚན་མར་བསྟན་པའོ། །ཆགས་སམ་ཆགས་པར་བྱེད་ན་ཡང་། །ཞེས་པ་ནི། ཐུགས་རྗེས་འགྲོ་བའི་དོན་ལ་ཆགས་པ་དང་སེམས་ཅན་ལྟར་དངོས་པོར་ཆགས་པ་ལྟར་སྣང་ཡང་། གདུལ་བྱ་སྨིན་པར་བྱ་བའི་ཕྱིར་དེ་ལྟར་ཆགས་པར་ཟད་དེ། ཡེ་ཤེས་ [323a] [323a.1]ཆེན་པོ་ཆོས་ཉིད་ལས་མ་གཡོས་པས་ན། དེས་མཉེས་པར་མི་འགྱུར་ཞིང་གདུལ་བྱའི་དོན་དུ་དེ་ལྟར་ཆགས་པའི་ཐབས་ཀྱིས་ལྷ་ཉིད་མཉེས་ཤིང་རང་བཞིན་གྱིས་དབང་དུ་གྱུར་པས་ན། གདུལ་བའི་དོན་དུ་དབང་བྱེད་པའོ་ཞེས་བྱའོ། །ནོར་བུའི་རིགས་ཀྱི་ལྷ་དབང་དུ་བྱ་བའི་ཆོ་ག་ནི། [323a.2]རྒྱུད་ལས། སངས་རྒྱས་ཐམས་ཅད་དབང་བསྐུར་ཕྱིར། །རྡོ་རྗེ་རིན་ཆེན་ཉིན་རེ་བཞིན། །སྤྱི་བོར་བཞག་ནས་དབང་བསྐུར་ན། སངས་རྒྱས་ཐམས་ཅད་དབང་དུ་བྱའོ་ཞེས་གསུངས་པ་སྟེ། དེ་ལ། སངས་རྒྱས་ཐམས་ཅད་དབང་བསྐུར་ཕྱིར། །ཞེས་པ་ནི། སངས་རྒྱས་ཐམས་ཅད་མཆོད་པས་མཉེས་ [323a.3]པ་བསྐྱེད་པར་བྱ་བའི་ཕྱིར་དབང་བསྐུར་བའོ། །རྡོ་རྗེ་རིན་ཆེན་ཉིན་རེ་བཞིན། །ཞེས་པ་ནི་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱ་སྙིང་ག་ནས་བྱུང་བ་དཔྲལ་བར་བཅིངས་ལ། ཉིན་རེ་བཞིན་ཇི་ཙམ་ནུས་པ་བཞིན་དུ་སྤྱི་བོར་བཞག་ནས་དབང་བསྐུར། སངས་རྒྱས་ཐམས་ཅད་དབང་གི་མཆོད་པས་མཉེས་པར་བྱ་ [323a.4]བའི་སྒོ་ནས་རང་དབང་མེད་པར་དབང་དུ་འགྱུར་བས་ན། སྤྱི་བོར་བཞག་ནས་དབང་བསྐུར་ནས། སངས་རྒྱས་ཐམས་ཅད་ལ་དབང་དུ་བྱའོ། །དམ་ཚིག་དང་། ཆོས་དང་ལས་དང་། ཆོས་ཉིད་དང་། རྗེས་སུ་ཆགས་པ་དང་། དབང་དུ་བྱ་བའི་ཆོ་ག་བཤད་ཟིན་ཏོ།། །།ད་ནི་སོགས་པའི་སྒྲས་ [323a.5]བསྡུས་པའི་གསད་པའི་ཆོ་ག་བསྟན་པའི་ཕྱིར་ན། ཇི་ལྟར་འདོད་པའི་དངོས་གྲུབ་དང་འགལ་བའི་ལས་ཀྱི་ལྷག་མ་མ་ལུས་པར་རིགས་བཞི་ཆར་ལ་ཡང་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་རྣམས་ལས་ལེགས་པར་མང་དུ་བཟླས་བརྗོད་བྱས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། ཇི་ལྟར་འདོད་ [323a.6]པའི་དངོས་གྲུབ་དང་འགལ་བའི་ལས་ཀྱི་ལྷག་མ་མ་ལུས་པ་ཞེས་པ་ནི། ས་པ་ལ་སོགས་པ་ཇི་ལྟར་འདོད་པའི་དངོས་གྲུབ་དེ་དག་བསྒྲུབས་ཀྱང་ཐོབ་པར་མི་འགྱུར་བའི་འགལ་བའི་ལས་ཀྱི་ལྷག་མ་ནི་སྒྲིབ་པ་སྟུག་པོ་བྱང་བར་མ་གྱུར་པས། སྒྲིབ་པའི་ལྷག་མ་ལུས་པས་འཐོབ་ཏུ་མི་སྟེར་བ་ཡིན་ལ། དེའི་དབང་གིས་རིགས་ [323a.7]བཞི་ཆར་ལ་ཡང་སྙིང་པོ་ལ་སོགས་པ་རྣམས་ལེགས་པར་གྲངས་མང་དུ་བཟླས་བརྗོད་བྱས་པ་དང་། བསྒོམ་པའི་སྦྱོར་བ་དག་གིས་སེམས་ཅན་གྱི་དོན་བྱ་བ་དང་། སངས་རྒྱས་སུ་སྒྲུབ་པའི་དངོས་གྲུབ་རབ་འབྲིང་དང་། ས་པ་ལ་སོགས་པ་དངོས་གྲུབ་གཞན་རྣམས་བདག་གིས་འཐོབ་ཅིང་། དེ་འབྱུང་བའི་རྒྱུ་བདག་ལ་ [323b] [323b.1]ཡོད་པར་མ་མཐོང་ན། དེའི་ཕྱིར་དྲག་ཤུལ་གྱིས་བསྒྲུབ་པའི་རྣལ་འབྱོར་ཞེས་པ་ནི། དེ་ལྟར་བསྒྲུབས་ཀྱང་གྲུབ་པར་མ་ནུས་པའི་རྒྱུ་དེའི་ཕྱིར། དྲག་ཤུལ་གྱིས་བསྒྲུབ་པའི་རྣལ་འབྱོར་དཔལ་དེ་ཁོ་ན་ཉིད་བསྡུས་པ་ཉིད་ཀྱི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ལས། རིགས་བཞི་གསད་པའི་སྐབས་ནས་ [323b.2]གསུངས་པའི་ཆོ་གས། རང་གི་ལྷ་ལ་དྲག་ཤུལ་སྤྱོད་པའི་ལས་ཀྱི་མཚན་ཉིད་བསྟན་པས། དངོས་གྲུབ་ཇི་ལྟར་འདོད་པར་གྲུབ་པའི་ཐབས་སུ་གྱུར་པའི་ལས་གྲུབ་པ་དེ་དག་རྣལ་འབྱོར་པས་བསྟན་ཅིང་བརྩམ་པར་བྱས་ལ་དངོས་གྲུབ་སྒྲུབ་པོ་ཞེས་བསྟན་ཏོ། །གཞན་དག་ན་རེ། ཅི་ [323b.3]སྲོག་ཆགས་གཞན་གང་ཡང་ངན་སོང་དུ་ལྟུང་བར་འགྱུར་རོ་ཞེས་གླེང་ན། འདིར། དེ་བཞིན་གཤེགས་པ་ལ་སོགས་པ། །བསད་པས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བསྟན་པ་མི་འགལ་ལ་མ་ཞེ་ན། བསད་པ་དེ་ཡང་རང་གི་ལྷ་དངོས་གྲུབ་སྟེར་བ་དང་འགལ་བའི་གནས་སྐབས་སུ་དྲག་ཤུལ་སྤྱོད་པའི་སྦྱོར་ [323b.4]བས་ཡོངས་སུ་སྟོང་བར་ཤེས་པར་བྱའོ་ཞེས་གསུངས་ཏེ། འདིར་བསད་ཅེས་པ་ཡང་དངོས་སུ་གསོད་པ་ལ་མི་བྱ་སྟེ། ཇི་ལྟར་བསྒྲུབས་ཀྱང་དངོས་གྲུབ་མི་སྟེར་བའི་སེམས་དེ་བསྒྱུར་ནས། དངོས་གྲུབ་མྱུར་དུ་སྦྱིན་པར་མཛད་པ་ལ་རིག་པར་བྱའོ་ཞེས་བསྟན་ཏོ། །འོ་ན་དེ་ལྟར་སྒྲུབ་པ་དེ་གང་ [323b.5]གིས་སམ་གང་ལྟར་བསྒྲུབ་པར་བྱ་བ་ཡིན་ཞེ་ན། དེ་སྒྲུབ་པའི་རྒྱུ་ཡང་རིགས་བཞིའི་བྱེ་བྲག་ལས་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོར་དེ་བཞིན་གཤེགས་པ་ལ་དྲག་ཤུལ་སྤྱོད་པའི་རྒྱུ་བསྟན་པ་ཡང་། རྒྱུད་ལས། སེམས་ཅན་ཀུན་དོན་མ་མཐོང་ཞིང་། ། [323b.6]སངས་རྒྱས་དེ་ཉིད་མི་སྦྱོར་བ། །ལུས་སམ་ཚིག་གམ་ཡིད་ཀྱིས་སུ། །བསད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། དེ་ལ། སེམས་ཅན་ཀུན་དོན་མ་མཐོང་ཞིང་། །ཞེས་དེ་བཞིན་གཤེགས་པས་སེམས་ཅན་གྱི་དོན་བྱ་བར་མ་དགོངས་པའོ། །སངས་རྒྱས་དེ་ཉིད་མི་སྦྱོར་བ། ། [323b.7]ཞེས་པ་ནི་བདེན་པ་ལས་ཉམས་ཤིང་སེམས་ཅན་གྱི་རྐྱེན་དང་འཚམ་པར་དོན་མི་མཛད་པའོ། །ལུས་སམ་ཚིག་གམ་ཡིད་ཀྱིས་སུ། །ཞེས་པ་ནི་དེ་ལྟར་སངས་རྒྱས་གདུལ་བྱ་ལ་དགོངས་ཤིང་སེམས་ཅན་གྱི་དོན་མི་མཛད་ན། གཟུགས་དངོས་སམ་སྔགས་སམ། ཏིང་ངེ་འཛིན་གྱི་སྒོ་ནས་བསད་ན་ཡང་ [324a] [324a.1]ཉེས་པར་མི་འགྱུར་ཞིང་གདོད་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་པས་ན། བསད་ན་དངོས་གྲུབ་ཐོབ་བར་འགྱུར། །ཞེས་བྱའོ། །དེ་བཞིན་གཤེགས་པའི་རིགས་ལ་དྲག་ཤུལ་སྤྱོད་པའི་རྒྱུ་བསྟན་པ་ཡང་། རྒྱུད་ལས། དངོས་གྲུབ་ཐམས་ [324a.2]ཅད་མི་ཐོབ་ཅིང་། །རིགས་ཀྱང་སྩོལ་བར་མི་བྱེད་ན། །རྡོ་རྗེ་ཀུན་དུ་ངལ་བ་ཡིས། །བསད་ན་མྱུར་དུ་གྲུབ་པར་འགྱུར། །ཞེས་གསུངས་པ་སྟེ། དེ་ལ། དངོས་གྲུབ་ཚུལ་བཞིན་མི་ཐོབ་པ། །ཞེས་པ་ནི་ཚུལ་བཞིན་བསྒྲུབས་ཀྱང་དངོས་གྲུབ་སྐལ་བ་བཞིན་དུ་མི་སྟེར་བའོ། ། [324a.3]རིགས་ཀྱང་སྩོལ་བར་མི་བྱེད་ན། །ཞེས་པ་ནི། ཐ་ན་རྟགས་ཕྲ་མོ་ཙམ་མམ། སེམས་ཀྱི་ཉམས་བདེ་བ་ཙམ་ཡང་སྣང་བར་མི་བྱེད་པའོ། །རྡོ་རྗེ་ཀུན་དུ་དྲལ་བ་ཡིས། །ཞེས་པ་ནི། སངས་རྒྱས་དགོངས་པ་དེ་ལྟ་བུ་ཉེ་བར་འཇོག་ན། རྡོ་རྗེ་དྲལ་བའི་ཕྱག་རྒྱས་བསད་ན་ཡང་། ཉེས་ [324a.4]པར་མི་འགྱུར་ཞིང་གདོང་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་པས་ན། བསད་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱའོ། །རྡོ་རྗེའི་རིགས་ལ་དྲག་ཤུལ་སྤྱད་པའི་རྒྱུ་བསྟན་པ་ནི། རྒྱུད་ལས། ཁྲོ་བས་གདུག་པ་མི་འདུལ་ཞིང་། །དེ་བཞིན་སེམས་ཅན་མི་འདུལ་དང་། [324a.5]བདག་ཉིད་སྡུག་བསྔལ་བྱུང་ན་ཡང་། །ཧཱུཾ་ཞེས་བྱ་བས་གསད་པར་བྱ། །ཞེས་གསུངས་ཏེ། དེ་ལ། ཁྲོ་བས་སེམས་ཅན་མི་འདུལ་ཞིང་། །ཞེས་པ་ནི་ཚུལ་བཞིན་བསྒྲུབས་ཀྱང་མ་རུངས་པའི་སེམས་ཅན་རྣམས་མངོན་སྤྱོད་ཀྱི་ལས་ཀྱིས་འདུལ་བར་མི་མཛད་པའོ། །དེ་བཞིན་ [324a.6]སེམས་ཅན་མི་འདུལ་དང་། །ཞེས་པ་ནི་དེ་བཞིན་དུ་ཐབས་གཞན་གྱིས་ཀྱང་སེམས་ཅན་རྣམས་འདུལ་བར་བྱེད་མི་ནུས་པའོ། །བདག་ཉིད་སྡུག་བསྔལ་གྱུར་ན་ཡང་། །ཞེས་པ་ནི་སྒྲུབ་པ་པོ་བདག་ཉིད་ལུས་སེམས་ལ་ངལ་དུབ་དྲག་པོའི་སྒོ་ནས་ཉོན་མོངས་པར་བསྒྲུབས་ཀྱང་རྟགས་དང་དངོས་ [324a.7]གྲུབ་སྨིན་པར་མི་མཛད་པའོ། །ན་ཡང་ཞེས་པ་ནི་ལྷག་མ་དང་བཅས་པའི་ཚིག་སྟེ། ཧཱུཾ་ཞེས་བྱ་བས་གསད་པར་བྱ། །ཞེས་ཏེ། ཚུལ་དེ་ལྟར་བསྒྲུབས་ཀྱང་གྲུབ་པར་མ་གྱུར་ན། ཧཱུཾ་ཞེས་བྱ་བའི་སྔགས་ཀྱི་སྦྱོར་བས་བསད་ན་ཡང་ཉེས་པ་མེད་ཅིང་འགྲུབ་པར་འགྱུར་ཞེས་བསྟན་ཏོ། ། [324b] [324b.1]པདྨའི་རིགས་ཀྱི་དྲག་ཤུལ་སྤྱོད་པའི་རྒྱུ་བསྟན་པ་ནི། རྒྱུད་ལས། སྙིང་རྗེ་མེད་ཅིང་བྱམས་པ་མེད། །སེམས་ཅན་གདུག་པ་མི་སྦྱོར་ཞིང་། །བདག་ཀྱང་བསླུས་པར་གྱུར་ན་ནི། །བསད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པ་སྟེ། དེ་ལ། སྙིང་རྗེ་མེད་ཅིང་བྱམས་པ་ [324b.2]མེད། །ཅེས་པ་ནི། ཚུལ་བཞིན་དུ་ཇི་ལྟར་བསྒྲུབས་ཀྱང་གྲུབ་པ་མ་སྟེར་ན། དེ་བཞིན་གཤེགས་པ་ཡང་སྙིང་རྗེ་དང་བྱམས་པ་དང་བྲལ་བ་ཡིན་ནོ་ཞེས་བསྙད་པ་ཡིན་ནོ། །སེམས་ཅན་གདུག་པ་མི་སྦྱོར་ཞིང་། །ཞེས་པ་ནི་སེམས་ཅན་གདུག་པ་ཅན་རྣམས་འདུལ་བར་མི་ནུས་ [324b.3]པའོ། །བདག་ཀྱང་བསླུས་པར་གྱུར་ན་ནི། །ཞེས་པ་ནི། ཚུལ་བཞིན་དུ་ཇི་ལྟར་བསྒྲུབས་ཀྱང་དངོས་གྲུབ་སྦྱིན་པར་མི་མཛད་དམ། རྟགས་དང་མཚན་མ་དག་སྔར་བྱུང་དུ་ཟིན་ཀྱང་། ཕྱིས་དངོས་གྲུབ་མ་ཐོབ་པར་གྱུར་ན་ནི། བདག་ཉིད་བསླུས་པར་གྱུར་པ་ཡིན་པ་མིན་ [324b.4]པས་ན། བསད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་སྟེ་དེ་བཞིན་གཤེགས་པ་ལ་སོགས་པ་གང་བསྒྲུབ་པའི་ལྷ་དེ་ཐབས་དང་ཆོ་གས་བསད་ན་ཡང་ཉེས་པར་མི་འགྱུར་ཞིང་། དེ་ཉིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱའོ། །ན་ནི་ [324b.5]ཞེས་པ་ནི་ཐེ་ཚོམ་ཅན་གྱི་ཚིག་སྟེ། སྲིད་ནི་མི་སྲིད་ན་ཡང་གལ་ཏེ་དེ་ལྟར་སྲིད་པར་འགྱུར་དུ་ཟིན་ན་ནི། དེ་ལྟར་བྱ་དགོས་ཞེས་བྱ་བའི་དོན་ཏོ། །རིན་པོ་ཆེའི་རིགས་ལ་དྲག་ཤུལ་སྤྱོད་པའི་རྒྱུ་བསྟན་པ་ནི། རྒྱུད་ལས། མི་གཏོང་བདག་གི་དོན་མེད་ཅིང་། །ནོར་སྟེར་ [324b.6]བ་དང་མི་རུངས་དང་། །སེམས་ཅན་རྣམས་ནི་དབུལ་འགྱུར་ན། །བསད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པ་སྟེ། དེ་ལ། མི་གཏོང་བདག་གི་དོན་མེད་ཅིང་། །ཞེས་པ་ནི། ཚུལ་ཇི་ལྟ་བ་བཞིན་དུ་བསྒྲུབས་ཀྱང་དངོས་གྲུབ་མི་གཏོང་བ་དང་བདག་ཉིད་ལ་དགོས་ [324b.7]བ་ཅི་དང་ཅི་ཡོད་ཀྱང་དེ་དག་འགྲུབ་པར་འགྱུར་བའི་ནུས་མཐུ་མེད་ཅིང་མི་འགྲུབ་པ་དང་། ནོར་སྟོར་བ་དང་མ་རུངས་དང་། །ཞེས་པ་ནི། བདག་ཉིད་ལ་བདོག་པའི་ནོར་ལ་སོགས་པ་ཡལ་བར་གྱུར་པ་དང་། ཅི་དང་ཅི་བྱ་བ་ཐམས་ཅད་ལོག་པར་འགྱུར་ཏེ། ཐོག་ཏུ་མི་འབབ་པ་དང་། [325a] [325a.1]བདག་ལ་བརྟེན་པའམ། བདག་གི་ཡུལ་གྱུར་པའི་སེམས་ཅན་ཐམས་ཅད་བདོག་པས་ཕོངས་ཤིང་དབུལ་བར་གྱུར་ན། དེ་བཞིན་གཤེགས་པའི་རང་གི་སྒྲུབ་པ་ལྷ་དེས་དམ་ཚིག་ལས་འགལ་བར་མཛད་པ་ཡིན་པས། བསད་ན་དངོས་གྲུབ་ཐོབ་ [325a.2]པར་འགྱུར། །ཞེས་བྱ་སྟེ། ཐབས་དང་ཚིགས་གང་གིས་བསད་ན་ཡང་ཉེས་པ་མེད་ཅིང་། དེ་ཁོ་ནས་གདོད་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །རིགས་བཞིའི་ལྷ་རྣམས་ལ་དྲག་ཤུལ་སྤྱོད་པའི་སྦྱོར་པ་འདི་ཡང་ཞེས་བྱ་བ་ནི། རྒྱས་པར་འབྱུང་ [325a.3]བའི་ཁུངས་བསྟན་པའི་ཕྱིར་ཏེ། སྒྲུབ་ཐབས་འདིར་ནི། ཉུང་ཤས་ཙམ་ཞིག་བསྟན་པ་ཡིན། །ཞེས་པའི་དོན་ཏོ། །དམིགས་པ་དང་བཅས་པའོ་ཞེས་པ་ནི། མཚན་མ་དང་བཅས་པའི་སྒོ་ནས་དྲག་ཤུལ་སྤྱོད་པ་དང་། མཚན་མ་མེད་པའི་སྒོ་ནས་དྲག་ཤུལ་སྤྱོད་པ་གཉིས་ [325a.4]ལས་འདི་ཡན་ཆད་བསྟན་པ་དེ་ནི། མཚན་མ་དང་བཅས་པའི་སྒོ་ནས་དྲག་ཤུལ་སྤྱོད་པའི་ཆོ་ག་བསྟན་པའོ། །ད་ནི་མཚན་མ་མེད་པའི་སྒོ་ནས་དྲག་ཤུལ་སྤྱོད་པའི་ཆོ་ག་བསྟན་པ་ནི། དམིགས་སུ་མེད་པའི་སྦྱོར་བས་ཀྱང་། །མི་འདོད་པ་ཡི་ལས་སྦྱང་བའི། །མཚན་ [325a.5]ཉིད་དྲག་ཤུལ་སྤྱོད་བྱས་ན། །དངོས་གྲུབ་ཐོབ་པར་བསྟན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེ་ལ། དམིགས་སུ་མེད་པའི་སྦྱོར་བས་ཀྱང་། །ཞེས་པ་ནི། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཏེ། མི་འདོད་པའི་ལས་སྤྱང་བའི་མཚན་ཉིད་ཅེས་པ་ནི། [325a.6]རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་སྦྱོར་བས་ཀྱང་། དངོས་གྲུབ་ཐོབ་ཏུ་མི་སྟེར་བའི་ལས་ངན་སྒྲིབ་པ་སྦྱང་བའི་མཚན་ཉིད་དྲག་ཤུལ་སྤྱོད་པའི་ལས་བྱས་ན། སྒྲིབ་པ་སེལ་ཞིང་དངོས་གྲུབ་ཐོབ་པར་འགྱུར་བའི་ཐབས་བསྟན་པའི་ཕྱིར། དམིགས་སུ་མེད་པའི་ཏིང་ངེ་ [325a.7]འཛིན་གྱི་སྦྱོར་བ་བསྟན་ཏེ། དེ་ཡང་རྒྱུད་ལས། དེ་ལ། ཁ་ཅིག་ཐོབ་མེད་རྣལ་འབྱོར་གྱིས། །སངས་རྒྱས་བསད་པའི་རྣལ་འབྱོར་ཅན། །དེ་རྣམས་རབ་ཏུ་གདོན་བྱའི་ཕྱིར། །ངེད་རྣམས་དངོས་གྲུབ་མྱུར་དུ་སྩོལ། །ཞེས་གསུངས་ཏེ། དེ་ལ་ཐོབ་མེད་རྣལ་འབྱོར་ [325b] [325b.1]གྱིས་ཞེས་པ་ནི། རྣལ་འབྱོར་པ་ཁ་ཅིག་གིས་རིགས་བཞི་དག་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་པ་དག་གོ །སངས་རྒྱས་བསད་པའི་རྣལ་འབྱོར་ཅན། །ཞེས་བྱ་བ་ནི། ཏིང་ངེ་འཛིན་དེ་ལྟར་བསྒོམས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་དངོས་གྲུབ་མི་སྟེར་ [325b.2]བ་དེ་བསད་པའི་རྣལ་འབྱོར་དང་ལྡན་པར་བྱ་སྟེ། དེ་རྣམས་རབ་ཏུ་གདོན་པའི་ཕྱིར། །ཞེས་པ་ནི། གང་དངོས་གྲུབ་མི་སྟེར་བར་བྱེད་པའི་ལྷ་དང་། དངོས་གྲུབ་མི་ཐོབ་པའི་རྒྱུ་སྒྲིབ་པ་དེ་དག་གནད་ལ་དབབ་ཅིང་ཟད་པར་བྱས་ནས། གང་འདོད་པའི་དངོས་གྲུབ་ཐོབ་ [325b.3]པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དེ་རྣམས་སྒྲུབ་པ་པོ་དེ་དག་དངོས་གྲུབ་མྱུར་བར་སྩོལ་བར་བྱེད་དོ་ཞེས་གསུངས་པས་ན། ངེད་རྣམས་དངོས་གྲུབ་མྱུར་དུ་སྩོལ་བའོ། །ཞེས་བྱའོ། །རྫོགས་པའི་སངས་རྒྱས་ལ་སོགས་པའི་རང་གི་ལྷ་ཞེས་པ་ནི། སྒྲུབ་ [325b.4]པ་པོ་རང་གང་སྒྲུབ་པའི་ལྷའོ། །རྣམ་པ་མེད་པའི་རྗེས་དྲན་པའི་སྒོ་ནས་ཞེས་པ་ནི། དབྱིབས་དང་། ཆ་ལུགས་དང་། ཁ་དོག་གི་མཚན་མར་སྣང་བའི་རྣམ་པ་རྣམས་མི་དམིགས་ཤིང་སྟོང་པ་ཆེན་པོ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མངོན་དུ་བྱས་ [325b.5]པ་ནི། རྣམ་པ་མེད་པའི་རྗེས་སུ་དྲན་པ་ཞེས་བྱ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་རྗེས་སུ་དྲན་པར་བྱ་བའི་སྒོ་ནས་བསྒོམ་པ་དང་། དེ་བཞིན་དུ་བདག་དང་ཆོས་ཐམས་ཅད་དམིགས་སུ་མེད་པར་བསྒོམས་པས་ཞེས་པ་ནི། རང་གི་ལྷའི་རྣམ་པ་མེད་པར་བསྒོམས་ [325b.6]པའི་ཚུལ་དེ་བཞིན་དུ། བདག་དང་ཕྱི་ནང་གི་དངོས་པོའི་ཆོས་ཕུང་པོ་ལ་སོགས་པ་གཡོ་བ་དང་མི་གཡོ་བ་ཐམས་ཅད་དམིགས་སུ་མེད་པར་བསྒོམས་པས་དངོས་གྲུབ་མི་འཐོབ་པའི་བགེགས་དང་། ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་མཁྱེན་པར་འགྱུར་ [325b.7]བས་ན། ཇི་ལྟར་འདོད་ཅིང་གང་སྒྲུབ་པའི་དངོས་གྲུབ་གདོད་ཐོབ་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མདོ་སྡེ་ལས་ཀྱང་ཆོས་ཉིད་ལ་ནི་བགེགས་མི་འཇུག་ལ། མེ་ལྕེའི་ཐོར་ཏོ་ལ་སྦྲང་བུ་མི་ཆགས་ཞེས་གསུངས་པའི་ཕྱིར་ཏེ། དེ་བས་ན་བཅོམ་ལྡན་འདས་ [326a] [326a.1]ཀུན་དུ་བཟང་པོས་དེ་ལྟར་སྤྱོད་པའི་རྣལ་འབྱོར་པ་དེ་རྣམས་ལ་དེང་དངོས་གྲུབ་མྱུར་དུ་སྩོལ་བར་མཛད་དོ་ཞེས་རྒྱུད་ལས་གསུངས་པ་ཞེས་བསྟན་ཏོ། །དེས་འདི་གསུངས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་དོན་ནི། གོང་དུ་བསྟན་པའི་དོན་དེས་ནི་ [326a.2]འདི་སྟོན་པར་བྱེད་པ་ཡིན་ཏེ། གང་ཞེ་ན། གང་གི་ཚེ་སྔགས་ལེགས་པར་མཉེས་པར་བྱས་ཀྱང་ཞེས་བྱ་བ་ལ་སོགས་པས་ཏེ། གང་གི་ཚེ་སྒྲུབ་པ་པོས་གསང་སྔགས་ཀྱི་ཆོ་ག་ཇི་ལྟ་བ་བཞིན་དུ་བརྩམས་ནས། སྒྲུབ་པའི་ལྷ་རྣམས་མཉེས་པར་བྱས་ཀྱང་། རྣལ་འབྱོར་པ་ [326a.3]སྒྲུབ་པ་པོ་དེས་ཇི་ལྟར་འདོད་པའི་དངོས་གྲུབ་སྒྲུབ་པ་དེ་ཐོབ་པར་མ་གྱུར་ན། ཐོབ་པར་གྱུར་པ་དེའི་ཚེ་ཕྱག་རྒྱ་ཆེན་པོ་དང་སོགས་ཀྱིས་ལྷག་མ་གསུམ་ཡང་བསྡུ་སྟེ། ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་པའི་སྦྱོར་བ་དང་སྙིང་པོ་ལ་སོགས་པ་བཟླས་བརྗོད་ཀྱི་སྦྱོར་བའི་སྒོ་ནས་ [326a.4]དངོས་གྲུབ་སྒྲུབ་པར་བྱེད་པའི་སྔ་རོལ་དང་། དེ་ལྟར་བྱས་པའི་རྗེས་ལ་ཡང་རང་གི་ལྷའི་ཆོས་ཀྱི་སྐུ་ལ་ལྷག་པར་དམིགས་ཏེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དམིགས་པ་སྤངས་པའི་སྦྱོར་བ་ལ་ལྷག་པར་བརྩོན་ཞིང་། ཡུན་རིང་དུ་དམིགས་པར་བྱའོ་ཞེས་བསྟན་ [326a.5]ཏོ། །གལ་ཏེ་ཇི་ལྟར་བསྒྲུབས་ཀྱང་དངོས་གྲུབ་མ་སྟེར་ན་ལྷ་རྣམས་དྲག་ཤུལ་གྱིས་གསད་པར་བྱ་བའི་ཐབས་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་སྒོ་ནས་བསྒྲུབ་པར་བསྟན་པ་བཤད་ཟིན་ཏོ།། །།ད་ནི་ལྷའི་བྱེ་བྲག་དང་། སྙིང་པོ་དང་། ཕྱག་ [326a.6]རྒྱ་དང་། སྔགས་དང་། རིག་སྔགས་ཀྱི་ཁྱད་པར་བསྟན་པའི་ཕྱིར་ན། དེ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་བྱེ་བྲག་ལས་ཀྱང་། རབ་མཆོག་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ལ་སོགས་པའི་དོན་ལྷ་མཉེས་པར་བྱ་བའི་རྒྱུ་རྣམས་ [326a.7]བསྟན་ཏེ། དེ་དག་ཀྱང་སྔགས་པས་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་ཞེས་པ་ནི། དེ་བཞིན་གཤེགས་པ་ལྔ་པོ་དག་གོ །སྙིང་པོ་ལ་སོགས་པ་ཞེས་པ་ནི། དེ་དག་སོ་སོའི་སྙིང་པོ་དང་སོགས་ཀྱི་སྒྲས་ཕྱག་རྒྱ་ [326b] [326b.1]དང་། སྔགས་དང་། རིག་པ་དག་བསྡུས་པའོ། །དེ་དག་གི་བྱེ་བྲག་ལས་ཞེས་པ་ནི། སྙིང་པོ་ལ་སོགས་པ་སོ་སོར་ཕྱེ་ནས་མིང་གཞན་དུ་བསྒྱུར་ཏེ་བཏགས་པ་དེ་དག་གི་བྱེ་བྲག་གོ །ཀྱང་ཞེས་པ་ནི་ལྷག་མ་ཅན་གྱི་ཚིག་སྟེ། རབ་མཆོག་པའི་བསོད་ནམས་ [326b.2]དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པའི་དོན་ཞེས་བྱ་བ་དག་སྟེ། རབ་མཆོག་པའི་ཞེས་པ་ནི། སངས་རྒྱས་པའི་ཞེས་བྱ་བའི་ཐ་ཚིག་གོ །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་ནི་སངས་རྒྱས་པའི་རྒྱུ་ཚོགས་རྣམ་པ་གཉིས་ཏེ། དེ་ཡང་བསྐལ་པ་གྲངས་མེད་ [326b.3]པ་གསུམ་དུ་བསགས་པས་ཀུན་དང་ཐུན་མོང་མ་ཡིན་པའི་ཕྱིར་རབ་མཆོག་གོ །སོགས་པ་ནི་དེའི་ཆ་དང་མཐུན་པའི་རྣམ་པར་དཀར་བའི་བག་ཆགས་གཞན་གང་དག་ཡོད་པ་དག་གོ། །དོན་ཞེས་པ་ནི། སངས་རྒྱས་ཀྱི་རྒྱུའི་ཚོགས་རྣམ་པ་གཉིས་བསགས་པ་རྫོགས་པའི་དོན་ [326b.4]གྱིས་སངས་རྒྱས་པ་ཡིན་པ་བཞིན་དུ། སྙིང་པོ་ལ་སོགས་པའི་དོན་ཞེས་པ་འདིར་ཡང་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་པ་ལ་སོགས་པའི་ཁྱད་པར་གྱི་དོན་ཇི་ལྟ་བ་བཞིན་དུ་རིག་ཅིང་བརྗོད་པའི་དོན་གྱིས་ལྷ་མཉེས་པར་བྱ་བའི་རྒྱུ་རྣམས་སྟོན་ཏོ། །སྙིང་པོ་ [326b.5]ལ་སོགས་པའི་ཁྱད་པར་དེ་དག་ཀྱང་སྔགས་པས་བྱ་དགོས་ཞེས་བསྟན་ཏོ། །རྣམ་གཅིག་རབ་མཆོག་ཅེས་པ་ནི། འོག་མ་ནས་སྦྱར་ཏེ། རབ་ཏུ་གྱུར་པའི་བསོད་ནམས་ཀྱི་ཚོགས་དང་། མཆོག་ཏུ་གྱུར་པའི་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་རྫོགས་པར་གྱུར་པའི་དོན་གྱིས་ [326b.6]འབྲས་བུ་སངས་རྒྱས་པར་གྱུར་པ་བཞིན་དུ། འདིར་ཡང་སངས་རྒྱས་ཤིང་དངོས་གྲུབ་ཐོབ་པའི་རྒྱུ་ནི། སྙིང་པོ་ལ་སོགས་པའི་ཁྱད་པར་ཤེས་པ་སྟེ། དེ་བས་ན་སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་རྣམས་ཀྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་རིག་ཅིང་རྟོགས་པའི་དོན་ [326b.7]གྱིས་ཀྱང་ལྷ་མཉེས་པར་བྱས་ནས། སངས་རྒྱས་པར་འགྱུར་བར་བྱེད་པའི་རྒྱུ་ཡིན་པར་ལྷ་མཉེས་པར་བྱེད་པའི་རྒྱུ་སྙིང་པོ་ལ་སོགས་པ་དེ་རྣམས་བསྟན་ཏེ། དེ་རྣམས་ཀྱང་སྔགས་པས་ཤེས་པར་བྱའོ་ཞེས་པའི་སྙིང་པོ་ལ་སོགས་པ་དེ་དག་གི་དོན་ཡང་ཇི་ལྟ་བ་བཞིན་དུ་སྔགས་ [327a] [327a.1]ཤེས་པའི་སྒྲུབ་པ་པོས་ཤེས་ཤིང་རིག་པར་བྱ་དགོས་ཞེས་བསྟན་ཏོ། །གཞན་ཁ་ཅིག་ན་རེ། ཚོགས་རྣམ་པ་གཉིས་རྫོགས་པ་ལས་ཀྱང་སངས་རྒྱས་པར་འགྱུར་བ་ཡིན་ལ། སངས་རྒྱས་པར་གྱུར་ནས་ཀྱང་ཚོགས་རྣམ་པ་གཉིས་ཀྱི་དོན་སླར་འཆད་པར་མཛད་པ་ [327a.2]བཞིན་དུ། སྙིང་པོ་ལ་སོགས་པའི་དོན་ཡང་ལྷ་མིན་ལ། ལྷ་དེ་དག་མཉེས་པར་བྱ་བའི་རྒྱུ་ཡང་སྙིང་པོ་ལ་སོགས་པའི་ཁྱད་པར་རིག་ཅིང་གོམས་པར་གྱུར་པ་ཁོ་ན་བས་སྙིང་པོ་ལ་སོགས་པའི་དོན་ལྷ་མཉེས་པར་བྱ་བའི་རྒྱུ་རྣམས་བསྟན་ཏེ། དེ་དག་སྔགས་པས་ཤེས་པར་བྱའོ་ [327a.3]ཞེས་སྨྲས་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་འདི་ཁོ་ནའི་རྣམ་པ་མངོན་དུ་བྱས་པས་དེ་ལྟར་འགྱུར་གྱིས། གཞན་གྱི་ཐབས་རྣམས་ཀྱིས་དེ་ལྟར་མ་ཡིན་ནམ་ཞེ་ན། གང་གི་ཕྱིར། དེ་རྣམས་ཤེས་ནས་དེ་བརྩམས་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཞེས་ [327a.4]པ་ནི་འོག་ནས་འབྱུང་བ་འདིའི་ཕྱིར་ཞེས་བྱ་བའི་དོན་ཏེ། དོན་གང་གི་ཕྱིར་དེ་རྣམས་ཀྱི་ཁྱད་པར་རིག་པར་བྱ་བ་ཡིན་ཞེ་ན། སྙིང་པོ་ལ་སོགས་པ་དེ་རྣམས་ཀྱི་ཁྱད་པར་རིག་ཅིང་ཤེས་ནས་དེ་དག་ཇི་ལྟར་རིག་པ་བཞིན་དུ་བརྩམས་ན་དེ་དག་འཕེལ་བར་བྱས་པས་ [327a.5]ཚོགས་རྫོགས་ཤིང་སྒྲིབ་པ་ཟད་པར་འགྱུར་ཏེ། རིང་པོར་མི་ཐོགས་པར་འགྲུབ་པའི་སྣོད་དུ་འགྱུར་བའི་ཕྱིར་ན། དེ་རྣམས་ཤེས་པར་བྱ་དགོས་པ་ཡིན་ནོ། །དེ་བས་སྙིང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཁྱད་པར་ཞེས་པ་དེ་དགེ་ཤེས་ན། དེ་ལྟར་འགྱུར་བའི་ [327a.6]གཏན་ཚིགས་དེས་ན། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་རིག་པ་དེ་དག་གི་ངོ་བོ་ཉིད་དེ། རང་བཞིན་གྱི་ཁྱད་པར་ཡོངས་སུ་རིག་ཅིང་ཤེས་པར་བྱ་བའི་ཕྱིར། དེ་རྣམས་ཀྱི་མཚན་ཉིད་བཤད་པར་བྱའོ་ཞེས་པ་སྙིང་པོ་ལ་སོགས་པ་དེ་རྣམས་ཀྱི་མཚན་ [327a.7]ཉིད་ཇི་ལྟ་བུ་ཡིན་པ་སོ་སོར་བཤད་པར་བྱའོ་ཞེས་པའི་དོན་ཞེས་བཤད་དོ། །དེ་ལ་བདག་ཉིད་ཀྱི་རིག་པས་ན། རབ་མཆོག་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པའི་དོན་ཞེས་པ། བསྐལ་པ་གྲངས་མེད་པ་གསུམ་ནས་བསགས་པའི་རབ་མཆོག་པའི་བསོད་ནམས་ [327b] [327b.1]དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པའི་དོན་དང་། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པའི་དོན་ནི་ལྷ་ཡིན་ལ། དེ་ལྷ་དེ་མཉེས་པར་བྱ་བའི་རྒྱུ་བསྟན་ཏེ། ལྷ་མཉེས་པར་བྱ་བའི་རྒྱུ་དེ་དག་ཀྱང་སྔགས་པས་ཤེས་པར་བྱའོ། །གང་གི་ཕྱིར་ཞེས་པ་ནི། དེའི་ཕྱིར་ཞེས་ [327b.2]བྱ་བའི་དོན་ཏེ། གང་གི་ཕྱིར་ལྷ་མཉེས་པར་བྱ་བའི་རྒྱུ་རྣམས་ཤེས་པ་དེ་བཞིན་དུ་བརྩམས་ན་ཤེས་པ་དེ་དག་གི་དོན་འཕེལ་བར་བྱས་ན། གོམས་པར་འགྱུར་བ་སྟེ། འཕེལ་བར་བྱས་ནས་རིང་པོར་མི་ཐོགས་པར་འགྲུབ་པའི་སྣོད་དུ་གྱུར་པ་དེའི་ཕྱིར། དེ་རྣམས་སྔགས་ [327b.3]པས་ཤེས་པར་བྱ་དགོས་སོ་བར་བསྟན་ཏོ། །དེ་ལྟ་བས་ན་སྙིང་པོ་ལ་སོགས་པའི་ཞེས་པ། དེ་དག་བརྩམས་ན་དེ་ལྟར་འབྱུང་བའི་གཏན་ཚིགས་དེ་བས་ན། སྙིང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཁྱད་པར་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། ལྷ་དེ་རྣམས་ཀྱི་མཚན་ཉིད་བཤད་ [327b.4]པར་བྱའོ་ཞེའོ། །དེའི་ཕྱིར་ཡང་ཞེས་ནི། གང་གི་ཕྱིར་ཞེ་ན། ལྷ་རྣམས་ཀྱི་རང་བཞིན་ནམ་མཚན་ཉིད་བསྟན་པ་དེའི་ཕྱིར་ཞེས་བྱ་སྟེ། དེ་དག་གི་རྗེས་སུ་མཐུན་པའི་ལྷའི་མཚན་ཉིད་རེ་ཞིག་འདིར་དང་པོར་བསྟན་ཏོ་ཞེས་པ་ནི། སྙིང་པོ་ལ་སོགས་པ་དེ་དག་གི་རྗེས་སུ་ [327b.5]མཐུན་པའི་ལྷའི་མཚན་ཉིད་དེ་འདིར་དང་པོར་བཤད་པར་བྱ་ཞེས་ཏེ། གང་ཞེ་ན་ཡེ་ཤེས་ཁྱད་པར་ཅན་དང་། མཆོག་གི་མཐུ་དང་ལྡན་པ་སེམས་དཔའི་ཁྱད་པར་ནི་ལྟ་སྟེ། དོན་དམ་པ་ཡང་འདིའོ་ཞེས་པ་དག་སྟེ། ཡེ་ཤེས་ཁྱད་པར་དུ་གྱུར་པས་ཞེས་བྱ་བའི་ཇི་ལྟར་ [327b.6]དོན་རིག་པ་དང་མཐུ་རབ་ཏུ་ཆེན་པོ་དང་ལྡན་པས་ཕ་རོལ་གནོན་པར་བྱེད་པས་འཇིག་རྟེན་པའི་རིགས་ཅན་དང་སྟོབས་པོ་ཆེར་གྲགས་པ་ཐམས་ཅད་འཇོམས་ཤིང་ཟིལ་གྱིས་མནན་པས་དེ་དག་ལས་ཁྱད་པར་དུ་གྱུར་པའི་ཡིད་དང་ལྡན་པ་སེམས་དཔའི་ཁྱད་པར་ནི་ལྷ་ཞེས་བྱ་བ་ [327b.7]སྟེ། དོན་དམ་པ་ཞེས་བྱ་བ་ཡང་འདི་ཁོ་ནའོ་ཞེས་བསྟན་ཏོ། །དེ་གཉིས་ལས་སེམས་དཔའི་ཁྱད་པར་དང་། དོན་དམ་པར་བསྟན་པ་དེ་གཉིས་ལས་སེམས་དཔའི་ལྷ་དང་པོར་བསྟན་པ་སྟེ་སེམས་དཔའི་ཁྱད་པར་ནི་ཡེ་ཤེས་ཀྱི་ཁྱད་པར་དང་། མཆོག་གི་མཐུའི་ [328a] [328a.1]མཚན་ཉིད་དག་གིས་ཞེས་པ་ནི་གོང་དུ་བསྟན་པར་ཟད་དེ། དེ་ལྟ་བུའི་ཡེ་ཤེས་དང་ལྡན་པས་དེ་ལས་གཞན་པའི་སེམས་ཅན་རྣམས་ལས་ལྷག་པར་འཕགས་ཤིང་། ཁྱད་པར་ཅན་དུ་གྱུར་པ་བསྟན་པས་ན་ལྷ་ཞེས་བྱའོ་ཞེའོ། །དེ་ལ་ཡང་ [328a.2]གཉིས་ཏེ་གང་ཞེ་ན། དེ་ཡང་ཡོངས་སུ་དག་པ་དང་དེ་ལས་གཞན་པ་སྟེ། རྣམ་པ་གཉིས་སོ་ཞེས་བྱ་བ་དག་གོ །དེ་ལ། དོན་དམ་པ་རྟོགས་པ་ཉེས་པའི་དྲི་མ་དང་བྲལ་བ་ཞེས་པ་ནི་ཆོས་ཉིད་དམ་ཆོས་ཀྱི་དབྱིངས་ཀྱི་དོན་ཇི་ལྟ་བ་བཞིན་དུ་མ་ནོར་བར་རྟོགས་པ་ནས་སྒྲིབ་པའི་ [328a.3]དྲི་མའི་བག་ཆགས་ཀྱི་ཚོགས་ཐམས་ཅད་མ་ལུས་པར་སྤངས་ཏེ་དེ་ནི་ཡོངས་སུ་དག་པའོ། །དྲི་མ་དང་བྲལ་བ་ཞེས་པ་ནི་ཆོས་ཉིད་དམ་ཆོས་ཀྱི་དབྱིངས་ཅུང་ཟད་མ་རྟོགས་ཤིང་སྒྲིབ་པ་དང་སྡིག་པའི་ཚོགས་རྣམས་མ་སྤངས་པ་སྟེ་དེ་ནི་དེ་ལས་གཞན་པའོ། །དེ་ལ་ [328a.4]ཡོངས་སུ་དག་པ་ལ་ཡང་གཉིས་ཏེ་རབ་མཆོག་པོར་ཡོངས་སུ་དག་པ་དང་། རབ་མཆོག་པོ་མ་ཡིན་པར་ཡོངས་སུ་དག་པའོ། །དེ་ལ་རབ་མཆོག་པོར་ཡོངས་སུ་དག་པ་དང་ལྡན་པ་ནི་རྫོགས་པའི་སངས་རྒྱས་ཉིད་དེ་ཞེས་པ་ནི་འདི་ཡོངས་སུ་དག་པར་གྱུར་པའི་ཡོན་ཏན་ [328a.5]གྱི་རྣམ་པ་རབ་མཆོག་དང་ལྡན་ཞིང་རྫོགས་པར་མངའ་བ་དང་སྒྲིབ་པའི་ཚོགས་ཐམས་ཅད་མ་ལུས་པར་སྤངས་པའི་ཕྱིར་ཏེ། དེ་བས་རྟག་པར་ཐམས་ཅད་དུ་ཐམས་ཅད་མཁྱེན་ཅིང་ཐམས་ཅད་ཀྱི་དབང་ཕྱུག་ཏུ་གྲགས་སོ་ཞེས་པ་ནི། ཡོན་ཏན་ལྡན་ཞིང་སྒྲིབ་པ་སྤངས་ [328a.6]ཏེ་འཁོར་བ་དང་མྱ་ངན་ལས་འདས་པའི་དོན་རིག་ཅིང་སྣོད་བཅུད་ཐམས་ཅད་ས་ལེར་མཁྱེན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་འདི་ལྟར་གྲགས་པར་གྱུར་པས་ན། དེ་སྐད་ [328a.7]ཞེས་བྱའོ། །རབ་མཆོག་པོ་མ་ཡིན་པར་དག་པ་ཞེས་པ་ནི་ཡོངས་སུ་དག་པར་གྱུར་པའི་ཡོན་ཏན་རབ་མཆོག་ཏུ་ནི་ཅུང་ཟད་མ་བྱིན་པ་དང་ལྡན་པ་སྟེ། གང་ཞེ་ན་རྒྱལ་བའི་སྲས་དང་། རང་རྒྱལ་བ་དང་། ཉན་ཐོས་རྣམས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཤེས་ [328b] [328b.1]བྱའི་སྒྲིབ་པ་མ་སྤངས་པ་དང་། རང་རྒྱལ་བ་དང་། ཉན་ཐོས་ཀྱིས་ཆོས་ལ་བདག་མེད་པར་མ་རྟོགས་པའི་ཕྱིར་རོ། །ཡོངས་སུ་མ་དག་པ་ནི་འཇིག་རྟེན་པའི་ལྷའི་ཚོགས་ཁྱད་པར་ཅན་ཐམས་ཅད་དེ་ཞེས་པ་ནི། འཇིག་རྟེན་པའི་ལྷ་རྣམས་ཀྱི་སེམས་ [328b.2]ཅན་ཕལ་བས་འཕགས་སུ་ཟིན་ཀྱང་སྒྲིབ་པ་ཐམས་ཅད་སྤངས་པ་མ་ཡིན་པས་ན། ཡོངས་སུ་མ་དག་པའི་ལྷ་ཞེས་བྱ་སྟེ། དེ་དག་ཀྱང་གང་ཞེ་ན། བརྒྱ་བྱིན་དང་། ཁྱབ་འཇུག་དང་ཞེས་བྱ་བ་ལ་སོགས་པ་རྣམས་ཏེ། དེ་དང་འབྲེལ་བའི་ཁྱད་པར་ཞེས་པ་ [328b.3]ནི། དེ་དག་གི་བཙུན་མོ་རྣམས་དང་འཁོར་ལ་བྱ་སྟེ། བཙུན་མོ་ནི་བརྒྱ་བྱིན་གྱི་བཙུན་མོ་པན་ཙི་ཀ་ལ་སོགས་པའོ། །འཁོར་ནི་བརྒྱ་བྱིན་གྱི་འཁོར་ལྷ་དམ་པ་རྨ་ཤུ་ཀ་དང་། རྣམ་པར་དག་པའི་བློ་གྲོས་དང་། རྣམ་པར་དག་པ་དང་། དྲི་མ་མེད་པའི་འོད་དང་། [328b.4]ཉེ་དབང་དུ་སུམ་ཅུ་རྩ་གཉིས་དག་གོ །ཁྱབ་འཇུག་གི་འཁོར་རྡུག་སྨི་དང་སྨི་ལ་སོགས་པ་དག་གོ། །ལྷ་ཆེན་པོའི་འཁོར་ནནྟེ་ཤྭ་རི་དང་། བྷྲྀངྒི་རི་ཏི་དང་། མ་ཧཱ་ཀཱ་ལ་དང་། ནནྟི་ཀཪྟི་ཀའོ། །རྣམ་གཅིག་རང་གི་རིགས་ཀྱི་སྐྱེ་གནས་ཀྱི་ལྷ་རྣམས་སོ། །ལྷའི་བྱེ་བྲག་ [328b.5]འདི་དག་ཐམས་ཅད་ལས་ཞེས་པ་ནི། དོན་སེམས་པའི་ལྷ་དང་། དོན་དམ་པའི་ལྷ་ལས་སེམས་པའི་ལྷ་ལ་ཡོངས་སུ་དག་པའི་ལྷ་དང་། དེ་ལས་གཞན་པར་བསྟན་པ་དང་། ཡོངས་སུ་དག་པའི་ལྷ་ལས་ཀྱང་རབ་མཆོག་པོར་ཡོངས་སུ་དག་པ་དང་ལྡན་པའི་ལྷ་དང་རབ་ [328b.6]མཆོག་པོ་མ་ཡིན་པར་དག་པའི་ལྟར་བསྟན་པ་དང་། ཡོངས་སུ་མ་དག་པར་བསྟན་པའི་ལྷ་རྣམས་སུ་བསྟན་པ་ནི་ལྷའི་བྱེ་བྲག་སྟེ། ལྷའི་བྱེ་བྲག་འདི་དག་ལས་བསྡུ་ན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། དངོས་དང་སྤྲུལ་པའི་བྱེ་བྲག་རྣམ་པ་གཉིས་ཏེ་ཞེས་པ་ནི། དེ་ [328b.7]ལ་དངོས་ཀྱི་ལྷ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །སྤྲུལ་པའི་ལྷ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུའོ། །དེ་ལྟར་བྱེ་བྲག་དུ་མར་གྱུར་པའི་སེམས་ཅན་གྱི་ཁྱད་པར་ཞེས་པ་ནི། དེ་ལྟར་ཡོངས་སུ་དག་པ་དང་དེ་ལས་གཞན་པ་ལ་སོགས་པ་མཐུ་ [329a] [329a.1]དང་ཡེ་ཤེས་ཁྱད་པར་ཅན་དུ་སེམས་པའི་བྱེ་བྲག་དུ་མར་སེམས་ཀྱི་ཁྱད་པར་གྱིས་ཕྱེ་ཞིང་རྣམ་པར་གཞག་པའི་མཚན་ཉིད་ནི་འདི་ལྟ་སྟེ། མཚན་མའི་རྣམ་པར་སྣང་བས་ན་ཀུན་རྫོབ་ཀྱི་ལྷ་ཞེས་ཀྱང་བྱའོ། །དོན་དམ་པའི་ལྷ་ནི་དེ་དག་ཉིད་ཀྱི་ [329a.2]རང་བཞིན་གཉིས་སུ་མེད་པ་གང་ཡིན་པ་ལ་བྱ་སྟེ་ཞེས་པ་དེ་དག་རང་བཞིན་གཅིག་ཏུ་གྱུར་ཅིང་རྣམ་པར་དབྱེ་བ་མེད་པའི་ངང་ལ་གཅིག་ཏུ་གྱུར་པའི་ངོ་བོ་ནི་དོན་དམ་པའི་ལྷ་ཞེས་བྱ་སྟེ། མཚན་མ་རྣམ་པར་སྤངས་པའི་མཚན་ཉིད་ལ་རིག་པར་བྱའོ། །དེ་ཅིའི་ཕྱིར་དོན་ [329a.3]དམ་པ་ཞེས་བྱ་ཞེ་ན། རྣམ་པར་དག་པའི་ཡེ་ཤེས་མཆོག་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། རྣམ་པར་དག་པའི་ཡེ་ཤེས་ཐོགས་པ་དང་། ཆགས་པ་མེད་པ་འབའ་ཞིག་གིས་རྟོགས་ཤིང་དམིགས་པའི་ཡུལ་ཡིན་པར་ཟད་ཀྱི། གཞན་ [329a.4]གྱིས་རྟོགས་པར་ནུས་པའི་ཡུལ་མ་ཡིན་པས་ན་དོན་དམ་པ་ཞེས་བྱ་སྟེ། གཞན་དུ་འགྱུར་བ་མེད་ཅིང་བརྟག་པས་སོ་ན་གནས་པའི་ཕྱིར་རོ། །ཡང་ན་ཞེས་བྱ་བ་ནི་བསྣན་པ་དང་དོན་གཞན་དུ་སྟོན་པའི་ཕྱིར་སྨོས་ཏེ། གང་ཞེ་ན་དོན་འདི་ཐམས་ཅད་པས་ཁྱད་པར་ [329a.5]ཅན་དོན་དམ་པའོ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱིས་རྟོགས་པའི་ཡུལ་ལམ་ཡུལ་དང་ཡུལ་ཅན་དབྱེར་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དེས་སེམས་པའི་ཁྱད་པར་གྱིས་ལྷ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ལས་འཕགས་པའི་ཕྱིར་ན་དོན་དམ་པ་ [329a.6]ཞེས་བྱའོ། །ཉེས་པ་ཐམས་ཅད་རྣམ་པར་དག་པ་དང་ཞེས་པ་ནི། སྒྲིབ་པ་ཐམས་ཅད་དང་བྲལ་བའི་སེམས་ཀྱི་རང་བཞིན་ནི་ཡེ་ཤེས་པས་དེ་ལ་དོན་དམ་པ་ཞེས་བྱའོ། །བླ་ན་མེད་པའི་ཕུན་སུམ་ཚོགས་པའི་དབང་ཕྱུག་གི་མཚན་ཉིད་ཅེས་པ་ནི། ཆོས་ཀྱི་ [329a.7]ཆོས་ཉིད་དང་སེམས་ཀྱི་སེམས་ཉིད་ནི་རྣམ་པར་དག་ཅིང་སྟོང་པའི་མཚན་ཉིད་དུ་རང་བཞིན་དབྱེར་མེད་པར་གཅིག་པ་སྟེ། བླ་ན་མེད་པའི་དབང་ཕྱུག་ཕུན་སུམ་ཚོགས་པའི་མཚན་ཉིད་དམ་ངོ་བོར་གནས་པ་ཡང་ཡིན་ནོ། །དོན་དམ་པའི་དགོངས་པ་ཁྱད་པར་ཅན་ཐམས་ [329b] [329b.1]ཅད་བསྒྲུབ་པའི་ཕྱིར་ཞེས་པ་ནི། དེས་དོན་དམ་པའི་དངོས་གྲུབ་གང་དང་གང་འདོད་པ་དེ་སྒྲུབ་ཅིང་སྒྲུབ་པར་བྱེད་ནུས་པའི་ཆོས་ཉིད་ཀྱི་མཐུ་དང་ལྡན་པ་སྟེ། དེའི་ཕྱིར་ན་དོན་དམ་པ་ཞེས་བྱའོ། །དེ་ཉིད་དོན་དམ་པའི་བདེན་པ་ཞེས་ཀྱང་གྲགས་ཏེ་ཞེས་པ་ནི། གཞུང་ [329b.2]ཁ་ཅིག་ལས་སེམས་ཀྱི་རང་བཞིན་རྣམ་པར་དག་པ་ལ་དོན་དམ་པའི་བདེན་པ་ཞེས་ཀྱང་གྲགས་ཏེ། དེའི་ཅིའི་ཕྱིར་ཞེ་ན། དེ་རྟག་ཏུ་ཐམས་ཅད་ལ་མི་སླུ་བའི་ཕྱིར་ཏེ། སེམས་དག་པ་དང་མ་དག་པའི་དབང་གིས་ཇི་ལྟར་བརྟགས་པ་དེ་བཞིན་དུ་བཏུབ་ཅིང་དེ་ལས་གཞན་ [329b.3]དུ་མི་འགྱུར་བའི་ཕྱིར་ན་དོན་དམ་པའི་བདེན་པ་ཞེས་བྱའོ། །སེམས་ཀྱི་རང་བཞིན་དེའི་མཚན་ཉིད་ཀྱང་། མདོ་སྡེ་ལས། རིགས་ཀྱི་བུ་དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱང་མི་རྒྱུ་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་ཏེ། [329b.4]དཔེར་ན་ནམ་མཁའ་ལ་ཐ་སྙད་དུ་ཡོད་ལ་དོན་དུ་མེད་པ་བཞིན་དུ་སེམས་ཞེས་ཚིག་གི་ཐ་སྙད་དུ་ཡོད་པ་འདི་ལ་ཁོ་ནའོ་ཞེས་དོན་དུ་བསྟན་དུ་མེད་ཅིང་བརྟག་པར་མི་ནུས་ན། ཚིག་དང་ཡི་གེའི་རྣམ་པར་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་ཡིན་ནོ། །སངས་ [329b.5]རྒྱས་ཀྱི་ཡོན་ཏན་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་རྩིང་རིམས་སུ་བགྲངས་པའི་རྒྱུ་བཞི་བཅུ་ཞེས་གྲགས་པ་དང་། ཞི་བ་རིམས་སུ་བརྟགས་ན་མཐའ་ཡས་ཤིང་གྲངས་བགྲང་བར་མི་ནུས་པ་དག་གོ། །བླ་ན་མེད་པ་ཞེས་པ་ནི། ཟག་པ་ [329b.6]དང་བཅས་པ་དང་། ཟག་པ་མེད་པའམ། འདུས་བྱས་དང་འདུས་མ་བྱས་སམ་འཇིག་རྟེན་ལས་འདས་པར་བརྗོད་པ་རྣམས་ཀྱི་ནང་ན་གང་གི་ཡང་འོག་ཏུ་མ་གྱུར་པས་ན་བླ་ན་མེད་པའོ། །ཕྱི་མ་ནི་བརྡ་ཕྲད་པར་སླ་བས་མ་བཀྲོལ་ལོ། །དེ་བཞིན་དུ་རྒྱུད་གཞན་ལས་དེ་བཞིན་ [329b.7]གཤེགས་པ་ཞེས་བྱ་བར་ཡང་གྲགས་ཏེ་ཞེས་པ་ནི། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། དེ་ལ་དེ་བཞིན་གཤེགས་པ་བྱ་བར་བརྗོད་དེ། ཇི་ལྟར་བྱ་ཞེ་ན། འདི་ལྟར་རྒྱུད་དེ་ཉིད་ལས། འདུ་ཤེས་ཙམ་ཡང་སྤངས་པ་ཡིས། །རང་བཞིན་བསྟན་དུ་ [330a] [330a.1]མེད་པ་སྟེ། །ཡེ་ཤེས་ཀྱིས་ནི་རང་རིག་པས། །དེ་ལ་དེ་བཞིན་གཤེགས་ཞེས་བྱ། །ཞེས་གསུངས་ཏེ། དེའི་དོན་སླར་དགྲོལ་བ་ཡང་དཀྱུས་ཉིད་པས་བརྡ་ཕྲད་སླ་བའི་ཕྱིར་མ་བཀྲོལ་ལོ། །དོན་དམ་པའི་ལྷའི་རང་བཞིན་དེ་དང་ཐ་དད་པའི་སྤྱོད་པས་སེམས་ [330a.2]པའི་རང་བཞིན་ཡང་ལྷ་ཞེས་བྱ་ཞེས་པ་ནི། དོན་དམ་པའི་ལྷ་དེའི་རང་བཞིན་ནི། སྔར་བསྟན་པ་དེ་ཉིད་དོ། །དེ་དང་ཐ་དད་པའི་སྤྱོད་པས་སེམས་པའི་མཚན་ཉིད་ནི་གཟུགས་ཀྱི་སྐུ་སྟེ། མཚན་མའི་རྣམ་པར་སྣང་བ་རྣམས་ཏེ། དེ་དང་དེ་དག་ཀྱང་ལུས་དང་སེམས་བཞིན་དུ་སོ་སོར་ [330a.3]ཕྱེ་ཡང་ཐ་མི་དད་པས་ན་དེ་དག་ལ་ཡང་ལྷ་ཞེས་བྱའོ། །དེ་བས་ན་དངོས་པོ་དང་ཉེ་བར་བརྟགས་པར་མཚན་ཉིད་ཀྱི་བྱེ་བྲག་ལས་ཀྱང་། ལྷ་རྣམས་གཉིས་སུ་མེད་པར་བྱའོ་ཞེས་པ་ནི། དངོས་དང་རང་བཞིན་ལ་བྱ་སྟེ། དོན་དམ་པའི་ཆོས་ཀྱི་སྐུའོ། །ཉེ་བར་ [330a.4]བརྟགས་པའི་རང་བཞིན་ལ་ཉེ་བར་བརྟགས་པའི་མཚན་ཉིད་སྤྲུལ་པའི་སྐུ་སྟེ། ཀུན་རྫོབ་ཀྱི་སྐུའོ། །འོ་ན་ལྷ་དེ་དག་རྣམ་པ་དེ་གཉིས་སུ་འདུས་ན། རྣམ་པར་དབྱེ་བ་གཞན་བྱ་བ་ཅི་དགོས་ཤེ་ན། ཡོངས་སུ་དག་པ་དང་མ་དག་པ་ལ་སོགས་པའི་ལྷ་རབ་ཏུ་དབྱེ་ [330a.5]བ་ཡོངས་སུ་བསྒྲགས་པ་འདི་ཡང་དེ་ལ་མཁས་པར་བྱ་བའི་ཕྱིར་ཞོར་ལ་བཤད་དོ་ཞེས་གསུངས་སོ། །འོ་ན་སྐབས་འདིར་དེ་དག་ལས་ཇི་ལྟར་ཤེས་པར་བྱ་ཞེ་ན། གཞུང་འདི་ནི་རིགས་བཞི་ཆར་ཡང་རྣམ་པ་ཐམས་ཅད་དུ་ཡོངས་སུ་བསྡུས་པ་སྟེ་ཞེས་གསུངས་པས་དེ་བཞིན་དུ་རིག་པར་ [330a.6]བྱའོ། །དེ་རྣམས་ནི་ཞེས་པ་ནི། གཞུང་འདིར་རིགས་རྣམ་པ་བཞི་ཡོངས་སུ་དག་པའི་ལྷའོ་ཞེས་བསྟན་པ་རྣམས་སོ། །དེ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་སྤྱོད་པ་རྣམས་ལས་གྱུར་པའི་རང་བཞིན་ནོ་ཞེས་གསུངས་ཏེ། སྔར་བཤད་དོ་ཞེས་ [330a.7]པ་ནི། དེ་དག་གི་དོན་གོང་དུ་བསྟན་པས་ན། ཡང་འདིར་མ་བཀྲོལ་ཏེ། དེ་བཞིན་དུ་རིག་པར་བྱ་བར་བསྟན་ཏོ། །སངས་རྒྱས་ཀྱི་སྐུ་ལ་སོགས་པ་ཞེས་པའི་སྒྲས་ནི། སྐུ་དང་། གསུང་དང་། སྤྱོད་པས་བསྡུས་ཏེ། ཉེ་བར་བརྟགས་པའི་ལྷ་རབ་ཏུ་དབྱེ་བ་དང་ཞེས་པ་ [330b] [330b.1]ནི། སྐུ་དང་གསུང་དང་སྤྱོད་པའི་ཡོན་ཏན་ལས་ཉེ་བར་བརྟགས་པའི་ལྷ་འགྲོ་བ་འདུལ་བའི་དབང་གི་རིམ་པས་ཆ་ལུགས་ཐ་དད་པར་སྣང་བའི་བར་དུ་དབྱེ་བ་རྣམས་ནི་ཞེས་བྱ་སྟེ། དེ་དག་ནི་རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ཉིད་ཀྱི་དཀྱིལ་ [330b.2]འཁོར་ཆེན་པོ་ཉིད་ལ་སོགས་པར་བཀོད་པ་ཡིན་ནོ་ཞེས་བྱ་སྟེ། སོགས་ཀྱིས་ནི་དཀྱིལ་འཁོར་ལྷག་མ་གསུམ་བསྡུའོ། །ཁྱད་པར་དུ་ནི་རིགས་བཞི་ཆར་ཡང་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་རྣམ་པར་གནས་པ་ནི་ཞེས་པ་ནི་ཁྱད་པར་དབྱེ་བ་བསྟན་ཏེ། རིགས་བཞི་ [330b.3]ཆར་ཡང་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་རྣམ་པར་གནས་པའོ། །དེ་དག་ཉིད་ལས་ཞེས་པ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་དེ་དག་ཉིད་ལས་ཞེས་བྱ་སྟེ། དེ་ལས་ཉེ་བར་བརྟགས་པའི་ལྷའི་ཁྱད་པར་རྣམས་ལ་ནི། བཅོམ་ལྡན་འདས་ཀྱི་ [330b.4]སྙིང་པོ་ཞེས་བྱ་བར་གསུངས་སོ། །དེ་བཞིན་དུ་གཟུངས་ཀྱི་དཀྱིལ་འཁོར་ལ་གནས་པའི་ལྷ་དེ་དག་ཉིད་དེ། དེར་ནི་དེ་དག་ལ་ཕྱག་འཚལ་ཞེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་གནས་པའང་དེ་དག་ཉིད་དེ། དེར་ནི་དེ་དག་ལ་སྔགས་ཞེས་བྱའོ། ། [330b.5]སྔར་བསྟན་ཟིན་ཞེས་པའི་ཐ་ཚིག་གོ། །གསང་སྔགས་ཀྱི་ཆོ་ག་བཤད་པར་བྱ་སྟེ་ཞེས་པ་ནི། པདྨའི་རིགས་ཆོས་ཀྱི་དཀྱིལ་འཁོར་དུ་གསང་སྔགས་སུ་བསྟན་པའི་ལྷའི་སྒྲུབ་པའི་ཡན་ལག་གི་ཆོ་གའི་བཤད་པའོ། །རྗེས་སུ་ཡི་རང་བ་ཞེས་པ་ནི། རང་བཞིན་གྱིས་ [330b.6]ལེགས་པར་སྤྱོད་པའི་དགེ་བ་ལ་སེམས་པ་དག་པས་དགའ་བ་སྐྱེ་བའོ། །བདག་གི་ལུས་དབུལ་བ་ཞེས་པ་ནི། དེ་བཞིན་གཤེགས་པ་ལ་བདག་གི་ལུས་དབུལ་བ་སྟེ། དེའི་སྐབས་སུ་ལྷ་དང་དབྱེར་མེད་པར་བསྒོམ་པ་ལ་ཤེས་པར་བྱའོ། །གསོལ་ [330b.7]བ་གདབ་པ་དང་ཞེས་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པ་གང་དག་མྱ་ངན་ལས་འདའ་བར་བཞད་པ་དེ་དག་མི་འདའ་ཞིང་འཇིག་རྟེན་དུ་ཡུན་རིང་དུ་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་པར་གསོལ་བ་འདེབས་པའོ། །བསོད་ [331a] [331a.1]ནམས་ཡོངས་སུ་བསྔོ་བ་ཞེས་པ་ནི། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་ཡིད་ཀྱིས་གཅིག་ཏུ་བསྡུས་ནས་སེམས་ཅན་ཐམས་ཅད་དང་ཐུན་ [331a.2]མོང་དུ་དམིགས་ནས་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའོ། །དམ་པའི་ཆོས་བཀླག་པ་ཞེས་པ་ནི། རྒྱུད་དང་རིགས་པའི་ཆོས་རྒྱུ་དང་འབྲས་བུའི་ཐེག་པས་བསྡུས་པ་ཀློག་ཅིང་ཆོས་སྤྱོད་པ་རྣམ་པ་བཅུའི་ཚུལ་དང་ [331a.3]ལྡན་པར་བྱའོ། །བཟླས་བརྗོད་མང་དུ་བྱ་ཞེས་པ་ནི། རིགས་སོ་སོའི་བཟླས་བརྗོད་བྱ་བའི་ཚུལ་རྣམ་པ་གཅིག་གང་ལ་གོམས་པ་དེ་བཞིན་དུ་ལྷ་ཐམས་ཅད་ལས་གང་ལྟར་དགའ་བ་དེ་བཟླས་བརྗོད་ཅི་ནུས་པ་བཞིན་དུ་བྱའོ། །དེ་དག་ནི་ཚོགས་ཀྱི་ཆོ་ག་སྟེ། [331a.4]དེས་གང་བསྒྲུབ་པ་དེ་འགྲུབ་པར་འགྱུར་བའི་རྒྱུ་བྱེད་པས་ན། ཚོགས་ཞེས་བྱའོ། །དེ་ཡང་རྒྱུད་ལས་འདི་སྐད་དུ། །རྗེས་སུ་ཡི་རང་ལ་སོགས་པ། །དེ་བཞིན་དམ་ཆོས་ཀློག་པ་དང་། །བཟླས་བརྗོད་མང་པོར་རབ་བྱས་པས། །སྔགས་ཀྱི་དངོས་གྲུབ་ངེས་པར་ [331a.5]འཐོབ། །ཅེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱི་མཚན་བརྗོད་པ་དང་། ཞེས་པ་ནི་མཚན་བརྒྱ་རྩ་བརྒྱད་པ་ལ་སོགས་པ་དོན་དང་ལྡན་པའི་ཚིགས་སུ་བཅད་པའམ། ལྷུག་པའི་གང་ཡང་རུང་བས་དེ་བཞིན་གཤེགས་པ་ [331a.6]རྣམས་ལ་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པར་བྱེད་པའོ། །རྗེས་སུ་དྲན་པ་དང་ཞེས་པ་ནི། ཇི་ལྟར་མདོ་སྡེ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ [331a.7]ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས། ཡོན་ཏན་ལྷུན་པོ་རྗེས་སུ་དྲན་པ་དང་། མཚན་དང་དཔེ་བྱད་རྗེས་སུ་དྲན་པར་བྱེད་ [331b] [331b.1]པའམ། འདིའི་སྐབས་སུ་རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་སྙིང་པོ་ཕྱག་རྒྱ་ལ་སོགས་པའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་ཞིབ་རིམས་སུ་བརྟག་ཅིང་དཔྱད་པའི་དོན་རང་གི་སེམས་ལ་བཀྲ་བར་བྱེད་ [331b.2]པའོ། །དམ་པའི་ཆོས་རབ་ཏུ་བསྟན་པ་ཞེས་པ་ནི་རྒྱ་ཆེ་བའི་གསུང་ཚིག་གི་སྒོ་ནས་ཇི་ལྟར་འདུལ་ཞིང་འཚམ་པ་བཞིན་དུ་སོ་སོའི་སྐད་དུ་སྟོན་པ་དང་། ཟག་པའི་གསུང་བརྗོད་པ་མེད་པར་བསྒོམ་པའི་སྒོ་ནས་དོན་གྱིས་བསྟན་པ་སྟེ། དེ་དག་ནི་འདིར་བསོད་ [331b.3]ནམས་ཀྱི་ཚོགས་ཏེ། ཅིའི་ཕྱིར་ཞེ་ན། དེ་ཁོ་ན་བསོད་ནམས་ཀྱི་ཚོགས་ཀྱི་ངོ་བོ་ཡིན་པ་དང་། གང་ཞིག་གིས་དེ་དག་གི་དེ་ལྟར་སྤྱད་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ན། ལས་ཀྱི་དཀྱིལ་འཁོར་དུ་བཀོད་པ་ཡང་དེ་དག་ཉིད་དེ། དོན་ནི་ [331b.4]རིག་སྔགས་ཞེས་བྱའོ། །དེ་བས་ན་ལྷའི་ངོ་བོ་གཅིག་ལས་གནས་སྐབས་ཀྱི་མིང་གཞན་དུ་འགྱུར་བའི་ཕྱིར་ན་སྙིང་པོ་ལ་སོགས་པར་བརྗོད་པ་ཡིན་པར་རིག་པར་བྱའོ། །སྙིང་པོ་ཞེས་བྱ་བ་ལ་སོགས་པའི་ངེས་པའི་ཚིག་ནི་ཞེས་པའི་སྙིང་པོ་དང་། ཕྱག་རྒྱ་དང་སྔགས་དང་། རིག་ [331b.5]པའི་ངེས་ཚིག་ནི། དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཕྱི་མ་ལས་གསལ་བར་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་ཏེ། དེ་ལ་དང་པོར་སྙིང་པོའི་ངེས་ཚིག་བསྟན་ཏེ། གང་ཞེ་ན་རྒྱུད་ལས། ཡིད་ལ་འདོད་པའི་ཆོ་ག་ཡིས། །ཡིད་ལ་གང་འདོད་འགྲུབ་པར་འགྱུར། །ཏིང་འཛིན་སྒྲུབ་པའི་སྙིང་ལ་གནས། །དེ་ [331b.6]བས་སྙིང་པོ་ཞེས་བྱའོ། །ཞེས་གསུངས་ཏེ། དེའི་དོན་ནི་ཡིད་ལ་གང་འདོད་པའི་ལྷ་དག་གྲུབ་པར་གྱུར་ན། ཡིད་ལ་གང་འདོད་པ་དེ་བསྒྲུབ་པའི་ལས་དང་ཆོ་ག་མ་ཉམས་པར་བརྩམས་ན། ཡིད་ལ་གང་འདོད་པའི་དངོས་གྲུབ་དེ་འགྲུབ་པར་འགྱུར་རོ། །སྙིང་པོ་ཞེས་བྱ་བ་ནི། ལྷ་ [331b.7]རྣམས་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པས་ཏིང་ངེ་འཛིན་གྱི་སྒྲུབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་པས་ཐུགས་ལ་གནས་པའི་ཕྱིར་ན། སྙིང་པོ་ཞེས་བྱ་བའི་ཡི་གེའི་རྣམ་པར་རྟོག་པའི་རྣམ་པ་རབ་ཏུ་གོམས་པ་ལས་སྙིང་པོ་ཞེས་བྱ་བའི་སེམས་རྟོགས་པར་འགྱུར་ [332a] [332a.1]པའི་སྙིང་པོ་ཞེས་བྱ་བ་ནི། ལྷ་གང་དང་གང་བསྒོམ་ཞིང་བསྒྲུབ་པར་འདོད་པ་དེའི་སྔགས་ཀྱི་ཡི་གེ་འབྲུ་གཅིག་པ་དང་འབྲུ་མང་པོ་པ་ཡང་རུང་སྟེ། ཇི་ལྟ་བའི་རྣམ་པར་རྟོག་པའི་བྱེ་བྲག་དེ་དག་ཞིབ་མོར་རྟོགས་ཤིང་གོམས་པར་བྱས་པ་ལས་སྙིང་པོ་ཞེས་བྱ་བའི་ [332a.2]སེམས་རྟོགས་པར་འགྱུར་བས་ན་སྙིང་པོ་ཞེས་བྱའོ། །འོ་ན་གནས་འདིར་གང་གི་ངོ་བོ་ལ་རིག་པར་བྱ་སྟེ། དེ་ཡང་སྐབས་འདིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པ། བཛྲ་སཏྭ། བཛྲ་རཱ་ཛ་ཞེས་བྱ་བའི་མིང་དུ་བརྗོད་པ་དེ་བཞིན་གཤེགས་པ་རྣམས་དང་། [332a.3]རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་སྟོན་པ་ལ་སྙིང་པོ་ཞེས་བྱའོ་ཞེས་གསུངས་སོ། །འོ་ན་སྙིང་པོ་དེ་དུས་ཇི་སྲིད་དུ་སེམས་པར་འགྱུར་ཞེ་ན། སྙིང་པོ་དེ་ཡང་དུས་གཉིས་ཤིག་ཏུ་སྙིང་པོ་ཞེས་བྱ་བའི་སེམས་རྗེས་སུ་རྟོགས་པར་ [332a.4]འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གཉིས་ནི་འདི་ལྟར་ཇི་ལྟར་འདོད་པའི་དངོས་གྲུབ་པའི་དུས་དང་། རང་གི་ལྷའི་ཏིང་ངེ་འཛིན་བསྒོམ་པའི་དུས་ནའོ་ཞེས་པ་ནི། འདི་ལྟར་གང་འདོད་པའི་དངོས་གྲུབ་སྒྲུབ་པའི་དུས་ན་འདི་ཉིད་ལས་གསུངས་པའི་ས་ལ་ [332a.5]སོགས་པ་དངོས་གྲུབ་གང་འདོད་པ་འདི་ལྟར་སྒྲུབ་པའི་དུས་དེའོ། །རང་གི་ལྷའི་ཏིང་ངེ་འཛིན་བསྒོམ་པའི་དུས་ཞེས་པ་ནི། གང་འདོད་པའི་དངོས་གྲུབ་སྒྲུབ་པའི་དུས་ན་གང་དུ་སྔར་བསྙེན་པ་བྱ་བའི་དུས་དང་བསྒོམ་པའི་ཏིང་ངེ་འཛིན་གྱི་དུས་དེ་ལ་བྱའོ། །དེའི་གནས་ [332a.6]དང་ལུས་དང་ཁ་དོག་ལ་སོགས་པ་དང་ལྡན་པའི་མཚན་ཉིད་ཅེས་པ་ནི། ཏིང་ངེ་འཛིན་གང་བསྒོམ་པའི་ལམ། ཏིང་ངེ་འཛིན་དེའི་གནས་ཀྱང་ཚེ་དང་ལུས་དང་ཁ་དོག་ལ་སོགས་པ་དང་ལྡན་པའི་ཡིད་ལ་གང་འདོད་པའི་དངོས་གྲུབ་བསྒྲུབ་པར་འདོད་པ་དེའི་ཚེ། བཛྲ་སཏྭ་ [332a.7]ཞེས་བྱ་བ་ལ་སོགས་པའི་སྙིང་པོ་བརྗོད་ཅིང་སེམས་ལ་ཞེན་པའམ། འདྲིས་པར་སླ་ནས་བཟླས་བརྗོད་བྱས་ན་སྙིང་པོ་ལ་གནས་ཞེས་བྱའོ། །དེ་བཞིན་དུ་ཕྱག་རྒྱའི་ངེས་ཚིག་ཀྱང་ཞེས་པ་ནི། སྙིང་པོ་ངེས་པའི་ཚིག་བཤད་པ་དེ་བཞིན་དུ། ཕྱག་རྒྱའི་ངེས་ཚིག་ [332b] [332b.1]ཀྱང་བཤད་པར་བྱ་སྟེ་ཞེས་པ་སྟེ་དེ་ཡང་རྒྱུད་ལས། འདའ་དཀའ་དེ་བཞིན་མི་ཤིགས་པ། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་རྟགས། །བདག་ཉིད་ཆེན་པོ་མཚན་མའི་སྐུ། །དེ་བས་ཕྱག་རྒྱ་ཞེས་སུ་བསྒྲགས། །ཞེས་བྱ་བ་གསུངས་ཏེ། དེ་ལ། འདའ་དཀའ་དེ་བཞིན་མི་ [332b.2]ཤིགས་པ། །ཞེས་པ་ནི། གཞན་གྱིས་དེ་ལ་འདའ་བར་དཀའ་ཞིང་རྒོལ་བ་རྣམས་ཀྱིས་བཤིག་པར་མི་ནུས་པའོ། །གང་ཞེ་ན། རྒྱལ་པོའི་ཕྱག་རྒྱ་མཆོག་གི་རྟགས། །ཞེས་བྱ་སྟེ། རྒྱལ་པོ་ཉིད་ཀྱིས་བཏབ་པའི་བཀའ་རྟགས་ཀྱི་ཕྱག་རྒྱ་སྟེ། ཇི་ལྟར་རྒྱལ་པོའི་ཕྱག་ [332b.3]རྒྱས་བཏབ་པ་སྟེ། རྒྱལ་པོ་ཉིད་དམ་བློན་པོ་དྲ་མ་རྣམས་ཀྱིས་ཀྱང་འདའ་ཞིང་བཤིག་པར་མི་ནུས་ན། གཞན་གྱིས་སྨོས་ཀྱང་ཅི་དགོས་པ་བཞིན་དུ། །བདག་ཉིད་ཆེན་པོ་མཚན་མའི་སྐུ། །དེ་བས་ཕྱག་རྒྱ་ཞེས་སུ་བསྒྲགས། །ཞེས་བྱ་སྟེ། བདག་ཉིད་ཆེན་ [332b.4]པོའི་མཚན་མའི་སྐུ་ཕྱག་རྒྱར་བསྟན་པ་དེ་ཡང་། བདག་ཉིད་ཆེན་པོ་རྣམས་ཀྱིས་ཀྱང་བཤིག་ཅིང་འདའ་བར་མི་སྤྱོད་ན། བདུད་དང་མུ་སྟེགས་གཞན་གྱིས་བཤིག་ཅིང་འདའ་བར་བྱ་བར་ལྟ་ཅི་སྨོས་ཞེས་གསུངས་པ་ཡིན་ཏེ། དེ་དག་གི་དོན་སླར་དགྲོལ་བ་ནི། འདིར་ [332b.5]བདག་དེ་ཉིད་ཆེན་པོ་མཆོག་མའི་སྐུ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །སྔགས་ཀྱི་ངེས་ཚིག་རྒྱུད་ལས་བཤད་པའི་སྐབས་སུ་གསུངས་པ། འདའ་བར་བྱ་བ་མ་ཡིན་ཞིང་། །ཤིགས་པར་དཀའ་ལ་གསང་བ་ཉིད། །གསང་བར་བསྒྲུབ་ཕྱིར་བསྔགས་པས་ན། །དེ་བས་ [332b.6]སྔགས་པ་ཞེས་པར་བརྗོད། །ཅེས་གསུངས་ཏེ། དེ་ལ། འདའ་བར་བྱ་བ་མ་ཡིན་ཞིང་། །ཞེས་པ་ནི་གང་གིས་ཀྱང་འདའ་བར་བྱ་བའི་ཡུལ་མ་ཡིན་པའོ། །ཤིགས་པར་དཀའ་ལ་གསང་བ་ཉིད། །ཅེས་པ་ནི། བདུད་དང་མུ་སྟེགས་ལ་སོགས་པའི་རྒོལ་བས་བཤིག་པར་ [332b.7]མི་ནུས་ཤིང་རྟོགས་པར་དཀའ་བས་ན་གསང་བའོ། །གསང་བ་བསྒྲུབ་ཕྱིར་བསྔགས་པས་ན། །ཞེས་པ་ནི་དེ་སྒྲུབ་པ་ཡང་སྣོད་མ་ཡིན་ཞིང་སྐལ་བ་དང་མི་ལྡན་པ་རྣམས་ལ་གསང་ནས་བསྒྲུབ་པར་བྱ་བ་ཡིན་པས་ན་སྔགས་ཞེས་བྱའོ་ཞེས་བསྟན་ཏོ། །དེ་དག་ [333a] [333a.1]གི་དོན་སླར་དགྲོལ་བ་འདིར་བསྔགས་ཤིང་གསང་སྟེ་སྨྲས་པས་ངེས་པའི་ཚིག་དང་སྦྱར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རིག་སྔགས་ཀྱི་ངེས་ཚིག་ཀྱང་རྒྱུད་ལས། མ་རིག་པ་ནི་བཤིག་པ་དང་། གང་གི་རིག་མཆོག་སྒྲུབ་པའི་ཕྱིར། [333a.2]དངོས་གྲུབ་དམ་པ་ཡོད་པ་སྟེ། །དེ་བས་རིག་སྔགས་ཞེས་བྱའོ། །ཞེས་གསུངས་ཏེ། དེ་ལ། མ་རིག་པ་ནི་བཤིག་པ་དང་། །ཞེས་པ་ནི། མ་རིག་པའི་མུན་ནག་བཅོམ་པ་དང་། སྒྲིབ་པའི་ཚོགས་ཐམས་ཅད་ཟད་པར་བྱེད་པའོ། །གང་གི་རིག་མཆོག་བསྒྲུབ་པའི་ [333a.3]ཕྱིར། །ཞེས་པ་ནི། ཞལ་ནས་གསུངས་པའི་སྔགས་ལ་སོགས་པ་གསུང་རབ་ཀྱི་ཚོགས་རྣམས་མངོན་དུ་རྟོགས་ཤིང་གྲུབ་པར་བྱེད་པའོ། །དངོས་གྲུབ་དམ་པ་ཡོད་པ་སྟེ། །ཞེས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་དམ་པ་སྟེ། སྐུ་མཆོག་ [333a.4]གི་དངོས་གྲུབ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པ་དེ་ཡོད་པའོ། །མདོར་ན་སྒྲིབ་པ་རྣམ་པ་གཉིས་སེལ་བ་དང་། འདི་དང་ཕ་རོལ་གྱི་དོན་རིག་པའི་མངོན་པར་ཤེས་པ་དང་ལྡན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཕུན་ [333a.5]སུམ་ཚོགས་པ་ཐོབ་པར་འགྱུར་བས་ན་རིག་སྔགས་ཏེ། དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བའི་ཕྱིར་ན་རིག་སྔགས་སོ་ཞེས་སྔར་བསྟན་པ་ཡིན་ནོ། །ལྷ་དང་སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་སྔགས་ཀྱི་རང་ [333a.6]བཞིན་དང་མཚན་རྣམ་པར་དབྱེ་བ་བཤད་ཟིན་ཏོ། །ད་ནི་རིགས་བཞི་དང་དཀྱིལ་འཁོར་བཞིའི་ཁྱད་པར་གྱི་སྙིང་པོ་ལ་སོགས་པར་བརྗོད་པ་དང་། བསྒྲུབ་ཅིང་བཟླས་བརྗོད་བྱ་བ་ལ་གྲུབ་པ་མྱུར་བར་འགྱུར་བའི་རྒྱུ་ཡན་ལག་གི་ཆོ་ག་བསྟན་པར་བྱ་བའི་ཕྱིར་ [333a.7]ད་ནི་རིགས་བཞི་ཆར་ལ་ཡང་སྙིང་པོ་དང་ཕྱག་རྒྱ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟླས་བརྗོད་ལ་སོགས་པ་ཡན་ལག་ཚོགས་གཞན་ཡང་སྤྱིར་བསྟན་པ་ཞེས་པ་ནི། སྙིང་པོ་ལ་སོགས་པ་སོ་སོའི་བྱེ་བྲག་ལས་བཟླས་བརྗོད་དང་སྒོམ་པར་བྱེད་པའི་ཡན་ [333b] [333b.1]ལག་གི་གཞན་གྱི་ཚོགས་དང་། བསོད་ནམས་དང་། ཐབས་དང་ཕན་པར་བསྔགས་པ་དང་། ཤེས་རབ་ཀྱིས་འགྲུབ་པར་འགྱུར་བ་དག་སྟེ། དེ་དག་ཀྱང་རྒྱུད་ལས་ནི་སྤྱིར་བསྟན་པ་སྟེ། སྒྲུབ་ཐབས་ཀྱི་དབང་དུ་ནི། སྐབས་འདིར་བསྡུས་ལ་བསྟན་པར་བྱའོ། ། [333b.2]དེ་ལ་འདིར་བསྡུ་བ་ཡང་འདི་དག་བསྡུས་པ་ལ་གྲུབ་པ་མྱུར་བར་བྱ་བའི་ཕྱིར་བསྡུས་ཏེ། དེ་བས་ན་འདིར་ཡང་དངོས་པོའི་རང་བཞིན་གྱིས་ཆོ་ག་ལས་ཀྱི་བྱེ་བྲག་ཁ་ཅིག་གཙོར་སྦྱོར་བ་ལ་སོགས་པ་འགྲུབ་པའི་རྒྱུ་སྟེ་ཞེས་པ་ནི། རྒྱུད་འདིར་ཡན་ལག་གི་ཆོ་གའི་ [333b.3]ལས་ཀྱི་བྱེ་བྲག་ཁ་ཅིག་དངོས་པོའི་རང་བཞིན་གྱིས་གཙོར་སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་སྔགས་དག་བསྒྲུབས་ན་འགྲུབ་པར་བྱེད་པའི་རྒྱུར་གྱུར་པ་ཡིན་ཏེ། དེ་བས་ན་སྙིང་པོ་ལ་སོགས་པ་ཞེས་པ་ནི། ཡན་ལག་གི་ཆོ་ [333b.4]གས་སྙིང་པོ་ལ་སོགས་པ་གྲུབ་པའི་རྒྱུ་ཡིན་པར་བསྟན་པའི་གཏན་ཚིགས་དེ་བས་ན་སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་སོ་སོའི་བྱེ་བྲག་གི་སྒོ་ནས་ཆོ་གའི་ལྷག་མ་ཡན་ལག་གི་ཆོ་ག་རྣམས་ཀྱང་སོ་སོར་ཕྱེ་ནས་བསྟན་ཏེ། དེ་ལ་རེ་ཞིག་སྙིང་པོ་སྒྲུབ་ [333b.5]པའི་ཚོགས་ལ་སོགས་པ་བསྟན་པར་བྱའོ་ཞེས་པ་སྟེ། དེ་ལ་དང་པོར་སྙིང་པོ་བསྒྲུབ་པའི་ཡན་ལག་གི་ཆོ་ག་ཚོགས་པ་ལ་སོགས་པའི་རིམ་པ་བཤད་པར་བྱའོ་ཞེས་པ་དེ་ལ་ཚོགས་ཞེས་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་སྤྱད་པ་ནི་སངས་རྒྱས་ [333b.6]པའི་རྒྱུ་ཡིན་པ་དང་འདྲ་བར་འདིར་ཡང་ཚོགས་འདི་སྤྱད་པས་དངོས་གྲུབ་ཐོབ་པའི་ཕྱིར་ན་ཚོགས་ཞེས་བྱའོ། །སོགས་པའི་སྒྲས་ནི་བསོད་ནམས་དང་། ཡེ་ཤེས་ཐབས་དང་ཕན་པར་སྔགས་དང་ཤེས་རབ་ཀྱི་ཚོགས་རྣམས་སྤྱད་པ་ཡང་བསྡུ་བར་བྱའོ། །ཚོགས་ཞེས་བརྗོད་ [333b.7]པ་དེ་ཡང་དངོས་པོ་གང་ཞེ་ན། དེ་ལ་འོག་ནས་འབྱུང་བའི་མཚན་ཉིད་ཕྱིའི་མཆོད་པའི་ཆོ་ག་ཚོགས་ཀྱི་ཆོ་ག་ཞེས་གསུངས་ཏེ། ཕྱིའི་མཆོད་པ་ན་སྤོས་དང་། མེ་ཏོག་དང་། མར་མེ་དང་། བྱུག་པ་ལ་སོགས་པའོ། །དེ་ཡང་ཇི་སྐད་རྒྱུད་ལས། མཆོད་ [334a] [334a.1]པའི་ཆོ་ག་ཀུན་བྱས་ན། །དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི། །ཚོགས་ནི་རྣམ་པར་འཕེལ་བར་འགྱུར། །དེ་ནས་ངེས་པར་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། དེ་ལ། མཆོད་པའི་ཆོ་ག་ཀུན་བྱས་ན། །ཞེས་པ་ནི། སྤོས་དང་། མེ་ཏོག་དང་། [334a.2]མར་མེ་དང་། བྱུག་པའི་སྔགས་དང་། ཕྱག་རྒྱར་ལྡན་པས་མཆོད་པ་ནི་མཆོད་པའི་ཆོ་ག་ཀུན་བྱས་པའོ། །དགེ་བའི་ཚོགས་རྣམས་ཐམས་ཅད་ཀྱི། །ཚོགས་ནི་རྣམ་པར་འཕེལ་བར་འགྱུར། །ཞེས་པ་ནི། མཆོད་པ་དེ་དག་གིས་ཚང་བར་དུས་རྟག་ཏུ་མཆོད་ན། ཟག་པ་ [334a.3]དང་ཟག་པ་མེད་པའི་ཚོགས་ཁྱད་པར་དུའམ། རབ་ཏུ་འཕེལ་བར་འགྱུར་ཞེས་བྱ་སྟེ། དེ་ལ་ཚོགས་ཞེས་བྱ་བ་ནི། རྒྱུའི་དོན་ཡིན་ལ་འཕེལ་བ་ནི་སེམས་འདྲིས་ཤིང་གོམས་པར་འགྱུར་བ་ཁོ་ན་སྟེ། མཆོད་པའི་རྒྱུད་སེམས་འདྲིས་ཤིང་གོམས་པར་གྱུར་ནས། རྒྱུ་ [334a.4]དེས་དངོས་གྲུབ་གང་འདོད་པ་འགྲུབ་པར་འགྱུར་བས་ན། དེ་བས་ན་ངེས་པར་གྲུབ་པར་འགྱུར་ཞེས་བྱའོ། །འདིར་ཡང་འདི་ལྟར་དགོངས་ཏེ་ཞེས་པ་ནི། གནས་སྐབས་འདིར་བསྟན་པའི་དོན་ནི་འདི་ལྟ་བུ་ཡིན་ཏེ་ཞེས་པའི་དོན་ཏོ། །སྔགས་དང་ཕྱག་རྒྱ་དང་ཞེས་པ་ནི། [334a.5]སྔགས་དང་ཕྱག་རྒྱ་དང་རིག་སྔགས་སྒྲུབ་ཅིང་བཟླས་བརྗོད་བྱེད་པ་ལ་ཕྱིའི་མཆོད་པའི་ཆོ་ག་འདིས་དངོས་གྲུབ་འགྲུབ་པའི་རྒྱུ་དང་། ཡན་ལག་ཏུ་མི་འགྱུར་བ་ཡིན་ཏེ། འགྱུར་བ་མོད་ཀྱི་འོན་ཀྱང་དངོས་པོའི་རང་བཞིན་གྱིས་ཞེས་པ། འོན་ཀྱང་ཆོ་ག་དངོས་པོའི་རང་ [334a.6]བཞིན་གྱིས་གཙོར་སྙིང་པོ་བསྒོམ་པ་དང་། བཟླས་བརྗོད་བྱེད་པའི་བརྩོན་པ་ལ་མྱུར་དུ་དངོས་གྲུབ་སྩོལ་བའི་སྟོབས་བྱེད་དེ། དེ་བས་དེ་ལ་བརྩོན་རྣམས་ཀྱིས། །ཞེས་པ་ནི་སྙིང་པོ་བསྒོམ་པ་དང་། བཟླས་བརྗོད་བྱེད་པ་ལ་བརྩོན་པ་རྣམས་ཀྱིས་ཁྱད་པར་དུ་ཚོགས་གྱི་ཆོ་ག་དེ་ལ་འབད་ [334a.7]ཅིང་ལྷག་པར་མངོན་པར་བརྩོན་པར་བྱའོ། །དེ་བཞིན་དུ་བསོད་ནམས་ཀྱི་ཚོགས་ལ་ཡང་སོགས་པ་ལ་ཡང་ཞེས་པ་ནི། ཚོགས་ཀྱི་མཆོད་པའི་ཆོ་གའི་དོན་བསྟན་པ་དེ་བཞིན་དུ་བསོད་ནམས་ཀྱི་ཚོགས་མཆོད་པ་རྣམ་པ་བཞི་བྱས་ན་ཞེས་པ་དང་། སོགས་ཀྱི་སྒྲས་ [334b] [334b.1]ཐབས་དང་། ཕན་པར་བསྔགས་པ་དང་། ཤེས་རབ་ཀྱི་ཚོགས་རྣམས་བསྡུའོ། །ཐམས་ཅད་དུ་སྦྱར་བྱའོ་ཞེས་པ་ནི། ཚོགས་ཇི་ལྟ་བ་བཞིན་དུ་ལྷག་མ་རྣམས་ཀྱང་དེ་བཞིན་དུ་བསྒྲུབ་པ་དང་བཟླས་པ་ལ་ཐམས་ཅད་དུ་བརྩོན་པར་བྱའོ་བར་བསྟན་པ་ཡིན་ནོ། །དེ་བཞིན་དུ་ [334b.2]སྒྲུབ་པའི་ཞེས་པ་ནི། ཚུལ་དེ་བཞིན་དུ་སྒྲུབ་པའི་རྣལ་འབྱོར་པ་དང་། མཆོད་པས་བསོད་ནམས་ཀྱི་ཚོགས་སྐྱེད་པ་ནི། ཇི་སྐད་དུ་རྒྱུད་ལས། མཆོད་པ་རྣམ་བཞི་བྱས་ནས་ནི། བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །སངས་རྒྱས་མཆོད་པས་སྡིག་ཅན་ཡང་། །གྲུབ་ [334b.3]པ་ཉིད་དུ་དོགས་པ་མེད། ཅེས་གསུངས་ཏེ། དེ་ལ། མཆོད་པ་རྣམ་བཞི་བྱས་པས་ནི། །ཞེས་པ་ནི། ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་མཚན་ཉིད་བྱང་ཆུབ་ཀྱི་སེམས་དང་། ཚོགས་དང་། ཆོས་དང་། བསྒོམ་པའོ། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར། ། [334b.4]ཞེས་པ་ནི། དེ་དག་ཀྱང་སྤྱད་ཅིང་ཉམས་སུ་བླངས་ན་བསོད་ནམས་ཆེན་པོ་སྟེ། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་བསོད་ནམས་གྱ་ནོམ་པ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་པ་ནི་བསོད་ [334b.5]ནམས་ཆེན་པོ་སྟེ། དེ་འཐོབ་པར་འགྱུར་རོ། །སངས་རྒྱས་མཆོད་པས་སྡིག་ཅན་ཡང་། །གྲུབ་པ་ཉིད་དུ་དོགས་པ་མེད། །ཅེས་པ་ནི། ལྷ་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། བརྒྱ་བྱིན་དང་། དྲང་སྲོང་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཉན་ཐོས་དང་། [334b.6]རང་སངས་རྒྱས་རྣམས་ལ་མཆོད་པས་ནི་དེ་ལྟར་མ་ཡིན་གྱིས། སངས་རྒྱས་རྣམས་ལ་ནན་ཏན་གྱིས་མཆོད་པས་ནི། དོགས་པ་མེད་པར་འདིར་གསུངས་པའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བསྟན་པ་ཡིན་ཏེ། དེས་ནི་སངས་རྒྱས་མཆོད་པར་འགྱུར་བར་བསྟན་པ་ཡིན་ [334b.7]ནོ། །འདིར་མཆོད་པ་རྣམ་པ་བཞི་ནི་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་མཚན་ཉིད་ཅེས་པ་ནི། མཆོད་པ་རྣམ་པ་བཞི་བསྟན་པ་འདི་ནི། དཔལ་དེ་ཁོ་ན་ཉིད་བསྡུས་པའི་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་མཚན་ཉིད་དེ། བྱང་ཆུབ་ཏུ་སེམས་དང་ཞེས་པ་ནི། སྟོང་ [335a] [335a.1]པ་ཉིད་དང་ཐུགས་རྗེའི་ངོ་བོ་བཛྲ་སཏྭ་ཞེས་བྱའོ། །ཚོགས་དང་ཞེས་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་དེ། རཏྣ་བཛྲིའོ། །ཆོས་དང་ཞེས་པ་ནི་གཞུང་སྒྲུབ་པའི་དངོས་གྲུབ་དེ་ཐམས་ཅད་འགྲུབ་པའི་མཆོག་གི་རྒྱུ་ནི་དེ་ཡིན་ནོ་བར་བསྟན་ [335a.2]པ་ཡིན་ནོ། །ཕྱག་རྒྱ་སྒྲུབ་པ་རྣམས་ཀྱིས་ཕན་པར་བསྔགས་པ་དང་། ཤེས་རབ་ཀྱི་ཆོ་ག་དག་ཀྱང་བཟླས་བརྗོད་ཀྱི་སྐབས་སུ་བལྟ་བར་བྱའོ་ཞེས་པ་ནི་བསོད་ནམས་ཀྱི་ཚོགས་ཞེས་བྱའོ། །དེ་ཡང་ཇི་སྐད་དུ་རྒྱུད་ལས། སངས་རྒྱས་མཚན་སོགས་བརྗོད་པ་ [335a.3]ཡིས། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །བསོད་ནམས་མེད་ནའང་ཆོས་སྦྱིན་པས། །དངོས་གྲུབ་མྱུར་བར་ཐོབ་པར་འགྱུར། །ཞེས་གསུངས་པའོ། །ཆོས་ཐམས་ཅད་སྤྲོས་པ་མེད་པར་བསྒོམ་པ་གོམས་པར་བྱེད་པ་ཞེས་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ [335a.4]གཏན་ཚིགས་དང་གཉེན་པོའི་སྒོ་ནས་རྣམ་པར་གཞིགས་ཏེ། གང་གི་ངོ་བོར་ཡང་མ་གྲུབ་ཅིང་གང་ལྟར་ཡང་མི་དམིགས་པར་གཏན་ལ་ཕབ་ནས། སྤྲོས་དང་བྲལ་བ་སྟོང་པ་ཆེན་པོའི་རང་བཞིན་དུ་ཡང་དང་ཡང་དུ་བརྟགས་པས་དེ་ལྟར་འདྲིས་ཤིང་གོམས་པར་བྱས་པ་ [335a.5]སྟེ། དེ་ལ་ཐབས་ཀྱི་ཆོ་ག་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་བས་ན་གསང་སྔགས་མྱུར་དུ་གྲུབ་པར་བྱེད་པའི་རྒྱུའམ་ཐབས་སུ་གྱུར་པའི་ཕྱིར་ན། ཐབས་ཀྱི་ཆོ་ག་ཞེས་བྱའོ། །དེ་ལྟར་ཡང་ཇི་སྐད་དུ་རྒྱུད་ལས། གསང་སྔགས་དངོས་གྲུབ་མི་ཐོབ་པ། །འཇིག་རྟེན་ [335a.6]འདི་ནི་བདེན་ལ་ཉམས། །ཐབས་ནི་སྤྲོས་པ་མེད་པ་སྟེ། །ཐམས་ཅད་གྲུབ་པར་བྱེད་པའི་མཆོག །ཅེས་གསུངས་པ་སྟེ། དེ་ལ། གསང་སྔགས་དངོས་གྲུབ་མི་ཐོབ་པ། །འཇིག་རྟེན་འདི་ནི་བདེན་ལ་ཉམས། །ཞེས་པ་ནི། གསང་སྔགས་བསྒྲུབས་ཀྱང་དངོས་གྲུབ་མི་ཐོབ་ [335a.7]པའི་རྒྱུ་ནི་འཇིག་རྟེན་འདི་དག་བདེན་པ་ལས་ཉམས་པ་སྟེ། གང་ཚིག་དང་ཡི་གེ་བརྗོད་པ་ནི་བདེན་པ་མ་ཡིན་ལ། ཚིག་དང་ཡི་གེ་བརྗོད་པ་མེད་པ་ནི་བདེན་པ་ལས། འཇིག་རྟེན་པ་ནི་རྟག་པར་ཚིག་དང་ཡི་གེ་བརྗོད་པ་ལ་དགའ་བས་སྤྲོས་པ་མེད་པའི་དོན་ལ་མི་གནས་ [335b] [335b.1]པའི་ཕྱིར་བདེན་པ་ལས་འཇིག་རྟེན་འདི་ཉམས་པས་མ་ཐོབ་པ་ཡིན་ཞེས་བྱའོ། །ཐབས་ནི་སྤྲོས་པ་མེད་པ་སྟེ། ཐམས་ཅད་གྲུབ་པར་བྱེད་པའི་མཆོག །ཅེས་པ་ནི། སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱ་བའི་ཐབས་ནི། སྤྲོས་པ་མེད་པའི་ངང་ལ་གནས་པར་བྱ་བ་སྟེ། གསང་ [335b.2]སྔགས་སམ། གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་ཐབས་ཀྱི་དམ་པའམ་མཆོག་ཡིན་ཞེས་བསྟན་ཏོ། །གསང་སྔགས་མཉེས་པར་བྱེད་པ་རྣམས་ཀྱི་ཕན་པར་བསྔགས་པ་དང་། ཤེས་རབ་ཀྱི་ཆོ་ག་ནི་བཟླས་བརྗོད་ཀྱི་སྐབས་སུ་སླར་བཤད་ཟིན་པས་དེ་ལྟར་རིག་ [335b.3]པར་བྱའོ། །རིག་སྔགས་ཀྱི་ཆོ་ག་ཡང་བཤད་པར་བྱ་སྟེ་ཞེས་པ་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་དུ་རིག་སྔགས་སུ་བསྟན་པའི་ལྷའི་དངོས་གྲུབ་སྒྲུབ་པའི་ཡན་ལག་བཤད་པར་བྱའོ། །དེ་ལ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཅེས་པ་ནི། ཆོས་ནི་ཕྱི་དང་ནང་གི་ཆོས་སུ་ [335b.4]བརྗོད་པ་གང་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱིས་བསྡུས་པའོ། །དེ་དག་གི་རང་གི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་བ་ཡིན། སྤྱིའི་མཚན་ཉིད་སྟོང་པ་དང་བདག་མེད་པ་སྟེ། དེའི་དོན་དེ་ལྟར་ངེས་པ་སྟེ། བརྟགས་ཤིང་དཔྱད་ནས་ཇི་ལྟ་བ་བཞིན་རིག་པར་བྱ་བ་ནི་ [335b.5]ཚོགས་ཀྱི་ཆོ་ག་སྟེ། ཅིའི་ཕྱིར་ཞེ་ན། དེ་ལྟར་བརྟགས་པ་དེས་གསང་སྔགས་ཀྱི་དངོས་གྲུབ་མྱུར་དུ་འགྲུབ་པའི་རྒྱུའམ་གྲོགས་སུ་གྱུར་པའི་ཕྱིར་ན་ཚོགས་ཞེས་བྱའོ། །དེ་ཡང་རྒྱུད་ལས། མ་རིག་ཤིན་ཏུ་སྤངས་པས་ན། །ཡེ་ཤེས་ཕ་རོལ་ཕྱིན་ཚུལ་གྱིས། །ཚོགས་ནི་ [335b.6]ཡོངས་སུ་རྫོགས་པ་ལས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པ་དེ། དེ་ལ་མ་རིག་ཤིན་ཏུ་སྤངས་པ་ཞེས་པ་ནི། ཆོས་སྤྱི་དང་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་གཏན་ཚིགས་ཀྱིས་གཞིགས་ནས་རང་བཞིན་མེད་པར་གཏན་ལ་ཕབ་པ་ནི། སྒྲིབ་ [335b.7]པའི་ཚོགས་བཅོམ་པ་སྟེ་མ་རིག་པ་སྤངས་པའོ། །ཡེ་ཤེས་ཕ་རོལ་ཕྱིན་ཚུལ་གྱིས། །ཞེས་པ་ནི། མ་རིག་པ་སྤངས་པ་ཉིད་ཡེ་ཤེས་ཏེ་ཕ་རོལ་ཏུ་ཕྱིན་པའང་དེ་ཉིད་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར། །ཞེས་པ་ནི། [336a] [336a.1]ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ཚོགས་ཡོངས་སུ་རྫོགས་ཏེ་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བསྟན་པས་ན། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །སྦྱིན་པ་གོམས་པར་བྱེད་པ་ནི་འདིར་བསོད་ནམས་ཀྱི་ཚོགས་ཏེ་ [336a.2]ཞེས་པ་ནི་ཇི་ལྟར་སྦྱིན་པ་བཞི་དུས་དྲུག་ཏུ་སྦྱིན་པ་ནི་སྐབས་འདིར་བསོད་ནམས་ཀྱི་ཚོགས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལྟར་བྱས་པ་ཉིད་ཀྱང་བསོད་ནམས་ཀྱི་ཚོགས་ཡིན་ལ། དེ་ལྟར་བྱས་པས་དངོས་གྲུབ་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་ན་བསོད་ནམས་ཀྱི་ཚོགས་ཏེ་ཞེས་བྱ་སྟེ། དེ་ [336a.3]ཡང་འདི་སྐད་དུ་རྒྱུད་ལས། བསོད་ནམས་ནང་དུ་སྦྱིན་པ་མཆོག །བྱིན་ན་གྲུབ་པ་ཐོབ་པར་འགྱུར། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་པས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་སོ། །སངས་རྒྱས་དང་ཞེས་པ་ནི་རིགས་བཞིར་བསྡུས་པའོ། །བྱང་ཆུབ་ [336a.4]སེམས་དཔའ་ཞེས་པ་ནི། རྒྱུ་དང་འབྲས་བུའི་བྱང་ཆུབ་སེམས་དཔའ་སྟེ། རྒྱུའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་དང་། འབྲས་བུའི་བྱང་ཆུབ་སེམས་དཔའ་ཡེ་ཤེས་ལས་སྐྱེས་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཞེས་པ་ནི། མཚན་ [336a.5]ཉིད་ཀྱི་ཐེག་པའི་དབང་དུ་ན། མདོ་སྡེ་དང་འདུལ་བ་དང་། མ་མོའི་སྡེ་སྣོད་གསུམ་གྱི་ནང་ནས་ཇི་སྐད་དུ་གྲགས་པ་དང་། འབྲས་བུའི་ཐེག་པའི་དབང་དུ་ན་རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་རྣམས་ལས་ཇི་སྐད་དུ་གསུངས་པ་དང་། [336a.6]དེའི་སྒྲུབ་ཐབས་སུ་གྱུར་པ་གཞུང་འདི་ཉིད་ལས་ཇི་སྐད་དུ་བསྟན་པའི་དོན་དེ་དག་ལ་མོས་ཤིང་ཉམས་སུ་ལེན་པ་ནི་ཐབས་ཀྱི་ཆོ་ག་སྟེ། ཅིའི་ཕྱིར་ཞེ་ན། རིག་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་གྲུབ་པ་མྱུར་དུ་ཐོབ་པའི་ཐབས་སུ་གྲུབ་པའི་ཕྱིར་ན་ཐབས་ཀྱི་ཆོ་ག་ཞེས་ [336a.7]བྱ་སྟེ། དེ་ལྟར་ཡང་རྒྱུད་ལས། འཇིག་རྟེན་མ་རིག་པ་ལ་ཞེ་ན། །རིག་སྔགས་དངོས་གྲུབ་མི་ཐོབ་པ། །དེ་ལ་ཐབས་ནི་རྒྱ་ཆེན་ཏེ། །ཐམས་ཅད་གྲུབ་པར་བྱེད་པའི་མཆོག །ཅེས་གསུངས་ཏེ། འཇིག་རྟེན་པ་ནི་མ་རིག་པ་ལ་ཞེན་ལ། དེ་བཞིན་གཤེགས་པ་ནི་ [336b] [336b.1]མ་རིག་པ་སྤངས་པས་འཇིག་རྟེན་པ་རིག་སྔགས་ཀྱི་དངོས་གྲུབ་མི་ཐོབ་པའི་རྒྱུ་ནི་མ་རིག་པ་ལ་ཞེན་པ་ཁོ་ན་ཡིན་པས། སྤྱོད་པ་བསྡུས་པའོ་ཞེས་པ་ནི། རིགས་བཞིའི་ལྷ་བསྒོམ་པའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་བསྡུས་པ་སྟེ་དེར་ཕྱོགས་གཅིག་ཏུ་བསྡུས་པའོ། །རིག་སྔགས་ [336b.2]ཀྱི་དངོས་གྲུབ་མི་ཐོབ་པ་ཐོབ་པར་བྱ་བའི་ཐབས་ནི། དེ་བཞིན་གཤེགས་པ་དང་། རྒྱལ་བའི་སྲས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་རྒྱ་ཆེན་པོ་ལ་མོས་པར་བྱས་པ་ཡིན་ཏེ། རིག་སྔགས་ཐམས་ཅད་གྲུབ་པར་བྱེད་པའི་ཐབས་ཆེན་པོ་ནི་དེ་ཡིན་ཞེས་བསྟན་ [336b.3]ཏོ། །ཀུན་དུ་བསྔགས་པ་དང་ཤེས་རབ་ཀྱི་ཐབས་ནི། བཟླས་བརྗོད་ཀྱི་སྐབས་ཉིད་དུ་བཤད་ཟིན་པས་འདིར་ཡང་དེ་བཞིན་དུ་རིག་པར་བྱའོ། །རིགས་བཞི་དང་དཀྱིལ་འཁོར་བཞིའི་དབང་གིས་སྙིང་པོ་དང་ཕྱག་རྒྱ་དང་། སྔགས་དང་རིགས་སུ་བརྗོད་པའི་ལྷ་རྣམས་སྒྲུབ་ [336b.4]པའི་རྒྱུ་ཡན་ལག་གི་ཆོ་ག་ཚོགས་དང་། བསོད་ནམས་ཀྱི་ཚོགས་དང་ཐབས་དང་། ཀུན་དུ་བསྔགས་པ་དང་། ཤེས་རབ་ཀྱི་ཐབས་རྒྱུད་ལས་སྤྱིར་བསྟན་པ་འདིར་སློབ་དཔོན་གྱིས་བསྡུས་ནས་སྒྲུབ་པ་འདི་ལ་ཕན་པར་བྱས་པ་བཤད་ཟིན་ཏོ། །ད་ནི་ཞི་བ་ལ་སོགས་པའི་ [336b.5]སྦྱིན་སྲེག་གི་ལས་ཀྱི་དངོས་གྲུབ་སྒྲུབ་པའི་ཐབས་བསྟན་ཏོ། །དེ་ལ་རྒྱུད་འདིར་དངོས་གྲུབ་རྣམ་པ་གསུམ་གྱི་ཆོ་ག་བསྟན་པ་ནི་ཞེས་པ་ནི། རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདིར་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ཆོ་ག་ནི་རྣམ་པ་བསྡུས་ནས་བསྟན་ཏེ། [336b.6]གང་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ། །ཞེས་པ་ནི། ཕྱག་རྒྱ་རྣམ་པ་བཞིར་བརྗོད་པ་དག་གོ། །བསྒོམས་པ་ལས་བྱུང་བའི་དངོས་གྲུབ་དང་ཞེས་པ་ནི་ཕྱག་བརྒྱ་བཞི་པོ་དང་འདྲིས་ཤིང་གོམས་པ་ལས་སྐལ་བའི་རིམ་པས་ [336b.7]དངོས་གྲུབ་རབ་འབྲིང་རྣམ་པ་གསུམ་ཐོབ་པར་འགྱུར་བའོ། །དེ་བཞིན་དུ་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་རིག་སྔགས་བཟླས་བརྗོད་གོམས་པ་ལས་བྱུང་བ་དང་ཞེས་པ་ནི། ཕྱག་རྒྱ་བཞི་པོ་དག་གོམས་པ་ལས་བྱུང་བའི་དངོས་གྲུབ་ཇི་ལྟ་བ་དེ་བཞིན་ [337a] [337a.1]དུ་སྙིང་པོ་བཟླས་བརྗོད་གོམས་པ་ལས་བྱུང་བའི་དངོས་གྲུབ་དང་། གསང་སྔགས་བཟླས་བརྗོད་གོམས་པ་ལས་བྱུང་བའི་དངོས་གྲུབ་དང་། རིག་སྔགས་བཟླས་བརྗོད་གོམས་པ་ལས་བྱུང་བའི་དངོས་གྲུབ་སྟེ། དེ་ཡང་དབང་པོ་དང་སྐལ་བའི་རིམ་པས་རབ་འབྲིང་ཐ་མ་ [337a.2]གསུམ་དུ་འགྱུར་བར་རིག་པར་བྱའོ། །དེ་བཞིན་དུ་ཞི་བ་ལ་སོགས་པའི་སྦྱིན་སྲེག་ལས་བྱུང་བའི་དངོས་གྲུབ་དང་ལས་ཀྱི་མཚན་ཉིད་ཅེས་པ་ནི། ཕྱག་རྒྱ་དང་། སྙིང་པོ་དང་། གསང་སྔགས་དང་། རིག་སྔགས་ཀྱི་དངོས་གྲུབ་བསྒོམས་པ་དང་། བཟླས་བརྗོད་ལས་བྱུང་བ་ཇི་ལྟ་ [337a.3]བ་བཞིན་དུ་ཞི་བའི་སྦྱིན་སྲེག་དང་། སོགས་ཀྱིས་རྒྱས་པ་དང་། དབང་དང་དྲག་པོ་དག་བསྡུ་སྟེ། ལས་རྣམ་པ་བཞི་པོ་དེ་དག་གོམས་པར་བྱས་པ་ལས་བྱུང་བའི་དངོས་གྲུབ་རྣམ་པ་གསུམ་གྱི་མཚན་ཉིད་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གཞུང་འདི་ཡན་ཆད་ཀྱིས་ [337a.4]ནི་དངོས་གྲུབ་རྣམ་པ་གཉིས་ཀྱི་ཆོ་ག་བསྟན་ཏོ་ཞེས་པ་ནི། རྒྱུད་ལས་དེ་ལྟར་བསྟན་པ་དག་སྒྲུབ་ཐབས་འདིར་ཕྱོགས་གཅིག་ཏུ་བྱས་ནས་གསལ་བར་བསྟན་པ་ལས། གཞུང་དེ་ཡན་ཆད་དུ་ཕྱག་རྒྱ་བཞི་བསྒོམ་པ་གོམས་པ་ལས་བྱུང་བའི་དངོས་གྲུབ་དང་། སྙིང་པོ་དང་ [337a.5]གསང་སྔགས་དང་། རིག་སྔགས་བཟླས་བརྗོད་བྱས་པ་གོམས་པ་ལས་བྱུང་བའི་དངོས་གྲུབ་སྒྲུབ་པའི་ཆོ་ག་རྣམས་བསྟན་ཟིན་ཏོ་ཞེས་པའི་དོན་ཏོ། །ད་ནི་སྡིག་པ་སྦྱང་བ་ལ་སོགས་པ་ལས་སྦྱིན་སྲེག་གི་ལས་འབྱུང་བའི་ཞི་བ་ལ་སོགས་པའི་ལས་གྲུབ་པའི་མཚན་ [337a.6]ཉིད་གྲུབ་པའི་ཆོ་ག་བཏུ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་ལས་གྲུབ་པའི་མཚན་ཉིད་སྡིག་པ་སྦྱང་བ་ལ་སོགས་པ་སྒྲུབ་པའི་ཆོ་ག་བསྟན་པ་སྟེ། དེ་ལ་སྡིག་པ་སྦྱང་བ་ནད་དང་གནོད་པ་ཐམས་ཅད་ཞི་བ་དང་། བག་ཆགས་ཀྱི་མཚམས་སྦྱོར་ [337a.7]བ་ཐམས་ཅད་ཟད་པར་བྱེད་པ་ནི་སྡིག་པ་སྦྱང་བ་སྟེ། དེ་ལྟར་ཡང་རྒྱུད་ལས། དུས་མིན་འཆི་དང་ནད་རྣམས་དང་། །སེམས་ཀྱི་ནད་དང་གནོད་པ་དང་། །དེ་བཞིན་ནད་དང་ནད་འགོ་རྣམས། །ཞི་བར་བྱེད་པས་ཞི་ཞེས་བྱ། །ཞེས་གསུངས་པའི་ལས་གྲུབ་པའི་མཚན་ [337b] [337b.1]ཉིད་དང་། སོགས་ཀྱི་སྒྲས་ནི་རྒྱས་པས་དཔལ་དང་བསོད་ནམས་རྒྱས་པར་བྱ་བ་དང་། དབང་གི་ལས་ཀྱིས་བདག་ལ་མི་འཇར་ཞིང་དཀའ་བློ་མི་བདེ་བ་རྣམས་བདག་གི་དབང་དུ་བྱ་བ་དང་། མངོན་སྤྱོད་ཀྱིས་གང་གི་ལུས་སེམས་ཀྱི་རྒྱུད་མ་རུངས་པ་དང་ལྡན་པ་རྣམས་རང་བཞིན་ [337b.2]བསྒྱུར་ཞིང་གཏན་འཕོ་བར་བྱ་བའི་ཡོན་ཏན་གྱི་རྣམ་པའི་མཚན་ཉིད་བསྡུ་བར་བྱའོ། །སོགས་འོག་མས་ནི་དེ་ལྟར་གྲུབ་པར་བྱ་བའི་རྒྱུ་ལས་ལྷག་མ་གསུམ་སྟེ། རྒྱས་པའི་ལས་དང་། དབང་གི་ལས་དང་། མངོན་སྤྱོད་ཀྱི་ལས་བསྡུ་བར་བྱའོ། །ལས་གྲུབ་པ་ཞེས་པ་ནི། འབྲས་ [337b.3]བུ་ལ་དེའི་མཚན་ཉིད་སྒྲུབ་པའི་ཆོ་ག་ནི་རྒྱུའི་དོན་དེ་ཇི་ལྟར་བྱ་བའི་ཐབས་སོ། །བཏུ་བར་བྱ་ཞེས་པ་ནི། རྒྱུད་ལས་བཀྲམ་ཞིང་ཐོད་རྒལ་དུ་སྟོན་པ་རྣམས་འདིར་ཕྱོགས་གཅིག་ཏུ་རིམ་པར་བྱས་ནས་སྟོན་པའོ། །དེ་བསྟན་པའི་ཕྱིར་ཞེས་པ་ནི། ཞི་བ་ལ་སོགས་པའི་ལས་བཞི་པོ་ [337b.4]རྣམས་སོ། །འདིར་ནི་ཞི་བ་ལ་སོགས་པའི་ལས་གྲུབ་པའི་སྦྱིན་སྲེག་གི་ཆོ་ག་ཞེས་པ་ནི། སྒྲུབ་ཐབས་འདིར་ཞི་བའི་སྦྱིན་སྲེག་ལ་སོགས་པའི་ལས་གྲུབ་པའི་ཆོ་ག་འབྱུང་བའི་རྒྱུད་དཔལ་དེ་ཁོ་ན་ཉིད་བསྡུས་པ་ཆེན་པོ་དང་། རྟོག་པ་ཐམས་ཅད་བསྡུས་པ་ཞེས་པ་ནི། འདིར་ [337b.5]ཡང་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་དགོངས་པ་འགྲེལ་པར་བྱེད་པ་སྟེ། རྒྱུད་གཞན་ལས་མ་གསུངས་པའི་སྦྱིན་སྲེག་ལ་སོགས་པ་དེ་ལས་སྟོན་པར་བྱེད་པ་དང་། སོགས་ཀྱི་སྒྲས་རྡོ་རྗེ་རྩེ་མོའི་རྒྱུད་ལ་སོགས་པའི་ནང་ནས་འབྱུང་བའི་སྦྱིན་སྲེག་གི་ལས་ཀྱི་མཚན་ཉིད་སྟོན་པ་ [337b.6]དག་གོ། །དོན་རྣམས་འདིར་ཕྱོགས་གཅིག་ཏུ་རིམ་པར་བསྡུས་ལ་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །གཞན་དག་ན་རེ་འདིར་རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་འབྱུང་བའི་ལས་བཞིའི་མཚན་ཉིད་བསྟན་པས་ཆོ་ག་པ་ཡིན་ན། རྒྱུད་ཐམས་ཅད་ [337b.7]ཀྱིས་བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། རྩ་བའི་རྒྱུད་དེ་ཁོ་ན་ཉིད་བསྡུས་པའི་ནང་ནས་ནི་ལས་བཞི་གསུངས་པ་ཡོད་ཀྱང་། དེ་དག་བྱེ་བྲག་ཏུ་བྱས་པ་ནི། རྣམ་པ་གཞན་དག་མི་སྟོན་ལ། རྒྱུད་གཞན་རྣམས་ལས་སོ་སོའི་སྦྱིན་སྲེག་གི་མཚན་ཉིད་རྒྱས་ [338a] [338a.1]པར་སྟོན་པའོ། །དེ་བས་དེ་དག་ཐམས་ཅད་ལས་བྱུང་བའི་སྦྱིན་སྲེག་གི་ལས་རྣམས་འདིར་བསྡུས་ན། ཆོ་ག་ཕུན་སུམ་ཚོགས་པའི་དབང་གིས་སྒྲུབ་པ་མྱུར་བར་འགྱུར་བ་དང་། སྔགས་སྤྱོད་པའི་རྣལ་འབྱོར་པ་རྣམས་སྦྱིན་སྲེག་གི་ལས་ལ་མགོ་རྨོངས་པར་མི་ [338a.2]འགྱུར་བའི་ཕྱིར་རོ། །དེ་ལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདིར་རྡོ་རྗེ་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་ཞེས་པ་ནི། རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་རིགས་བཞིའི་དབང་དུ་བྱས་ནས་དཀྱིལ་འཁོར་དུམ་བུ་བཞི་གསུངས་པའི་ནང་ནས་རྡོ་རྗེ་རིགས་ [338a.3]ཀྱི་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ལྷ་བསྒོམ་པར་བྱ་བར་འགྱུར་ཏེ། རྡོ་རྗེ་ཁྲོ་བོ་མཉམ་གཞག་པས། །ཞེས་པ་ནི། སྐབས་དེ་ལས་གསུངས་པའི་རྡོ་རྗེ་ཁྲོ་བོ་ཞེས་འབྱུང་བ་དེའི་ཏིང་ངེ་འཛིན་དུ་བསྒོམ་ཞིང་མདུན་དུ་ཡང་བསམས་ནས་དེའི་རིག་སྔགས་ཀྱིས་སྦྱིན་སྲེག་བྱས་ [338a.4]པས་ཚེ་རིང་བ་དང་ནད་མེད་པར་བྱས་པ་དང་། ཇི་ལྟར་འདོད་པའི་ལས་འགྲུབ་པར་འགྱུར་བར་གསུངས་སོ། །དེ་ལ་ཚེ་བསྲིང་བ་ཞེས་པ་ནི། དུས་མ་ཡིན་པར་འཆི་བ་རྣམས་ཟློག་པར་བྱེད་པའོ། །ནད་མེད་པ་ཞེས་པ་ནི་ཚེ་རིང་བར་བྱེད་པའི་རྒྱུ་སྟེ། རླུང་དང་མཁྲིས་པ་དང་། བད་ [338a.5]ཀན་དང་། འདུས་པ་ལས་འབྱུང་བའི་ནད་ཀྱི་རིགས་ཐམས་ཅད་ཞི་བར་བྱེད་པའོ། །དེ་ལྟར་བྱེད་པའི་རིག་སྔགས་ནི། རྡོ་རྗེ་ཁྲོ་བོའི་སྙིང་པོ་ལ་སོགས་པ་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པ་རྣམས་ཀྱིས་སྦྱིན་སྲེག་བྱེད་པའོ། །ཇི་ལྟར་འདོད་པ་ལས་གྲུབ་པ། །ཞེས་པ་ནི། གང་ཚེ་རིང་ [338a.6]བ་དང་། ནད་མེད་པ་དང་། ཞི་བ་དང་རྒྱས་པ་ལ་སོགས་པ་གང་འདོད་པའི་ལས་དེ་གྲུབ་པར་འགྱུར་བར་བསྟན་པའོ། །འོ་ན་སྒྲུབ་པའི་ལྷ་ཁྲོ་བོ་བསྒོམས་ནས་སྦྱིན་སྲེག་བྱས་ནས་དེ་ལྟར་གྲུབ་པར་ཟད་ཀྱི། ལྷ་ཞི་བ་ལ་སོགས་པ་བསྒོམས་ནས་སྦྱིན་སྲེག་བྱས་པས་ནི་དེ་ལྟར་གྲུབ་ [338a.7]པར་མི་འགྱུར་རམ་ཞེ་ན། མོད་ཀྱི་ཞེས་པའི་སྒྲས་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདིར། འདིས་འདི་ལྟར་བྱས་པས་འགྲུབ་པར་འགྱུར་བ་བསྟན་མོད་ཀྱི། རྟོག་པ་ཐམས་ཅད་བསྡུས་པ་ལས། ཞི་བའི་ལྷ་དག་བསྒོམས་ནས་སྦྱིན་སྲེག་བྱས་པས་དེ་བཞིན་དུ་འགྲུབ་པར་ [338b] [338b.1]གསུངས་ཏེ། དེ་བས་ན་རྟོག་པ་ཐམས་ཅད་བསྡུས་པ་ལས་བཤད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སོ་སོར་མཉེས་པར་བྱ་བ་དང་། །ཞེས་པ་ནི། གང་ཡང་རུང་བའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་སོགས་པའི་ལས་བྱེད་པའི་རང་རང་སོ་སོའི་ལྷ་མཉེས་པར་བྱ་ [338b.2]བའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཞེས་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཆེན་པོ་བཅུ་དྲུག་པོ་དེ་ཉིད་ཡེ་ཤེས་ཀྱི་སེམས་དཔའ་སྟེ། བདག་དང་མི་གཉིས་མཉམ་པར་གཞག་པར་ཞེས་པ་ནི་བདག་དང་དབྱེར་མེད་པར་བསྒོམ་ཞིང་མདུན་དུ་ཡང་ [338b.3]དེ་བཞིན་དུ་བསམ་པར་བྱའོ། །ཇི་ལྟར་རིགས་པར་ཞེས་པ་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་དང་། ཆོ་གའི་ཐབས་དེ་ཇི་ལྟར་རིགས་ཤིང་འཚམ་པ་བཞིན་དུ་བྱ་བར་ཟད་ཀྱི་འདི་ཁོ་ན་ལྟར་ཞེས་ཕྱོགས་གཅིག་ཏུ་མ་བཅད་པར་བསྟན་པ་ཡིན་ནོ། །དེ་དག་གི་སྙིང་པོ་དང་ཞེས་པ་ [338b.4]ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་གསུངས་པའི་དབང་དུ་བྱས་པ་དེ་བརྗོད་པའོ། །ཕྱག་རྒྱ་དང་ཞེས་པ་ནི། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་གསུངས་པ་དབང་དུ་བྱས་པ་དེ་བརྗོད་པའོ། །གསང་སྔགས་དང་ཞེས་པ་ནི། ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ [338b.5]གྱི་དབང་དུ་བྱས་པ་དེ་བརྗོད་པའོ། །རིག་སྔགས་རྣམས་ཀྱིས་ཞེས་པ་ནི། ལས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་པ་དེ་བརྗོད་པ་སྟེ། དེ་རྣམས་ཀྱིས་སྦྱིན་སྲེག་བྱ་བར་རིགས་པར་སྟོན་ཏེ། ཀྱང་ཞེས་པ་ནི་ཐེ་ཚོམ་ཅན་གྱི་ཚིག་སྟེ། དེ་རྣམས་ཀྱིས་སམ། གཅིག་ [338b.6]གིས་ཀྱང་བྱར་རུང་བར་སྟོན་པ་སྟེ། མཁས་པ་རྣམས་འཆད་དོ་ཞེས་པ་ནི་རྒྱུད་ཀྱི་དོན་དང་ལས་ཀྱི་བྱེ་བྲག་ལ་མཁས་པའི་སློབ་དཔོན་རྣམས་ཀྱིས་དེ་ལྟར་གསུངས་པས་ན། སྒྲུབ་པ་པོ་ལྷ་ཞི་བར་བསྒོམས་པས་ཀྱང་ནད་ཞི་བ་དང་། ཚེ་བསྲིང་བ་དང་། སྡིག་པ་སྦྱང་བ་ལ་སོགས་ [338b.7]པ་སྦྱིན་སྲེག་གིས་ཇི་ལྟར་འདོད་པའི་ལས་གྲུབ་པར་བྱས་ནས་ཉེས་པ་མེད་ཅིང་གྲུབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གང་གི་ཕྱིར་དེའི་ཕྱིར་རམ།དེ་བས་ན་དེ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སོ་སོའི་མཉན་པར་བྱ་བའི་ལྷ་དེ་དག་གི་སྙིང་པོ་ལ་སོགས་པས་ཚེ་ [339a] [339a.1]བསྲིང་བ་ལ་སོགས་པའི་ལས་བྱ་བ་ཡིན་ཞེ་ན། རྟག་པ་ཐམས་ཅད་བསྡུས་པའི་སྦྱིན་སྲེག་གི་སྐབས་ནས་ཆོ་ག་འདི་དག་སྣང་སྟེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ནི། དེ་བས་ན་སློབ་དཔོན་ནམ་སྒྲུབ་པ་པོ་དཀྱིལ་འཁོར་འདི་འདྲི་བར་སོགས་པའི་ཞེས་བྱ་བ་ནས། [339a.2]སྦྱིན་སྲེག་བྱ་བར་ངེས་སོ་ཞེས་བྱ་བ་དང་འབྲེལ་པ་ཡིན་ནོ། །དེ་ལ། བདག་ཉིད་ཁྲུས་བྱས་བྱུགས་པའི་ལུས། སྣ་ཚོགས་པ་ཡི་རྒྱན་དང་གོས། །ལྷ་ཡི་དཔུང་རྒྱན་དབང་བསྐུར་བའི། །རྒྱན་ནི་རྣམ་པ་ཀུན་གྱིས་བརྒྱན། །ཞེས་པ་ནི་རྟོག་པ་ཐམས་ཅད་བསྡུས་པ་ལས་སྦྱིན་ [339a.3]སྲེག་གི་ཐབས་བསྟན་པའི་གཞུང་དེ་འདིར་བསྡུས་པ་སྟེ། བདག་ཉིད་ཀྱི་ལུས་ཁྲུས་བྱས་ནས། བྱུག་པ་ལ་སོགས་པས་བྱུགས་ཏེ། གོས་དང་རྒྱན་སྣ་ཚོགས་པས་བསྒོས་ཤིང་བརྒྱན་ནས། དབུ་རྒྱན་རིན་པོ་ཆེས་དབང་བསྐུར་བར་བྱའོ་ཞེས་བསྟན་པ་ཡིན་ལ། བདག་ཉིད་ [339a.4]པདྨ་འཛིན་པའི་རྒྱལ། །བདག་གི་ཐོར་ཚུགས་དེ་བཞིན་གཤེགས། །ཡང་ན་རྡོ་རྗེ་སེམས་དཔའ་དག །རིན་ཆེན་རྒྱལ་པོ་དབང་བསྐུར་འཛིན། །ཞེས་པས་ནི། རིགས་བཞི་འཁོར་ལོ་བཞིའི་མཚན་ཉིད་བསྟན་པ་སྟེ། དེ་ལ། བདག་ནི་པདྨ་འཛིན་པའི་རྒྱལ། [339a.5]ཞེས་པ་ནི། པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་སྤྱན་རས་གཟིགས་དབང་པོ་སྟེ། པདྨའི་རིགས་ཐམས་ཅད་ཀྱི་ནང་ན་རྒྱལ་པོར་གྱུར་པའོ། །བདག་གི་གཙུག་ཏོར་དེ་བཞིན་གཤེགས། །ཞེས་པ་ནི། བདག་ཉིད་སྤྱན་རས་གཟིགས་ཀྱི་དབང་པོའི་མགོའི་གཙུག་ [339a.6]ཏོར་དུ་འོད་དཔག་མེད་བཞུགས་པ་སྟེ་རྣལ་འབྱོར་པས་ཀྱང་དེ་ལྟར་བསྒོམ་པའོ། །ཡང་ན་རྡོ་རྗེ་སེམས་དཔའ་བདག །ཞེས་པ་ནི། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་འཁོར་ལོས་སྒྱུར་བ་དཔལ་རྡོ་རྗེ་སེམས་དཔའ་ལ་བྱ་སྟེ། བདག་ཉིད་དེའི་ཏིང་ངེ་འཛིན་དུ་བསྒོམ་པའོ། ། [339a.7]རིན་ཆེན་རྒྱལ་པོ་དབང་བསྐུར་འཛིན། །ཞེས་པ་ནི། རིན་པོ་ཆེའི་རིགས་ཀྱི་འཁོར་ལོས་སྒྱུར་བ་རྡོ་རྗེ་རིན་ཆེན་ཏེ། དེའི་ཏིང་ངེ་འཛིན་དུ་བསྒོམ་པར་བྱ་བའོ། །དེ་བཞིན་དུ་ལས་ཀྱི་འཁོར་ལོས་སྒྱུར་བ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱང་དེའི་ཞར་ལ་གསུངས་ [339b] [339b.1]པར་བྱའོ། །བུད་མེད་སྡུག་དང་ལྷན་ཅིག་ཏུ། །ཞེས་པ་ནི། རང་གི་བསྙེན་པར་བྱེད་པའི་ལྷའི་ཕྱག་རྒྱར་གནས་པ་ལ་བྱའོ། །དཔུང་པ་དམ་པོར་བསྡམས་ནས་སུ། །ཞེས་པ་ནི། ཇི་ལྟར་རྒྱུད་འདི་ལས། ལུས་ཀུན་ཡོངས་སུ་འཁྱུད་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྔར་ [339b.2]གསུངས་པའི་དོན་གྱིས་བདག་དང་ལྷ་གཉིས་དབྱེར་མེད་པར་བྱས་ནས་ངང་དུ་བསྒོམ་པའོ། །མཚན་མ་བརྟན་པོར་གྱུར་ན་ཞེས་པ་ནི་གང་དེ་ལྟར་བསྒོམས་ནས་སེམས་ལས་སུ་རུང་བའི་མཚན་མ་ངེས་པར་ཐོབ་པ་ནི་མཚན་མ་བརྟན་པོར་སྟེ། དེ་ལྟར་ནམ་གྱུར་པ་དང་། སྦྱིན་ [339b.3]སྲེག་གི་ལས་བརྩམ་པར་བྱའོ། །དེ་ལྟར་མ་གྱུར་པའི་ཁ་ལག་ཙམ་པ་དག་གིས་རང་འདོད་ཀྱི་དབང་དུ་བྱས་ན་ནི་འཕགས་པའི་ཞལ་དུ་མི་རྟོགས་ཤིང་བགེགས་ཀྱི་ཁ་ཟས་སུ་འགྱུར་རོ་ཞེས་བྱང་ཆུབ་ཆེན་པོའི་རྒྱུད་ལས་གསུངས་སོ། །འོ་ན་འདིར་རིགས་བཞི་འཁོར་ [339b.4]ལོས་སྒྱུར་བ་ཁོ་ནས་བྱའི། གཞན་གྱིས་མ་ཡིན་ནམ་ཞེ་ན། སྨྲས་པ། འདིར་རིགས་བཞི་འཁོར་ལོས་སྒྱུར་བས་བྱ་བར་བསྟན་པའམ་ས་འཛིན་ཙམ་དུ་བསྟན་པར་ཟད་ཀྱི། རང་གི་ལྷ་སེམས་དཔའ་ཆེན་པོ་གང་ཡང་རུང་བ་བསྒོམས་ནས་སྦྱིན་སྲེག་བྱ་བ་ཡང་རིགས་ [339b.5]པར་གསུངས་ཏེ། དེ་ལྟར་ན་ཁྲོ་བོ་གཅིག་པུར་བསྒོམ་པའམ། རིགས་བཞི་འཁོར་ལོས་སྒྱུར་བ་ཁོ་ནར་བསྒོམས་པས་བྱའི་གཞན་དུ་བསྒོམས་པས་ནི་བྱ་བ་མ་ཡིན་ནོ་ཞེས་གཅིག་ཏུ་མ་བཅད་པར་རིག་པར་བྱའོ། །ཨེ་མའོ་བདེ་བ་ཨེ་མའོ་བདག །ཅེས་པ་ནི། ཨེ་མའོ་ཞེས་ [339b.6]པ་ནི་ངོ་མཚར་བ་དང་ངོམ་པའི་དོན་ཏེ། གང་ལ་ཞེ་ན། བདེ་བ་དག་དགའ་བའི་དོན་ལ་ངོམ་ཞིང་ངོ་མཚར་ཆེ་བ་སྟེ། བདེ་བ་ཞེས་པ་ནི་ལྷ་དང་མི་གཉིས་པར་བསྒོམ་པའི་ཏིང་ངེ་འཛིན་གྱི་སྐབས་སུ་གློ་བུར་བའི་ཉོན་མོངས་པའི་སྐབས་མི་འབྱེད་པས་ན། བདེ་བའོ། །ལྷ་མཉེས་ [339b.7]པ་དང་བདག་ཉིད་དངོས་གྲུབ་ཐོབ་པར་འགྱུར་བའི་རྒྱུ་བས་ན། དགའ་བའོ། །ཆགས་པ་དེ་ཁོ་ན། ཆགས་པའི་དགའ་བ་བླ་ན་མེད། །ཅེས་བྱ་སྟེ། ལྷ་བདག་ལ་དགོངས་པ་དང་། བདག་ལྷ་ལ་སེམས་ཉེ་བར་འཇོག་པ་ནི་ཆགས་པའི་དགའ་བ་སྟེ་ཆགས་པ་དང་དགའ་བ་ཐམས་ [340a] [340a.1]ཅད་ཀྱི་ནང་ན་བླ་ན་མེད་པའོ། །རྡོ་རྗེ་སེམས་དཔའ་ཆགས་ཆེན་པོས། །ཞེས་པ་ནི། ཉན་ཐོས་དང་། རང་རྒྱལ་བ་དག་གིས་ནི་སྲིད་པའི་ཆགས་པ་སྤངས་ཤིང་འགྲོ་བའི་དོན་མི་མཛད་པ་རྡོ་རྗེ་སེམས་དཔའ་ནི་སྲིད་པའི་ཆགས་པ་ལ་གནས་ཤིང་འཁོར་བའི་སེམས་ཅན་ [340a.2]གྱི་དོན་མཛད་པས་ན་ཆགས་པ་ཆེན་པོ་ཞེས་བྱ་བ་སྟེ། རྣལ་འབྱོར་པས་ཀྱང་དེ་དང་རྗེས་སུ་མཐུན་པར་བྱ་དགོས་པར་བསྟན་པའོ། །འཇིག་རྟེན་དབང་པོ་བདག་ལ་དགྱེས། །ཞེས་པ་ནི། དེ་ལྟར་ལྷ་དང་མི་གཉིས་པར་བསྒོམ་ཞིང་སྲིད་པ་ན་གནས་ཤིང་འཁོར་བའི་དོན་མཛད་པའི་ [340a.3]རྣལ་འབྱོར་པ་དེ་ལ་འཇིག་རྟེན་དབང་པོ་སྤྱན་རས་གཟིགས་ཤིང་དགྱེས་པར་འགྱུར་བ་བསྟན་ཏེ། དེ་ཡང་འདིར་བསྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་ལྷག་མ་རྣམས་ཀྱང་འཇིག་རྟེན་དབང་པོ་ཇི་ལྟར་མཉེས་པ་དེ་བཞིན་དུ་མཉེས་པར་འགྱུར་རོ་ [340a.4]ཞེས་བསྟན་པ་ཡིན་ཏེ། སོགས་པ་རྒྱ་ཆེར་གསུངས་ཞེས་པ་ནི་རྟོག་པ་བསྡུས་པའི་སྐབས་དེར་ནི་དེ་ལ་སོགས་པ་མང་དུ་གསུངས་ནས། འདིར་ཉུང་ཤས་ཙམ་བསྟན་པ་ཡིན་ཞེས་པའི་ཐ་ཚིག་གོ། །དེ་ལྟར་དགོངས་པའི་མདོའི་ཚིག་འདི་རྣམས་ཞེས་པ་ནི། དེ་ལྟར་ལྡེམ་ [340a.5]པོ་དག་དང་དགོངས་པའི་ཚིག་རྟོག་པ་བསྡུས་པ་ལས་འབྱུང་བ་བརྗོད་པ་འདི་རྣམས་སོ། །གདུལ་བ་རྣམས་ཁ་ཅིག་གིས་དེའི་དོན་ཇི་ལྟ་བ་དེ་བཞིན་དུ་རྟོགས་པ་གཟིགས་ནས་ཞེས་པ་ནི། འགྲོ་བ་གང་འདི་ལ་འཇུག་པར་མོས་པ་ཁ་ཅིག་གིས་གཞུང་འདི་མཐོང་བར་གྱུར་ན་ [340a.6]གཞུང་དེའི་དོན་ལྡེམ་པོ་དང་དགོངས་པའི་དབང་གིས་བསྟན་པར་མ་རིག་ཅིང་ཚིག་གི་སྒྲས་ཇི་བཞིན་པའི་དོན་ཇི་ལྟ་བ་དེ་བཞིན་དུ་འཛིན་པར་དགོངས་ནས་བཅོམ་ལྡན་འདས་ཉིད་ཀྱིས་ངེས་པའི་ཚིག་གཞན་རྣམས་ཀྱིས་གཞུང་དེའི་ཚིག་རྣམས་ཡོངས་སུ་བཀྲོལ་བའི་དོན་ [340a.7]གསུངས་པ་འདིར་བསྟན་པ་ཇི་སྐད་དུ་རྡོ་རྗེ་རྩེ་མོའི་རྒྱུད་ལས། ཁྲུས་ཀྱི་སྦྱོར་བ་རྣམ་བཞི་དང་། །ཕྱག་རྒྱ་དེ་ལ་བཞོན་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སློབ་དཔོན་དག་ནི་ཕྱི་མའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡང་འདིར་བསྟན་ཏེ། དེ་དག་གི་ [340b] [340b.1]དོན་ནི་བཀྲོལ་ཟིན་པས་དེ་ལས་རིག་པར་བྱའོ། །བདག་ནི་པདྨ་འཛིན་རྒྱལ་པོ། །ཞེས་བྱ་བ་ལ་སོགས་པའི་རིགས་བཞི་འཁོར་ལོས་སྒྱུར་བསྟན་པས། །ཞེས་པ་ནི། འདི་དག་བསྟན་པ་ནི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཉེ་བའི་མཚན་ཉིད་དུ་དགོངས་པ་སྟེ། །དེ་དག་ཀུན་གྱིས་ཀྱང་བྱར་ [340b.2]རུང་བར་དགོངས་པའོ། །ཆགས་པའི་དགའ་བ་རྗེས་དྲན་པ། །ཞེས་པ་ནི། རང་གི་ལྷ་མཉེས་པར་བྱ་བའི་ཕྱིར། དགའ་བའི་སེམས་ཀྱིས་ཆགས་པར་བྱེད་པའི་ཏིང་ངེ་འཛིན་ལ་གནས་པའོ། །འདོད་པའི་ཆགས་པར་མི་བརྟག་གོ། །ཞེས་པ་ནི་དེ་ལྟར་འདིར་ཆགས་པ་ཞེས་སྨོས་ [340b.3]པའི་དོན་དེ་ལྟར་རིག་པར་བྱ་བའི་ཕྱིན་ཅི་ལོག་གི་འདོད་ཆགས་ཡིན་པར་མ་བཟུང་ངོ་ཞེའོ། །བུད་མེད་ལ་ནི་ཆགས་ནས་སུ། །ཞེས་པ་ནི། རང་གི་ལྷ་མཉེས་པར་བྱེད་པའི་ལྷའི་ཕྱག་རྒྱ་ཆེན་པོ་ལ་ཆགས་པ་སྟེ། དངོས་སུ་བུད་མེད་ལ་ཆགས་པ་མ་ཡིན་པས་ན། འཁྲིག་པ་ [340b.4]བདུན་ནི་སྤང་བར་བྱ། །ཞེས་བྱའོ། །མཚན་མ་བརྟན་པོར་རང་གྱུར་ནས། །ཞེས་བྱ་བ་ལ་སོགས་པའི་དགོངས་པའི་ཚིག་གི་དོན་བཤད་པ་ནི། མཚན་མ་རྟགས་ཞེས་བྱ་བར་བཤད། །དེ་ཡི་བསྟན་པ་ལྷག་པ་ཡིན། །རྡོ་རྗེ་ཅན་གྱི་མཚན་མ་གང་། །མཁས་ [340b.5]པས་དེར་ནི་ལྷག་པར་གཟུང་། །ཞེས་བྱ་བ་ལ་སོགས་པ་དག་སྟེ། དེ་ལ་མཚན་མ་ཞེས་བྱ་བ་ནི། རྟགས་དེ་གང་མེ་ཡོད་པ་ན་རྟགས་དུ་བ་ཡོད་པ་དང་། གང་ཆུ་ཡོད་པ་ན་རྟགས་ཆུ་སྐྱར་ལྡིང་བ་དང་འདྲ་བར། གང་ཐེག་པ་ཆེན་པོའི་རིགས་སུ་འགྱུར་ཅིང་གསང་སྔགས་སྤྱོད་པའི་ [340b.6]སྐལ་པ་རྣམས་ཀྱི་རྟགས་ནི། སྙིང་རྗེ་དང་བྱམས་པ་ལ་སོགས་པ་དང་ལྡན་པར་བཤད་དོ། །དེ་ཡི་བསྟན་པ་ལྷག་པ་ཡིན། །ཞེས་པ་ནི། སྙིང་རྗེ་ལ་སོགས་པ་དེ་དག་ཉམས་སུ་བླངས་ཤིང་སྤྱོད་པའི་བསམ་པ་དང་། སྦྱོར་བ་ཅན་གྱི་རང་བཞིན་དུ་གནས་པར་འགྱུར་བའོ། ། [340b.7]རྡོ་རྗེ་ཅན་གྱི་མཚན་མ་གང་། །ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་བྱ་སྟེ། དེའི་མཚན་མ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡིད་ལ་བྱེད་ཅིང་བཅིང་པ་དང་བཟློག་པའོ། །མཁས་པ་དེས་ནི་ལྷག་པར་གཟུང་། །ཞེས་པ་ནི། དེ་ལྟར་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་ [341a] [341a.1]སོགས་པ་ཡིད་ལ་བྱེད་པ་དང་། བརྗོད་པ་དང་འཆིང་བ་དང་། བསམ་པར་བྱ་བའི་རིམ་པས་འདྲིས་ཤིང་གོམས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན། །ཞེས་པ་ནི། རྡོ་རྗེ་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའ་ནི་གང་བསྟན་པའོ་ཞེས་པ་ནི་བྱང་ [341a.2]ཆུབ་སེམས་དཔའ་རྡོ་རྗེ་ཅན་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་བསྟན་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཕ་རོལ་ཕྱིན་པ་དྲུག་གི་མཚན། ཞེས་པ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་སྤྱོད་པའོ། །སྙིང་རྗེ་དང་ནི་བྱམས་པར་ [341a.3]ལྡན། །ཞེས་པ་ནི། ཚད་མེད་པ་རྣམ་པ་བཞིའོ། །ཤེས་རབ་ཐབས་ལ་མོས་བརྟན་པ། །ཞེས་པ་ནི། དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་ལ་སོགས་པ་ཇི་ལྟ་བ་བཞིན་དུ་རིག་པའི་ཤེས་རབ་དང་། འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་སྟོན་པར་མཛད་པའི་སྙིང་རྗེ་ཆེན་པོ་དང་འབྲེལ་ [341a.4]བའི་ཐབས་སོ། །དེ་ལ་མོས་ཤིང་ཞེན་པའི་དབང་དུ་སྤྱོད་པས་ན་མོས་པ་བརྟན་པའོ། །སྐྱེ་དགུ་རྣམས་ཀྱིས་བསྔགས་པར་འགྱུར། །ཞེས་པ་ནི། ཚུལ་དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་པ་དེ་ལ་ནི་ལྷ་དང་མི་ལ་སོགས་པའི་སྐྱེ་དགུ་རྣམས་ཀྱིས་བསྔགས་པ་བརྗོད་ཅིང་རྗེས་སུ་ [341a.5]དགའ་བར་བྱེད་ཅེས་པའི་དོན་ཏོ། །མཚན་མ་བརྟན་པར་རང་གྱུར་ན། །དེ་ལ་ལྷག་པར་བསྙེན་བྱེད་པའི། །ཞེས་པ་ནི། དེ་ལྟ་བུའི་མཚན་མ་དེ་དག་བརྟན་པོར་གྱུར་ནས་ཀྱང་འཕྲལ་གཏང་བ་མ་ཡིན་ཏེ། ལྷག་པར་རྟག་ཏུ་འདྲིས་ཤིང་གོམས་པར་བསྟན་པ་ཡིན་ནོ། །རྣལ་འབྱོར་ [341a.6]རིག་སྔགས་གང་འདོད་པ། །ཞེས་པ་ནི། གང་བསྒྲུབ་པར་འདོད་པའི་རིག་སྔགས་ཀྱི་ལྷའོ། །དེ་དག་ལྷན་ཅིག་འདུག་པར་བྱ། །ཞེས་པ་ནི། དེ་དང་བདག་ཉིད་དབྱེར་མེད་པར་བསྒོམ་པའོ། །ཕྱག་རྒྱ་ཆེན་པོར་བསྒོམས་ནས་སུ། །ཞེས་པ་ནི་གང་སྒྲུབ་པར་འདོད་པའི་ལྷ་ [341a.7]དེའི་ཕྱག་རྒྱ་ཆེན་པོར་བསྒོམས་པའོ། །དབུ་མ་དམ་པ་བསྡམ་པར་བྱ། །ཞེས་པ་ཡང་སྔར་བཤད་པ་བཞིན་དུ་གཉིས་སུ་མེད་པ་ནས་སེམས་རྩེ་གཅིག་པར་བསྒོམ་པའོ། །རབ་ཏུ་དགའ་བ་གང་མང་བ། །ཞེས་པ་ནི། དེ་ལྟར་བསྟན་པའི་བྱང་ཆུབ་ཀྱི་སེམས་འདྲིས་ཤིང་ [341b] [341b.1]གོམས་པར་བསྒོམས་པ་ལས་བྱུང་བའི་དགའ་བ་མང་དུ་འཕེལ་བའོ། །དེ་ནི་དགའ་བའི་ས་ཞེས་པ་བྱང་ཆུབ་སེམས་བསྒོམ་པ་གོམས་པ་ལས་བྱུང་བའི་དགའ་བ་མང་དུ་འཕེལ་བ་དང་ལྡན་པའི་ཡེ་ཤེས་ཀྱིས་རྟོགས་པའི་ཁྱད་པར་དེའི་དགའ་བའི་ས་ཞེས་བྱའོ། །བརྟན་པ་ཆེན་པོ་ [341b.2]གང་ཆགས་པ། །ཞེས་པ་ནི་སེམས་བརྟན་པ་ཆེན་པོ་དང་ལྡན་པས་ན། རྣལ་འབྱོར་པ་དེའི་བརྟན་པ་ཆེན་པོ་ཞེས་བྱ་བ་ལ་གང་ཆགས་པ་ནི། གང་རྣལ་འབྱོར་པ་དེ་སྒྲུབ་པར་བྱེད་པའི་རང་གི་ལྷའོ། །ཡང་དང་ཡང་དུ་རྗེས་དྲན་པ། །ཞེས་པ་ནི། ལན་ཅིག་ཙམ་དྲན་པ་ [341b.3]བྱས་པས་མ་ཡིན། མེ་ཆུའི་རྒྱུན་ལྟར་ཡང་དང་ཡང་དུ་རྒྱུན་མི་འཆད་པར་ཡིད་ལ་དྲན་པར་བྱའོ། །སྙིང་རྗེ་བྱམས་པས་ཀུན་དུ་བྱུགས། །ཞེས་པ་ནི། གོང་དུ་བྱུག་པས་ལུས་བྱུགས་ཞེས་བསྟན་པ་དེའི་ཚུལ་འདི་དང་ལྡན་པའོ། །ཁྲེལ་ཡོད་ངོ་ཚར་ཤེས་པ་ཡིས། ། [341b.4]ཞེས་པ་ནི་གོང་དུ་སྣ་ཚོགས་པའི་གོས་བགོ་ཞེས་བསྟན་པ་དེ་བསྟན་པའོ། །བརྟུལ་ཞུགས་ཚུལ་ཁྲིམས་བྱུགས་པའི་ལུས། །ཞེས་པ་ནི། འདི་ཡང་གོང་དུ་ལུས་བྱུག་པས་བྱུགས་པར་བསྟན་པའི་དོན་ཡིན་ནོ། །བྱང་ཆུབ་སེམས་ཀྱིས་ཤིན་ཏུ་བརྒྱན། །ཞེས་པ་ནི། དོན་ [341b.5]དམ་པ་དང་ཀུན་རྫོབ་བྱང་ཆུབ་སེམས་བརྒྱན་པ་སྟེ། གོང་དུ་བརྒྱན་ཞེས་བསྟན་པ་དེའི་དོན་ཡིན་ནོ། །བརྟུལ་ཞུགས་དེ་དང་ལྡན་ནུས་ཞེས་པ་ནི། དོན་དེ་ལྟ་བུ་དང་མི་འབྲལ་བའོ། །ཆགས་པ་ཆེན་པོ་བསྙེན་པར་བྱ། །ཞེས་པ་ནི། ཆགས་པ་ཆེན་པོ་ནི་རང་གི་ལྷ་བསྟེན་ཅིང་ [341b.6]གོམས་པ་དང་འདྲིས་པར་བྱེད་པའོ། །ཕྱི་རོལ་ཡན་ལག་མ་དག་ཀྱང་། །ཞེས་པ་ནི། ཡོ་བྱད་མ་ཚོགས་པ་དང་། ཆོ་ག་མ་ཚང་བའོ། །རྡོ་རྗེ་འཛིན་པས་ཡོངས་སུ་གཟུང་བ་ཞེས་པ་ནི། དོན་དེ་ལྟ་བུ་དང་ལྡན་ན་རྡོ་རྗེ་སེམས་དཔའ་ཡོངས་སུ་གཟུང་བའི་རང་བཞིན་ཅན་ཡིན་ [341b.7]པས་ཕྱི་རོལ་གྱི་ཡན་ལག་མ་ཚང་ཡང་ཉེས་པར་མི་འགྱུར་ཞིང་དེ་ཉིད་ཀྱིས་གང་འདོད་པའི་ལས་དང་དངོས་གྲུབ་ཐོབ་པར་འགྱུར་བ་ཞེས་བསྟན་པའོ། །སྦྱིན་སྲེག་གི་ལས་ནི་ཆོ་ག་ཇི་ལྟ་བ་བཞིན་དུ་ཤར་ཕྱོགས་སུ་བལྟས་ལ་སྦྱིན་སྲེག་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ [342a] [342a.1]ཀྱིས་རྒྱུད་ལས་ཇི་སྐད་གསུངས་པ་བཞིན་དུ་སློབ་དཔོན་གྱིས་ཞེས་སྟོན་ཏོ། །རྡོ་རྗེ་སློབ་དཔོན་དེ་ཚེ་སྤྱད། །ཅེས་པ། ནམ་གང་འདོད་པའི་དངོས་གྲུབ་སྒྲུབ་པ་དེའི་ཚེ་རྡོ་རྗེ་སློབ་དཔོན་གྱིས་སྦྱིན་སྲེག་གི་ལས་སྤྱད་དམ་བརྩམ་པར་བྱ་ཞེས་བསྟན་པ་ཡིན་ནོ། །དེ་བས་ [342a.2]ན་ཞེས་པ་ནི། གོང་དུ་གང་གི་ཕྱིར་ཞེས་གསུངས་པ་དེའི་ཕྱིར་ཞེས་པའི་དོན་དུ་དགོངས་པའི་ཚིག་གོ། །དཀྱིལ་འཁོར་འདྲི་བ་ལ་སོགས་པའི་ཚེ་ཞེས་པ་ནི། འདྲི་བ་དང་དེར་འཇུག་པ་དང་། དབང་བསྐུར་བ་དག་བྱེད་པའི་ཚེ་སྦྱིན་སྲེག་གི་ལས་ཀྱིས་སྡིག་པ་བྱང་བ་དང་། ། [342a.3]དངོས་གྲུབ་སྒྲུབ་པ་ལ་སོགས་པའི་ལས་བྱའོ་ཞེས་བསྟན་པ་ཡིན་ཏེ། ཇི་ལྟར་འདོད་པའི་ལས་བྱེད་པ། །ཞེས་པ་ནི། སྡིག་པ་སྦྱང་བ་དང་། ནད་དང་གནོད་པ་ཞི་བར་བྱ་བ་ལ་སོགས་པའི་ལས་གང་འདོད་པའོ། །ལྷག་མ་ནི་བརྡ་ཕྲད་པར་ཟད་དོ། །ཁྱད་པར་དུ་ནི་དཔལ་རྡོ་རྗེ་ [342a.4]ཧཱུྃ་ཞེས་བྱ་བར་མཉམ་པར་གཞག་པས་ཞེས་པ་ནི། རྒྱུད་གཞན་དང་ཁྱད་པར་དུ་དེ་ཁོ་ན་ཉིད་བསྡུས་པ་འདིར་ནི་རྡོ་རྗེ་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་དཔལ་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་ཏིང་ངེ་འཛིན་དུ་སེམས་མཉམ་པར་གཞག་པས་དྲག་ཤུལ་གྱི་ལས་བྱ་བར་བསྟན་ཏེ། [342a.5]ཧཱུྃ་བཞི་པོའི་སྙིང་པོ་ཞེས་པ་ནི་རིགས་བཞིའི་ཧཱུྃ་ཀ་ར་བཞིའི་སྙིང་པོ་སྟེ། ཧཱུྃ་དེ་ཇི་ལྟར་འདོད་པའི་གྲངས་བཞིན་དུ་བརྗོད་པ་གང་ལ་དམིགས་པ་དེའི་དྲག་ཤུལ་སྤྱོད་པའི་ཏིང་ངེ་འཛིན་གྱི་སྦྱོར་བ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ལས་གསུངས་ཏེ། དེ་ཡང་འོག་ནས་བཤད་པར་བྱའོ་ཞེས་ [342a.6]བསྟན་ཏོ། །དེ་ལ་སྦྱིན་སྲེག་གི་ཡན་ལག་རྣམས་ནི་ཞེས་པ་ནི། ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་སྒོ་ནས་གང་དང་གང་འདོད་པའི་ལས་དེ་དང་དེ་སྒྲུབ་པ་ལ་འགྲུབ་པར་འགྱུར་བའི་རྒྱུ་རྣམས་ལ་ནི་སྦྱིན་སྲེག་གི་ཡན་ལག་ཅེས་བྱ་སྟེ། གང་ཞེ་ན། ལྷ་དང་སྦྱིན་སྲེག་བྱེད་པ་ [342a.7]དང་། ཐབ་དང་། དགང་གཟར་དང་། བླུགས་གཟར་དང་། ལས་ཇི་ལྟར་བྱ་བ་དང་རྗེས་སུ་མཐུན་པའི་བསྲེག་པར་བྱ་བའི་རྫས། མར་དང་བུད་ཤིང་ལ་སོགས་པའི། །ཞེས་གསུངས་པ་ཡིན་ཏེ། དེ་ལ་སྦྱིན་སྲེག་གི་ལྷ་ནི་རྣམ་པ་གསུམ་སྟེ་ཞེས་པ་ནི་སྦྱིན་སྲེག་བྱ་བའི་ལྷ་རྣམས་ [342b] [342b.1]ཀྱི་གྲངས་ནི་སྤྱིར་རྣམ་པ་གསུམ་ཡོད་པར་རིག་པར་བྱ་ཞེས་བྱའོ། །གཅིག་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ན་གནས་པ་ཞེས་པ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ན་གནས་པའི་ལྷ་ལས་རྣམ་བཞིའི་སྦྱིན་སྲེག་གང་བྱེད་པའི་ཚེ་ཇི་ལྟར་རིགས་པ་བཞིན་སྤྱན་འདྲེན་ཞིང་མཆོད་པའི་ [342b.2]ལྷ་ཐམས་ཅད་ལ་བྱའོ། །དེ་དག་ལ་མཆོད་པ་བྱས་པས་ཇི་ལྟ་བུ་འགྲུབ་པ་ཡིན་ཞེ་ན། དེ་དག་ལ་མཆོད་པ་ཡང་བསོད་ནམས་འཕེལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དེ་དག་ཐོབ་པར་འགྱུར་བར་བྱ་བའི་ཕྱིར་རོ། །དེ་རྣམས་ལ་མཆོད་པར་བྱའོ་ཞེས་བསྟན་ [342b.3]ཏོ། །གཉིས་པ་སྦྱིན་སྲེག་ལེན་པ་པོ། །ཞེས་པ་ནི། ལྷ་གཉིས་པ་ནི་དཀྱིལ་འཁོར་དུ་གསུངས་པའི་ལྷ་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་སེམས་དཔའ་དེ་དག་ཉིད་ཀྱི་ནང་ནས་གང་མཉེས་ཤིང་བསྒྲུབ་པར་བྱ་བའི་ཡེ་ཤེས་ཀྱི་སེམས་དཔའ་གང་ཡིན་པའམ། གང་ཡང་རུང་བའི་ [342b.4]མཚན་ཉིད་དུ་རིག་པར་བྱའོ། །གསུམ་པ་ནི་སྦྱིན་སྲེག་གི་ལྷ་གསུམ་པ་སྟེ་འཇིག་རྟེན་པའི་མེ་ལྷ་རྣམས་ཀྱི་ནང་ན་མིང་མི་ཏ་ཞེས་བྱ་བ་དེ་ཡིན་ཏེ། དེ་ཡང་སྦྱིན་སྲེག་ལེན་པར་བྱེད་པའི་ལྷ་ཉིད་པས་ན། ལྷ་དེ་གསུམ་ཁོ་ནར་རིག་པར་བྱའོ། །གཞན་དག་ན་རེ་འོ་ན་སྦྱིན་སྲེག་ [342b.5]གི་དཀྱིལ་འཁོར་དུ་ནི་ཡེ་ཤེས་ཀྱི་ལྷ་དང་འཇིག་རྟེན་པའི་ལྷ་ལ་སོགས་པ་འགྲོ་བ་རིགས་དྲུག་གིས་བསྡུས་པ་ཐམས་ཅད་ཀྱང་འབྱུང་ན། འདིར་ལྷ་རྣམ་པ་གསུམ་དུ་བསྟན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། འཇིག་རྟེན་པའི་ལྷ་དག་ནི་མཆོད་མགྲོན་དུ་གྱུར་པ་ཡིན་པ་དང་། འགྲོ་བ་ [342b.6]རིས་དྲུག་པོ་རྣམས་ནི་སྙིང་རྗེས་གཟུང་བའི་ཡུལ་ཡིན་པ་དང་། ཁ་ཅིག་ལ་ནི་སྔོན་གྱི་ལས། འཕྲལ་གྱི་རྐྱེན་གྱིས་འབྲེལ་བའི་ལན་ཆགས་ཀྱི་བུ་ལོན་གཞལ་བར་བྱེད་པའི་ཕྱིར་ཞོར་ལ་བསྟན་པ་ཡིན་ཏེ། འདི་དག་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ན་གནས་པ་ཞེས་སྔར་ [342b.7]གསུངས་པས་ན། དེར་ཐམས་ཅད་འདུས་པའི་ཕྱིར་ན། གསུམ་གྱི་ཁོངས་སུ་ཡང་མ་ཆུད་པར་མེད་པར་འགྱུར་ཏེ་ཉེས་པ་མེད་དོ། །སྲེག་པར་བྱེད་པ་ནི་སློབ་དཔོན་ནམ་སྒྲུབ་པ་པོ་སྟེ་ཞེས་པ་ནི། གཞན་གྲོལ་ཞིང་སྨིན་པར་བྱེད་པའི་གནས་ལྔ་དང་། དེ་ཁོ་ན་ཉིད་རྣམ་པ་ [343a] [343a.1]གཞན་ལ་སོགས་པའི་དོན་གཞན་ལ་འཆད་ཅིང་སློབ་པར་བྱེད་པའི་སློབ་དཔོན་དུ་གྱུར་པ་ནི་སློབ་དཔོན་ནོ། །བདག་ཉིད་དངོས་གྲུབ་གང་དང་གང་འདོད་པའི་ངོ་བོ་དེ་སྒྲུབ་པར་བྱེད་པའི་སྦྱོར་བ་ལ་བརྩོན་པའི་མཚན་ཉིད་དང་ལྡན་པ་ནི་སྒྲུབ་པ་པོ་ཞེས་བྱ་སྟེ། བདག་གཞན་ [343a.2]གྱི་དོན་རྣམ་པ་གཉིས་ཀྱི་བྱེ་བྲག་ལས་ནི་སློབ་དཔོན་དང་སྒྲུབ་པ་པོ་ཞེས་སྨོས་པར་རིག་པར་བྱའོ། །ཡོན་ཏན་ཇི་ལྟ་བུ་དང་ལྡན་པ་ལ་བྱ་ཞེ་ན། དེ་ཡང་སྔར་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའམ། ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ [343a.3]བསྒོམ་པ་གོམས་པ་དང་། སྙིང་པོ་ལ་སོགས་པ་བཟླས་ཤིང་སྦྱིན་སྲེག་བྱས་པས་ཇི་ལྟ་ན་འདོད་པའི་ལས་སྒྲུབ་པ་ལ་མཁས་པའི་ཡོན་ཏན་དང་ལྡན་པས་བྱ་སྟེ། སོགས་ཀྱི་སྒྲས་ནི་རྐང་སྟབས་དང་། ལག་སྟབས་དང་། འདུག་སྟབས་དང་། གོས་དང་རྒྱན་སྟན་དང་། [343a.4]བྱུག་པ་དང་། ཕྲེང་བས་ལུས་བརྒྱན་པ་དང་། ཡོ་བྱད་བསག་པ་དང་། རྫས་དགྲམ་པ་དང་། དཀྱིལ་འཁོར་འདྲི་བ་དང་། ལྷ་དགོད་པ་དང་། མཆོད་རྫས་དང་། སྲེག་རྫས་དབུལ་བ་ལ་སོགས་པའི་རྣམ་པ་རྣམས་བསྡུའོ། །སྦྱིན་སྲེག་གི་དགང་གཟར་ལ་ [343a.5]སོགས་པ་ཞེས་པ་ནི། སྦྱིན་སྲེག་བྱེད་པའི་དགང་གཟར་དང་བླུགས་གཟར་གྱི་མཚན་ཉིད་དོ། །རྒྱུད་འདི་ལས་མ་གསུངས་པས་ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདིར་ནི་མ་བསྟན་ཏེ། སྤྱིའི་རྣལ་འབྱོར་རྒྱུད་ལས་ཞེས་པ་ནི་རྟོག་པ་ཐམས་ཅད་བསྡུས་པ་དང་། རྡོ་རྗེ་ [343a.6]རྩེ་མོའི་རྟོག་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་གཞན་ནས་འབྱུང་བའི་རྒྱུད་དེ་དག་ལས་བསྡུས་ལ་སྒྲུབ་ཐབས་ཀྱི་སྐབས་འདིར་བྲི་བར་བྱའོ་ཞེའོ། །དེ་ལ་ཞི་བ་ལ་སོགས་པའི་ཞེས་པ་ནི། ལས་རྣམ་པ་བཞིའོ། །དགང་གཟར་གྱི་མཚན་ཉིད་ཅེས་པ་ནི་གཟར་བུ་ཆེ་ཆུང་རྣམ་ [343a.7]པ་གཉིས་ལས་གཟར་བུ་ཆེན་པོའི་མཚན་ཉིད་དོ། །རྣལ་འབྱོར་གྱི་རྒྱུད་ལས་གསུངས་པ་སྟེ་ཞེས་པ་ནི། རྟོག་པ་ཐམས་ཅད་བསྡུས་པ་ལས་འདི་ལྟར་འབྱུང་ཞེས་པའི་ཐ་ཚིག་གོ། །འདི་ལྟར་ཡུ་བ་ཆང་པ་ལྔ་ཙམ་དུ་བྱ་ཞེས་པ་ནི། གཟར་བུ་ཆེན་པོའི་ཚད་དམ་རིང་ཐུང་གི་ [343b] [343b.1]ཚད་ནི་སོར་ཆང་པ་ལྔས་འཇལ་བ་སྟེ། སོར་ཉི་ཤུ་ཡོད་པར་རིག་པར་བྱའོ། །ཁོ་ར་ཁོར་ཡུག་སོར་བཞི་ཙམ་དུ་བྱ་ཞེས་པ་ནི། ཁ་ཞེས་ཁོར་ཁོར་ཡུག་གི་ཆེ་ཆུང་གི་ཚད་དོ། །ཟབས་སུ་སོར་གཅིག་ཅེས་པ་ནི། མཐེ་བོའི་སེན་མོ་ནུབ་པ་ཙམ་དུ་བྱའོ། །དེའི་མཆུ་པདྨའི་འདབ་ [343b.2]མ་འདྲ་བ་སྟེ་ཞེས་པ་ནི། གཟར་བུ་དེའི་མཆུ་ནི་པདྨའི་འདབ་མ་བཞིན་དུའམ། རྣམ་གཅིག་བྱ་རོག་གི་མཇུག་སྒྲོ་བཞིན་དུ་བྱས་པའི་དཀྱིལ་འཁོར་དུ་ཁ་ཕྲ་སྦོམ་རན་པར་བཏོད་པ་ལས་མཆུ་ཕྲ་མོའི་སྲིད་དུ་ཚད་སོར་གཅིག་ཡོད་པར་བྱའོ། །དེ་ལ་སོར་བཞི་པ་ནི་མཆོག་གོ་ [343b.3]ཞེས་པ་ནི། ཆེན་པོའི་ཚད་ཡིན་ནོ། །དེའི་ཕྱིར་ནི་འབྲིང་ངོ་ཞེས་པ་ནི་སོར་གསུམ་པའོ། །དེ་བས་ཀྱང་ཅུང་ཟད་ཆུད་པ་ནི་ཐ་མ་སྟེ་ཞེས་པ་ནི་ཆུང་བའི་ཚད་དོ། །དགང་གཟར་ཐམས་ཅད་སྤྱིའི་མཚན་ཉིད་དོ་ཞེས་པ་ནི་ལས་རྣམ་བཞི་གང་ཡང་རུང་བའི་སྤྱིའི་དགང་གཟར་གྱི་ [343b.4]མཚན་ཉིད་དུ་རིག་པར་བྱའོ། །ཁྱད་པར་དུ་ནི་ཞེས་པ་ནི་དེ་དག་ལས་ཁྱད་པར་རམ་བྱེ་བྲག་ཏུ་དབྱེ་བ་སྟེ། ཞི་བའི་སྦྱིན་སྲེག་གི་དགང་གཟར་ཟླུམ་པོ་སྟེ་ཞེས་པ་ནི། ཞི་བའི་ལས་ཀྱི་དགང་གཟར་གྱི་དབྱིབས་ནི་ཟླུམ་པོར་བྱས་པ་སྟེ། འཁོར་ལོ་ལྟ་བུའོ། །འདིའི་དབུས་སུའང་ [343b.5]འཁོར་ལོ་བྲི། །ཞེས་པ་ནི། འདིའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྲི་སྟེ་དེའི་ཞི་བའི་རིགས་ཀྱི་མཚན་མའོ། །རྒྱས་པ་ནི་གྲུ་བཞི་སྟེ་ཞེས་པ་ནི་ཡ་ཐོག་མ་ཐོག་གཉིས་སོ། །ངོས་གཉིས་དགུ་པོར་བྱ་ཞེས་པ་ནི་ཕ་རོལ་ཚུ་རོལ་གྱི་ངོས་གཉིས་ནི་ཅུང་ཟད་དགུ་པོར་བྱའོ། །དེའི་དབུས་ [343b.6]སུ་པདྨ་རིམ་པོ་ཆེས་མཚན་པའོ་ཞེས་པ་ནི་གཟར་བུ་དེའི་དབུས་སུ་པདྨ་རིན་པོ་ཆེའི་རིགས་ཀྱི་མཚན་མའོ། །དྲག་ཤུལ་སྤྱད་པའི་དགང་གཟར་ནི་གྲུ་གསུམ་ཞེས་པ་མངོན་སྤྱོད་ཀྱི་དགང་གཟར་ནི་དབྱིབས་གྲུ་གསུམ་དུ་བྱའོ། །དབུས་སུ་ཁྲོ་བོའི་རྡོ་རྗེ་བྲིས་པའོ་ཞེས་པ་ནི། [343b.7]རྡོ་རྗེ་རིགས་ཀྱི་མཚན་མའོ། །དེ་ལྟར་དགང་གཟར་གསུམ་པོ་འདི་དག་ནི་ཞེས་པ་ནི། དེ་ལྟར་བསྟན་པའི་དགང་གཟར་ཆེ་ཆུང་གི་ཚད་རབ་འབྲིང་རྣམ་གསུམ་དུ་ཕྱེ་ནས་བསྟན་པ་འདི་དག་གོ། །དགང་བླུགས་དབུལ་བའི་ཕྱིར་ཞེས་པ་ནི། རྫས་ཀྱི་གཟར་བུ་ཆེན་པོ་དགང་བའི་ [344a] [344a.1]ཕྱིར་ཆུང་དུ་ན་བླུགས་པ་ནི་དགང་བླུགས་ཏེ། ལྷ་ལ་དབུལ་བར་བྱ་བའི་ཕྱིར་ཇི་ལྟར་རིགས་པར་བློས་རྣམ་པར་ཕྱེ་ཞེས་པ་ལ། བཞི་པ་ལ་སོགས་པ་ལས་བཞི་གང་ལྟར་བྱེད་པ་ལ་གཟར་བུ་གང་ལྟར་རིགས་པ་བཞིན་དུ་དེའི་དུས་སུ་བློས་རྣམ་པར་ཕྱེ་ནས་བྱེ་བྲག་ཏུ་བྱས་ཏེ། [344a.2]ལས་ཀྱི་རྗེས་སུ་མཐུན་པར་སྦྱར། །ཞེས་པ་ནི་ལས་བཞི་གང་བྱེད་པ་དང་རྗེས་སུ་མཐུན་པར་བྱའོ། །བླུགས་གཟར་ནི་ཞེས་པ་ནི། གཟར་བུ་ཆུང་ངུ་སྟེ། ཡུ་བ་ཆང་པ་ལྔ་པ་ཞེས་པ་ནི། ཡུ་བའི་ཚད་རིང་ཐུང་གཟར་བུ་ཆེན་པོ་དང་མཐུན་ནོ། །ཟབས་སུ་སོར་གཅིག་ཅེས་པ་ནི། [344a.3]མཛུབ་མོའི་སོར་ཏེ་མཛུབ་མོའི་བ་ཙམ་མོ། །དེ་ལས་ཡང་རབ་འབྲིང་རྣམ་པ་གསུམ་སྟེ། ཁོ་ར་ཁོར་ཡུག་ཏུ་ནི་མཐེ་བོའི་སེན་མོའི་སྟེང་ཙམ་ནི་མཆོག་གོ་ཞེས་པ་ནི་མཐེ་བོའི་སྟེང་གི་ཁོར་ཡུག་ཙམ་སྟེ། དེའི་ནི་ཆེན་པོའོ། །ཁོ་ར་ཁོར་ཡུག་ཏུ་མཐེ་བོའི་སེན་མོའི་ཕྱེད་ཙམ་ནི་ [344a.4]འབྲིང་ངོ་ཞེས་བྱ་བ་ལ་སོགས་པ་ནི་བརྡ་ཕྲད་པར་ཟད་དོ། ལས་ཀྱི་རྗེས་སུ་མཐུན་པའི་ཡོ་བྱད་རྣམ་པ་ལྔའི་ཞེས་པ་ནི་ཐབ་ཀྱི་དབྱིབས་དང་། བྱེ་བྲག་དང་། ཡམ་ཤིང་དང་བསྲེག་ཤིང་གི་ཁྱད་པར་དང་། སྲེག་རྫས་དང་མཆོད་རྫས་ཀྱི་སོ་སོའི་བྱེ་བྲག་གིས་བསག་ཅིང་བྱིན་ [344a.5]གྱིས་བརླབས་པ་དང་། སྔགས་མཁན་གྱི་ཆ་ལུགས་དང་། ཏིང་ངེ་འཛིན་དང་། མཆོད་པ་འབུལ་བའི་ཐབས་དང་། བསམ་རྒྱུད་རྣམས་ཏེ་ལས་རྣམ་བཞིའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱའོ། །རབ་ཏུ་ཤིས་པའི་ཚེས་གྲངས་ཞེས་པ་ནི། ཚེས་བཅུ་བཞི་དང་ [344a.6]བཅོ་ལྔ་དང་། ཟླ་བ་ཕྱེད་དང་ཚེས་བརྒྱད་ལ་སོགས་པའོ། །དེ་ཡང་ཞི་བའི་ལས་ནི་ཚེས་ལྔ་དང་། བརྒྱད་དང་། བཅུ་གསུམ་དང་། བཅུ་བཞི་དང་། ཉའི་ཉིན་པར་མགོ་གཟུགས་སོ། །རྒྱས་པའི་ལས་ནི་ཚེས་གསུམ་དང་ལྔ་དང་། བདུན་དང་ཟླ་བ་ཉལ་མགོ་ [344a.7]གཟུགས་སོ། །དབང་གི་ལས་ནི་མར་གྱི་ངོ་ཚེས་དགུ་ལ་མགོ་གཟུགས་སོ། །མངོན་སྤྱོད་ཀྱི་ལས་ནི་ཚེས་ཉི་ཤུ་གསུམ་དང་ཉི་ཤུ་དགུ་ལ་མགོ་གཟུགས་ལ་བརྩམ་མོ། །ཞི་བའི་ལས་བྱ་བའི་གནས་ནི། སྐུ་གདུང་དང་རིང་བསྲེལ་གྱི་མཆོད་རྟེན་ཡོད་པའམ། ཡང་ན་ [344b] [344b.1]གཙུག་ལག་ཁང་དང་ལྷ་ཁང་དང་། འཇིག་རྟེན་པའི་ལྷ་ཆེན་པོ་ལྷ་རྟེན་ནམ་ཁང་པ་ཡོད་པ་འབབ་ཆུ་དང་། ལྟེང་ཀ་དང་། མཚོ་དང་པདྨོ་ཡོད་པ། ཤིང་དང་། ཁྲི་དང་། ཤིང་སྣ་ཚོགས་པ་དང་། ལྡུམ་བུ་དང་། ཤིང་ལོ་དང་། མེ་ཏོག་སྣ་ཚོགས་པས་བརྒྱན་པ། ངང་པ་ [344b.2]དང་། ཁྲུང་ཁྲུང་དང་། རྨ་བྱ་ལ་སོགས་པ་སྐད་འབྱིན་པ། སྔ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁོ་ན་བཞུགས་པའི་གནས་དག་ཏུ་བྱ་བར་ཤིས་སོ། །རྒྱས་པའི་ལས་བྱ་བའི་གནས་ནི་རིའི་རྩེ་མོའམ། འབྲས་བུ་དང་ལྡན་པའི་ནགས་ཚལ་ལམ་བ་ལང་གི་ [344b.3]ལྷས་སམ། མཆོད་རྟེན་གྱི་དྲུང་ངམ། ལྷ་ཁང་གི་གནས་སམ། མཆོད་ཁང་ངམ། ཕྱུག་པོའི་ཁྱིམ་མམ། རྒྱལ་པོའི་ཕོ་བྲང་ངམ། རྒྱལ་རིགས་ཀྱི་ཁྱིམ་དུ་བྱ་བར་ཤིས་སོ། །དབང་གི་ལས་ཀྱི་གནས་ནི། གྲོང་ཁྱེར་གྱི་མེ་ཕྱོགས་སུ་མེ་ཏོག་དཀར་པོའི་སྐྱེད་ [344b.4]མོས་ཚལ་དབེན་པའམ། ཤིང་གཅིག་པའི་དྲུང་ངམ། ཞིང་གི་ལྷ་ཁང་ངམ། མ་མོའི་གནས་སམ། དུར་ཁྲོད་དམ་བྲག་ཕུག་གམ། ཁྱིམ་སྟོང་པའམ། བཙོ་བླག་མཁན་ནམ། ཟླ་མཚན་ཅན་ནམ། སྨད་འཚོང་མའི་ཁྱིམ་ལྟ་བུར་བྱ་བ་ཤིས་སོ། །མངོན་སྤྱོད་ [344b.5]ཀྱི་ལས་ཀྱི་གནས་ནི་གྲོང་ཁྱེར་གྱི་ལྷོ་ཕྱོགས་ས་གཞི་ནག་པོ་ཡོད་པའམ། དུར་ཁྲོད་དང་། དགོན་པ་དབེན་པ་དང་། ལྕོང་ར་རྙིང་པ་དང་། གུ་ལང་གི་གནས་ལ་སོགས་པར་བྱ་བར་ཤིས་སོ། །སྐར་མ་ལ་སོགས་པ་དང་ལྡན་པ་ཞེས་པ་ནི། ཞི་བའི་ལས་ནི་སྐར་མ་ [344b.6]ཁྲུམས་སྨད་དང་། གྲེ་དང་སྐག་དང་། མཆུ་དང་གཟའ་ཟླ་བ་དང་། པ་སངས་དང་། གཟའ་ལག་གི་ཉིན་པར་བརྩམ་མོ། །རྒྱས་པའི་ལས་ནི། རྒྱུ་སྐར་གྲོ་བཞིན་དང་མོན་གྲུ་དང་། གཟའ་ལག་པ་དང་། ཕུར་བུ་ལ་བྱ་བར་ཤིས་སོ། །དབང་གི་ལས་ནི། རྒྱུ་ [344b.7]སྐར་རྒྱལ་དང་། སྨིན་དྲུག་དང་། མཆུ་དང་། ས་ག་དང་། གཟའ་ཉི་མ་དང་། མིག་དམར་གྱི་ཉིན་པར་བརྩམ་མོ། །མངོན་སྤྱོད་ཀྱི་ལས་ནི་རྒྱུ་སྐར་རླུང་གི་བུ་དང་། མེ་བཞི་དང་། ནག་པ་དང་། ཐ་སྐར་དང་། གྲེ་དང་། དབོ་དང་། ནབ་སོ་དང་། ས་རི་དང་། [345a] [345a.1]གཟའ་སྤེན་པ་དང་། མིག་དམར་གྱི་ཉིན་པར་བརྩམ་མོ། །འམ་ཞེས་པའི་སྒྲས་ནི་དེར་མ་བཅད་པ་ཡིན་ལ། ཡང་ན་ཞེས་པའི་སྒྲས་ནི་རྣམ་པ་བཞིན་དུ་སྟོན་པར་བྱེད་པ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གོམས་པ་མང་དུ་བྱས་པ་ཞེས་པ་ནི། ལས་དང་། [345a.2]རྒྱུ་དང་། འབྲས་བུའི་ཚུལ་དུ་གནས་པས་བསྐྱེད་པའི་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ལ་སོགས་པའི་དངོས་པོ་རྣམས་དང་བྲལ་བ་བྱང་ཆུབ་སེམས་རྣམ་པར་དག་པ་མངོན་དུ་བྱས་ན། གནས་དེ་དག་གི་ཚོགས་པ་དང་ལྡན་པ་ཡང་ཉེས་པ་མེད་ལ། དེ་བཞིན་དུ་རིངས་པའི་ [345a.3]ཞེས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གོམས་པས་གནས་དང་། ཚེས་གྲངས་དང་། གཟའ་སྐར་ལ་སོགས་པ་ཕུན་སུམ་ཚོགས་ཀྱང་ཉེས་པ་བཞིན་དུ། ནད་པ་ཚབས་པོ་ཆེ་དང་། གློ་བུར་དུ་གདོན་ཆེན་པོས་ཟིན་པ་དང་། རྐྱེན་དབང་གིས་མྱུར་བར་བྱེད་པར་འདོད་པ་ [345a.4]དག་གིས་ཀྱང་ཚེས་གྲངས་དང་། གཟའ་དང་། སྐར་མ་དང་། གནས་ལ་སོགས་པའི་ཕུན་སུམ་ཚོགས་པ་དང་མི་ལྡན་པར་གྱུར་ན་ཡང་རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་བསྒྲུབས་ན་ཉེས་པ་མེད་དོ། །དེ་ལ་རེ་ཞིག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པ་ཞེས་པ། རྡོ་རྗེ་ [345a.5]སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་གང་ཡང་རུང་བའི་སྙིང་པོ་དང་། རྡོ་རྗེ་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པ། ལས་རྣམ་པ་བཞིའི་རིག་སྔགས་རྣམས་ཀྱིས་ལས་སྒྲུབ་པར་འདོད་པ་དག་གིས་ཀྱང་སྔར་བསྟན་པའི་ཕྱག་རྒྱ་བཞི་བསྒོམ་པ་དང་། [345a.6]སྙིང་པོ་བཟླས་བརྗོད་བྱ་བའི་ཆོ་གས་ལྷ་དང་། བདག་མི་གཉིས་པར་གྱུར་པའི་རྣལ་འབྱོར་མངོན་དུ་བྱའོ་ཞེའོ། །དེ་ལ་རེ་ཞིག་སྔར་སྨོས་པ་ཉིད་ཀྱིས་ཞེས་པ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་རྒྱས་པ་དང་། འབྲིང་དང་། མདོར་བསྡུས་པ་རྣམ་པ་ [345a.7]གསུམ་ལས་གང་ཡང་རུང་བའི་དཀྱིལ་འཁོར་བཀོད་དེ། །ས་བསྟར་བའམ། རས་ལ་སོགས་པའམ་ཞེས་པ། ས་བཙལ་བ་དང་། བརྟག་པ་དང་། བསླང་བ་དང་། བྱིན་གྱིས་བརླབ་པ་ལ་སོགས་པ་ཞེས་པ་ནི། ལྷ་རྣམས་ནམ་མཁའི་ངོས་སུ་བསམ་པ་དང་། [345b] [345b.1]རྩིག་པའི་ངོས་ལ་བྲི་བ་དང་། ཐང་བུ་ལ་བྲིས་པ་དང་། ལུགས་སུ་བྱས་པ་དང་། ཤིང་ལས་བཏོད་པ་དག་ཀྱང་བསྡུའོ། །དེ་བཞིན་གཤེགས་པ་ཞེས་པ་ནི། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ལས་ཀྱི་རིགས་ཀྱི་ཡེ་ཤེས་སེམས་དཔའ་གང་ཡང་རུང་ [345b.2]བའོ། །ཞི་བ་ལ་སོགས་པ་ཞེས་པ་ནི། ལས་རྣམ་པ་བཞི་བཛྲ་དྷརྨ་ཧྲཱིཿཞེས་གསུང་གི་བདག་ཉིད་པདྨའི་རིགས་ཀྱི་སྔགས་བཟླས་བརྗོད་བྱས་པས་བཏབ་པའི་ཆུས་མེ་ལ་བསང་གཏོར་བྱས་པ་ཐབ་ཏུ་བཅུག་ལ། ལས་སྣ་ཚོགས་པའི་སྙིང་པོ་ཞེས་པ་རྡོ་རྗེ་ལས་ཀྱི་སྙིང་པོ་ [345b.3]སྟེ། བཛྲ་ཀརྨ་ཞེས་བརྗོད་ཅིང་རླུང་ཡབ་ཀྱིས་མེ་སྦར་བར་བྱའོ། །དེ་ནས་ཧཱུཾ་ཞེས་རང་གི་སྙིང་གར་བསམས་ཏེ་ཞེས་པ་ནི། རྡོ་རྗེ་ཁྲོ་བོའམ་ཡེ་ཤེས་ཀྱི་སེམས་དཔའ་ལ་སོགས་པའི་ལྷའི་གང་བསྒོམ་ཡང་རུང་སྟེ། སྐབས་འདིར་ཧཱུཾ་སྙིང་གར་ཉི་མའམ་ཟླ་བ་ལ་བསམ་སྟེ། ཧཱུཾ་ [345b.4]ཞེས་བརྗོད་པས་རང་གི་ལྷའི་རྣལ་འབྱོར་གང་གིས་བསྒོམ་པ་དེ་གསལ་བར་དྲན་པར་བྱའོ། །རྡོ་རྗེ་མེ་ཞེས་པ་ནི་མེ་ལྷ་ཉིད་རྡོ་རྗེ་མེ་སྟེ། ཅིའི་ཕྱིར་ཞེ་ན། རྡོ་རྗེ་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་འཇིག་རྟེན་པའི་ལྷ་ཐམས་ཅད་བཏུལ་ནས་རྡོ་རྗེ་མིང་གི་དབང་བསྐུར་བའི་ [345b.5]ཕྱིར་ན་རྡོ་རྗེ་མེ་ཞེས་བྱའོ། །རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱ་ནི། །རྡོ་རྗེ་བསྲུང་བ་བརྟན་བྱས་ནས། །རྡོ་རྗེ་བཅིང་བ་བསྡམ་པར་བྱ། །འདི་ནི་མེ་ཡི་དམ་ཚིག་སྟེ། །ཐམས་ཅད་བྱེད་པ་འདའ་བར་དཀའ། །ཞེས་བྱ་བ་དག་སྟེ། དེ་ལ། རྡོ་རྗེ་བསྲུང་བ་བརྟན་བྱས་ཏེ། །ཞེས་ [345b.6]པ་ནི། སེམས་བརྟག་པ་ནས་བཟུང་སྟེ། གོ་ཆ་བཅིང་བའི་མཐར་ཐུག་གི་བར་དུ་བསྒོམ་པ་ནི་རྡོ་རྗེ་བསྲུང་བ་བརྟན་པར་བྱས་པའོ། །རྡོ་རྗེ་བཅིང་བ་བསྡམ་པར་བྱ། །ཞེས་ཏེ། དེ་ལྟར་བྱས་པའི་རྗེས་ལ་ལག་པ་གཉིས་རྡོ་རྗེ་བཅིང་བ་བསྡམས་ལ། གཟུང་བ་འདི་ནི་མེའི་ [345b.7]དམ་ཚིག་གི་ཕྱག་རྒྱ་སྟེ། དེ་བརྟན་ན་གང་བསྒོམ་པ་ལས་གཞན་དུ་འདའ་བར་མི་ནུས་པས་ན་ཐམས་ཅད་བྱེད་པ་འདའ་དཀའ་ཞེས་བྱ་སྟེ། རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱ་དེ་བཅིང་བར་བྱའོ། །རྡོ་རྗེའི་དམ་ཚིག་གི་སྔགས་ཧཱུཾ་གི་བར་དུ་བཅུག་པས་ཞེས་པ་ནི། ཧཱུཾ་བཛྲཱ་ན་ [346a] [346a.1]ལ། མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ། སརྦ་བྷ་སྨིཾ་ཀུ་རུ་སརྦ་དུཥྚཱན་ཧཱུྃ་ཕཊ་ཧཱུྃ་ཞེས་བརྗོད་པའོ། །རྡོ་རྗེ་མེ་མི་ཏའི་མེ་གཟུགས་དེར་གཞག་གོ། །སྔགས་དེ་བརྗོད་པས་རྡོ་རྗེ་མེ་ཉིད་མི་ཏའི་མེ་གཟུགས་སུ་དམིགས་ནས་དེའི་ཆ་ལུགས་སུ་དམིགས་པར་བྱའོ། །དེ་ལ་མི་ [346a.2]ཏའི་མེ་ཡང་མིད་པ་རིང་ཞེས་པ་ནི། མི་ཏའི་མེའི་ཆ་ལུགས་བསྟན་པ་སྟེ། མགྲིན་པ་རིང་ལ་གཟི་ཆེ་བ་གཡས་བགྲང་ཕྲེང་དང་། གཡོན་རིལ་པ་སྤྱི་བླུགས་ཐོགས་པ། སྐྲའི་ཐོར་ཚུགས་སེར་པོར་འདུག་པ་ལུས་ཡོན་པོ་ལ་ལས་རྣམ་པ་གང་བྱེད་པ་དང་རྗེས་ [346a.3]སུ་མཐུན་པའི་ཁ་དོག་དང་ལྡན་པར་བསྒོམ་མོ། །དེ་ནས་དེར་བྱུག་སྤོས་དང་། མེ་ཏོག་ལ་སོགས་པ་དེའི་གསང་སྔགས་ཉིད་ཀྱིས་བྱིན་ལ་ཞེས་པ་ནི། དེ་ནས་ཐབ་དེར་མེ་ལྷ་དེ་ཉིད་ལ་དེ་ངོས་ཀྱི་སྔགས་ཀྱིས་བྱུག་སྤོས་དང་། མེ་ཏོག་ལ་སོགས་པ་རིམ་པར་བྱིན་ [346a.4]ལ། སྔར་སྨོས་པའི་ཞི་བའི་དགང་གཟར་གྱིས་ཞེས་པ་གཟར་བུ་ཆེན་པོ་ལན་གསུམ་དུ་མེ་ལྷ་མཆོད་པ་རང་གི་སྔགས་བརྗོད་ཅིང་དབུལ་ལོ། །ཡམ་སྲེག་ཤིང་གི་ཐོར་ཏོ་གཉིས་མར་ལ་བཏགས་པ་ཞེས་པ། ཇི་ལྟར་རྒྱུད་ལས། པ་ལ་ཤ་དང་ནྱ་གྲོ་དྷ། །བླཀྵ་ [346a.5]སེང་ལྡེང་ཨ་རྐ་དང་། བེ་ཏང་ཀ་ཏ་ཨ་མྲ་དང་། ཀས་མ་དྷི་དང་ཤི་མ་དང་། ཨ་པ་མརྒ་ལས་བྱུང་དང་། ཨུ་དུམ་ཨ་ཤྭཏྠར་བཅས་པ། ཡམ་ཤིང་བཅུ་གཉིས་དག་ཏུ་བསྟན། །ཞེས་གསུངས་པའི་ཡམ་ཤིང་ངམ། རྣམ་གཅིག་ཤ་མའི་ཡམ་སྲེག་ཤིང་དག་ [346a.6]གམ། མཆོད་སྦྱིན་དག་གིས་ལྗོན་ཤིང་ངམ། །ལོ་མར་བཅས་ཤིང་ལོ་མ་ཅན། །ཡམ་ཤིང་སྐྱེད་མོས་ལས་སྐྱེས་རློན། །ཞེས་གསུངས་པའི་ཡམ་ཤིང་ཚད་དང་ལྡན་པ་ལ་ཤིང་གི་ཐོར་ཏོ་གཉིས་མར་ལས་བཏགས་པ་གསུམ་བསྲེས་ལ། གུང་མོ་དང་སྲིན་ལག་དང་མཐེ་ [346a.7]བོས་སམ་ཞེས་པ་དེའི་རྟིང་ལ་ཏིང་དང་སྤྲུས་པའི་སྲེག་བླུགས་དག་གུང་མོ་དང་སྲིན་ལག་དང་མཐེ་བོང་གསུམ་བསྡུས་པས་སམ། ཡང་ན་བླུགས་གཟར་ཉིད་ཀྱིས་ལན་གསུམ་དུ་སྲེག་བླུགས་སྦྱིན་ནོ། །དེ་ནས་དེ་ཡི་ཁ་བཀྲུས་ལ། །ཞེས་པ་ནི་དེ་ལྟར་མཆོད་པ་ཕུལ་བའི་འོག་ཏུ་ [346b] [346b.1]མེ་ཐབ་མཆོད་ཡོན་གྱི་ཆུ་རྡོ་རྗེ་ཆོས་ཀྱི་སྔགས་བཟླས་བརྗོད་བྱས་པས་བཏབ་པ་དེས་བསང་གཏོར་བྱས་པས་བཀྲུ་སྟེ། འདི་སྐད་དུ་ཞེས་པ་ནི་མེ་ལྷ་བསྒོམ་པའི་ཚིག་འདི་སྐད་དུ་བརྗོད་དེ། དྲང་སྲོང་ཆེན་པོ་ཞེས་པ་ནི་མེ་ལྷའོ། །བདག་ཉིད་ཇི་ལྟར་འདོད་པའི་ཞེས་པ་ནི་ [346b.2]བདག་ལས་རྣམ་པ་བཞི་གང་ཡང་རུང་བ་འདི་བྱེད་པ་ཟིན་གྱི་བར་དུ་མ་བཞུད་པར་འབྱུང་བའི་མེ་འབར་བ་འདི་ཉིད་དུ་གནས་པར་མཛོད་ཅིག་ཅེས་བསྒོམ་པར་བྱའོ། །དེ་ལ་མེ་ལས་བཅོལ་བའི་དོན་ནི་རྣམ་པ་གཉིས་ཏེ། མཆོད་པ་རྣམས་དག་ཅིང་དྲི་མ་མེད་པར་གྱུར་པ་དང་། [346b.3]ལྷ་རྣམས་ཀྱི་ཞལ་དུ་ཕྱིན་པར་མཛད་ཅིང་བསྒོམ་པར་བྱའོ། །དེའི་འོག་ཏུ་རྡོ་རྗེ་སེམས་མས་བཟླས་བརྗོད་བྱས་པའི་མཆོད་ཡོན་གྱི་སྣོད་ཅེས་བྱ་བ་ལ་སོགས་པ་ནི་བརྡ་ཕྲད་པར་ཟད་དོ། །ཇི་ལྟར་བྱས་པས་ཡུད་ཙམ་ཅིག་དྲན་པའི་ལུམ་དུ་བྱས་ནས་ཞེས་པ་ནི། བདག་དང་ [346b.4]ལྷ་མི་གཉིས་པར་བསྒོམ་པའི་ཏིང་ངེ་འཛིན་བརྟན་པར་གྱུར་པ་སྔ་ནས་བྱས་པ་དེ་ཡང་འདིར་སླར་ཡུད་ཙམ་གྱིས་གསལ་བར་བྱས་པའོ། །རང་གི་ལྷའི་ཡེ་ཤེས་ཀྱི་སེམས་དཔའ་བྱིན་གྱིས་རློབ་པའི་ཕྱིར་ཞེས་པ་ནི་གྲུབ་ཅིང་བསྒོམ་པར་བྱའི་ཡེ་ཤེས་སེམས་དཔའ་མདུན་ [346b.5]ན་བཞུགས་པ་དེ་ཉིད་འབར་བའི་བསྲེག་ཁང་གི་ཐབ་ཏུ་བསམ་པར་བྱ་བ་ནི་བྱིན་གྱིས་རློབ་པའི་ཕྱིར་ཞེས་བྱའོ། །དེའི་སྙིང་པོས་བཟླས་བརྗོད་བྱས་མེ་ཏོག་གཅིག་མེའི་ནང་དུ་བཅུག་ལ་ཞེས་པ་ནི་གང་བསྒྲུབ་པར་བྱ་བའི་ལྷ་དེ་ཉིད་ཀྱི་སྙིང་པོ་སྔ་ནས་ཀྱང་བཟླས་པས་བྱིན་ [346b.6]གྱིས་བརླབས་ལ། ཕྱིར་དོར་ཀ་ནས་ཡང་བཟླས་ལ་མེ་ཏོག་དེ་མེའི་ནང་དུ་དོར་ནས་དེར་བཞུགས་སུ་གསོལ་ནས་ཡེ་ཤེས་སེམས་དཔའ་དེ་མེའི་ནང་ན་པདྨའི་ནང་ན་བཞུགས་པར་བསམས་ནས། གཟོད་འོག་ནས་འབྱུང་བའི་རིམ་གྱིས་སྲེག་བླུགས་ཀྱིས་མཆོད་པ་ [346b.7]དབུལ་བར་བྱའོ། ཡང་ན་དེ་བཞིན་དུ་མེ་ལ་སྲེག་བླུགས་སྔར་བྱས་ཏེ་ཞེས་པ་ཡེ་ཤེས་སེམས་དཔའ་ལ་བྱ་བའི་ཚུལ་དེ་བཞིན་དུ་མི་ཏའི་མེ་ལ་སྲེག་བླུགས་ཀྱི་མཆོད་པ་སྔར་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་ལ་སྣ་ཚོགས་པའི་སྙིང་པོ་ཞེས་བརྗོད་ [347a] [347a.1]པས་མེའི་ནང་དུ་གཞལ་ཡས་ཁང་རྒྱན་དང་གདན་གྱིས་བརྒྱན་པ་ཁྱད་པར་ཅན་བསམས་པའི་སྟེང་དུ་རང་གི་གང་བསྒྲུབ་པར་བྱ་བའི་ལྷ་དེ་ཉིད་བཞུགས་པར་བསམས་ནས་སྔར་བཤད་པ་བཞིན་དུ་བསྡུས་པ་ལ་སོགས་པའི་སྦྱོར་བ་བྱས་ནས་མེའི་ནང་དུ་བསམ་ [347a.2]པར་དེར་རང་གི་ལྷའི་དམ་ཚིག་སེམས་དཔའ་བཅུག་སྟེ། མཆོད་ཡོན་བསམ་པ་དང་། ཕྱིའི་མཆོད་པ་རྣམས་འོག་ནས་འབྱུང་བའི་ཚུལ་གྱིས་སྦྱིན་པར་བྱའོ། །ཆོ་ག་འདི་ཡང་བྱ་སྟེ་ཞེས་པ་ནི། དེ་ལྟར་སྦྱིན་སྲེག་བྱེད་པའི་ཚེ་ཆོ་ག་འདི་ཡང་ཡིད་ལ་བསམ་པར་བྱ་ [347a.3]སྟེ། བདག་ལ་ཇི་ལྟར་བྱིན་གྱིས་བརླབ་པ་རང་གི་ལྷའི་དམ་ཚིག་སེམས་དཔའ་ཞེས་པ་ནི། ཇི་ལྟར་བདག་ལ་དགོངས་ཤིང་དངོས་གྲུབ་སྩོལ་བའི་ལྷ་དེ་ལྷའི་དམ་ཚིག་སེམས་དཔའ་བདག་ཏུ་གྱུར་ནས་དབྱེར་མེད་པར་བྱས་ནས་བདག་དང་མི་གཉིས་པའི་སྦྱོར་བ་མངོན་དུ་བྱས་ [347a.4]ནས་སེམས་ཅན་ལ་ཡང་སྔར་བཟླས་བརྗོད་ཀྱི་སྐབས་སུ་བསྟན་པའི་རིམ་པ་ཉིད་ཀྱིས་བུ་གཅིག་པ་ལ་མས་སེམས་པ་བཞིན་དུ་སྙིང་རྗེ་ཆེན་པོས་ཡོངས་སུ་ཁྱབ་ཅིང་ཟིན་པར་བྱའོ། །དེ་ནས་མེ་དང་དགང་གཟར་དང་བླུགས་གཟར་དང་མར་ལ་སོགས་པ་བསྲེག་པའི་རྫས་ [347a.5]རྣམས་ལ་ཞེས་པ་འདི་རྣམས་ལ་རང་གིས་གང་བསྒྲུབ་པའི་ལྷའི་སྙིང་པོའི་ཡིག་འབྲུ་དགོད་དེ། དེ་ལས་ཁ་དོག་དཀར་པོ་དང་ལྡན་པའི་འོད་ཟེར་འཕྲོས་པས་གདུལ་བྱ་ལ་བསྟིམས་པས་ནད་དང་གནོད་པ་ལ་སོགས་པ་ཡོངས་སུ་ཞི་བར་གྱུར་ནུས་པའི་ཏིང་ངེ་འཛིན་བསྒོམ་ [347a.6]པར་བྱའོ། །དེ་བཞིན་དུ་རྒྱས་པ་ལ་སོགས་པའི་ལས་རྣམས་ལ་ཡང་སྦྱོར་བ་དེ་དག་སླར་བཏང་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །རྡོ་རྗེའི་ལྟ་བས་བལྟ་ཞེས་པ་ལྷའི་བྱེ་བྲག་རྣམས་སླར་བཤད་པ་དེ་བཞིན་དུ་བལྟ་བར་བྱའོ། །སྭཱ་ཧཱའི་མཐར་དབུལ་ལོ་ཞེས་པ་ [347a.7]སྔགས་ཀྱི་མཇུག་ལ་སྭཱ་ཧཱ་ཞེས་བརྗོད་པ་དང་ལྡན་པའི་ཚིག་གིས་དབུལ་བ་སྟེ། དེ་ལ་སྭཱ་ཧཱ་ཞེས་པ་ནི་རིན་པོ་ཆེ་དང་ལས་གཅིག་ཏུ་བསྡུས་ནས་འགྲེལ་པས་བསྟན་པ་སྟེ། ལས་དང་བྱེད་པ་ཐ་མི་དད་པས་འཕགས་པ་མཆོད་པ་དང་། སེམས་ཅན་གྱི་དོན་བྱ་ [347b] [347b.1]བའི་ལས་མངོན་པར་གྲུབ་པའི་མཚན་ཉིད་དུ་བསྟན་པར་རིག་པར་བྱའོ། །བཛྲ་དྷཱ་ཏུ་བཛྲ་སཏྭ་ཞེས་པ་ནི་མཉེས་པར་བྱས་པའི་སེམས་དཔའ་རྣམས་ཀྱི་སྙིང་པོ་སྟེ། དེ་དག་བསྒྲུབ་པའི་ཕྱིར་སྦྱིན་སྲེག་གི་མཆོད་པས་མཉེས་པར་བྱེད་པའི་ལས་བརྩམ་པའི་དུས། བཛྲ་ [347b.2]དྷཱཏུ་སྭཱཧཱ། བཛྲ་སཏྭ་སྭཱཧཱ། ཞེས་བརྗོད་པར་བྱ་སྟེ། དེ་བཞིན་སེམས་དཔའ་གང་སྒྲུབ་པར་བྱེད་པ་དེ་རང་གི་སྙིང་པོ་དང་སྭཱ་ཧཱ་ལྡན་པའི་སྔགས་ཀྱིས་དགང་བླུགས་ཀྱིས་མཆོད་པ་དབུལ་བར་བྱའོ། །སྡིག་པ་སྦྱང་བའི་སྦྱིན་སྲེག་གི་སྔགས་ཞེས་པ་ནི་བདག་གཞན་གཉི་གའི་ [347b.3]སྡིག་པའི་བག་ཆགས་ཐམས་ཅད་ཟད་པ་དང་མི་སྐྱེ་བར་བྱེད་པ་ནི་སྡིག་པ་སྦྱང་བ་སྟེ། དེའི་སྔགས་ནི། ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བ་འདིའོ། །འདིར་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་སྦྱིན་སྲེག་ཐམས་ཅད་ཀྱི་ཆོ་ག་ཞེས་པ་ནི་རྡོ་རྗེ་དབྱིངས་ [347b.4]ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་ལམ། ཕྱག་རྒྱ་བཞི་པའམ་ཕྱག་རྒྱ་གཅིག་པའི་ལྷའི་སྦྱིན་སྲེག་གི་ཚུལ་ནི་སྦྱིན་སྲེག་ཐམས་ཅད་ཀྱི་ཆོ་ག་ཞེས་བྱའོ། །ཆོ་ག་དེ་དག་ལ་ནི་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་ཆོས་གོས་ཀྱིས་གཡོགས་ཏེ་ཞེས་པ་དེ་བཞིན་གཤེགས་པའི་སྦྱིན་ [347b.5]སྲེག་གི་ཆོ་ག་ཐམས་ཅད་ལ་རང་གི་ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་དུ་བྱས་ནས་ཆོས་གོས་ཀྱིས་གཡོགས་ཏེ། དེར་རང་གི་སྙིང་གར་དཔུང་པ་དམ་དུ་བཅུམ་སྟེ་སྦྱར་ལ་ཞེས་པ་ནི་དཔུང་པ་བཅུམ་ནས་རྡོ་རྗེ་ཁུ་ཚུར་རང་གི་སྙིང་གར་གཏད་དེ་དམ་དུ་བཅར་ནས་སྦྱིན་སྲེག་ལག་པ་ [347b.6]གཡས་པས་བྱའོ། །རྡོ་རྗེ་ཁྲོ་བོའི་མཉམ་པར་གཞག་པར་སྦྱིན་སྲེག་བྱེད་ན་ཞེས་པ་ནི། རྡོ་རྗེ་རིགས་ཀྱི་ལས་དཀྱིལ་འཁོར་དུ་གསུངས་པའི་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་དུ་སེམས་མཉམ་པར་གཞག་པས་སྦྱིན་སྲེག་བྱེད་པ་ནི། ལག་པ་གཡོན་པ་ཁྲོ་བོའི་ཁུ་ཚུར་དུ་བྱས་ཏེ་ [347b.7]ཞེས་པ་ནི། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ། མཛུབ་མོ་བསྒྲེང་བའོ། །བྱམས་པ་ལ་སོགས་པའི་ལྟ་བས་ཀྱང་ཞེས་པ་ནི། དེའི་དུས་སུ་སྔགས་མཁན་གྱིས་མིག་ནི་བྱམས་པའི་ལྟ་བ་དང་སྦྱར་ལ་བལྟའོ། །ལས་ཀྱི་རྗེས་སུ་མཐུན་པར་ཞེས་པ་ནི། ལས་ཀྱིས་རྗེས་སུ་ [348a] [348a.1]མཐུན་པ་ནི་བྱམས་པའི་ལྟ་བ་སྟེ། དེས་བསྒྲུབ་བྱའི་མིང་ངམ་རྫས་ལ་སོགས་པ་གང་ཡིན་པ་དེ་བལྟ་བར་བྱའོ། །དེ་ལྟར་ཉི་མ་རེ་རེ་ཞིང་མཚམས་ཀྱི་རིམ་པ་ཉིད་ཀྱིས་ཞེས་པ་ནི་ཉིན་པར་བཟླས་བརྗོད་ཀྱི་མཚམས་ཏེ། ཉིན་གྱི་དུས་བཞིན་བརྗོད་ཀྱི་མཚམས་སུ་སྦྱིན་སྲེག་ [348a.2]བྱའོ། །བདག་གམ་གཞན་གྱི་སྡིག་པ་བྱང་ནས་ཞེས་པ་ནི། སྡིག་པ་སྦྱོང་བའི་ཕྱིར་སྦྱིན་སྲེག་བྱས་པ་ཡིན་ན་ཇི་ལྟར་སྡིག་པ་བྱང་བའི་མཚན་མ་རྒྱུད་ལས་གསུངས་པའི། དཀར་པོ་ཉིད་དང་གཡས་སུ་འབར། །གྱེན་དུ་འབར་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་བ། [348a.3]བརྟེན་ལ་གློག་བཞིན་དྲི་མ་མེད། །ཅེས་བྱ་བ་ལ་སོགས་པ་དག་གི་མཚན་མ་བྱུང་ན། ལུས་དང་ངག་དང་སེམས་ལ་རྙོག་པ་མེད་པའི་མཚན་མ་སྟེ། ཚེ་འདི་ཉིད་ལ་བྱུང་གི་བར་དུ་སྦྱིན་སྲེག་བྱའོ་ཞེས་པ་ནི་ཕྱིའི་དུས་སུ་མི་བསྡད་དེ་ཅི་སྲིད་མཚན་མ་དེ་ལྟ་བུ་དག་བྱུང་གི་བར་དུ་སྦྱིན་ [348a.4]སྲེག་གི་ཆོ་ག་འདི་དག་ཅེས་པ་ནི། སྔར་བསྟན་པ་རིམ་པ་དེ་དག་གོ། །འོག་ནས་འབྱུང་བའི་ཞེས་པ་ནི། རིགས་རྒྱས་པ་ལ་སོགས་པའི་སྦྱིན་སྲེག་སྟེ། དེ་ལ་རིགས་རྒྱས་པ་ཞེས་པ་ནི། བུ་དང་བུ་མོ་དང་ནོར་དང་འབྲུ་རྣམས་རྒྱས་ཤིང་འཕེལ་བར་བྱེད་པའོ། །སོགས་པའི་ [348a.5]སྒྲས་ནི་དེའི་རྟིང་ཐོགས་སུ་འབྱུང་བའི་སྦྱིན་སྲེག་གི་ཆོ་ག་གཞན་རྣམས་ཀྱང་བསྡུ་བར་བྱའོ། །ཕལ་ཆེར་སྦྱར་བར་བྱའོ་ཞེས་པ་ནི་སྡིག་པ་སྦྱང་བའི་སྦྱིན་སྲེག་གི་ཆོ་ག་དེས་ནི། རིགས་རྒྱས་པ་ལ་སོགས་པའི་སྦྱིན་སྲེག་གི་ཆོ་ག་གཞན་འབྱུང་བ་རྣམས་ལ་ཡང་སྦྱར་བར་ [348a.6]བྱ་ཞེ་ན། རིགས་པས་སྦྱོར་ཅིག་ཅེས་བསྟན་པའོ། །དེ་དག་སོ་སོའི་ཁྱད་པར་གྱི་ཆོ་ག་ཞེས་པ་ནི། སྡིག་པ་སྦྱང་བ་དང་རིགས་རྒྱས་པ་ལ་སོགས་པ་ལས་རྣམ་པ་བཞིས་བསྡུས་པའི་སྦྱིན་སྲེག་གི་ཆོ་གའི་བྱེ་བྲག་རྣམས་ཏེ། ཚུལ་མི་འདྲ་བར་སྟོན་པའི་དེ་དག་གང་ཡིན་པའི་ [348a.7]མཚན་ཉིད་འདིར་བསྟན་པར་བྱའོ་ཞེའོ། །འདིར་ཐབ་རྣམས་ཀྱི་ཟབས་དང་ཞེས་པ་ནི། སྐབས་འདིར་བསྟན་པའི་སྦྱིན་སྲེག་གི་ཐབ་འདི་དག་ནི། ཐབ་ཁུང་ཐབས་སུ་མཐོན་དམན་ཅི་ཡོད་པའོ། །ཁོར་ཡུག་དང་ཞེས་པ་ནི་ཡངས་དོག་གི་རིམ་པ་ཇི་ལྟར་བྱ་བའོ། ། [348b] [348b.1]ཁ་ཁྱེར་གྱི་ཚད་ནི་ཞེས་པ་ནི་མུ་རན་དང་ཁ་ཁྱེར་ཇི་ཙམ་བྱ་བའི་ཚད་དོ། །ཇི་ཙམ་འདོད་པར་བྱ་སྟེ་ཞེས་པ་སློབ་དཔོན་ནས་སྒྲུབ་པ་པོ་བདག་ཉིད་ཀྱིས་ཆེ་ཆུང་ཇི་ཙམ་འདོད་པའི་ཚད་དུ་བྱ་བ་སྟེ། བདག་གི་ཕྱིར་ཞེས་པ་ནི་གང་གི་ཕྱིར་ཚད་ངེས་པར་མ་བསྟན་ནས་དེར་བྱ་བར་བཤད་ [348b.2]ཅེ་ན། རྡོ་རྗེ་རྩེ་མོའི་རྒྱུད་ལས་ཕལ་ཆེར་དེ་རྣམས་ཀྱི་ཆེ་ཆུང་ཇི་ཙམ་དུ་བྱ་བའི་ཚད་དེས་གསལ་པོར་མི་འབྱུང་སྟེ། མི་སྣང་བའི་ཕྱིར་ནི་ཚད་ངེས་པར་བསྟན་པས་ཇི་ཙམ་འདོད་པ་བཞིན་བྱ་བར་བསྟན་ཏོ། །ཐབ་དེ་དག་གི་དབྱིབས་ཀྱི་ཁྱད་པར་ཞེས་པ་ནི། ཐབ་དེ་དང་ [348b.3]དབྱིབས་མི་མཐུན་པར་སྟོན་པའི་བྱེ་བྲག་ཁྱད་པར་རོ། །དེ་ལས་གསུངས་པ་གང་ཡིན་པ་དང་ཞེས་པ་ནི་རྡོ་རྗེ་རྩེ་མོའི་རྒྱུད་དེ་ལས་གསུངས་པ་གང་ཡིན་པ་དང་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འདི་ལས་འབྱུང་བ་དང་ཞེས་ཆོ་ག་རྒྱུད་ལས་གསུངས་པའི་ཞེས་པ་ནི་རྟོག་པ་བསྡུས་ [348b.4]པ་ལ་སོགས་པའི་རྒྱུད་བཞིན་ནོ། །ལུས་དང་བཅས་པ་ལ་སོགས་པ་ཞེས་པ་ནི་ལུས་ཀྱི་མདོག་དང་ཆ་ལུགས་དང་སེམས་ཀྱི་བསམ་པའི་ཏིང་ངེ་འཛིན་གྱི་བསམ་རྒྱུད་དང་། སོགས་པས་ཟས་དང་ཡོ་བྱད་བསགས་པ་བསྡུ་སྟེ། དེ་དག་བྱེ་བྲག་རྣམས་སྒྲུབ་ཐབས་འདིར་ [348b.5]བཤད་པར་བྱའོ་ཞེས། རིན་པོ་ཆེ་འདྲ་བའི་ཐབ་པདྨས་མཚན་པ་ཞེས་པ་ནི་ཕྱི་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུར་བྱས་པའི་ནང་དུ་པདྨ་བརྒྱད་པས་མཚན་པ་སྟེ། རིགས་རྒྱས་པ་ཞེས་པ་ནི། བུ་དང་བུ་མོ་དང་ནོར་ལ་སོགས་པ་རྒྱས་ཤིང་འཕེལ་བར་བྱེད་པ་ནི་རིགས་རྒྱས་པ་སྟེ། [348b.6]ཇི་ལྟར་རིན་པོ་ཆེ་ལས་དགོས་པ་ཐམས་ཅད་འབྱུང་བ་དང་འདྲ་བར་རིན་པོ་ཆེ་ལྟ་བུའི་ཐབ་འདིས་ཀྱང་དགོས་པ་ཐམས་ཅད་གྲུབ་པར་བྱེད་པས་ན་འདི་ལྟར་བྱ་བར་བསྟན་ཏོ། །ལས་བྱེད་པའི་དུས་ནི་ཞེས་པ་ནི་རིགས་རྒྱས་པར་བྱེད་པའི་སྦྱིན་སྲེག་བྱེད་པའི་དུས་ནའོ། །སྟན་དང་ [348b.7]ཞེས་པ་ལ་སོགས་པ་འདི་དག་ཀྱང་སྤྱི་རྒྱུད་ལས་ཇི་སྐད་དུ་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། འདིར་ནི་གཞུང་མངས་སུ་དོགས་པ་དང་། གཅིག་ཏུ་ཆད་པ་མེད་པའི་ཕྱིར་ན་མཛད་མཁན་གྱིས་མ་བསྟན་ཏོ། །ཆོ་ག་སྔ་མ་ཐམས་ཅད་བྱས་པ་ཞེས་པནི། ལྷ་བསྒོམ་པ་ [349a] [349a.1]དང་སྤྱན་དྲངས་ཤིང་མཆོད་པའི་ཐབས་དང་། མེ་ལྷ་བསྒོམ་ཞིང་སྤྱན་དྲང་བ་དང་། དགང་བླུགས་བྱིན་ནས་ལས་བཅོལ་བ་དང་། མཆོད་པ་དབུལ་ཞིང་དངོས་གྲུབ་སྩོལ་བ་དང་། མཆོད་རྫས་ལ་སོགས་པ་ལྷའི་སྙིང་པོ་སྔགས་ཀྱི་ཡིག་འབྲུ་བཀོད་པ་ [349a.2]ལས་འོད་ཟེར་འཕྲོ་འདུ་བྱ་ཞིང་རང་གི་ལས་དང་མཐུན་པར་བསམ་པ་ལ་སོགས་པ་བསྟན་བཞིན་དུ་འདིར་ཡང་བྱའོ་བར་བསྟན་པ་ཡིན་ནོ། །མར་དང་བསྲེས་པའི་འབྲས་ཀྱི་སྲེག་བླུགས་ཞེས་པ་ནི། འབྲས་སོ་བ་མར་དང་སྦྲུས་ནས་གདུས་པའི་སྲེག་བླུགས་ [349a.3]ལ་ནི་མར་དང་བསྲེས་པའི་འབྲས་ཀྱི་སྲེག་བླུགས་ཞེས་བྱའོ། །ཟླ་བ་ཁམ་པ་འདྲ་བའི་ཐབ་འཁོར་ལོས་མཚན་པ་ཞེས་པ་ནི། ཟླ་བ་ཚེས་བརྒྱད་པ་ལྟ་བུའི་ཐབ་ཀྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་འཕང་དུ་སོར་གཅིག་ཡོད་པས་མཚན་པའོ། །ཡམ་སྲེག་ [349a.4]ཤིང་མངར་པོས་ཞེས་པ་ནི། ཡམ་ཤིང་སྲེག་ཤིང་གཉི་ག་མངར་པོ་མེ་ཏོག་དང་འབྲས་བུར་བཅས་པ་ལ་སོགས་པའོ། །མི་གཉེར་བ་ལ་སོགས་པའི་ཆོ་ག་ཐམས་ཅད་བྱས་ལ་ཞེས་པ་ནི་བསམ་པ་དང་དགུག་པ་དང་མཆོད་པ་དང་། ལས་བཅོལ་བ་ལ་སོགས་པ་སྔ་མ་ [349a.5]བཞིན་དུ་བྱའོ། །གོ་ཆ་འདྲ་བ་ཐབ་འཁོར་ལོས་མཚན་པ་ཞེས་པ་ནི་ཡ་ལད་དང་། ཕུབ་ཀྱང་རུང་བའི་དབྱིབས་ཀྱི་ཐབ་ལ་དབུས་སུ་འཁོར་ལོས་མཚན་པའོ། ཡམ་སྲེག་ཤིང་མངར་པོ་ཞེས་པ་ནི། འདི་ཡང་ཤིང་དམར་པོ་མེ་ཏོག་དང་འབྲས་བུར་ [349a.6]བཅས་པ་སྟེ། སྔ་མ་ལྟ་བུའི་ཤིང་གིས་མེ་སྦར་རོ། །ཀུ་ཤའི་ཉག་མ་འབྲུ་མར་ལ་བཏགས་ལ་ཞེས་པ་ནི། སྲེག་རྫས་ཀུ་ཤའི་ཆུན་པོ་དག་རེ་རེ་ནས་ཡུངས་ཀར་གྱི་མར་ལ་སྦགས་ཤིང་སྦྱིན་སྲེག་བྱ་བའོ། །རྡོ་རྗེ་འདྲ་བའི་ཐབ་ལྕགས་ཀྱུས་མཚན་པ་ཞེས་པ་ནི། [349a.7]ཐབ་ཀྱི་དབྱིབས་རྡོ་རྗེ་ལྟར་བྱས་ལ་ནང་དུ་ལྕགས་ཀྱུས་མཚན་པའོ། །རྡོ་རྗེ་འདྲ་བའི་ཐབ་ཉིད་དུ། །ཞེས་པ་ནི་རྡོ་རྗེ་འདྲ་བའི་ཐབ་ཉིད་དུ་དེའི་བུམ་པར་སྦྱིན་སྲེག་བྱའོ། །མེ་ཏོག་དམར་པོའི་འབྲས་བུ་ནི་གང་མེ་ཏོག་དམར་པོ་སྐྱེས་པ་ལས་བྱུང་བའི་འབྲས་བུ་ནི་མེ་ཏོག་དཀར་ [349b] [349b.1]པོའི་འབྲས་བུ་སྟེ། ཁམ་བུ་དང་སེ་བ་དང་། ཁྲེའི་ཤིང་ལ་སོགས་པའི་འབྲས་བུ་ལྟ་བུའོ། །འོབས་དང་བཅས་པའི་རྩིག་པ་འདྲ་བའི་ཐབ་ཅེས་པ་ནི། ཞུགས་ཐབ་ཟླུམ་པོ་ལ་ཐབ་འོབས་ཞེས་ཞིང་སོར་བཞི་ཡོད་པའི་འབྲས་བུ་རལ་གྲིས་མཚན་པ་ནི་རྡོ་རྗེ་རྣོན་པོས་མཚན་པའོ། །གཞུ་ [349b.2]འདྲ་བའི་ཞུགས་ཐབ་མདས་མཚན་པ་ཞེས་པ་ནི། མདའ་བཀང་བ་འདྲ་བའི་ཞུགས་ཐབ་ནི་གཞུ་འདྲ་བའི་ཞུགས་ཐབ་མདས་མཚན་མའོ། །ལྕགས་ཀྱུ་འདྲ་བའི་ཐབ་པདྨས་མཚན་པ་ཞེས་པ་ནི། ལྕགས་ཀྱུའི་མུ་ཁྱུད་པདྨས་མཚན་པའི་ཐབ་པོ། །ཞི་བ་ལ་སོགས་ [349b.3]པའི་སྦྱིན་སྲེག་གི་ལས་ནི་གང་འདོད་པའི་དངོས་གྲུབ་གྲུབ་པའི་ཐབས་བཤད་ཟིན་ཏོ། །ད་ནི་དེ་ལྟར་སྦྱིན་སྲེག་བྱ་བ་དེའི་སྔོན་དུ་བྱ་བ་དང་། ཕྱི་ནས་བྱ་བའི་ཆོ་གའི་ཐབས་བསྟན་པར་བྱའི་ཕྱིར་ན། སྦྱིན་སྲེག་གི་ལས་རྣམ་པ་བཅུ་དྲུག་པོ་འདི་གང་བཤད་པའི་ལྷག་མ་སྔོན་གྱི་ [349b.4]དུས་ན་བྱ་བའི་སྤྱིའི་ཆོ་ག་དེ་བཤད་པར་བྱའོ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་སྦྱིན་སྲེག་གི་ལས་བཅུ་དྲུག་པོ་འདི་ཞེས་པ་ནི། སྦྱིན་སྲེག་གི་བྱེ་བྲག་གི་རྣམ་གྲངས་བཅུ་དྲུག་ཏུ་ཕྱེ་ནས་བསྟན་པ་འདིའོ། །གང་བཤད་པའི་ལྷག་མ་ཞེས་པ་ནི། བཅུ་དྲུག་པོ་དེ་ལས་ཚང་ [349b.5]བའམ་གཅིག་རྩོམ་ཡང་རུང་སྟེ། དེའི་ལྷག་མ་ནི་སྦྱིན་སྲེག་དེ་མ་བྱས་པའི་སྔོན་རོལ་དུ་དང་པོའི་དུས་སུ་བྱ་བའི་ཆོ་ག་དང་། བྱས་ཟིན་པའི་ཆོ་ག་དང་བྱ་བའི་ཆོ་ག་ནི་ལྷག་མ་སྟེ། ཕྱིའི་ཞེས་པ་ནི་ལས་བཅུ་དྲུག་པོ་དག་གི་ཀུན་གྱི་ཐུན་མོང་དུ་གྱུར་པའི་སྤྱིའི་ཆོ་ག་ནི་སྔོན་དང་ཕྱི་ [349b.6]ནས་འབྱུང་བ་འདི་ཡིན་པས་དེ་བཤད་པར་བྱ་ཞེའོ། །དེ་ལ་སྒྲུབ་པ་པོ་གང་ཡང་རུང་བ་སྦྱིན་སྲེག་གི་ལས་བྱེད་པར་འདོད་པ་ཞེས་པ་ནི། སྒྲུབ་པ་པོས་སྡིག་པ་བྱང་བའི་སྦྱིན་སྲེག་ལ་སོགས་པ་རྣམས་ལ་གང་ལ་མོས་པར་བྱེད་པར་འདོད་པ་དེས་སྔར་སྨོས་པའི་ [349b.7]རིམ་གྱིས་ཞེས་པ་ནི། གོང་དུ་བསྟན་པའི་རིམ་པའོ། །རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལ་མོས་པ་རབ་ཏུ་གོམས་པར་བྱས་པས་ཞེས་པ་ནི། དང་པོ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་སྔར་བཤད་པ་བཞིན་དུ་བསྒོམ་པ་གོམས་ཤིང་སེམས་ལ་དབང་ཐོབ་སྟེ། ཏིང་ངེ་འཛིན་ལས་ [350a] [350a.1]སུ་རུང་བར་བྱས་ནས་བདག་དང་མི་གཉིས་པར་གྱུར་པའི་ཡེ་ཤེས་སེམས་དཔའ་ཞེས་པ་བདག་དང་གང་བསྒྲུབ་པའི་ཡེ་ཤེས་སེམས་དཔའ་སོ་སོ་མ་ཡིན་ཐ་མི་དད་དེ། དབྱེར་མེད་པར་བསྒོམ་པའི་རྣལ་འབྱོར་གོམས་པ་མངོན་དུ་བྱའོ་ཞེའོ། །ཕྱི་མའི་དུས་སུ་བྱ་བ་ཡང་། [350a.2]ཞེས་པ་ནི་སྡིག་པ་སྦྱང་བ་དང་། ཚེ་བསྲིང་བ་དང་ཞེས་པ་ནི་སྡིག་པ་སྦྱང་བ་ལ་སོགས་པ་ཉི་མ་རེ་རེ་སྦྱིན་སྲེག་བྱ་བར་འདོད་པ་སྒྲུབ་པ་པོས་དེའི་མཐའ་མར་མཚན་ཐོག་ཐག་ཏུ་སྦྱིན་སྲེག་བྱ་སྟེ་ཞེས་པ་དེ་ལྟར་ཉི་མ་རེ་རེ་ཞིང་སྦྱིན་སྲེག་བྱས་པ་དེའི་རྟིང་ལ་མཐའ་མར་ཐོག་ཐག་སྟེ་རང་གི་ལྷ་ཡེ་ [350a.3]ཤེས་སེམས་དཔའ་ཉིད་ལ་གོམས་པ་བྱས་ནས་ཞེས་པ་ནི་རང་གིས་གང་བསྒྲུབ་པར་བྱ་བའི་ཡེ་ཤེས་ཀྱི་སེམས་དཔའ་ལ་སེམས་ཐག་པས་གསོལ་བ་བྱས་ཏེ། སྨེས་གསོལ་བ་བཏབ་ནས་ཉི་མ་རེ་རེ་ཞིང་ཐོག་ཐག་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ་ཞེའོ། །གསོལ་ [350a.4]བཏབ་པ་དང་སྨེས་གསོལ་ཡང་ཇི་ལྟ་བུ་ཤ་སྟག་བྱ་བ་ཡིན་ཞེ་ན། བཅོམ་ལྡན་འདས་བདག་གིས་ཆོ་ག་ཉམས་པ་ལྟ་བུ་མཆིས་ན་དེ་བདག་ལ་བཟོད་པར་གསོལ་ལོ་ཞེས་བྱ་སྟེ། དེ་ལ་ཆོ་ག་ཉམས་པ་ནི་དམ་ཚིག་མ་བསྲུངས་པ་དང་། ཏིང་ངེ་འཛིན་མ་ཁུགས་པ་དང་། [350a.5]སྔགས་ཟུར་ཆག་པ་དང་། བཟླས་བརྗོད་འཆོལ་བ་དང་། ཕྱག་རྒྱ་ལོག་པར་བཅིངས་པ་ལ་སོགས་པའོ། །དེ་བཞིན་དུ་མཚན་མོའི་སྦྱིན་སྲེག་ཅེས་པ་ནི། སྒྲུབ་པ་ཆེན་པོའི་དུས་སུ་སྦྱིན་སྲེག་གི་ལས་འབད་ནས་བྱའོ། །ཇི་ལྟར་འདོད་པའི་དངོས་གྲུབ་ཅེས་པ་ [350a.6]ནི་སྒྲུབ་པ་པོ་ཉིད་གང་ལ་དགའ་ཞིང་མོས་པའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །མཐུ་མེད་པར་གྱུར་ན་ཞེས་པ་ནི། བསྒོམ་པ་དང་བཟླས་བརྗོད་དང་སྦྱིན་སྲེག་བྱས་པ་ལ་ནུས་མཐུ་མེད་པ་ནི་ཇི་ལྟར་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་པའོ། །རྟག་ཏུ་ཉི་མ་རེ་རེ་ཞིང་སྦྱིན་ [350a.7]སྲེག་བྱེད་པ་ཞེས་པ་ནི། དེ་ལྟར་དངོས་གྲུབ་མ་ཐོབ་ན་ཉིན་མཚན་གྱིས་དུས་སམ་རྟག་པར་ཉི་མ་རེ་རེ་ཞིང་ངམ་མཚན་མོ་ཇི་ལྟ་བ་བཞིན་དུ་སྦྱིན་སྲེག་གི་ལས་བར་མཚམས་མེད་པར་ནུས་ཐང་དུ་བྱ་སྟེ། བཏང་བར་བྱ་ཞེས་པ་ནི་སྦྱིན་སྲེག་བརྟག་པར་བྱེད་པའི་སྦྱོར་བ་ལ་ [350b] [350b.1]གནས་ཤིང་དེའི་བརྩོན་འགྲུས་དང་ལྡན་པའོ། །སྔོན་དུ་བསྙེན་པའི་སྦྱིན་སྲེག་ཅེས་པ་ནི། སླར་སྒྲུབ་པ་ཆེན་པོ་བྱེད་པའི་སྔོན་དུ་སྦྱིན་སྲེག་བྱེད་པའོ། །མཚན་མོ་སྤྱོད་པའི་ཞེས་པ་ནི། ཕྱིས་སྒྲུབ་པ་ཆེན་པོའི་བྱེད་པའི་དུས་ཉིན་ནི་སྦྱིན་སྲེག་བྱས་པའི་ཆོ་གའོ། །ཇི་ལྟར་འདོད་པའི་ [350b.2]སྦྱིན་སྲེག་བྱས་ཟིན་ནས་ཞེས་པ་ནི་སྡིག་པ་སྦྱང་བ་ལ་སོགས་པའི་སྦྱིན་སྲེག་གང་འདོད་པ་བྱས་པ་དེ་ཐ་མར་གྲངས་ཚད་དམ་མཚན་མ་བྱུང་སྟེ་ཟིན་པར་གྱུར་པ་སྟེ། བསྲེག་པར་བྱ་བའི་རྫས་ཡོད་ན་ཡང་ཞེས་པ་ནི། སྲེག་རྫས་ཀྱི་ལྷག་མ་སོ་སོ་ནས་དབུལ་རྒྱུ་ཡོད་ན་ [350b.3]ཡང་ལེགས། མེད་ན་ཡང་ཅི་ཡོད་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་དགང་བླུགས་དབུལ་བར་བྱའོ། །དེ་ནས་ཇི་ལྟར་སྤྱན་དྲངས་པའི་རོལ་མོ་དང་ཞེས་པའི་གང་སྤྱན་དྲངས་ཤིང་བསྒྲུབས་པའི་ལྷའི་རིམ་པ་དང་། རབ་འབྲིང་དུ་བསྡུས་པའི་དཀྱིལ་འཁོར་ལ་གནས་པ་མདུན་ [350b.4]ན་བཞུགས་པའི་ལྷ་ཡེ་ཤེས་སེམས་དཔའ་རྣམས་ལ་སོགས་པ་མངོན་པར་འདྲ་བར་གསལ་བར་མདུན་དུ་དམིགས་ཏེ་དེ་བཞིན་དུ་གསང་བའི་མཆོད་པ་ལ་སོགས་པ་ཞེས་པ། གསང་བའི་མཆོད་པ་ལ་སོགས་པ་སྔར་བསྟན་པ་རྣམས་ཀྱིས་ཅི་ནུས་ཚད་དུ་མཆོད་ནས། [350b.5]ཇི་ལྟར་འདོད་པའི་དངོས་གྲུབ་སྒྲུབ་པའི་གསོལ་བ་གདབ་པ་དང་། ཡི་གེ་བརྒྱ་པ་བརྗོད་ལ་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་དང་ཞེས་པ་སྔར་གསུངས་པའི་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱ་སྙིང་ག་ནས་བྱུང་བས་དབང་བསྐུར་བ་ལ་སོགས་པ་གོང་དུ་ཇི་ལྟར་བཤད་པ་བཞིན་དུ་ [350b.6]འདིར་ཡང་བྱས་ལ། ཕྱག་རྒྱ་རྣམས་དང་པོ་གོང་དུ་གང་ནས་བྱུང་བ་དེ་བཞིན་དུ་རིམ་གྱིས་རང་གནས་སུ་བཀྲོལ་བར་བྱའོ། །དེ་ནས་ལྷ་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་ལ་ཡང་ཕྱག་འཚལ་ཏེ། གོང་དུ་བསྟན་པའི་ཆོ་ག་བཞིན་དུ་སླར་གཤེགས་སུ་གསོལ། [350b.7]ཐབ་ན་གནས་པའི་རྡོ་རྗེ་མེའི་གཟུགས་ཞེས་པ། ཐབ་ཏུ་བཞུགས་སུ་གསོལ་བའི་རྡོ་རྗེ་མེའི་གཟུགས་ཀྱང་སྔར་བསྒོམས་པ་བཞིན་དུ་སླར་གསལ་བར་དྲན་པར་བྱས་ལ། དགང་བླུགས་དབུལ་བ་ལ་སོགས་པའི་མཆོད་པ་ཕུལ་ལ། དེ་ནས་མེ་རང་གི་དམ་ཚིག་ [351a] [351a.1]གི་ཕྱག་རྒྱ་དང་། མེ་ལྷ་དེའི་སྔགས་དེ་ཉིད་ཀྱིས་སླར་དང་པོར་རང་གི་གནས་སུ་བཏང་ལ། སླད་ནས་ཀྱང་སྲུང་བ་ལ་སོགས་པའི་ཏིང་ངེ་འཛིན་ཡང་སྔར་བསྟན་པ་བཞིན་དུ་སྐབས་འདིར་བྱའོ། །ཞི་བ་ལ་སོགས་པ་ [351a.2]སྦྱིན་སྲེག་གི་ལས་ཀྱིས་སྔོན་དང་ཕྱི་ན་བྱ་བའི་ཚེ་ཡང་བཤད་པ་ཡིན་ཏེ། ཕྱག་རྒྱ་བཞི་བསྒོམ་པས་སྒྲུབ་པ་དང་། སྙིང་པོ་ལ་སོགས་པ་བཟླས་བརྗོད་བྱ་བས་སྒྲུབ་པ་དང་། ཞི་བ་ལ་སོགས་པའི་སྦྱིན་སྲེག་བྱ་བའི་ལས་ཀྱིས་སྒྲུབ་པ་གསུམ་ཀ་རྫོགས་པར་བཤད་ཟིན་ཏོ། ། [351a.3]དེ་ལྟར་བསྒོམ་པ་དང་། བཟླས་པ་དང་། སྦྱིན་སྲེག་ལ་སོགས་པའི་ལས་ཀྱིས་གང་འདོད་པའི་དངོས་གྲུབ་ཀྱི་རྣམ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་ཏུ་གྱུར་པའི་ཐབས་ཀྱི་ཡི་གེ་འདི་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ཡང་བདག་གཅིག་པུའམ། [351a.4]གང་ཟག་གཅིག་གི་དོན་དུ་དགོངས་པ་མ་ཡིན་ཏེ། མ་འོངས་པའི་སྒྲུབ་པ་པོ་གཞུང་འདིའི་ཚུལ་གྱིས་ངེས་པར་འབྱུང་བའི་སྐལ་བ་ཡོད་པ་རྣམས་ལ་ཕན་གདགས་པ་དང་། སྐལ་བ་དང་མི་ལྡན་པ་རྣམས་ཀྱང་བསྐྱང་ཞིང་ཁད་ཀྱིས་འབྲས་བུའི་ཐེག་པ་འདི་ལ་གཟུད་པར་བྱ་ [351a.5]བའི་ཕྱིར། རྒྱུད་སོ་སོའི་དགོངས་པ་རྣམས་འདིར་རིམ་པར་བསྡེབས་ཤིང་ཕྱོགས་གཅིག་ཏུ་བསྡུས་ནས། ཚིག་དང་ཡི་གེའི་རྣམ་པའི་གླེགས་བམ་དུ་བྱས་པ་ཡིན་ལ། འདི་ལྟར་བྱས་པའི་དགེ་བའི་རྩ་བ་ཡང་བར་མ་དོར་ཆུད་མི་གསན་ཅིང་། [351a.6]སེམས་ཅན་ཐམས་ཅད་ཀྱི་གོང་དུ་འཕགས་པ་མཉེས་པར་བྱ་བའི་ཕྱིར། བསྔོ་བའི་དོན་དུ་དགེ་བའི་རྩ་བ་བསྔོ་བར་ཡང་མཛད་པས་ན། དེ་ཉིད་བསྡུས་པའི་ཚུལ་ལ་ནི། །རྒྱལ་དང་བྱང་ཆུབ་སེམས་དཔའ་ཡི། །སྒྲུབ་པའི་ཆོ་ག་བསྡུས་པ་ཡིས། ། [351a.7]བསོད་ནམས་བདག་གིས་གང་ཐོབ་པ། །དེས་ནི་སངས་རྒྱས་གསང་བ་ཡི། །ཚིག་གི་བདུད་རྩི་འཐུང་བ་རྣམས། །བཅོམ་ལྡན་རྡོ་རྗེ་སེམས་དཔའི་ཐུགས། །ཡོངས་སུ་མཉེས་པ་ཉིད་དུ་གྱུར། །ཞེས་གསུངས་པ་ཡིན་ཏེ། དེ་ལ་དེ་ཉིད་ [351b] [351b.1]བསྡུས་པའི་ཚུལ་ཞེས་པ་ནི། སྒྲུབ་ཐབས་འདི་མཛད་པའི་ཁུངས་ཏེ། རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པ་སྟེ། བཏུས་ཀྱང་དེ་ལས་བཏུས་ལ། སྒྲུབ་ཐབས་ཀྱང་དེའི་ལྷ་རྣམས་ཀྱི་སྒྲུབ་ཐབས་སུ་བྱས་པའོ། །ལྷ་ཡང་གང་ཞེ་ན། [351b.2]རྒྱལ་དང་བྱང་ཆུབ་སེམས་དཔའ་ཡི། །ཞེས་བྱ་བ་དག་སྟེ། རྒྱལ་དང་ཞེས་པ་ནི། བཅོམ་ལྡན་འདས་རྟག་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ། །བྱང་ཆུབ་སེམས་དཔའ་ནི་དེ་དག་གི་འཁོར་རྡོ་རྗེ་སེམས་དཔའ་ལ་ [351b.3]སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་ལ་སོགས་པ་རྣམས་སོ། །ཡི་ཞེས་པ་ནི། འབྱེལ་པ་ཅན་དུ་བསྟན་པའི་ཚིག་རྣམས་ཏེ། སྒྲུབ་པའི་ཆོ་ག་བསྡུས་པ་ཞེས་བྱ་སྟེ། ལྷ་དེ་དག་སོ་སོའམ་གཅིག་ཀྱང་རུང་སྟེ། གང་ལ་མོས་པ་ [351b.4]བཞིན་དུ་བསྒྲུབ་པར་བྱ་བའི་ཐབས་ཀྱི་ཚིག་འདིར་བསྡུས་པ་སྟེ། ཕྱོགས་གཅིག་ཏུ་བྱས་པའོ། །དེ་ལྟར་དེ་དག་གི་སྒྲུབ་ཐབས་ཕྱོགས་གཅིག་ཏུ་བྱས་པའི་བསོད་ནམས་ནི་མེད་མི་སྲིད་པས་ན་ཞེས་པའི་སྒྲས། བསོད་ནམས་བདག་གིས་གང་ [351b.5]ཐོབ་པ། །ཞེས་བྱ་བའི་ཚིག་གིས་བསྡུས་ཏེ། སྒྲུབ་ཐབས་འདི་བྱས་པའི་བསོད་ནམས་བདག་གིས་ཐོབ་པ་གང་ཡིན་པ་དེས་ནི། སངས་རྒྱས་གསང་བའི་ཞེས་པ་ནི། བདག་ཉིད་སངས་རྒྱས་གསང་བའོ། །དེའི་ཚིག་གི་བདུད་ [351b.6]རྩི་འཐུང་བ་ནི། སྒྲུབ་ཐབས་ཚིག་འདི་ཉམས་སུ་ལེན་ཅིང་སྒྲུབ་པར་བྱེད་པ་ཡིན་པས། ཚིག་གི་བདུད་རྩི་འཐུང་བ་རྣམས། །ཞེས་བྱ་སྟེ། དཔེར་ན་བདུད་རྩིས་ན་བ་གསོ་ཞིང་། འཆི་བ་སློང་བ་དང་འདྲ་བར། སངས་རྒྱས་གསང་བ་བདག་ཉིད་ཀྱི་སྒྲུབ་ [351b.7]ཐབས་ཀྱི་ཚིག་འདིས་ཀྱང་། སེམས་ཅན་དུག་གསུམ་གྱི་ནད་ཀྱིས་ཟིན་ཀྱང་། མཐའ་རྣམ་པ་གཉིས་སུ་འཆི་བ་རྣམས་གསོ་ཞིང་སློང་བར་བྱེད་པའི་བདུད་རྩི་ཡིན་པས་ཚིག་གི་བདུད་རྩི་སྟེ། དེ་བསྒྲུབ་ཅིང་ཉམས་སུ་ལེན་པ་ནི། ཚིག་གི་བདུད་ [352a] [352a.1]རྩི་འཐུང་བ་རྣམས། །ཞེས་པས་མ་ལུས་པ་བསྡུའོ། །ཚིག་གི་བདུད་རྩི་འཐུང་བ་རྣམས་ཀྱིས་ཅིར་འགྱུར་ཞེ་ན། དཔལ་ལྡན་རྡོ་རྗེ་སེམས་དཔའི་ཐུགས། །ཡོངས་སུ་མཉེས་པ་ཉིད་དུ་གྱུར། །ཞེས་བྱ་སྟེ། ཟབ་པ་ [352a.2]དང་རྒྱ་ཆེ་བའམ། གཞན་གྱི་དཔལ་ཕུན་སུམ་ཚོགས་པའི་འབྱོར་པ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཡེ་ཤེས་རྣམ་པར་རྟོག་པ་མི་མངའ་བཞིན་དུ། ཐམས་ཅད་མཁྱེན་ཅིང་རྟོགས་པའི་རིམ་པ་དང་ལྡན་པ་དེ་ཡོངས་སུ་མཉེས་ཤིང་ [352a.3]ཚིམ་པར་གྱུར། ཞེས་གསུངས་པ་ཡིན་ནོ། །སློབ་དཔོན་སངས་རྒྱས་གསང་བ་ཡིས། །མཁས་པ་དགའ་བ་སྐྱེད་པའི་ཕྱིར། །ཕྱོགས་འདིའི་སྒྲུབ་ཐབས་བརྩམས་པ་འདི། །དོན་བྱེད་བདག་གཉེར་ཡོད་མིན་ཡང་། །ཚིག་ཙམ་ཅུང་ [352a.4]ཟད་བཀྲོལ་བ་དག །སྒྲོ་སྐུར་མཐའ་ལྡན་འགལ་བས་ན། །དེ་ལ་ཉེས་པ་མི་འཕེལ་བར། །དངོས་མེད་ཡེ་ཤེས་རང་སྣང་བའི། །རྒྱལ་བ་དེ་ཡི་སྲས་རྣམས་ལ། །བཏུད་ནས་བཤགས་ན་བཟོད་པར་མཛོད། །བདག་པས་གཞན་ལ་ཕན་དོན་ [352a.5]དུ། །མཁས་ཚིག་ལུང་ལ་བརྟེན་སྟོབས་ཀྱིས། །འདི་ལ་ཅུང་ཟད་ལེགས་བྱུང་ན། །དེ་ནི་འཕགས་པའི་བྱིན་རླབས་པས། །དེ་ཡི་རྒྱུ་དེའི་ནུས་པ་ཡིས། །ཇི་སྙེད་འགྲོ་བ་མ་ལུས་ཀུན། །སྒྲིབ་པའི་བག་ཆགས་གཏན་བྲལ་ཞིང་། །སྐལ་ [352a.6]བཟང་བློ་རབ་ལྡན་གྱུར་ཏེ། །མཉམ་ཉིད་དོན་ལས་ངེས་བྱུང་ནས། །རྣམ་སྣང་ཆེན་པོའི་ཐབས་ཐོབ་ཤོག །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཡེ་ཤེས་སེམས་དཔའ་མཉེས་པར་བྱ་བའི་ཆོ་ག་རྒྱུད་ཀྱི་དོན་ལ་འཇུག་ [352a.7]པའི་ཚིག་གི་དོན་ལ་རྣམ་པར་དབྱེ་བ་སློབ་དཔོན་པདྨ་བཛྲས་མཛད་པ་རྫོགས་སོ།། །།